བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ཡེ་ཤེས་སེམས་དཔའི་གཏོར་ཆོག་བསྡུས་པ།
བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ཡེ་ཤེས་སེམས་དཔའི་གཏོར་ཆོག་བསྡུས་པ་གཏེར་གཞུང་༔ རྣམས་ནས་བསྒྲིགས་པ་ཁྱེར་བདེ་བ་བཞུགས་པའི་དབུ་ཕྱོགས་སོ༔
ཧཱུྃ༔ འཁོར་འདས་གཉིས་ཀྱི་སོ་མཚམས་ན༔ རྒྱ་མཚོ་ཆེན་པོ་དྭངས་པའི་ནང་༔ སྦྲུལ་ནག་འཁྱིལ་པའི་ཀློང་དཀྱིལ་ནས༔ རིགས་རྒྱལ་ཀླུ་བདུད་མགོ་དགུ་པ༔ བདུད་ཀྱི་བདུད་གཅིག་ཀླུ་ཡི་བདུད༔ སྐུ་ནི་རི་རབ་ངོས་ལ་བརྟེན༔ འཇུག་མ་རྒྱ་མཚོའི་གཏིང་ དུ་བཞུགས༔ ཕྱག་ནི་བཅུ་དྲུག་གཡས་བརྒྱད་ནཱ༔ གྲི་གུག་གཡོན ་བརྒྱད་སྦྲུལ་ཞགས་བསྣམས༔ དབུ་ནི་བར་སྣང་ཁམས་ལ་འཕྱོ༔ ཞལ་ནས་གདུག་པའི་སྒྲ་སྐད་སྒྲོགས༔ འཇིགས་བྱེད་ཨིག་ཤའི་སྒྲ་སྒྲོག་པ༔ སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ༔ སྤྱན་ནི་དྲག་པོའི་ཧུར་ཐུམ་གཟིགས༔
མཆེ་བ་རྣོ་ཞལ་དམར་ནག་གདངས༔ ཀླུ་གཉན་ས་བདག་གདུག་པ་ཅན༔ བ་སུ་རིགས་དྲུག་ཟས་སུ་ཟ༔ རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས༔ བྲམ་ཟེ་རིགས་ཀྱི་ཕྱག་གདུབ་བྱས༔ དམངས་རིགས་ཚོགས་རྣམས་སྐེད་ལ་དཀྲིས༔ རིགས་ངན་གདོལ་པ་ཞབས་འོག་མནན༔ གདུག་པ་ས་བདག་ཀླུ་གཉན་རྣམས༔ སྐད་ཅིག་ཙམ་གྱིས་བརླག་པར་མཛད༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོར་བདག་མདུན་གསལ༔ ཧཱུྃ༔ རྒྱ་མཚོ་ཤིན་ཏུ་དྭངས་པའི་ཀློང་དཀྱིལ་ན༔ བདུད་ཀྱི་བདུད་གཤེད་འཆི་བདག་གནས་འདིར་
གཤེགས༔ སྡེ་བརྒྱད་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ འཇམ་དབྱངས་སྤྲུལ་པ་ཀླུ་བདུད་ཁྱོད་ཉིད་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དཀར་གསུམ་ལ་སོགས་མཆོད་པ་སྣ་ཚོགས་འབུལ༔ མི་དགེ་སྡིག་པའི་ཚོགས་རྣམས་སོ་སོར་བཤགས༔ དུས་གསུམ་དགེ་བའི་ཚོགས་ལ་བདག་ཡི་རང་༔ གང་འདུལ་ཐབས་ཀྱིས་ཆོས་༠འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བསྟན་པ་བཤིགས་དང་བླ་མའི་སྐུ་དགྲ་དང་༔ བདག་ལ་སྡང་བའི་དགྲ་བོ་མ་ལུས་ཀུན༔ ཙི་ཙི་ཛཱ་ལའི་ནད་ཀྱིས་གཟིར་བ་དང་༔ རྩད་ནས་བརླག་པའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ གང་ལ་བྱ་བའི་ཕྲིན་ལས་ཁྱོད་ཀྱིས་ཤེསཿ དམིགས་པའི་དགྲ་བགེགས་གང་ཡིན་མྱུར་དུ་སྒྲོལ༔ རྣམ་ཤེས་དག་པའི་ཞིང་དུ་ཐུགས་རྗེས་དྲོངས༔ ཕྱིན་ཆད་འཁོར་བའི་རྩ་བ་སྟོངས་པར་མཛོད༔ བདག་གི་དུག་གསུམ་དུག་ལྔའི་ནད་གདོན་རྣམས༔ དཔའ་བོ་ཁྱེད་ཀྱིས་ཞལ་དུ་ད་གསོལ་ཅིག༔ ཚོགས་རྫོགས་སྒྲིབ་སྦྱང་འདི་ཕྱིའི་བར་ཆད་སོལ༔ མི་ནོར་ཟས་གསུམ་དངོས་གྲུབ་སྣ་ཚོགས་སྩོལ༔ མཐར་ཐུག་ཡེ་ཤེས་སྙིང་པོའི་དངོས་གྲུབ་
སོགས༔ ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ སྲིན་པོ་ནག་པོ་ཁྲོས་པའི་སྐུ༔ ཐུགས་དམ་གཉན་པོ་བསྐང་བའི་ཕྱིརཿ གཏོར་མ་དཀར་གསུམ་མངར་གསུམ་དང་༔ སྨན་སྣ་དྲི་སྣ་སྦྱར་བ་ཡི༔ རིན་ཆེན་གསེར་དངུལ་འབྲུ་སྣའི་ཚོགས༔ དར་ཟབ་རྒྱལ་མཚན་འཕན་གྱིས་སྤྲས༔ མཆོད་བསྟོད་ཐུགས་དམ་བསྐང་གྱུར་ཅིག༔ བསྐང་གྱུར་ཀླུ་ནད་མ་ལུས་སོལ༔ བདག་གིས་སྒྲུབ་པའི་གྲོགས་མཛོད་ཅིག༔ དམ་ཚིག་མ་གཡེལ་ཕྲིན་ལས་མཛོད༔ ཨ་ཀཱ་རོ་སོགས། ཨོ་ཕེ་ལོ་ཧཱུྃ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨནྡྷཾ་སོགས། ཧཱུྃ༔ ཀླུ་བདུད་ནག་པོ་ཏི་པ་ཙ༔ ནཱ་ག་རཀཱ་མཐུ་བོ་ཆེ༔ དབུ་ནི་བར་སྣང་ཁམས་སུ་སླེབས༔ རྒྱབ་ནི་རི་རབ་ཆེ་ལ་གཏད༔ མཇུག་མ་རྒྱ་མཚོའི་གཏིང་ན་འཁྱིལ༔ གདོང་གཅིག་སྲིན་པོ་ཁྲོས་པའི་ཞལ༔ ནག་པོར་དགའ་བའི་ཀླུ་རྣམས་ཟ༔ ཨིག་ཤ་ཨིག་ཤའི་སྒྲ་ཆེན་སྒྲོགས༔ མགོ་བརྒྱད་སྦྲུལ་ཏེ་སྟེང་དུ་གདེངས༔ དགྲ་བོ་ཁ་རླངས་མཛེ་ཡིས་འཛིན༔ གཡུ་རྣ་རིན་ཆེན་ཅོད་པན་འཕྱང་༔ སུས་བསྒྲུབ་པ་ལ་དགོས་དགུ་སྟེར༔ རལ་པ་བར་སྣང་ཁམས་སུ་གསིགས༔ སྡོམ་སྡིག་
ཚ་ཟེར་ཆར་བཞིན་ཉིལ༔ ཕྱག་བརྒྱད་གྲི་གུག་འབར་བ་འཛིན༔ ་བརྒྱད་ནི་སྦྲུལ་ཆེན་ཞགས་པ་སྟེ༔ འཇམ་དཔལ་གཤིན་རྗེའི་སྤྲུལ་པར་གྲགས༔ དམ་ལྡན་ཀླུ་ནད་སེལ་བའི་སྨན༔ དངོས་ནི་རྒྱ་མཚོ་ཆེ་ལ་བཞུགས༔ སྤྲུལ་པ་དེ་ཝི་ཀོ་ཊིར་འཆར༔ སྨྱོ་ཁའི་རྗེ་བཙན་མཐུ་བོ་ཆེཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ ལྟོ་འཕྱེ་ཐམས་ཅད་འཁོར་དུ་སྡུད༔ ཀླུ་མོ་ནག་མོ་སྦལ་མགོ་ཅན༔ གསང་བའི་གཟུང་མ་ཆེན་པོར་བསྟེན༔ སྲོག་བདག་ལྷ་འདྲེའི་འཁོར་གྱིས་བསྐོར༔ གཏད་ཁྲམ་ནག་པོའི་གཉེར་ཁ་འཛིན༔ ཀླུ་གཏད་མནན་པ་དཀྲོལ་དུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་གཏེར་གཞུང་གི་ཚིག་རྣམས་རཱ་ག་ཨ་སྱས་བསྒྲིགས་པ་ལ༔ ཉེས་འགལ་མཆིས་ན་ལྷ་ལ་འཆགས་ཤིང་དགེ་བས་འགྲོ་བའི་ཀླུ་ནད་རྒྱུན་ཆད་པར་གྱུར་ཅིག༔ ཡི་གེ་པ་ནི་ཧོར་དགེ་བཤེས་པདྨ་མཐར་ཕྱིན་ཞེས་བྱས་བགྱིས་མངྒ་ལཾ༔