སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་།
སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་བཞུགས་སོ། །
ཐོག་མར་དབང་སྒྲུབ་ནི། ན་མོ་ལོ་ཀེ་ཤྭ་རཱ་ཡེ། །གཞི་སྟེང་འབྲུ་ཡི་ཚོམ་བུ་འདབ་བརྒྱད་བཀོད། །བུམ་པ་དབང་གཏོར་བཤམས་མཐར་མཆོད་པ་བཤམ། །སྔོན་འགྲོ་ལྕོག་རྡོག་བཤམས་བྲན་འདི་སྐད་དོ། །ཧཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཧཱུྃ༔ རང་ཉིད་སྐད་ཅིག་ཡི་དམ་ལྷརཾ་གསལ་བའི། །ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས། །སྤྱན་དྲངས་གཏོར་མ་གསོལ་བས་ཚིམ་པར་གྱུར། །ཨོཾ་སརྦ་ལོ་ཀ་པཱ་ལ་སརྦ་བིགྷཱན་ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་བཛྲ་ཨརྒྱུ་སོགས། གང་དག་
སྒྲོལ་མའི་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་
མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་གསང་སྔགས་ཀྱི་ཆོ་ག་ཟབ་མོ་མཐོང་བ་དང་ཐོས་པར་མི་དབང་བ་རྣམས། གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཨོཾ་སུ་བྷ་ནི་སུམྦྷ་ཧཱུཾ། སྩ་གྲིཉྩ་ཧཱུཾ། གྲཉྫཱ་པ་ཡ་གྲཉྫཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ༔བྷ་ག་ཝན་བིརཱུ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ། རོལ་མོ་བྱ། སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། ཧཱུཾ་ལས་རིན་ཆེན་སྣོད་དུ་ནི། །ཧཱུྃ་ལས་མཆོད་རྫས་དཔག་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་སྤྱི་ར་ཎ་ཁཾ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །
རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས་། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། རང་གི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་གུ་ལས་འོད་ཟེར་ལྗང་གུ་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པ་དབུའི་ཆ་ལ་བཞུགས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྱུ། པཱཧཱུྃ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་
བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ནས། །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ། ཚོགས་ཞིང་རང་གི་སྙིང་གར་ཐིམ་པར་གྱུར། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ཡིག་ལྗང་སེར་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལྗང་གུ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་སྒྲོལ་མ་ལྗང་གུ་མར་གད་གྱི་ཕུང་པོ་ལྟ་བུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨུཏྤ་ལ་སྔོན་པོ་མེ་ཏོག་རབ་ཏུ་རྒྱས་པ་ཡིད་དུ ་འོང་བ་སྡོང་བུ་བཅས་པ་ཐུགས་དཀར་འཛིན་པ། བཅུ་དྲུག་ལོན་པའི་ལང་ཚོ་དར་བ། ནུ་མའི་དཀྱིལ་འཁོར་རྒྱས་ཤིང་མཁྲེགས་པ། འཛུམ་པའི་ཞལ་དང་། པདྨའི་འདབ་མ་ལྟར་ཡངས་པའི་
སྤྱན་དང་ལྡན་ཞིང་། རྣམ་པར་བཀྲ་བའི་ལྷའི་དར་གྱི་ཤམ་ཐབས་དང་སྟོད་གཡོགས་གསོལ་བ། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་ཤིང་རིན་པོ་ཆེའི་དབུ་རྒྱན། །སྙན་རྒྱན། མགུལ་རྒྱན། སྐ་རགས། དོ་ཤལ་རྣམས་དང་གསེར་གྱི་གདུབ་བུས་མཛེས་པ། ཡིད་དུ་འོང་ཞིང་འོད་ཟེར་འཕྲོ་བ། ཞབས་གཉིས་གཡས་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་མདུན་ཕྱོགས་སུ་འོད་ཟེར་ཅན་སེར་མོ་རྡོ་རྗེ་དང་ཨ་ཤོ་ཀའི་ཡལ་ག་འཛིན་པ། གཡས་སུ་རལ་གཅིག་མ་ཁྲོས་མའི་ཉམས་ཅན་གྲི་གུག་དང་ཐོད་པ་འཛིན་པ། རྒྱབ་ཏུ་རྨ་བྱ་ཆེན་མོ་སེར་མོ་རྔ་ཡབ་དང་རྨ་བྱའི་མདངས་འཛིན་པ། གཡོན་དུ ་དུག་སེལ་མ་ལྗང་གུ་མཆོག་སྦྱིན་དང་སྦྲུལ་འཛིན་པ་སྟེ། བཞི་ཀའང་དར་དང་རིན་པོ་ཆེ་སོགས་རྒྱན་དུ་མས་སྤྱས་པའོ། །བདག་ཉིད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་སྔོན་དང་། ཐུགས་ཀའི་དབུས་སུ་ས་བོན་དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་
འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་པས། དབུ་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། མཆོད་ཅིང་སོ་སོའི་བསྟོད་པའམ། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག་།བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་གར་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ལྗང་གུ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས་སེམས་ཅན་གྱི་ཁམས་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས། དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྔགས་ཕྲེང་དེ་ཉིད་ཀྱི་རྣམ་
པར་སྤྱན་དྲངས་ཏེ་རང་གི་སྙིང་གར་ཐིམ་པར་གྱུར། ཅེས་བསྙེན་པ་ཕྲེང་བསྐོར་གཅིག་བྱའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་མཎྜལ་གྱི་དབུས་སུ་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། ཏཱ་ལྗང་གུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། བུམ་བསྐྱེད་མདུན་བསྐྱེད་གཉིས་དུས་གཅིག་ལ་བསྐྱེད། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ། ༈ ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུྃ་ལྗང་གུ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨནྡྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་བསྐྱེད་དང་མདུན་བསྐྱེད་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་
ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་བ་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་། སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་བསྙེན་པ་བརྒྱ་རྩ་བརྒྱད་བྱ། བུམ་ལྷ་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་གྱི་ནང་དུ་སྐད་ཅིག་གིས་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་གསལ་བར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྒྱའམ་ཉེར་གཅིག་བཟླ།
ཨརྒྷཾ་སོགས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བསྙེན་པ་བྱ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་ལྷ་རྣམས་ཀྱིས་བདག་གི་སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐབས་འདིར་རྒྱས་པར་སྤྲོ་ན་བདག་འཇུག་བླངས་ཏེ། སློབ་མ་ལ་ལ་དབང་བསྐུར་བ་ལྟར་རང་ལ་དབང་རྫོགས་པར་སྐུར། བསྡུ་ན་ཏིང་ངེ་འཛིན་གྱིས་དབང་བླངས་ཏེ་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསྒོམས་ཀྱང་རུང་སྟེ། ༈ སློབ་མ་རྣམས་གྲལ་དུ་འཁོད་ལ། སློབ་དཔོན་གྱི་སྔོན་འགྲོ་ལྕོག་རྡོག་བཤམ་བྲན་འདི་སྐད་དོ། །ཧཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི།། །།དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཧཱུཾ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །
ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས། །སྤྱན་དྲངས་གཏོར་མ་གསོལ་བས་ཚིམ་པར་གྱུར། །ཨོཾ་སརྦ་ལོ་ཀ་པཱ་ལ་སརྦ་བིགྷཱན་ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སོགས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཚེཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་གསང་སྔགས་ཀྱི་ཆོ་ག་ཟབ་
མོ་མཐོང་བ་དང་ཐོས་པར་མི་དབང་བ་རྣམས། གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཨོཾ་སུཾ་བྷ་ནི་སུམྦྷ་ཧཱུྃ། གྲཤྩ་གྲིཉྩ་ཧཱུྃ། གྲཧྨཱ་པ་ཡ་གྲིསྟཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ༔ བྷ་ག་ཝན་བིརཱུ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ། རོལ་མོ་བྱ། སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལས་བུམ་གྱི་ཆུས་ཁྲུས་བྱས། ཆབ་བླངས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། རྫོགས་པའི་སངས་རྒྱ་ཀྱི་གོ་འཕང་དམ་པ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་འཕགས་མ་སྒྲོལ་མའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་། སྔོན་ཐོག་མ་མེད་པའི་དུས་སུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་། །དེའི་དུས་སུ་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྔ་སྒྲ་ལ་དད་པ་ཆེར་སྐྱེས་ཏེ། སངས་རྒྱས་དེ་འཁོར་བྱང་ཆུབ་སེམས་དཔའ་དང་། དགྲ་བཅོམ་པའི་ཚོགས་
དཔག་ཏུ་མེད་པ་རྣམས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་བསྙེན་བཀུར་བྱས་པའི་མཐར། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་ལུས་འདི་ཁོ་ན་སྐྱེ་བར་གྱུར་ནས་བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར། དེ་ལྟར་བྱེད་པར་རིགས་སོ་ཞེས་རྒྱལ་པོའི་བུ་མོ་ལ་སྨྲས་པས། དེའི་ལན་དུ། འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད། །བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །འཇིག་རྟེན་རྨོངས་པ་རྣམ་པར་འཁྲུལ་པ་ཡིན། །ཞེས་ཟེར་ཞིང་། སྐྱེས་པའི་རྟེན་ལ་བླ་ན་མེད་པའི་བྱངཆུབ་ཐོབ་པར་འདོད་པ་ནི་མང་ན། བུད་མེད་ཀྱི་རྟེན་ལ་འགྲོ་བའི་དོན་སྤྱོད་ནི་འགའ་ཡང་མེད་དོ། །དེའི་ཕྱིར་བདག་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་རྟེན་ཁོ་ནས་འགྲོ་བའི་དོན་སྤྱོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་པོའི་བུ་མོས་ཕོ་བྲང་དུ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་ཏིང་ངེ་འཛིན་བསྒོམས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། དེ་ནས་འགྲོ་བ་ཐམས་ཅད་ཡོངས་སུ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒྲུབས་པས། ཏིང་ངེ་འཛིན་དེའི་མཐུ་ལས།
སྔ་དྲོ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པས་སེམས་ལས་བསྒྲལ་ཏེ་བཟོད་པ་ཐོབ་པ་ལ་འགོད། དེ་མ་གྲུབ་ཀྱི་བར་དུ་ཟས་ཀྱང་མི་ཟ། ཕྱི་དྲོ་ཡང་དེ་སྙེད་རེ་བཀོད་པས་སྒྲོལ་མ་ཞེས་གྲགས། དེ་ནས་བསྐལ་པ་རྣམ་པར་རྒྱལ་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་དྲུང་དུ། ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བས་ལས་སྐྱོབ་པར་དམ་བཅས་ཤིང་། བདུད་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། ཉིན་རེ་བཞིན་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཀོད། མཚན་རེ་བཞིན་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བྱེ་བ་བརྒྱ་སྟོང་སྟེ་ཚུལ་བས་མྱུར་མ་དང་། དཔའ་ཞེས་མཚན་གྲགས། དེ་ནས་བསྐལ་པ་ཐོག་མ་མེད་པ་ཞེས་བྱ་བ་ལ། དགེ་སློང་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི་དབང་བསྐུར་བས་འཕགས་པ་སྤྱན་རས་གཟིགས་སུ་གྱུར། ཡང་དེ་ཉིད་ལས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པའི་
ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་ཆེན་པོའི་དབང་བསྐུར་བས། འོད་ཟེར་སྔ་ཕྱི་གཉིས་པོ་ཕ་མ་ལྟ་བུའི་ཚུལ་གྱིས་འདྲེས་པར་གྱུར་ལས་སྒྲོལ་མར་གྱུར་པ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀ་ནས་བྱུང་ནས། སེམས་ཅན་རྣམས་འཇིགས་པ་ཆེན་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པར་མཛད་པ་ཡིན་ནོ། །བསྐལ་པ་འདི་ཉིད་ལ། རི་བོ་ཏ་ལར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རིག་པ་འཛིན་པ་གྲངས་མེད་པའི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་གསུངས་སོ། །ཇོ་བོ་ནཱ་རོ་ཏ་པ་ནི་སྒྲོལ་མ་འབྱུང་བའི་རྒྱུད་འདིའི་མངའ་བདག་ལྟ་བུ་ཡིན་མོད། ལྷོ་བྲག་མར་པའི་སྐབས་སུ་བོད་འདིར་འགྱུར་བ་མང་དུ་བྱུང་འདུག་ཅིང་། ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡང་རྒྱུད་འདིའི་མངའ་བདག་ཡིན་ཅིང་རྒྱུད་འགྲེལ་ཡང་ཡོད་འདུག་མོད། བོད་རྣམས་ཀྱིས་ཇོ་བོ་ལ་གསང་སྔགས་འཆད་དུ་མ་བཅུག་པས་སྤེལ་བར་མ་བྱུང་འདུག་ཅིང་། དུས་ཕྱིས་གྲུབ་ཆེན་ཞི་བའི་ཞབས་ཀྱི་སློབ་མ་རྣམས་ཀྱི་དྲུང་ནས་ཇོ་ནང་རྗེ་བཙུན་གྱིས་བོད་འདིར་དར་རྒྱས་སུ་མཛད་པ་འདི་ཀའོ། །དེ་ལྟར་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་
རྒྱས་པ་དཀྱིལ་འཁོར་གྱི་ཚུལ་གྱིས་སྒྲུབ་པ། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལ་བརྟེན་པའི་དཀྱིལ་འཁོར་དང་། རྡོ་རྗེ་གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ཕྲེང་བའི་ནང་ན་བཞུགས་པ་དང་། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག་དཀྱིལ་འཁོར་དུ་བཀོད་པ་སྒྲོལ་མ་བླ་མེད་དུ་གྲགས་པའི་སྒྲུབ་ཐབས་སོགས་སྒྲུབ་ཐབས་རྒྱས་པའི་རིགས་རྣམ་གྲངས་མང་པོ་དང་། སྒྲུབ་ཐབས་བསྡུས་པའི་རིགས་ཀྱང་མཐའ་ཡས་པ་ཞིག་བཞུགས་པ་ལས་འདི་ནི་དཔལ་མགོན་ཀླུ་སྒྲུབ་ཀྱི་ཐུགས་དམ་དངུལ་ཆུ་བེ་རོར་གྲགས་པ་དེ་ལ་རྗེ་ཀརྨ་པ་ཆེན་པོ་དུས་གསུམ་མཁྱེན་པས་ཞུས་པའི་ཐུགས་དམ་ལྔ་ཚན་ལྔ་ཡི་ནང་ཚན་སེང་ལྡེང་ནགས་སྒྲོལ་ལྷ་ལྔའི་དབང་བསྐུར་བ་ལ་བླ་མ་བརྒྱུད་པི་རིམ་པ་ནི། རྗེ་བཙུན་སྒྲོལ་མ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། དགའ་བའི་རྡོ་རྗེ། རྡོ་རྗེ་གདན་པ། ཨ་བྷ་ཡ་ཀ་ར། དངུལ་ཆུ་བེ་རོ། རྗེ་དུས་གསུམ་མཁྱེན་པ། རས་ཆེན་པ་ནས་བདག་གི་འདྲེན་མཆོག་དྲིན་ཆེན་རྩ་བའི་བླ་མའི་བར་དུ་རིམ་པར་བརྒྱུད་པ་ཡིན་ཅིང་། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་
ཕུལ་བར་ཞུ། མཎྜལ་ཕུལ། བླ་མ་བཅོམ་ལྡན་འདས་མ་ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེ་བཙུན་སྒྲོལ་མ་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། ་ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ལས་བུམ་གྱི་ཀུ་
ཤས་སློབ་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་བཙུན་སྒྲོལ་མ་ལྗང་གུ་མར་གད་གྱི་ཕུང་པོ་ལྟ་བུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨུཏྤ་ལ་སྔོན་པོ་མེ་ཏོག་རབ་ཏུ་རྒྱས་པ་ཡིད་དུ ་འོང་བ་སྡོང་བུ་བཅས་པ་ཐུགས་ཀར་འཛིན་པ། བཅུ་དྲུག་ལོན་པའི་ལང་ཚོ་དར་བ། ནུ་མའི་དཀྱིལ་འཁོར་རྒྱས་ཤིང་མཁྲེགས་པ། འཛུམ་པའི་ཞལ་དང་། པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་དང་ལྡན་ཞིང་། རྣམ་པར་བཀྲ་བའི་ལྷའི་དར་གྱི་ཤམ་ཐབས་དང་སྟོད་གཡོགས་གསོལ་བ། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་ཤིང་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སྐ་རགས། དོ་ཤལ་རྣམས་དང་གསེར་གྱི་གདུབ་བུས་མཛེས་པ། ཡིད་དུ་འོང་ཞིང་འོད་ཟེར་འཕྲོ་བ། ཞབས་གཉིས་གཡས་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་མདུན་ཕྱོགས་སུ་འོད་ཟེར་ཅན་སེར་མོ་རྡོ་རྗེ་དང་ཨ་ཤོ་ཀའི་ཡལ་ག་འཛིན་པ། གཡས་སུ་རལ་གཅིག་མ་ཁྲོས་མའི་ཉམས་ཅན་གྲི་གུག་དང་ཐོད་པ་འཛིན་
པ། རྒྱབ་ཏུ་རྨ་བྱ་ཆེན་མོ་སེར་མོ་རྔ་ཡབ་དང་རྨ་བྱའི་མདངས་འཛིན་པ། གཡོན་དུ ་དུག་སེལ་མ་ལྗང་གུ་མཆོག་སྦྱིན་དང་སྦྲུལ་འཛིན་པ་སྟེ། བཞི་ཀའང་དར་དང་རིན་པོ་ཆེ་སོགས་ལྟརྒྱུན་དུ་མས་སྤྲས་པའོ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ད་ཁྱེད་རང་དབང་ལེན་པ་པོ་རྣམས་ཡི་དམ་རྗེ་བཙུན་སྒྲོལ་མའི་སྐུ་གསལ་བཏབ་ནས། གང་ལ་དབང་བླངས་བའི་ཡུལ་གསལ་གདབ་པ་ནི། ཁྱེད་རང་གི་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མཎྜལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། འདིར་བཤམས་པའི་བུམ་པ་གཏོར་མ་དང་བཅས་པ་འདི་ཡང་སྐད་ཅིག་གིས་ཡི་དམ་བཅོམ་ལྡན་འདས་མ་གནས་གསུམ་ཡི་གེ་གསུམ་དང་བཅས་པ་གསལ་ཐོབ་ལ། སློབ་དཔོན་ཡང་དེར་གསལ་བ་ལ་མོས་འདུན་རྩེ་གཅིག་ཏུ་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཡི་དམ་བཅོམ་ལྡན་འདས་མའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་
གསུམ་དང་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག །རོལ་མོ་དང་བཅས་ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། སྤོས་བསྲེགས་ལ་ཡུན་རིང་བརྗོད། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་འཕགས་མ་སྒྲོལ་མ་ཡི། །སྐུ་ཡི་དབང་མཆོག་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཁྱེད་རང་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ལྷ་རྣམས་སྤྱན་དྲངས་ནས་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །བུམ་པ་མགོར་བཞག་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་
རེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་གཏོར་ཞིང་། དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །ནས་འཐོར། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་པའི་ནད་གདོན་ཐམས་ཅད་ཞི། ལུས་ལྷའི་སྐུར་བསྒོམ་པར་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་གནང་ཡིན། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །གསུང་གི་རྡོ་རྗེ་སློབ་དཔོན་གྱི། །བདག་ལ་འཕགས་མ་སྒྲོལ་ཡི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་
རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་བར་བསྒོམས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ལན་གསུམ་བཟླས་ཕྲེང་བ་གཏད། ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསམས་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གཅིག་གམ་གསུམ། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། དྲིལ་བུ་གསིལ་ཞིང་ཕྲེང་བ་མགོར་བཞག་ལ། ཨོཾ་བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅི །བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་
ཡུམ་སྒྲོལ་མ་ཁྱེད་ཀྱི་གསུང་གི་བཀྲ་ཤིས་ཤོག །ནས་འཐོར། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ངག་སྔགས་བཟླ་བར་དབང་། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་གསུང་གི་རྗེས་གནང་ངོ་། གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི། །བདག་ལ་འཕགས་མ་སྒྲོལ་མ་ཡི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷའི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། རྗེ་བཙུན་མའི་་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག །རྡོ་རྗེ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་
གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །རྡོ་རྗེ་སློབ་མའི་སྙིང་གར་བཞག་ཅིང་། ས་མ་ཡ་སྟེ། བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་ཐུགས་ཀྱི་བཀྲ་ཤིས་ཤོག །ནས་འཐོར། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན་ནོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཡོན་ཏན་རྡོ་རྗེ་སློབ་དཔོན་གྱི། །བདག་ལ་འཕགས་མ་སྒྲོལ་མ་ཡི། །ཡོན་ཏན་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས། ཁྱེད་རང་རྣམས་འཕགས་མ་སྒྲོལ་མའི་སྐུར་གསལ་བ་ལ། སློབ་དཔོན་ཡང་དེར་གསལ་བས་ཕྱག་མཚན་འདི་གཏད་པས་ལྷ་འདི་དང་། སངས་རྒྱས་ཐམས་ཅད་ཀྱི་
ཡོན་ཏན་གྱི་དངོས་གྲུབ་ཐོབ་སྙམ་པ་གྱིས། འདི་ནི་འཕགས་མའི་ཕྱག་མཚན་ཏེ། །ཁྱོད་ཀྱིས་རྟག་ཏུ་བཅང་བས་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གུ་ཎ་ཨ་བྷི་ཥིཉྩཧི༔ ཞེས་ཕྱག་མཚན་སློབ་མའི་ལག་གཡས་ གཡོན་དུ ་བཞག །བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་ཡོན་ཏན་བཀྲ་ཤིས་ཤོག །ནས་འཐོར། དེས་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི། །གནས་སྐབས་ལམ་གྱི་ཡོན་ཏན་ཐམས་ཅད་བསྒྲུབ་པ་ལ་དབང་། མཐར་ཐུག་བྲལ་བ་དང་། རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་པ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ངོ་། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཕྲིན་
ལས་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་འཕགས་མ་སྒྲོལ་མ་ཡི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ག །ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་ཀྱི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས། ནད་༡ གདོན་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་ཐམས་ཅད་རྒྱས། སྣང་སྲིད་དབང་དུ་འདུས། དགྲ་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་བསྒྲུབ་ཕྱིར། །ཕྲིན་ལས་དབང་འདི་ཁྱོད་ཀྱིས་ལོངས། །ལས་བཞིའི་ཙཀ་ལི་གཏད་པའམ། མེད་ན་གཏོར་མ་མགོར་བཞག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཀརྨ་ཨ་བྷི་ཥིཉྩ་ཨཱ བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་
མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་གསུང་གི་བཀྲ་ཤིས་ཤོག །ནས་འཐོར། །དེས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི། ལས་རབ་འབྱམས་བསྒྲུབ་པར་དབང་། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ལ་དབང་འབྱོར་བའི་སྐལ་པ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་དབང་ཡིན། བྱ་སྤྱོད་རྒྱུད་ལ་གཏོར་དབང་མ་གསུངས་ཀྱང་བླ་མ་རྣམས་ཀྱིས་ཕྱག་ལེན་ལ་ཡོད། ད་གཏོར་མ་འདི་ཉིད་རྒྱས་པར་མངོན་རྟོགས་བརྗོད་ལ། བསྡུ་ན་འདི་ཞེས་བྱ་བར། གསལ་ཐོབ་ལ་དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱི་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཤིང་། །དངོས་གྲུབ་རྣམ་གཉིས་
འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ སློབ་མ་ཉུང་ན་འདི་ཡན་མགོར་བཞག །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི་ལ་སོགས་པ་དོན་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་ཆོས་འདི་ཉིད་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་ཐམས་ཅད་དང་། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱུད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་རང་གི་གནོད་པ་ཐམས་ཅད་ཞི་བར་བྱིན་
གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་རྗེའི། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད། ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། སོ་སོའི་སྔགས་གསུམ་མམ་གྲངས་ཅི་རིགས་བརྗོད་ལ། སློབ་མ་ཉུང་ཙམ་ལ་རེ་རེའི་མགོར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་དང་ཤོ་ལོ་ཀ་དང་སྔགས་བརྗོད། ཁྲོམ་མང་ལརེ་རེའི་མགོར་སྔགས་ཚར་རེའོ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་འཕགས་མ་སྒྲོལ་མའི་བདེན་པ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་
ཀྱི་ལུས་ངག་ཡིད་གསུམ་དང་རྗེ་བཙུན་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམ། བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་བཀྲ་ཤིས་ཤོག །ནས་འཐོར། འོ་དེས་འཕགས་མ་སྒྲོལ་མའི་དབང་ལེགས་པར་ཐོབ་པ་ཡིན་པས་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་བརྗོད་བཅུག །དེ་ལྟར་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས་བརྗོད། སློབ་མ་རྣམས་གྱེས་སོ། །རྗེ་དབང་ཕྱུག་རྡོ་རྗེས་བསྩལ་བའི་དབང་གཅིག་ཤེས་ཀུན་࿄ གྲོལ་འབྲིང་པོ་ལ། ཅུང་ཟད་ཞིག་ཕྱག་ལེན་གྱིས་རྒྱས་པར་བྱས་ཤིང་ཁྱེར་བདེ་བར། དགེ་སློང་ཀརྨ་ཨ་རཱ་གས་ཁོལ་དུ་ཕྱུང་བ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་ཀུན་སྨིན་ཅིང་གྲོལ་ནས་ཁྱད་པར་འདི་ལ་འབྲེལ་པ་ཐོབ་ཚད་བདེ་
བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། དགེའོ།། ༧ འདི་ནི་དཔེ་གསར་པ་འདི་འདྲ་གཅིག་ལགས་སོན་བྱུང་བས་ཕལ་ཆེར་མངོན་རྟོགས་དང་ལོ་རྒྱུས་མ་གཏོགས་གཅིག་ཤེས་ཀུན་གྲོལ་ནས་ཁོལ་ཕྱུང་ཡིན་པ་འདྲ་འདུག་ཞུ། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།