དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས།
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ། །
ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་པཉྩ་ཡེ། འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཞབས་ལ་འདུད། །དགོངས་པ་གྲོལ་ཞིང་བྱིན་རླབས་དངོས་གྲུབ་སྩོལ། །ལྷ་དགུ་དྲིལ་ཏེ་སྒྲུབ་པའི་གདམས་པ་ནི། །སྔོན་དུ་ཕྱི་ནང་གསང་གསུམ་སྒྲུབ་ཐོན་ལེགས། །མ་ཐོན་ན་ཡང་གསུམ་ཀ་འདི་ལ་ཚང་། བཙན་ཐབས་མྱུར་དུ་བསྒྲུབ་ཕྱིར་རླུང་སྒྲུབ་ཟེར། །སྟ་གོན་ཚར་རྗེས་བདག་མདུན་ཚར་གཅིག་འདོན། །དེ་ནས་བདག་མདུན་ཐུགས་ཀར་པདྨའི་སྟེང་། །ཡབ་ཀྱི་ཐུགས་ཀར་ཧྲཱི༔མཐར་ཡིག་བཅུས་བསྐོར། །ཡུམ་གྱི་ཐུགས་ཀར་ཆོས་འབྱུང་ཧྲིམཐར་ཡུམ་སྔགས་བསྐོར། །བདག་བསྐྱེད་ཡབ་ཡུམ་ཐུགས་
ཀར་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་འཇའ་སྤྲིན་ལྟ་བུར་འཕྲོས། །འོད་ཟེར་དེ་དག་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་གྱུར་ནས་མདུན་བསྐྱེད་ལྷ་ཚོགས་མཆོད། །མདུན་བསྐྱེད་གཙོ་འཁོར་ཀུན་གྱི་ཐུགས་ཀ་ཡི། །སྔགས་ཕྲེང་དྲེག་འཁོར་འོད་ཟེར་སྣ་ཚོགས་པ། །འཇའ་ཚོན་ལྟ་བུ་ཕྱོགས་བཅུར་ཁྱབ་པར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །འོད་ཀྱི་རྣམ་པར་བསྡུས་ནས་མདུན་བསྐྱེད་ཀྱི། །ལྷ་ཚོགས་རྣམས་དང་དབྱེར་མེད་གཅིག་ཏུ་གྱུར། །མདུན་བསྐྱེད་ལྷ་ཚོགས་རྣམས་ལས་བྱིན་
རླབས་དང་། །དངོས་གྲུབ་འོད་ཟེར་ཁ་དོག་སྣ་ཚོགས་པ། །འཇའ་སྤྲིན་ལྟར་འཕྲོས་རང་ལ་ཐིམ་པར་བསམ། །འདི་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་དམར་པོ་འོད་ལྔའི་མདངས་ལྡན་པ། །རང་གི་ཞལ་ཐོན་མདུན་བསྐྱེད་ཞལ་དུ་ཞུགས། །མཆོད་པར་གྱུར་ཏེ་ཟག་མེད་བདེ་བས་དགྱེས། །ཐུགས་ཀར་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དམ་བཅའ་དྲན། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་མ་ལུས་པ། །འོད་ཟེར་ཚུལ་དུ་འཕྲོས་ནས་སྦྱོར་མཚམས་ཐོན། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །སྙིང་གར་ཐིམ་པས་ཐུགས་རྗེ་བྱིན་རླབས་ཞུགས། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །དེ་ལྟར་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར། །རྒྱུན་ཆད་མེད་པར་ཀྱི་ལི་ལི་འཁོར་བས། །འོད་ཟེར་དེ་དང་མདུན་བསྐྱེད་ལྷ་ཚོགས་ལས། །འོད་ཟེར་འཇའ་ཡི་ཟེར་ལྟར་ཕྱོགས་བཅུར་འཕྲོས། །ཞིང་ཁམས་རྒྱ་མཚོར་བཞུགས་པའི་རྒྱལ་བ་ལ། །ཕྱི་ནང་གསང་བའི་མཆོད་པར་གྱུར་པས་མཉེས། །འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་སྦྱངས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་བྱིན་
རླབས་དང་། །འགྲོ་བའི་བསོད་ནམས་འབྱུང་བའི་བཅུད་ལ་སོགས། །འོད་ཀྱི་རྣམ་པར་ཚུར་བསྡུས་མདུན་བསྐྱེད་ཐིམ། །བྱིན་རླབས་བཅུད་དང་འོད་ཟེར་དབྱེར་མེད་པ། །ཚུར་བྱུང་རང་ལ་ཐིམ་པས་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་སྔགས་རིང་བཟླ་བ་ནི། །འདི་ཡི་ལུགས་ཀྱི་ཉེ་བར་བསྙེན་པ་ཡིན། །དེ་ནས་བདག་མདུན་གཙོ་བོའི་སྐུ་ཡི་ནང་། །སྟོང་གསལ་ཕྲུ་མ་ཕུས་བཏབ་ལྟ་བུའི་ནང་། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་བཏབ་སྟེ། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཧིདམར་པོ། །ཐུགས་ཀར་ཧཱུྃ་སྔོན་ལྟེ་བར་རཾ་སེར་པོ། །གསང་གནས་ཨཱཿལྗང་རྣམས་ལས་འོད་འཕྲོས་པས། །བདག་དང་འགྲོ་བའི་དུག་ལྔའི་སྒྲིབ་པ་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་བཞིན་ཐིམ། །དབུ་མའི་ཡར་སྣེ་ཐུགས་རྗེ་ཆེན་པོ་ཡི། །ངོ་བོ་ཐིག་ལེ་དཀར་པོ་ཧཱུྃ་ཡིག་མཚན། །དབུ་མའི་མར་སྣེ་ཕག་མོའི་ངོ་བོ་ནི། །ཐིག་ལེ་དམར་པོ་རྩེ་མོ་སུམ་འཁྱོག་གཡོ། །བར་རླུང་ཞེས་པ་གསུས་པ་ཐེར་བྱས་པས། །ཐིག་ལེ་དམར་པོ་གཏུམ་མོའི་མེ་འབར་ནས། །དུག་ལྔའི་ས་བོན་ཡི་གེ་བཅུ་པོ་བསྲེགས། །རིགས་ལྔ་སྤྱན་གཟིགས་ཡབ་ཡུམ་བཅུ་པོ་ལ། །རིགས་ལྔ་སོ་སོའི་དབུ་རྒྱན་
རང་ཆས་ཅན། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གཞུང་ལྟར་རོ། །རྩ་འདབ་གྲངས་མཉམ་ཌཱཀི་ཐམས་ཅད་ཀྱང་། །རང་རྟགས་སྐུ་མདོག་ཕྱག་མཚན་གྲི་ཐོད་འཛིན། །གཙོ་ལ་ཞལ་གཟིགས་གར་སྟབས་ཟླ་སྟེང་བཞུགས། །བདག་མདུན་ཡབ་བཅུའི་ཐུགས་ཀར་པད་ཟླའི་སྟེང་། །རང་མདོག་ཧྲུལ་ཡིག་བཅུ་གཡས་སུ་འཁོར། །ཡུམ་བཅུའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་སྟེང་། །རང་མདོག་ཧྲིམཐར་ཡུམ་སྔགས་ གཡོན་དུ ་འཁོར། །འཁོར་རྣམས་ཐུགས་ཀར་ཧ་རི་ནི་ས་དང་། །སྤྱི་བོའི་འཁོར་རྣམས་ཐུགས་ཀར་ཧཱིདཀར་རེ། །བདག་གི་ཐུགས་ཀར་སྔགས་འཁོར་དྲག་འཁོར་ལས། །སྔགས་ཕྲེང་རྩེ་ལས་སྔགས་ཀྱི་ཕྲེང་བ་འཕྲོས། །ཐུགས་ཀྱི་སྤྱན་རས་གཟིགས་ཀྱི་ཞལ་ནས་ཐོན། །མགྲིན་པའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །ཡབ་ཀྱི་ཐུགས་ཀའི་སྔགས་ལས་གཡས་བསྐོར་བྱ། །དཔེར་ན་སྦྲུལ་ནི་གཅུད་ཅིང་འགྲོ་བ་ལྟར། །ཞལ་ནས་ཐོན་ཏེ་སྤྱི་བོའི་ཡབ་ཡུམ་གྱི། །སྦྱོར་མཚམས་ནས་ཞུགས་ཡབ་ཀྱི་ཐུགས་ཀར་གཅུད། །ཞལ་ནས་ཐོན་ཏེ་ཕྱིར་བྱུང་རང་ཉིད་ཀྱི། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཞལ་དུ་ཞུགས། །ཡར་བྱོན་སྤྱི་བོའི་ཡབ་ཀྱི་ཞལ་ཞུགས་ཏེ། །ཐུགས་
ཀར་གཡས་སུ་བསྐོར་ཞིང་སྦྱོར་མཚམས་ཐོན། །མར་བྱུང་མགྲིན་པའི་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་གཡས་སུ་འཁོར་ནས་སྦྱོར་མཚམས་ཐོན། །མར་བྱུང་ཐུགས་ཀའི་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་གཡས་སུ་འཁོར་ནས་སྦྱོར་མཚམས་ནས། །ཐོན་ཏེ་ལྟེ་བའི་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་གཡས་འཁོར་སྦྱོར་མཚམས་ནས་ཐོན་པ། །གསང་བའི་ཡབ་ཀྱི་ཞལ་ཞུགས་ཐུགས་ཀར་བསྐོར། །སྦྱོར་མཚམས་ནས་ཐོན་མདུན་གྱི་སྦྱོར་མཚམས་ནས། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །གསང་བའི་སྦྱོར་མཚམས་ནས་ཞུགས་ཐུགས་ཀར་འཁོར། །ཞལ་ནས་ཐོན་ཏེ་ལྟེ་བའི་སྦྱོར་མཚམས་ཞུགས། །ཐུགས་ཀར་གཡས་བསྐོར་ཞལ་ནས་ཐོན་པ་དེ། །ཐུགས་ཀའི་ལྷ་ཡི་སྦྱོར་མཚམས་ནས་ཞུགས་ཏེ། །ཐུགས་དབུས་སྔགས་ལ་གཡས་བསྐོར་གཅིག་བྱས་ནས། །ཐུགས་སྲོག་ཧཱུྃཡིག་མཐིང་ཀ་ལ་ཐིམ་ནས། །སྤྱན་རས་གཟིགས་དབང་རིགས་ལྔའི་བྱིན་རླབས་དང་། །དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་པར་བསྒོམ། །དེ་ལྟར་སྔགས་རིང་བརྒྱ་སྟོང་སྦྲེལ་བ་ཡིས། །ཕྲེང་བ་གཅུད་བཅུ་བརྒྱབ་ཅིང་འཁོར་བ་ནི། །དཔེར་ན་སྲོག་ཆགས་
སྦྲུལ་གྱི་འགྲོས་ལྟ་བུ། །མྱུར་བའི་ཚད་ནི་མགལ་མེའི་འཁོར་ལོ་བཞིན། །གཅུད་བརྒྱབ་ནུས་པས་བདག་མདུན་བཅུ་པོ་ཡི། །ཐུགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཐམས་ཅད་འོད་དེས་མཆོད། །དེ་དག་སྐུ་ལས་སྤྱན་གཟིགས་ཡབ་ཡུམ་སྐུ། །དཀར་སེར་དམར་ལྗང་མཐིང་ཀ་ཆེ་ཕྲའི་ཚོགས། །གསུང་ལས་སྔགས་ཕྲེང་ཨཱཿ་ལི་ཀཱ་ལི་དང་། །ཐུགས་ལས་ཕྱག་མཚན་པདྨ་ཤཱིས་མཚན་པ། །བུན་ནེ་ཆིལ་ལེ་ཕྱོགས་བཅུ་ཀུན་ནས་བྱོན། །མཚོ་ལ་ཆར་དྲག་བབས་ཟློབཞིན་བདག་མདུན་ལ། །སིབ་སིབ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །དེ་ནི་སྒྲུབ་པའི་དམིགས་རིམ་གཙོ་བོ་ཡིན། །དེ་ནས་སྔགས་ཕྲེང་དེ་ཉིད་འཁོར་བཞིན་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ཁྱབ་པར་འཕྲོས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ངོ་བོར་གྱུར། །བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷ། །རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཚོགས་སུ་གྱུར། །ཀུན་གྱིས་བདག་གི་རམ་བུ་བཀྱག་བྱེད་ཅིང་། །འབྱུང་བའི་སྒྲ་སོགས་སྒྲ་ཀུན་སྔགས་ཀྱི་སྒྲ། །བུང་བ་ཚང་ཞིག་ལྟ་བུ་ཟི་རི་
རི། །དེ་ལྟར་སྒོམ་མཁན་རྣམས་ཀྱང་རང་གི་སེམས། །སེམས་འདི་ཡེ་ནས་འགྱུར་མེད་ཆོས་ཀྱི་སྐུ། །ཡིན་ལ་ཡིན་པར་ཤེས་པའི་གདེང་ལྡན་པས། །འདི་ནི་སྒྲུབ་པ་ཀུན་གྱི་སྤྱི་འགྲོས་གསུངས། །དེ་ལྟར་བསྒོམ་པ་སྒྲུབ་པ་ཆེན་པོའོ། །ཟབ་ཁྱད་སྔགས་རིང་བེ་རོ་ཙ་ནི་ཡེ། །ཧ་རི་ནི་ས། རི་ནི་ཧ་ས། ནི་རི་ས་ཧ། ས་ནི་རི་ཧ། ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བཟླས་དེ་རྣམས་ཐུན་རེར་རྫོགས་པར་བྱ། །དགོང་མོ་ཐུན་མཚམས་ཚོགས་མཆོད་འབུལ་བ་དང་། །ཐུན་གཞན་གསུམ་ལ་ཐུན་མཚམས་གཏོར་བསྔོས་བྱ། །ཐུན་བསྡུ་རྫོགས་རིམ་བསྔོ་སྨོན་ཚར་བའི་རྗེས། །ཐུན་མཚམས་དགེ་སྦྱོར་ཆག་མེད་རིགས་རྣམས་བྱ། །དེ་ལྟར་ཐུན་བཞིར་ཞག་དྲུག་བསྒྲུབས་པའི་རྗེས། །སྔ་ཐུན་བདག་མདུན་ཚར་རྗེས་གོང་ལྟར་དུ། །སྔགས་ཕྲེང་མུ་ཏིག་ཕྲེང་བ་ལྟར་འཁོར་བས། །སྐུ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་མདོག །ཤི་སོས་བདུད་རྩི་ལྟ་བུར་བྱིན་རླབས་ཅན། །འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་སྡུག་བསྔལ་ཡིད་མི་བདེ་བ་ཀུན། །མུན་པར་ཟླ་ཤར་ལྟ་བུར་སངས་སེ་དག །འོད་ཟེར་དཀར་པོས་ཞི་བའི་དངོས་གྲུབ་ཀུན། །བསྡུས་ནས་བདག་
དང་བསྲུང་བྱ་ལ་ཐིམ་པས། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །འཇིགས་པ་བརྒྱད་རྣམས་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དྲོས་ཆེན་ནས་བཟུང་བདག་མདུན་ཚར་གཅིག་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་འཁོར་བཞིན་ལས། །སྔགས་ཕྲེང་སེར་པོ་རྨ་བྱའི་སྒྲོ་ཆུན་བཞིན། །ཁ་དོག་ལྔ་ཡི་མདངས་དང་ལྡན་པར་འཁོར། །དེ་མཐུས་བདག་མདུན་ལྷ་རྣམས་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་ཀུན་ལས་བཙོ་མ་གསེར་མདོག་འཕྲོས། །སྤྲིན་མེད་ཉི་མའི་འོད་བཞིན་ཕྱོགས་ཀུན་ཁྱབ། །བདག་དང་འགྲོ་བའི་བསོད་ནམས་ཡེ་ཤེས་རྒྱས། །འོད་ཟེར་ཚུར་འདུས་བདག་དང་བསྲུང་བྱར་ཐིམ། །དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས་པར་བསྒོམ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །རི་ནི་ཧ་ས་འབྱོར་པ་དྲུག་པུཊྚི་ཀུ་རུ་སྭཱ་ཧཱ། །ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་དགོང་མོ་བདག་མདུན་ཚར་གཅིག་རྗེས། །སྔགས་ཕྲེང་བྱུ་རུའི་མདོག་ཅན་ལྕགས་སྒྲོག་དབྱིབས། །འཁྱོག་ཅིང་གུག་པའི་ཚུལ་དུ་འཁོར་བ་ལས། །བདག་མདུན་ལྷ་ཚོགས་ཀུན་ལས་འོད་ཟེར་ནི། །དམར་པོ་
ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །སྣོད་བཅུད་འཁོར་འདས་ཀུན་གྱི་དངོས་གྲུབ་བཅུད། །སིབས་སེ་བསྡུས་ནས་བདག་ལ་ཐིམ་པ་ཡིས། །ཕྲིན་ལས་འགྲོ་དོན་ལྷུན་གྲུབ་དངོས་གྲུབ་ཐོབ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །ནི་རི་ཧ་ས་ཁམས་གསུམ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་གཏོར་བསྔོས་ཐུན་བསྡུ་གོང་ལྟར་རོ། །མུན་རུབ་སླར་ཡང་བདག་མདུན་ཚར་གཅིག་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་གོང་ལྟར་ལས། །སྔགས་ཕྲེང་ལྗང་ནག་ཐག་འཁྱུག་ལྟ་བུ་དེས། །བདག་མདུན་ཀུན་གྱི་ཐུགས་དམ་རྒྱུད་བསྐུལ་བས། །འོད་ཟེར་སྔོན་པོའམ་ལྗང་ནག་ཕྱོགས་བཅུར་འཕྲོས། །འོད་ཟེར་རྩུབ་ཅིང་ཚ་བའི་རེག་བྱ་ཡིས། །བདུད་བཞི་ལོག་འདྲེན་དགྲ་བགེགས་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་བཞིན་ཚར་བཅད་དེ། །འོད་རྣམས་ཚུར་འདུས་བདག་ལ་ཐིམ་པ་ཡིས། །མཐུ་རྩལ་ནུས་པ་ཐོགས་མེད་དངོས་གྲུབ་ཐོབ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །ས་ནི་རི་ཧ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་གཏོར་བསྔོས་ཐུན་བསྡུ་ཉལ་བ་ཡིན། །ཕྱིར་ནངེས་བདག་མདུན་ཚར་གཅིག་ཚར་བའི་རྗེས། །ཕུན་སུམ་ཚོགས་པའི་སྦྱིན་སྲེག་གྲུབ་ན་
རབ། །མ་ཐོན་ན་ཡང་ཆད་པའི་སྐྱོན་ནི་མེད། །དེ་ལྟར་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ། །མདུན་བསྐྱེད་གཙོ་བོ་སྤྲོས་བཅས་ཡིན་པའི་ཕྱིར། །མཆོད་པ་ཚོགས་གཏོར་གཟབ་པ་གལ་ཆེ་ཞིང་། །སྒྲུབ་པ་དར་དྲག་ཡུན་ཐུང་བརྩོན་འགྲུས་བསྐྱེད། །གལ་ཏེ་དྲིལ་སྒྲུབ་ཟླ་གཅིག་བྱེད་འདོད་ན། །དངོས་གཞི་བདུན་གསུམ་ལས་སྦྱོར་ཞག་བདུན་བྱ། །ཞག་གཅིག་སྦྱིན་སྲེག་ཞག་གཅིག་བདག་འཇུག་དང་། །ཚོགས་མཆོད་རྗེས་ཆོག་ལ་སོགས་བྱ་བ་ཡིན། །ཕྱི་ནང་གསང་གསུམ་དྲིལ་ཏེ་སྒྲུབ་པའི་ཐབས། །ཟབ་ཅིང་མྱུར་བའི་རླུང་སྒྲུབ་གདམས་པ་ནི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །རིག་འཛིན་སྤྲུལ་སྐུའི་དགོངས་པ་རྫོགས་པའི་ཕྱིར། །ལུག་ལོ་ས་ག་ཟླ་བའི་ཚེས་དགུ་ཡི། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ནི་སློབ་བུ་མཐར་ཕྱིན་ནོ། །འདི་བྲིས་འགལ་འཁྲུལ་ཉེས་པ་ལྷ་ལ་བཤགས། །དགེ་བས་སྤྲུལ་སྐུའི་ཟག་མེད་ཐུགས་དགོངས་རྫོགས། །འདི་ལ་འབྲེལ་བ་ཐོགས་ཚད་འགྲོ་བ་རྣམས། །ཐུགས་རྗེ་ཆེན་པོ་དངོས་སུ་འགྲུབ་གྱུར་ཏེ། །འབྲེལ་ཚད་དོན་ལྡན་མངོན་པར་སངས་རྒྱས་ཤོག། །།སརྦ་མངྒ་ལཾ།།