ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཞལ་གདམས་དམིགས་རིམ་ཤིན་ཏུ་གནད་ཟབ།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཞལ་གདམས་དམིགས་རིམ་ཤིན་ཏུ་གནད་ཟབ་བཞུགས་སོ།།
ན་མོ་ལོ་ཀེ་ཤྭ་རཱ་ཡེ། ཕ་རྒྱུད་པདྨ་རྒྱལ་པོ་དང་། །མ་རྒྱུད་པདྨ་ཟབ་པའི་རྒྱུད། །གཉིས་མེད་དུས་འཁོར་རྒྱུད་ཡིན་པས། །ཨོ་རྒྱན་རྗེ་དང་ཀརྨ་པ། །མེ་ལོང་རྡོ་རྗེས་བཞེད་པ་ཡིན། །རྒྱུད་དེའི་མན་ངག་རྒྱ་གཞུང་ནི། །གྲུབ་ཆེན་ཛ་ལེན་དྷ་ར་ཡིས། མཛད་པའི་ལྷ་དགུའི་རྒྱ་གཞུང་དང་། །དེ་ཡི་དབང་ཆོག་བཅས་པ་ནི། །བལ་པོའི་ཡུལ་གྱི་པཎྜི་ཏ། །སུ་མ་ཀཱིརྟི་ནས་བརྒྱུད་དེ། །རས་ཆུང་པ་ཡིས་ལྷ་སར་ཞུས། །ལྷ་ལྔ་འདི་ལ་རྒྱ་གཞུང་མང་། །སེམས་དཔའ་རྡོ་རྗེ་སྙིང་པོས་མཛད། །གྲུབ་པའི་རྒྱལ་མོས་མཛད་པ་རྣམས། །རས་ཆུང་པ་ཡིས་ཐོབ་པའོ། །ཨོཾ་
རྒྱུན་ཆེན་པོས་མཛད་པ་དང་། །སྲོང་བཙན་སྒམ་པོས་མཛད་པ་ཡི། །གྲུབ་ཐོབ་དངོས་གྲུབ་ཅེས་བྱ་དང་། །ཉང་གིས་གཏེར་ནས་བཏོན་པ་རྣམས། །རས་ཆུང་པ་ཡིས་ཉང་ལ་ཞུས། །དེ་རྣམས་བརྒྱུད་པ་གཅིག་ལ་འདུས། །གྲུབ་ཆེན་ཀརྨ་པཀྴི་ཡི། །ཡི་དམ་གཙོ་བོ་འདི་རང་ལགས། །དེ་ནས་བཟུང་སྟེ་ད་ལྟའི་བར། །བརྒྱུད་པ་དམ་སེལ་མ་བཅད་གཅིག །བཀའ་བབས་བྱིན་རླབས་ལྡན་པ་སྟེ། །ཀུན་གྱི་དོན་བསྡུས་ཆོ་ག་འདི། །མཐོང་བ་དོན་ལྡན་ཀརྨ་པ། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ནི། །ཞལ་གཟིགས་བྱུང་དུས་མཛད་པ་ཡིན། །འདི་ཡི་དམིགས་རིམ་
དཔག་མེད་ཀྱང་། །ཉེར་མཁོ་རྒྱུན་ཁྱེར་བསྡུས་པ་ནི། །རང་ཉིད་ལྷ་དགུའི་བདག་བསྐྱེད་བསྒོམ། །ཐུགས་ཀར་ཧྲིམཐར་སྔགས་འཁོར་བས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ན། །བཞུགས་པའི་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས། །ཐམས་ཅད་འོད་ཟེར་དེ་ཉིད་ཀྱིས། །རེག་པ་ཙམ་གྱིས་མཆོད་པར་གྱུར། །སྐུ་གསུང་ཐུགས་རྣམས་ཟག་མེད་ཀྱི། །བདེ་བས་ཐུགས་རྒྱུད་ཤིན་ཏུ་མཉེས། །དེ་དག་ཐམས་ཅད་མ་ལུས་པ། །ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །རང་གི་ལུས་ངག་ཡིད་གསུམ་ལ། །མཚོ་ལ་ཆར་བཞིན་དབྱེར་མེད་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །དམིགས་པ་ཀུན་གྱི་རྩ་བ་སྟེ། །བྱིན་རླབས་བསྡུ་བའི་དམིགས་པ་ཡིན། །བསྲེ་བ་སྐོར་གསུམ་རྩ་བ་སྟེ། །ཀརྨ་པཀྵིའི་ཁྱད་ཆོས་ཡིན། །པདྨ་རྒྱལ་པོའི་རྒྱུད་དང་གསུམ། །འདི་ཉིད་བསྒོམ་ཞིང་ཡིག་བཅུ་བཟླས། །ངོ་མཚར་དག་སྣང་དཔག་མེད་འབྱུང་། །ཉམས་དང་རྟོགས་པ་འཕེལ་བར་ངེས། །འདི་ལས་ཟབ་པའི་དམིགས་རིམ་ནི། །
བདག་གིས་བསྟན་དུ་ཡོད་རེ་ཀན། །མདུན་དུ་ལྷ་ལྔ་བསྒོམ་པ་ཡང་། །ལྷ་ལྔ་ཟེར་བ་གཙོ་བོ་ལྔ། །འཁོར་ནི་རྒྱ་མཚོ་ལྔ་ཞེས་ཟེར། །སངས་རྒྱས་སྟོང་ལ་སོགས་པ་ཡི། །ཡེ་ཤེས་ལྷ་ཚོགས་ཐམས་ཅད་དང་། །འཇིག་རྟེན་བཀའ་སྲུང་ཆོས་སྐྱོང་ཚོགས། །རིགས་དྲུག་སེམས་ཅན་ཡན་ཆད་དུ། །འདི་ལ་མ་འདུས་གཅིག་ཀྱང་མེད། །གཏོར་མགྲོན་མཆོད་ཡུལ་རྒྱ་ཆེ་བ། །དཀྱིལ་འཁོར་འདི་འདྲ་གཞན་ན་མེད། །བདག་མེད་ཐུགས་ལས་འོད་ཟེར་ནི། །ཁ་དོག་ལྔ་དང་ལྡན་པ་ལ། །རྩ་བ་གཅིག་ལ་རྩེ་མོ་ལྔ། །མདུན་གྱི་ལྷ་ལྔའི་སྐུ་ལ་ཕོག །ལྷ་ལྔའི་སྐུ་ལས་འོད་ཟེར་ནི། །ཕུང་པོ་འཇིག་རྟེན་ཁྱབ་པར་འཕྲོས། །ཐུགས་རྗེ་ཆེན་པོའི་འོད་ཟེར་དེས། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །བྱིན་རླབས་བསྡུས་ནས་ཐུགས་ཀར་ཐིམ། །རྟ་མགྲིན་འོད་ཟེར་ཚུར་འདུས་ལྷ། །ཁྲོ་བོ་ཀུན་གྱི་བྱིན་རླབས་བསྡུས། །གསང་ཡེ་འོད་ཀྱི་མཁའ་འགྲོ་དང་། །ཨོ་རྒྱན་འོད་ཀྱིས་གྲུབ་ཐོབ་ཀུན། །འོག་གི་ བེར ་ཅན་འོད་ཟེར་གྱིས། །ཆོས་སྐྱོང་ཀུན་གྱི་མཐུ་སྟོབས་བསྡུས། །དེ་ཀུན་མདུན་བསྐྱེད་སོ་སོར་ཐིམ། །གཙོ་བོའི་ཐུགས་ནས་བྱིན་རླབས་ཀུན། །འོད་ཟེར་ཚུར་
འདུས་རང་ལ་ཐིམ། །དེ་ལྟར་བསྒོམ་ཞིང་ཡིག་བཅུ་དང་། །དྷུ་མ་གྷ་ཡེ་སྦྱར་བ་བསྙེན། །བདག་མདུན་དམིགས་རིམ་མདོར་བསྡུས་ཡིན། །དེ་ནས་རྫོགས་རིམ་རྩ་རླུང་ནི། །རང་ཉིད་རྒྱལ་པ་རྒྱ་མཚོ་ནི། །གཙོ་བོ་སྐད་ཅིག་དྲན་རྫོགས་བསྒོམ། །རྩ་གསུམ་འཁོར་ལོ་ལྔ་པོ་ནི། །རྫོགས་རིམ་ཇི་ལྟར་བསྒོམ་པ་ནི། །འཁོར་ལོ་ལྔ་ཡི་རྩ་མདུད་དབུས། །ཉོན་མོངས་དུག་ལྔའི་ས་བོན་རུ། །སྤྱི་བོར་ཨོཾ་དཀར་གཏི་མུག་ལ། །མགྲིན་པར་འདོད་ཆགས་ཧྲིདམར་པོ། །སྙིང་གར་ཞེ་སྡང་ཧཱུྃ་མཐིང་ནག །ལྟེ་བར་ང་རྒྱལ་ཏཱཾ་སེར་པོ། །གསང་བར་ཕྲག་དོག་ཨཱཿཋལྗང་ལ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔའི་སྡིག་སྒྲིབ་ཐམས་ཅད་བསྟིམ། །རླུང་རོ་བུས་ནས་རླུང་བཟུང་བས། །གསང་གནས་འོག་གི་འདོམས་བར་ནས། །གཏུམ་མོའི་རཾ་ཡིག་དམར་པོ་ལས། །ཡེ་ཤེས་མེ་ནི་ཡར་ལ་འབར། །དུག་ལྔའི་ས་བོན་ཡིག་འབྲུ་བསྲེགས། །གནས་ལྔར་རིགས་ལྔའི་སྤྱན་རས་གཟིགས། །སྤྱི་བོར་དཀར་ལ་མགྲིན་པར་དམར། །ཐུགས་ཀར་མཐིང་ལ་ལྟེ་བར་སེར། །གསང་བར་ལྗང་བའི་སྐུ་མདོག་བསྒོམ། །ཀུན་ཀྱང་རང་རང་ཡུམ་དང་བཅས། །ལྷ་དགུའི་མངོན་རྟོགས་སྐབས་
ལྟར་བསྒོམ། །རྩ་འདབ་རེ་རེའི་ནང་ན་ཡང་། །མཁའ་འགྲོ་གྲི་གུག་ཐོད་ཁྲག་ཅན། །སྐུ་མདོག་གཙོ་བོ་ལྟ་བུ་ལ། །གར་སྟབས་མཛད་པ་རེ་རེ་སྟེ། །སྤྱི་བོར་སོ་གཉིས་རྩ་ཡི་གྲངས། །མགྲིན་པར་བཅུ་དྲུག་སྙིང་གར་བརྒྱད། །ལྟེ་བར་རེ་བཞི་གསང་གནས་ནང་། །ཉི་ཤུ་རྩ་བརྒྱད་བསྒོམ་པར་བྱ། །སླར་ཡང་མེ་འབར་རྩ་གནས་གང་། །ཚངས་བུག་ཧཱུྃ་ཡིག་དཀར་པོ་ནི། །མགོ་བོ་ཐུར་དུ་བསྟན་པ་ལས། །བདུད་རྩི་བྱང་སེམས་དཀར་པོ་བབ། །རིམ་བཞིན་རྩ་གནས་ཐམས་ཅད་གང་། །ལུས་གང་བདེ་བ་རྒྱས་པར་བསྒོམ། །དེ་ལྟར་དྲོད་ཀྱི་བདེ་བ་སྐྱེས། །ངོ་བོར་བལྟས་པས་བདེ་སྟོང་འདྲེས། །བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང་། །ཚེ་གཅིག་སྒྲུབ་པའི་ཐབས་ལམ་ཟབ། །དེ་ལྟར་བསྐྱེད་རིམ་རྩ་རླུང་སོགས། །དམིགས་པ་སོ་སོར་གསལ་ན་ཡང་། །ངོ་བོ་སྟོང་ཉིད་སེམས་ངོའི་ངང་། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །བསྐྱེད་རྫོགས་ཟུང་དུ་འཇུག་པ་ཡིན། །དེ་ལ་གོམས་ནས་སྣོད་བཅུད་ཀུན། །ཚུ་ནང་ཟླ་བ་ཤར་བ་བཞིན། །གསལ་སྟོང་རང་བཞིན་ཤུགས་ལ་འཆར། །འདི་སྒོམ་གཏད་སོ་མེད་པ་ན། །སྣང་བ་ཕྱི་ན་མ་ལུས་ཤིང་། །
སེམས་ཉིད་ངོ་བོ་མ་ལུས་པ། །སངས་རྒྱས་ཐུགས་དང་འགྲོ་དྲུག་སེམས། །རང་སེམས་དབྱེར་མེད་གཅིག་ཏུ་འདྲེས། །བསྒོམ་དང་མ་བསྒོམས་ཡེངས་མ་ཡེངས། །ཁྱད་མེད་ངོ་བོ་རྗེན་པར་རྟོགས། །དེ་ལྟར་མ་རྟོགས་སེམས་ཅན་ལ། །ཤུགས་འབྱུང་སྙིང་རྗེས་མཆི་མ་འཁྲུགས། །དེ་ལྟར་རྟོགས་པར་གྱུར་པ་ནི། །རྟོགས་ལྡན་རྣལ་འབྱོར་ཡིན་ཞེས་བྱ། །ཉོན་མོངས་དུག་ལྔ་གང་ཤར་ཡང་། །ཆུ་རླབས་ཆུ་ལ་ཐིམ་པ་ལྟར། །ཤར་གྲོལ་དུས་མཉམ་སྟོང་པར་ཡལ། །འདུས་བྱས་དགེ་བ་མི་སྤོང་བར། །ཕྱག་དང་བསྐོར་བ་གཏོར་མ་དང་། །ཡི་དམ་ཆོ་ག་གཏོར་བསྔོས་དང་། །ཆོས་སྤྱོད་བསྔོ་བ་སྨོན་ལམ་ཡང་། །ཉམས་ལེན་ངང་ལ་གང་འགྲུབ་བརྩོན། །སྤྱོད་པ་རྩིང་ན་བདུད་ཀྱིས་ཁྱེར། །རྩ་བ་བཞི་པོ་སྲོག་ལྟར་སྲུངས། །ཕྲ་ཞིབ་ཉམས་ཆག་བཤགས་པར་འབད། །རེས་འགའ་གཅིག་པུར་མཚམས་བསྡམས་བསྒོམ། །རེས་འགའ་ཁྲོམ་དང་གཡེང་བར་བསྲེ། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ། །ཉམས་ལེན་མ་བརྗེད་ངོ་བོ་སྐྱོང་། །ཡིག་དྲུག་ཆུ་བོའི་རྒྱུན་བཞིན་བཟླས། །འབྲེལ་ཚད་བདེ་ཆེན་ཞིང་ཁམས་སུ། །འཁྲིད་པའི་སེམས་བསྐྱེད་སྨོན་ལམ་གདབ། །དེ་
ལྟར་ཉམས་སུ་ལེན་མཛོད་ཅིག །རྟོགས་ལྡན་དོན་ལྡན་ཞེས་བྱ་ལ། །རཱ་ག་ཨ་སྱས་གདམས་པ་དགེ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།