བླ་མ་མགོན་པོ་དབྱེར་མེད་པའི་ཆོ་ག་ཉུང་ངུར་བསྡུས་པ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་དབང་པོའི་རྒྱལ་པོ།
བླ་མ་མགོན་པོ་དབྱེར་མེད་པའི་ཆོ་ག་ཉུང་ངུར་བསྡུས་པ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་དབང་པོའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ནཱ་ཐ་ཡེ། །བླ་མ་མགོན་པོའི་གཏོར་ཆོག་ནི། །ཕྱག་ལེན་བཞིན་དུ་མཆོད་གཏོར་བཤམས། །བདག་བསྐྱེད་སྔོན་དུ་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། ཧཱུྃ། རང་མདུན་རབ་འཇིགས་དུར་ཁྲོད་ཤིང་གི་དྲུང་། །པདྨ་ཉི་མ་ཚོགས་ཀྱི་བདག་པོའི་སྟེང་། །གྲི་གུག་ཧཱུཾ་གིས་མཚན་པའི་འཕྲོ་འདུ་ལས། །མྱུར་མཛད་མགོན་པོ་མཐིང་ནག་ཕྱག་དྲུག་པ། །ཞལ་གཅིག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྗེས་སྨ་ར་སྨིན་མ་སེར། །སིནྡྷ་ར་བྱུག་མི་བསྐྱོད་དབུ་ལ་བརྒྱན། །གཡས་གསུམ་གྲི་གུག་ཕྲེང་བ་ཌཱ་མ་རུ། །ཐོད་ཁྲག་ཁ་ཊྭཱཾ་ཞགས་པ་གཡོན་
ན་བསྣམས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱངས། །ཕྱག་རྒྱ་ལྔས་བརྒྱན་ཞིང་ལྤགས་སྟོད་གཡོགས་དང་། །སྟག་གི་ཤམ་ཐབས་དར་ལྗང་སྐེ་རགས་བཅིངས། །ཀླུ་ཆེན་བརྒྱད་དང་གཡེར་ཁའི་དྲྭ་བས་སྤྲས། །དམར་ནག་མེ་དཔུང་དབུས་ན་འདོར་ཐབས་བཞུགས། །དེ་ཡི་གཡས་གཡོན་ལུས་དང་གྲིབ་མའི་ཚུལ། །གསང་བའི་ཡུམ་ཆེན་ཡབ་ཡུམ་གློག་ལྟར་འཁྱུག །སྟེང་ཕྱོགས་ནམ་མཁར་བླ་མ་གསེར་གྱི་མདོག །རིན་ཆེན་དྲིལ་བུ་བསྣམས་ནས་སྐྱིལ་ཀྲུང་བཞུགས། །རྒྱབ་ཏུ་ཧཱུྃ་ལས་ཡིད་བཞིན་ཀུནྡྷའི་མདོག །ཞལ་གཅིག་ཕྱག་དྲུག་
འདོར་སྟབས་ཚོགས་བདག་མནན། །རྒྱན་ལྡན་གྲི་གུག་ནོར་བུ་ཌ་རུ་གཡས། །ཐོད་བུམ་ཁ་ཊྭཱཾ་ལྕགས་ཀྱུ་གཡོན་ན་བསྣམས། །མདུན་དུ་ཧྲཱིཿལས་གཟི་ལྡན་སྟོན་ཟླའི་མདོག །ཞལ་གཅིག་ཕྱག་དྲུག་སྣ་ཚོགས་རྒྱན་གྱིས་ཀླུབ། །ཕྱག་གཡས་རིན་ཆེན་ནེའུ་ལེའི་བུམ་པ་དང་། །འཁོར་ལོ་ནེའུ་འགུགས་པའི་ཕྱག་རྒྱ་གཡོན། །གཡོན་ཕྱོགས་ཁྲག་མཚོ་རླུང་ནག་འཚུབ་མའི་དབུས། །བློ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །གྲི་ཐོད་རལ་གྲི་ནལ་བུའི་རྒྱལ་མཚན་བསྣམས། །དྲེའུ་སྟེང་ན་བཙན་འཁྱིལ་ཚུལ་གྱིས་བཞུགས། །མདུན་དུ་ཧཱུྃ་ལས་ཀླུ་ཊ་པཱ་ལ་མཐིང་། །གྲི་གུག་དཀྲུག་ཅིང་གཙོར་སྟོབ་དོམ་ནག་ཆིབས། །གཡས་སུ་ཛི་ལས་འཛི་ན་མི་ཏྲ་དམར། །གཡས་པས་ཌ་རུ་གཡོན་པས་ཐོད་ཁྲག་སྟོབ། །རྒྱབ་ཏུ་ཛཾ་ལས་ཊཀི་རཱ་ཛ་མཐིང་། །ཞགས་པ་འཕེན་ཞིང་ཐོད་ཁྲག་གཙོ་ལ་སྟོབ། །གཡོན་དུ་ཧཱུྃ་ལས་ཏྲག་ཤད་རྟ་ནག་ཞོན། །དར་ནག་ བེར ་གསོལ་རུ་མཚོན་ཐོད་ཁྲག་བསྣམས། །ཀུན་ཀྱང་མི་སྲུན་འཇིགས་པའི་ཆ་ལུགས་ཅན། །ཕྱི་རོལ་གཙང་རེས་མགོན་པོ་བདུན་ཅུ་དང་། །དམ་ཅན་རྒྱ་མཚོ་སྤྲིན་དཔུང་བཞིན་དུ་གཏིབས། །ཀུན་གྱི་གནས་
གསུམ་ཡིག་འབྲུ་གསུམ་པོ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཅེས་སྤོས་སྦྱོར་བསྲེགས་ལ་རོལ་མོ་དང་བཅས་པས། ཧཱུྃ། འཇིག་རྟེན་དབང་ཕྱུག་རྒྱལ་བ་ཀུན་གྱི་ཡབ། །གྲངས་མེད་བསྐལ་པའི་སྔོན་ནས་བྱང་ཆུབ་ཀྱང་། །ཚད་མེད་སྙིང་རྗེས་སླར་ཡང་ཁྲོ་མོའི་ཚུལ། །ནག་པོ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་བྲམ་ཟེ་ཆེ། །གངས་ཅན་ལྗོངས་འདིར་མཐོན་མཐིང་ཅོད་པན་ཅན། །གང་འདུལ་སྤྲུལ་བའི་གར་མཁན་ནག་པོ་ཆེ། །བླ་མ་མགོན་པོ་དབྱེར་མེད་གཤེགས་སུ་གསོལ། །ཐུགས་རྗེ་མྱུར་མགྱོགས་སྟོན་ཕྱིར་བཞེངས་སྟབས་བཞུགས། །མཆོག་དང་ཐུན་མོང་ལོ་ཟླས་འགྲུབ་མཛད་ཅིང་། །དྲན་པ་ཙམ་ནས་བྱིན་གྱིས་རླབས་མཛད་པ། །བྱིན་རླབས་མྱུར་མཛད་མགོན་པོ་གཤེགས་སུ་གསོལ། །མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ་དང་། །ལྷ་འདྲེ་མི་གསུམ་དབང་དུ་སྡུད་མཛད་ཅིང་། །སྐྱེ་འགྲོའི་རེ་བ་ཡིད་བཞིན་སྐོང་མཛད་པ། །མགོན་པོ་ཡིད་བཞིན་ནོར་བུ་གཤེགས་སུ་གསོལ། །འཆི་བདག་ལས་གྱི་གཤིན་རྗེ་ཟིལ་གནོན་ཕྱིར། །ལྷོ་ཕྱོགས་ཙན་དན་ཤིང་ལ་
གནས་བཅས་ཤིང་། །མ་མོ་མཁའ་འགྲོ་ཀུན་གྱིས་ཡོངས་བསྐོར་བ། །ཙནྡན་ཤིང་གི་མགོན་པོ་གཤེགས་སུ་གསོལ། །རྡོ་རྗེ་གདན་གྱི་ནུབ་སྒོ་སྲུང་མཛད་ཅིང་། །པོ་ཊ་ལ་དང་། བསིལ་བ་ཚལ་གྱི་རི། །ཉི་ཤུ་རྩ་བཞིའི་གནས་རྣམས་སྐྱོང་མཛད་པ། །ཞིང་སྐྱོང་རྡོ་རྗེ་ནག་པོ་གཤེགས་སུ་གསོལ། །བཟློག་པས་མི་བཟློག་དགྲ་བགེགས་བརླག་མཛད་པ། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད་ཀྱི་བུ། །མ་མོ་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཟློས་པཱ་རི་ཝཱ་ར་བཛྲ་ས་མཱ་ཿ ཨེ་ཧྱ་ཧི། བཛྲ་ཨཧཱུྃ་ནས། ཤབྡ་ཨཱཿཧཱུྃ། བཞུགས་སུ་གསོལ་བ་ནི། ཧཱུྃ། སྐྱོན་གྱིས་མ་གོས་པདྨ་ཉི་ཟླའི་སྟེང་། །རིན་ཆེན་ཆར་རྒྱུན་འབེབས་༈ མཛད་ཚོགས་ཀྱི་བདག །གངས་རིའི་ཕུང་པོ་སྤུངས་པ་ལྟ་བུའི་སྟེང་། །ནག་པོ་ཆེན་པོ་དགྱེས་བཞིན་བཞུགས་སུ་གསོལ། །གཞན་ཡང་བསྟན་དགྲ་བསྣོལ་བའི་བམ་བརྩེགས་ལ། །བཀའ་སྡོད་གནོད་སྦྱིན་བཞི་དང་རེ་མ་ཏི། །འཇིག་རྟེན་སྐྱོང་བ་དམ་ཅན་རྒྱ་མཚོ་བཅས། །ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་
ཡ་ས་པཱ་རི་ཝཱ་ར་ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡེ་ཧཱུཾ། འདིར་དབང་བསྐུར་མི་དགོས་པར་བཤད་ལ། དམ་བཞག་ནི། ཧཱུྃ། སྣང་བ་མཐའ་ཡས་སྤྱན་སྔ་རུ། །མཁའ་མཉམ་འགྲོ་བ་སྒྲོལ་བའི་ཐུགས་བསྐྱེད་དང་། །སྙིགས་མའི་འགྲོ་བ་བར་ཆད་རྐྱེན་མང་ཞིང་། །དམ་ཚིག་མི་ལྡན་ལོངས་སྤྱོད་དམན་པ་རྣམས། །འདི་ཕྱི་བར་དོའི་འཇིགས་ལས་སྐྱོབ་པའི་ཕྱིར། །ཡུན་རིང་སྒྲུབ་མི་དགོས་པར་ཞལ་སྟོན་ཞེས། །དམ་བཅའ་གང་མཛད་མ་བསྙེལ་དྲན་མཛོད་ལ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡེ། མ་ནུ་སྨ་ར་ཡེ། ས་མ་ཡེ། མ་ཏི་ཀྲ་མ་ཡེ། ས་མ་ཡེ། རཀཱནྟ། ཕྱག་འཚལ་བ་ནི། ཧཱུྃ། མཐའ་བྲལ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ལོངས་སྐུའི་ཞིང་དུ་རྣམ་སྣང་གངས་ཅན་མཚོ། །མི་མཇེད་ཞིང་འདིར་སྤྲུལ་པའི་མགོན་པོ་སྟོང་། །སྟོན་མཛད་ཡེ་ཤེས་མགོན་པོར་ཕྱག་འཚལ་བསྟོད། །བྱམས་དང་སྙིང་རྗེའི་གཏེར་ཆེན་རབ་རྒྱས་ཀྱང་། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །སྲིད་གསུམ་ཞིང་གི་ལོག་འདྲེན་ཀུན་འཇོམས་པ། །མྱུར་མཛད་དམ་ཚིག་མགོན་པོར་ཕྱག་
འཚལ་བསྟོད། །ཉིད་ཀྱི་སྤྲུལ་པ་འཇིག་རྟེན་དྲེགས་པའི་གཟུགས། །མ་མོ་གནོད་སྦྱིན་སྲིན་པོ་གཤིན་རྗེ་བདུད། །སྣ་ཚོགས་ཕྲིན་ལས་ཐོགས་མེད་སྒྲུབ་མཛད་པ། །འཇིག་རྟེན་མགོན་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །མན་ངག་དང་ལྡན་པས་གསོལ་འདེབས་བསྙེན་པ་ཕྱེད་མར་བྱ་སྟེ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་དུ་གསོལ། །ཅེས་སམ། ཨོཾ་ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཻ་ར་བཱི་རེ་ནཱ་ཤྲཱི་ཡེ། ཊཱཀ་ཌཱཀི་ནཱི། རྣོ་ཀ་བློ་ཀི་ནཱི། སརྦ་བུདྡྷ་ཡ། བོ་དྷི་སཏྭ། ས་ར་ནན་ཤ་ར་ནན་ག་ཛ་ཛ་ཡེ་གཙྪ་མི་ཀྱེ། ཨོཾ་བཛྲ་ན་ར་ཀྲིང་ཀྲིང་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཐུན་མཚམས་མཆོད་གཏོར་བྱ་སྟེ།་ཧཱུཾ། ཀེ་ལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བ། །ཧཱུྃ་ལས་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཕྱི་ནང་གསང་བ་ཡི། །རྟེན་རྫས་སྒྲུབ་རྫས་ཕུན་སུམ་ཚོགས་པར་གྱུར། །ཨོཾ་བཛྲ་པུཉྫ་ནས། ཤརྡ་ཨཱཿཧཱུྃ། ཧཱུྃ། དྲི་དང་དུག་གི་མེ་ཏོག་སྔོན་པོ་འདི། །དྲག་པོ་དཔལ་ལྡན་མགོན་པོ་མཉེས་པའི་རྫས། །བསྟན་སྲུང་དབུ་ལ་འབུལ་ཏེ་རྒྱན་མཛོད་ལ། །བདག་
གཞན་སྐུ་དང་མཚན་དཔེ་ཐོབ་པར་ཤོག །གུ་གུལ་མི་ཤ་ཚིལ་ཆེན་མི་ཡི་ཁྲག །ཡུངས་ཀར་བུ་རམ་་་རྔ་མོང་རིལ་མ་གཅིག་ལ། སྦྱར་བའི་སྲེག་སྤོས་འདི། །བསྟན་སྲུང་ཤངས་ཀྱི་དབང་པོ་ཚིམ་མཛད་ཅིང་། །ཚུལ་ཁྲིམས་འཆལ་བའི་དམ་ཉམས་བསྒྲལ་དུ་གསོལ། །མི་ནག་ཕག་པ་ར་རོག་ཚིལ་ཞུན་དང་། །ལེགས་པར་སྦྱར་བའི་རོ་རས་སྡོང་བུ་བཙུགས། །གསལ་བྱེད་སྤྱན་ལ་དད་པས་རབ་འབུལ་ན། །ཤེས་རབ་འཆལ་བའི་ཀླད་ཁྲག་སྐམ་དུ་གསོལ། །དུག་སྣ་ཁྲག་ཆེན་སྦྱར་བའི་དྲི་ཆབ་འདི། །ཁྲག་འཐུང་བསྟན་སྲུང་ཐུགས་ལ་འབུལ་ལགས་ན། །ཏིང་འཛིན་བར་ཆད་བདུད་དང་འབྱུང་པོའི་ཚོགས། །མ་ལུས་ཐལ་བའི་རྡུལ་བཞིན་བརླག་ཏུ་གསོལ། །ནས་ནག་ཏིལ་དང་བྲ་བོ་སྲན་མ་དང་། །རིམ་བུ་ལས་བྱས་ཟུར་གསུམ་ཁྲག་གིས་བྱུག །ལྷ་བཤོས་ལྗགས་ཀྱི་དབང་པོ་ཚིམ་བྱེད་འདི། །སྟོབས་ལྡན་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རྐང་དུང་གླིང་བུ་བྷན་ལྟག་སྤྲོད་རྔ། །རྔ་ཆེན་ཆ་ལང་ཅང་ཏེའུ་རོལ་མོའི་སྒྲ། །སྣ་ཚོགས་སྙན་ལ་གུས་པས་འབུལ་ལགས་ན། །བསྟན་ལ་མི་སྙན་སྨྲ་བའི་འདུ་བྱེད་ཀུམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་
ཀིཾ་ཀྵེ་ཏྲ་བིགྷཾ་བི་ན་ཡ་ཀ་ས་པཱ་རི་ཝཱ་ར་བཛྲ་པ། ནས། ཤབྡ་ཨཱཧཱུཾ། དེ་ནས་གཏོར་མ་ལ། བིཤྩ་ནམ། པདྨནྟ་ཀྲྀཏ་སོགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། ཡཾ་རཾ་ཀཾ་ཨ་རྣམས་ལས་བྱུང་བ་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ། ཀ་པཱ་ལ་ཡངས་པའི་ནང་དུ། གོ་ཀུ་ད་ཧ་ན། བི་མུ་མ་ར་ཤུ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ། ཨོཾ་ཨཱཧཱུཾ། རླུང་གིས་མེ་སྦར་ཞིང་སྣོད་དྲོས་པས་ཞུ་བའི་སྟེང་དུ་ཧཱུྃ་ཨཱཿ ཨོཾ་ཨ་ཀཱ་རོ་སོགས། བརྗོད་པས་ཡི་གེ་གསུམ་རྣམས་རིམ་གྱིས་གཏོར་མ་ལ་ཐིམ་ཞིང་ཉེས་སྐྱོན་སྦྱང་བདུད་རྩིར་ཞུ། བདུད་རྩི་ཆེན་པོར་གྱུར། མ་ཧཱ་གུ་རུ་ཨེ་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀཱ་ལ་ཀིཾ་ཀྵེ་ཏྲ་བིགྷཾ་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བྷ་ལི༔ གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སི་ཏི་ཿ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ག་ན་པ་ཏི་སྭཱ་ཧཱ། ཨི་དཾ༴ ཨོཾ་མ་མ་སརྦ་ཙ་དྷུ་ར་བྷ་ཀྵ་ཛ་རེ་མ་ཏི་འུར་ཝ་འར་ཝཾ་ས་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཀྵེ་ཏྲ་པཱ་ལ་བིགྷཾ་ཧཱུྃ་ཕཊ། ཨི་དཾ༴ ཨོ་ཛི་ན་མི་ཏྲ་ཝ་ཤ་ཀུ་རུ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཊ་ཀི་རཱ་ཛ་ས་མ་ཡ་བྷོ་དུ་ཛཧཱུྃ་ཕཊ། ཨི་དཾ༴ ཨོ་དུ་ཡོག་ཛམ་ཧཱ་ཀཱ་ལ་ཏྲཀཱད་ཧཱུྃ་ཕཊ། ཨི་དཾ༴ ཨོ་ག་ན་པ་ཏི་སྭཱ་ཧཱ། ཨི་དཾ༴ ཨོ་བྷི་ཤ་ཡ་
བྷི་ཤ་ཡ་ཨ་བྷེ་ཤ་ཡ་ཨ་བྷེ་ཤ་ཡ། པྲ་ཏོ་ག་ཏི་རཀྟ། ཙིཏྟ་ནི་པ་ཤ་སྙིང་ལ་སྲིལ་སྲིལ། ཨི་དཾ༴ ཨོཾ་སྲུ་པྲང་རུ་ལུ་བྷོ་ཨི་དཾ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་་་་ནག་པོ་ཆེན་པོ། ཤ་ས་་་་་་བསྟན་པ། ཨུ་པ་ཧ་རི་ནི།་་ཉེ་བར་སྒྲུབ་པ།་ཨེ་ཥ་ཨེ་པལྕི། མ་ཀ་ལོ་ཨ་ཡཾ་་་་ཕྱི་མའི་དུས་ཟུང་འདི་དང་། ཨི་དཾ་རཏྣ་ཏྲ་ཡ་ཡཱ་་་དཀོན་མཆོག་གསུམ་ལ། ཨ་པ་ཀ་རི་ནན་་་གནོད་པར་བྱེད་པ། ཡ་ཏི་པྲ་ཏི་ཛྙཱ། གལ་ཏེ་ན། སྨ་ར་སི་ཏ་ད།་་དམ་བཅའ་དེ་ཡི་ཚེ། ཨི་དམ་དུཉྫ་ན།་་་གདུག་པ་ཅན་འདི། ཁ་ཁ་ཁཱ་ཧི་ཁཱ་ཧི།་་་་ཟ་རུ་ཆུག་ཟ་རུ་ཆུག །མཱ་ར་མཱ་ར།་་་་སོད་སོད། གྲིནྟ་གྲིཉྩ།་་་ཟུང་ཟུང་། བྷནྡྷ་བྷན།་་་ཆིང་ཆིང་། ཧ་ན་ཧ་ན།་་་བསྣུན་བསྣུན། ད་ཧ་ད་ཧ་་་་་སྲེག་སྲེག །པ་ཙ་པ་ཙ།་་་ཆོས་ཆོས། དེ་ན་མེ་ཀེ་ནཾ།་་་ཉི་མ་གཅིག་ནས། མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ་་་གསོད་པར་མཛོད། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། །ཁྱད་པར་དུ་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འདི་ཕྱིའི་འཇིགས་པ་ཐམས་
ཅད་ལས་སྐྱོབ་པ་དང་། མི་ནོར་ཟས་གསུམ་ཡོ་བྱད་འཕེལ་བ་དང་། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། དེ་ནས་བསྟོད་པ་ནི། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བྷི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷ་ར་ཡིས་ལེགས་པར་བྱུག །སྤྱི་བོར་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པ། །དཔལ་ལྡན་ཕྱག་དྲུག་པ་ལ་
ཕྱག་འཚལ་བསྟོད། །འདི་ཕྱིའི་བར་དོའི་འཇིགས་པ་ཀུན་སྐྱོབ་པ། །སྟེང་ཕྱོགས་བླ་མ་ཡི་དམ་དབང་གི་རྒྱལ། །ནོར་གྱི་ཆར་འབེབས་ཡིད་བཞིན་གཟི་ལྡན་སོགས། །གང་འདུལ་བཀོད་པ་སྟོན་ལ་ཕྱག་འཚལ་བསྟོད། །མགོན་པོའི་བཀའ་སྡོད་རྫུ་འཕྲུལ་ཐོགས་པ་མེད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཊཱཀི་རཱ་ཛ་ཏྲཀཱད་རེ་མ་ཏི། །དཔལ་མགོན་དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད། །གསང་བའི་ལས་མཁན་མོན་པ་མཐུ་སྟོབས་ཅན། །དམ་ཚིག་ཆེན་པོའི་རྡོ་རྗེ་རེ་མ་ཏི། །བཀའ་ཡི་ཕོ་ཉར་བཅས་ལ་བདག་གིས་བསྟོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད་དོ། །དེ་ནས་ཡང་བསྙེན་པ་དང་གསོལ་འདེབས་འདིར་བྱས་ཀྱང་རུང་ངོ་། དེ་ནས་གསོལ་ཁ་ནི། རྒྱས་པར་མཆོད་པ་བྱིན་བརླབ་བྱ། བསྡུས་པ་ན་ཨ་ཀཱ་རོ་བརྗོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྱི་ཀེ་ཏྲ་བིཧཱུཾ་བི་ནཱ་ཡ་ཀ་ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ་ཏྲཀླད་རེ་མ་ཏི་ས་པཱ་རི་ཝཱ་ར་པུཎྜེ་སོགས། མཾ་ས་རཀྟ་ཀེ་ནི་རེ་ཏི་ཙིཏྟ་ཨ་མི་ཏ་བ་ལི་ཏ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །མཆོད་དོ། །མཆོད་སྦྱིན་གྱི་
གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ལ་དགོངས་སུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་དཔལ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་ཀྱི་ངང་དུ་གཅིག་ཀྱང་ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡོངས་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་སྡེ་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་གྱི་དབང་ཕྱུག་བུ་བཞིན་སྐྱོང་བ། དམ་ལྡན་སྒྲུབ་པ་པོ་ཡི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩ་ལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་རྩལ་འབྱིན་པ། མཐུ་སྟོབས་ཀྱི་དབང་ཕྱུག་ཞིང་སྐྱོང་རྡོ་རྗེ་ནག་པོ་ཕྱག་དྲུག་པ་འཁོར་དང་བཅས་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་ལ་བཞུགས་ལ། རྣལ་འབྱོར་པ་བདག་ཅག་བླ་ན་མེད་པའི་བདེ་བ་ཆེན་པོའི་ཞིང་ཁམས་བརྗོད་པའི་ལམ་གྱི་བར་ཆད་དང་བདུད་བཞིའི་འཇིགས་པ་ཐམས་ཅད་ལམ་གྱི་
སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་དང་འཕྲད་པའི་ཏིང་ངེ་འཛིན་གྱི་སུན་མ་དམ་པར་མཛོད་ཅིག །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འགྲོ་ཞིང་། ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་གནས་ནས་ཅི་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཕྲིན་ལས་བཞི་ཡི་བྱ་བ་ཐམས་ཅད་ལ་ཇི་ལྟར་གསོལ་བ་བཏབ་པའི་དོན་དེ་ཁོ་ན་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདག་གི་ནད་གདོན་སྡིག་སྒྲིབ་འཇིགས་པ་བརྒྱད་ཞི་བར་མཛད་དུ་གསོལ། ཚེ་དཔལ་ལོངས་སྤྱོད་འབྱོར་པ་དྲུག་སྤེལ་ཅིག་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག །བར་ཆད་དགྲ་བགེགས་ཕྱེ་མར་རློགས་ཤིག །དེ་ནས་བསྐང་བ་ནི། མཆོད་པ་བྱིན་གྱིས་བརླབས་ནས་ནི། །ཧཱུྃ༔ མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆག་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོན་ཐམས་ཅད་
སྦྱངས། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་པའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྨྱུག་ལྡེམ་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱི་མཐུད། །དར་ནག་ཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་སྡང་བའི་དགྲ་བོ་ཡི། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོའི་བསྐང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོས་ངེས་ཤེས་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམར་གྱི་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་ངས་བསྐང་ཞིང་། །བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །བོས་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་
པའི་ཚེ་ན་སྤྱན་མ་བཏུལ། །མངག་པའི་ཚེ་ན་བང་མ་བུལ། །ཇོ་ བེར ་བརྟེན་ན་དབང་མ་ཆེ། །གྲོགས་པོར་བརྟེན་ནཱ་གཞུང་མ་ངན། །ཤག་ལྟར་བརྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བརྟེན་ན་སྙིང་མ་རིང་། །སྲིང་ལྟར་བརྟེན་ན་ཞེ་མ་ངན། །བྲན་ལྟར་བརྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏང་རག་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ། །མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་པས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་མན་ངག་ལྟར་ཡིག་བརྒྱ་བཟླས། ཧཱུྃ། ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བཟློག་ཏུ་གསོལ། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །བྷྱོ། རེ་
ལྟོས་གཞན་དུ་མ་བཅས་སོགས། །བཟློག་ཅིག་མ་མོའི་སྔགས་ཟོར་ཟློག །དུ་ན་གཤིན་རྗེའི་འཁྲུལ་འཁོར་ཟློག །ཕུར་པའི་དབལ་ཁ་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡིས་བཅིངས་པ་བཟློག་ཏུ་གསོལ། །བཙན་གྱི་སྐྱ་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མ་ཧཱ་དྷེ་ཝ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བྱི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་པོ་མནན་པས་བསྐོར། །གདོན་རིགས་ཐམས་ཅད་ཞི་བར་བྱེད། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེགས། །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་མཚོན་ཆ་རང་ལ་རྒྱོབ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབ། །དཔལ་ལྡན་ལྷ་མོའི་དུས་ལ་བབ། །ཀྵེ་ཏྲ་པཱ་ལའི་དུས་ལ་བབ། །ཛི་ན་མི་ཏྲའི་དུས་ལ་བབ། །ཏྲཀཱད་ནག་པོའི་དུས་ལ་བབ། །དཔལ་མགོན་བདུན་ཅུའི་དུས་ལ་བབ། །དམ་
ཅན་རྒྱ་མཚོའི་དུས་ལ་བབ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ནཾ༔ ཅེས་པ་ནས་ཧཱུྃ་ཕཊ། དེ་ནས་ཐུན་གཏོར་ལ་བཀུག་གཞུག་བྱས་ལ། བསྐུལ་པ་ནི། ཧཱུྃ། བླ་མར་དམོད་དང་བསྟན་ལ་སྡང་། །བདག་ལ་གནོད་པའི་དགྲ་དང་བགེགས། །སྤྲུལ་པའི་ཁྲོ་བོས་མྱུར་དུ་ཁུག །ཊཱཀི་རཱ་ཛས་གཡས་ནས་ཆུམ། །བྷི་ན་ཡ་ཀས་གཡོན་ནས་ཆུམ། །གཏོར་མ་འདི་ལ་མྱུར་དུ་ཁུག །རྡོ་རྗེ་ཞགས་པས་དམ་དུ་ཆིངས། །ཌ་མ་རུ་ཡིས་མྱོས་པར་གྱིས། །རྩེ་གསུམ་འབར་བས་གནས་གསུམ་ཕུག །གྲི་གུག་འབར་བས་སྲོག་རྩ་ཆོད། །ཕྲེང་བ་ཅན་གྱིས་དོན་སྙིང་ཕྱུང་། །ཐོད་ཁྲག་འབར་བས་སྙིང་ཁྲག་འཐུང་། །འཁོར་གྱི་གནོད་སྦྱིན་བཞི་པོ་དང་། །ལྷ་མོ་དཔལ་མགོན་དམ་ཅན་ཚོགས། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །རྣམ་ཤེས་པདྨ་ཅན་དུ་སྤོར། །ལོ་ཟླ་ཞག་དུས་མ་འགོར་བར། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཁྱད་པར་མྱུར་མགྱོགས་ཕོ་ཉ་ནི། །མོན་པ་ནག་པོ་མི་སྲུན་པ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་ཐན་སྤེལ་
དམར་པོ་ཁྲིད། །དགྲ་ལ་ལྟས་ངན་སྣ་ཚོགས་ཕོབ། །དུས་མཚན་ནག་མོ་བྱ་རོག་གདོང་། །ལྕགས་ཀྱི་ལུས་ལ་ཟངས་སྡེར་ཅན། །གཡས་པས་ནད་རྐྱལ་དགྲ་ལ་གཏོར། །གཡོན་པས་དར་ནག་གཡབ་མོ་རྡེབ། །སྡང་བའི་དོགྲ་ལ་ཆོ་ངེས་ཐོབ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་གཏོར་མ་བཀྱག་གོ །རྗེས་ཆོག་སྤྱི་ལྟར་བྱའོ། །ཆོས་སྐྱོང་འཁོར་བཅས་ཀྱིས་གནོད་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད་ཁྱེར་ནས་ལྷོ་ཕྱོགས་སུ་བཞུད་པར་བསྒོམས་ལ། ཨོཾ་མ་ཧཱ་ཀཱ་ལ་མུ། ཞེས་བྱའོ། །ཆོས་སྐྱོང་དུ་བཟུང་སྟེ་བསྙེན་སྒྲུབ་མ་བྱས་ཀྱང་། གཏོར་མ་དུམ་རེ་ནར་མར་ཕུལ་ཞིང་སྙིང་པོ་བཟླས་པས་ཀྱང་བྱིན་རླབས་འབྱུང་སྟེ་ཡིད་ཆེས་པ་མང་དུ་གསུངས་སོ། །ཞེས་པ་རང་ལོ་སོ་ལྔ་པ་སྤོ་ཟླ་བའི་བཅུ་བདུན་ཉིན་འགྲུབ་སྦྱོར་བཟང་པོར་སྦྱར་བའོ། །ཞེས་པ། ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།