Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

11 occurrences of བེར་་
[Clear Hits]


 
རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ལེའུ་དང་པོ། འཆོལ་བར་འགྲོ་དོགས་ཐེམ་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
  
 
 
 
  
  


11 occurrences of བེར་་
[Clear Hits]

 
no previousརི་ཆོས་མཚམས་ཀྱི་ཞལ་གདམས་ལས། ལེའུ་དང་པོ། འཆོལ་བར་འགྲོ་དོགས་ཐེམ་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད།next

རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ལེའུ་དང་པོ། འཆོལ་བར་འགྲོ་དོགས་ཐེམ་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད།


CMR032_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་བཞུགས་པའི་དབུའོ། །


CMR032_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུཾ། ཆོས་དབྱིངས་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་ཟེར་འགྲོ་བའི་མུན་སེལ་བ། །དྲིན་ཆེན་དྷརྨེ་ཤྭ་རའི་ཞབས་ལ་འདུད། །མདོ་ཁམས་བྱང་ཕྱོགས་ངོམ་དུ་རུང་བའི་ཡུལ། །ཆུ་བོ་གསེར་ལྡན་འབབ་པའི་འགྲམ་རོལ་ངོགས། །གནམ་ས་གྲུ་གསུམ་ཕག་མོའི་དཀྱིལ་འཁོར་འདྲ། །རྒྱལ་པོ་གདན་ལ་བཞུགས་འདྲའི་རི་བོའི་ངོས། །སྒྲུབ་གནས་དཔལ་རི་རྩེ་ཡི་མཚམས་ཁང་དུ། །ཤིང་སྦྲུལ་བདུད་རྩི་འཁྱིལ་པའི་ལོ་མཇུག་ནས། །ཅང་ཤེས་རཱ་གའི་མདོག་མཚུངས་ལོ་སྐེད་ཀྱི། །ཟླ་བ་འགའ་ཟུང་


CMR032_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལ་དུས་རྒྱུན་དུ། །ཕུག་སྒོ་ཆོས་བཤད་བྱས་ནས་ཐུན་རེ་ལ། །ཆོས་ཐུན་དམིགས་ཐུན་རེ་རེ་བཤད་པ་རྣམས། །དད་བརྩོན་ཤེས་རབ་ལྡན་པའི་བརྩོན་འགྲུས་པས། །ཡི་གེར་བྲིས་ལ་རི་ཆོས་གླེགས་བམ་བྱུང་། །ཨེ་མ་ཧོ། དུས་མཐའི་དགེ་སློང་ཀརྨ་ཆགས་མེད་བདག་གཞུང་ལུགས་རྒྱ་ཆེན་འགའ་ལ་མ་བྱུང་ཞིང་། །རྩོམ་གཞི་དཔེ་མང་བསྡུས་ནས་མ་བལྟས་པས། །མཁས་རྣམས་དགྱེས་པའི་རྒྱུད་གཞུང་ལུང་འདྲེན་མེད། །སྒྲ་དང་སྙན་དངགས་ཚིག་རྒྱན་མི་མཁས་ཤིང་། །ལེགས་པར་བསམ་བློ་བཏང་ནས་མ་བྲིས་པས། །མཁས་རྣམས་


CMR032_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་བའི་ས་བཅད་སྡེབ་སྦྱོར་མེད། །རླུང་རྣམས་དབུ་མར་ཚུད་པར་མ་གྱུར་ཞིང་། །ངག་གི་བདེན་ཚིག་འགྲུབ་པ་མ་ཡིན་ཕྱིར། །གཞན་ཕན་བྱིན་རླབས་འབྱུང་བར་རེ་མི་ཆེ། །འོན་ཀྱང་བླ་མ་ཡི་དམ་དབྱེར་མེད་ལ། །ཡུན་རིང་གསོལ་བ་བཏབ་ཅིང་བསྒྲུབས་པའི་མཐུས། །མདོ་རྒྱུད་གསར་རྙིང་གནད་ཀྱི་མན་ངག་རྣམས། །མེ་ལོང་གཟུགས་བཞིན་ཡིད་ལ་གསལ་སྙམ་བྱེད། །བསླབ་ཅིང་བཟུང་བའི་ཚིག་ཀུན་བརྗེད་ལགས་ཀྱང་། །དོན་རྣམས་ཕལ་ཆེར་ཡིད་ལ་མྱོང་བས་གསལ། །ཁ་ནག་ཡིག་ནག་སྤྱད་པའང་མ་ཡིན་ཞིང་། །ཆོས་བཤད་བློ་འཛིན་བཤར་སྦྱངས་མ་བྱས་ཀྱང་། །བཤད་ན་ཟད་མེད་ཆུ་བོ་འདྲ་སྙམ་བྱེད། །མཁས་པས་མ་ལེགས་གསུངས་ནས་བཀག་སྲིད་ཀྱང་། །རང་འདྲའི་རྨོངས་པ་གཞན་ལ་ཕན་ཡང་སྲིད། ༼ཀ༽ འཆོལ་བར་འགྲོ་དོགས་ཐེམ་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད། །༼ཁ༽ །སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུམ་ཤོར་ཡོད། ༼ག༽ །ངེས་འབྱུང་བསམ་པ་བརྟན་པོ་སྐྱེ་བའི་ཕྱིར། །འཁོར་བའི་ལམ་སྤང་ཤོ་མང་སུལ་འབྱེད་ཡོད། ༼ང༽ །གང་


CMR032_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཐེག་པ་ཆེ་ཆུང་སོ་སོ་ཡི། །ཉམས་ལེན་གསལ་བྱེད་འཕགས་པའི་གཎྜི་ཡོད། ༼ཅ༽ །སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་སྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། ༼ཚ༽ །འཁོར་བའི་འཇིགས་པ་ཀུན་ལས་སྐྱོབ་པའི་ཕྱིར། །སྐྱབས་འགྲོའི་ཞལ་གདམས་འཇིགས་པ་ཀུན་སྐྱོབ་ཡོད། ༼ཇ༽ །ཅི་བྱེད་བྱང་ཆུབ་ལམ་དུ་འགྲོ་བའི་ཕྱིར། །སེམས་བསྐྱེད་གདམས་པ་བྱང་ཆུབ་གཞུང་ལམ་ཡོད། ༼ཉ༽ །རང་གཞན་དཀོན་མཆོག་ཐུགས་རྗེས་སྐྱོབ་པའི་ཕྱིར། །ཐུགས་དམ་སྐྱབས་འཇུག་ཐུགས་རྗེའི་བསིལ་གྲིབ་ཡོད། ༼ཏ༽ །ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། ༼ཐ༽ །ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩིའི་ཆུ་རྒྱུན་ཡོད། ད༽ །དཀའ་ཚེགས་མེད་པར་བསོད་ནམས་ཚོགས་རྫོགས་ཕྱིར། །མཎྜལ་གདམས་པ་བསོད་ནམས་རི་བོ་ཡོད། ༼ན༽ །བྱིན་རླབས་འཇུག་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་ཡོད། ༼པ༽ །དང་པོ་ཉམས་རྟོགས་སྐྱེ་ཚུལ་


CMR032_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཕྱིར། །མྱོང་བ་ཤུལ་རིང་མགྲོན་པོའི་ལམ་གླུ་ཡོད། ༼ཕ༽ །སངས་རྒྱས་བདེན་པས་བར་ཆད་སྐྱོབ་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། ༼བ༽ ། རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། ༼མ༽ །བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། ༼ཙ༽ །ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། ༼ཚ༽ །བླ་མ་མཆེད་གྲོགས་སྦྱིན་བདག་ཚེ་བསྲིང་ཕྱིར། །ཚེ་དཔལ་བསྐྱེད་པ་ཚེ་གཡང་ཁ་སྤྲོད་ཡོད། ༼ཛ༽ །ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། ༼ཝ༽།ཆོ་ག་འགྲིགས་ཆགས་ཕྱག་རྒྱ་མཁས་པ་ལ། །རྣལ་འབྱོར་རྒྱུད་སྒྲུབ་ངན་སོང་སྒོ་གཅོད་ཡོད། ༼ཞ༽ །ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་བའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། ༼ཝ༽ །བར་དོ་རང་ངོ་འཕྲོད་ནས་གྲོལ་བའི་ཕྱིར། །བར་དོའི་ངོ་སྤྲོད་ཐོས་གྲོལ་བསྡུས་པ་ཡོད། ༼འ༽ །རི་ཁྲོད་ཆོམ་རྐུན་འཚེ་བ་མེད་པའི་ཕྱིར། །མྱ་


CMR032_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མེད་པའི་ཤིང་གི་བསིལ་གྲིབ་ཡོད། ༼ཡ༽ །དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་བཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། ༼ར༽ །འབྲེལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། ༼ལ༽ །བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། ༼ཤ༽ །མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་པ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། ༼ས༽ །བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། ༼ཧ༽ །འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲེག་ནོར་བུ་སྣ་ཚོགས་མདོག་ཅན་ཡོད། ༼ཨ༽། །ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། ༼ཀི༽ །ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། ཁི༽ །ཏིང་འཛིན་རྩལ་རྫོགས་སྤྲོས་པར་མི་དགའ་ན། །དྲིལ་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ཡོད། ༼གི༽ །རྟེན་འབྲེལ་ལུས་ལ་བསྒྲིག་པར་བྱ་


CMR032_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། ༼ངི༽ །རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། ༼ཅི༽།བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། ༼ཆི༽ །ཕྱི་ནང་གསང་བའི་གེགས་སྐྱོན་བསལ་བའི་ཕྱིར། །གེགས་སེལ་གདམས་པ་བདུད་རྩིའི་ཆར་རྒྱུན་ཡོད། ཇི༽ །ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྱིར། །བོགས་འདོན་གདམས་པ་ཡིད་བཞིན་ནོར་བུ་ཡོད། ༼ཉི༽ །ཉོན་མོངས་དུག་ལྔའི་སྒྲིབ་པ་སྤང་བའི་ཕྱིར། །རྒྱབ་ཆོས་དུག་འཇོམ་རྨ་བྱ་ཆེན་མོ་ཡོད། ༼ཏི༽ །སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། ༼ཐི༽ །བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། ༼དི༽ །ཆོས་པ་རབ་འབྲིང་ཐ་མ་ཡང་ཐ་རྣམས། །འཆི་ལུགས་དཔག་བསམ་ཤིང་གི་འབྲས་བུ་ཡོད། ༼ནི༽ །རང་ཉིད་གར་འགྲོ་གཏད་སོ་ཡོད་པའི་ཕྱིར། །ཞིང་ཁམས་འདམ་པ་དེད་དཔོན་ནོར་ལེན་ཡོད། ༼པ༽ །བསྒོམ་ལོང་མ་བྱུང་


CMR032_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། ༼ཕི༽ །འཆི་དུས་གཞི་ཡི་འོད་གསལ་ངོ་འཕྲོད་ཕྱིར། །ཐུགས་དམ་གསལ་འདེབས་རྒྱལ་པོའི་བཀའ་ཕྲིན་ཡོད། ༼བི༽ །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། ༼མི༽ །ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། ༼ཙི༽ །སྒྲུབ་པ་ཀུན་ལ་བར་ཆད་མེད་པའི་ཕྱིར། །སྒབ་འདྲེ་མནན་ཐབས་ཧ་ལའི་རི་རབ་ཡོད། ༼ཚི༽ །ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། ༼ཛི༽ །བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། ༼ཝི༽ །གཞུང་དང་མན་ངག་གཉིས་པོ་གབ་འཕྲོད་ཕྱིར། །པཀཱིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད། ཞི༽ །དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་ཁྱད་ཆོས་མགོན་པོའི་ནོར་སྒྲུབ་ཡོད། ༼ཟི༽ །རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། ༼འི༽ །དགེ་རྩ་


CMR032_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་མེད་གཏེར་དུ་སྦ་བའི་ཕྱིར། །བསྔོ་བའི་ཞལ་གདམས་ནོར་བུ་རིན་ཆེན་ཡོད། ཡི༽ །གསང་སྔགས་མི་འཆལ་བྱིན་རླབས་བཅུད་ལྡན་ཕྱིར། །གཅིག་བརྒྱུད་ཨུ་པ་ཚེས་ཀྱི་གྲངས་ལྡན་ཡོད། །དེ་ལྟར་རི་ཆོས་མཚམས་ཀྱི་ཞལ་གདམས་ལ། །བདེན་ནམ་རྫུན་གྱི་ཐེ་ཚོམ་སྐྱེས་པ་ན། །གསར་རྙིང་བཀའ་གཏེར་རྒྱ་ཆེར་གཟིགས་དང་མངོན། །ཟབ་དང་མི་ཟབ་ཡིད་གཉིས་ཟ་བ་ན། །ལོ་གསུམ་མཚམས་སྡོམས་རྩེ་གཅིག་སྒྲུབ་དང་གསལ། །བརྒྱུད་པ་གང་ཡིན་ཐེ་ཚོམ་ཟ་བ་ན། །ཚིག་གི་བརྒྱུད་པ་རྒྱ་ཆེ་གྲངས་མང་ཡང་། །དོན་གྱི་བརྒྱུད་པ་ཟུང་འཇུག་བརྒྱུད་རིམ་ཡིན། །བླ་མ་གང་ཡིན་ཐེ་ཚོམ་ཟ་བ་ན། །འབྲེལ་ཐོབ་སློབ་དཔོན་སུམ་ཅུ་སོ་གྲངས་ཡང་། །རྩ་བའི་བླ་མ་བྱང་ཕྱོགས་པཎྜི་ཏ། །འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །འཇམ་དབྱངས་གསར་དུ་བཞད་པ་ཞེས་བྱ་བ། །ཀུན་མཁྱེན་དྷརྨེ་ཤྭ་ར་ཉིད་ཡིན་ནོ། །ཀྱེ་མ་མཁས་པ་འགའ་ལ་གཏུགས་ན་ཡང་།གཞུང་གི་བཤད་པ་ས་རྒྱ་རི་ནས་བསྐོར། །གནད་ཀྱི་མན་ངག་རྐུན་ནོར་བཞིན་དུ་སྦ། །དོན་རྩ་ཉམས་སུ་ལེན་བྱ་གཏོར་ཉེན་མཆི། །བཙུན་ཚུགས་དྭངས་བ་འདྲེན་ལ་


CMR032_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཏུགས་ན་ཡང་། །སྟོང་ཉིད་བསྒོམ་པའི་དུས་ནི་ད་ལྟ་མིན། །ཚོགས་བསགས་སྒྲིབ་སྦྱོང་ཁོ་ནར་འབད་དགོས་གསུངས། །ཉམས་ལེན་ཆོས་ཀྱི་སྐལ་བ་ཆད་ཉན་མཆི། །གྲུབ་ཐོབ་བཟང་པོ་འགའ་ལ་གཏུགས་ན་ཡང་། །བཀའ་བཀྱོན་དང་བཅས་གདམས་ངག་བརྡའ་ཙམ་གསུངས། །ཐ་མལ་རྨོངས་པས་བརྡའ་ཡི་དོན་མི་གོ །བླུན་བསྒོམ་གོལ་སའི་ལམ་དུ་འགྲོ་ཉན་ཆེ། །རིག་གནས་མཁས་པ་འགའ་ལ་གཏུགས་ན་ཡང་། །སྒྲ་ཚད་བགྲོ་གླེང་ཐ་སྙད་ཚིག་ལ་བྱམས། །མནཏའ་རྒྱ་མི་ཆོད་ནམ་མཁའ་འདོམ་འཇལ་འདྲ། །འཆི་དུས་སེམས་ལ་གཏད་སོ་མེད་ཉན་མཆི། །དབང་ལུང་ཐོབ་རྒྱ་ཅན་ལ་གཏུགས་ན་ཡང་། །གྲུབ་མཐའ་མང་པོའི་ལུང་ཡིག་པོ་ཏིར་ལངས། །ཕྱག་ལེན་ཞིན་པར་མི་གསུང་སྤོམ་ཡོར་ལུས། །ལག་ཏུ་ལོན་ངེས་གཅིག་ཀྱང་མེད་ཉན་མཆི། །གསར་རྙིང་དཔེ་རྒྱུད་རྒྱ་ཆེར་བལྟས་ན་ཡང་། །དེ་ལེགས་དེ་ལེགས་བསམ་པའི་ངང་ལ་ལུས། །སྒྱུ་དེ་དོན་སྙིང་པོ་རྟོགས་པར་མི་འགྱུར་བས། །ཀློག་མཁན་རྒན་པོ་འདྲ་ཞིག་འོང་ཉན་མཆི། །གདམས་ངག་ཟབ་དགུའི་དཔེ་བུམ་མང་ཡོད་ཀྱང་། །འདི་ཟབ་འདི་ཟབ་སྙམ་ནས་མི་


CMR032_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐུང་། །ལག་ཁྲིད་མེད་ཕྱིར་གཅིག་ཀྱང་ལག་མི་ལོན། །ཕན་མེད་ཁྲེས་པོ་ལྕི་བའི་རྒྱུ་རུ་མཆིས། །དེ་བས་ཕྱི་རབས་སྒོམ་ཕྲུག་གསར་པ་རྣམས། །གཞུང་གི་དབང་ལུང་ཁྲིད་སོགས་ཐོབ་ཕྱི་ནས། །མན་ངག་ཀུན་འདུས་རི་ཆོས་འདི་ཉིད་ཞུས། །དང་པོའི་ལས་ཅན་ཆོས་སྒོར་ཞུགས་པ་ནས། །ཚེ་གཅིག་སྒྲུབ་པའི་གནད་འགག་འདི་ན་འདུས། །ཉམས་སུ་མི་ལོན་དཔེ་ཚོགས་ཅི་ཞིག་བྱ། །གླེགས་བམ་འདི་ཉིད་སྔས་སུ་བཞག་པ་ན། །སློབ་དཔོན་ཁྲོ་མེད་ཡིན་ནོ་སྐལ་ལྡན་རྣམས། །ཨེ་མ་ཧོ། རི་རབ་རྩེ་ཡི་མཁའ་ལྡིང་ག་རུ་ཊ། །ལུས་པོ་མི་འདྲ་འདབ་གཤོག་བྱ་དང་འདྲ། །བྱ་དང་མི་མིན་རླབས་ཆེན་ཁྱུང་ཆེན་ཡིན། །བར་སྣང་ཁམས་ཀྱི་གཡུ་འབྲུག་སྔོན་པོ་ཁོ། །ལུས་པོ་སྦྲུལ་འདྲ་འཕུར་སྐྱེན་བྱ་དང་འདྲ། །བྱ་མིན་སྦྲུལ་མིན་ངར་ཆེན་གཡུ་འབྲུག་ཡིན། །གངས་དཀར་རྩེ་ཡི་སེང་ལྕམ་དཀར་མོ་ཁོ། །ལུས་ནི་གཅན་གཟན་འདུག་གནས་རི་དྭགས་འདྲ། །གཉིས་ཀ་མ་ཡིན་རྩལ་ཆེན་སེང་གེ་ཡིན། །རི་ཆོས་མཚམས་ཀྱི་ཞལ་གདམས་གླེགས་བམ་འདི། །བཀའ་མའི་ཆོས་འདྲ་གཏེར་མའི་ཆོས་ཀྱང་འདྲ། །སོ་སོ་མ་ཡིན་གཅིག་བསྡུས་ཞལ་ཁྲིད་


CMR032_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འཁོར་བའི་རྒྱུན་གཅོད་འཁོར་ལོ་རིན་ཆེན་ཡིན། །དགོས་འདོད་ཀུན་འབྱུང་ནོར་བུ་རིན་ཆེན་ཡིན། །བདེ་སྟོང་ཉམས་སྟེར་བཙུན་མོ་རིན་ཆེན་ཡིན། །ཕན་བདེའི་བློ་སྟོན་བློན་པོ་རིན་ཆེན་ཡིན། །སྒྲུབ་བརྒྱུད་ཁུར་ཐེག་གླང་པོ་རིན་ཆེན་ཡིན། །དག་པའི་ཞིང་བགྲོད་རྟ་མཆོག་རིན་ཆེན་ཡིན། །བདུད་བཞིའི་དཔུང་འཇོམས་དམག་དཔོན་རིན་ཆེན་ཡིན། །སྒོམ་ཕྲུག་སྒྲུབ་པའི་རྒྱལ་ས་འཛིན་འདོད་ལ། །མེད་ཐབས་མེད་པའི་ཕ་ནོར་རིན་ཆེན་བདུན། །ཕ་རྒན་ཀརྨ་ཆགས་མེད་བདག་གིས་བཞག །ང་དང་འཕྲད་ཀྱང་འདི་ལས་སྨྲ་རྒྱུ་མེད། །ཡུན་རིང་འགྲོགས་ཀྱང་ཟབ་གནད་སྟོན་རྒྱུ་མེད། །ཤི་ཡང་ཁ་ཆེམས་འདི་ལས་བཞག་རྒྱུ་མེད། །གསར་རྙིང་བཀའ་གཏེར་མན་ངག་བྱེ་བ་ཕྲག །གཅིག་བསྡུས་པོད་ཆུང་བྱེ་བ་རིང་བསྲེལ་ཡིན། །ཧཱུཾ། ཆོས་ཀྱི་སྲུང་མ་མ་ཧཱ་ཀཱ་ལ་ཡ། །མ་རྒྱུད་སྐོར་བཞིའི་རྒྱུད་སྲུང་གྲི་ཐོད་ཅན། །སྒྲུབ་བརྒྱུད་སྒོས་ཀྱི་སྲུང་མ་རྡོ་རྗེ་སྒྱུ་ བེར next hit། །སྒྲུབ་བརྒྱུད་སྙིང་པོའི་དོན་བཅུད་རི་ཆོས་འདི། །འཆད་ཉན་སྒོམ་སྒྲུབ་བྱས་པའི་གང་ཟག་རྣམས། །སྲུང་ཞིང་སྐྱོང་བའི་གཉེར་ཁ་ཁྱོད་ལ་གཏད། །སྲུངས་ཤིག་སྐྱོབས་


CMR032_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་བཛྲ་རཀྵ་ཧཱུྃ། །བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་རང་བྱུང་མ། །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྡེ་སྣོད་གསུམ་པོ་འཆད་ཉན་སྒོམ་སྒྲུབ་པོ། །དེ་ལ་སྲུང་སྐྱོབ་བྲན་དང་ཕོ་ཉ་བྱེད། །གལ་ཏེ་མ་བྱས་ལུས་སྲོག་མེ་འབར་ནས། །མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བའི། །དམ་བཅའ་དམ་ཚིག་གཉེན་པོའི་དུས་ལ་བབས། །སྡེ་སྣོད་གསུམ་གྱི་བཅུད་བསྡུས་རི་ཆོས་འདི། །འཆད་ཉན་ཐོས་སྒོམ་ཉམས་སུ་ལེན་རྣམས་ལ། །སྲུང་སྐྱོབ་སྟོངས་གྲོགས་མེལ་ཚེ་མ་གཡེལ་ཅིག །ཨོ། ལྷ་སྨན་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མ་མོ་རྦོད་གཏོང་དཀྱིལ་འཁོར་ལྷར་བཞུགས་པ། །དཀར་མོ་ཆེན་མོ་ཉི་ཟླའི་ཐོད་ཕྲེང་ཅན། །མིང་པོ་རྒྱལ་པོའི་བཀའ་བསྒྱུར་དབང་མོ་ཆེ། །རི་ཆོས་འདི་ཉིད་ཉམས་ལེན་གང་ཟག་ལ། །རྒྱལ་འགོང་དམ་སྲིའི་བར་ཆད་ཁྱོད་ཀྱིས་ཟློག །སློབ་དཔོན་པདྨས་དམ་བཏགས་དམ་ཚིག་ཅན། །ཚོགས་བདག་ཡུམ་སྟེ་རྡོ་རྗེ་བགེགས་ཀྱི་གཙོ། །རི་ཆོས་འཚད་དང་ཉན་དང་ཉམས་ལེན་ལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་འཚེ་བ་བཟློག །བཞད་པ་རྡོ་རྗེའི་གསང་ཡུམ་ཚེ་རིང་མ། །སྒྲུབ་བརྒྱུད་བསྟན་པ་སྤེལ་བའི་


CMR032_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཡོར་དམ་ཅན། །སྒྲུབ་བརྒྱུད་སྙིང་པོའི་བཅུད་བསྡུས་རི་ཆོས་འདི། །གངྒཱའི་རྒྱུན་བཞིན་ཡུན་རིང་འཕེལ་རྒྱས་མཛོད། །ཏྲི། སྐྱེས་མཆོག་བཛྲ་སཱ་དྷུ་ས་མཱ་ཡ། །སྔགས་ཀྱི་སྲུང་མ་རྡོ་རྗེ་ལེགས་པ་སྐྱོང་། །སྡེ་བརྒྱད་ཀུན་གྱི་སྣ་འདྲེན་རྣོ་མྱུར་ཅན། །རི་ཆོས་ཐེམས་མེད་སྐོར་གྱི་བཀའ་འདི་སྲུངས། །སྣོད་མིན་ལག་ཏུ་མ་འཆལ་བྱ་ར་མཛོད། །གཅིག་བརྒྱུད་གདམས་པས་སྐལ་ལྡན་སྨིན་གྲོལ་བའི། །བྱིན་རླབས་བརྒྱུད་པ་གསེར་གྱི་ཕྲེང་བ་བཞིན། །བསྟན་པ་ཇི་སྲིད་བར་གནས་མི་འཆད་མཛོད། །ཧཱུཾ་ཧཱུཾ་ཧཱུྃ། མ་མགོན་སྐྱེས་བུ་ལྷ་སྨན་ཚེ་རིང་མ། །སྙན་གྱིས་གསོན་ལ་མངོན་ཤེས་ཐུགས་ཀྱིས་དགོངས། །རྡོ་རྗེ་འཆང་དབང་རྟ་མཆོག་གསང་བའི་བདག །པདྨ་འབྱུང་གནས་པཀཱི་རང་བྱུང་རྗེ། །ནམ་མཁའ་རྒྱལ་མཚན་ལ་སོགས་སྤྱན་སྔ་རུ། །གསང་སྔགས་ཆོས་ཀྱི་བཀའ་སྲུང་བྱེད་པ་དང་། །སྒྲུབ་པ་བྱེད་པའི་གང་ཟག་ཐམས་ཅད་ལ། །བུ་སྡུག་བཞིན་དུ་སྐྱོང་བར་དམ་བཅས་པའི། །ཐུགས་དམ་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །དམ་ཆོས་ཀུན་གྱི་བཅུད་བསྡུས་རི་ཆོས་དང་། །འདི་ཉིད་འཆད་དང་ཉན་དང་ཉམས་ལེན་པ། །


CMR032_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བུ་བཞིན་སྐྱོངས་ཤིག་ས་མ་ཡ། །དེ་ལྟར་བརྩམས་མཁན་ཀརྨ་ཨ་རཱ་ག །བདག་ནི་སོ་སྐྱེའི་དབང་གྱུར་མི་ཤེས་པས། །དོན་ལོག་དོན་འགལ་སྦ་འོས་གསལ་བཀོད་སོགས། །འདི་བརྩམས་ལས་གྱུར་ཉེས་པ་གང་མཆིས་རྣམས། །མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་ཐམས་ཅད་དང་། །རྩ་གསུམ་ཆོས་བདག་སྲུང་མ་རྣམས་ལ་བཤགས། །ཚེ་འདིའི་བར་ཆད་རྐྱེན་དུ་མི་འགྱུར་ཞིང་། །ཡུན་གྱི་སྒྲིབ་པར་ཡང་ནི་མ་གྱུར་ཅིག །རྩོམ་པའི་སློབ་དཔོན་ཀརྨ་ཆགས་མེད་དང་། །ཞུ་ཞིང་འབྲི་བའི་ངལ་བ་དང་ལེན་པ། །སློབ་བུ་རུ་པ་བརྩོན་འགྲུས་རྒྱ་མཚོ་དང་། །དེ་དག་གཉིས་ལ་འབྲེལ་ཐོགས་འགྲོ་བ་དང་། །ཆོས་འདི་མཐོང་ཐོས་འབྲེལ་ཐོགས་འགྲོ་བ་རྣམས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་འཕོས་ཚེ་སྐྱེ་བ་གཞན་དག་གིས། །བར་མ་ཆོད་པར་བདེ་ཆེན་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་རིགས་བདག་ཞལ་མཐོང་ཞིང་། །བླ་མེད་རྫོགས་པའི་བྱང་ཆུབ་མ་ཐོབ་བར། །དཔོན་སློབ་མཆེད་གྲོགས་ཐམས་ཅད་མི་འབྲལ་བར། །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་པར་ཤོག །མདོར་ན་བདག་དང་སློབ་མ་བརྒྱུད་


CMR032_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས། །རི་ཆོས་འདི་ལ་འབྲེལ་པ་ཐོགས་ཚད་ཀུན། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སྐུ་ཚེ་རྫུ་འཕྲུལ་པད་འབྱུང་ལྟ་བུར་ཤོག །སྤྱན་རས་གཟིགས་དང་འགྲོ་དོན་མཉམ་པར་ཤོག །འཇམ་པའི་དབྱངས་དང་མཁྱེན་རབ་མཉམ་པར་ཤོག །གསང་བའི་བདག་དང་མཐུ་སྟོབས་མཉམ་པར་ཤོག །རི་ཆོས་འདི་ལ་འབྲེལ་པ་ཐོགས་ཚད་རྣམས། །རང་སེམས་ཆོས་སྐུ་མངོན་སུམ་རྟོགས་པ་ཡི། །བཀའ་བརྒྱུད་བླ་མའི་བཀྲ་ཤིས་འབྱུང་བར་ཤོག །རང་ལུས་དཀྱིལ་འཁོར་མངོན་སུམ་གསལ་བ་ཡི། །ཡི་དམ་ལྷ་ཡི་བཀྲ་ཤིས་འབྱུང་བར་ཤོག །བཙུན་ཚུགས་ཉེ་བར་འཁོར་དང་མཉམ་པ་ཡི། །གནས་བརྟན་བཅུ་དྲུག་བཀྲ་ཤིས་འབྱུང་བར་ཤོག །ཕྲིན་ལས་ལྷུན་གྲུབ་བསྟན་པ་མཐའ་ཡས་པའི། །མ་མགོན་ལྕམ་དྲལ་བཀྲ་ཤིས་འབྱུང་བར་ཤོག །ཆོས་བརྒྱུད་ཆུ་བོའི་རྒྱུན་བཞིན་རིང་བ་ཡི། །ཚེ་རིང་མཆེད་ལྔའི་བཀྲ་ཤིས་འབྱུང་བར་ཤོག །མྱུར་ལྕེ་མགྱོགས་ཕྲིན་ལས་གློག་ལྟར་འཁྱུགས་པ་ཡི། །སྐྱེས་བུ་ཆེན་པོའི་བཀྲ་ཤིས་འབྱུང་བར་ཤོག །མངྒ་ལཾ་སིདྡྷི་ཛཱ་ཡ་ཨ་ལ་ལ་ཧོ། །ཅེས་བྱ་བ་འདི་ནི་ངོམ་དུ་རུང་བའི་ཡུལ་སྟོད་


CMR032_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་རྡོ་རྗེའི་སྐྱེད་ཚལ་དཔལ་རི་རྩེ་ཡི་སྒྲུབ་ཁང་དུ། སྙིགས་དུས་ཀྱི་དགེ་སློང་སུམ་ལྡན་རྡོ་རྗེ་འཛིན་པ་ཀརྨ་ཨ་རཱ་ག་ཞེས་བྱ་བ་ཚེ་མཚམས་ཀྱི་དམ་བཅའ་ལ་གནས་པའི་སྐབས་སུ། བླ་མ་རུ་པ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བ་ཕུག་སྒོར་ཡང་ཡང་སླེབ་ཅིང་ཞུས་ལན་གྱི་ཚུལ་དུ། ཞུ་བ་པོ་ཉིད་ཀྱིས་ཡི་གེ་པ་བྱས་ཏེ། དཔལ་ཆེན་རྟ་མགྲིན་དམར་པོ་མཚོན་པའི་མེ་ཕོ་རྟའི་ལོ་ཁྲུམས་ཟླའི་ཉེར་གཉིས་ནས་འཕྲོ་མཐུད་དེ། ཡུམ་ཆེན་ཕག་མོ་དམར་མོ་མཚོན་པའི་མེ་ཕོ་ཕག་གི་ཟླ་བ། ལྷ་ལྔ་མཚོན་པའི་ཡར་ཚེས་ལྔའི་སྔ་དྲོ་རི་ཆོས་ཀྱི་གླེགས་བམ་ཡོངས་སུ་རྫོགས་པར་གྲུབ་པའོ། །ཐེམ་ཡིག་ལེའུ་དང་པོའོ། །མངྒ་ལཾ།། །།


no previousརི་ཆོས་མཚམས་ཀྱི་ཞལ་གདམས་ལས། ལེའུ་དང་པོ། འཆོལ་བར་འགྲོ་དོགས་ཐེམ་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད།next