Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི།
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousམཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི།next

མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི།


CMR034_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི་ཞེས་བྱ་བ་བཞུགས་སོ།


CMR034_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲཛཱ་ཏ་སུ་ཧ། བོད་སྐད་དུ། མཆོད་རྟེན་ནག་པོ་བརྩེགས་པའི་ཆོ་ག་ལགས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་རྟེན་ནག་པོ་བརྩེགས་པའི་ཆོ་ག་འདི་ལ། ཡུལ་དུ་ཐན་ལྟས་ཆེན་པོ་རྒྱུག་གམ། འཁྲུག་པ་ཆེན་པོ་བྱུང་ངམ། བྱད་ཀྱིས་སྡིགས་སམ། མུ་གེ་གདུག་དཀའ་བྱས་སམ། ནད་ཡམས་འབྱུང་ངམ། བྱ་ཐན་ལ་སོགས་ཐན་ལྟས་སྣ་ཚོགས་མཐོང་ངམ། མཁར་ཁང་རྨིས་སམ། ལྷ་འདྲེའི་འགྲིམ་སྲང་དོད་དམ། བདུད་བགེགས་ཀྱི་བྱ་ཁྲི་བཅག་གམ། གདུག་རྩུབ་བསྒྱུར་བ་དང་། བྱད་ཆེན་པོ་ཟློག་པ་དང་། མི་ནད་ཕྱུགས་ནད་བཅད་པ་དང་། ས་ངན་གྱི་གདུག་པ་ཟློག་པ་དང་། གོད་ཁ་ཆེན་པོ་བཅད་པའི་ཕྱིར། སྔགས་པ་ལྷ་བསྙེན་སོང་


CMR034_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། མཆོད་རྟེན་ནག་པོ་བརྩེག་པར་བྱ། ལས་ལ་བརྩམ་པའི་ལིངྒ་བྲི་བ་ནི། ཁྱི་ར་ཕག་གསུམ་གྱི་ཁྲག་དང་རོ་སོལ་ཕྱེ་མ་བཏབ་པའི་སྣག་ཚ་ཡིས། སྲི་ཅན་བླ་ནི་ཁྱི་དང་ཕག །ཆུང་སྲི་བླ་ནི་རྒང་རྩེ་དང་ཏེ་ལོ། ཐེའུ་བླ་ནི་ར་ཕག །ཕུལ་འདྲེའི་བླ་ནི་བོང་དྲེལ། ལོ་ཉེས་བླ་ནི་གཟེ་དང་ཡུག་པོ་བྲི། གོད་འདྲེའི་བླ་ནི་བྱ་རོག །མི་ལིའི་བླ་ནི་སྐྱ་ག་དང་རི་བོང་། རྨེ་འདྲེའི་བླ་ནི་སྤྲེལ་དམར། ཤི་གཤེད་བླ་ནི་སྲིན་པོ་ཕག་ཞོན། ཆུ་ཀླུ་གདོན། སྲིའི་བླ་ནི་སྡོམ་སྡིག །བཙོག་ནལ་བླ་ནི་བྱ་མ་བྱི་ལུ། བུ་སྲིན་འདྲེ་ནི་ར་དང་གྲུམ་པ། བྲན་གྱི་བླ་ནི་ར་ཚག་དང་རྨིག་པ་བྲི། ༈ སྟག་རུས་བཅུ་གསུམ་བསྐོར། ཐུབ་ཚད་སྤྲེའུ་གྲུམ་པ་སྟོབས་ཆེན་དང་། རླུང་དགུའི་ར་དང་། ཕྲ་བའི་རྨིག་པ་དགུ། མི་ལ་ཕོ་ལྟེ་དགུ། དེ་རྣམས་ཚོན་


CMR034_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས། རྫ་མ་གསར་པ་བྲུབ་ཁུང་ནག་པོའི་ནང་དུ་བཅུག །ས་ཕྱེའི་དུག་དང་རྡོ་ཕྱེའི་དུག །ལྕགས་ཕྱེ་ཟངས་ཕྱེ་ཡུངས་དཀར་ནག །གྲོག་ཚང་བསྲེས་པའི་ཐུན་རྫས་དང་། དྲག་པོའི་གཏོར་མ་ཁྲག་གིས་བྱུག་པ་ཚགས་སུ་བཙལ། ༈ བདག་ཉིད་དྲག་པོ་ཁྲོ་བོར་བསྒོམ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི། །གནོད་བྱེད་བཀུགས་ནས་གཟུགས་ལ་བསྟིམ། །གོང་གི་ཐུན་རྫས་རྣམས་ཀྱིས་བྲབ། །ཟངས་ལྕགས་སེང་ལྡེང་ཕུར་པས་གདབ། ཐར་མེད་མུན་ཁུང་བུག་པར་བསྟིམ། ༈ །རབ་ནི་མཚན་རྟགས་མ་བྱུང་བར་དུ་བསྒྲུབ། །འབྲིང་ནི་ཞག་གསུམ་བར་དུ་བསྒྲུབ། །ཐ་མ་ཞག་གཅིག་འགུགས་འདྲེན་བྱ། །དེ་ནས་སཙྪ་ནག་པོ་བརྒྱ་རྩའམ་ཡང་ན་ཉེར་གཅིག་བྱས་པའི་ནང་དུ་བཅུག་པ་དེ་རབ། མ་འབྱོར་ན་རེ་བས་དྲིལ་ལ་སྐུད་པ་དཀར་ནག་གིས་བཅིངས། ༈་ས་སྤྲིན་པོའི་འཇིམ་པ་ལ། རྔ་མོང་གཅིག་གི་གཟུགས་བྱས་ལ། སྦྱང་མ་རམ་པ་ཡོས་སྙིགས་བྲ་སྲན་ལ་སོགས་འབྲུ་ནག །ཟོ་ཤེ་རྐྱལ་ཤེ་སྐྱེད་དྲེག་སླང་དྲེག་གོ་རྒུམ་ཤ་ཤུན་གོ་རོག་ཐོལ་སུལ་གཟེན་ཡུག་པོ་ཆག་དགུ་ཞིག་བཅུ་དེ་རྣམས་རེ་སྒྱེ་ནང་དུ་ཡས་བྱས་ལ་བཀལོ། སམ་ནག་གི་སྲོག་ཤིང་དམར་པོ་བྱས་ལ་ཤིང་པ་ཟུར་གསུམ་དུ་བཞག་ལ། ཏྲི་ཝཾ་རཾ་གྱི་སྔགས་བྲིས་པ་དེ་རྣམས་ཚགས་བྱའོ། ༈ །དེ་ནས་མཆོད་རྟེན་བཞེངས་པའི་ས་དཔྱད་ནི། ལུང་གསུམ་མདོའམ་སྒང་གསུམ་གྱི་སྣའམ། ལྷ་འདྲེའི་འགྲིམ་སྲོང་ངམ། ཐང་ངན་པའི་ཐ་མ། ལུང་པ་ངན་པའི་ཁ། ས་ངན་པའི་རྟེན་ཕུར། ས་དགྲ་ཅན་གྱི་


CMR034_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཉའ་གནོན་དུ་བཞེངས་ཏེ། དེར་ཡོན་བདག་ཀུན་འགྲོ་ལ་ལྷ་གཞི་བཏིང་། ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད། མཆོད་རྫས་རྣམས་བཤམས། ཞི་བའི་ལྷ་ལ་རྣམ་ལྔ། ཡི་དམ་ལ་དམར་གཏོར། ཕྱི་རིགས་སྲུང་མ་ལ་དཀར་གཏོར་རྣམས་ལ་བསྔོ། རང་གི་ཡི་དམ་དང་ཆོས་སྐྱོང་ལ་དམར་གཏོར་འབུལ། བསྟོད་བསྐུལ་བྱ། བཀའ་བསྒོ་བདེན་པ་བརྡར། དེ་ནས་ས་བདག་དང་ས་ཡི་ལྷ་མོ་ལ་དཀར་གཏོར་འབུལ། ས་ས་སོ་སོར་བྱེར་ཞིག་བྱས་ལ་བཀའ་བསྒོ། དེ་རྣམས་ཚར་ནས་ཁྲོ་བོའི་གར་དང་སྟངས་སྟབས་བྱས་ལ་རང་གི་ཐུ་བ་གཡོན་པ་ལན་གསུམ་བརྡབ་ལ། ས་དེ་ཁ་དྲུག་ཏུ་གས་པར་བསམ་དོང་བྲུས་ལ་དེའི་ནང་དུ་གཤིན་རྗེའི་གྲོང་ཆེར་ཡོད་པར་བསམས་ལ། དམར་གཏོར་གཅིག་བཤམས་ལ། གཤིན་རྗེ་རྣམས་དགྲ་བགེགས་གཏད་པའི་གཉེར་ཟས་ལ་དམར་གཏོར་དེ་ཕུལ་བར་བསྒོམ་མོ། །དོང་བྲུ་གསུམ་བྲིས་པའི་ནང་དམར་གཏོར་དེ་བཅུག་གོ །དེའི་སྟེང་དུ་རྫ་མ་གཟུགས་བྱང་དང་ཡས་རྫས་རྣམས་བཞག་གོ །དེའི་སྟེང་དུ་རྔ་མོའི་གཟུགས་ཡས་བཀལ་བ་དེ་བཞག །ཁ་བྱང་དུ་བསྟན། དེའི་སྟེང་དུ་ཐོད་དགུ་རུས་བཅུ་བཀྲམ། གོ་ཐལ་གྱིས་བཀབ་སོལ་ཕྱེ་བཏབ། སྔགས་པ་བདུད་ཀྱི་ཆས་སུ་ཞུགས་ནས་བཞེངས་ཏེ་འགུགས་གཞུག་བྱས་ལ་འདི་སྐད་དོ།། ཀྱི། དེ་རིང་བདག་དང་ཡོན་གྱི་བདག་པོ་ལ། །ཕ་མྱེས་རྒན་རབས་ཆེ་ཆུང་ཚུན་ཆད་དང་། །བུ་ཚ་འདི་ལ་ཐུག་པ་ཡན་ཆད་ལ། །སྲིད་པའི་འདྲེ་དང་གཙུག་


CMR034_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གདོན། །མི་རབས་འཕེལ་དུ་མི་སྟེར་བའི། །རྨང་འདྲེ་དང་ནི་གདོན་བགེགས་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །བདག་ལ་ཤག་རོགས་མཛའ་འདྲེ་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །སྣ་འདྲེ་རྙིང་པ་ད་འདྲེ་སོ་མ་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །ཁྱིམ་མཚེས་དགོས་འདྲེ་ཉེ་བའི་བྱུར་འདྲེ་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །མེ་རྨུགས་དེ་ནི་ནལ་གསུམ་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །སྔ་ཐན་དེ་ནི་མཚིལ་གསུམ་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །གོད་འདྲེ་དེ་ནི་གོད་སྲི་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །ཆུང་འདྲེ་དེ་ནི་ཆུང་སྲི་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །སྨྱོ་འདྲེ་དེ་ནི་སྨྱོ་བྱེད་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །མི་ལ་དེ་ནི་མཚིལ་འདྲེ་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །ས་འདྲེ་དེ་ནི་ས་སྲི་ཡང་། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །ཅེས་པས་ལིངྒ་ལ་འདྲེ་གདོན་རྣམས་བསྟིམས། དེའི་འདྲེ་གདོན་རྣམས་མིང་ཙམ་ཡོད་དེ་གནོད་མི་ནུས་སོ། །


CMR034_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་མིང་ཡང་མེད། ༈ དེ་སྟེང་མ་ཧཱ་བ་ལའི་སྐུ་གཟུགས་སྒྲུབ། དེ་སྟེང་རོ་ཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་ལ་དོང་ཁ་བཅད། དེ་སྟེང་རི་རབ་བང་རིམ་གསུམ་བྲིས་ལ་འདི་སྐད་དོ།། ཀྱཻ། རི་རབ་ཁྲི་འཕང་གཅིག་གི་ཞབས་སུ་ནི། །མི་རབས་གཅིག་གི་འདྲེ་བགེགས་དང་། །སྐྱེས་པའི་ཚེ་དང་དཔལ་ལ་གནོད་པ་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །རི་རབ་ཁྲི་འཕང་གཉིས་ཀྱི་ཞབས་སུ་ནི། །མི་རབ་གཉིས་ཀྱི་འདྲེ་བགེགས་དང་། །བུད་མེད་ཚེ་དང་དཔལ་ལ་གནོད་པ་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །རི་རབ་ཁྲི་འཕང་གསུམ་གྱི་ཞབས་སུ་ནི། །མི་རབས་གསུམ་གྱི་འདྲེ་བགེགས་དང་། །བུ་ཚའི་ཚེ་དང་དཔལ་ལ་གནོད་པ་རྣམས། །མཆོད་རྟེན་ནག་པོ་འདི་ཡི་ཞབས་སུ་བཅུག །ཨ་ནན། ཡང་ནན། རཾ་ནན། ཁོ་ནན། ས་འདྲེ་ས་སྲི་ནན། དེ་ལྟར་བྱས་རྡོག་པས་ལན་དགུ་མནན། དེ་ནས་མཆོད་རྟེན་བཞེངས་ཏེ། འདྲེ་ལིང་གི་སྟེང་དུ་མཆོད་རྟེན་ནག་པོ་བཞེངས་ལ། དང་པོ་ནས་སྲོག་ཤིང་ཚགས་ཏེ། ཐོག་སེར་ཟློག་པ་དང་། ནད་ཡམས་ཟློག་པ།  འཚེརརྩུབ ་བསྒྱུར་བ་ལ་དབྱར་པས་བྱེད། གོད་འདྲེ་མནན་པ་དང་སྦྱིན་སྲེག་བྱེད་ན་གླང་མས་བྱེད། ཆུང་སྲི་བཏུལ་བ་དང་ས་ངན་བཏུལ་བ་ལ་སམ་ནག་གིས་བྱེད།


CMR034_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྟིང་པ་ཟུར་གསུམ་བྱ། ལོགས་གསུམ་ལ་སྔགས་འདི་བྲི། ཏྲི་ཝཾ་རཾ་གནོད་བྱེད་མཱ་ར་ཡ་ཁུག་ཛ་རཾ་རཾ། ཞེས་བྲི་རི་རབ་ཀྱི་ལྟེ་བར་བཙུགས། རྩེ་ལ་རྡོ་རྗེ་རྩེ་ལྔ་བྱ། དེ་ལ་རིགས་ལྔའི་ས་བོན་བྲི། ཨོཾ་ཧཱུྃ་ཏྲཱཾ་ཧྲིཿདེའི་འོག་ཏུ་རི་བོ་དགུ་རིམ་བྲི། །དེ་ལ་རེ་བའི་བ་དན་བཏགས། ༈ དེ་ནས་མཆོད་རྟེན་བཞེངས་པ་ལ། །ཚད་ནི་ཆེ་འབྲིང་ཆུང་གསུམ་སྟེ། །གྲུ་བཞི་བདེ་ལ་འཇམ་པ་སྟེ། །ཐིག་ནི་གྲུ་བཞི་ཤྭ་ལྟར་བཅད། །ཆེ་བའི་ཚད་ནི་ལོགས་བཞི་འདོམ་བཞི་བྱེད། །འབྲིང་བའི་ཚད་ནི་འདོམ་ཕྱེད་བཞི། །ཆུང་བའི་ཚད་ནི་མདའ་གང་བཞི། །དབུས་སུ་གྲུ་གསུམ་མཐོ་གང་བསྐོར། །འཕང་གི་སྲོག་ཤིང་ཚད་ཀྱང་དེ་ལྟར་བྱ། ༈ །དེ་ནས་ས་ཡི་འཇིམ་སྤྱིན་ལ། དང་པོ་གྲུ་བཞི་བརྩེགས། དེ་ནས་བང་རིམ་ལྔ། དེ་ནས་སྲོག་ཤིང་བཙུགས། དེའི་རྩ་བར་སཱཙྪ་ནག་པོ་གཅིག་བཅུག །རྣམ་སྣང་སྐུ་མདོག་ནག་པོར་བསྒོམ། དེ་ནས་བུམ་པ་ཏོག་དང་ལྡན་པར་བྱ། རེ་བའི་བ་དན་བཏགས། མཆོད་རྟེན་སོལ་ཆུས་བྱུགས་ལ། ༈ །ཤཱཀ་ཐུབ་སྐུ་མདོག་ནག་པོར་བསྒོམ། །དེ་ནས་བསྐྱེད་རིམ་བརྟན་པ་ནི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི །དགྲ་འདྲེ་གནོད་བྱེད་གདོན་བགེགས་རྣམས། །མཆོད་རྟེན་འདི་ཡི་ཞབས་སུ་ཚུད་པར་བསམ། །འབྱུང་བ་ལྔ་ཡིས་ནན་གྱིས་མནན་པར་བསམ། །མཆོད་རྟེན་དེ་ཡི་ཤར་ཕྱོགས་སུ་རྒྱལ་པོ་ཡུལ་འཁོར་སྲུང་།


CMR034_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་སུ་འཕགས་སྐྱེས་པོ། ནུབ་ཕྱོགས་སུ་སྤྱན་མི་བཟང་། བྱང་ཕྱོགས་སུ་རྣམ་ཐོས་སྲས། ཟུར་བཞི་ལ་ཕྱོགས་སྐྱོང་བཅུ། རི་མོ་དགུ་ལ་ཡན་ཁམས་དགུ་། བ་དན་ལ་རླུང་ལྷ་ནག་པོ། རྩེ་མོ་རྡོ་རྗེ་རྩེ་ལྔ་ལ་རིགས་ལྔའི་སངས་རྒྱས་བསམ། མཆོད་རྟེན་ལྷ་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་གནོད་བྱེད་ཐམས་ཅད་ཟིལ་གྱིས་གནོན། སྣང་སྲིད་ལྷ་འདྲེའི་གདུག་སེམས་རྣམས། །མི་ནུས་རང་སར་ཞི་བར་བསམ། །མི་ནད་ཕྱུགས་ནད་རྒྱུན་ཆད་ནས། །ཆར་ཆུ་དུས་སུ་བབ་ལོ་འབྲས་རྟག་ཏུ་སྨིན་པར་བསམ། །དེར་འབྲུ་ཟན་སྣ་དགུའི་གཏོར་མ། །འཕགས་པ་མཉེས་པའི་གཏོར་མ་འབུལ། །ལྷ་འདྲེ་མཉེས་པའི་གཏོར་མ་བཏང་། །རིགས་དྲུག་རྣམས་ལ་ལན་ཆགས་འཇལ། །དེ་ན་སྔགས་འཆང་གིས་སྣང་སྲིད་ལྷ་འདྲེ་ལ་སྲིད་པའི་མཆོད་རྟེན་ནག་པོའི་རྒྱུད་འདུལ་ཞིང་བཤད་དེ། ཀྱཻ། སྲིད་པའི་མཆོད་རྟེན་ནག་པོ་འདི། །སྔོན་དང་པོ་ཇི་ལྟར་དུས་སྲིད་ན། །རྒྱ་གར་ཡུལ་གྱི་ཤར་ཕྱོགས་སུ། །སྐྱེད་མོས་ཚལ་ཞེས་བྱ་བ་ནས། །རྒྱལ་བུ་དོན་གྲུབ་ཀྱིས་མཆོད་རྟེན་བཞེངས་པས། རྒྱལ་སྲིད་རྣམས་དབང་དུ་སྡུས། སྲས་དང་བཙུན་མོ་སྤང་ནས་དཀར་པོ་དགེ་བ་མཛད། དེ་ནས་


CMR034_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་སུམ་ཅུ་ལོན་ནས་སུ། རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ། ཆུ་བོ་ནེ་རཉྫནའི་འགྲམ་དུ། བདུད་འདུལ་བའི་མཆོད་རྟེན་བརྩེགས། རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། རྒྱལ་མོ་མངའ་སྐྱེས་དགའ་བའི་ཡུལ་དུ། གླང་པོ་ཆེ་བརྩེགས་པའི་མཆོད་རྟེན་བརྩེགས། རྒྱ་གར་ཡུལ་གྱི་ནུབ་ཕྱོགས་ནས། ཝཱ་ར་ཎཱ་སཱིར་སེང་ལྡེང་བརྩེགས་པའི་མཆོད་རྟེན་བརྩེགས། རྒྱ་གར་ཡུལ་གྱི་བྱང་ཕྱོགས་སུ། །སྲིན་པོ་འདུལ་བའི་མཆོད་རྟེན་བརྩེགས། དེ་ནས་རྒྱལ་པོ་མྱ་ངན་ལས་འདས་པའི་མཆོད་རྟེན་བརྩེགས། རྒྱ་གར་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་མཆོད་རྟེན་བརྩེགས། །རྒྱ་གར་ཡུལ་གྱི་རྔམ་མཆོག་ཏུ་དར་མ་ཨ་ཤྭ་ཀའི་མཆོད་རྟེན་བརྩེགས། མཆོད་རྟེན་དཔལ་དབང་ཕྱུག་ནི་བེ་དཀར་ཐུབ་པའི་དོན་དུ་མཆོད་རྟེན་བརྩེགས། ནཱ་ག་རྫུ་ན་གཉིས་ཀྱིས་རྒྱ་མཚོའི་འགྲམ་དུ་ཀླུ་འདུལ་གྱི་མཆོད་རྟེན་བརྩེགས། རི་གསུམ་གྱི་རྩེ་མོ་ལ་མཆོད་རྟེན་བརྒྱ་རྩ་བཞེངས་པས་མཆོད་རྟེན་བརྩེགས། བགེགས་ཀྱི་སོ་ཕ་དང་བྱ་ར་བ་བཏུལ། ལུང་གསུམ་གྱི་མདོར་བརྩེགས་པས། འདྲེ་གདོན་གྱི་ཉུལ་ལམ་དང་འཇབ་པའི་དུར་ལམ་བཅད། རེ་བའི་བ་


CMR034_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དན་བར་སྣང་དུ་ཕྱུར་བས། འདྲེ་གདོན་གྱི་གབ་སྐུང་བཏབ། དེའི་ཡོན་ཏན་གྱི་རྒྱལ་པོ་ཨ་ཤྭ་ཡང་ལོ་བརྒྱ་ལོན་ནས་ཕུང་པོ་མ་བཞག་པར་སངས་རྒྱས་སོ། །འོག་གི་འཁོར་འབངས་རྣམས་ནད་སོས། ཆར་ཆུ་བབས་ནས་ལོ་ཏོག་སྨིན། རྒྱལ་བུ་མངའ་ཐང་ཆེ། ཕོ་བྲང་བྱིན་ཆེ། སྔོན་ཡང་མཆོད་རྟེན་བརྩེགས་པས་འདྲེ་གདོན་དེ་ལྟར་ཐུལ། ༈ དེ་རིང་བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མཆོད་རྟེན་ནག་པོ་འདི་བརྩེགས་པས། །བདག་ཅག་སྔགས་མཁན་རྒྱལ་པོ་ཡིས། །སྔགས་དང་ཕྱག་རྒྱས་དབང་བསྐུར་ནས། །ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས། །རི་རབ་ཆེན་པོར་མངའ་ཡང་གསོལ། །སྲིད་པའི་འདྲེ་དང་གཙུག་ལག་གདོན། །བགེགས་རིགས་གདུག་རྩུབ་སྟོན་པ་རྣམས། །རི་རབ་ཆེན་པོའི་ཞབས་སུ་བཅུག །ཤར་བདུད་ཤར་བཙན་ཤར་གྱི་གདོན་བགེགས་རྣམས། །ཤར་གྱི་ཁྲི་འཕང་ཞབས་སུ་བཅུག །ལྷོ་བདུད་ལྷོ་བཙན་ལྷོ་ཡི་གདོན་བགེགས་རྣམས། །ལྷོ་ཡི་ཁྲི་འཕང་ཞབས་སུ་བཅུག །ནུབ་བདུད་ནུབ་བཙན་ནུབ་ཀྱི་གདོན་བགེགས་རྣམས། །ནུབ་ཀྱི་ཁྲི་འཕང་ཞབས་སུ་བཅུག །བྱང་བདུད་བྱང་


CMR034_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་བྱང་གི་གདོན་བགེགས་རྣམས། །བྱང་གི་ཁྲི་འཕང་ཞབས་སུ་བཅུག །མཚམས་བཞིའི་གཤེད་བཞིའི་གདོན་བགེགས་རྣམས། །མཚམས་བཞིའི་ཁྲི་འཕང་ཞབས་སུ་བཅུག །འོག་གི་ས་འདྲེ་ས་སྲི་ས་སྒོ་བྱེ་བ་ཡང་། །བགེགས་ལིང་གཟུགས་བཟང་འདི་ཡིས་བཙང་། །རི་རབ་ཆེན་པོའི་བརྗིད་ཀྱིས་མནན། །མཆོད་རྟེན་ནག་པོའི་ཞབས་སུ་བཙུད། །སྔོན་ཡང་འདྲེ་གདོན་དེ་ལྟར་འདུལ། །སྔོན་གྱི་དཔེ་ཡག་བཟང་སྲོལ་དུ། །ད་ཡང་འདྲེ་གདོན་དེ་ལྟར་འདུལ། །རང་གནས་རང་གི་གནས་སུ་དེངས། །སྔོན་བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །རི་གསུམ་འདུས་པའི་སྣ་དང་ལུང་གསུམ་འདུས་པའི་མདོར། །རི་རབ་དེ་ལ་དཔེ་བླང་པའི། །གདུག་པ་འདུལ་བའི་མཆོད་རྟེན་བརྩེགས། །དེ་རིང་བདག་དང་ཡོན་བདག་གི །མཆོད་རྟེན་བརྩེགས་པའི་གཞི་བཟུང་ངོ། །དེ་ནས་བདག་ཉིད་པདྨ་འབྱུང་གནས་སམ་ཕྱག་རྡོར་གང་རུང་དུ་བསྒོམས་ལ། གསེར་སྐྱེམས་བཏང་ལ་ལས་བཅོལ་བྱ། སྲུང་འཁོར་བསྒོམ་པར་བྱ། །ཀྱེ། དང་པོ་མཆོད་རྟེན་ནག་པོ་གར་སྲིད་ན། །དང་པོ་འབྱུང་བ་རིམས་སུ་ཆགས། །དེ་སྟེང་རི་རབ་ལྷུན་པོ་བརྩེགས། །སྟོང་གསུམ་རབ་འབྲིང་གསུམ་དུ་སྲིད། །དེ་ཡི་


CMR034_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་དང་པོ་ལ། །བདེ་བར་གཤེགས་པ་རིགས་ལྔ་སྲིད། །དེ་འོག་ཡན་ཁམས་དགུ་རུ་སྲིད། །དེ་འོག་ཕྱོགས་སྐྱོང་བཅུ་རུ་སྲིད། །ཐ་མར་ལྷ་སྲིན་སྡེ་བརྒྱད་སྲིད། །རི་རབ་ཞབས་སུ་རྒྱ་མཚོ་སྲིད། །ཆུ་སྲིན་མ་ཧཱ་ཀ་ར་སྟེང་ན་ཉལ། །ཆུ་སྲིན་རྒྱལ་པོའི་གྲེ་ཁུང་དུ། །འདྲེ་སྲིན་མང་པོའི་ཚང་ནི་བཅས། །དེས་མི་ལ་གདུག་པ་སྣ་དགུ་སྲིད། །ཆུ་སྲིན་རྒྱལ་པོ་གདུག་པ་ཆེ། །ལྷ་འདྲེ་ཀུན་གྱི་ནང་དབྱེན་བྱེད། །བརྐྱང་བསྐུམ་བྱེད་ཅིང་གདུག་རྩུབ་བྱེད། །སྐྱི་མདངས་ཡོ་ནས་དགུན་འབུད་བཏང་། །གདུག་པ་སྣ་ཚོགས་མི་ལ་བཏང་། །།འཛམ་གླིང་ཁ་ཞབས་ལོག་ལ་ཁད། །ལན་རེ་འདྲེ་ལོག་བྱེད་པའི་དུས། །དགུང་དང་མཚོ་ཡང་ཁ་ཞབས་འགུལ། །ལན་རེ་ངར་སྐད་བྱེད་པའི་དུས། །གནམ་ལྕགས་ཐོག་སེར་འབེབས་པར་བྱེད། །སྐར་མདའ་བཏང་ཞིང་སྡང་བར་བྱེད། །ཕྱོགས་སྐྱོང་བཅུ་ཡིས་འབོད་འགྲོས་བྱེད། །འཛམ་བུ་གླིང་གི་མི་རྣམས་འཁྲུག །འཛམ་གླིང་མི་ལ་འདུག་ཡུལ་མེད། །འཛམ་གླིང་མི་རྣམས་སྡུག་ཆེ་བས། །དེ་ལ་མགོན་སྐྱབས་ཞུ་བ་ནི། །སྲིད་པ་ཀུན་ལ་དྲིས་པ་ལ། །རི་རབ་རི་ཡི་རྩེ་མོ་ནས། །


CMR034_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས། །དེ་ཐབས་མཁས་ཐུགས་རྗེ་ཆེ་བ་ཡི། །སེམས་ཅན་ཀུན་ལ་མགོན་སྐྱབས་མཛད། །དེ་ལ་མགོན་སྐྱབས་ཞུ་བ་གྱིས། །དེ་ནས་འཛམ་གླིང་མི་རྣམས་ཀྱིས། །ཤཱཀྱ་ཐུབ་པར་ཞུ་བ་བགྱིས། །དེ་ཚེ་རི་རབ་རྩེ་མོ་ནས། །སངས་རྒྱས་ཤཱཀྱ་ཐུབ་པ་བཞེངས། །རི་རབ་རྩེ་ནས་གཟིགས་པ་ཡིས། །རྒྱ་མཚོ་འཁྱིལ་པའི་གཏིང་རུམ་དུ། །ལྷ་སྲིན་གདུག་པ་བྱེད་པ་མཐོང་། །ཉི་མ་ཚ་བ་བདུན་བདུན་བྱུང་། །མེ་ཏོག་རྩི་ཤིང་ལོ་ཏོག་སྐམ། །དེ་ཚེ་སྟོན་པ་བཅོམ་ལྡན་འདས། །གླིང་བཞིའི་མི་ལ་ཐུགས་རྗེས་གཟིགས། །འགྲོ་བ་སེམས་ཅན་དོན་ཡང་མཛད། །ཐབས་མཁས་ཐུགས་རྗེ་ཆེ་བ་དེས། །གསེར་གྱི་རྡོ་རྗེ་འཕངས་བ་ཡིས། །ཆུ་སྲིན་གདུག་པའི་ཁར་གཅིག་བརྒྱབ། །ཙནྡན་ཤིང་གཅིག་ཁང་པར་ཐལ། །གསེར་གྱི་རྡོ་རྗེ་རྩེ་དགུ་དེས། །ཆུ་སྲིན་གདུག་པའི་མིག་ཀྱང་བཅར། །མིག་ནས་བདུད་རྩི་ཆར་བབས་པས། །ལོ་ཏོག་རྩི་བཅུད་ཐམས་ཅད་དང་། །འབྲས་དྲུག་ཐན་པས་གདུང་བ་སོས། །སེམས་ཅན་ཀུན་གྱི་གསོས་སུ་གྱུར། །དེ་ཡང་ཐུབ་པའི་ཐུགས་རྗེ་ལགས། །དེ་ཚེ་ཆུ་སྲིན་ཁང་པ་ནས། །


CMR034_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅིག་སྐྱེས་པ་ཁ་རུ་བྱུང་། །དེ་ནས་དཔག་བསམ་ལྗོན་ཤིང་ཡིན། །གནོད་སྦྱིན་གདུག་པ་དྲག་པོ་དང་། །ས་འོག་འདྲེ་སྲིན་ལངས་བ་ཡིས། །མི་ལ་གདུག་པ་སྣ་ཚོགས་སྟོན། །དེ་ནས་བཅོམ་ལྡན་འདས་ལ་ཞུ་བ་གསོལ། །བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟིགས། །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ཤཱཀྱ་ཐུབ་པའི་འཁོར་ལ་ཞུས། །དེ་ལ་བཀའ་ཚིག་བསྒོས་པ་ནི། །འཛམ་གླིང་མི་རྣམས་ཉོན་རེ་མོངས། །ཆུ་སྲིན་གདུག་པས་ཉན་པ་ལ། །ཕྱག་ན་རྡོ་རྗེའི་མགོན་སྐྱོབས་མཛད། །རི་རབ་ལྷུན་པོར་ཁྱེད་བཞུགས་ལ། །ཆུ་སྲིན་གདུག་པའི་མགོ་བོ་མནན། །གདུག་རྩུབ་ཞེ་སྡང་ཅི་བྱས་པ། །རི་རབ་ལྷུན་པོའི་ཞབས་སུ་མནན། །ཆུ་སྲིན་ཁ་སྦུབ་ཁ་རུ་མནན། །ཡུལ་འདྲེ་ཡུལ་སྲི་མང་པོ་ཀུན། །རི་རབ་ཆེན་པོའི་བརྗིད་ཀྱིས་མནན། །རི་རབ་བང་རིམ་གསུམ་པ་ལ། །མཆོད་རྟེན་བང་རིམ་ལྔ་བྱས་ཏེ། །རི་རབ་གླིང་བཞི་དབུས་དང་ལྔ། །མཆོད་རྟེན་ལྔ་ཡི་ཁ་བད་བྱས། །དཔག་བསམ་ཤིང་གི་སྡོང་པོ་ལ། །མཆོད་རྟེན་དེ་ཡི་སྲོག་ཤིང་བྱས། །རི་རབ་དེ་ལ་མཆོད་རྟེན་འགྱིང་། །གསེར་རི་བདུན་དང་རོལ་མཚོ་


CMR034_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། །རི་རབ་དེ་ཡི་ཞབས་སུ་གནས། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཤཱཀྱ་ཐུབ་པའི་བཀའ་ལ་ཉན། །རི་རབ་རི་རྒྱལ་ལྷུན་པོ་ཡང་། །མཆོད་རྟེན་ཆེན་པོར་བྱིན་གྱིས་བརླབས། །དེས་འདྲེ་སྲིན་གདུག་བྱེད་མགོ་ཡང་མནན། །ཅིས་ཀྱང་མི་ཐུབ་རྡོ་རྗེ་རྒྱ་གྲམ་གྱིས། །ཆུ་སྲིན་གདུག་བྱེད་མིག་དང་རྣ་བ་བཙང་། །མིག་གིས་བལྟས་ཀྱང་མི་རིག་དང་། །རྣ་བས་ཉན་ཀྱང་མི་ཐོས་པར། །འདྲེ་དང་གདོན་གྱི་གཉའ་ཡང་མནན། །གནོད་བྱེད་གདོན་བགེགས་མཱ་ར་ཡ། །རི་རབ་ཆེན་པོའི་བརྗིད་ཀྱིས་མནན། །ཤར་ནས་དྲི་ཟའི་འདྲེ་ལང་བ། །རྒྱལ་པོ་ཡུལ་འཁོར་སྲུང་གིས་བསྲུང་དུ་གསོལ། །ལྷོ་ནས་གཤིན་རྗེ་འདྲེ་ལང་བ། །རྒྱལ་པོ་འཕགས་སྐྱེས་པོ་ཡིས་བསྲུང་དུ་གསོལ། །ནུབ་ནས་ཀླུ་ཡི་འདྲེ་ལང་བ། །རྒྱལ་པོ་སྤྱན་མི་བཟང་གིས་བསྲུང་དུ་གསོལ། །བྱང་ནས་གནོད་སྦྱིན་འདྲེ་ལང་བ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་བསྲུང་དུ་གསོལ། །མཚམས་བཞིའི་གདོན་དང་བགེགས་ཀྱི་སྡང་བ་ན། །ཕྱོགས་སྐྱོང་བཅུ་ཡིས་བསྲུང་དུ་གསོལ། །སྟེང་ནས་ཟེར་ཁམས་འདྲེ་ལང་བ། །འབྱུང་བ་ལྔ་


CMR034_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བསྲུང་དུ་གསོལ། །རི་རབ་མཆོད་རྟེན་བརྗིད་ཆེ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་ནི། །བདག་ཅག་ཡོན་བདག་བསྲུང་དུ་གསོལ། །དེ་ནས་གཡས་སྐོར་ཉེར་གཅིག །གཡོན་བསྐོར་ནང་འཕྲོད་བྱས་ལ། །བྱེ་མ་སྤང་རམ་གང་འཕྲོད་གཏོར། ཀྱི། དང་པོ་ཅི་ཡང་མེད་པ་ལ། །དེ་ལ་ཡེར་ཡོད་ཅུང་ཙམ་སྲིད། །དེ་ལ་འཇིག་རྟེན་ཆོས་རྒྱལ་སྲིད། །རྒྱལ་པོ་དགའ་བྱེད་ཅེས་བྱ་སྲིད། །དེ་ཡི་བུ་ལ་སེང་གེ་ཟ་འགྲམ་སྲིད། །དེ་ཡི་བུ་ལ་རྒྱལ་པོ་ཟས་གཙང་སྲིད། །ཡུམ་སྒྱུ་མ་ལྷ་མཛེས་མ་ལ། །སྲས་རྒྱལ་བུ་དོན་གྲུབ་སྲིད། །དེ་ཡི་རྫུ་འཕྲུལ་སྣ་ཚོགས་ཀྱིས། །ཚེ་རབས་སྔ་ཕྱི་འབྱུང་བར་ཤེས། །དུགེ་བ་བྱས་པའི་ཡོན་ཏན་གྱིས། །མཐོ་རིས་གནས་སུ་སྐྱེ་བར་ཤེས། །སྡིག་པ་བྱས་པའི་ཉེས་པ་ཡིས། །ངན་སོང་གནས་སུ་འགྲོ་བར་ཤེས། །དེ་ལ་འགྲན་ཟླ་མེད་པ་ལ། །བདུད་ཤཱཀ་རིགས་ཀྱི་འགྲན་ཟླ་བྱས། །དེ་ནས་མཐུ་རྩལ་ཆེན་པོ་བསྟན། །ཤཱཀྱ་ཐུབ་པས་སེམས་ཅན་རྣམས། །བསྟན་པ་བདེ་སྐྱིད་དགོངས་པ་སྤེལ། །སྐྱེ་རྒ་ན་འཆིའི་བདུད་ཀྱང་བཏུལ། །དགེ་བ་སྣ་ཚོགས་ཉམས་སུ་བླང་། །འགྲོ་བ་སེམས་ཅན་དོན་ཡང་མཛད། །


CMR034_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་ཕ་མ་བྱས། །བྱོལ་སོང་མི་སྐད་གོ་བར་བྱས། །འབོད་ན་ཚུར་ལ་འོང་བ་དང་། །གཤེད་ན་ཕར་ལ་འགྲོ་བ་དང་། །གཞན་གྱི་མཐུ་རྩལ་མ་ལགས་ཏེ། རྒྱལ་བུ་ཀུན་ཤེས་མཐུ་ཡིས་བྱས། །ཉ་ནི་ཆུ་ལ་རྐྱལ་བ་བཞིན། །དེ་དག་ཀུན་གྱི་བར་སྐབས་སུ། །རྒྱལ་པོ་དགའ་བྱེད་རྒྱལ་པོ་སྲིད། །།སྦལ་ལྕོང་རྣམས་ལ་མེར་བྱེད་བསམ། །མི་ལུས་ཐུབ་པར་མི་འགྱུར་ཡང་། །སྡེར་མོ་མི་ཡི་རྐང་ལག་འཐོག །མི་ཡི་ལུས་དང་མཉམ་པར་བྱས། །དགེ་བའི་རྩ་བ་འབད་པའི་ཕྱིར། །ལུས་ནི་མི་མར་བཏང་བར་བྱས། །ཙན་དན་སྡོང་པོའི་ནགས་ཁྲོད་ནས། །སྟག་མོ་མ་སྨད་རྟོགས་ལ་ཐུག །ཤ་ཁྲག་ཟ་བཙུག་སྦྱིན་པ་བཏང་། །དེ་ཡང་བཟོད་པའི་སེམས་བསྐྱེད་པས། །ལུས་ལ་ལྕགས་འཛེར་སྟོང་ཡང་བཀོད། །དམུས་ལོང་རྣམས་ཀྱི་མིག་ཀྱང་ཕྱེས། །ཞ་གྲུམ་རྣམས་ཀྱི་རྐང་ལག་བཏང་། །ནད་པ་རྣམས་ཀྱི་སྨན་ཡང་གསོས། །སེམས་ཅན་ཀུན་ལ་འོ་བྱམས་པས། །དེ་ཡི་དགེ་བའི་རྩ་བ་ཡིས། །མར་མེ་མཛད་ཀྱི་ཞལ་ཡང་མཐོང་། །མེ་ཏོག་ཨུཏྤལ་སྔོན་པོ་བདུན། །མར་མེ་མཛད་ལ་མཆོད་པ་ཕུལ། །མར་མེ་མཛད་ཀྱི་ཐུགས་རྗེ་ཡིས། །


CMR034_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པར་ལུང་ཡང་བསྟན། །ཆོས་རྣམས་སྤྱོད་པའི་དབང་ཡང་བསྐུར། །བདུད་རྣམས་བཏུལ་བའི་མཐུ་ཡང་བྱིན། །སྐྱེ་བ་གཅིག་གི་ཐོབ་པའི་མི། །ལྷ་ཡི་རྒྱལ་པོར་གྱུར་པའི་དུས། །དམ་པ་ཏོག་གི་མཚན་ཡང་གསོལ། །ཟས་གཙང་རྒྱལ་པོ་ཡབ་ཏུ་གཟིགས། །སྒྱུ་མ་ལྷ་མཛེས་ཡུམ་ལ་གཟིགས། །སྐྱེ་རྒ་ན་འཆི་ཐར་བྱེད་པ། །ནི་རཉྫརའི་ཆུ་འགྲམ་དུ། །དགུང་ལོ་དྲུག་ལ་དཀའ་ཐུབ་མཛད། །བྱང་ཆུབ་མཆོག་གི་ཤིང་དྲུང་དུ། །ལྷ་ཡི་བུ་ཡི་བདུད་རྣམས་བཏུལ། །ཤཱཀྱ་ཐུབ་པར་མཚན་ཡང་གསོལ། །ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར། །འགྲོ་བ་འདྲེན་པའི་ཐབས་ལ་མཁས། །ཆོས་རྣམས་བཤད་པའི་སྟོན་པ་མཛད། །ཉན་ཐོས་ཐམས་ཅད་སློབ་མར་བྱས། །ཟུང་བཞི་ཡ་བརྒྱད་ཞལ་འབྲེལ་མཛད། །དེ་ནས་ཤཱཀྱ་ཐུབ་པ་དེས། །ཝཱ་ར་ཎཱ་སཱིར་ཆོས་འཁོར་བསྐོར། །བྱ་རྒོད་ཕུང་པོའི་རི་ལ་ལྡིང་། །འགྲོ་བའི་དོན་རྣམས་མཐར་ཕྱིན་ནས། །གྲོང་ཆེར་རྩྭ་མཆོག་དྲུང་ཚལ་དུ། །ཡོངས་སུ་མྱ་ངན་འདས་པ་བསྟན། །དུས་ངན་ཐ་མ་དེ་ལས་བྱུང་། །ཟུང་བཞི་ཡ་བརྒྱད་ཞལ་འབྲེལ་བྱས། །ཉན་ཐོས་མཆོག་བརྒྱད་འདུས་པ་ཡིས། །


CMR034_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེའི་ཆོས་ལ་བདུན་ཚིག་བྱས། །ཕན་བསོད་ཆེ་བ་དགེ་རྩ་བྱས། །ཐུབ་པ་མྱ་ངན་འདས་པ་ལ། །ལྷ་ཡི་ཁམས་ནས་ལྷ་རྣམས་འདུས། །མི་ཡི་ཁམས་ནས་མི་རྣམས་འདུས། །ཀླུ་ཡི་ཁམས་ནས་ཀླུ་རྣམས་འདུས། །རྒྱ་གར་ཡུལ་ནས་བྲམ་ཟེ་འདུས། །སྲིན་པོའི་ཡུལ་ནས་སྲིན་པོ་འདུས། །གནོད་སྦྱིན་ཡུལ་ནས་གནོད་སྦྱིན་འདུས། །ཤཱཀྱ་ཐུབ་པའི་སྐུ་གདུང་དེ། །ལྷས་ནི་ལྷ་ཡི་ཡུལ་དུ་ཁྱེར་དགོས་ཟེར། །ལྷ་མིན་ལྷ་མིན་ཡུལ་དུ་ཁྱེར་དགོས་ཟེར། །མིས་ཀྱང་མི་ཡི་ཡུལ་དུ་ཁྱེར་དགོས་ཟེར། །ཀླུས་ཀྱང་ཀླུ་ཡི་ཡུལ་དུ་ཁྱེར་དགོས་ཟེར། །སྲིན་པོས་སྲིན་པོའི་ཡུལ་དུ་ཁྱེར་དགོས་ཟེར། །གནོད་སྦྱིན་གནོད་སྦྱིན་ཡུལ་དུ་ཁྱེར་དགོས་ཟེར། །བྱོལ་སོང་བྱོལ་སོང་ཡུལ་དུ་ཁྱེར་དགོས་ཟེར། །ཡི་དྭགས་ཡི་དྭགས་ཡུལ་དུ་ཁྱེར་དགོས་ཟེར། །དམྱལ་བས་དམྱལ་བ་ཡུལ་དུ་ཁྱེར་དགོས་ཟེར། །དེ་རྣམས་གང་ལ་མ་བསྐུར་ནས། །ཤ་རུ་ར་ཡི་ཞུགས་ལ་བཞག །ཡེ་ཤེས་འབར་བའི་མེ་ལ་བསྲེགས། །ཤ་རུ་ར་ཡི་རུས་པ་དེ། །སྐུ་གདུང་རིང་བསྲེལ་དག་ཏུ་གྱུར། །རྒྱ་གར་ཡུལ་གྱི་བྲེ་ལ་འཇལ། །བྲེ་འོ་ཆེ་ཡི་ཁལ་ནི་བཅུ་བཞི་བྱུང་། །དེ་དག་ཆ་ནི་ལྔ་རུ་


CMR034_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས། །ཆ་གཅིག་ལྷ་ཡི་གདན་དྲངས་ནས། །ལྷ་ཡི་ཡུལ་དུ་མཆོད་རྟེན་བརྩེགས། །ལྷ་རྣམས་ཀུན་གྱི་མཆོད་གནས་བྱས། །ཆ་གཅིག་མི་ཡི་ཡུལ་དུ་གདན་དྲངས་ནས། །མི་ཡི་ཡུལ་དུ་མཆོད་གནས་བྱས། །ཆ་གཅིག་ཀླུ་ཡི་ཡུལ་དུ་གདན་དྲངས་ནས། །ཀླུ་ཡི་ཡུལ་དུ་མཆོད་རྟེན་བརྩེགས། །ཀླུ་རྣམས་ཀུན་གྱི་མཆོད་གནས་བྱས། །ཆ་གཅིག་རྒྱ་གར་ཡུལ་དུ་གདན་དྲངས་ནས། །རྒྱ་གར་ཡུལ་དུ་མཆོད་རྟེན་བརྩེགས། །རྒྱ་གར་མི་རྣམས་མཆོད་གནས་བྱས། །ཆ་གཅིག་བྲམ་ཟེའི་ཡུལ་དུ་གདན་དྲངས་ནས། །བྲམ་ཟེ་རྣམས་ཀྱི་མཆོད་རྟེན་བརྩེགས། །འདྲེ་སྲིན་རྣམས་ཀྱི་བསྐལ་པ་བཅད། །སྐུ་གདུང་རིང་བསྲེལ་མ་ཐོབ་པས། །འདྲེ་སྲིན་གདོན་བགེགས་ཐུགས་ཁྲོས་ནས། །མི་ལ་གདུག་པ་སྣ་ཚོགས་བཏང་། །ཁྲོ་ཆུ་ཁོལ་མའི་མདའ་ཡང་འཕངས། །མི་ནད་ཕྱུགས་ནད་སྣ་ཚོགས་འབྱུང་། །སྲིན་ཡུལ་ལང་ཀ་པུ་རི་ནས། །སྲིན་པོ་མང་བརྒྱ་ཉུང་བཅུ་ཡང་། །རོ་ཡི་གཞོབ་དང་གསུར་ལ་ལངས། །སྲིན་པོ་ཤ་ཟ་མང་པོ་ཡིས། །འཛམ་གླིང་མི་ལ་གདུག་པ་བཏང་། །དེ་ནས་ཉན་ཐོས་མཆོག་བརྒྱད་ཀྱིས། །དགེ་སློང་གཞོན་ནུ་བྱ་བ་


CMR034_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །འདྲེ་སྲིན་ཡུལ་ཁམས་བརྟག་ཏུ་བཏང་། །སྲིན་ཡུལ་ལང་ཀ་པུ་རི་དེ། །དབྱིབས་དང་ཁ་དོག་ཅི་ལྟར་འདྲ། །དེ་ན་གནས་པའི་སྲིན་པོ་ཀུན། །གོས་སུ་ཅི་གྱོན་ཟས་སུ་ཅི་ཟ་རྣམས། །དགེ་སློང་གཞོན་ནུས་བརྟག་པ་ལ། །སྲིན་ཡུལ་ལང་ཀ་པུ་རི་དེ། །མདོག་ནི་ནག་ལ་ཟླ་གམ་འདྲ། །སོལ་ཕྱེ་བཏབ་པའི་རི་བོ་འདྲ། །ཟས་སུ་ཤ་དང་ཁྲག་ལ་དགའ། །གོས་སུ་རེ་བ་ནག་པོ་གྱོན། །དེ་སྐད་ཅེས་ནི་གསུངས་པ་དང་། །དེ་ཚེ་ཉན་ཐོས་མཆོག་བརྒྱད་ཀྱིས། །བྲམ་ཟེ་བི་ན་ཡ་ག་བསྙག །བྲམ་ཟེའི་ཆོས་གོས་ནག་པོ་གྱོན། །ཡུངས་དཀར་ཕོ་ཉ་ཕྱོར་བཅུར་བཏང་། །།སྐུ་གདུང་བསྲེག་པའི་ཐལ་བ་དང་། །སོལ་བ་དང་ནི་ངན་སྙིགས་དང་། །ས་ཚིག་རྡོ་ཚིག་ཕྱེ་ཕྱེ་དང་། །འཁོར་ར་ཡུག་ཡུག་བསྡུས་ནས་ནི། །ལང་ཀ་པུ་རའི་མདོག་འདྲ་བའི། །མཆོད་རྟེན་ནག་པོ་བཞེངས་སུ་གསོལ། །མདོག་ནི་ནག་ལ་ཁྲོས་པ་འདྲ། །ལྷ་འདྲེ་འཇིགས་པའི་རི་བོ་བརྩེགས། །སྲིན་པོ་སྔགས་པའི་ཁྲི་འཕང་ཅན། །གདོན་བགེགས་བརྒྱལ་བའི་འོད་ཟེར་ཅན། །དེ་ལ་མིང་དང་མཚན་བཏགས་པ། །གདུག་པ་འདུལ་བའི་མཆོད་རྟེན་ལགས། །སམ་ནག་ཚེར་


CMR034_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མ་གདུག་པ་ཅན། །དྲག་པོའི་ཤིང་ལ་སྲོག་ཤིང་བྱས། །འདྲེ་སྲིན་མང་པོའི་བླ་ཡང་བྲིས། །ལང་ཀ་པུ་རའི་གཉའ་གནོན་བྱས། །འཛམ་བུ་གླིང་གི་མི་རྣམས་ཀྱིས། །གྲོ་ག་ཤ་ཤུན་སྟག་སྡེབ་ལ། །སོལ་ཕྱེ་ནག་པོའི་སྣག་ཚ་དང་། །ཕག་རའི་ཁྲག་གིས་འདྲེ་ལིང་བྲིས། །ལིང་ག་གཟུགས་ཅན་བྲིས་ནས་ནི། །དཀར་ནག་སྐུད་པས་དམ་དུ་བཅིང་། །ཤེལ་ཚིགས་རམ་པ་རུག་པ་དང་། །ཟན་དྲུག་དང་ནི་ཡོས་སྙིགས་དང་། །ཙ་སྦྲུལ་ཐོད་དགུ་རུས་བཅུ་དང་། །འདྲེ་སྲིན་གདོན་བགེགས་གནོད་བྱེད་རྣམས། །བཀར་དང་བྲབ་པའི་ཡས་སྟགས་རྣམས། །མཆོད་རྟེན་ནག་པོའི་ཞབས་སུ་བཅུག །མི་དང་ཕྱུགས་ཀྱི་གླུད་དུ་བཏང་། །ཡོན་གྱི་བདག་པོས་བསྐོར་བ་བྱས། །ཡོན་མཆོད་ཀུན་གྱིས་གཡས་སྐོར་བྱེད་ཅིང་ནས་འབྲུ་གཏོར། མཆོད་པ་འབུལ། མཆོད་ཡོན་འབུལ་ལ་གཉེར་ཡང་བསྐོས། །ཆོས་སྐུ་ཆེན་པོར་མངའ་ཡང་གསོལ། །དེ་ཡི་ནུས་པ་ཡོན་ཏན་གྱིས། །མི་ནད་ཕྱུགས་ནད་ཆད་པ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱ། །དབང་སྐུར་བྱེད་ཅིང་སྨོན་ལམ་བཏབ། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བསྐོར་བ་བྱས་ལ་རབ་གནས་བྱ། །ཡེ་དྷརྨཱས་རབ་གནས་


CMR034_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། འདིར་ཐུབ་པ་ནག་པོ་བསྒོམ། དེ་ནས་མཆོད་རྟེན་ལ་སྨོན་ལམ་བཏབ་ལ་སྐོར་བ་བྱེད་ཅིང་འདི་སྐད་བརྗོད། དབང་བསྐུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ལས་སྤྲུལ་ཏེ། བདུད་བཏུལ་བའི་མཆོད་རྟེན་འདི་བརྩེགས་དྲང་སྲོང་མངོན་ཤེས་པ་བྱ་བ་དེས། རི་བོ་ཏ་ལའི་རྩེར་མཆོད་རྟེན་བཞེངས་ཏེ། དེའི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་ལྟར། དེ་རིང་བདག་དང་ཡོན་བདག་རྣམས། ཡང་བཀྲ་ཤིས་ཕུན་སུམ་ཚོགས་པར་གྱུར་ཅིག །སྔོན་དྲང་སྲོང་བདེ་མགོན་གྱི་ཆུ་བོ་ནེ་རཉྫརའི་དྲུང་དུ་ཀླུ་འདུལ་བའི་མཆོད་རྟེན་བརྩེགས་པས། ཆུ་བོ་ནེ་རཉྫན་སྐམ་པ་ཡང་འབྲུབ། རི་བོ་ཏ་ལ་ཉིལ་བ་ཡང་རངས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་༈ རྒྱས་པ་ལྟར། བདག་དང་ཡོན་བདག་རྣམས་འཚོ་མཛད་ཀྱི་གསོས་ལ་ཚེ་རིང་བར་གྱུར་ཅིག །སྔོན་ཡང་རྒྱལ་པོ་དྲག་ལྡན་བྱ་བས་རྒྱ་མཚོ་ནི་སྐམ། ས་གཞི་ནི་གས། རྒྱལ་བརྒྱུད་ནི་ཆད་དུ་ཉེ་བར། མཆོད་རྟེན་བརྩེགས་པའི་ཡོན་ཏན་གྱིས་རྒྱལ་པོ་འཁོར་བཅས་འཁོར་འདབ་རྒྱས་པ་ལྟར། དེ་རིང་བདག་དང་ཡོན་བདག་ཡང་འཁོར་འདབ་འཕེལ་ལ་


CMR034_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གྱུར་ཅིག །སྔོན་རྒྱལ་པོ་དགའ་བྱེད་ཀྱིས་རི་གསུམ་གྱི་གོང་དུ་མཆོད་རྟེན་བརྩེགས་པས། འདྲེ་གདོན་གྱི་སོ་བ་དང་བྱ་ར་བ་ཆད་པ་ལྟར། དེ་རིང་བདག་དང་ཡོན་བདག་གིས་དགྲ་རྐུན་མེདི་ནས་བཙན་ས་ཟིན་པར་གྱུར་ཅིག །།ལུང་གསུམ་གྱི་མདོ་ན་མཆོད་རྟེན་བརྩེགས་པས། བགེགས་ཀྱི་འགྲིམ་སྲང་བཅད་པ་ལྟར། དེ་རིང་བདག་དང་ཡོན་བདག་གིས་ཇག་ཤོད་དང་སྐྲག་སྔངས་མེད་པར་གྱུར་ཅིག །རི་ལུང་མང་པོ་འདུས་པའི་སར་མཆོད་རྟེན་བརྩེགས་པས་བགེགས་ཀྱི་འགྲིམ་སྲང་བཅད་པ་ལྟར། དེ་རིང་བདག་དང་ཡོན་བདག་གི་བགེགས་རིགས་ཐམས་ཅད་ཞི་བར་གྱུར་ཅིག །ས་དགྲ་ཅན་གྱི་སར་བརྩེགས་པས། ས་བཟང་བར་བྱས་པས་མི་ཡི་ཁམས་རྣམས་བདེ་བར་ལྟར་དེ་རིང་བདག་དང་ཡོན་བདག་བདེ་བར་གྱུར་ཅིག །འཁོར་རྣམས་བདེ་བར་གྱུར་ཅིག །སྔོན་ཡང་ས་ངན་པ་བཏུལ་བ་དང་། ས་བདག་གདུག་རྩུབ་ཅན་དང་། ས་འདྲེ་ས་སྲི་འགྲིམ་ལམ་དུ་མཆོད་རྟེན་བརྩེགས་པས་ས་འདྲེ་ས་སྲི་མནན་པ་དང་འདྲེ་སྲིན་གྱི་འགྲུལ་ལམ་བཅད་པ་ལྟར། དེ་རིང་བདག་དང་ཡོན་བདག་གི་མཆོད་རྟེན་ནག་པོ་འདི་གར་བརྩེགས་ཀྱང་།


CMR034_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་བཀྲ་ཤིས་ཤིང་རིགས་རྒྱུད་འཕེལ་བར་ཤོག །ཅེས་བརྗོད། ཨོཾ་ཛི་ན་ཛིཀ །ལཾ་ཏེ་ཤྭ་ར་ཏི་སིཾ། སྲ་རཏྣ་དྷིཀ །མཾམོ་ཧ་ར་ཏི། ཨོཾ་ཨཱཿ་རོ་ལིཀ །པྱོ་ར་ག་ཏི། །ཧཔྲཛྙཱ་དྷིཀ །ཏཾ་བཛྲ་ར་ཏི། ཙ་ཏི་ཤྭ་རི་མུན་བཟློག།བརྒྱའམ་གང་ཚར་བཟླ་ཞིང་། ཡོན་མཆོད་ཀུན་གྱིས་མེ་ཏོག་འཐོར་ལ་གཡས་སྐོར་བྱེད་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསྲུང་བའི་གུར་དུ་གྱུར་པར་བསམ། བསྲུང་བའི་རྒྱལ་པོ་ལ་གསོལ་བ་བཏབ། དེ་ནས་གཡོན་བསྐོར་བྱས་ལ། ཡོན་བདག་གི་ནད་གདོན་བུད་ནས་པུ་རི་དེ་ལ་ཐིམ་པར་བསམ། ལུས་ཤེལ་སྒོང་གསལ་ལ་དག་པ་ལྟར་དུ་བསྒོམ། དུར་སྒོ་དང་ས་སྒོ་བཅད་པའི་གཉེར་གཏད་དོ། ༈ །དེ་ནས་ལྷག་མ་བྱེད་བརྟན་མ་སྐྱོང་། བཀྲ་ཤིས་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཅ་ཏི་ལ་བསྡུས། ཅ་ཏི་རྣམ་སྣང་དངོས་སུ་དམིགས། །བསྔོ་བ་སྨོན་ལམ་རྒྱས་པར་བྱ། དེ་ནས་མི་དམིགས་པའི་ངང་ལ་རྒྱས་གདབ་བོ། ༈ །ད་ནི་མཆོད་རྟེན་གྱི་ལྷ་བསྐྱེད། སྤྱན་དྲངས། བརྟན་གཞུག་ཕྱག་འཚལ་མཆོད་བསྟོད། འདོད་པའི་དོན་ལ་གསོལ་བ་བཏབ་པ་ནི། ཧཱུྃ། མི་གནས་དམིགས་མེད་ཆོས་སྐུ་དག་པ་ལ། །གཟུགས་སྐུ་མཚན་མའི་ཕྱག་རྒྱ་སྐུར་སྟོན་པ། །རང་བྱུང་བདུད་འདུལ་མཆོད་རྟེན་ནག་པོའི་སྐུ། །ཉོན་མོངས་


CMR034_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བཞེངས་བཞུགས་མི་མངའ་ཡང་། །ཐུགས་རྗེ་སྤྲུལ་སྐུའི་འགྲོ་བའི་དོན་མཛད་ཕྱིར། །རང་བྱུང་མཆོད་རྟེན་ཆེན་པོར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཅ་ཏི་ས་མ་ཡ་ཛཧཱུྃ། ཧཱུྃ། ཆོས་སྐུ་རྣམ་དག་ཡེ་ནས་མཁའ་ལྟར་དག །ལོངས་སྤྱོད་རྫོགས་སྐུ་ཉི་ཟླའི་འོད་གསལ་ཞིང་། །ཅི་ཡང་སྤྲུལ་སྐུ་ཐུགས་རྗེའི་འོད་ཟེར་འཕྲོ། །རང་བྱུང་ལྷུན་གྲུབ་མཆོད་རྟེན་ནག་པོའི་སྐུ། །ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །གྲུ་གསུམ་མཐིང་ནག་གདན་ལ་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཅ་ཏི་ས་མ་ཡ་ཧཱུཾ། ཧཱུྃ་སྐུ་གསུང་ཐུགས་ལས་སྤྲུལ་པའི་སྐུ་གདུང་གཙོ། །ཡོན་ཏན་བྱིན་རླབས་ཆེན་པོ་རྨད་བྱུང་གཙོ། །ཕྱི་ནང་ལྷ་སྲིན་སྡེ་བརྒྱད་བདུད་འདུལ་གཙོ། །མཆོད་རྟེན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཧཱ་ཅ་ཏི་སརྦ་ན་མོ། ཧཱུྃ། རང་བྱུང་གདོད་ནས་དག་པའི་རིང་བསྲེལ་གཙོ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མ་རིག་ཉོན་མོངས་འཁྲུལ་པའི་རྣམ་རྟོག་གི །མི་དགེ་སྡིག་པའི་ལས་རྣམས་ཅི་མཆིས་པ། །བདེ་གཤེགས་རིང་བསྲེལ་སྤྱན་སྔར་མཐོལ་ལོ་བཤགས། །ཨོཾ་ཧཱ་ཅ་ཏི་ས་མ་ཡ་སྭཱ་ཧཱ། ཧཱུྃ།


CMR034_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་མུན་སེལ་སྣང་གསལ་སྒྲོན་མེ་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་ཨཱཿ་ལོ་ཀེ་ས་མ་ཡ་སྭཱ་ཧཱ། ཧཱུྃ། རྣམ་དག་དྲི་མ་མེད་པའི་ཁྲུས་ཆབ་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་ཨགྷི་ས་མ་ཡ་སྭཱ་ཧཱ། ཧཱུཾ། དྲི་ཞིམ་ངད་དང་ལྡན་པའི་སྤོས་མཆོག་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་དྷ་པེ་ས་མ་ཡ་སྭཱ་ཧཱ། ཧཱུྃ། འབྱུང་ལྔར་སྐྱེས་པའི་ལྷ་རྫས་མེ་ཏོག་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་པུལླེ་ས་མ་ཡ་སྭཱ་ཧཱ། ཧཱུཾ། དྲི་ཞིམ་རྣམ་པར་དག་པའི་བྱུག་ཚོགས་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་གནེ་ས་མ་ཡ་སྭཱ་ཧཱ། ཧཱུཾ། རོ་མཆོག་བཅུད་དང་ལྡན་པའི་ཞལ་ཟས་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་ནེ་ཝིདྱ་ས་མ་ཡ་སྭཱ་ཧཱ། །ཧཱུྃ། སྟོང་ཉིད་སྒྲ་དབྱངས་སྒྲ་སྙན་རོལ་མོ་འདི། །བདེ་གཤེགས་རིང་བསྲེལ་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཅ་ཏི་ཤཐཱ་ས་མ་ཡ་སྭཱ་ཧཱ། ཧཱུྃ། རྣམ་དག་རྟོགས་གྲོལ་ཆོས་ཀྱི་དབྱིངས་ཉིད་


CMR034_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཐམས་ཅད་རྒྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །ཐབས་ཤེས་མཚན་མའི་ཕྱག་རྒྱ་ཅི་ཡང་སྟོན། །འགྲོ་དོན་མཐར་ཕྱིན་སྐུ་གདུང་ལྷུན་གྱིས་གྲུབ། །རིགས་ལྔ་རྫོགས་པའི་བང་རིམ་ལྔ་བརྩེགས་ལ། །ཆོས་ཉིད་དབྱིངས་ཀྱི་བུམ་པ་ཏོག་བཅས་ལྡན། །ཚད་མེད་བཞི་ལྡན་ཟུར་བཞི་ཟ་ར་བརྩེགས། །བུམ་པ་དཔལ་བེའུ་ནམ་མཁའ་ལྟ་བུ་ལ། །ཏོག་དང་པན་བཙུགས་གདུགས་ཀྱིས་མཚན། །སིལ་སྙན་དྲིལ་བུ་མེ་ལོང་རྒྱུན་དང་ལྡན། །མ་སྐྱེས་མི་འགགས་ཆོས་སྐུ་རྣམ་པར་དག །ཕྱི་ནང་སྣོད་བཅུད་ལོངས་སྤྱོད་རྫོགས་པའི་སྐུ། །གཟུགས་སྐུ་རྣམ་གཉིས་ཐུགས་རྗེས་དོན་མཛད་པ། །མི་འགྱུར་མི་གཡོ་འགྱུར་མེད་ཆོས་ཀྱི་སྐུ། །མི་སྐྱེས་མི་འགགས་འགྱུར་མེད་ཆོས་ཀྱི་གསུང་། །མི་གནས་མི་རྟོག་འཁྲུལ་མེད་ཆོས་ཀྱི་ཐུགས། །ཕྱི་ནང་སྣོད་བཅུད་སྟོང་པ་ཉིད་དུ་ཤེས། །སྟོང་ལ་རང་བཞིན་མེ་ལོང་ལྟ་བུ་ཤེས། །ཐམས་ཅད་མཉམ་པ་ཉིད་དུ་ཡེ་ནས་ཤེས། །གཉིས་མེད་དོན་ལ་བབ་པ་ཡེ་ནས་ཤེས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐུ། །སྐུ་གདུང་རིང་བསྲེལ་མཆོད་རྟེན་ནག་པོའི་སྐུ། །ཐབས་ཤེས་གཉིས་མེད་འབྲེལ་བའི་


CMR034_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་མཛད། །ཅ་ཏི་ནག་པོའི་ལྷ་སྲིན་གདུག་པ་འདུལ། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་འདྲེན། །རིགས་ལྔ་རིགས་གསུམ་བདེ་གཤེགས་མཆོད་པའི་རྟེན། །སྐུ་གདུང་མཆོད་རྟེན་སྐུ་ལ་ཕྱག་འཚལ་བསྟོད། །དམ་ཚིག་ཉམས་པའི་ས་བོན་ལྟ་ལོག་གི །ལུས་ངག་ཡིད་གསུམ་དྲན་པའི་དབང་པོ་རྣམས། །ལྷ་སྲིན་སྡེ་བརྒྱད་གདུག་པའི་དམོད་པ་ཀུན། །།བདེ་གཤེགས་མཆོད་རྟེན་སྐུ་གདུང་མཐུ་སྟོབས་ཀྱིས། །སྐུ་ཡི་བདེན་པས་ཐམས་ཅད་བསལ་དུ་གསོལ། །གསུང་གི་བདེན་པས་ཐམས་ཅད་བསལ་དུ་ལྕེགསོལ། །ཐུགས་ཀྱི་བདེན་པས་ཐམས་ཅད་བསྒྱུར་དུ་གསོལ། །ཨོཾ་ལཾ་ནན། ཧཱུཾ་ལཾ་ནན། གསོལ་བ་བཏབ་པ་དང་རབ་གནས་ཀྱི་ཆོ་ག་ལགས་སོ། །རྫོགས་སོ།། །།ད་ནི་ཆུང་སྲི་བཏུལ་བ་ལ་འདི་སྐད་བྱའོ། །ལིངྒ་དོང་དུ་སྦས་པ་ལ་འདྲེ་གདོན་རྣམས་བསྟིམ། དམིགས་པ་གསལ་བ་དང་། ཡི་དམ་ལྷ་ཡི་ང་རྒྱལ་གྱིས་འགུགས་གཞུགས་བྱས་ལ་འདི་སྐད་དོ། །སྔོན་ཨོཾ་ད་ཀ་ར་ཡི་སྲིན་མོ་ལ། །མ་བདུད་རྒྱལ་མོར་སྤྲུལ། །དེ་ལ་བུ་མོ་ལྔ་སྲིད་པ། །གོར་མོ་ཁྲི་བཙུན་ཐང་ལོ་གསེར་མིག་དང་། །བརྡ་ལྷ་བཙུན་མོ་རྐང་ལྷ་དེ་མོ་དང་། །བྱང་སྨན་སྐྱི་འཐིང་རྡོ་རྗེ་ཏིང་ལོ་སྨན། །དེ་ལྔས་


CMR034_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཆེ་རུ་སྤྲུལ་ཙམ་ན། །གཡག་ཟན་སྨད་དགུར་སྤྲུལ། །འབྲིང་དུས་སྤྲུལ་ཙམ་ན། །བུད་མེད་ནག་མོ་རལ་པ་ཅན། །ལག་ན་སྦྲུལ་ནག་ཞགས་པ་ཐོགས། །དུར་ཕག་ཁྲ་བོ་རོལ་དུ་ཁྲིད། །དུར་བྱ་ནག་པོ་ཀླད་ན་ལྡིང་། །དེ་ནས་ཆུང་ངུར་སྤྲུལ་ཙ་ན། །སྲེ་མོ་ཕག་དང་རྨང་ཚེ་དང་། །ཤ་ཁྱི་སྤྲུལ་པ་བདག་པོ་སྟེ། །དེ་ཡི་མི་ལ་དབུལ་འདྲེ་གོད་འདྲེ་དང་། །ནད་འདྲེ་དང་ནི་ཡམས་འདྲེ་དང་། །ཆུང་སྲི་དང་ནི་རྨོངས་འདྲེ་བྱས། །དེ་ལ་གླུད་དང་ཡས་འབུལ་བ། །བྱིའུ་ཚང་འཁྱིལ་པའི་ནང་དུ་ནི། །གླུད་ཟན་ངར་མི་བཅུག །ཚེ་བུ་རྙིང་པ་བཀོན། །ཤ་དགུ་ཟན་དགུ་དང་། །གླུད་ཟན་ཆངས་བུ་དང་། །སྲེ་མོ་འོལ་ལྕམ་དང་། །རྫ་བྲ་སྣ་དམར་དང་། །རྨང་ཚེ་གསེར་མིག་དང་། །ཁྱིའུ་ཕེ་གུ་དང་། །སྲིན་འབུ་དུང་ལྷག་དང་། །འགལ་བ་འཆང་གང་དང་། །འཛར་བུ་ཐེམ་གསུམ་དང་། །མདའ་ཆུང་གཞུ་ཆུང་དང་། །དུག་བམ་ནག་པོ་དང་། །འབྲུ་ཟན་སྣ་དགུ་དང་། །ཆུང་ཡས་སྣ་ཚོགས་ཀྱིས། །ཆུང་སྲི་གདོན་ཆེན་བཅོ་ལྔ་བཀར། །ཆུང་སྲི་སྤུན་དགུ་ལ། །འགྲོ་བའི་རྔན་པ་སྦྱིན། །བྱེད་པའི་རྫོང་བཏབ་


CMR034_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །གཞན་སྤང་རིགས་རྣམས་ལ་རྫོང་བཏབ་བོ། །སྲིན་པོ་ཐང་ང་མགོ་དགུ་དང་། །ས་འདྲེ་རྒྱལ་པོ་སྲས་བཅས་དང་། །འཁོན་འདྲེ་ནག་མོ་དང་། །རྨང་འདྲེ་རོག་པོ་དང་། །རྨུགས་འདྲེ་ཐུ་ལམ་དང་། །ནལ་འདྲེ་སྦག་པ་དང་། །ཐབ་འདྲེ་ནག་པོ་དང་། །རྨུག་འདྲེ་བྱིང་བ་དང་། །མཚེལ་འདྲེ་མཁུན་བུ་དང་། །དགུ་བཅུ་བྱུང་། དེ་རྣམས་ཀྱི་ནད་དང་ཆུང་སྲི་བྱེད། །དབུལ་འདྲེ་དང་གོད་འདྲེ་བྱེད། །ཆུང་སྲི་དང་རྨོངས་འདྲེ་བྱེད། །དེ་ལ་གླུད་དང་ཡས་འབུལ་ལོ། །སོ་དོག་རྨང་རས་དང་། །སྤྲེའུ་དང་བྱ་མ་བྱིའུ། །རྨེ་ཤིང་སྐྱེར་པ་དང་། །ཁྲ་དང་བ་གྷར་དང་། །རུལ་ཕོའི་ཐོད་པ་དང་། །ཁྱི་ཐོད་ཕག་ཐོད་དང་། །ར་ཡི་སླ་གཞི་དང་། ཆག་དགུ་ཞིག་བཅུ་དང་། །གནམ་ལ་འཕུར་དགུ་དང་། །ས་ལ་འཛུལ་བའི་སྲོབ་རིས་དང་། །ཡས་སྟགས་སྣ་ཚོགས་ཀྱིས། །འདྲེ་གདོན་ཆུང་སྲི་སྤུན་དགུ་རྣམས་ལ། །འགྲོ་བའི་བརྔན་དུ་སྦྱིན། །བྱེ་བའི་རྫོང་བཏབ་བོ། །ཞེས་བརྗོད་ལ་རྡོ་རྗེ་རྒྱ་གྲམ་གྱིས་དོང་ཁ་བཅད། ཀྱཻ། རི་རབ་ཁྲི་འཕང་གཅིག་གི་ཞབས་སུ་མན་ཆད་གཞུང་ལྟར་གྱེར་རོ། །ཅ་ཏི་འདི་ཡིག་རྙིང་བཞི་ཙམ་བལྟས་པས་ཡིག་རྙིང་པ་གཅིག་དང་གཞན་


CMR034_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བཞི་ཀ་མཐུན་པར་འདུག་པ་དེ་ལ་སོར་བཞག་བྱས། ཆུ་སྲིན་བཏུལ་བ་གོང་དུ་འདུག་ན་ཟུར་དུ་བླངས་གཞན་ཡི་གེ་མང་དུ་མཐོང་བ་ལ་བརྟེན་ནས་འཁྲུལ་པ་ཆེར་མི་འདུག་ཀྱང་། ལ་ལར་ཅུང་ཟད་འཁྲུལ་འདུག་པ་དེ་ཡིག་རྙིང་དག་པ་ལ་བརྟེན་ནས་ཁོ་བོས་བྲིས། དེ་ཡང་ཡི་གེ་འགྲིགས་རིམ་ལྟར་དུ་དབང་བསྐུར་ཡན་ཆེད་དུ་ལག་ལེན་མཁས་ཆོས་མ་བྱེད་པར་རིམ་བཞིན་འདོན་པར་བྱོས་ཤིག །དབང་བསྐུར་གྱི་གོང་དུ་མངའ་གསོལ་བརྟན་བཞུགས་དེ་སྦྱར་ན་འཐུས་སྙམ་མོ། །དེ་ནས་དབང་བསྐུར་སྨོན་ལམ་བཏབ་ཡོད་ལེགས་པར་སྙམ། དེ་སློབ་དཔོན་གྱི་ངག་ཁྲིད་དང་རང་གི་གོམས་འདྲིས་དང་། རིག་པའི་མདའ་ལ་བཏུན་པ་ཡིན་ནོ། །རང་གཞུང་གི་ས་བཅད་ལས། །དབང་བསྐུར་མངའ་གསོལ་སྨོན་ལམ་བཏབ། །ཅེས་གསུངས་པ་དང་ཆ་མཐུན་པར་ཡོད། དེ་ཡང་མི་ལེགས་སྙམ་ན་ལེགས་པར་རྟོགས་ན་རང་རང་གི་གང་དགའ་སྤྱོད་པར་གྱིས་ཤིག །སྔགས་ནག་ཕ་ཇོ་རྣམས་ཀྱི་སྤྱོད་ཡུལ་གྱིས། །ཁོ་བོ་རཱ་ག་ཨ་མྱས་བྲིས་པའོ། །འདི་བྲིས་དགེ་བས་དགྲ་གདོན་བགེགས་ཚོགས་ཀུན། །ཐར་མེད་བཙོན་རར་ཚུད་ནས་སྐྱེ་འགྲོ་ཀུན། །ཐམས་ཅད་བདེ་གར་སྤྱོད་པའི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི།next