དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་ཆོག་བསྡུས་པ།
དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་ཆོག་བསྡུས་པ་བཞུགས་སོ། །
ན་མོ་ལོ་ཀི་ཤྭ་ར་ཡེ། སྨྱུང་ཆོག་རྒྱས་པ་ནི་གཞན་དུ་གསལ། འདིར་གློ་བུར་མགྱོགས་དབང་བསྐུར་ན། ཕྱོགས་མདོག་གི་པདྨ་འདབ་བཞིའམ་ཚོམ་བུ་ལྔ་བཀོད། བུམ་པ་དྲུག་གམ་གཉིས། དབང་གཏོར་ལ་སྐུ་བཙུགས་པ་དང་པོ་ཏི་བཤམས། སྤྲོ་ན་དབུ་རྒྱན་དང་དར་དཔྱངས་བཤམ་མོ། །རྒྱས་པར་ན་བདག་མདུན་སོགས་སྨྱུང་ཆོག་ལྟར་རྒྱས་པར་བྱ། བསྡུ་ན་སྐྱབས་སེམས་སོགས་སྤྱིའི་སྔོན་དུ་སོང་བས་འཐུས་ལ་རྣམ་ལྔ་བཤམས་ལ། བདག་གིས་སེམས་ཅན་ཀུན་དོན་དུ། །བཅོམ་ལྡན་བཅུ་གཅིག་ཞལ་བསྒྲུབ་སྟེ། །འགྲོ་བ་ཀུན་ཀྱང་བཅོམ་ལྡན་འདས། །འཕགས་མཆོག་གོ་འཕང་ལ་བཀོད་བྱ། །རང་ཉིད་བཅོམ་ལྡན་སྤྱན་རས་གཟིགས། །
གསལ་བའི་ཐུགས་ཀར་པདྨ་དང་། །ཟླ་བའི་སྟེང་དུ་ཡི་གེ་ཧཱུ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་བཅུ་གཅིག་ཞལ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བྷནྡྷ་ནཾ་ཀཱ་རོ་མཱི། ཞེས་ཕྱག་འཚལ་བར་མོས་ནས། སྙིང་གི་ས་བོན་ལས་འཕྲོས་པའི། །མེ་ཏོག་ལ་སོགས་རང་མིང་གི །མཆོད་རྫས་འཛིན་པའི་ལྷ་མོ་ཡིས། །རིན་ཆེན་བདུན་ལ་སོགས་པས་མཆོད། །སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥཱ་
སོགས། བདག་དང་མཁའ་མཉམ་སེམས་ཅན་གྱི། །མི་དགེའི་ལས་ཀུན་མཐོལ་ཞིང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་ཀུན་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དགེ་ཀུན་རྫོགས་པའི་བྱང་ཆུབ་བསྔོ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཚོགས་རྟེན་རང་བཞིན་གནས་སུ་གཤེགས། །སེམས་ཅན་བདེ་ལྡན་སྡུག་བསྔལ་དང་། །བྲལ་ཞིང་བདེ་ལས་ཉམས་མེད་པ། །ཀུན་ལ་སྙོམས་པའི་བཏང་སྙོམས་གྱུར། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །རང་བཞིན་དག་པའི་སྟོང་པ་ཉིད། །དེ་ཡི་ངང་ལས་མ་གཡོས་བཞིན། །སྙིང་རྗེས་བྱང་ཆུབ་སེམས་བསྐུལ་བ། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ལྷའི་ས་བོན་ཡི་གེ་ཧྲཱིཿ །དཀར་པོ་འོད་ཟེར་འབར་བ་གསལ། །པདྨའི་ཕྱག་རྒྱས། དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་སྤྱན་རས་གཟིགས་བྱས་དང་། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །ཕྱག་སྟོང་སྤྱན་སྟོང་རྣམ་པར་དྲངས། །ཀུན་ཀྱང་འོད་
ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱུར་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་སྭཱ་ཧཱ། དེ་དག་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་བཅུ་གཅིག་ཞལ། །སྐུ་མདོག་དཀར་པོ་མཚན་དཔེ་ལྡན། །ཕྱག་སྟོང་སྤྱན་སྟོང་རྩ་ཕྱག་བརྒྱད། །ཐལ་སྦྱར་པད་ཕྲེང་ལ་སོགས་འཛིན། །ན་བཟའི་ཤམ་ཐབས་སོགས་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །ཧཱི༔ཡིག་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། །སླར་ཡང་ཧཱུྃཡིག་འོད་ཟེར་གྱིས། །པོ་ཊ་ལ་ནས་བཅུ་གཅིག་ཞལ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་པུངྒེ་སོགས། ཛཿཧཱུྃ་བཾ་ཧོརང་ཉིད་ལ། །དགུག་གཞུག་བཅིང་དང་མཉེས་གྱུར་པས། །ཐུགས་ཀའི་པད་
ཟླར་ཡེ་ཤེས་སེམས། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས། །ཡིག་དཀར་པོར་འོད་འཕྲོས་པས། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །དེ་ནས་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃལས་སྤྲུལ་པ་ཡི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུལླེ་སོགས། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །གཟུངས་ཅུང་ཟད་བཟླའོ། །མདུན་བསྐྱེད་རྟེན་སྐུ་ཙཀླུ་གཏོར་མའི་རྩེར། མཎྜལ་ལྷ་མོ་ལྔ་བསྐྱེད་དེ། ཨོཾ་རྒྱ་གྷི་ཝ་ཧཱུྃ་ཕཊ། རིམ་གྱིས་ཐམས་ཅད་སྟོང་པ་ལས། །ཧཱུྃ་ལས་གཞལ་ཡས་ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་དང་རྫིང་བུ་ནི། །ཆུ་བྱ་སྣ་ཚོགས་བཅས་པ་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པ། །རྡོ་རྗེའི་ར་བ་འོད་ཟེར་གྱི། །ཕྲེང་བས་ཀུན་ནས་བསྐོར་བ་ཡི། །དབུས་སུ་སེང་ཁྲི་པད་སྟེང་དང་། །བུམ་པ་བྷྲཱུཾ་
ལས་གཞལ་ཡས་ཁང་། །བཅུད་ནི་བོ་ལས་བདུད་རྩིའི་མཚོ། །དེ་ནང་པཾ་ལས་པད་སྡོང་དང་། །ཟླ་བའི་དཀྱིལ་འཁོར་གདན་གྱི་སྟེང་། །མདུན་བུམ་ཧྲཱིལས་རང་འདྲ་བའི། །ཐུགས་རྗེ་ཆེན་པོའི་རྣམ་པར་གསལ། །དེ་ཡི་ཕྱོགས་བཞིར་སངས་རྒྱས་བཞི། །མི་བསྐྱོད་རིན་འབྱུང་རྣམ་སྣང་མཛད། །དོན་གྲུབ་མཐིང་སེར་དམར་ལྗང་དང་། །ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །ས་གནོན་མཆོག་སྦྱིན་བྱང་ཆུབ་མཆོག །སྐྱབས་སྦྱིན་མཉམ་བཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །མཎྜལ་དབུས་སུ་པད་ཟླའི་སྟེང་། །དབུས་དམར་ཤར་དཀར་ལྷོ་སེར་དང་། །ནུབ་མཐིང་བྱང་ལྗང་ལྷ་མོ་ལྔ། །རང་མདོག་རིན་ཆེན་བུམ་པ་འཛིན། །དར་དང་རིན་ཆེན་བུམ་པ་འཛིན། །ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་སྡིགས་འཛུབ་ཁྲོ་ཆས་རྫོགས། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧྲཱི༔ཡིག་འོད་ཟེར་གྱིས་བསྐུལ་བས། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །
ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །རང་རང་རིགས་བདག་དབུ་རྒྱན་གྱུར། །སླར་ཡང་ཧཱུྃཡིག་འོད་ཟེར་གྱིས། །པོ་ཊ་ལ་ནས་བཅུ་གཅིག་ཞལ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་པུལླེ་སོགས། ཛཿཧཱུྃ་བཾ་ཧོདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀར་པད་ཟླར་ཡེ་ཤེས་སེམས། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས། །ཧཱི༔ཡིག་དཀར་པོར་འོད་འཕྲོས་པས། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །མདུན་གྱི་ཐུགས་རྗེ་ཆེན་པོ་ནི། །ཕྱག་མཛུབ་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ལས་བུམ་ཁྲོ་བོས་བར་ཆད་བགེགས། །ཐམས་ཅད་མ་ལུས་བཟློག་པར་བསམ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ན། བྷཱུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་སམྱཀཾ་བུདྡྷཱ་ཡ། །ན་མསརྦ་ཏ་ཐཱ་ག་ཏེ་བྷ། ཨརྟ་ཏེ་བྷུ། སཾ་མྱཀཾ་བུདྡྷེ་བྷུ། ན་མཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭ་ཡ། མ་ཧཱ་སཾཏཱ་ཡ། མ་ཧཱ་ཀ་རུ་
ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི། །ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ནས་གཟུངས་ཐུང་དང་མ་ཎི་བརྒྱ་རྩ་བཟླས། རྒྱས་པར་ན་གཟུངས་རིང་རྒྱས་པ་ཞིག་བཟླས་སོ། །ལས་བུམ་ནི། ཨོཾ་རྒྱ་གྲི་ཝ་ཧཱུྃ་ཕཊ། བརྒྱ་རྩ་བཟླས། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཞེས་བརྗོད་པས་བྱིན་རླབས། རྒྱས་པར་ན་རབ་འབྱམས་མ་སོགས་གང་འདོད། བསྡུ་ན། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨནྡྷཾ་སོགས། གཏོར་མ། ཨོཾ་ཨཱཿཧཱུྃ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། མྱུར་དུ་ཐོབ་པར་མཛད་དུ་གསོལ། །བསྡུ་ན། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས། དེ་ནས་རྒྱས་པར་བདག་འཇུག་བླང་། བསྡུ་ན་མི་དགོས། དེ་
ནས་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱས། བགེགས་གཏོར་བཏང་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། ཞལ་བཅུ་གཅིག་པ་ཇི་ལྟར་བྱུང་ཚུལ། དེའི་གཟུངས་དང་རྒྱུད་ཇི་ལྟར་གསུངས་ཚུལ། དེའི་མན་ངག་གང་ལས་བརྒྱུད་པ། ཕན་ཡོན་དགོས་ཆེད་བསྟན་པ་དང་ས་བཅད་གསུམ་ལས། དང་པོ་ནི་སྔོན་བསྐལ་པ་མང་པོའི་གོང་དུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། སངས་རྒྱས་བློའོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་འགྲོ་དོན་བྱེད་པར་སེམས་བསྐྱེད་དེ། བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་མཛད་པ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་སྤྲུལ་ནས། སེམས་ཅན་གཅིག་ཀྱང་མ་ལུས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་བྱའོ། །དེ་ལ་མ་འཁོད་བར་དུ་རང་ཞི་བདེ་བའི་བློ་བྱུང་ན། ངའི་མགོ་ཨརྫ་ཀའི་རྡོག་པོ་བཞིན་དུ་ཚལ་པ་བཅུར་འགས་པར་གྱུར་ཅིག །ལུས་དུམ་བུ་སྟོང་དུ་འགས་
པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། སངས་རྒྱས་རྣམས་ཀྱིས་ལེགས་སོ་གསུངས་ནས། སྤྲུལ་པ་དཔག་ཏུ་མེད་པས་གང་ལ་གང་འདུལ་དུ་སྤྲུལ་ནས། འགྲོ་བ་རིགས་དྲུག་གི་དོན་བྱས་ཏེ་གནས་ལན་གསུམ་སྟོངས་པར་མཛད་ནས་དྲངས་པས། རི་རབ་ཀྱི་རྩེར་བྱོན་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས། སེམས་ཅན་གྱི་ཁམས་ལ་སྐྱེ་བྲི་མེད་པའི་སྟེང་དུ་དུས་སྙིགས་མར་སོང་བ་སེམས་ཅན་རྣམས་ཉོན་མོངས་པ་ཧྲག་འདུག་པས། བདག་གིས་ལན་གསུམ་རིགས་དྲུག་གི་སེམས་ཅན་སྟོངས་པར་དྲངས་ཀྱང་སེམས་ཅན་ཉུང་དུ་མ་སོང་། འཁོར་བ་མ་སྟོངས་པར་འདུག །སེམས་ཅན་གྱི་དོན་མི་འགྲུབ་པར་འདུག་པས་ད་རེས་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་ལ་གནས་པར་བྱའོ་དགོངས་པས། །དམ་བཅའ་ཉམས་པས་དབུ་ཚལ་པ་བཅུར་གས་སོ། །སྐུ་ལུས་དུམ་བུ་སྟོང་དུ་གས་ཏེ་ན་ཚ་མ་བཟོད་ནས། སངས་རྒྱས་རྣམས་ལ་གསོལ་བ་བཏབ་པས། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་བྱོན་ནས། སངས་རྒྱས་འོད་དཔག་མེད་ཀྱིས་སྐུའི་དུམ་བུ་རྣམས་སྙེ་མའི་ཆུན་པོ་ལྟ་བུར་བསྡུས་ནས། དབུ་ཚལ་པ་བཅུར་སོང་བ་ཞལ་དགུར་བྱིན་གྱིས་བརླབས། ཞི་
བས་མི་ཐུལ་བ་ལ་ཕྱག་རྡོར་གྱི་ཞལ་བསྣན་ཏེ་བཅུ། དེ་སྟེང་རིགས་འོད་དཔག་མེད་ཀྱི་ཞལ་བཞག་པ་དང་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། དེ་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བཀའ་བསྩལ་པ་དང་། སྤྱན་རས་གཟིགས་ཀྱིས་སྨྲས་པ། བདག་གིས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲུབ་པར་འགྱུར་ན། །བདག་ལག་པ་སྟོང་མིག་སྟོང་དང་ལྡན་པར་གྱུར་ལ། ལག་པ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་གྱུར་ཅིག མིག་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་གྱུར་ལ། གང་ལ་གང་འདུལ་གྱི་འགྲོ་དོན་བྱེད་པར་གྱུར་ཅིག །ཅེས་གསུངས་པས་སྐད་ཅིག་དེ་ཉིད་ལ་ཕྱག་སྟོང་གི་མཐིལ་དུ་སྤྱན་སྟོང་ཡོད་པའི་བཅུ་གཅིག་ཞལ་དུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་དབྱངས་གཅིག་དང་ཚིག་གཅིག་ཏུ་ཞལ་བཅུ་གཅིག་པའི་གཟུངས་འདི་ཡང་གསུངས་ཤིང་བྱིན་གྱིས་བརླབས་སོ། །དེ་ནས་སྤྱན་རས་གཟིགས་དེ་སྤྲུལ་པ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད་དོ། །རྒྱུད་སྡེ་རྣམས་གསུང་བ་པོ་དང་། ཉན་པའི་འཁོར་དང་། བཀའ་བསྡུ་བ་པོ་དང་། དེ་འཛིན་ཅིང་གཞན་ལ་སྟོན་པ་པོ་རྣམས་
ཐུགས་རྒྱུད་གཅིག་སྟེ་ལྷ་དེ་ཉིད་དམ། སྟོན་པ་པོ་དེ་ཉིད་ཀྱི་སྤྲུལ་པར་བཤད་པ་དང་མཐུན་པར། བསྐལ་པ་གང་གཱའི་ཀླུང་བཅུ་བྱེ་མ་སྙེད་ཀྱི་སྔ་རོལ་ལས་ཆེས་སྔ་རོལ་དུ། སངས་རྒྱས་མནྡ་རའི་དྲི་ཞེས་བྱ་བ་བྱོན་པས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པའི་ཚེ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁྱིམ་བདག་དྲག་པོ་ཞེས་བྱ་བས་གཟུངས་འདི་བཟུང་སྟེ། སེམས་ཅན་དཔག་ཏུ་མེད་པ་བསྐལ་པ་ཁྲིའི་འཁོར་བ་ཕྱིར་བསྙིལ་ལོ། །དེ་ནས་བསྐལ་པ་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་ཡང་སྔ་རོལ་ན་སངས་རྒྱས་པདྨ་བརྒྱའི་སྤྱན་བཅུ་གཅིག་ཆགས་པའི་དུས་འཛོམ་པའི་ཚེ། འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས། དེར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་གཅིག་ཡོད་པས་གཟུངས་འདི་ཐོས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་ཏེ། དེ་རྗེས་བསྐལ་པ་གངྒཱ་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་སྔ་རོལ་ན། སངས་རྒྱས་ཐོགས་མེད་པདྨའི་སྤྱན་གཙུག་ཏོར་ཡོན་ཏན་རབ་རྒྱས་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་གི་བདག་པོ་བྱེ་བ་
གཅིག་ཡོད་པ་དེས། རིག་སྔགས་འདི་བསྒྲུབས་པས་ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང་། སྐྱེ་མེད་ཆོས་ལ་བཟོད་པ་ཐོབ་ཚུལ་བསྟན་ཏོ། །དེ་རྗེས་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བྱོན་ཏེ། དེས་ཞལ་བཅུ་གཅིག་པའི་གཟུངས་འདི་གསུངས་པས། དེ་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་གསན་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྤྱན་རས་གཟིགས་ཉིད་ལ་འགྲོ་བ་འདྲེན་པའི་དབང་བསྐུར་ནས། འཕགས་པ་སྤྱན་རས་གཟིགས་ཁྱེད་ལ་སྔོན་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་འགྲོ་བ་འདྲེན་པའི་དབང་བསྐུར་བ་ཐོབ་པ་དེའི་རྣམ་པར་སྨིན་པས་སངས་རྒྱས་ཀྱི་ཞིང་རབ་ཏུ་མང་པོར་འཕགས་པ་སྤྱན་རས་གཟིགས་ཁྱེད་ཀྱི་སྤྲུལ་པ་ཡང་དང་ཡང་དུ་འབྱུང་ཞིང་མ་འོངས་ཕྱི་མའི་དུས་ན་མི་མཇེད་ཀྱི་འཇིག་རྟེན་ཁམས་ན་འདྲེན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱོན་ཏེ། མི་ཡུལ་ལས་ཁྱད་པར་ཕྲེ་ཏ་ཡི་དྭགས་ཀྱི་རིགས་བྱང་ཕྱོགས་ཁ་བ་ཅན་ན། མི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་འདུན་འཕེལ་ཞིང་། ཞལ་བཅུ་གཅིག་ལ་ཕྱག་སྟོང་དང་ལྡན་པའི་སྐུ་རང་བྱོན་དུ་འབྱུང་བར་ལུང་བསྟན་ཏེ། དེའི་ཚེ་བཅུ་
གཅིག་ཞལ་གྱི་སྐུ་ལ་དད་འདུན་བྱེད་པ་དང་མཚན་ནས་བརྗོད་པ་དང་། གཟུངས་སྔགས་འདི་འདོན་པ་རྣམས་འཇིག་རྟེན་ན་གང་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་། ཕྱི་མ་ཡེ་ཤེས་གཉིས་ཐོབ་པར་ལུང་བསྟན་ཏེ། དེ་དག་ནི་རྒྱས་པར་པདྨ་དྲྭ་བ་ཅན་གྱི་རྒྱུད་ཆེན་པོ་ལས་གསུངས་ཤིང་། བསྟན་པ་འདི་ལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་མ་ལ་ཡ་ཙནྡན་གྱི་ཚལ་ཆེན་པོ་ན་བཞུགས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱི་ཐུབ་པའི་དབང་པོ་བཞག་སྟེ། བཅུ་གཅིག་ཞལ་གྱི་གཟུངས་དང་། པདྨ་དྲ་བ་ཅན་གྱི་རྒྱུད་ལ་སོགས་པ་དང་། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལ་སོགས་པ་བཤད་དོ། །དེར་ཐུབ་པས་ཀྱང་ལེགས་སོ་བརྗོད་ཅིང་བྱིན་གྱིས་བརླབས་སོ། དེ་དག་ནི་བྱ་སྤྱོད་ཀྱི་རྒྱུད་ཡིན་ཅིང་། རྣལ་འབྱོར་རྒྱུད། པདྨ་ཅོད་པན་གྱི་རྒྱུད་ནི། བཅོམ་ལྡན་འདས་ལྷ་ཡུལ་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བཞུགས་པའི་ཚེ། སྐུའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཆོད་ཅིང་ཚུར་འདུས་པས། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་སྐུར་བཅོམ་ལྡན་འདས་ཉིད་བཞེངས་ཏེ། དེར་ཡང་སྤྱན་རས་གཟིགས་བྱང་
ཆུབ་སེམས་དཔའི་སྐུར་སྤྲུལ་ནས་བཞུགས་པས་ཞུས་པ་ལ་བརྟེན་ནས། བཅུ་གཅིག་ཞལ་འདིའི་གཟུངས་དང་། བསྡུས་པ་ཡི་གེ་དྲུག་པ་དང་། ལས་ཚོགས་མཐའ་ཡས་པ་གསུངས་སོ། །དེས་ལྷའི་ངོ་བོ་ཇི་ལྟར་བྱོན་ཚུལ་དང་། གཟུངས་དང་རྒྱུད་གསུངས་ཚུལ་སོང་ནས། དོན་གཉིས་པ་མན་ངག་གང་ལས་བརྒྱུད་པ་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་། རྒྱལ་པོ་ཨིན་དྲ་བྷུ་ཏིའི་མཚན་ཐོག་མ་རིགས་རིམ་པར་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་ཆེ་འབྲིང་ཆུང་གསུམ་ལས། འབྲིང་པོ་ཕྱིས་གྲུབ་པ་ཐོབ་ནས་གྲུབ་ཆེན་ལྭ་བ་པ་ཞེས་གྲགས་པ། དེའི་ལྕམ་སྲིང་ལེགས་སྨི་ཀཱ་རའམ། ལྷ་མོ་ཆེན་མོ་ལཀྵི་ར་ཞེས་བྱ་བ་དེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚན་ལྡན་མར་གྲགས་པས། ཕྱོགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་བསླང་བ་ལས། གཅིག་ལ་བྱིན་ན་གཞན་རྣམས་དགྲ་ལངས་དོགས་ནས་ཡབ་ཡུམ་གྱི་བཀའ་གནང་ནས་རབ་ཏུ་བྱུང་བའི་མཚན་དགེ་སློང་མ་དཔལ་མོ་བྱ་བ་དེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ་ལས། ཀླུ་ནད་མཛེ་བྱུང་སྟེ། ཀྱེ་མ་འཕགས་པ་ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྐྱོབ་པར་མཛད་
པ་ཡིན་པས་བདག་ཅིའི་ཕྱིར་མི་སྙམ་སྙམས་ཏེ། ཇོ་མོ་དཔལ་གྱི་སྙིང་པོ་ལ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་སྒྲུབ་ཐབས་དབང་ལུང་ཞུས་ནས་ཁ་སར་པཱ་ཎི་རང་བྱོན་གྱི་ལྷ་ཁང་དུ་བསྙེན་པ་མཛད་དུ་བྱོན་པས། དཀོར་གཉེར་གྱིས་ལྷ་ཁང་ནང་ན་འགྲོ་མ་བཅུག །སྒོ་མདུན་དུ་བསྡད་པས་ཁྱོད་མཛེ་མོ་ཞིག་ལྷ་ཁང་སྒོ་རྩར་འདུག་པ་དགེ་འདུན་པ་དང་། ལྷ་ཁང་མཇལ་མི་རྣམས་སྡུག་ལོག་ཟེར་ནས་འདུག་མ་བཅུག་པས། ལྷ་ཁང་གི་རྒྱབ་ངོས་སུ་རྩྭའི་སྤྱིལ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། འགྲུབ་ནས་ལྷ་ཁང་གི་སྒོར་ཡང་དགེ་སློང་མ་ཡོད་པ་དངོས་སུ་གྱུར་ནས་གྲུབ་པ་ཐོབ་པར་ཤེས་སོ། །མཛེ་ཡང་ཕན། དེའི་ཚེ་མུ་སྟེགས་ཀྱི་པཎྜི་ཏ་གྲུབ་པ་ཐོབ་པ་གཅིག་གིས་དགེ་སློང་མ་དེ་བཀའ་ཕབ་པའི་ཕྱིར་འོང་བས། རྡོ་རྗེ་ཕག་མོ་དངོས་སུ་གྱུར་ནས། མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་དྲག་པོ་རྣམས་ཞབས་ཀྱིས་མནན་པའི་སྟེང་དུ་གར་མཛད་པར་མཐོང་ནས། ཁོང་དངོས་སུ་འགྲོ་མ་ཕོད་པས་དུག་སྦྲུལ་དུ་སྤྲུལ་ནས་སོང་བ་དང་། དབུའི་སྟེང་དུ་ཕག་ཞལ་ཡོད་པས་དུག་སྦྲུལ་གྱུར་མིད་བྱས། གསང་བ་ནས་བཏོན་ཏེ་དམ་ལ་
བཏགས་པ་དང་། སློབ་དཔོན་པདྨ་འབྱུང་གནས་དབང་ཞུར་བྱོན་པས། ཡི་གེ་ཧཱུྃ་ཡིག་ཏུ་བསྡུས་ནས་ཤངས་སུ་རྔུབ་ནས་སྐུའི་རྩ་གནས་ཐམས་ཅད་དུ་དབང་ཐམས་ཅད་བསྐུར་ཏེ།། གསང་བའི་པད་མོར་བཏོན་པས། དབང་དེའི་བྱིན་རླབས་ཀྱིས་ཨོ་རྒྱན་ཉིད་སྐད་ཅིག་ལ་འོག་མིན་དུ་འཕངས་ནས་རྡོ་རྗེ་འཆང་ཆེན་པོ་ལས་བརྒྱུད་པ་ཐམས་ཅད་ཀྱི་དབང་ལུང་ཐོབ་པར་གསུངས་ཀྱང་། དགེ་སློང་མ་ཡིན་པར་ལ་ལས་བཞེད། ལ་ལ་དག་གཞན་དུ་འདོད་པར་སྣང་། གང་ལྟར་ཡེ་ཤེས་ཀྱི་ཌཱཀྐི་དངོས་ཡིན་པ་ལ། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ལི་ཁ་ར་ཤིང་འཕེལ་ཞེས་བྱ་བའི་མདུན་དུ་པོ་བསྟོད་དང་། སྨྱུང་ཆོག་སྒྲུབ་ཐབས་རྣམས་མཛད་དེ། དབང་ལུང་སྤྱན་རས་གཟིགས་ཉིད་ལ་ཞུས་ཤིང་། པཎྜི་ཏ་ཡེ་ཤེས་བཟང་པོ་ལ་གནང་ངོ་། །དེ་ནས་ཕྱིས་རྒྱ་གར་གྲུབ་ཆེན་འཕགས་ཚང་པ་དང་མཉམ་དུ་གཤེགས་པས། མི་རྣམས་ཀྱིས་དགེ་སློང་མའི་བསྲུང་བྱ་ཉམས་སོ་ཞེས་གྲགས་པ་བྱུང་ཞིང་སྐུར་པ་བཏབ། མིའམ་ཁྲོམ་ཆེན་པོའི་ཚོགས་སར་ཕྱག་གཡས་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས། ཕྱག་གཡོན་ཁཊ་གི་རྩེར་བསྐྱོན་ནས་གར་མཛད་
ཅིང་། དབུ་བཅད་མཚམས་ནས་བདུད་རྩི་འོ་མའི་རྒྱུན་བབས་ཏེ། སྐུ་ལུས་དེ་མ་བཞག་པར་འཇའ་ལུས་མཁའ་སྤྱོད་དུ་ཐམས་ཅད་ཀྱིས་མཐོང་བར་དངོས་སུ་བྱོན་པས། ཕག་མོ་དབུ་བཅད་མ་ཞེས་གྲགས་སོ། །དེ་ཡང་འདིའི་བརྒྱུད་པ་ནི་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། ཡེ་ཤེས་བཟང་པོ། ཟླ་བ་གཞོན་ནུ། ཇོ་བོ་ཨ་ཏི་ཤ་ལྷ་བླ་མ་བྱང་ཆུབ་འོད། པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། ཉི་ཕུག་པ། སྤུ་སྟོན་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས་པ། མཁན་པོ་རྩི་འདུལ་བ། མཁན་པོ་བདེ་བ་ཅན་པ། མཁན་པོ་ཆུ་བཟང་བ། རིན་པོ་ཆེ་ཤེས་འབུམ། རྒྱལ་སྲས་ཐོགས་མེད་པ། བླ་མ་ངག་དབང་བ། ཆོས་རྗེ་བྱང་ཆུབ་སེང་གེ །ཇོ་ལྡན་མཁན་ཆེན་བསོད་ནམས་བཟང་པོ། འཕགས་ཆུང་བསོད་ནམས་དར། བན་སྒར་འཇམ་དཔལ་བཟང་པོ། སངས་རྒྱས་མཉན་པ། གྲུབ་ཐོབ་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །ན་ལེ་བ་རྒྱལ་མཚན་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། འབྲུག་ཆེན་ཀརྨ་བསྟན་འཕེལ། དེ་ལ་བདག་རཱ་ག་ཨ་སྱས་ཆུང་དུས་དབང་ལུང་གཉིས་ཀ་ཐོབ་
པར་འདུག་ལ། ཡང་ན་འཇམ་དཔལ་བཟང་པོ་ནས་བླ་མ་བསོད་ནམས་དཔལ་འབྱོར། བླ་མ་དགེ་འདུན་རྒྱ་མཚོ། བླ་མ་བློ་གྲོས་རྒྱལ་པོ། བླ་མ་དགེ་འདུན་རྒྱལ་མཚན། རིན་པོ་ཆེ་ཀརྨ་དོན་ཡོད། དེས་བདག་རཱ་ག་ཨ་སྱ་ལ་ལན་གཉིས་གནང་སྟེ། དེ་ནི་བྱ་རྒྱུད་དཔལ་མོ་སོར་བཞག་ཡིན་མོད་ཀྱི། ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་འདི་བྱ་རྒྱུད་ཡིན་ཀྱང་། བྱ་རྒྱུད་བླ་མེད་ལྟར་བཀྲལ་བ་རྗེ་སྲོང་བཙན་སྒམ་པོའི་ཐུགས་དམ། འཇའ་ཚོན་སྙིང་པོ་དང་། གཏེར་བཞེད་སྙིང་པོའི་གཏེར་མ་དང་། མི་འགྱུར་རྡོ་རྗེའི་གནམ་ཆོས་སོགས་ནས། ཕྱག་སྟོང་སྤྱན་སྟོང་ལ་རྒྱས་འབྲིང་བསྡུས་གསུམ། བཅུ་གཅིག་ཞལ་སོགས་འབྱུང་བའམ་བདག་གིས་ཐོབ་སྟེ། ལྷའི་ལོ་རྒྱུས་དང་གཟུངས་ནི་འདྲ་བ་ཡིན་ནོ་། །དོན་གསུམ་པ་ཕན་ཡོན་དགོས་ཆེད་ནི། ཞལ་བཅུ་གཅིག་པའི་གཟུངས་ལས། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཅིང་བྱང་བར་འགྱུར་རོ། །མཚམས་མེད་པ་ལྔ་དག་མ་ལུས་པར་བྱང་བར་བགྱིད་པར་འགྱུར། ཞེས་པ་དང་། ལན་བདུན་བཟླས་བརྗོད་བགྱིས་ན། ལས་ཀྱི་སྒྲིབ་པ་བྱང་བར་བགྱིད་དོ། །ཞེས་དང་།
རྒྱུད་ཀྱི་རྒྱལ་པོ་ཆེན་པོ་པདྨ་དྲྭ་བ་ཅན་ལས། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག །གྲངས་སྙེད་ཞལ་ནས་གསུངས་པ་ཡི། །རིག་སྔགས་སྙིང་པོ་གདང་བཅུ་གཅིག །མཐུ་ཆེན་ཐོབ་པ་མེད་པ་སྟེ། །འགྲོ་ལ་བརྟེན་ཅིང་བདེ་བ་དང་། །ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་། །བཀྲ་མི་ཤིས་ཀུན་བཟློག་བྱེད་ཅིང་། །རྨི་ལམ་མཚན་མ་ངན་ཀུན་སེལ། །དུས་མིན་འཆི་དང་ངན་སེམས་ཟློག །རྟག་ཏུ་དཔལ་དང་སེམས་བདེ་ཐོབ། །མྱ་ངན་སྡུག་བསྔལ་ཐམས་ཅད་སེལ། །རྩོད་འཁྲུག་ཐམས་ཅད་ཞི་བ་དང་། །བདུད་དང་གདོན་བགེགས་ཞི་བར་གྱུར། །འཇིག་རྟེན་སློབ་པ་ཀུན་གྲུབ་ཅིང་། །བདུད་དང་བར་ཆད་མཚོན་ཆ་དང་། །དབྱུག་དང་སྡིག་པས་བཅིངས་པ་དང་། །བཙོན་རར་བཅུག་ དང་མཚོན་ཆའི་ཚལ། །གསོད་སར་ཁྲིད་དང ་ཡན་ལག་བཅད། །མིག་འབྲུ་མཚོན་གྱིས་བཅད་པ་དང་། །ཆུ་དང་མེ་དང་རླུང་ས་གཡོས། །དུག་དང་བྱད་སྟེམས་རོ་ལངས་དང་། །ཆོམ་ཀུན་མི་མ་ཡིན་ཀུན་གནོན། །སྔོན་གྱི་ལས་དྲགས་ཡོད་པ་དང་། །རིག་སྔགས་འདི་ཡིས་སྲུང་བ་དང་། །ལེན་དང་འཇིག་རྟེན་འབྲི་བ་དང་། །ཀློག་དང་
ཁ་ཏོན་བཤད་སོགས་རྣམས། །བརྩོན་ལ་འཇིག་རྟེན་ལྷར་བཅས་དང་། །བདུད་དང་ཚངས་པ་དགེ་སྦྱོང་དང་། །བྲམ་ཟེ་བཅས་པས་གནོད་པ་མེད། །སྔོན་གྱི་ལས་དྲགས་ཡོད་པ་ཡང་། །བྱང་ཞིང་སྲབ་སྟེ་མེད་པར་འགྱུར། །ངན་པའི་དངོས་པོ་འདི་ལགས་པས། །རིག་ནས་མངོན་སུམ་ཡིད་ཆེས་པར། །རྣམ་པར་རྟོག་པ་མེད་ཀྱིས་བླངས། །དེ་སླར་སྐྱོབ་པ་སྐྱོབ་པ་དང་། །གསུངས་དབུགས་འབྱིན་དང་དཔལ་མགོན་དང་། །གླིང་དང་ཁང་ཁྱིམ་འདི་ཉིད་ཡིན། །ཉེ་རིང་ས་ཕྱོགས་ཇི་སྲིད་བར། །མཚམས་བཅད་ནས་ནི་རིག་སྔགས་དང་། །འབྱུང་པོ་རྣམས་ཀྱི་འཚེ་བ་མེད། །གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། །མངོན་པར་དགའ་ཞིང་གཟུངས་སྔགས་འདི། །ཉི་ཤུ་རྩ་གཅིག་བརྗོད་པ་ལ། །ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །མཚུངས་པར་ཡིད་རང་ལེགས་པར་སྦྱིན། །རྩ་བ་བཞི་དང་མཚམས་མེད་ལྔ། །མ་ལུས་སྡིག་ཀུན་བྱང་བར་གྱུར། །གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་། །བཟུང་ནས་བྱམས་པའི་སྙིང་རྗེའི་སེམས། །དང་བ་བསྐྱེད་ནས་བླ་མེད་ཀྱི། །བྱང་ཆུབ་སེམས་མཆོག་ས་ལ་
འགོད། །གངྒཱའི་ཀླུང་བརྒྱ་སངས་རྒྱས་ཀྱི། །མཚན་ནས་བརྗོད་ཅིང་སྟོན་པ་དང་། །རིགས་ཀྱི་བུའམ་བུ་མོ་གང་། །གང་གིས་མི་བརྗེད་དྲན་བྱེད་ཅིང་། །རིག་སྔགས་རྒྱུན་དུ་བརྗོད་ན་མེད། །མྱུར་དུ་མཆོག་དགའི་ས་ཐོབ་ཅིང་། །ལག་པའི་མཐིལ་ནས་མཐོང་བ་ལྟར། །བླ་མེད་བྱང་ཆུབ་མྱུར་དུ་འབྱུང་། །ཞེས་དང་། པདྨ་ཅོད་པན་གྱི་རྒྱུད་ལས་ཀྱང་། གཟུངས་སྔགས་འདི་གསུངས་ནས། སྔགས་འདི་འདོན་པར་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ལན་གཅིག་བརྗོད་པ་དྲན་ཅིང་ཡིད་ལ་བྱས་སམ། ལུས་ལ་བཅིངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་ལས་འབྱང་ཞིང་། སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་། མི་ཁོམ་བརྒྱད་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ། །ཨོཾ་རཀྵ་རཀྟ་ཞེས་པས་ཀྱང་སྲུང་བར་བྱའོ། །ཞེས་དང་། དེ་རྣམས་བསྡུས་པའི་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ། །འདི་ནི་རིགས་གསུམ་གྱི་བདག་པོར་གྱུར་ཏེ། ཕན་ཡོན་ནི་དེའོ། །ཆོས་སྐུ་དང་གཟུགས་སྐུ་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་
ཕན་ཡོན་མཐའ་ཡས་པ་དང་ལྡན་པའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད་ཅིག །ཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་མཛད་དང་། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །གསུམ། ད་ཡང་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་མམ་གཅིག །དེ་ནས་རྒྱས་པར་ནི་མི་ཉུང་ན་བུམ་པ་ལན་ལྔ་འགྲིམ། བསྡུ་ན་ལྔ་ཁ་བཏོན་ལ་དུས་གཅིག་ལ་འགྲིམ་སྟེ། དང་པོ་བུམ་ཆུ་གཏོར་ཞིང་། ཨོཾ་རྒྱ་གྲི་ཝ་ཧཱུཾ་
ཕཊ༔ ཅེས་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཡི་གེ་ཧིདཀར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས། པདྨ་གསེར་མདོག་ཧཱིས་མཚན་པར་གྱུར། སླར་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས་ནས་ཐིམ་པས། འོད་དུ་ཞུ་བ་ལས། ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་འཚེར་བ། །བཅུ་གཅིག་གི་འོག་མ་དཀར་པོ་ལྗང་དམར་བའི་ཞལ་གསུམ། དེ་སྟེང་ལྗང་དམར་དཀར་བའི་ཞལ་གསུམ། དེ་སྟེང་དམར་དཀར་ལྗང་བའི་ཞལ་རྣམས་ཞི་ཞིང་མཛེས་པ། དེ་སྟེང་ཁྲོ་ཞལ་ནག་པོ་སྤྱན་གསུམ་མཆེ་བ་གཙིགས་པ། དེ་སྟེང་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་རྒྱན་སྤངས་མགུལ་པ་དང་བཅས་པའོ། །རྩ་ཕྱག་བརྒྱད་ཀྱི་དང་པོ་གཉིས་།ཐུགས་ཀར་ཐལ་མོ་སྦྱར། གཉིས་པ་གཉིས་བསྒྲང་ཕྲེང་པདྨ། གསུམ་པ་གཉིས་མཆོག་སྦྱིན་དང་སྤྱི་བླུགས། བཞི་པ་གཉིས་འཁོར་ལོ་དང་མདའ་གཞུ་འཛིན་པ། ལྷག་མ་ཕྱག་
དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད་པ། དེ་ལྟར་ཕྱག་སྟོང་གི་མཐིལ་དུ་སྤྱན་རེ་རེས་མཚན་ཅིང་། དར་གྱི་སྟོད་གཡོགས་དང་དར་དཔྱངས་ཀ་ཤི་ཀའི་རས་ཀྱི་ཤམ་ཐབས་རི་དྭགས་ཀྲི་ཥཱ་ས་རིའི་པགས་པས་ནུ་མ་གཡོན་བཀབ་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་དང་ཕྱག་གདུབ་ཞབས་གདུབ་སྐེ་རགས་དོ་ཤལ་ཅན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། འོད་ཟེར་དཀར་པོ་འཕྲོ་བའི། དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀའི་དབུས་སུ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་བསྒོམ་པ་ལྟ་བུའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིང་། རྒྱས་པར་གཟུངས། བསྡུ་ན། ཨོཾ་ལོ་ཀི་ཤྭ་རི། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ། ཞེས་རོལ་མོ་དང་སྤོས་བཏང་། རྡོ་རྗེ་སྤྱི་བོར་བཞག་ཚུལ་བྱ་ཞིང་། བརྟན་པར་བྱ་སྟེ། ཡང་ན་ནས་གཏོར། ཏིཥྛབཛྲ། དེ་ནས་བུམ་པ་ཐོགས་ལ། དེ་བུམ་པའི་དབང་བསྐུར་བས་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་།་དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། པདྨ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མི་མང་ན་
བུམ་ཆུ་གཏོར། ཉུང་ན་འགྲིམ་ཞིང་བླུད། འོ་དེས་ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་འོད་དཔག་མེད་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །འདི་དག་གི་མཚམས་སུ་བཀྲ་ཤིས་འདོད་ན་གང་མོས་བྱའོ། །ད་མདུན་གྱི་དཀྱིལ་འཁོར་དབུས་འདི་ནི་པདྨ་འདབ་མ་བཞིའི་ལྟེ་བ་དང་འདབ་མ་ལ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དབུས་སུ་ལྷ་མོ་དཀར་མོ་ཕྱག་ན་བྱི་རུའི་བུམ་པ་བསྣམས་པ་དང་། ཤར་དུ་དཀར་མོ་ཤེལ་གྱི་བུམ་པ་བསྣམས་པ། ལྷོར་སེར་མོ་གསེར་གྱི་བུམ་པ་བསྣམས་པ། ནུབ་ཏུ་མཐིང་ག་ལྕགས་ཀྱི་བུམ་པ་བསྣམས་པ། བྱང་དུ་ལྗང་མོ་གཡུའི་བུམ་པ་བསྣམས་པ། ལྔ་ཀ་ཡང་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ཐམས་ཅད་ཌཱ་མ་རུ་འཁྲོལ་ཞིང་གཡོན་བུམ་པ་ཅན། རིགས་བདག་སོ་སོའི་དེ་བཞིན་གཤེགས་པས་དབུ་བརྒྱན་པ་གསལ་ཐོབ་ལ། དེ་ནས་མཎྜལ་དབུས་ཀྱི་ལྷ་མོ་དམར་མོ་ལས། མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་གི་
དབུས་སུ་ཐིག་ལེ་དམར་པོ་གཅིག་ཏུ་སྒོམས་ཤིག །ཇི་ལྟར་སོགས། པདྨ་ཨ་བྷི་ཥིཉྩ་ཧཱུྃ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ཉོན་མོངས་པ་ལྔ་ལས་འདོད་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་འོད་དཔག་མེད། བསྡུ་ན་འདིར་གོང་མ་ལ་སྦྱར་ནས་ཇི་ལྟར་སོགས་མི་དགོས། འདིའི་རྗེས་སུ་དབང་དོན་བཤད་དོ། །བཀྲ་ཤིས་ཀྱང་འདིར་བྱའོ། །ཡང་མཎྜལ་ཤར་གྱི་ལྷ་མོ་ལས་ལྷ་མོ་དཀར་མོ་གཅིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་འཚོག་མ་ནས་ཞུགས། སྙིང་གི་མདུན་དུ་ཐིམ་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་པར་སྒོམས་ཤིག་ཇི་ལྟར་སོགས། བུམ་པ་ཚང་མ་སྟེ་ཐོད་པ་དངོས་སུ་བཞག་ཅིང་། བུདྡྷ་ཨ་བྷི་ཥིཉྩ་ཨོ། བཀྲ་ཤིས། དེས་སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཉོན་མོངས་པ་ལྔ་ལས་གཏི་མུག་གི་དྲི་མ་དག །ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ།
སངས་རྒྱས་ལྔ་ལས་རྣམ་པར་སྣང་མཛད་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །ཡང་མཎྜལ་ལྷོའི་ལྷ་མོ་སེར་མོ་ལས། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས། རང་གི་རྣ་ལྟག་གཡས་ནས་ཞུགས། སྙིང་གི་གནས་སུ་ཐིག་ལེ་སེར་པོ་གཅིག་ཏུ་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། རཏྣ་ཨ་བྷི་ཥིཉྩནྟཾ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེས་ཉོན་མོངས་པ་ལྔ་ལས་ང་རྒྱལ་གྱི་དྲི་མ་དག །ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ་གནས་འགྱུར༔ ཡེ་ཤེས་ལྔ་ལས་མཉམ་ཉིད་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་རིན་ཆེན་འབྱུང་ལྡན་གྱི་ས་བོན་རྒྱུད་ལ་བཞག་པའོ། །ཡང་མཎྜལ་ནུབ་ཀྱི་ལྷ་མོ་མཐིང་ཁ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་གི་ལྟག་པ་ནས་ཞུགས། སྙིང་གའི་རྒྱབ་ཏུ་ཐིག་ལེ་མཐིང་ཁར་གྱུར་པ་སྒོམས་ཤིག །ཇི་ལྟར་སོགས། ལྟག་པར་བཞག །བཛྲ་ཨཨ་བྷི་ཥིཉྩ་ཧཱུྃ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། དེས་ཉོན་མོངས་པ་ལྔ་ལས་ཞེ་སྡང་གི་དྲི་མ་དག །ཕུང་པོ་ལྔ་
ལས་རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། ཡེ་ཤེས་ལྔ་ལས་ཆོས་དབྱིངས་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་མི་བསྐྱོད་པའི་བག་ཆགས་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །མཎྜལ་བྱང་གི་ལྷ་མོ་ལྗང་མོ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་གི་རྣ་ལྟག་གཡོན་ནས་ཞུགས། སྙིང་གའི་གཡོན་དུ་ཐིག་ལེ་ལྗང་གུ་གཅིག་ཏུ་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། བུམ་པརྣ་ལྟག་གཡོན་དུ་བཞག་ལ། ཀརྨ་ཨ་བྷི་ཥིཉྩ་ཨཱ། དེས་སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསྒོམས། དེས་ཉོན་མོངས་པ་ལྔ་ལས་ཕྲག་དོག་གི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་བྱ་གྲུབ་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་དོན་ཡོད་གྲུབ་པའི་བག་ཆགས་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །དེ་ནས་སྙིང་ཁའི་ཐིག་ལེ་རྣམས་ལ་ཤེས་པ་གཏད་ལ་མཉམ་པར་བཞག་པའི་ཐིག་ལེ་རྣམས་འོད་དུ་ཞུ་ནས། དབུས་ཀྱི་ཐིག་ལེ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་ཕུང་པོ་གཅིག་ཏུ་བསྒོམ། དེའི་ངང་ལ་མཉམ་པར་བཞག་པས། དེ་ནས་འོད་དེ་ཡོངས་སུ་གྱུར་པ་ལས། ཧྲཱི༔ ཚེག་དྲག་དང་
བཅས་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། སྔར་སྨོས་པའི་བཅུ་གཅིག་ཞལ་གྱི་སྐུ་ཡོངས་སུ་རྫོགས་པར་ཝལ་གྱིས་སྒོམས་ཤིག །བླ་མས་ཀྱང་བསྒོམ། དེ་ཡང་ཆུ་དང་ཅོད་པན་དར་དཔྱངས་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པས། བུམ་པ་ཆུའི་དབང་དེ་སོང་ནས། ད་མདུན་གྱི་གཙོ་བོ་རྣམས་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་དང་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་དབང་བསྐུར་བར་སྒོམས་ཤིག །སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་འདི་ཁྱོད་ཀྱིས་ལོངས། །རཏྣ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་མཛེས་པའི་མེ་ཏོག་སོགས། །མཛེས་ཤིང་ཡིད་འོང་སོགས། བསྡུ་ན་འདི་གསུམ་མི་དགོས་ཏེ། གཞུང་ན་མེད་མོད། དེས་བུམ་པའི་དབང་འཁོར་བཅས་སོང་ནས། གཉིས་པ་སྔགས་ཀྱི་རྗེས་གནང་གི་དོན་དུ་སློབ་དཔོན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ཕུལ་བར་བསྒོམས་ལ། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཐུགས་རྗེས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སྔགས་ཀྱི་དངོས་གྲུབ་བསྩལ་དུ་
གསོལ། གསུམ་བརྗོད། དེ་ནས་ངེད་སློབ་དཔོན་དང་ཁྱེད་རང་སློབ་མ་རྣམས་བཅུ་གཅིག་ཞལ་དུ་གསལ་བའི་སྙིང་གར། ཟླ་བའི་སྟེང་དུ་ཧྲཱིལ་སྔགས་ཀྱིས་བསྐོར་བར་བསྒོམ། དེ་ནས་བླ་མའི་ཐུགས་ཀའི་སྔགས་ལས་སྔགས་ཕྲེང་བྱུང་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་བསྐོར་བར་བསྒོམ་ཞིང་གཟུངས་འདིའི་རྗེས་ཟློས་མཛོད། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཨཱརྱ་ཛྙཱ་ན་ས་ག་ར།་བེ་རོ་ཙ་ན་བྷུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ན་མསརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨདྷ་ཏེ་བྷྱ༔ སཾམྱཀཾ་བུདྡྷེ་བྷྱ༔ ན་མཨཱརྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝིཊྚེ། ཙ་ལེ་ཙ་་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ། ཝ་རེ་ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། །རབ་ཚར་གསུམ། བསྡུ་ན་ཚར་གཅིག་དང་གཟུངས་ཐུང་གཉིས་སམ་ཡིག་དྲུག་གཉིས་རྗེས་ཟློས་བཅུག །ད་མེ་ཏོག་གི་ཕྲེང་བ་སྔགས་ཕྲེང་དུ་བྱས་ཏེ་སྤྱི་བོར་བཅིངས་བར་བསྒོམ། ཉུང་ན་རྡོ་རྗེ་མེ་ཏོག་ཡང་ན་ནས་མེ་ཏོག་གཏོར་ལ། བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡིས། །བྱིན་གྱིས་
རླབས་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་རིག་སྔགས་ཀྱི། བྱིན་རླབས་ནུས་པ་ཐམས་ཅད་སློབ་མ་འདི་རྣམས་ལ་འཇུག་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། འོ་དེས་སྔགས་ཀྱི་བཟླས་ལུང་སྦྱིན་པ་བྱ་བ་རིག་གཏད་ཀྱི་དབང་དེ་སོང་། རྒྱས་པར་སྤྲོ་ན་ཡུངས་ཀར་དུརླ་ལ་སོགས་བཀྲ་ཤིས་རྫས་བརྒྱད་འགྲིམ། བསྡུ་ན་མི་དགོས་ཏེ། གཞུང་ན་མེད་དོ། །དེས་དངོས་གཞི་སོང་ནས་དབང་གི་མཐའ་བརྟེན་དང་རྗེས་གནང་གཉིས་ལས། འདི་བྱ་རྒྱུད་ཡིན་པས་བྱ་རྒྱུད་ལ་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པར་བཀྲ་ཤིས་པའི་རྫས་བརྒྱད་ཀྱི་མཐའ་བརྟེན་པར་བཤད་པའི་ཕྱིར། ཞེས་དབང་ཙཀ་ལྟར་བསྐུར་རོ། །གསུམ་པ་རྗེས་གནང་ནི་སྤྱན་རས་གཟིགས་ཀྱི་སྐུ་པོ་ཏི་གཏད་ལ་ཞེས་གསུངས་པས། པོ་ཏི་ལག་ཏུ་གཏད་ཅིང་སྐུ་སྤྱི་བོར་བཞག་པས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པའི་དབང་ཐོབ་པར་སྒོམས་ཤིག །ཉུང་ན་པོ་ཏི་ལག་ཏུ་གཏད། མང་ན་བླ་མཆན་ལྟ་བུའི་འགྲིམ་ཆོག་སྟེ། གླེགས་བམ་ཕྱིར་ནས་བརྗོད། ད་ཁྱེད་རང་རྣམས་ཀྱིས་
ཕྱིན་ཆད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་འདིའི་དབང་བསྐུར་གྱིས་ཤིག །འདིའི་ཆོས་རྒྱས་པར་ཤོད་ཅིག །དེ་ནས་གཏོར་མ་ཙཀྲི་ཅན་བཟུང་ནས། འདིའི་རང་གཞུང་ལས་གཏོར་མ་གསུངས་པ་ནི་གསལ་བར་མེད་ཀྱང་། སྐུ་གཏད་པར་བཤད་པ་དང་། གསང་སྔགས་རྙིང་མའི་བཅུ་གཅིག་ཞལ་ཕྱག་སྟོང་ཅན་གྱི་གཏོར་དབང་ཡང་གསུངས་ལ། །གསར་མ་གཅིག་ཤེས་ཀུན་གྲོལ་ནས་བྱ་རྒྱུད་ལ་ཡང་གཏོར་དབང་བྱ་རུང་བར་བྱས་པ་དང་། གསར་མའི་སྨན་བླ་དང་ཐུབ་པ་གནས་བཅུ་སོགས་བྱ་རྒྱུད་སོར་བཞག་རྣམས་ལ་ཡང་གཏོར་མའི་བྱིན་རླབས་གསུངས་པས། འདིར་གཏོར་མའི་བྱིན་རླབས་ཀྱི་ཆེད་དུ། གཏོར་མ་སྐུ་ཙཀྲི་དང་བཅས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཆི་ལི་ལི་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསྒོམ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་དང་། མགོན་པོ་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ །ལྷ་བླ་མ་ཡེ་ཤེས་འོད།
པེ་ཉ་པ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་པ་གསར་མ་བརྒྱུད་པའི་བླ་མ་རྣམས་དང་། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ་འབྱུང་གནས། ཇོ་མོ་མཁར་ཆེན་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ། རྙིང་མ་བརྒྱུད་པ་རྣམས་དང་། ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ནམ་མཁའ་རྒྱལ་པོ། ངན་སོང་རང་གྲོལ། ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་བཀྲ་མི་ཤིས་པའི་ཕྱོགས་རིས་ཐམས་ཅད་ཞི་བར་མཛད་དུ་གསོལ། བསོད་ནམས་དང་ཡེ་ཤེས་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འཕེལ་བར་མཛད་དུ་གསོལ། འཁོར་བ་ངན་སོང་གི་སྐྱེ་སྒོ་ངན་པ་ཐམས་ཅད་ཆོད་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། །ན་མོ་རཏྣ་སོགས། གཟུངས་བརྗོད་ཅིང་འགྲིམ། དེ་ནས། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་
ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར་རོ། །གོང་དུ་ཡང་འོད་དཔག་མེད་པའི་གསུང་སྐུ། ཡོན་ཏན་ཐུགས་ཕྲིན་ལས། ཞེས་བཀྲ་ཤིས་གང་རུང་བསྐུར་བ་བྱས་ཀྱང་རུང་ངོ་། །འོ་དེ་རྣམས་ཀྱི་དོན་དུ་སྔགས་རྗེས་གནང་གི་བཟླ་བ་ལ་དབང་། སྐུ་ཙཀཱི་དང་པོ་ཏི་གཏད་ཅིང་གཞན་དོན་གྱིས་ཤིག་པས། གཞན་དོན་བྱེད་པ་ལ་དབང་བ་ཡིན་པས། དེ་ལྟར་གཞན་གྱི་དོན་བསྒྲུབ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་སོགས། །དེ་ནས་རྗེས་ཆོག་བྱ་བ་ནི། མཆོད་པ་གཤེགས་གསོལ། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨབྷཾ་སོགས། དུས་གསུམ་བདེ་བར་གཤེགས་པ་སོགས། མ་འབྱོར་པ་དང་སོགས། བདག་མདུན་བུམ་པའི་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་རྟེན་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དམ་ཚིག་པ་རང་ལ་ཐིམ་ཞིང་། དེ་ཡང་ཐུགས་ཀའི་ཧྲཱིལ་ཐིམ། །དྷིཡང་མི་དམིགས་སྟོང་པ་ཉིད། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །
འདི་ནི་གནས་བརྟན་ཆེན་པོ་ཀུ་ལའི་མཁན་ཆེན་བསོད་ནམས་བཟང་པོས་མཛད་པའི་དབང་ངེས་པར་ཐོབ་པས། དབང་ཆོག་དེ་ཉིད་ལ་གཞིར་བྱས་ཏེ་ལོ་རྒྱུས་དང་ཕྱག་ལེན་རྒྱས་བསྡུས་གང་བྱས་རུང་ཞིང་། ཁྱེར་བདེ་བར་རྭ་ག་ཨ་སྱས་བཀོད་པ་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།