མདོ་སྡེ་བཀའ་གཏེར་གཉིས་ལས་བསྡུས་པ་བསང་ཤེས་པའི་ཕན་ཡོན་མ་ཤེས་པའི་ཉེས་དམིགས་གསལ་བར་བཀོད་པ།
མདོ་སྡེ་བཀའ་གཏེར་གཉིས་ལས་བསྡུས་པ་བསང་ཤེས་པའི་ཕན་ཡོན་མ་ཤེས་པའི་ཉེས་དམིགས་གསལ་བར་བཀོད་པ་བཞུགས་སོ།།
སརྦ་བུདྡྷབྷོ་དྷི་སཏྭཱ་ཡེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བསང་གི་ཆོ་གའི་སྔོན་འགྲོ་དངོས་གཞིའི་ལས་རིམ་རྣམས་ལས། དང་པོ་བསང་གི་བྱུང་ཁུངས་ཕན་ཡོན་གཉིས་ལས། དང་པོ་བསང་གི་ཕན་ཡོན་ལ། བསང་བྱས་པའི་ཡོན་ཏན། མ་བྱས་པའི་ཉེས་དམིགས་ལས། ཁོ་བོ་ཉིན་ཅིག་ས་ཕོ་སྤྲེལ་ལོའི་ཚེས་བཅུའི་དུས་སུ། བདག་གི་ཉམས་སྣང་ལ། ཆབ་མདོའི་ཕོ་བྲང་གི་དབུས་ནས་བསང་གི་དུད་སྤྲིན་ཆེན་པོ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། མཐོ་སྲིད་པའི་རྩེ་མོ་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་བར་གྱི་སེམས་ཅན་ལམ་རྒྱུད་ལྔ་ལ་
གནས་པའི་འགྲོ་བ་རིགས་དྲུག་སོ་སོར་ཟས་སྐོམ་གོས་དང་ལོངས་སྤྱོད་སྤྱན་གཟིགས་རང་རང་ལ་འདོད་པའི་ཡོན་ཏན་སྣ་ལྔ་ལ། ན་བ་གསོ་བའི་སྨན། འཆི་བ་གསོ་བའི་བདུད་རྩི། བཟའ་བ་དཔངས་མི་ཟད་པ། རྒོལ་བས་མི་རྡེབ་པ། རི་རྒྱལ་བས་དཔངས་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པ་ཞིག་གིས་ཁེངས་ནས་ལྷ་ཡི་ཡུལ་དུ་སོང་ནས་ལྷ་ཕམ་ལྟུང་གི་སྡུག་བསྔལ་དང་། ལྷ་ཚེ་རིང་པོའི་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་ནོ། །ལྷ་མ་ཡིན་གྱི་གནས་སུ་དུད་སྤྲིན་སོང་བས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས།
དམྱལ་ཁམས་སུ་སོང་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་ཐར། ཡི་དྭགས་ཀྱི་གནས་སུ་སོང་བས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ། མི་ཡུལ་དུ་སོང་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་ནོ། །ཆོས་སྐུ་དང་ལོངས་སྐུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ། སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་རྒྱ་ཆེན་པོ་འགྲུབ། འཇིག་རྟེན་ཁམས་ཀྱི་གཞི་བདག་དྲེགས་པའི་ཚོགས་ལྷ་ཀླུ་སྡེ་བརྒྱད་བརྟན་མ་མགུལ་ལྷ་སོགས་བཀའ་སྲུང་དམ་ཅན་རྣམས་ཐུགས་དགྱེས་ནས་ཐམས་ཅད་ལ་བསྐལ་པའི་བར་ལ་མི་ཟད་པའི་ལོངས་སྤྱོད་ཆར་ལྟར་བབས་པས། བསང་གི་དྲི་ཚོར་བ་ཙམ་གྱིས་ན་བ་སོས། ཤི་བ་སློང་། ཞྭ་བ་རྣམས་རང་། འོན་པ་རྣམས་ཀྱིས་སྒྲ་ཐོས་སོ། །ལྐུགས་པ་རྣམས་ཀྱིས་སྨྲ་ཤེས་ལྕེ་བདེ། ལོང་བ་རྣམས་མིག་དང་ལྡན་ནས། རང་རང་གི་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་འདུག་གོ་སྙམ་པ་ཞིག་བྱུང་བས་དེ་ཅི་ཡིན་གཟིགས་པས། དགོན་པའི་དཀྱིལ་ནས། བླ་མ་ཞག་གཅོད་སྤྲུལ་སྐུས་བསང་བརྔན་གྱི་ཆོ་ག་རྒྱས་པར་བྱས་པར་གཟིགས་པས། ཨ་ཨ། བསང་འདི་ལ་ཕན་ཡོན་འདི་ཙམ་འདུག་བསམས་ནས་ང་ཡིས་ངོམ་རྒྱལ་ཁྱེད་རྣམས་ལ་བསང་འདིའི་
ཕན་ཡོན་ཅི་འདུག་དྲིས་པས། བདག་ལ་དྲིས་ལན་འདི་སྨྲས་སོ།། ང་ནི་ངོམ་གྱི་རྒྱལ་ཆེན་རྣམས་ཀྱི་གཙོ། །ང་ནི་ངོམ་གྱི་སྐྱེ་འགྲོ་ཀུན་གྱི་བདག །ང་ནི་གནམ་ས་ཀུན་གྱི་བདག་པོ་སྟེ། །ང་ལས་དབང་ཆེའི་གཞི་བདག་ཕྱོགས་འདིར་མེད། །དེ་རིང་ཞག་གཅོད་རྟོགས་ལྡན་བསང་མགྲོན་དུ། །ངེད་ཅག་གཞི་བདག་ཆེ་ཕྲ་མ་ལུས་པ། །སྔགས་ཀྱི་འོད་ཟེར་སྤྱན་འདྲེན་བྱུང་བའི་ཚེ། །སྐད་ཅིག་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །ངེད་ཅག་བསང་གི་མགྲོན་དུ་བོས་པའི་ཚེ། །འཛམ་བུ་གླིང་གི་གཞི་བདག་ཐམས་ཅད་ལ། །ཟས་མེད་རྣམས་ལ་ཟས་དང་གོས་མེད་གོས། །རྟེན་མེད་རྣམས་ལ་རྟེན་དང་མགོན་མེད་མགོན། །ངེད་ཅག་རྣམས་ལ་མགོན་དང་རྟེན་བྱིན་པས། །འཛམ་གླིང་གཞི་བདག་ལྷ་འདྲེ་ཐམས་ཟླཅད་དང་། །སྡེ་བརྒྱད་བརྟན་མ་དགེ་བསྙེན་བཙན་དང་ཀླུ། །དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས། །མ་མོ་བཙན་བདུད་དམ་ཅན་གཟའ་རྒྱལ་པོ། །སོ་སོར་ཀུན་གྱི་ཡིད་ལ་འདོད་དགུ་ཡི། །དུད་པའི་ཟེར་སྤྲིན་རེ་རེའི་རྩེ་ལས་ནི། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་། །འདོད་ཡོན་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ། །རང་རང་ཡིད་ལ་ཅི་
འདོད་གང་དགོས་པའི། །འདོད་ཡོན་ཐམས་ཅད་ཆར་བཞིན་བབ་དུས་སུ། །རང་རང་ཡིད་ཀྱི་གཟུགས་ཅན་ལྷ་འདྲེ་རྣམས། །བསང་གི་དྲི་ནི་ཚོར་བ་ཙམ་གྱིས་ནི། །ནོར་མེད་ནོར་ལྡན་མིག་མེད་གཟུགས་མཐོང་ཞིང་། །འོན་པས་སྒྲ་ཐོས་ལྐུགས་པ་ཁ་ལྕེ་བདེ། །སྨྱོན་པ་དྲན་ལྡན་ཞ་བོ་བདེ་བར་རྒྱུག །སྡུག་བསྔལ་ཅན་རྣམས་བདེ་ལྡན་སྐྱབས་མེད་སྐྱབས། གནས་དང་རྟེན་བྱིན་ངེད་ཅག་ལྷ་འདྲེ་ལ། །ང་ཡིས་ཁྱེད་རྣམས་མཆོད་པའི་ཡོན་ཏན་གྱིས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་། ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །རྣལ་འབྱོར་བདག་གི་དགྲ་བགེགས་མ་ལུས་སྒྲོལ། །གསུང་ནས་ཐ་ཚིག་ཐེངས་གསུམ་བསྒོས་པའི་ཚེ། །ངེད་ཅག་ལྷ་འདྲེས་དེ་བཞིན་བཀའ་བསྲུངས་ནས། །དམ་ལ་མི་གཡེལ་རྣལ་འབྱོར་གྲོགས་བྱེད་ནས། །སྡང་དགྲོ་གནོད་བྱེད་ཆམ་ལ་འབེབས་པ་དང་། །བླ་མ་དམ་པའི་སྐུ་ཚེ་བསྲིང་བ་དང་། །དགེ་འདུན་སྡེ་རྣམས་བུ་བཞིན་སྐྱོང་བ་དང་། །ཡུལ་ཁམས་ཀུན་ལ་ཆར་ཆུ་འབེབས་པ་དང་། །ལོ་ལེགས་མི་ནོར་འཕེལ་ཞིང་རྒྱས་པ་དང་། །ཁ་འཛིན་སྡོང་གྲོགས་མཐུན་རྐྱེན་ངེད་ཀྱིས་སྒྲུབ། །
ཞུས་ནས་དམ་བཅས་ཐ་ཚིག་མནའ་བོར་རོ། །ཡུལ་ཁམས་ཀུན་ལ་བདེ་སྐྱིད་འབྱུང་བ་དང་། །ཆར་ཆུ་དུས་འབེབས་ལོ་ཏོག་དུས་སུ་འཁྲུངས། །འབྲུ་བཅུད་འཕེལ་དང་ས་བཅུད་གསོ་བ་དང་། །འབྱུང་བ་དགྲར་ལངས་ས་བཅུད་ཉམས་པ་གསོ། །དེ་རྣམས་གཞི་བདག་རྣམས་ཀྱི་མཐུ་ལས་བྱུང་། །ཡུལ་ལྷ་གཞི་བདག་གནས་བདག་ཀླུ་གཉན་ནི།རྣལ་འབྱོར་སུ་ཡིས་མཆོད་བསྟོད་བྱས་པ་རྣམས། །དངོས་གྲུབ་དེ་རྣམས་ཐོབ་པར་གདོན་མི་ཟ། །ཞེས་སོགས་ཞུ་བ་ཞུས་ལན་མང་བྱུང་ཡང་། །འདི་རུ་ཡི་གེ་མང་དོགས་མདོ་འགག་བྲིས། དེ་བས་བསང་འདིའི་ཡོན་ཏན་དཔག་ཏུ་མེད། ༈ །ཡང་ཉིན་ཞིག་རཱ་ག་ཨ་སྱ་ཉམས་སྣང་ལ། བདག་ལུས་མེད་གྲོང་ཁྱེར་ཆེན་པོ་ཞིག་གི་རྩར་ཕྱིན་པས། ས་ཡི་ཕྱོགས་ཐམས་ཅད་གུ་དང་ངུ་འབོད་ཏི་རི་རི་བྱེད་ཅིང་། ཀྱེ་མའོ། །ཀྱི་མའོ། །ཟེར་བས་སྡུག་བསྔལ་བའི་འོ་དོད་ལྷང་ལྷང་བྱེད་ས་ཞིག་ཏུ་ཕྱིན་པས། ཁྱོད་རྣམས་སུ་ཡིན་གང་ཡིན། སྡུག་བསྔལ་བའི་འོ་དོད་ལྷང་ལྷང་དུ་འབོད་པའི་དོན་ཅི་ཡིན། འདི་ཡི་རྐྱེན་གང་ལས་བྱུང་། འདི་སུ་ཡིས་བྱས།ལས་ཅི་བྱས་པ་ལས་བྱུང་སྨྲས་པས། དེ་རྣམས་ལ་སྙིང་རྗེ་ཆེར་
བསྐྱེད་ནས་ཕྱོགས་ཐམས་ཅད་ལ་བལྟས་པས། གཞི་བདག་ཡུལ་ལྷ་ཐམས་ཅད་ལ་ལ་ནི་བརྒྱལ། ལ་ལ་ནི་ན་བ་དང་ཞ་ལོང་དུ་སོང་ནས་ལུས་ལས་རྣག་ཁྲག་ཆུ་སེར་འབབ་ཅིང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བའི་སྡུག་བསྔལ་ཆེན་པོ་བྱུང་བ་དང་། ན་ཚ་དང་ཟུག་གཟེར་ནི་ཨ་ན་ཨ་ཚའི་ངུ་འབོད་བྱེད། ཉམ་ཐག་པའི་བརྡའ་སྟོན་པ་ལྷ་འདྲེ་རྣམས་ལ་སྨྲས་པ། དེའི་ནང་ནས་གཙོ་ཆེ་བའི་གཞི་བདག་ཚ་བ་རྡོ་རྗེ་དྲེལ་དཀར་ཡིན་ཟེར་བའི་མི་དཀར་རྟ་སེར་པོ་ལ་ཞོན་པ་ལག་ན་མདུང་ཐུང་འཛིན་པ་མི་སྡུག་པའི་གཟུགས་སྟོན་ཅིང་བདག་ལ་འདི་སྐད་བཤད་དོ། །ངེད་རྣམས་འདིར་སྔགས་པ་ཞིག་གིས་སྔགས་ཀྱི་འོད་ཟེར་གྱིས་བསང་མགྲོན་དུ་བཀུག་པའི་ཚེ། སློབ་དཔོན་པདྨ་བཛྲ། གྲགས་པ་རྒྱ་མཚོ་སོགས།དཔལ་ལྡན་བླ་མ་དམ་པ་འགའ་ཞིག་གི་སྤྱན་སྔར་ཁས་བླངས་དམ་བཅས་ལྟར་དྲན་ནས་ཡོང་བའི་ཚེ། བསང་གི་རྫས་དང་བུད་ཤིང་ལ་མི་གཙང་བའི་དྲི་བསྣོལ་བྱུང་བས་དེའི་རྐྱེན་གྱིས་གཞི་བདག་ལྷ་ཀླུ་རྣམས་ལ་འདི་འདྲ་བའི་ཉེས་ལེན་འདི་དང་ཡོན་བདག་ཕྱོགས་འདི་ཡི་སྐྱེ་འགྲོ་སོགས་ལ་མི་ནད་ཕྱུགས་ནད་ཡམས་ཀྱི་ནད་དང་འཚེ་བ་དང་། ཡུལ་འདི་རུ་འཁྲུག་པ་དང་།
བཙའ་སད་སེར་གསུམ་སོགས་མི་སྡུག་པའི་ལྟས་ཆེན་པོ་འབྱུང་བར་འགྱུར་རོ། །ངེད་ཅག་གཞི་བདག་རྣམས་ལ་ནད་འདི་འདྲ་བྱུང་བ་ལས་མ་ཐར་གྱི་བར་དུ་སེམས་ཅན་ལ་བདེ་བའི་གོ་སྐབས་མི་འབྱུང་ཟེར་བའི་སྒྲ་ཞིག་ཐོས་སོ། །ཡང་གཞི་བདག་རྣམས་ལ། བདག་གིས་ཁྱེད་རྣམས་ལ་བསང་མཆོད་བུད་ཤིང་སོགས་ལ་མི་གཙང་བའི་རྫས་ཅི་བྱུང་དྲིས་པས། མོན་མོ་འདྲ་བའི་གཞི་བདག་མོ་ཞིག་གིས། མཆོད་པའི་ཡོ་བྱད་དང་། ཤིང་རྣམས་དམེ་ཅན་ཞིག་གིས་འཐུས་ནས་ཤིང་དྲུད་མཐར་འཕངས་ནས་དབབ་སྒྲིལ་བ་དང་། རྩི་བཅུད་འོ་ཞོ་ལ་མི་དང་ཁྱི་དམར་ཞིག་གིས་འཐུང་འཕྲོ་དང་། མར་ལ་བུད་མེད་གཅིག་གིས་མཚན་མར་རེག་ནས་ལག་པ་མ་བཀྲུས་པའི་རྐྱེན་འགའ་ཞིག་ལས་བྱུང་། སྔགས་པ་འདི་ཡང་དམ་རལ་བས་བསང་བྱེད་པའི་དུས་ཤ་ཁྲག་ཟོས་ནས་སྔགས་ཀྱི་སྒྲ་མ་དག་པ་དང་། ཏིང་ངེ་འཛིན་བསྐྱེད་རིམ་མི་གསལ་དུག་ལྔ་ཆེ་བའི་རྐྱེན་ལས་བྱུང་ཟེར་བའི་སྒྲ་ཐོས་པས། བདག་རེ་ཞིག་བསམ་གཏན་ལ་མཉམ་པར་བཞག་ནས། ལས་ངན་གྱི་སེམས་ཅན་དང་གཞི་བདག་དེ་རྣམས་ལ་སྙིང་རྗེ་ཆེར་བསྐྱེད་ནས། འདི་རྣམས་རྐྱེན་ངན་ན་ཚ་འདི་ལས་ཐར་བའི་ཐབས་གང་
ལགས་བསམས་ནས། སློབ་དཔོན་པདྨ་འབྱུང་གནས་དང་། དྲིན་ཅན་དྷརྨེ་ཤྭ་ར་དབྱེར་མེད་དུ་བསྒོམས་ནས་གསོལ་བ་བཏབ་པས། བར་སྣང་ཁམས་ནས་སྒྲ་འདི་སྐད་ཐོས་སོ། ཨེ་མ་རྣལ་འབྱོར་ངོ་མཚར་ཅན། །དལ་ཅིག་མ་ཡེངས་ཚུར་གསོན་དང་། །ལས་ངན་སེམས་ཅན་འདི་རྣམས་ལ། །སྡུག་བསྔལ་འདི་དང་བྲལ་དགོངས་ན། །བསང་དང་བརྔན་གྱི་ཆོ་ག་ལ། །འབད་རྩོལ་ལེགས་པར་ཁྱོད་ཀྱིས་སྒྲུབས། །ཡུལ་འདིའི་སྐྱེ་འགྲོ་སེམས་ཅན་དང་། །སྤྱིར་ནི་འཛམ་གླིང་གཞི་བདག་དང་། །སྟོང་གསུམ་གནས་པ་དྲེགས་པའི་ཚོགས།ལྷ་ཀླུ་སྡེ་བརྒྱད་བརྟན་མ་དང་། །མ་གཟའ་དམ་གསུམ་གཙོར་བྱས་པའི། །ཡིད་ཀྱི་གཟུགས་ཅན་ལྷ་འདྲེ་རྣམས། །ཐམས་ཅད་བདེ་ལ་འགོད་ཕྱིར་དུ། །བསང་གི་ཆོ་ག་བརྩམས་ནས་ནི། །ཁྱེད་ཀྱིས་བསྒྲུབ་དང་གཞན་ལ་སྤེལ། །ཁྱོད་ནི་དུས་ངན་ཐ་མའི་མགོན་གཅིག་པུ། །ཁྱོད་ནི་སྡེ་བརྒྱད་ཀུན་གྱི་དེད་དཔོན་ཏེ། །ཁྱོད་ནི་ལྷ་འདྲེ་ཀུན་གྱི་གཉེན་པོ་སྟེ། །ཁྱོད་ནི་གཞི་བདག་ཀུན་གྱི་སྦྱིན་བདག་སྟེ། །ཁྱོད་ནི་མ་ཧཱ་ཀཱ་ལའི་གསུང་སྤྲུལ་ཏེ། །འགྲོ་བ་སེམས་ཅན་དོན་ལ་སྤྲུལ་པའི་སྐུ། །བཞེངས་པའི་དྲིན་ཅན་རྣལ་འབྱོར་ཆོས་ཀྱི་རྗེ། །སངས་
རྒྱས་མི་གཟུགས་དེ་ལ་བདག་བསྟོད་དོ། །ཞེས་ཐོས་སོ། །དེ་ཉིན་ཉམས་དེའི་ངང་རྣལ་སད་པ་འདྲ་བ་ཞིག་ལ། སྔགས་འཆང་ཚེ་མགོན་དང་དགེ་སློང་བརྩོན་འགྲུས་གཉིས་ལ་ད་ལྟ་ཤོག་བུ་ཞིག་བཙལ་དང་། བདག་གིས་བརྩམས་ཆོས་ཞིག་རྩོམ་གསུངས་ནས། དེ་ཉིན་བར་ཆད་ཀུན་སེལ་གྱི་བསང་ཆོག་དགེ་ལེགས་གཏེར་མཛོད་ཅེས་བྱ་བ་དེ་ཉིད་བརྩམས་ནས་བསང་ཆས་བསགས་ནས་བུད་ཤིང་སྣ་ཚོགས་ཀྱི་བཟང་ཤིང་ཟས་རིགས་དཀར་གསུམ་མངར་གསུམ་གྱི་རིགས་ཤ་ཁྲག་མ་གཏོགས་པའི་ཟས་ཕུད་དང་། སྲན་མ་དང་འབྲུ་ནག་མ་གཏོགས་པའི་འབྲུ་ཐམས་ཅད་བསགས་ནས། བདག་མདུན་མཆོད་པ་བྱིན་རླབས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་དུག་ཕྱུང་བྱས། དུད་པའི་ལྷ་མོ་མེ་ལྷ་གདན་བཞུགས་བུམ་ཁྲུས་སོགས་གཞུང་བཞིན་རྒྱས་པར་བྱས་ནས་བསང་བརྔན་བྱས་པས་དེ་མ་ཐག་ཏུ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་རྒྱ་ཀྱི་ཐུགས་དམ་བསྐུལ། འཇིག་རྟེན་གྱི་གཞི་བདག་ལྷ་ཀླུ་གཟའ་བཙན་རྣམས་ཀྱི་རེ་བ་བསྐངས། བསང་གི་དྲི་ཚོར་བ་ཙམ་གྱིས་གཞི་བདག་ཐམས་ཅད་ཀྱི་མི་གཙང་ལྗིན་ལྗིན་ཐམས་ཅད་
ཕྱགས་ན་བའི་སྡུག་བསྔལ་དང་བྲལ་ལུས་ཤེལ་སྒོང་གཡའ་ཕྱེས་པ་ལྟར་དུ་གྱུར་ཏོ། །ཆོས་ཀྱི་སྒྲ་ཆེན་པོ་ཐོས་སོ། །དེའི་མོད་ལ་མི་རྣམས་ཀྱིས་འཁྲུག་རྩོད་ནད་ཡམས། བཙའ་སད་སེར་གསུམ་གྱི་འཇིགས་པ་སོགས། ལོ་མང་པོའི་བར་མ་བྱུང་བ་ཐོས་སོ། །བསང་འདིའི་ཕན་ཡོན་བསྐལ་པའི་བར་ལ་བཤད་ཀྱང་རྫོགས་མི་ནུས་པར་མདོ་དང་རྒྱུད་དང་བསྟན་བཅོས་སོགས་ལས་མང་དུ་གསུངས་སོ། །མདོ་སྡེ་ཐར་པ་ཆེན་པོ་ལས་གསུངས་མཆན། ཡང་མཁས་པ་མི་བཞིའི་གསུང་འདི་རྒྱལ་བའི་བཀའ་དང་མཚུངས་ཏེ། རོ་འགྲོས་ཀྱི་ནག་རྩིས་གཞུང་ལས་འཇིག་རྟེན་ཁམས་ཀྱི་མི་རྣམས་ཀྱིས། །ཁང་ཁྱིམ་གསས་མཁར་བརྩེགས་པ་དང་། །རོ་འགྲོས་ས་རྒོད་བཏུལ་བ་དང་། །དྲག་པོའི་ལས་ཀྱི་སྔགས་བྱེད་དང་། །དུར་བཏབ་བག་མ་གཏོང་ལེན་དང་། །གལ་ཆེན་བྱ་བ་བྱེད་པ་དང་། །བསང་མཆོད་བགྱིས་པས་བདེ་ལེགས་འབྱུང་། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་དང་། །འབྱུང་བ་ཞག་དུས་སྤར་སྨེའི་བདག་ལོ་རྒན་དྲུག་ཅུ་ལོ་བཅུ་གཉིས། །ས་བདག་ལྷ་ཀླུ་སྡེ་བརྒྱད་ཀུན། །བསང་དང་ཞི་བའི་ལས་ལ་དགྱེས། །བསང་དང་ཞི་བས་མཆོད་བྱས་ན། །འཇིག་རྟེན་བདེ་ཞིང་ལོ་
ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །ཡིད་ལ་བསམ་པ་ཀུན་འགྲུབ་འགྱུར། །ཞེས་གསུངས་སོ། །ཡང་སློབ་དཔོན་ཐོགས་མེད་ཀྱི་ཞལ་ནས། རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དང་། །ནཱ་ལེནྡ་དང་། སྤོ་བོ་ཁྲ་འབྲུག །དཔལ་གྱི་བསམ་ཡས་ཆེན་པོ་དང་། ལྷ་སའི་ར་མོ་ཆེ། ཏི་སེ་ཤེལ་གྱི་ལྷ་ཁང་སོགས་ཀྱིས་མགོར་བྱས་པའི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་། སྨད་མདོ་ཁམས། ཤར་དར་མདོ་ཡན་ལ་གཙུག་ལག་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་དུས་སུ་ཡང་། གངས་ཅན་བོད་ཀྱི་གཞི་བདག་ལྷ་ཀླུ་དགེ་བསྙེན་རྣམས་ཀྱིས་བཀག་ནས་བར་ཆོད་བྱས་ནས། ས་འདུལ་གྱི་ཆོ་ག་ལ་ཡང་བསང་བརྔན་གྱི་མཆོད་པ་རྒྱ་ཆེན་པོ་མཛད་ནས་ས་བདག་གཟའ་ཀླུ་སྡེ་བརྒྱད་ཀུན་མཆོད་པས་མཉེས་ནས་གཙུག་ལག་ཁང་ཐམས་ཅད་བར་མ་ཆོད་པར་གྲུབ་བོ། །ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། །ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་ད་ལྟའི་བར་ལ་སྔོན་ཡོ་བྱོན་གྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་མཁས་ཤིང་གྲུབ་པ་ཐོབ་པའི་མཆོག་ལྔ། མཁས་ཤིང་གྲུབ་པ་ཐོབ་པའི་མཆོག་བརྙེས་པའི་ལས་ཅན་གྱི་སྐྱེས་བུ་ཐམས་ཅད་ཀྱིས་གལ་ཆེན་གྱི་བྱ་བ་ཅི་
མཛད་པ་ལ་བསང་དང་ཞི་བའི་མཆོད་པ་དགོངས་པ་ཁོ་ནར་བཞེད་དེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དང་དགྲ་བཅོམ་པའི་དགེ་འདུན་ཉན་ཐོས་ཉེ་སྲས་བརྒྱད་སོགས་དང་། རྒྱ་གར་གྱི་པཎྜི་ཏ་བརྒྱ་དང་རྩ་བརྒྱད། གྲུབ་ཆེན་བརྒྱད་ཅུ་སོགས་དང་། སྒོས་སུ་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། སློབ་དཔོན་ཙནྡྲ་གོ་མི་དང་། སློབ་དཔོན་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་ལ་སོགས་པའི་སྤྱན་སྔར་ཁས་བླངས་དམ་བཅས་ནས་བཀའ་དང་ལས་ལ་འཁོད་པའི་འཇིག་རྟེན་ཁམས་ཀྱི་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་དང་དམ་ལ་མ་འདུས་པ་གཅིག་ཀྱང་མེད་པས། དེ་རྣམས་ལ་སོ་སོར་ཐ་ཚིག་བསྒོས་ནས་མདོ་སྔགས་ཀྱི་བསྟན་པ་སྐྱོང་བའི་རྣལ་འབྱོར་པས་དམ་རྫས་བསང་གི་མཆོད་པ་ཡང་ཡང་མཛད་པས་ཡུལ་ཕྱོགས་ཐམས་ཅད་དུ་བཀྲ་ཤིས་པ་བྱུང་། དེ་ནས་བོད་ཀྱི་ཡུལ་དུ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ་ཤར་ཕྱོགས་རི་བོ་ཏ་ལ་ནས། ལྷ་ཐུགས་རྗེ་ཆེན་པོ་གཤེགས་ནས་ཡུལ་ཕྱོགས་དེར་བསང་མཛད་པས། བོད་ཁམས་ཀྱི་ས་བདག་གཞི་བདག་ཀླུ་གཉན་དང་རིགས་དྲུག་ཐམས་ཅད་ཚིམ་ཞིང་མཉེས་ནས། ད་ལྟ་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་
བ་དེ་ཡི་དོན་ཡིན་ནོ། །དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་ཇོ་ཤཱཀ་རྣམ་གཉིས་དང་།་རྒྱ་གར་གྱི་པཎ་གྲུབ་ཐམས་ཅད་སྤྱན་དྲངས། དེའི་དུས་སུ་བསང་དང་ཆུ་གཏོར་མཛད་པས་རྒྱལ་ཁྲིམས་ཆོས་ལ་བསྒྱུར་བ་བྱུང་། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་གྱི་བསམ་ཡས་ཆེན་པོ་བཞེངས་པའི་དུས་སུ་ལྷ་འདྲེའི་ཆོ་འཕྲུལ་ཆེན་པོ་བྱུང་བས་། དེའི་དུས་སུ་མཁན་པོ་བོ་དྷི་སཏྭ་དང་། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ནས་བོད་ཡུལ་གྱི་མཆོད་པ་ཆེན་པོ་དང་། ཞི་བརྔན་བསང་གསུམ་མཛད་པས་ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་ཞི་ནས། གཙུག་ལག་ཁང་ཐམས་ཅད་ཀྱང་ལྷུན་གྲུབ་ཏུ་བྱུང་ངོ། །དེ་ནས་རྒྱན་དྲུག་མཆོག་གཉིས་སོགས་ནས་རིམ་པར་བརྒྱུད་ནས། མ་འོངས་ད་ལྟའི་དུས་ཀྱི་བར་བསང་མཛད། བསྟན་པ་ཕྱི་དར་གྱི་གཞི་མ་ཆེན་པོ་གྲུབ་བོ། །དེ་ནས་ཀཿཐོག་རྡོ་རྗེ་གདན་དུ་སློབ་དཔོན་པདྨའི་རྣམ་འཕྲུལ་བསོད་ནམས་འབུམ་གྱིས་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ནས་བཞུགས་ཡོད་པ་ལ། ཉིན་ཞིག་ལྷ་འདྲེ་རྣམས་ཀྱིས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པར་སྣང་། དེ་ཅི་ཡིན་དགོངས་པ་ལ། སྤོ་བོའི་ཡུལ་ནས་
རྣལ་འབྱོར་པ་བསོད་ནམས་འོད་ཟེར་ཟེར་བ་ཞིག་གིས་བསང་བྱེད་པར་སྣང་། ཁོང་གི་དགོངས་པ་ལ་བསང་འདི་ལ་ཕན་ཡོན་འདི་ཙམ་གདའ་དགོངས་ནས། དེའི་ངང་ལ་ཅི་མཛད་བསམས་ནས་གཟིགས་པས། བདག་བསྐྱེད་སྤྱན་རས་གཟིགས་དང་། མདུན་བསྐྱེད་ཐམས་ཅད་བསྐྱེད་པ་གཟིགས། དེ་ནས་ཁོང་གིས་རིགས་དྲུག་གི་ཡུལ་དུ་གཟིགས་པས། མཐོ་སྲིད་པའི་རྩེ་མོ་དང་། དམའ་དམྱལ་ཁམས་བཅོ་བརྒྱད་ཡང་བསང་དེས་ཁྱབ་པར་གཟིགས། ལྷ་ལ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད། ལྷ་མ་ཡིན་འཐབ་རྩོད་ཞི་ནས་ཕན་ཚུན་བྱམས་པ་དང་ལྡན། དམྱལ་ཁམས་གསུམ་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ནས་བདེ་བ་དང་ལྡན། ཡི་དྭགས་ཐམས་ཅད་བཀྲེས་སྐོམ་ཞི་ནས་ཐར་པ་ཐོབ། དེ་བཞིན་དུ་བར་དོའི་སེམས་ཅན་ལ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྣང་། དུད་འགྲོ་ལ་སོགས་པ་གླེན་ལྐུགས་ཀྱི་སྡུག་བསྔལ་ཞི་ནས་དུད་འགྲོའི་གནས་ནས་ཐར་རོ། །འཇིག་རྟེན་ཁམས་སུ་གནས་པའི་ལྷ་ཀླུ་གཞི་བདག་དང་། གཉན་བཙན་རྣམས་ལ་ཡང་རང་རང་གི་ལོངས་སྤྱོད་དཔག་ཏུ་མེད་པར་སྣང་། དེ་བས་བསང་འདི་ཕན་ཡོན་ཤིན་
ཏུ་ཆེ་བས། གང་ཞིག་འཇིག་རྟེན་ཁམས་ཀྱི་དགེ་འདུན་དང་སེར་སྐྱ་ཀུན་ལ་ཡང་བཀུར་སྟི་རྒྱ་ཆེན་པོ་བྱས་པ་བས། བསང་བསྔོ་ཤེས་པ་གཅིག་གིས་བསང་བྱས་པ་བསོད་ནམས་ཆེ། རང་གི་ཕ་མ་ཉེ་དུ་ལ་དགེ་རྩ་གང་འགྲུབ་བྱས་པ་བསོད་ནམས་ཆེ་སྟེ། དེ་བས་ཀྱང་བསང་དང་གསུར་བསྔོ་ཤེས་པ་གཅིག་གིས་བསང་གསུར་བྱས་པ་བསོད་ནམས་ཆེ་བར་ཐོས་སོ། །རྐྱེན་ཟློག་དང་རིམ་གྲོ་གང་བྱས་འགྱུར་དང་ཕན་ཡོན་ཆེ་སྟེ། དེ་བས་རྐྱེན་ཟློག་བསང་འགྱུར་ཆེའོ། །དེ་ལྟར་བསང་ལ་སྔོན་དུ་དུག་ཕྱུང་དང་སྔགས་དྲུག་ཕྱག་རྒྱ་དྲུག་དགོས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་དགོས། དེ་ལ་བདག་བསྐྱེད་དང་མདུན་བསྐྱེད་མེ་ལྷ་བསྐྱེད་པ་གསུམ་ཤེས་དགོས། བསང་རྫས་གོང་དང་འདྲ། སྤྱན་འདྲེན་བཞུགས་གསོལ་དང་། དཀོན་མཆོག་སྲི་ཞུ་དང་། མགོན་པོ་ཡོན་ཏན་དང་། གནོད་སྦྱིན་ནོར་ལྷ་དང་། རིགས་དྲུག་སྙིང་རྗེའི་མགྲོན་དང་། བགེགས་རིགས་ལན་ཆགས། ཁས་ཞན་དབང་ཆུང་འབྱུང་པོ་རྣམས་ལ་བསྔོ་བ་དང་། ལྷ་ཚོགས་རྣམས་ལ་བསྟོད་པ་ཕྱག་འཚལ་མཆོད་པ་དང་། །དཔའ་བསྟོད་མངའ་གསོལ་དམ་རྫ་ས་འབུལ་བ་དང་།
ཞི་བརྔན་བསང་གི་གསུར་མཆོད་རྒྱན་གྱིས་བརྒྱན་པ་དང་། །བརྔན་གྱི་གཏོར་མས་བརྔན་པ་དང་། །བསང་མཆོད་བསང་རྫས་མཆོད་པ་འབུལ། །རང་གཞུང་བཞིན་དུ་ལེན་ཤེས་དགོས།གོང་འོག་ནོར་འཁྲུལ་མ་སོང་དགོས། །མ་ཤེས་ཉེས་སྐྱོན་འགལ་བ་ཆེ། །ཡང་ཁོང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷ་འདྲེ་མང་པོ་ལ་སྡུག་བསྔལ་ཉེས་སྐྱོན་སྣ་ཚོགས་པ་བྱུང་བར་གཟིགས་སོ། །ལྷ་འདྲེ་ལ་ལ་ལོང་བ་དང་། ལ་ལ་དུག་གིས་ཤི་ལ་ཁད་དུ་འདུག །ལ་ལ་ཁ་སྨས་ཕོག་ནས་འདུག །ལྷ་འདྲེ་ཐམས་ཅད་ཀྱིས་འཇིག་རྟེན་ཁམས་ན་ཡམས་ནད་རིམས་ནད། བཙའ་སད་སེར་གསུམ་གཏོང་འདུག །ལ་ལས་མི་ནད་ཕྱུགས་ནད་དང་འཁྲུག་པ་སྣ་ཚོགས་གཏོང་འདུག་པ་དེ་ཅི་ཡིན་སྙམ་ནས་གཟིགས་པས། བསང་མི་ཤེས་པའི་ཉེས་པ་ལས་བྱུང་འདུག །ལྷ་མཆོད་མ་ཤེས་ན། ལྷ་ཕྲན་ཐུ་བར་འོང་། བསང་མ་ཤེས་པས་ཚེ་ཐུང་བར་འགྱུར་བ་དང་། ནད་མང་བ་སོགས་འབྱུང་བ་དང་། ས་བདག་དང་གཞི་བདག་དང་ཡུལ་བདག་དང་ཡུལ་ལྷ་ལ་མི་དགེ་བ་འོང་བས་བསང་ཤེས་པར་གྱིས། དེ་ཡང་བསང་གཅིག་ལ་མཆོད་སྦྱིན་ཐམས་ཅད་ཚང་བ་ཡིན་པས།དང་པོ་བྱིན་རླབས་
དང་། སྐྱབས་འགྲོ་སེམས་བསྐྱེད། བདག་མདུན་བསྐྱེད་པ་དང་། བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་དང་། རྗེས་སུ་བཀྲ་ཤིས་སྨོན་ལམ། སེམས་བསྐྱེད་གཙོ་ཆེའོ། །སེམས་བསྐྱེད་མ་ཤེས་པས་བསང་བྱས་ན། གཞན་གྱིས་ནོར་ཞིག་བརྐུས་ནས་གཞན་ལ་བྱིན་པ་དང་འདྲ།་ཚོང་འདུས་ར་བར་མི་མང་དུ་ནོར་རམ་ཟོང་དེ་ཁྱེར་ན་བདག་པོས་འཁྲུག་རྩོད་འོང་བ་དང་འདྲའོ། །དེ་བས་སྐྱབས་འགྲོ་སེམས་བསྐྱེད་མ་བྱས་པས་མི་རུང་།་ཤ་ཆང་ཡོ་བྱད་བྱིན་རླབས་མ་བྱས་པ་དང་། སྒོག་བཙོང་ལ་སོགས་པ་ཟ་བ་དང་སྦྲགས་ནས། སེར་སྣ་སོགས་བྱས་ན་དེའི་སྐྱོན་གྱིས་མི་བ་སོང་བ་དང་འདྲའོ། །ས་བདག་མནོལ་བ་དང་། ཕོག་ཐུག་ཆེན་པོ་འགྲོ་བས་གཙང་སྦྲ་ཆེ་དགོས། ཡང་ཀླུ་དང་ས་བདག་མཆོད་པ་ནི། དཀར་མཆོད་ཡིན་པས་རྣལ་འབྱོར་རང་གིས་དཀར་གསུམ་མངར་གསུམ་བཟལ། གོས་དཀར་པོ་གྱོན་ནས་ཁྲུས་དང་གཙང་སྦྲ་ལེགས་པར་བྱེད་དགོས། ཤ་ཁྲག་ལ་འཛེམ་པ་གལ་ཆེའོ། །བསང་དང་ཆབ་གཏོར་ལའང་མ་ཚར་བར་དུ་ཤ་ཁྲག་དང་ཆང་སྒོག་སོགས་བཟའ་བ་དང་བཏུང་བ་སོགས་བྱས་ན་གཞི་བདག་ཐམས་ཅད་བརྒྱལ་ནས་འགྲོ་བས་མི་རུང་། བསང་
རྫས་རྣམས་ལ་དམེ་ཕོ་སྡིག་ཅན་གྱིས་བསང་ཤིང་ཐུ་བ་དང་། ཡུགས་ས་མས་ཕྱེ་ཕུད་འཐག་པ་དང་། སེར་སྣས་འབག་པ་དང་། མི་གཙང་བའི་རྫས་དང་། ཚེར་མ་ལ་སོགས་པ་དུག་ཤིང་ལ་འཛེམ། ཆོ་ག་གཞན་མ་ཤེས་པ་ལ་སྐྱོན་འགལ་ཆུང་། བསང་མ་ཤེས་ན་འཇིག་རྟེན་ཁམས་ཀྱི་གཞི་བདག་ཕྲག་དོག་ཆེ། ཀླུ་དང་ས་བདག་གཉན་རྣམས་ལ་མཐོང་དུག་དང་།བལྟས་དུག །ཁ་རླུང་གི་དུག་སོགས་ཡོད་པས་བདག་བསྐྱེད་ཐུགས་རྗེ་ཆེན་པོ་གསལ་དགོས། ཁས་ཉན་དང་དབང་ཆེ་ཆུང་ཡོད་པས། དབང་ཆེ་བས་ཆུང་བ་ཟ་བ་དང་། འཕྲོག་པ་དང་ཁོང་ཁྲོ་ལ་སོགས་པ་དང་། གཞན་གྱིས་བསྲུང་བ་མཐོང་བའོ། །དེ་བས་བདག་བསྐྱེད་ཐུགས་རྗེ་ཆེན་པོ་བསྒོམ་དགོས། གཞན་ཡང་གཞི་བདག་ལྷ་འདྲེ་འདི་རྣམས་ལྷ་འདྲེ་དབང་དུ་འདུ་བ་ཞིག་གིས་མཐོང་བ་དང་། དེ་མིན་གཞི་བདག་མངོན་སུམ་མཐོང་བ་ནི་གྲུབ་པ་ཐོབ་པ་ཞིག་མ་གཏོགས་མི་མཐོང་བར་འགྱུར་རོ། །ཡོན་ཏན་ཆེ་བ་དང་། སྒྲ་དང་སྙན་ངག་ལ་མཁས་ཀྱང་བསང་ལ་འདུ་མི་སྲིད་དོ། །གཞི་བདག་རྣམས་ལ་བླ་དྭགས་བརྟག་པ་རང་འདྲ་བས། ཁ་སྨྲས་ཕོག་ན་ཉེས་པ་ཆེན་པོ་འོང་ངེས་སོ། །བསང་མཆོད་མ་ཤེས་པ་དང་།
གཅོད་མ་ཤེས་པ་གཉིས་ཀྱི་ཉེས་པ་ཕོག་ཐུག་ཆེ་བ་མེད། དེ་བས་ལུང་དང་སློབ་དཔོན་གྱི་ཞལ་ཁྲིད་དགོས། གཞན་ཡང་དང་པོ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམ་སྲས་དམ་ཅན་གཞི་བདག་རྣམས་ཐེག་པ་ཆེ་ཆུང་རིམ་བཞིན་བརྗོད། ལམ་ལྷ་ཁ་འཛིན་ཕྲིན་ལས་བཅོལ་བ་མཐོང་བ་བརྒྱུད་པ་ལྟར་གོང་འོག་མ་ནོར་བ་མཛད་དགོས། དངོས་གྲུབ་བླང་བ་དང་། གཏང་རག །བཤགས་པ་དང་།གཤེགས་གསོལ་བདག་མདུན་བསྡུ་རིམ་ཤིས་བརྗོད་བསྔོ་སྨོན་བཏབ་ནས་འཇོག་པ་གལ་ཆེའོ། །བསང་རྒྱུད་ལེའུ་བཅོ་བརྒྱད་ལས། བསང་དག་པའི་ཕན་ཡོན་ནི། །སྔགས་དང་ཆོ་ག་དག་ན་ལྷ་དང་བླ་མ་མཉེས་ནས་བྱིན་རླབས་འཇུག །ཡི་དམ་མཉེས་ནས་དངོས་གྲུབ་འབྱུང་། །ཆོས་སྐྱོང་དམ་ཅན་མཉེས་ནས་ལས་བཞི་འགྲུབ། །ནོར་ལྷ་གནོད་སྦྱིན་མཉེས་ནས་འདོད་དགུ་སྩོལ། །ཕོ་ལྷ་དགྲ་ལྷ་མཉེས་ནས་དགྲ་དཔུང་ཆོམས། །ཡུལ་ལྷ་གཞི་བདག་མཉེས་པས་སྡོང་གྲོགས་བྱེད། །ལྷ་སྲིན་སྡེ་བརྒྱད་མཉེས་པས་མཐུན་རྐྱེན་བསྒྲུབ། །འབྱུང་བའི་ལྷ་ཀླུ་མཉེས་ནས་བཅུད་སྟོབས་རྒྱས། །རིགས་དྲུག་སེམས་ཅན་ཚིམས་པས་བུ་ལོན་ལན་ཆགས་བྱང་། །དེ་སོགས་ཕན་ཡོན་བསམ་
གྱིས་མི་ཁྱབ་པས། །སེམས་བསྐྱེད་དམིགས་པ་གསལ་ན་ལེགས་པའི་ཡོན་ཏན་འགྲུབ། །ཉེས་ཚོགས་དག་ནས་རྣམ་མཁྱེན་སངས་རྒྱས་འཐོབ། །འབྱོར་པ་ལོངས་སྤྱོད་རྒྱུན་མི་འཆད་པར་འཕེལ། །སྔགས་དག་མཆོད་རྫས་གཙང་ན་བསོད་ནམས་ཀྱི། །གཞི་མ་ཚོགས་གཉིས་རྫོགས་ནས་སྒྲིབ་པ་བྱང་། །ཕར་ཕྱིན་དྲུག་རྫོགས་མདངས་དང་གཟི་བརྗིད་རྒྱས།འཐབ་རྩོད་དང་བྲལ་མི་ནད་ཕྱུགས་ནད་ཆད། །བཙའ་སད་སེར་བ་ཐན་པ་ལོ་ཉེས་ཞི། །རྩྭ་དང་ལྗང་བུ་ལེགས་ཤིང་ལོ་འབྲས་འཕེལ། །བཀྲ་ཤིས་དོན་འགྲུབ་དགྲ་གདོན་ཐུལ་བ་དང་།ཚོང་དང་ཁེ་སྤོགས་དམག་ཇག་དགྲ་ལས་རྒྱལ། །འགྲོ་དོན་རྒྱ་ཆེན་འགྲུབ་པ་བསམ་འཕེལ་ནོར་བུ་འདྲ། །བསང་གི་མཆོད་པའི་ཚེས་གྲངས་བསྟན་པ་ནི། །ཉི་མ་ནག་པོར་བསང་བྱས་ན། །ལྷ་འདྲེ་ཐམས་ཅད་འཁྲུག་པའི་གཞི།།སྟག་གི་ཉི་མར་བསང་བྱས་ན། །ལྷ་འདྲེ་ཁྲོས་ནས་ན་ཤི་དུར་གསུམ་འོང་། །ལྷ་ཀླུ་སྡེ་བརྒྱད་ལྡོག་ནས་ཕན་གནོད་མེད།དེ་སོགས་རིགས་པས་དཔྱད་ལ་བྱོལ་བར་བྱའོ། །བཀྲ་ཤིས་པའི་ཉི་མ་དང་འགྲུབ་པའི་སྦྱོར་བ་དང་། ཡར་ཚེས་དང་དུས་ཆེན་བརྒྱད་ལ་ཐེབས་ཡོད་པའི་དུས་སུ་མཆོད་པ་བཟང་། རྫས་
ནི་བཟང་དྲུག་དང་། ཙནྡན་དཀར་དམར། ཨ་གར་རིགས་གསུམ། རྒྱ་སྤོས་སྤང་སྤོས་བྲག་སྤོས། སྦྱར་སྤོས་རིགས་གསུམ་དང་ཞོ་ཤ་གསུམ། གེ་སར་གསུམ། འབྲས་བུ་གསུམ། ད་ལི། ཤུག་པ། སྒྲོན་ཤིང་། མཁན་པ་རིགས་གསུམ། སྤེན་དཀར། དྷེ་བ་དྷ་རུ་ལ་སོགས་རྩི་ཤིང་སྣ་ཚོགས། འབྲུ་སྣ་ཚོགས། རིན་ཆེན་སྣ་ཚོགས། ཕྱེ་མར།་ཕུམ་ཐུད། འོ་ཞོ། ཇ་ཆང་ལ་སོགས་པའི་མཆོད་པས་རྒྱས་པར་མཆོད། སྤྱན་གཟིགས་མདའ་མདུང་རལ་གྲི་ངར་ཆེན། དར་ཚོན་མདའ་དར། ཕྱུར་དར་སྣ་ཚོགས། གོ་ཁྲབ་སོགས་སྤྱན་གཟིགས་ཡོད་ཚད་བཤམས། རོལ་མོ་རྔ་དུང་སིལ་སྙན་སྣ་ཚོགས་དང་། གྱེར་དབྱངས་སོགས་ཀྱིས་མཆོད་པ་བྱའོ། །དགོས་ཆེད་བསྟན་པ་ནི། མི་ཕྱུགས་ལ་གོད་ཁ་ཆེ་བ་དང་། མི་ཁས་སྡང་བ་དང་། ཕུགས་སྲི་ཞུགས་པ། བཙའ་སད་སེར་བ་ཆུ་ལོག་གམ། ནད་རིམས་དལ་ཡམས། སྲིའུ་མ་སོས་པ། སྨྱོ་འབོག་ལྷ་འདྲེའི་ནད་རིམས་དང་། གནམ་ས་ཁ་བྱེ་ལྷ་ངོ་དམའ། །ཐབ་འཁོན་ས་བརྐོ་རྡོ་སློག་དང་། །མཁར་ལས་ཁྱིམ་འཛིན་བག་མ་དང་། །ཚོང་དང་དམག་ཇག་འགྲུལ་རིགས་
དང་། །མོ་རྩིས་རྨི་ལམ་འགྲམ་འཁྲུག་སོགས། །བྱ་བ་ཆེ་ཆུང་ཐམས་ཅད་ལ། །བསང་མཆོད་བྱས་པས་བདེ་ལེགས་འབྱུང་། །བཀྲ་ཤིས་དོན་འགྲུབ་འབྱོར་པ་རྒྱས། །ལྷ་འདྲེ་དགྱེས་པའི་དམ་ཚིག་དྲན། །སྡོང་གྲོགས་མགོན་སྐྱོབ་དཔུང་གཉེན་བྱེད། །ཅེས་གསུངས་སོ། །རྣལ་འབྱོར་དམ་ཚིག་ཅན་དེ་ལྷ་འདྲེ་ཀུན་ལ་གཉེན། །དམ་ཚིག་འདི་མིག་འབྲས་བཞིན་དུ་བསྲུང་དགོས། བླ་མ་ལ་དབང་དང་བྱིན་རླབས་ཀྱི་བརྒྱུད་སྲུང་ལ། །དམ་ཚིག་ཆ་གསུམ་བརྩོན་པར་བྱ། །ཞེས་དང་། དམ་ཚིག་བསྲུང་ན་དངོས་གྲུབ་འབྱུང་། བླ་མའི་དམ་ཚིག་བླ་མའི་མཛད་སྤྱོད་མ་བརྟགས། སངས་རྒྱས་དངོས་སུ་ཤེས་པའི་འདུ་ཤེས་དང་། ཡི་དམ་ལྷ་ལ་སྤང་བླང་མི་བྱ། མཆོད་པ་མ་ཆག་པར་གཞུང་ནས་བཤད་པ་ལྟར་དང་། མཁའ་འགྲོའི་དམ་ཚིག་ནི་རྒྱུད་ལས། ཆ་ཀི་དབང་སྡུད་ལུས་དང་འགྲོགས། །ཞེས་གསུངས་པ་ལྟར་འབྲལ་མེད་བསྟེན་པ་དང་། ཆོས་སྐྱོང་གི་དམ་ཚིག་དུས་ཀྱི་མཆོད་པ་མ་ཆག་པ་དང་། དུས་མིན་དུ་ལས་ལ་མི་སྦྱར་བ་དང་། ཡུལ་ལྷའི་དམ་ཚིག་སེར་སྣ་འཛིན་ཆགས་མི་བྱེད། མཆོད་སྦྱིན་ལ་བརྩོན་པར་བྱ། མཆོད་སྦྱིན་མེད་ན་དམ་ཚིག་ཉམས། ཞེས་སྤྱི་
རྒྱུད་ཁྲག་མཚོ་ཁོལ་མོ་ནས་གསུངས་སོ། །རྟོགས་པའི་སྲོག་གི་དབང་གི་དམ་ཚིག་བསྒྲགས་པ་ལས། ཆོས་སྒོར་སྤྱོད་ཚེ་ཆོས་ལོག་ཞུགས་པས་ཀྱང་། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པ། །བླ་མའི་ཆོས་སྐྱོང་སྲུང་མ་དང་། །གནས་དེར་གནས་སམ་ཡུལ་གྱི་ལྷ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་ལས་ལ་ཤེས། །ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས་པས། །ཇི་སྐད་དུ། སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀུན། །རང་སེམས་ཡིན་པར་ཐག་ཆོད་ཀྱང་། །བསང་མཆོད་དཀར་གཏོར་བསྔོ་བ་སོགས། །རྟེན་འབྲེལ་ཁྱད་དུ་མི་གསོད་པ། །འདི་ཡང་རྒྱུད་ཀྱི་དགོངས་པ་ཡིན། །ཅེས་ཉེ་གནས་དོན་གྲུབ་ལ། ༧ ཨ་རཱ་གས་སྙིང་གཏམ་དུ་སྤེལ་བ་ལས་བྱུང་ངོ།།་༈ དགྲ་བླའི་དམ་ཚིག་མདའ་གཞུ་མདུང་དང་རལ་གྲི་མི་བཅག །ལྷ་འདྲེའི་མཆོད་པ་དམ་ཚིག་མ་ཆག་པ། མཆོད་པའི་དུས་སུ་ཀུ་ཅོ་ཧ་ཧི་རྫས་འོད་ཆེན་མི་གཙང་བ་སོགས་ཀྱིས་མཆོད་ཀྱང་ཁ་འཛིན་མི་འབྱུང་ཀོ་ལོང་འབྱུང་གསུངས་སོ། །རིགས་དྲུག་གི་དམ་ཚིག་ནི། སྙིང་རྗེ་དང་བྱམས་པ་མ་བྲལ་བར་བྱ། སྡིག་པ་དང་སྡང་སེམས་མི་བྱ། བྱ་བ་སྤྱོད་ལམ་ཉམས་ཤིང་ཕ་རོལ་ཕྱིན་དྲུག་
ཉམས་པའི་མིས་མཆོད་ན་འབྲས་བུ་མེད་ཅིང་བར་དོར་ཆུད་ཟོས་པར་འགྱུར་རོ། །ཞེས་གཏོ་འབུམ་ལས་གསུངས་སོ། །དུ་བ་བརྟག་པ་ནི། དུ་བ་དཀར་པོས་ལྷ་དགྱེས་ཞི་བའི་ལས་འགྲུབ་། ནག་པོས་བདུད་རྨུགས་གྲིབ་ཀྱི་ངོ་ཁྲུས་དང་གྲིབ་སེལ་བྱ། དམར་པོས་བཙན་དང་ས་བདག་གདོན། ས་བདག་འཁྲུགས་བཅོས་བྱེད། དཀར་ནག་འདྲེས་ན་བྱད་ཀས་གདོན་༔ བྱད་ཟློག་བསྲུང་བ་ཟློག་པ་གསུམ། །སེར་པོས་ཡུལ་ལྷ་གཞི་བདག་གནོད། །བུམ་གཏེར་གཞུག་ཅིང་ཡུལ་ལྷ་མཆོད། །སྦལ་སྦྲུལ་འདྲ་བ་ཀླུ་ཡིས་གདོན། །ཀླུ་མཆོད་ཀླུ་ཆོག་བུམ་གཏེར་སྦ། །སྤྲིན་ཕུང་འདྲ་ན་ལོངས་སྤྱོད་རྒྱས། །གཡས་ གཡོན་དུ ་ནི་མ་སོང་ནས། །དུ་བ་གནམ་དུ་ཐ་ལེར་སོང་། །གནམ་སྒོ་གཅོད་ཅིང་གནམ་ཐིལ་བཀལ། །ས་ལ་འཁྱིལ་ཞིང་གྲམ་པ་ནི། །ས་སྒོ་བྱེ་བས་ས་སྒོ་བཅད། །འགུགས་ཤིང་བན་བུན་སོང་བ་ན། །བསེ་རག་འགོང་པོ་རྒྱལ་པོའི་གདོན། །ཚག་སྒྲ་ཆེ་ཞིང་དུ་བ་འཐོར། །དགྲ་དང་ཆོམ་རྐུན་འུར་ཟིང་འོང་། །དང་པོའི་དུས་སུ་མེ་འབར་བ་དང་། །རྗེས་ནས་མེ་ནི་འབར་ན་བཟང་། །ཐལ་བ་དཀར་དང་ཁམ་པ་རྣམས། །དངོས་གྲུབ་འབྱུང་དང་ན་ཚ་མེད། །ནག་དང་
རྨུགས་ནི་མནོལ་གྲིབ་འོང་། །དུ་བ་འཁྲུགས་ཤིང་འཐིབས་པ་ན། །ན་ཚ་སྡུག་བསྔལ་མྱ་ངན་འོང་། །དྭངས་ཤིང་དགུང་དུ་འཁྲིགས་ན་བཟང་། །གཞན་ཡང་ཤར་འབར་བཀྲ་ཤིས་ཤིང་། །དོན་གྲུབ་ལྷ་མཉེས་བདེ་སྐྱིད་ལྡན། །ལྷོར་འབར་ལས་བཞིའི་ཕྲིན་ལས་འགྲུབ། །ནུབ་འབར་ནད་ངོ་གྲིབ་ངོ་ཆེ། །བྱང་འབར་ཆོམ་རྐུན་དགྲ་ངོ་ཡོད།ཤར་ལྷོར་ཞི་བའི་ལས། ལྷོ་ནུབ་རྒྱས་པའི་ལས། ནུབ་བྱང་དབང་གི་ལས། བྱང་ཤར་ནས་འབར་ན་ལོངས་སྤྱོད་ལས་རྣམས་འགྲུབ། དབུས་ནས་འབར་ན་ཡོན་མཆོད་ཀུན།བསམ་པ་འགྲུབ་ཅིང་བདེ་སྐྱིད་ལྡན། །མི་ཕྱུགས་ནད་མེད་སྲུང་སྒབ་དྲོ། །ཞེས་གསུངས་སོ།། ༧ དགེ་སློང་རཱ་ག་ཨ་སྱས་སྨྲས་པ་བཞིན། སྔགས་འཆང་ཨོ་རྒྱན་མགོན་དང་བརྩོན་འགྲུས་རྒྱ་མཚོ་གཉིས་ཀྱིས་ཡི་གེར་བཏབ་པ་བཀྲ་ཤིས་པར་ཤོག།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།