གསུང་མཆོག་ཡི་གེ་དྲུག་མའི་ཇོ་རྒྱུན་ཇི་ལྟར་བྱ་བ་དང་དེའི་ཕན་ཡོན་བཅས།
གསུང་མཆོག་ཡི་གེ་དྲུག་མའི་ཇོ་རྒྱུན་ཇི་ལྟར་བྱ་བ་དང་དེའི་ཕན་ཡོན་བཅས་བཞུགས་སོ། །
ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇོ་རྒྱུན་བྱེད་པའི་ཐོག་མར་སེམས་ཅན་ཐམས་ཅད་ལ་ཡི་གེ་དྲུག་པའི་ཆོས་ཆར་ཕབ་ནས། རིགས་དྲུག་འཁོར་བ་དོང་ནས་སྤྲུགས་པར་བྱ་སྙམ་དུ་སེམས་བསྐྱེད་ནས། སྐད་ཅིག་དྲན་རྫོགས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་མུ་ཏིག་གི་ཕྲེང་བ་ཕྱར་ཐབས་སུ་འདྲེན་པ། གཡོན་པདྨ་དཀར་པོ་ཡུ་བ་ནས་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ། སྙན་ གཡོན་གྱི་ཐད་དུ ་ཁ་བྱེ་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་གཉིས་པདྨ་དང་ཟླ་
བའི་གདན་ལ་བཞེངས་ཐབས་སུ་བཞུགས་པ། རི་དྭགས་ཀྲིཥྛ་ས་རའི་པགས་པ་ཕྲག་པ་གཡོན་ལ་བཀལ་བ། དབུ་རྒྱན་དང་མགུལ་རྒྱན་ཕྱག་གདུབ་དང་ཞབས་གདུབ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། དབུ་ཐོར་ཚུགས་ཀྱི་རྩེ་ན་སངས་རྒྱས་འོད་དཔག་མེད་དམར་པོ། ཚོན་གང་བ་གཅིག་འཛུམ་མུ་ལེར་བཞུགས་པ། རང་གི་ཐུགས་ཀར་ཟླ་བའི་གདན་ལ་གྷིཡིག་དཀར་པོ་ལ་ཡི་གེ་དྲུག་པ་ཁྲ་ལམ་མེར་བསྐོར་བ། ལྗགས་ཀྱི་སྟེང་དུ་ཧྲཱི༔ཡིག་དཀར་པོ་ལ་ཡི་གེ་དྲུག་པའི་རང་སྒྲ་འབྲུག་ལྟར་གྲག་པ། ཡེ་ཤེས་དམ་ཚིག་དབྱེར་མེད་པའི་ངོ་བོར་བསྒོམས་ལ། ཁྲོམ་འདུས་ནས་སྐད་མི་ཆེ་མི་ཆུང་བར་བྱ་སྟེ། རྐང་པ་གཉིས་
གཤིབས་ནས། ཕྱི་རྟིང་བཀྱག་ལ་ས་ལ་ལངས་ལ། རང་ལ་སྐད་ཅི་ཙམ་ཡོད་པ་དེ་རུ་གསུམ་བྱ་བའི་རུ་གཉིས་དེ་འདོན། གཅིག་དེ་ཁོག་ཏུ་བཞག་ནས་ཕྱིར་མི་འདོན་པའི་སྐད་མི་ཟད་པ་འབྱུང་ངོ་། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྐྱབས་དཀོན་མཆོག་གསུམ་གྱི་སྐྱབས་ཞབས་ན། །ལྷ་ཐུགས་རྗེ་ཆེན་པོའི་ཆོས་ར་བཙུགས། །གསུང་ཡི་གེ་དྲུག་མའི་ཆོས་འཁོར་བསྐོར། །ལྷ་བུདྡྷ་དམར་པོས་ཇོ་མེ་འབུད། །དགོང་དོ་ནུབ་འདིར་ཚོགས་ཁྲོམ་པ་ལ། །ལྷ་ཐུགས་རྗེ་ཆེན་པོས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་ཚོགས་ཇོ་ར་ལ། །ལྷ་སྤྱན་རས་གཟིགས་ཀྱིས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་འབུད་ཇོ་མེ་ལ། །ལྷ་རྟ་མགྲིན་དམར་པོས་བྱིན་ཅིག་ཕོབ། །དགོང་དོ་ནུབ་བསྐོལ་བའི་ཇོ་ཧུབ་ལ། །ལྷ་བདུད་རྩི་འཁྱིལ་པས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་ཚོགས་ལྷ་འདྲེ་ལ། །ལྷ་ཨོ་རྒྱན་པདྨས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་ཚོགས་ཕོ་སྐྱེས་ཚོ། །ཡབ་ཐུགས་རྗེ་ཆེན་པོས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་ཚོགས་མོ་སྐྱེས་ཚོ། །ཡུམ་ཡི་གེ་དྲུག་མས་བྱིན་ཅིག་ཕོབ། །
དགོང་དོ་ནུབ་འདིར་ཚོགས་བྱིས་པ་ཚོ། །སྲས་ནོར་བུ་འཛིན་པས་བྱིན་ཅིག་ཕོབ། །དགོང་དོ་ནུབ་འདིར་ཚོགས་བུ་མོ་ཚོ། །སྲས་མོ་རིག་སྔགས་འཛིན་མས་བྱིན་ཅིག་ཕོབ། །དེ་ཡན་ཆད་ས་གཞི་བྱིན་བརླབས་དང་བྱིན་ཕབ་པའོ།། ༈ དོ་ནུབ་འདིར་ཚོགས་ཁྲོམ་པ་ཚོ། །ཕོ་རྣམས་ཐུགས་རྗེ་ཆེན་པོ་ཡིན། །དཔའ་བོའི་ཚོགས་རྣམས་གཡས་གྲལ་གྱིས། །མོ་རྣམས་ཡི་གེ་དྲུག་མ་ཡིན། །དཔའ་མོའི་ཚོགས་རྣམས་གཡོན་གྲལ་གྱིས། །བུ་རྣམས་ནོར་བུ་འཛིན་པ་ཡིན། །ཨ་ཐིག་རྣམས་ཀྱིས་མདུན་གྲལ་གྱིས། །བུ་མོ་ཚོ་རིག་སྔགས་འཛིན་མ་ཡིན། །བུ་མོ་རྣམས་ཀྱིས་ཟུར་གྲལ་གྱིས། །དོ་ནུབ་འདིར་ཚོགས་ཁྲོམ་པ་ཚོ། །ལུས་ནི་སྣང་སྟོང་ལྷ་སྐུ་ཡིན། །རྩ་རྩུབ་མ་མང་ཁྲིགས་སེར་བཞུགས། །ངག་ནི་གྲག་སྟོང་ཆོས་ཉིད་ཡིན། །ཤབ་ཤིབ་མ་མང་ཡིག་དྲུག་གསུངས། །སེམས་ནི་གསལ་སྟོང་ཆོས་སྐུ་ཡིན། །ཐུགས་བརྩེ་དམ་པའི་ཆོས་ལ་གཏོད། །ཡི་གེ་དྲུག་པའི་ཆོས་གྱུར་ན། །རྩ་རྩུབ་གཡེལ་ཆུང་ཕོད་པ་མེད། །གཟུགས་ཅན་མི་ཡི་ཁྲོམ་པ་བས། །གཟུགས་མེད་ལྷ་འདྲེའི་ཁྲོམ་པ་མང་། །སྤྲང་ཕྲུག་ངས་དང་མ་རིག་སྟེ། །ཟ་མ་ཏོག་གི་མདོ་
ནས་གསུངས། །དཀར་ཕྱོགས་ལྷ་ཀླུ་གཞི་བདག་རྣམས། །ཡིག་དྲུག་འདོན་ནི་བྱོན་པ་ཡིན། །མཆོད་པ་གཞན་བས་འདི་ལ་མཉེས། །ཤར་ནས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་འབུམ་གྱི་འཁོར་བཅས་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །ལྷོ་ནས་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་འབུམ་གྱི་འཁོར་བཅས་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །ནུབ་ནས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དམག་འབུམ་གྱི་འཁོར་བཅས་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །བྱང་ནས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་འབུམ་གྱི་འཁོར་བཅས་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །སྟེང་ཕྱོགས་ནམ་མཁའི་དབྱིངས་རོལ་ནས། །སུམ་ཅུ་རྩ་གསུམ་ལྷ་ཡི་སྡེ། །ལྷ་བྲན་བྱེ་བ་འབུམ་བཅས་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབམཛོད། །བར་སྣང་ཁམས་ལ་རྒྱུ་བ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་ལ། །ཡི་གེ་དྲུག་པའི་
མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །ས་ཡི་འོག་ན་གནས་བཅས་པའི། །ཀླུ་རྒྱལ་རྒྱ་མཚོ་མ་དྲོས་པ། །ཀླུ་རིགས་བྱེ་བ་བརྒྱ་སྟོང་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །དེ་ཚོ་དཀར་ཕྱོགས་ལྷ་ཡི་རིགས། །ཡི་གེ་དྲུག་པའི་བཀའ་སྲུང་ཡིན། །།ཡང་ཡི་གེ་དྲུག་པའི་ཆོས་ར་ན། །དཀར་ཕྱོགས་ལྷ་ཡི་ཁྲོམ་པ་བས། །ནག་ཕྱོགས་ལྷ་འདྲེའི་ཁྲོམ་པ་མང་། །སྤྲང་ཕྲུག་ངས་དང་མ་རིག་སྟེ། །རིག་པ་མཆོག་གི་རྒྱུད་ནས་གསུངས། །དམ་པའི་ཆོས་ལ་མི་དགའ་ཞིང་། །ནག་པོའི་ཕྱོགས་ལ་དགའ་བའི་རིགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །དམ་སྲི་ཡུལ་འདྲེ་སྒབ་འདྲེ་རྣམས། །འདི་རུ་མ་འདུག་གཞན་དུ་སོང་། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཇོ་མེ་རྟ་མགྲིན་དམར་པོ་ཡིན། །མེ་སྟག་རྡོ་རྗེའི་ཚྭ་ཚྭ་འཕྲོ། །རྡོ་རྗེའི་ཚྭ་ཚྭ་ཐ་ར་ར། །ཡིག་དྲུག་དྲག་སྔགས་འབྲུག་སྒྲ་ཡིན། །དྲག་སྔགས་འབྲུག་སྒྲ་འུ་རུ་རུ། །ཨོཾ་གྱིས་ལྷ་ཡི་གདོན་རྣམས་ཐུབ། །ལྷ་ཡི་རྩུབ་རིམས་བཟློག་ཏུ་གསོལ། །མ་ཡིས་མ་མོའི་གདོན་རྣམས་ཐུབ། །མ་མོའི་ཁ་རླངས་
བཟློག་ཏུ་གསོལ། །ཎིས་ནི་རྒྱལ་འགོང་གདོན་རྣམས་ཐུབ། །རྒྱལ་འགོང་སྨྱོ་འབོག་བཟློག་ཏུ་གསོལ། །པད་ཀྱིས་ས་བདག་གདོན་རྣམས་ཐུབ། །ས་བདག་ཞ་གྲུམ་བཟློག་ཏུ་། གསོལ། །མེས་ནི་བདུད་དང་གཤིན་རྗེ་ཐུབ། །བདུད་དང་གཤིན་རྗེའི་ཕོ་ཉ་ཟློག །ཧཱུྃ་གིས་གནོད་སྦྱིན་དྲི་ཟ་ཐུབ། །ལྷ་འདྲེའི་གདུག་པ་བཟློག་ཏུ་གསོལ། །ཡིག་དྲུག་མེ་ཡི་གུར་ཁང་ཕུབ། །ཡེ་ཤེས་མེ་དཔུང་འུ་རུ་རུ། །ནག་པོའི་བདུད་རིགས་གཞོབ་ཏུ་བསྲེག །ཨོཾ་ནི་འཁོར་ལོའི་གུར་ཁང་ཡིན། །སྟེང་ཕྱོགས་འཁོར་ལོའི་གུར་ཁང་ཕུབ། །མ་ནི་རྡོ་རྗེའི་ས་གཞི་ཡིན། །འོག་ཕྱོགས་རྡོ་རྗེའི་ས་བཞི་བརྡལ། །ཎི་ནི་རྡོ་རྗེའི་གུར་ཁང་ཡིན། །ཤར་ཕྱོགས་རྡོ་རྗེའི་གུར་ཁང་ཕུབ། །པད་ནི་རིན་ཆེན་གུར་ཁང་ཡིན། །ལྷོ་ཕྱོགས་རིན་ཆེན་གུར་ཁང་ཕུབ། །མེ་ནི་པདྨའི་གུར་ཁང་ཡིན། །ནུབ་ཕྱོགས་པདྨའི་གུར་ཁང་ཕུབ། །ཧཱུྃ་ནི་རྒྱ་གྲམ་གུར་ཁང་ཡིན། །བྱང་ཕྱོགས་རྒྱ་གྲམ་གུར་ཁང་ཕུབ། །དོ་ནུབ་འདིར་ཚོགས་ཁྲོམ་པ་ལ། །ཡི་གེ་དྲུག་པའི་སྲུང་འཁོར་ཕུབ། །སྟེང་ཕྱོགས་ཨོཾ་གྱི་གུར་ཁང་ཕུབ། །སྟེང་གི་ལྷ་གདོན་བསྲུང་དུ་གསོལ། །ཤར་ཕྱོགས་མ་ཡི་གུར་ཁང་
ཕུབ། །ཤར་ཕྱོགས་དྲི་ཟའི་གནོད་པ་སྲུངས། །ལྷོ་ཕྱོགས་ཎི་ཡི་གུར་ཁང་ཕུབ། །ལྷོ་ཕྱོགས་གཤིན་རྗེའི་གནོད་པ་སྲུངས། །ནུབ་ཕྱོགས་པད་ཀྱི་གུར་ཁང་ཕུབ། །ནུབ་ཕྱོགས་ཀླུ་ཡི་གནོད་པ་སྲུངས། །བྱང་ཕྱོགས་མེ་ཡི་གུར་ཁང་ཕུབ། །བྱང་ཕྱོགས་གནོད་སྦྱིན་གནོད་པ་སྲུངས། །འོག་ཕྱོགས་ཧཱུྃ་གི་གུར་ཁང་ཕུབ། །འོག་ཕྱོགས་ས་བདག་གནོད་པ་སྲུངས། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཚོ། །ཡི་གེ་དྲུག་པས་བསྲུང་དུ་གསོལ། །ཡི་གེ་དྲུག་པས་བསྐྱབ་ཏུ་གསོལ། །དེ་ཡན་མཚམས་གཅོད་སྲུང་འཁོར་ཡིན། ༈ སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཚར་བདུན་ཙམ་བརྗོད། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་སེམས་ཡུན་རིང་དུ་གནས་པར་གྱུར་ཅིག །ཚར་གསུམ་མམ་བདུན་བརྗོད། མ་ཎི་འུར་བརྒྱག་
གསུང་མཆོག་ཡི་གེ་དྲུག་པ་འདི་བཟླས་ན། །ངན་སོང་འཁོར་བའི་སྡུག་བསྔལ་ཀུན་ལས་སྐྱོབས། །སྐྱབས་འགྲོའི་མཆོག་གྱུར་ཡི་གེ་དྲུག་པ་ཡིན། །ཨོཾ་གྱིས་སངས་རྒྱས་རྣམས་ལ་སྐྱབས་སུ་འགྲོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེས་སྐྱབས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །མས་ནི་དམ་ཆོས་རྣམས་ལ་སྐྱབས་སུ་འགྲོ། །དམ་པའི་ཆོས་ཀྱི་སྐྱབས་འོག་ཚུད་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཎིས་ནི་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ། །དགེ་འདུན་རྣམས་ཀྱི་ཐུགས་རྗེས་སྐྱོབ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །པད་ཀྱིས་བླ་མ་རྣམས་ལ་སྐྱབས་སུ་འགྲོ། །བླ་མ་རྣམས་ཀྱི་ཐུགས་རྗེས་སྐྱོབས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །མེས་ནི་ཡི་དམ་རྣམས་ལ་སྐྱབས་སུ་འགྲོ། །རྒྱུད་སྡེ་བཞི་ཡི་ཐུགས་རྗེས་སྐྱོབས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད་།ཧཱུྃ་ནི་མཁའ་འགྲོ་རྣམས་ལ་སྐྱབས་སུ་འགྲོ། །དཔའ་བོ་མཁའ་འགྲོའི་ཐུགས་རྗེས་སྐྱོབས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །བསམ་པ་
རྣམ་དག་བྱང་ཆུབ་སེམས་བསྐྱེད་ཀྱང་། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །ཨོཾ་ནི་སྨོན་པ་བྱང་ཆུབ་སེམས་བསྐྱེད་ཡིན། །སངས་རྒྱས་ཐོབ་པའི་སྨོན་ལམ་འདེབས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །མ་ནི་འཇུག་པ་བྱང་ཆུབ་སེམས་བསྐྱེད་ཡིན། །རྫོགས་པའི་བྱང་ཆུབ་ལམ་ལ་འཇུག་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །ཎི་ནི་གཉིས་མེད་བྱང་ཆུབ་སེམས་བསྐྱེད་ཡིན། །སྟོང་ཉིད་སྙིང་རྗེ་གཉིས་མེད་བསྒོམ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །པད་ནི་ཆོས་ཉིད་བྱང་ཆུབ་སེམས་བསྐྱེད་ཡིན། །ཆོས་ཉིད་སྐྱེ་མེད་དོན་དེ་རྟོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །མེ་ནི་ཡེ་ཤེས་བྱང་ཆུབ་སེམས་བསྐྱེད་ཡིན། །ཡེ་ཤེས་ལྔ་པོ་སེམས་ལ་འཆར་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །ཧཱུྃ་ནི་དོན་དམ་བྱང་ཆུབ་སེམས་བསྐྱེད་ཡིན། །དོན་དམ་སྙིང་པོ་མངོན་སུམ་རྟོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་འདི་ལ་ཚང་། །ཚད་མེད་དྲུག་གི་འགྲོ་དོན་བྱེད་པ་ཡང་། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །ཨོཾ་ནི་ཐུགས་རྗེ་
ཚད་མེད་ཕྱོགས་རིས་མེད། །ཕྱོགས་མེད་རྒྱལ་ཁམས་འགྲོ་དོན་བྱེད་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །མ་ནི་བྱམས་པ་ཚད་མེད་ཀུན་ལ་ཁྱབ། །བྱམས་པ་ཆེན་པོའི་ཏིང་འཛིན་བསྒོམ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །ཎི་ནི་སྙིང་རྗེ་ཚད་མེད་བུ་ལྟར་བརྩེ། །སྙིང་རྗེ་ཚད་མེད་ཏིང་འཛིན་བསྒོམ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །པད་ནི་དགའ་བ་ཚད་མེད་ལུས་སེམས་བདེ། །དགའ་བ་ཚད་མེད་ཏིང་འཛིན་བསྒོམ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །མེ་ནི་བཏང་སྙོམས་ཚད་མེད་དགྲ་གཉེན་བྲལ། །བཏང་སྙོམས་ཚད་མེད་ཏིང་འཛིན་བསྒོམ་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །ཧཱུྃ་ནི་ཆོས་ཉིད་ཚད་མེད་མཐའ་དབུས་མེད། །ཆོས་ཉིད་བདེན་པ་མངོན་སུམ་རྟོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་བཟླས་པས་འགྲུབ། །དེ་ཡན་སྐྱབས་འགྲོ་སེམས་བསྐྱེད་ཡིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ། །གསོལ་བ་བཏབ་པའི་བྱིན་རླབས་དང་། །དངོས་གྲུབ་ཀུན་འབྱུང་
གསོལ་འདེབས་ནི། །གསུང་མཆོག་ཡི་གེ་དྲུག་པ་ཡིན། །ཨོཾ་གྱིས་སྐུ་ལ་གསོལ་བ་འདེབས། །མས་ནི་གསུང་ལ་གསོལ་བ་འདེབས། །ཎིས་ནི་ཐུགས་ལ་གསོལ་བ་འདེབས། །པད་ཀྱིས་ཡོན་ཏན་ལ་གསོལ་བ་འདེབས། །མེས་ནི་ཕྲིན་ལས་ལ་གསོལ་བ་འདེབས། །ཧཱུྃ་ནི་སྐུ་གསུམ་བཅས་ལ་གསོལ་བ་འདེབས། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལྷ་གཅིག་སྒྲོལ་མ་དཀར་སྔོན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྔོན་ཚེ་སངས་རྒྱས་པདྨའི་སྙིང་པོ་དེས། །གསུང་མཆོག་ཡི་གེ་དྲུག་པ་མ་རྙེད་ནས། །འཇིག་རྟེན་ཁམས་ནི་བྱེ་བ་ཁྲག་ཁྲིག་གཤེགས། །སྤྱན་རས་གཟིགས་མཇལ་ཡི་གེ་དྲུག་པ་ཐོབ། །སངས་རྒྱས་པདྨའི་སྙིང་པོ་ལ་གསོལ་བ་
འདེབས། །རྒྱ་གར་མ་ག་ཏ་ཡི་ནུབ་ཕྱོགས་ན། །ཚོང་དཔོན་མཛེས་པའི་བློ་གྲོས་ཞེས་བྱ་བས། །ཚེ་གཅིག་ཡི་གེ་དྲུག་པ་ཐུགས་དམ་མཛད། །གདུང་བཞུས་རྒྱ་གར་ཇོ་བོའི་རིགས་གཅིག་བྱོན། །དེ་ཡང་ཡི་གེ་དྲུག་པའི་རིག་འཛིན་ཡིན། །ཚོང་དཔོན་མཛེས་པའི་བློ་གྲོས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །མ་ཧེ་འཚོ་བའི་རྫི་བོས་ཡིག་དྲུག་བཏོན། །མ་ཧེའི་བྲང་ནས་ཐུགས་རྗེ་ཆེན་པོ་བྱོན། །རང་བྱུང་མུ་ཏིག་ཡི་གེ་དྲུག་པ་གནང་། །ད་ལྟ་འཇའ་ལུས་མཁའ་སྤྱོད་གནས་སུ་བཞུགས། །སློབ་དཔོན་ཀླུ་ཡི་བྱང་ཆུབ་ཅེས་སུ་གྲགས། །དེ་ཡང་ཡི་གེ་དྲུག་པའི་རིག་འཛིན་ཡིན། །ཀླུ་ཡི་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །བྲམ་ཟེའི་ཁྱེའུ་བདེ་མཆོག་དུས་སྙིང་གིས། །བྲག་ཕུག་གཅིག་ཏུ་ཡི་གེ་དྲུག་པ་བསྒྲུབ། །བྲག་ཕུག་དེ་ཉིད་ཤེལ་གྱི་མཆོད་རྟེན་གྱུར། །ཕུང་པོ་ལྷག་མེད་རྫོགས་པའི་སངས་རྒྱས་ཐོབ། །དེ་ཡང་ཡི་གེ་དྲུག་པའི་རིག་འཛིན་ཡིན། །བདེ་མཆོག་དུས་སྙིང་ཞབས་ལ་གསོལ་བ་འདེབས། །རྒྱ་གར་ཡུལ་གྱི་རྐུན་མ་གཅིག །ཞག་མ་སུམ་ཅུ་སོ་གཅིག་ལ། །ཡིག་དྲུག་བཏོན་ཅིང་བསྐོར་བ་བྱས། །སྤྱན་རས་
གཟིགས་ཀྱིས་རལ་གྲི་གནང་། །རལ་གྲི་བཟུང་ནས་ནམ་མཁར་འཕུར། །འཇའ་ལུས་མཁའ་སྤྱོད་གནས་སུ་བྱོན། །གྲུབ་ཆེན་རལ་གྲི་པ་ཞེས་གྲགས། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །རལ་གྲི་པ་ལ་གསོལ་བ་འདེབས། །རྒྱ་གར་ཡུལ་གྱི་སྤྲང་པོ་གཅིག །ཡི་གེ་དྲུག་པ་བསྒོམས་བཟླས་ནས། །སྤྱན་རས་གཟིགས་དང་དངོས་སུ་མཇལ། །བཟའ་བཏུང་ཉོ་བའི་གསེར་ཡང་གནང་། །རྫུ་འཕྲུལ་བར་སྣང་བྱ་ལྟར་ལྡིང་། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །གྲུབ་ཆེན་གཙང་པ་རས་པ་ཟེར། །རིག་འཛིན་དེ་ལ་གསོལ་བ་འདེབས། །རྒྱ་གར་བྲམ་ཟེའི་ཁྱེའུ་གཅིག །ཐུགས་རྗེ་ཆེན་པོའི་རྡོ་སྐུ་ལ། །ལོ་གྲངས་བཅུ་གཉིས་མེ་ཏོག་ཕུལ། །རྡོ་སྐུའི་གསུང་བསྒྲགས་ལུང་ཡང་བསྟན། །ཚེ་གཅིག་མཆོག་གི་དངོས་གྲུབ་ཐོབ། །རྣལ་འབྱོར་སཾ་གཱ་ཛ་ཞེས་གྲགས། །ཐུགས་རྗེ་ཆེན་པོའི་རིག་འཛིན་ཡིན། །རིག་འཛིན་དེ་ལ་གསོལ་བ་འདེབས། །རྒྱ་གར་རྒྱལ་པོའི་སྲས་གཅིག་པུ། །ཁ་སར་པཱ་ཎིའི་ལྷ་ཁང་དུ། །ཡི་གེ་དྲུག་པ་ཐུགས་དམ་མཛད། །སེངྒེ་ཆིབས་ནས་ནམ་མཁར་འཕུར། །ངོ་མཚར་གྲུབ་རྟགས་བཅུ་གཉིས་བསྟན། །འཆི་
མེད་འཇའ་ལུས་རྡོ་རྗེའི་སྐུ། །ལོ་རེ་བོད་དུ་ལན་རེ་བྱོན། །མི་ཏྲ་ཛོ་ཀི་ཞེས་སུ་གྲགས། །རིག་འཛིན་དེ་ལ་གསོལ་བ་འདེབས། །དེ་ཚོ་རྒྱ་གར་གྲུབ་ཆེན་རེད། ༈ །བོད་ཡུལ་དབུས་རྒྱུད་ལྷ་ས་ན། །གོས་མེད་གཅེར་བུར་ལོ་དྲུག་ཏུ། །གསུང་མཆོག་ཡི་གེ་དྲུག་པ་བཏོན། །ཐུགས་རྗེ་ཆེན་པོ་དངོས་སུ་མཇལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །གྲུབ་ཐོབ་གཅེར་སྒོམ་པ་ཞེས་གྲགས། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །གཅེར་སྒོམ་པ་ལ་གསོལ་བ་འདེབས། །འབལ་གྱི་དབོན་པོ་བན་ཆུང་གཅིག །སྟོད་ལུང་སྐྱེར་དགོངས་རི་ཁྲོད་དུ། །ཟས་མེད་ཐལ་སྐྱོ་གསོལ་མཛད་ནས། །ལོ་གསུམ་ཡི་གེ་དྲུག་པ་བསྒྲུབས། །ཐུགས་རྗེ་ཆེན་པོ་དངོས་སུ་མཇལ། །མངོན་ཤེས་ཐོགས་མེད་གྲུབ་པ་ཐོབ། །གྲུབ་ཐོབ་སྐྱེར་དགོངས་པ་ཞེས་གྲགས། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །སྐྱེར་དགོངས་པ་ལ་གསོལ་བ་འདེབས། །ཡོལ་སྟོན་ཆོས་ཀྱི་དབང་ཕྱུག་དེས། །ཡིག་དྲུག་དབང་ལུང་ཞུས་ཤིང་བསྒྲུབས། །ཐུགས་རྗེ་ཆེན་པོ་དངོས་སུ་འགྲུབ། །བྱམས་དང་སྙིང་རྗེའི་ཆུ་བོ་འབྲུབ། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །ཡོལ་སྟོན་ཞབས་ལ་
གསོལ་བ་འདེབས། །གསང་སྔགས་རྙིང་མའི་སྔགས་པ་གཅིག །ཡིག་དྲུག་ཐུགས་དམ་མཛད་ཅིང་བསྒྲུབས། །ཐུགས་རྗེ་ཆེན་པོ་དངོས་སུ་འགྲུབ། །ལྷ་སའི་བཀའ་ཆེན་གཏེར་ཁ་ཕྱེས། །གྲུབ་ཐོབ་དངོས་གྲུབ་ཅེས་སུ་གྲགས། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །དངོས་གྲུབ་ཞབས་ལ་གསོལ་བ་འདེབས། །གཏེར་སྟོན་མངའ་བདག་ཉང་རལ་དེས། །ཡི་གེ་དྲུག་པ་ཐུགས་དམ་མཛད། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་འགྲུབ། །སྲས་ལ་རིགས་གསུམ་མགོན་པོ་འཁྲུངས། །བདེ་བ་ཅན་དུ་རྫོགས་སངས་རྒྱས། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །མངའ་བདག་ཉང་ལ་གསོལ་བ་འདེབས། །གཏེར་སྟོན་གུ་རུ་ཆོས་དབང་དེས། །ཡི་གེ་དྲུག་ལ་ཧྲཱི༔ཡིག་སྦྱར། །ཐུགས་རྗེ་ཡང་སྙིང་འདུས་པ་བསྒྲུབས། །སྐྱེ་བདུན་ཤ་ཡི་སྒྲུབ་པ་མཛད། །རིགས་དྲུག་འཁོར་བ་དོང་ནས་སྤྲུགས། །ཧཱུྃ་ཧྲཱིཿསྦྱར་བ་དེ་ནས་དར། །གཏེར་སྟོན་གུ་རུ་ཆོས་དབང་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྐྱེས་མཆོག་ཀརྨ་པཀཱི་ལ། །གསང་བ་ཡེ་ཤེས་མཁའ་འགྲོ་མས། །མཁའ་འགྲོ་རྒྱ་མཚོ་འཁོར་བཅས་ཀྱིས། །ཡིག་དྲུག་བསྐུལ་
འདོན་ལུང་ཡང་བསྟན། །རྒྱ་བོད་ཧོར་གསུམ་ཐམས་ཅད་དུ། །ཡིག་དྲུག་བསྐུལ་འདོན་དེ་ནས་དར། །མཁའ་འགྲོའི་ལུང་བསྟན་བྱིན་རླབས་ཆེ། །གྲུབ་ཆེན་ཀརྨ་པཀི་དེ། །ཡི་གེ་དྲུག་པའི་རིག་འཛིན་ཡིན། །རིག་འཛིན་དེ་ལ་གསོལ་བ་འདེབས། །གཏེར་སྟོན་རཏྣ་གླིང་པ་དེས། །ཐུགས་རྗེ་ཆེན་པོ་གསང་འདུས་བསྒྲུབས། །སྐྱེ་བདུན་རིལ་བུ་བཀྱེས་པའི་དུས། །མེ་ཏོག་སེ་བའི་མེ་ཏོག་ཙམ། །ཉིན་ཕྱེད་བར་དུ་ཆར་ལྟར་བབ། །མ་ཎི་བུམ་སྒྲུབ་དེ་ནས་དར། །རཏྣ་གླིང་ལ་གསོལ་བ་འདེབས། ༈ །མཁས་གྲུབ་ཆགས་མེད་རཱ་ག་དེས། །འཕགས་མཆོག་མི་ལོ་བཅུ་གསུམ་བསྒྲུབས། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་བྱུང་། །གནས་ལུགས་བསྟན་པའི་རྩ་བ་ཚུགས། །ཡར་འཕེལ་ཚེ་ལོ་དྲུག་བརྒྱའི་བར། །ཁོང་གི་བསྟན་པ་དར་ཞིང་རྒྱས། །འབྲེལ་ཚད་བདེ་བ་ཅན་དུ་འདྲེན། །ཆགས་མེད་ཞབས་ལ་གསོལ་བ་འདེབས། །རཱ་གའི་ཚིག་འཁོར་འདི་ཁ་བ་སྤྲུལ་སྐུ་ལྔ་པས་བསྣོན་པའི་མཆན། རྒྱ་བོད་གྲུབ་ཐོབ་དེ་རྣམས་ཀྱང་། །ཡིག་དྲུག་སྒོ་ནས་གྲུབ་པ་ཐོབ། །དོ་ནུབ་འདིར་འཚོགས་ཁྲོམ་ནང་ན། །སྐལ་ལྡན་སྐྱེས་བུ་ཨུ་བོ་ཡོད། །ལས་འཕྲོ་སད་པ་ཨུ་
བོ་ཡོད། །འཆི་བ་དྲན་མི་ཨུ་བོ་ཡོད། །སྙིང་རུས་ཡོད་མི་ཨུ་བོ་ཡོད། །གནམ་ནས་ཉི་ཟླ་ཟུར་ཙམ་ཡིན། །ས་ཡི་མེ་ཏོག་ཐམས་ཅད་བྱེ། །གོ་བའི་བུ་ལ་བརྡ་ཙམ་ཡིན། །གོ་བ་མེད་ན་ཅི་ཆ་ཡོད། །ཨ་ཅང་ཀུ་རེ་ཞུས་པ་ཡིན། །སྤྲང་ཕྲུག་ང་ལ་ཞེ་མ་སྡང་། །དེ་ཡང་རིག་འཛིན་གསོལ་འདེབས་ཡིན། ༈ །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག །གཅིག་ཏུ་བསྡུས་པའི་བཅུ་གཅིག་ཞལ། །བཅུ་གཅིག་ཞལ་ལ་གསོལ་བ་འདེབས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །ཕྱག་སྟོང་འཁོར་ལོས་སྒྱུར་རྒྱལ་སྟོང་། །ཆོས་རྒྱལ་སྟོང་ལ་གསོལ་བ་འདེབས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང་། །སངས་རྒྱས་སྟོང་ལ་གསོལ་བ་འདེབས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་ཤར་ཕྱོགས་ཞིང་ཁམས་ན། །ཐུགས་རྗེ་ཆེན་པོ་སེངྒེའི་སྒྲ། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་ལྷོ་ཕྱོགས་ཞིང་ཁམས་ན། །ཡིད་བཞིན་འཁོར་ལོ་སྤྱན་རེས་
གཟིགས། །བྱང་སེམས་བྱེ་བ་ཕྲག་བཅུའི་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་ནུབ་ཕྱོགས་ཞིང་ཁམས་ན། །པདྨ་གར་དབང་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་བྱང་ཕྱོགས་ཞིང་ཁམས་ན། །ཐུགས་རྗེ་ཆེན་པོ་མེ་ཤེལ་པ། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་ཆ་བྱིན་གྱིས་རློབས། །འདི་ནས་ཤར་ལྷོའི་ཞིང་ཁམས་ན། །ཧ་ལ་ཧ་ལ་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་ལྷོ་ནུབ་ཞིང་ཁམས་ན། །པདྨ་བརྒྱན་ལུ་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་ནུབ་བྱང་ཞིང་ཁམས་ན། །ཐུགས་རྗེ་ཆེན་པོ་རྡོ་རྗེ་ཆོས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །
གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་འཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་བྱང་ཤར་ཞིང་ཁམས་ན། །དོན་ཡོད་ཞགས་པ་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་སྟེང་ཕྱོགས་ཞིང་ཁམས་ན།།ཆོས་ཀྱི་གཙུག་ཏོར་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འདི་ནས་འོག་ཕྱོགས་ཞིང་ཁམས་ན། །མགྲིན་པ་སྔོན་པོ་སྤྱན་རས་གཟིགས། །བྱང་སེམས་བྱེ་བ་བཅུ་ཡིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འཁོར་འདས་མཉམ་ཉིད་ཞིང་ཁམས་ན། །ཆོས་སྐུ་ཀུན་ཁྱབ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཀླུ་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །འོག་མིན་འཐུག་པོ་བཀོད་པ་ན། །གངས་ཆེན་མཚོ་རྒྱལ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་
ཁྲོམ་ལ་བྱིན་གྱིས་རློབས། །མི་མཇེད་དག་པའི་ཞིང་ཁམས་ན། །སངས་རྒྱས་སྟོང་རྩ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །པོ་ཏ་ལ་ཡི་རྩེ་མོ་ན། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །བདེ་བ་ཅན་གྱི་ཞིང་ཁམས་ན། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །།འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །ཟངས་མདོག་དཔལ་གྱི་རི་བོ་ན། །པདྨ་འབྱུང་གནས་སྤྱན་རིས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །དབང་དྲག་རོལ་པའི་དུར་ནས། །རྒྱ་གྲོ་ཝ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །ལྷོ་ཕྱོགས་དཔལ་གྱི་རི་བོ་ན། །ས་ར་ཧ་པ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །བསིལ་བ་ཚལ་གྱི་དུར་ཁྲོད་ན། །བར་ཆད་ཀུན་སེལ་སྤྱན་རས་
གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །དེ་ཡན་གསོལ་འདེབས་སོ། ༈ །སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དེས་ཚེ་རིང་། སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེས་ནད་དཀོན། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །དེས་སྒྲིབ་པ་བྱང་། སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དེས་འཁྲུག་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེས་ལོ་ཡག །དེ་རྣམས་རེ་རེ་ལ་བདུན་རེ་ཙམ་འདོན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། འུར་འདོན་གཅིག་དང་གསུམ་སྦྲེལ་གཅིག་གཉིས་ཙམ་བསྐུལ་བས་ལྷ་འདྲེའི་གདུག་པ་ཞིའོ། །དེ་ནས་མཆོད་པ་འབུལ་བ་ནི། འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་ན། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མས། །ཡིག་དྲུག་འདི་ལ་དད་གུས་ཐལ་མོ་སྦྱར། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ཤར་གྱི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་པདྨའི་དཔལོ་ནི་
འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ཤར་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ཤར་ལྷོའི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་དཔལ་གྱི་སྙིང་པོ་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ཤར་ལྷོའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ལྷོ་ཡི་ཕྱོགས་ཀྱི་ཞིང་ཁམས་ན། །།སངས་རྒྱས་པདྨ་རབ་རྒྱས་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ལྷོ་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ལྷོ་ནུབ་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་པདྨ་བདེ་ཆེན་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ལྷོ་ནུབ་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ནུབ་ཀྱི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་འོད་ཟེར་རྒྱལ་མཚན་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ནུབ་ཕྱོགས་སངས་རྒྱས་བྱང་སེམས་
ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་ནུབ་བྱང་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་མཆོག་ཏུ་མཛེས་པ་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །ནུབ་བྱང་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་བྱང་གི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་པདྨའི་གདུགས་ཅན་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །བྱང་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་བྱང་ཤར་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་བདེ་བའི་སྙིང་པོ་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །བྱང་ཤར་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །འདི་ནས་སྟེང་གི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་འགྲོ་ལྟ་བའི་དཔལ་ནི་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །སྟེང་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །
འདི་ནས་འོག་གི་ཕྱོགས་ཀྱི་ཞིང་ཁམས་ན། །སངས་རྒྱས་པདྨ་ཆགས་པ་འཁོར་དང་བཅས། །ཡི་གེ་དྲུག་ལ་དད་གུས་ཐལ་མོ་སྦྱར། །འོག་ཕྱོགས་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །རྒྱལ་བ་རྒྱ་མཚོ་དཔའ་བོ་རྒྱ་མཚོ་དང་། །།དཔའ་མོ་རྒྱ་མཚོ་གྲུབ་ཐོབ་རྒྱ་མཚོ་དང་། །དམ་ཅན་རྒྱ་མཚོ་ལྷ་ཚོགས་འཁོར་དང་བཅས། །སྙིང་པོ་སྔགས་ཀྱི་མཆོད་པ་ངོ་མཚར་ཅན། །གསུང་མཆོག་ཡི་གེ་དྲུག་མའི་མཆོད་པ་འབུལ། །སྐབས་འདིར་བླ་མ་སྐུ་གཤེགས་པ་རྣམས་ལ་མཆོད་འབུལ་བསྐུལ་བར་བྱའོ། ། ༈ གསུང་མཆོག་ཡི་གེ་དྲུག་པ་འདི། །ཡིད་བཞིན་ནོར་བུ་རིན་ཆེན་ཡིན། །དཀར་ཕྱོགས་ལྷ་ཀླུ་ཐམས་ཅད་ཀྱིས། །དབུ་ནག་མི་ལ་ཡིག་དྲུག་བསླང་། །མཆོད་པ་གཞན་བས་འདི་ལ་མཉེས། །ལྷ་ཆེན་ཚངས་པ་གདོང་བཞིས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ལྷ་ཆེན་ཚངས་པ་གདོང་བཞི་ལ། །ཡི་གེ་དྲུག་པའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །ལྷ་ཆེན་དབང་ཕྱུག་ཆེན་པོས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །ཡི་གེ་དྲུག་མའི་མཆོད་པ་
འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །ལྷ་ཡི་རྒྱལ་པོ་འཇུག་སྲིད་ཀྱིས། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ལྷ་ཡི་རྒྱལ་པོ་འཇུག་སྲིད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །ལྷ་ཡི་དབང་པོ་བརྒྱ་བྱིན་ཡང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །ཉི་མ་ཟླ་བ་གཉིས་པོས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ལྷ་སྲས་ཉི་མ་ཟླ་བ་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །རྒྱལ་པོ་ཆེན་པོ་སྡེ་བཞིས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །རླུང་གི་ལྷ་དང་མེ་ཡི་ལྷས། །དབུ་ནག་མི་ལ་ཡིག་དྲུག་བསླང་། །དྲང་སྲོང་རིག་འཛིན་ཐམས་ཅད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །ཆུ་བདག་ཝ་རུ་ཎ་སེས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །ཆུ་
ལ་གནས་པ་ཐམས་ཅད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་ཚོགས་ཁྲོམ་ལ་སྲུང་སྐྱོབ་མཛོད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཀྱང་། །དབུ་ནག་མི་ལ་ཡིག་དྲུག་བསླང་། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །ཚེ་འདས་རྣམས་ལ་ཐུགས་ཡངས་མཛོད། །བློན་པོ་གཏུམ་པོ་རབ་གྲགས་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །ཚེ་འདས་རྣམས་ལ་ཐུགས་ཡངས་མཛོད། །ལས་མཁན་ཨ་ཝ་གླང་མགོ་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །ཚེ་འདས་རྣམས་ལ་ཐུགས་བྱམས་ཞུ། །འཆི་བདག་གཤིན་རྗེའི་ཕོ་ཉ་ལ། །ཡི་གེ་དྲུག་མའི་འཐེན་པ་གཏོང་། །འདིར་འཚོགས་ཁྲོམ་པའི་ཚེ་ཤུགས་མཛོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་འཚོགས་ཁྲོམ་པའི་རྐྱེན་ཁ་ཟློག །མ་མོ་མཁའ་འགྲོ་ཐམས་ཅད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །མི་ནད་ཕྱུགས་ནད་ཞི་བར་མཛོད། །ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །ཡི་གེ་དྲུག་མའི་མཆོད་པ་འབུལ། །འདིར་འཚོགས་ཁྲོམ་ལ་ཁ་འཛིན་མཛོད། །ཅེས་པ་མཆོད་པའི་ལེའུ་ཡིན། ༈ སྐབས་འདིར་སྐུ་རིམ་ཐམས་ཅད་སོ་
སོར་བསྐུལ་ལོ། །ལས་ཀྱི་རྣམ་སྨིན་མ་གཏོགས་པར། །ནད་རིགས་བཞི་བརྒྱ་རྩ་བཞི་ཡང་། །གསུང་མཆོག་ཡི་གེ་དྲུག་པས་ཞི། །དོ་ནུབ་འདིར་ཚོགས་ཁྲོམ་པ་ཡི། །ནད་རིགས་བཞི་བརྒྱ་ཞི་བར་ཤོག །ཨོཾ་གྱིས་འདུས་པའི་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །འདུས་པའི་ནད་རྣམས་ཞི་བར་ཤོག །མས་ནི་ཚད་པའི་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །ཚད་པའི་ནད་རྣམས་ཞི་བར་ཤོག །ཎིས་ནི་རླུང་གི་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །རླུང་གི་ནད་རྣམས་ཞི་བར་ཤོག །པད་ཀྱིས་བད་ཀན་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །བད་ཀན་ནད་རྣམས་ཞི་བར་ཤོག །མེས་ནི་གྲང་བའི་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །གྲང་བའི་ནད་རྣམས་ཞི་བར་ཤོག །ཧཱུྃ་གིས་མཁྲིས་པའི་ནད་རྣམས་ཞི། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །མཁྲིས་པའི་ནད་རྣམས་ཞི་པ་བར་ཤོག །ཨོཾ་ནི་རིན་ཆེན་དགོས་འདོད་འབྱུང་། །མུ་གེའི་བསྐལ་པ་ཞི་བར་ཤོག་།མས་ནི་ཐམས་ཅད་སྐྱེད་པར་བྱེད། །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །ཎིས་ནི་ལོག་
པའི་ལམ་ལས་སྐྱོབས། །ཐར་པའི་ལམ་སྣ་ཟིན་པར་ཤོག །པད་ཀྱིས་དུག་ལྔ་གཅོད་པར་བྱེད། །དུག་ལྔ་རང་སར་ཞི་བར་ཤོག །མེས་ནི་རྣམ་རྟོག་སྲེག་པར་བྱེད། །རྣམ་རྟོག་ཡེ་ཤེས་འཆར་བར་ཤོག །ཧཱུྃ་གིས་གདུག་པ་འདུལ་བར་བྱེད། །བདུད་བཞི་གཡུལ་ལས་རྒྱལ་བར་ཤོག ༈ །འོ་ཁྲོམ་པ་མ་གཉིད་ང་ལ་གསོན། །ང་ལ་གསོན་དང་མཚར་གསུམ་ཞུ། །ཧ་ཧ་ཧེ་ཧེ་ཨ་ལ་ལ། །དོ་ནུབ་ནེ་ཙོས་ཆོས་ཤིག་བཤད། །ནེ་ཙོས་ཆོས་ངོ་མི་ཤེས་ཏེ། །སྡིག་པ་ཅི་ཡང་མི་བྱ་ཟེར། །དོ་ནུབ་ཕུག་རོན་དབུ་མ་བཤད། །ཕུག་རོན་དབུ་མ་མི་ཤེས་ཏེ། །དབུ་མ་དབུ་མ་ཟེར་ཞིང་གདའ། །དོ་ནུབ་ཏས་ཆོས་ཤིག་བཤད། །ཁྭ་ཏས་ཆོས་ངོ་མི་ཤེས་ཏེ། །ཡི་གེ་གཅིག་ལ་ཨ་ཡི་མདོ། །ཁྭ་ཏས་ཨ་ཨ་བགྲང་ཞིང་གདའ། །དོ་ནུབ་འུག་པས་སྔགས་གཅིག་འདོན། །འག་པས་སྔགས་འདོན་མི་ཤེས་ཏེ། །འག་པས་ཧཱུྃ་ཧཱུྃ་ཟེར་ཞིང་གདའ། །དོ་ནུབ་མཆིལ་པས་ས་རིས་བྲི། །མཆིལ་པས་ས་རིས་མི་ཤེས་ཏེ། །གཅིག་གཅིག་གཉིས་གཉིས་ཟེར་ཞིང་གདའ། །དོ་ནུབ་སྲེག་པས་སྒོམ་ཅིག་བཤད། །སྲེག་པས་སྒོམ་ངོ་མི་ཤེས་ཏེ། །སྤྲོས་བྲལ་སྤྲོས་བྲལ་
ཟེར་ཞིང་གདའ། །དོ་ནུབ་འཇུ་ལུའི་ཕར་ཕྱིན་རྩོད། །འཇུ་ལུས་བགྲོ་གླེང་མི་ཤེས་ཏེ། །ས་བཅུ་ས་བཅུ་ཟེར་ཞིང་གདའ། །དོ་ནུབ་འོན་པས་དུང་གཅིག་འབུད། །འོན་པས་དུང་སྐད་མི་གོ་སྟེ། །རྣ་བ་གསང་བ་རྣམས་ཀྱིས་ཐོས། །དེ་ཚོ་གཏམ་གྱི་དཔེ་ལེན་ཡིན། །དཔེ་བརྒྱད་རྒྱབ་ན་དོན་དང་དགུ། །དོ་ནུབ་སྤྲང་ཕྲུག་ངས་ཀྱང་ཆོས་ཤིག་བཤད། །ངས་དག་ཆོས་ངོ་མི་ཤེས་ཏེ། །སྐལ་ལྡན་ཡོད་ན་གོ་ཡང་སྲིད། ༈ །གསོན་དང་ཉོན་དང་འདིར་འཚོགས་ཁྲོམ། །ཡུལ་ལ་ཆགས་འཛིན་མ་ཆེ་དང་། །མི་རྟག་དྲི་ཟའི་གྲོང་ཁྱེར་ཡིན། །བརྩེགས་པའི་ཐ་མ་འཇིག་རྒྱུ་ཡིན། །ལུས་ལ་གཅེས་འཛིན་མ་ཆེ་དང་། །མི་རྟག་བྱ་ཁྱིའི་ཟ་རྒྱུ་ཡིན། །སྐྱེས་པའི་ཐ་མ་འཆི་རྒྱུ་ཡིན། །ནོར་ལ་སེར་སྣ་མ་ཆེ་དང་། །མི་རྟག་སྦྲང་མའི་སྦྲང་རྩི་ཡིན། །གསོགས་པའི་ཐ་མ་འཛད་རྒྱུ་ཡིན། །རོགས་ལ་གདུང་འཛིན་མ་ཆེ་དང་། །མི་རྟག་ཚོང་འདུས་མགྲོན་པོ་ཡིན། །། འདུས་པའི་ཐ་མ་འབྲལ་རྒྱུ་ཡིན། །རྒན་རྒོག་འདྲེ་བཞིན་མི་རྟག་དང་། །མི་རྟག་ལ་ཁའི་ཉི་མ་ཡིན། །ཕ་མ་མཆོད་པའི་ཞིང་ས་ཡིན། །དགྲ་ལ་མནར་སེམས་མ་འཆང་དང་། །
ཚེ་རབས་མང་པོའི་ཕ་མ་ཡིན། །དགྲ་རྣམས་གཉེན་དུ་འགྱུར་ཡང་སྲིད། །མི་ཚེ་མི་ཕྱེད་མ་བསམ་དང་། །འཆི་བ་རྩ་ལ་གཏུག་གེ་ཡོད། །ནམ་འཆི་ཆ་མེད་ཨ་ཙ་མ། །ཆོས་ལ་ཕྱི་བཤོལ་མ་བྱེད་དང་། །འཆི་བདག་ནམ་ཡོང་ཚོད་ཚོད་མེད། །སང་ཕོད་ཕྱི་མའི་གང་སྔ་ལ། །འཆི་བདག་གཤིན་རྗེའི་ཕོ་ཉ་ལ། །ཚིག་གསུམ་གཏམ་ས་མི་གདའ་ན། །གོམ་གསུམ་འབྲོས་ས་མི་གདའ་ན། །ནོར་གྱི་བསླུ་ས་མི་གདའ་ན། །ངོ་ཆེན་ཞུ་ས་མི་གདའ་ན། །མཁས་པས་གཏམ་ས་མི་གདའ་ན། །དཔོན་པོས་ཁེབས་ས་མི་གདའ་ན། །སྤང་ཕྲུག་ང་ལ་སྐྱོ་བ་སྐྱེས། །འདིར་འཚོགས་ཁྲོམ་པས་ཅི་འདྲ་དགོངས། ༈ །ཡང་གཅིག་གསོན་དང་འདིར་འཚོགས་ཁྲོམ། །སྤྲང་ཕྲུག་ང་ནི་བློ་མ་བདེ། །སྲིད་པ་ཆགས་ནས་ད་ལྟའི་བར། །མི་མ་ཤི་ལུས་པ་གཅིག་མི་གདའ། །ད་སྐྱེས་ཚད་འཆི་རྒྱུ་ཡིན་གྱིས་དོགས། །མི་ང་དང་ན་མཉམ་མང་པོ་ཤི། །ད་རང་ཡང་འཆི་རྒྱུ་ཡིན་གྱིས་དོགས། ༈ །མགོ་དཔོན་རིས་ཚོ་གདུག་རྩུབ་མ་ཆེ་དང་། །ཆུས་དབང་ཐང་སྔོན་གྱི་བསོད་ནམས་ཡིན། །ཆུས་བཙན་པས་རྒྱལ་བའི་ངེས་པ་མེད། །ཁྲིམས་ཆོས་དང་མཐུན་ན་དབང་ཐང་
ཆེ། །དོ་ནུབ་ཚེ་ཐར་ཁས་ལེན་མ་ཉུང་ན། །མགོ་དཔོན་རིས་ཚོ་ཐུགས་དགོངས་མཐོ་རྟགས་ཡིན། །མི་ང་ལ་བཀའ་བཀྱོན་མ་གནང་དང་། །ང་སྤྲང་པོ་ཁྱི་ཁ་ཕག་མཆུ་ཡིན། ༈ །ཕ་ཁུ་བོ་ཚོ་སེམས་ཁུར་མ་ཆེ་དང་། །བློ་རེ་དོགས་ལུང་སྟོང་གི་ཉ་རྒྱ་ཡིན། །སེམས་རེ་དོགས་སྟེང་ནས་སོང་བ་མེད། །དོ་ནུབ་གདན་གཅིག་ཁས་ལེན་མ་ཉུང་ན། །ཕ་ཁུ་བོ་བསམ་པ་ཡོད་རྟགས་ཡིན། །མི་ང་ལ་ཐུགས་སྡང་མ་མཛད་དང་། །ང་བསམ་མེད་མི་རྫོ་དགུ་གཏམ་ཡིན། ༈ །ཆུང་ཨ་ཉོག་ཚོ་བྱ་བྱིལ་མ་གསོད་དང་། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །ཤ་ཁྲག་མི་གཙང་མནོལ་ཟས་ཡིན། །ཨ་ཉོག་ཚོས་སྡིག་པ་སྤངས་ཐུབ་ན། །དེས་ཨ་མའི་རྐུན་མར་ཕྲོག་མ་བརླག །མི་ང་ལ་ཐལ་བ་མ་འདེབས་དང་། །དུས་ནམ་ཞིག་ཕན་པའི་གཅེས་སྤྲས་ཡིན། ༈ །མ་སྲུ་མོ་ཚོ་སེར་སྣ་མ་ཆེ་དང་། །ནོར་ལོངས་སྤྱོད་ཚེ་སྔོན་སྦྱིན་འབྲས་ཡིན། །ནོར་གསོགས་པས་སོགས་པའི་ངེས་པ་མེད། །དོ་ནུབ་དགེ་ཧུབ་ཁས་ལེན་མ་ཉུང་དང་། །མ་སྲུ་མོ་མཛངས་བའི་མཛངས་རྟགས་ཡིན། །མི་ང་ལ་མཆུ་འབུག་མ་བྱེད་དང་། །ང་སྤྲང་ཕྲུག་ཟ་
འདོད་མཆུ་འཕྲ་ཡིན། ༈ །སྟག་ཤར་པ་ཚོ་ཞེ་སྡང་མ་ཆེ་དང་། །གཏམ་ཕམ་རྒྱལ་ལུང་སྟོང་གི་བྲག་ཆ་ཡིན། །ཕོ་རྒོད་པོ་རང་སྲོག་སྐྱེལ་འདྲེན་ཡིན། །མདའ་སྐྱེན་པོ་དམྱལ་བའི་གཏིང་རྡོ་ཡིན། །སྡུག་སྡིག་པ་རང་གི་རང་ཐུབ་ཡིན། །དོ་ནུབ་སྡིག་པ་ཕུལ་མི་ཡོད་པ་ན། །དེ་ཕ་ལ་བུ་རྒོད་ཚར་བ་ཡིན། །མི་ང་ལ་མིག་གོར་མ་བྱེད་དང་། །ང་བན་ཆུང་གི་ཀུ་རེ་རྩེད་མོ་ཡིན། ༈ །སྨན་བུ་མོ་ཚོ་རང་རྩིས་མ་ཆེ་དང་། །ལུས་མི་གཙང་རྣག་ཁྲག་རྐྱལ་པ་ཡིན། །བཀྲག་གཟི་མདངས་དབྱར་ཁའི་མེ་ཏོག་ཡིན། །རྒྱན་སལ་སིར་རང་མགོ་རང་གཡོགས་ཡིན། །དོ་ནུབ་མར་མེ་ཁས་ལེན་མ་ཉུང་ན། །སྨན་བུ་མོ་ཚོ་རྣམ་རིག་ཡོད་རྟགས་ཡིན། །མི་ང་ལ་ཞེ་ཁྲེལ་མ་འཇོག་དང་། །དུས་ནམ་ཞིག་ཕན་པའི་ཁ་བརྡ་ཡིན། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཐམས་ཅད་ཀྱིས། །ཡིག་དྲུག་ཁས་ལེན་མ་ཉུང་མཛོད། ༈ །ཆང་སྐྱེན་པོ་བརྒྱ་བས་ཡིག་དྲུག་དགལ། །ཆང་སྐྱེན་པོ་ཁུར་ནས་འཐུང་ས་མེད། །ཤི་དམྱལ་བའི་ཚད་པས་སྐོམ་པའི་དུས། །ཆང་སྐོམ་དུག་སེལ་བ་ཡིག་དྲུག་ཡིན། །ཟས་ཤ་ཐུད་བརྒྱ་བས་ཡིག་དྲུག་དགའ། །ཟས་ཤ་ཐུད་ཁྱེར་ནས་འགྲོ་
ས་མེད། །ཤི་ཡི་དྭགས་ཡུལ་དུ་ཕྱིན་པའི་དུས། །བརྒྱག་ཟད་མེད་ཡི་གེ་དྲུག་པ་ཡིན། །གོས་དམར་སྨུག་བརྒྱ་བས་ཡིག་དྲུག་དགའ། །གོས་དམར་སྨུག་གྱོན་ནས་འགྲོ་ས་མེད། །ཤི་གྲང་དམྱལ་ཡུལ་དུ་ཕྱིན་པའི་དུས། །གོས་ལྷགས་པ་ཐུབ་པ་ཡིག་དྲུག་ཡིན། །མཛོ་ཆུང་དཀར་བརྒྱ་བས་ཡིག་དྲུག་དགའ། །མཛོ་ཁྱུང་དཀར་འགེལ་ནས་འགྲོ་ས་མེད། །ཤི་རྒྱུས་མེད་ཡུལ་དུ་ཕྱིན་པའི་དུས། །མཛོ་རྩེ་དགྱུས་མེད་པ་ཡིག་དྲུག་ཡིན། །རྟ་འདོ་ཕྲུག་བརྒྱ་བས་ཡིག་དྲུག་དགའ། །རྟ་མདོ་ཕྲུག་ཆིབས་ནས་འགྲོ་ས་མེད། །ཤི་བར་དོའི་འཕྲང་ལ་བསྒྲོད་པའི་དུས། །རྟ་འགྱེལ་སྦུབ་མེད་པ་ཡིག་དྲུག་ཡིན། །གསེར་སིལ་མ་བརྒྱ་བས་ཡིག་དྲུག་དགའ། །གསེར་མགུ་ལིང་མཆན་ཤེས་བྱེད་ས་མེད། །ཁོང་ཆོས་ཀྱི་རྒྱལ་པོ་མཇལ་བའི་དུས། །གསེར་སླད་མེད་ཡི་གེ་དྲུག་པ་ཡིན། །དངུལ་སྲང་ཀ་བརྒྱ་བས་ཡིག་དྲུག་དགའ། །དངུལ་དཀར་མོ་ཤ་དག་བྱེད་ས་མེད། །ཤི་དམྱལ་བའི་ཡུལ་དུ་འགྲིམ་པའི་ཟོག །དངུལ་ལིང་མ་ཡི་གེ་དྲུག་པ་ཡིན། ༈ །ཨེ་ང་ཡི་ཁ་ལ་མི་ཉན་ན། །ཀུ་སུ་ལུ་པའི་གསུང་ལ་ཉོན། །འདས་ལོག་གསུང་
ལ་མི་ཉན་ན། །རིན་ཆེན་དཔལ་གྱི་གསུང་ལ་ཉོན། །དཔའ་བོའི་གསུང་ལ་མི་ཉན་ན། །མ་གཅིག་ལབ་སྒྲོན་གསུང་ལ་ཉོན། །མཁའ་འགྲོའི་གསུང་ལ་མི་ཉན་ན། །ཇོ་བོ་རྗེ་ཡི་གསུང་ལ་ཉོན། །པཎ་ཆེན་གསུང་ལ་མི་ཉན་ན། །སྲོང་བཙན་སྒམ་པོའི་གསུང་ལ་ཉོན། །རྒྱལ་པོའི་བཀའ་ལ་མི་ཉན་ན། །ཆོས་ཀྱི་རྒྱལ་པོའི་བཀའ་ལ་ཉོན། །གཤིན་རྗེའི་བཀའ་ལ་མི་ཉན་ན། །པདྨ་འབྱུང་གནས་གསུང་ལ་ཉོན། །རིག་འཛིན་གསུང་ལ་མི་ཉན་ན། །ཐུགས་རྗེ་ཆེན་པོའི་གསུང་ལ་ཉོན། །ཡི་དམ་གསུང་ལ་མི་ཉན་ན། །ཤཱཀྱ་ཐུབ་པའི་གསུང་ལ་ཉོན། །སངས་རྒྱས་གསུང་ལ་མི་ཉན་ན། །སྣང་བ་མཐའ་ཡས་གསུང་ལ་ཉོན། །འོ་ཆོས་སྐུའི་བཀའ་ལ་བཅིག་བློ་མེད། ༈ །དོ་ནུབ་ཡིག་དྲུག་ཁས་ལེན་རེམ་རེམ་མཛོད། །ཕོ་རྒོད་པོ་ཨེ་རེད་ད་རེས་ལྟ། །མོ་རྒོད་མོ་ཨེ་རེད་ད་རེས་ལྟ། །སྤྱང་གྲུང་ཨེ་ཆེ་ད་རེས་ལྟ། །བསམ་བློ་ཨེ་ཡོད་ད་རེས་ལྟ། །སེམས་རྒྱ་ཨེ་ཆེ་ད་རེས་ལྟ། །བློ་ཁོག་ཨེ་ཆེ་ད་རེས་ལྟ། །ཡིག་དྲུག་ཁས་ལེན་སུ་མང་དེ། །ཕོ་རྒོད་པོ་ཡིན་པའི་དཔའ་རྩལ་བཞིན། །དཔའ་རྩལ་ཡི་གེ་དྲུག་པ་ཡིན། །མོ་མཛངས་མ་ཡིན་པས་
མཛངས་ཆོས་བཞིན། །མཛངས་ཆོས་ཡི་གེ་དྲུག་པ་ཡིན། །ཨ་ཀྱང་ཉོན་དང་འདིར་འཚོགས་ཁྲོམ། །འོང་ངོ་ཤེས་པ་འཆི་བདག་བདུད། །འཆི་བདག་བདུད་ལ་བྲོས་ས་མེད། །ཉི་མ་རྒས་པའི་གྲིབ་སོ་བཞིན། །ཕར་ཕར་བྲོས་ཀྱང་ཚུར་ཚུར་དེད། །འགྲིམ་ངོ་ཤེས་པ་བར་དོའི་འཕྲང་། །བར་དོའི་འཕྲང་ལ་གཟུར་ས་མེད། །གྲིབ་མ་འདྲེ་རུ་མཐོང་བ་བཞིན། །ཁྲོས་པས་མི་ཐར་རང་ལ་འཁོར། །དགོས་ངོ་ཤེས་པ་དམ་པའི་ཆོས། །དམ་པའི་ཆོས་འདི་སྒྲུབ་མི་དཀོན། །འཆི་ནས་ཉོ་སྐྱི་བྱེད་ས་མེད། །དོན་དེ་ཕྱིར་འཚོགས་པའི་ཁྲོམ་པ་ཚོ། །དོ་ནུབ་དགེ་བ་ཁས་ལེན་མ་ཉུང་མཛོད། །རང་སྐལ་མ་གཅོད་ཨ་ཐིག་ཚོ། །ཇ་སུན་གཅིག་སྐལ་བ་ཆད་པའི་དུས། །ཁ་ངོ་གནག་པའི་ཚད་ཚོད་མིན། །ཤ་གཏུབ་རེ་སྐལ་བ་ཆད་པའི་དུས། །མིག་གོར་བྱེད་པས་ཚད་ཚོད་མིན། །ཆང་ཞེས་རེ་སྐལ་བ་ཆད་པའི་དུས། །སྙོག་ཀ་བྱེད་པའི་ཚད་ཚོད་མིན། །ཉིན་གཅིག་མཛར་སྐལ་ཆད་པའི་དུས། །སྡུག་ཡུས་ལུག་པའི་ཚད་ཚོད་མིན། །དོ་ནུབ་ཆོས་སྐལ་ཆད་དོགས་ཀྱིས། །ཆོས་སྐལ་ཆད་ན་སྐལ་ཆད་ཡིན། །ཆོས་སྐལ་ཆད་ན་ལས་ངན་
ཡིན། །ཆོས་སྐལ་ཆད་ན་བསོད་ཟད་ཡིན། །ཨ་ཐིག་ཆུང་ཆུང་འདི་ཚོས་ཀྱང་། །བྱ་རི་སྲེག་གསུམ་སྤང་རོགས་མཛོད། །ཕྱི་ཤིས་རྗེས་གསུམ་སྤང་རོགས་མཛོད། །ལྡི་ཤིག་མི་གསོད་ཁས་ལེན་མཛོད། །མནའ་མི་སྐྱེལ་ཁས་ལེན་བྱེད་རོགས་མཛོད། །ཡུལ་ས་བཟུང་སོ་བཙུགས་ཤུལ་དུ་ལུས། །རང་ཆག་མེད་ཡུལ་དུ་རྒྱུས་མེད་འཁྱམས། །ཡུལ་འདི་ལ་བློ་གཏད་མི་གདའ་བས། །བློ་གཏད་ས་དམ་པའི་ཆོས་ལ་མཛོད། །མཁར་ཁང་ཁྱིམ་སྦྲ་གུར་ཤུལ་དུ་ལུས། །རང་གནས་མེད་བར་དོའི་འཕྲང་ལ་འགྲིམ། །མཁར་ཁང་ཁྱིམ་འདི་ལ་བློ་གཏད་མི་གདའ་བས། །བློ་གཏད་དམ་པའི་ཆོས་ལ་མཛོད། །རྒྱུ་ཟས་ནོར་གསོག་པ་ཤུལ་དུ་ལུས། །རང་ནོར་མེད་ལག་པ་སྟོང་པར་འགྲོ། །རྒྱུ་ཟས་ནོར་འདི་ལ་བློ་གཏད་མི་གདའ་བས། །བློ་གཏད་ས་དམ་པའི་ཆོས་ལ་མཛོད། །གྲོགས་ཉེ་དུ་མཐུན་གསུམ་ཤུལ་དུ་ལུས། །རང་གྲོགས་མེད་བར་དོའི་འཕྲང་ལ་འགྲིམ། །གྲོགས་ཉེ་དུ་འདི་ལ་བློ་གཏད་མེད། །བློ་གཏད་ས་དམ་པའི་ཆོས་ལ་མཛོད། །གོས་དྲོ་འཇམ་བྲག་ཕུག་སྟོང་པར་འགྲོ། །རང་གོས་མེད་གཅེར་བུར་རྗེན་པར་འགྲོ། །གོས་དྲོ་འཇམ་འདི་ལ་བློ་
གཏད་མེད། །བློ་གཏད་ས་དམ་པའི་ཆོས་ལ་མཛོད། །ལུས་ཕོངས་ཤིང་གཅེས་པ་བྱ་ཁྱིས་ཟ། །སེམས་རིག་པ་གཏད་མེད་རླུང་ལྟར་འཕྱོ། །ལུས་འདི་ལ་བློ་གཏད་མི་གདའ་བས། །བློ་གཏད་ས་དམ་པའི་ཆོས་ལ་མཛོད། །བློ་ཆོས་ལ་སོང་བའི་མི་ཡོད་ན། །ལོ་གཅིག་ལ་སོ་ནམ་བྱེད་པ་བས། །དམ་པའི་ཆོས་དེ་བསྒྲུབ་པ་ཙ། །ཤཱཀྱ་ཐུབ་པའི་བཀའ་དྲིན་དང་། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཨོ་རྒྱན་པདྨའི་མཐུ་སྟོབས་ཀྱིས། །དེང་སང་བོད་འདིར་བསྟན་པ་དར། །ས་བཅུའི་སེམས་དཔའ་མང་པོ་བཞུགས། །མོས་གུས་གསོལ་བ་འདེབས་པས་ཆོག །ཁྲིད་སྟོན་བླ་མས་ལུང་པ་གང་། །ཆོས་ར་སྐོ་རེ་འགྲིམ་པས་ཆོག །གླེགས་བམ་གསུང་རབ་ས་ཆ་ཁྱབ། །ཆོས་ཚར་ཙམ་རེ་ཐོན་པས་ཆོག །ལྷ་ཁང་མཆོད་རྟེན་མང་དུ་གདའ། །ཕྱག་དང་སྐོར་བ་བྱེད་པས་ཆོག །སེར་གོས་མནབས་པས་རྒྱལ་ཁམས་གང་། །དག་སྣང་ཕྱོགས་མེད་བྱེད་པས་ཆོག །སྐྱབས་འགྲོ་ཡིག་དྲུག་བྱེད་པས་ཆོག །ཉ་སྡོམ་བསྙེན་གནས་བསྲུང་བས་ཆོག །ཕུ་ཡི་གྲོག་མ་གསོ་བས་ཆོག །མདའ་ཡི་ཉ་མོ་གསོ་བས་ཆོག །བྱ་དགེ་བྱིས་
དགེ་བྱེད་པས་ཆོག །ཟས་སྦྱིན་དགེ་ཧུབ་བྱེད་པས་ཆོག །རང་སེམས་ངོ་བོ་བལྟས་པས་ཆོག །དེ་འདྲ་བྱེད་པས་ཆོག་པ་དེ། །སངས་རྒྱས་བསྟན་པའི་བཀའ་དྲིན་ཡིན། །མཐའ་འཁོབ་དམ་ཆོས་མི་དར་སར། །དེ་འདྲ་བྱེད་པའི་ལས་དབང་མེད། །དགེ་བ་ཆུང་ཡང་ཕན་ཡོན་ཆེ། །ནོར་བུ་ཆུང་ཡང་དགོས་འདོད་འབྱུང་། །སྡིག་པ་ཆུང་ཡང་གནོད་ཚབས་ཆེ། །བཙན་དུག་ཆུང་ཡང་སྲོག་རྩ་གཅོད། །དེ་ཚོ་ཐུགས་ལ་བཞག་མཛོད་ལ། །སྡིག་སྤངས་དགེ་བ་ཁས་ལེན་མཛོད། །དེ་ཡང་དགེ་བ་ཁས་ལེན་ཡིན། ༈ །འགྱོད་པ་དྲག་པོས་བཤགས་ནུས་ན། །སྡིག་པ་མི་དག་གཅིག་ཀྱང་མེད། །དོ་ནུབ་འདིར་འཚོགས་ཁྲོམ་པ་ཡི། །སྡིག་པ་སྒྲིབ་པ་དག་པར་ཤོག །ཨོཾ་གྱིས་ལུས་ཀྱི་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ལུས་ཀྱི་སྒྲིབ་པ་བྱང་བར་ཤོག །མས་ནི་ངག་གི་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ངག་གི་སྒྲིབ་པ་བྱང་བར་ཤོག །ཎིས་ནི་ཡིད་ཀྱི་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཡིད་ཀྱི་སྒྲིབ་པ་བྱང་བར་ཤོག །པད་ཀྱིས་ཉོན་མོངས་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་
སེམས་ཅན་ཀུན། །ཉོན་མོངས་སྒྲིབ་པ་བྱང་བར་ཤོག །མེ་ཡིས་བག་ཆགས་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །བག་ཆགས་སྒྲིབ་པ་བྱང་བར་ཤོག །ཧཱུྃ་གིས་ཤེས་བྱའི་སྒྲིབ་པ་སྦྱང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཤེས་བྱའི་སྒྲིབ་པ་བྱང་བར་ཤོག །ཨོཾ་གྱིས་སྐུ་ཡི་ཉམས་ཆག་བསྐང་། །བདག་མ་མི་དང་འགྲོ་བ་སེམས་ཅན་ཀུན། །སྐུ་ཡི་ཉམས་ཆག་དག་པར་ཤོག །མས་ནི་གསུང་གི་ཉམས་ཆག་བསྐང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །གསུང་གི་ཉམས་ཆག་དག་པར་ཤོག །ཎིས་ནི་ཐུགས་ཀྱི་ཉམས་ཆག་བསྐང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཐུགས་ཀྱི་ཉམས་ཆག་དག་པར་ཤོག །པད་ཀྱིས་རྩ་བའི་ཉམས་ཆག་བསྐང་། བདག་དང་འགྲོ་བ་སེམས་ཅན་ཀུན། །རྩ་བའི་ལྟུང་བ་དག་པར་ཤོག །མེས་ནི་ཡན་ལག་ཉམས་ཆག་བསྐང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཡན་ལག་ལྟུང་བ་དག་པར་ཤོག །ཧཱུྃ་གིས་ཉམས་ཆག་ཐམས་ཅད་བསྐང་། །བདག་དང་འགྲོ་བ་སེམས་ཅན་ཀུན། །དམ་ཚིག་ཉམས་ཆག་དག་པར་ཤོག །ཨོཾ་གྱིས་གཏི་མུག་འཇོམས་པར་བྱེད། །
བདག་དང་འགྲོ་བ་སེམས་ཅན་ཀུན། །གཏི་མུག་སྒྲིབ་པ་དག་པར་ཤོག །མས་ནི་ཞེ་སྡང་འཇོམས་པར་བྱེད། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཞེ་སྡང་སྒྲིབ་པ་དག་པར་ཤོག །ཎིས་ནི་ང་རྒྱལ་འཇོམས་པར་བྱེད། །བདག་དང་འགྲོ་བ་སེམས་ཅན་ཀུན། །ང་རྒྱལ་སྒྲིབ་པ་དག་པར་ཤོག །པད་ཀྱིས་ཆགས་པ་འཇོམས་པར་བྱེད། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཆགས་འཛིན་སྒྲིབ་པ་དག་པར་ཤོག །མེས་ནི་ཕྲག་དོག་འཇོམས་པར་བྱེད། །བདག་དང་འགྲོ་བ་སེམས་ཅན་ཀུན། །ཕྲག་དོག་སྡིག་སྒྲིབ་དག་པར་ཤོག །ཧཱུྃ་གིས་དུག་ལྔ་ཐམས་ཅད་འཇོམས། །བདག་དང་འགྲོ་བ་སེམས་ཅན་ཀུན། །དུག་ལྔའི་སྡིག་སྒྲིབ་དག་པར་ཤོག །སྐབས་འདིར་སྡིག་བཤགས་ཐམས་ཅད་བསྐུལ་ལོ། ༈ ཨོཾ་ནི་སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །མ་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཎི་ནི་བཟོད་པའི་ཕ་རོལ་ཕྱིན་པ་ཡིན། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས་
འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །པད་ནི་བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །མེ་ནི་བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཧཱུྃ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཨོཾ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཆོས་དབྱིངས་ཡེ་ཤེས་སེམས་ལ་འཆར་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །མ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །མེ་ལོང་ཡེ་ཤེས་སེམས་ལ་འཆར་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཎི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མཉམ་ཉིད་ཡེ་ཤེས་སེམས་ལ་འཆར་འདོད་པ་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །པད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །སོར་རྟོག་ཡེ་ཤེས་སེམས་ལ་འཆར་འདོད་ན། །གསུང་མཆོག་ཡི་གེ་དྲུག་
པ་གསུང་རོགས་མཛོད། །མེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །བྱ་གྲུབ་ཡེ་ཤེས་སེམས་ལ་འཆར་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །ཧཱུྃ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །ལྷན་སྐྱེས་ཡེ་ཤེས་རང་ངོ་འཕྲོད་འདོད་ན། །གསུང་མཆོག་ཡི་གེ་དྲུག་པ་གསུང་རོགས་མཛོད། །སྐབས་འདིར་ཚེ་འདས་ཐམས་ཅད་ལ་བསྐུལ་བར་བྱ། ༈ ཨོཾ་ནི་ལྷ་ཡི་ཐུབ་པ་ཡིན། །ལྷ་ཡི་ཡུལ་དུ་ཕྱིན་པའི་དུས། །ལྷ་དབང་བརྒྱ་བྱིན་བཅོམ་ལྡན་འདས། །ཚེ་འདས་ཕམ་ལྟུང་གནས་ནས་དྲོངས། །མ་ནི་ལྷ་མིན་ཐུབ་པ་ཡིན། །ལྷ་མིན་ཡུལ་དུ་ཕྱིན་པའི་དུས། །གས་ཟངས་རིས་སྐྱེས་བཅོམ་ལྡན་འདས། །ཚེ་འདས་འཐབ་རྩོད་གནས་ནས་དྲོངས། །ཎི་ནི་མི་ཡི་ཐུབ་པ་ཡིན། །མི་ཡི་ཡུལ་དུ་ཕྱིན་པའི་དུས། །ཤཱཀྱ་ཐུབ་པ་བཅོམ་ལྡན་འདས། །ཚེ་འདས་བྲེལ་ཕོངས་གནས་ནས་དྲོངས། །པད་ནི་བྱོལ་སོང་ཐུབ་པ་ཡིན། །དུད་འགྲོའི་ཡུལ་དུ་ཕྱིན་པའི་དུས། །སེངྒེ་རབ་བརྟན་བཅོམ་ལྡན་འདས། །ཚེ་འདས་གླེན་ལྐུགས་གནས་ནས་དྲོངས། །མེ་ནི་ཡི་དྭགས་ཐུབ་པ་ཡིན། །ཡི་དྭགས་ཡུལ་དུ་ཕྱིན་པའི་དུས། །ཁ་འབར་རྒྱལ་པོ་བཅོམ་ལྡན་
འདས། །ཚེ་འདས་བཀྲེས་སྐོམ་གནས་ནས་དྲོངས། །ཧཱུྃ་ནི་དམྱལ་བའི་ཐུབ་པ་ཡིན། །དམྱལ་བའི་ཡུལ་དུ་ཕྱིན་པའི་དུས། །ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །ཚེ་འདས་ཚ་གྲང་གནས་ནས་དྲོངས། །ཨོཾ་གྱིས་ཕམ་ལྟུང་སྡུག་བསྔལ་སྦྱངས།། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ཕམ་ལྟུང་སྡུག་བསྔལ་བྱང་བར་ཤོག །མས་ནི་འཐབ་རྩོད་སྡུག་བསྔལ་སྦྱངས། །མིང་ནས་སྨོས་པའི་ཚེ་འདས་ཚོ། །འཐབ་རྩོད་སྡུག་བསྔལ་བྱང་བར་ཤོག །ཎིས་ནི་བྲེལ་ཕོངས་སྡུག་བསྔལ་སྦྱངས། །མིང་ནས་སྨོས་པའི་ཚེ་འདས་ཚོ། །བྲེལ་ཕོངས་སྡུལ་བསྔལ་བྱང་བར་ཤོག །པད་ཀྱིས་གླེན་ལྐུགས་སྡུག་བསྔལ་སྦྱངས། །མིང་ནས་སྨོས་པའི་ཚེ་འདས་ཚོ། །གླེན་ལྐུགས་སྡུག་བསྔལ་བྱང་བར་ཤོག །མེས་ནི་བཀྲེས་སྐོམ་སྡུག་བསྔལ་སྦྱངས། །མིང་ནས་སྨོས་པའི་ཚེ་འདས་ཚོ། །བཀྲེས་སྐོམ་སྡུག་བསྔལ་བྱང་བར་ཤོག །ཧཱུྃ་གིས་ཚ་གྲང་སྡུག་བསྔལ་སྦྱངས། །མིང་གནས་སྨོས་པའི་ཚེ་འདས་ཚོ། །ཚ་གྲང་སྡུག་བསྔལ་བྱང་བར་ཤོག །ཨོཾ་གྱིས་ལྷ་ཡི་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག །མས་ནི་
ལྷ་མིན་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག །ཎིས་ནི་མི་ཡི་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཚོ། །མི་ཡི་སྐྱེ་སྒོ་ཆོད་པར་ཤོག །པད་ནི་བྱོལ་སོང་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཚོ། །བྱོལ་སོང་སྐྱེ་སྒོ་ཆོད་པར་ཤོག །མེས་ནི་ཡི་དྭགས་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག །ཧཱུྃ་གིས་དམྱལ་བའི་གཡང་ས་བཅད། །མིང་ནས་སྨོས་པའི་ཚེ་འདས་ཆོ། །དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག །ཨོཾ་ནི་བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །པོ་ཊ་ལ་ཡི་ཞིང་དེར་སྐྱེ་བར་ཤོག །མ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །འཐུག་པོ་བཀོད་པའི་ཞིང་དེར་སྐྱེ་བར་ཤོག །ཎི་ནི་སངས་རྒྱས་རྡོ་རྗེ་སེམས་དཔའ་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །པད་ནི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །དཔལ་དང་ལྡན་པའི་ཞིང་དེར་སྐྱེ་བར་ཤོག །མེ་
ནི་སངས་རྒྱས་སྣང་བ་མཐའ་ཡས་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཧཱུྃ་ནི་སངས་རྒྱས་དོན་ཡོད་གྲུབ་པ་ཡིན། །དོ་ནུབ་མིང་ནས་སྨོས་པའི་ཚེ་འདས་ཚོ། །ལས་རབ་རྫོགས་པའི་ཞིང་དེར་སྐྱེ་བར་ཤོག །ཨོཾ་ནི་ཀུན་ཁྱབ་ཆོས་ཀྱི་རྗེ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །མ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག །ཎི་ནི་ཐུགས་རྗེ་སྤྲུལ་པའི་སྐུ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །སྤྲུལ་སྐུའི་འགྲོ་དོན་ནུས་པར་ཤོག །པད་ནི་ངོ་བོ་ཉིད་ཀྱི་སྐུ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །ངོ་བོ་ཉིད་སྐུ་འགྲུབ་བར་ཤོག །མེ་ནི་མངོན་པར་བྱང་ཆུབ་སྐུ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །མངོན་པར་བྱང་ཆུབ་ཐོབ་པར་ཤོག །ཧཱུྃ་ནི་མི་འགྱུར་རྡོ་རྗེའི་སྐུ། །མིང་ནས་སྨོས་པའི་ཚེ་འདས་ཚོ། །རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག །དེ་ཡན་ཚེ་འདས་ཡིག་དྲུག་ཡིན། ༈ །ཡང་གཅིག་གསོན་དང་འདིར་འཚོགས་ཁྲོམ། །སྡིག་པ་ཆེ་བའི་མི་ནག་ཕོ་མོ་ཚོ། །སྡིག་པ་བཤགས་པས་མི་
དག་མ་བསམ་དང་། །མཚམས་མེད་ལྔ་ཡང་ཡི་གེ་དྲུག་པས་དག །ལྟུང་བ་ཕོག་པའི་བན་དེ་དགེ་མ་ཚོ། །ལྟུང་བ་བཤགས་པས་མི་དག་མ་བསམ་དང་། །དམ་ཚིག་ཉམས་ཆག་ཡི་གེ་དྲུག་པས་དག །ཡིག་དྲུག་རེ་རེས་མི་དག་མ་བསམ་དང་། །ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་ཀྱང་། །བྱང་ཆུབ་སེམས་དཔའི་ས་དྲུག་ཐོབ་དང་མཉམ། །གཞན་གྱི་ཤེས་པས་རྩིས་མེད་མ་བསམ་དང་། །བོད་འདིར་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡིན། །ཡུལ་ཁམས་གཞན་གྱིས་ཡིག་དྲུག་འདོན་མི་ཤེས། །ཆོས་ཐུན་ཐོབ་པའི་ཁྲིད་ཕྲུག་གསར་རྙིང་ཚོ། །ཕྲེང་བ་ཀ་བའི་ངོས་ལ་མ་འགེལ་དང་། །སྒོམ་དང་ཡིག་དྲུག་མི་འགལ་ཟུང་འཇུག་ཡིན། །ཨོཾ་ནི་སྣང་བ་ཐམས་ཅད་རང་གི་སེམས། །མ་ནི་སེམས་ནི་དངོས་མེད་ངོ་བོ་སྟོང་། །ཎི་ནི་ངོས་བཟུང་མེད་པས་འཛིན་པ་བྲལ། །པད་ནི་གཟུང་འཛིན་མཚན་མ་རང་སར་ཞི། །མེ་ནི་རྣམ་རྟོག་ཡེ་ཤེས་ཉིད་དུ་འཆར། །ཧཱུྃ་ནི་སྤྲོས་བྲལ་སྐྱེ་མེད་ཆོས་ཀྱི་སྐུ། །ཡི་གེ་དྲུག་པའི་དོན་འདི་རྟོགས་པ་ན། །དེ་མ་ཐག་ཏུ་སངས་རྒྱས་དགོངས་པ་རྟོགས། །ཨོཾ་ནི་རང་སེམས་འཛིན་མེད་ས་ལེ་བ། །མ་ནི་རང་གི་སེམས་ལ་
བཅོས་སླད་མེད། །ཎི་ནི་རང་གི་སེམས་ལ་འཛིན་པ་བྲལ། །པད་ནི་གང་ལ་མ་ཆགས་ཞེན་པ་མེད། །མེ་ནི་གང་ཤར་འཛིན་མེད་ངོ་བོ་སྐྱོང་། །ཧཱུྃ་ནི་རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ། །ཡི་གེ་དྲུག་པའི་དགོངས་པ་འདི་རྟོགས་ན། །མི་དེས་དུས་གསུམ་རྒྱལ་བའི་དགོངས་པ་ལོན། །ཨོཾ་ནི་མ་བཅོས་གཞི་ཡི་གནད། །མ་ནི་མ་འགག་ལམ་གྱི་ལྷ་གནད། །ཎི་ནི་ཉོན་མོངས་ཡེ་ཤེས་གནད། །པད་ནི་ཐབས་ཤེས་གཉིས་མེད་གནད། །མེ་ནི་རང་བྱུང་ཡེ་ཤེས་གནད། །ཧཱུྃ་ནི་ཆོས་ཉིད་རང་བྱུང་གནད། །ཡི་གེ་དྲུག་པའི་གནད་འགག་རིགས། །ཟབ་ཆོས་ཀུན་གྱི་གནད་འགག་ཚང་། །ཨོཾ་ནི་རང་སེམས་སྤྲོས་དང་བྲལ། །མ་ནི་སེམས་ཉིད་ངང་ལ་འབྱུང་། །ཎི་ནི་སེམས་ཉིད་རང་ལ་གསལ། །པད་ནི་སེམས་ཉིད་གསལ་ལ་དག །མེ་ནི་སེམས་ཉིད་སྟོང་ཞིང་གསལ། །ཧཱུྃ་ནི་ཆོས་ཉིད་ཀ་ནས་དག །ཡི་གེ་དྲུག་པའི་དོན་བསྒོམས་ན། །སྒོམ་ལ་དེ་བས་བཟང་བ་མེད། ཨཱཿ གཏི་མུག་རོ་ཉལ་མ་བྱེད་ལ། །ཁ་ཡེངས་མིག་ཡེངས་མ་བྱེད་ལ། །ཞེ་སྡང་འཛིང་རྩོད་མ་བྱེད་ལ། །རྩེ་ཀྱུ་འཇུ་བར་མ་བྱེད་ལ། །ཤབ་ཤིབ་གཏམ་ལབ་མ་མང་ལ།
ཇོ་ཧུབ་ཨེ་འོང་མ་སྲུང་ལ། །ཚོགས་ལ་རློམ་སེམས་མ་བྱེད་ལ། །ང་ལ་མིག་གོར་མ་བྱེད་ལ། །ཡིག་དྲུག་རེ་རེ་གསུང་རོགས་མཛོད། །འཆི་བདག་ལས་ཀྱི་གཤིན་རྗེ་དེ། །གནམ་ལྕགས་འབར་བའི་ཐོག་དང་འདྲ། །སུ་ལ་ཕོག་འོང་ཨ་ཙ་མ། །ནད་རིགས་བཞི་བརྒྱ་རྩ་བཞི་དེ། །སྤྱང་ཐང་ལུག་ལ་འཇབ་པ་འདྲ། །སུ་ལ་ཟིན་འོང་ཨ་ཙ་མ། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དེ། །རྐུན་ལུང་ནང་གི་ཇག་པ་འདྲ། །སུ་ལ་རྒྱུག་འོང་ཨ་ཙ་མ། །འབྱུང་བ་བཞི་ཡི་གཏད་ལེན་དེ། །གནམ་ས་ཁ་ཞབས་ལོག་པ་འདྲ། །བཟོད་གླགས་མེད་པར་ཨ་ཙ་མ། །སྣང་བ་དཀར་ལམ་དམར་ལམ་དེ། །ཉི་མ་ཟླ་བ་ནུབ་པ་འདྲ། །ཡེ་ཤེས་ཡིན་ཏེ་ངོ་མ་ཤེས། །ལས་འཕྲོ་མེད་པ་ཨ་ཙ་མ། །འོད་གསལ་ཕྱག་རྒྱ་ཆེན་པོ་དེ། །སྤྱིན་ཐག་ཆད་པའི་ནམ་མཁའ་འདྲ། །གོམས་འདྲིས་མེད་པས་ངོ་མ་ཤེས། །སྐལ་མེད་སེམས་ཅན་ཨ་ཙ་མ། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྤྱི་བོ་ཚངས་པའི་བུ་ག་དེ། །མཁར་ཁང་མཐོན་པོའི་སྐར་ཁུང་འདྲ། །འགྲོ་སྟབས་མི་བདེ་འགྲོ་མི་ཤེས། །འཕོ་འདེབས་མེད་པ་ཨ་ཙ་མ། །སྒོ་བརྒྱད་འཁོར་བའི་སྐར་ཁུང་དེ། །
ཁང་པ་སྟེང་ཤོད་སྒོ་བརྒྱད་འདྲ། །འགྲོ་སྟབས་བདེ་བས་དེ་རུ་འགྲོ། །འཁོར་བ་མཐའ་མེད་ཨ་ཙ་མ། །རང་ཉིད་འཆི་བ་མ་ཤེས་ནས། །ཟས་ནོར་གཏོང་དུས་འཇུ་འཐམ་བསྲེ། །ཆགས་ཞེན་ཆེ་བས་ཨ་ཙ་མ། །ཟས་སྐལ་ཆད་པས་ཡིད་མ་ཆེས། །འཆི་བ་ཤེས་ནས་ཡུས་ཀྱི་གནང་།། །སྡིག་པ་དྲན་ནས་སྐག་ཅིང་སྔངས། །རང་ཀྱི་དབང་ཅི་ཡོད་ཨ་ཙ་མ། །ཞི་བ་བཞི་བཅུ་རྩ་གཉིས་དེས། །དག་པའི་ཞིང་དེར་འདྲེན་དགོངས་ཡང་། །ཉི་མ་སྟོང་ཕྲག་ཤར་བ་བཞིན། །གཟི་བརྗིད་ཆེ་བས་བལྟ་མི་བཟོད། །ལས་ངན་སེམས་ཅན་ཨ་ཙ་མ། །རིགས་དྲུག་འཁོར་བའི་ལམ་དྲུག་དེ། །ཐུར་ཀའི་སྐེད་ལམ་བདེ་མོ་འདྲ། །གོམ་ཟོ་ཡངས་པས་འགྲོ་སྙིང་འདོད། །རིགས་དྲུག་སྡུག་བསྔལ་ཨ་ཙ་མ། །རིག་འཛིན་དཔའ་བོ་མཁའ་འགྲོ་དེས། །མཁའ་སྤྱོད་གནས་སུ་འདྲེན་དགོངས་ཡང་། །བསུ་མི་ཇག་པ་ནོར་བ་འདྲ། །ལས་ངན་དབང་གིས་སྲིན་པོར་མཐོང་། །པ་དུར་ཁྲོད་ཆོས་ལ་འཇིགས་སྐྲག་བྱེད། །དམ་ཚིག་ཉམས་ཆག་ཨ་ཙ་མ། །ཁྲག་འཐུང་འབར་བ་ལྔ་བཅུ་དེས། །ཡི་དམ་དངོས་སུ་ཞལ་བསྟན་ཡང་། །ལས་ངན་དབང་གིས་
གཤིན་རྗེར་མཐོང་། །རང་དབང་མེད་པར་བརྒྱལ་ཞིང་འགྱེལ། །ངོ་མ་ཤེས་པ་ཨ་ཙ་མ། །བར་དོ་འཇིགས་པའི་སྒྲ་བཞི་དེ། །འབྲུག་སྟོང་དུས་གཅིག་གྲག་པ་འདྲ། །བྱིས་པར་རྣ་བའི་རག་དུང་བཞིན། །ཀླད་ཁྲག་བཀའ་བས་ཨ་ཙ་མ། །ཡ་ང་འཇིགས་པའི་འཕྲང་བརྒྱད་དེ། །ཉེས་ཆེན་བཙོན་དུ་བཟུང་བ་བཞིན། །སོད་སོད་རྒྱོབ་རྒྱོབ་ལུང་པ་གང་། །མགོན་སྐྱབས་མེད་པ་ཨ་ཙ་མ། །སྲིད་པ་བར་དོར་འཁྱམས་ཙ་ན། །བྱིས་པ་བྱང་ཐང་སྐྱུར་བ་བཞིན། །རོགས་མེད་གཅིག་པུ་ཨ་ཙ་མ། །རིགས་དྲུག་འཁོར་བའི་སྐྱེ་གནས་དེ། །ཨ་མྱེ་དམེ་ལྕེབས་འཕྱོང་བ་བཞིན། །བཟང་པོར་མཐོང་ནས་དེ་རུ་རྒྱུག །སྡུག་བསྔལ་ཆེན་པོ་ཨ་ཙ་མ། །དེ་འདྲ་དུས་གཅིག་བྱུང་བའི་དུས། །རེ་ས་སྐྱབས་གནས་གཞན་ན་མེད། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །དེ་དུས་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །སྤྲང་ཕྲུག་ང་ལ་ཐུགས་རྗེས་ཟུངས། །འདིར་འཚོགས་ཁྲོམ་ལ་སྐྱབས་མགོན་མཛོད། ༈ །ཨོཾ་ནི་སྐུ་ཡི་བྱིན་རླབས་ལུས་ལ་འབྱུང་། །ཐུགས་རྗེ་ཆེན་པོའི་སྐུ་ཡི་བྱིན་རླབས་རྣམས། །འདིར་འཚོགས་ཁྲོམ་པའི་ལུས་ལ་འཇུག་པར་ཤོག །མས་ནི་
གསུང་གི་བྱིན་རླབས་ངག་ལ་འབྱུང་། །ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་རྣམས། །འདིར་འཚོགས་ཁྲོམ་པའི་ངག་ལ་འཇུག་པར་ཤོག །ཎིས་ནི་ཐུགས་ཀྱི་བྱིན་རླབས་སེམས་ལ་འབྱུང་། །ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བྱིན་རླབས་རྣམས། །འདིར་འཚོགས་ཁྲོམ་པའི་སེམས་ལ་འཇུག་པར་ཤོག །པད་ཀྱི་ཡོན་ཏན་བྱིན་རླབས་རང་ལ་འབྱུང་། །ཐུགས་རྗེ་ཆེན་པོའི་ཡོན་ཏན་བྱིན་རླབས་རྣམས། །འདིར་འཚོགས་ཁྲོམ་པ་རྣམས་ལ་འཇུག་པར་ཤོག །མེས་ནི་ཕྲིན་ལས་བྱིན་རླབས་གང་འདོད་འབྱུང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་བྱིན་རླབས་རྣམས། །འདིར་འཚོགས་ཁྲོམ་པ་རྣམས་ལ་འཇུག་པར་ཤོག །ཧཱུྃ་གིས་བྱིན་རླབས་ཐམས་ཅད་ཐོགས་མེད་འབྱུང་། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཐམས་ཅད་ཀུན། །འདིར་འཚོགས་ཁྲོམ་ལ་མྱུར་དུ་འཇུག་པར་ཤོག །ཨོཾ་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན། །འདིར་འཚོགས་ཁྲོམ་ལ་དགོས་འདོད་འབྱུང་བར་ཤོག །མ་ནི་ཐམས་ཅད་བསྐྱེད་པར་བྱེད་པ་ཡིན། །འདིར་ཚོགས་ཁྲོམ་པའི་བསོད་ནམས་བསྐྱེད་པར་ཤོག་།ཎི་ནི་ལོག་པའི་ལམ་ལས་བཟློག་པ་ཡིན། །འདིར་འཚོགས་ཁྲོམ་
པའི་ཐར་ལམ་བསྒྲོད་པར་ཤོག །པད་ནི་དུག་ལྔ་ཐམས་ཅད་གཅོད་པར་བྱེད། །འདིར་འཚོགས་ཁྲོམ་པའི་དུག་ལྔ་ཞི་བར་ཤོག །མེས་ནི་རྣམ་རྟོག་ཐམས་ཅད་སྲེག་པར་བྱེད། །འདིར་འཚོགས་ཁྲོམ་པའི་རྣམ་རྟོག་ཞི་བར་ཤོག །ཧཱུྃ་ནི་དུག་ལྔ་ཐམས་ཅད་ཐུལ་བ་ཡིན། །འདིར་འཚོགས་ཁྲོམ་པའི་བདུད་བཞི་ཐུལ་བར་ཤོག །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཨོཾ་ནི་ཡི་གེ་དྲུག་མ་ཡིན། །ཡི་གེ་དྲུག་མའི་བཀྲ་ཤིས་ཤོག །རིགས་དྲུག་སེམས་ཅན་འདྲེན་པར་ཤོག །མ་ནི་ཀུན་ཏུ་བཟང་མོ་ཡིན། །ནམ་མཁའི་ལྷ་མོའི་བཀྲ་ཤིས་ཤོག །སད་དང་སེར་བ་མེད་པར་ཤོག །ཎི་ནི་སངས་རྒྱས་སྤྱན་མ་ཡིན། །ས་ཡི་ལྷ་མོའི་བཀྲ་ཤིས་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །པད་ནི་ལྷ་མོ་གོས་དཀར་མོ། །མེ་ཡི་ལྷ་མོའི་བཀྲ་ཤིས་ཤོག །འབྲས་དྲུག་རྟག་ཏུ་འཛིན་པར་ཤོག །མེ་ནི་ལྷ་མོ་མཱ་མ་ཀཱི། །ཆུ་ཡི་ལྷ་མོའི་བཀྲ་ཤིས་ཤོག །ཆར་ཆུ་དུས་སུ་འབེབས་པར་ཤོག །ཧཱུྃ་ནི་ལྷ་མོ་དམ་ཚིག་སྒྲོལ། །རླུང་གི་ལྷ་མོའི་བཀྲ་ཤིས་ཤོག །དུས་ཀྱི་འཁྲུག་པ་ཞི་བར་ཤོག །ཨོཾ་ནི་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག །མཆོག་གི་དངོས་གྲུབ་ཐོབ་པར་
ཤོག །མ་ནི་སངས་རྒྱས་མཁའ་འགྲོ་མ། །སངས་རྒྱས་མཁའ་འགྲོའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་དར་བར་ཤོག །ཎི་ནི་རྡོ་རྗེ་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག །ཚེ་སྲོག་འགྱུར་མེད་བརྟན་པར་ཤོག །པད་ནི་རིན་ཆེན་མཁའ་འགྲོ་མ། །རིན་ཆེན་མཁའ་འགྲོའི་བཀྲ་ཤིས་ཤོག །དགོས་འདོད་ཡིད་བཞིན་འབྱུང་བར་ཤོག །མེ་ནི་པདྨ་མཁའ་འགྲོ་མ། །པདྨ་མཁའ་འགྲོའི་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཧཱུྃ་ནི་ལས་ཀྱི་མཁའ་འགྲོ་མ། །ལས་ཀྱི་མཁའ་འགྲོའི་བཀྲ་ཤིས་ཤོག །ཅི་བསམ་ཡིད་བཞིན་འགྲུབ་པར་ཤོག །དོ་ནུབ་ཐུགས་རྗེ་ཆེན་པོའི་ཆོས་རེ་ན། །བྱོན་པ་ཡེ་ཤེས་ལྷ་ཡི་ཚོགས། །ཐམས་ཅད་ཞིང་ཁམས་གནས་སུ་གཤེགས། །འཇིག་རྟེན་ལྷ་ཀླུ་གཞི་བདག་རྣམས། །སོ་སོ་རང་རང་གནས་སུ་བྱོན། །དོ་ནུབ་ཇོ་རྒྱུན་བྱེད་པའི་དགེ་བ་འདིས། །བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ཐུགས་རྗེ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་ཤིང་ཕོ་རྟ་ཡི་ལོ་ལ། གྲོ་ཞུན་ཟླ་བའི་ནང་དུ། ཉི་མ་གསུམ་ལ་རྫོགས་པར་བྲིས་པ་ལ། འགལ་བ་མཆིས་ན་ཡེ་ཤེས་ལྷ་ལ་བཤགས་
ཤིང་། འདི་བྲིས་དགེ་བས་འདི་ཉིད་མཐོང་ཐོས་འབྲེལ་ཚད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །ཅེས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ཀརྨ་རཱ་ག་ཨ་སྱས་སྦྱར་བའོ། ༈ །ཇོ་རྒྱུན་ལ་བརྟེན་ནས་བདུད་བཟློག་བྱ་ཐབས་ནི། །བླ་མ་སངས་རྒྱས་རྣམས་ཀྱི་བྱིན་གྱིས་རློབས། །བླ་མ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །བླ་མ་སངས་རྒྱས་རྣམས་ཀྱི་ཐུགས་རྗེས་གཟིགས། །ཨོ་རྒྱན་རིན་པོ་ཆེས་ཞལ་ནས། །ཁྱད་པར་ནད་ཡམས་མུ་གེ་འཁྲུག་རྩོད་དང་། །ཆག་ཆེན་ཉམ་ང་རྨི་ལྟས་མཚན་མ་ངན། །ལོ་སྐག་ཟླ་སྐག་མོ་རྩིས་ངན་པ་དང་། །ཡིག་བདུན་འཛབ་ཀྱིས་ལུང་པ་ཆོས་སྒྲས་བསྐང་། །གཞན་ལ་མི་རེ་བློ་སེམས་གཅིག་ཏུ་དྲིལ། །དེ་ཆེ་བར་ཆད་ཞི་ནས་ལྟས་བཟང་འགྱུར། །མཆོག་དང་ཐུན་མོང་སྨོན་ལམ་གང་བཏབ་འགྲུབ། །ཅེས་གསུངས་པས། ཇོ་རྒྱུན་ལ་བརྟེན་སྐུ་རིམ་བདུད་བཟློག་བྱ་བ་ནི། ཁྲོམ་པ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ལ། །ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འཕགས་པ་ཕྱག་སྟོང་སྤྱན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་སྤྱན་རས་གཟིགས་བཅུ་ལ་ཕྱག་འཚལ་ལོ། །ཡབ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཡུམ་ཡི་གེ་དྲུག་མ་ལ་ཕྱག་འཚལ་
ལོ། །སྲས་ནོར་བུ་འཛིན་པ་ལ་ཕྱག་འཚལ་ལོ། །སྲས་མོ་རིག་སྔགས་འཛིན་མ་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད། སྒྲེ་འདི་ན་ནད་པ་སོགས་མིང་ཞེས་བགྱིའོ། །མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། དུས་མིན་འཆི་བ་བཅོ་བརྒྱད། བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཐལ་མོ་ལན་གསུམ་བརྡབས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ། ཨོཾ་གྱིས་འདུས་པའི་ནད་གདོན་ཞི། །འདུས་པའི་ནད་གདོན་ཞི་བར་ཤོག །མས་ནི་ཚད་པའི་ནད་གདོན་ཞི། །ཚད་པའི་ནད་གདོན་ཞི་བར་ཤོག །ཎིས་ནི་རླུང་གི་ནད་གདོན་ཞི། །རླུང་གི་ནད་གདོན་ཞི་བར་ཤོག །པད་ཀྱིས་བད་ཀན་ནད་གདོན་ཞི། །བད་ཀན་ནད་གདོན་ཞི་བར་ཤོག །མེས་ནི་གྲང་བའི་ནད་གདོན་ཞི། །གྲང་བའི་ནད་གདོན་ཞི་བར་ཤོག །ཧཱུྃ་གིས་མཁྲིས་པའི་ནད་གདོན་ཞི། །མཁྲིས་པའི་ནད་གདོན་ཞི་བར་ཤོག །ཕཊ་ཀྱིས་བདུད་བཞི་འཇོམས་པར་བྱེད། །
བདུད་བཞི་བར་ཆད་ཞི་བར་ཤོག །བགེགས་རིགས་སྟོང་ཕྲག་སོགས། དགེ་བ་འདི་ཡིས་སོགས། ཡི་གེ་དྲུག་པ་ཕཊ་སྦྱར་བ། གསང་བ་འདུས་པའི་རྒྱུད་ལས་གསུངས། །བདུད་བཟློག་འདི་ལས་ཟབ་པ་མེད། །ཅེས་པ་འདི་ཡང་ཨ་རཱ་གས་སྦྱར་བ་མངྒ་ལཾ།། ༈ །།ཡིག་དྲུག་བསྐུལ་རྒྱུ་ཉུང་ངུ་ལིས་ཁ་གཉིས་ཡོད། །ཉོན་དང་གསོན་དང་འདིར་འཚོགས་ཁྲོམ། །མི་ལུས་ཐོབ་པ་ད་རེས་ཙམ། །སྙིང་པོ་ལེན་པ་ད་རེས་ཟིན། །ད་རེས་རིན་ཆེན་གླིང་དུ་ཕྱིན། །སྟོང་ལོག་མ་བྱེད་སྙིང་མེད་ཚོ། །འཆི་བདག་ནམ་འོང་ཏིག་ཏིག་མེད། །འབྲོས་ཆེས་བྱེད་ན་ད་རེས་ཟིན། །ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས། །བརྒྱགས་ཕྱེ་བསྒྲུབ་ན་ད་རེས་ཟིན། །བར་དོའི་འཕྲང་ལ་འཇིགས་སྐྲག་ཆེ། །སྐྱེལ་མ་ཚོལ་ལ་ད་རེས་རན། །གཤིན་རྗེའི་ཁྲིམས་ལ་ཡ་རེ་ང་། །སྡིག་པ་བཤགས་ན་ད་རེས་ཟིན། །དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད། །དགེ་བ་བསྒྲུབ་ན་ད་རེས་ཟིན། །ཡི་དྭགས་ལྟོགས་སྐོམ་མེ་ལྟར་འབར། །སྦྱིན་པ་བཏང་ན་ད་རེས་ཟིན། །དུད་འགྲོ་གླེན་ལྐུགས་ཡི་རེ་མུག །ཚོགས་བསགས་སྒྲིབ་སྦྱང་བྱ་རེ་རན། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ཐར་པའི་བསྐལ་པ་བསྙག་རེ་རན། །
ད་བྱེད་ངང་ལ་མི་ཚེ་ཟད། །དམ་ཆོས་སྒྲུབ་ན་ད་རེས་ཟིན། །མི་རྟག་ཚོང་འདུས་མགྲོན་པོ་འདྲ། །རང་མགོ་ཐོན་ན་ད་རེས་ཟིན། །ཕན་ངོ་ཤེས་པ་དམ་པའི་ཆོས། །གཏན་གྱི་སོ་ནམ་ད་རེས་ཟིན། །དད་པ་ཅན་ལ་ཉམས་རྟོགས་སྐྱེ། །མོས་གུས་བྱེད་ན་ད་རེས་ཟིན། །སྙིང་རུས་ཆེ་ན་དམ་ཆོས་འགྲུབ། །བློ་སྙིང་ཨེ་ཡོད་ད་རེས་བལྟ། །སྒྲུབ་ལ་བརྩོན་ན་དོན་གཉིས་འགྲུབ། །ཁ་ཞེ་ཨི་མཐུན་ད་རེས་བལྟ། །དལ་འབྱོར་མི་ལུས་རིན་ཆེན་འདི། །ལོ་བརྒྱ་དུས་གཅིག་ཡིན་ལེ་ལགས། །ཞེས་ཐམ་ཁར་ཆོས་ར་བཙུགས་དུས་ཨ་རཱ་གས་སོ། །འདིར་འཚོགས་ཁྲོམ་པ་མ་ཡེངས་ཉོན། །ཡུལ་ནི་མགྲོན་པོའི་གནས་ཚང་འདྲ། །སྐྱར་ནས་འགྲོ་འོ་འདིར་འཚོགས་ཁྲོམ། །ལུས་ནི་ལ་ཁའི་ཐོ་ཡོལ་འདྲ། །འགྱེལ་ནས་འགྲོ་འོ་འདིར་འཚོགས་ཁྲོམ། །སེམས་ནི་ཤིང་ཁའི་བྱིས་ཆུང་འདྲ། །འཕུར་ནས་འགྲོ་འོ་འདིར་འཚོགས་ཁྲོམ། །སྡིག་ཅན་བཙན་དུག་ཟོས་དང་འདྲ། །མི་གནོད་ཚབས་ཆེའོ་འདིར་འཚོགས་ཁྲོམ། །དགེ་བ་ཡིད་བཞིན་ནོར་བུ་འདྲ། །ཕན་ཐོགས་ཆེའོ་འདིར་འཚོགས་ཁྲོམ། །བླ་མ་ལོང་བའི་སྣ་ཁྲིད་འདྲ། །ལམ་སྣ་འདྲེན་ནོ་འདིར་
འཚོགས་ཁྲོམ། །དགྲ་གཉེན་བྱིས་སྦའི་རྩེད་མོ་འདྲ། །ཞེ་སྡང་མ་ཆེ་འདིར་འཚོགས་ཁྲོམ། །བཟའ་ཚང་རྨོས་གླང་གཉའ་རྡེབ་འདྲ། །བྲལ་བར་ངེས་སོ་འདིར་འཚོགས་ཁྲོམ། །མི་བརྒྱ་ནང་ནས་རང་མགོ་གཅེས། །གཅིག་པུར་འགྲོ་འོ་འདིར་འཚོགས་ཁྲོམ། །དགེ་སྡིག་ལུས་དང་གྲིབ་མ་འདྲ། །རང་ལ་འཁོར་རོ་འདིར་འཚོགས་ཁྲོམ། །ལོ་ཟླ་སོང་ཞིང་འཆི་ལ་ཉེ། །རྩར་ན་ཕྱིན་ནོ་འདིར་འཚོགས་ཁྲོམ། །ལས་ཀྱི་གཤིན་རྗེའི་ཕོ་ཉ་ལ། །བཟློག་ཐབས་མེད་དོ་འདིར་འཚོགས་ཁྲོམ། །ད་ལྟ་འགྱོད་མེད་མ་བྱས་ན། །འགྱོད་ཀྱང་འཕྱིས་སོ་འདིར་འཚོགས་ཁྲོམ། །འཇིག་རྟེན་བྱ་བ་ཚར་དུས་མེད། །ཞེན་པ་ལོག་ན་དམ་ཆོས་མཛོད། །འཁོར་བའི་རྒྱ་མཚོར་ཐར་བར་དཀའ། །ཐར་བར་འདོད་ན་དམ་ཆོས་མཛོད། །རང་སེམས་ཆོས་སྐུར་རྟོགས་དུས་མེད། །རྟོགས་པར་འདོད་ན་མཉམ་པར་ཞོག །ཅེས་རཱ་ག་ཨ་སྱས་ཐམ་ཁར་ཆོས་ར་དུས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།