དགོངས་གཏེར་ལེགས་ལྡན་གྱི་བེང་སྒྲུབ་བེང་ཟློག་སྦྲག་མ།
དགོངས་གཏེར་ལེགས་ལྡན་གྱི་བེང་སྒྲུབ་བེང་ཟློག་སྦྲག་མ་ཡོད༔
ན་མོ་སརྦ་བུདྡྷ་བོ་དྷི་སཏཱ་ཡེ། མགོན་པོ་ལེགས་ལྡན་གྱི་བེང་སྒྲུབ་དང་བེང་ཟློག་སྦྲག་མ་ནི། བེང་ཁྲུ་གང་པ་ཞིག་བྱ། དེ་མདུན་བསྐྱེད་ཀྱི་རྟེན་དུ་བཞག །དེའི་མདུན་དུ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་གཅིག་ལ་རྩང་བདུན་བཙུགས་ཤ་དང་ལིངྒས་བརྒྱན། དེ་ལྟར་རྒྱས་པར་གཏོར་ཆུང་བཅུས་བསྐོར། བསྡུ་ན་མཐེབ་སྐྱུ་བཅུས་བསྐོར། མཆོད་པ་རྣམ་ལྔ་ཡང་བཤམ། མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྒོམ་པ་རྙིང་མ་སྤྱིའི་ལུགས་ལྟར་བྱ་སྟེ། རང་དང་མདུན་དུ་མགོན་པོ་ལེགས་ལྡན་ནག་པོ་ཤིན་ཏུ་འཇིགས་པའི་ཆ་བྱད་བེར་ནག་གསོལ་བ། དབུ་ལྔ་མདུན་ཞལ་མཐིང་ནག །གཡས་སེར་གཡོན་ལྗང་རྒྱབ་ཞལ་དམར་པོ་སྟེང་ཞལ་དཀར་
བ། དེ་ཐམས་ཅད་ཁྲོས་པའི་ཆ་བྱད་མཆེ་བ་གཙིགས་པ། ཕྱག་གཉིས་བེང་དང་ཐོད་ཁྲག་ཐོགས་པ། ཁྱད་པར་མདུན་བསྐྱེད་ལ་ཕྱོགས་བཅུའི་མགོན་པོ་དང་ལྷ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ་སྤྱན་དྲངས། ཧཱུྃ། འོག་མིན་དུར་ཁྲོད་ཆེན་པོ་དང་། །རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས། །གཙུག་ལག་ཆོས་འཁོར་བཞུགས་གནས་ནས། །ལེགས་ལྡན་འཁོར་བཅས་སྤྱན་འདྲེན་ནོ། །གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །རང་རང་མཐུན་པའི་
རྫས་ཀྱིས་བསྐང་། །སྨན་རཀ་གཏོར་མ་འབུལ་གྱིས་བཞེས། །ཨོཾ་མ་ཧཱ་ཀཱ་ལ་པྲ་ཀ་ལ་ས་དྷུརྦ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཨགྷཾ་སོགས། ཧཱུྃ། སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཁས་བླངས་སངས་རྒྱས་བསྟན་པ་སྲུངས། །མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ། །ལེགས་ལྡན་འཁོར་བཅས་བོདག་གིས་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་པ་དང་། །གང་བཅོལ་ལས་རྣམས་འགྲུབ་པར་མཛོད། །ལྷ་མགོན་ལེགས་ལྡན་ནག་པོ་ལ། །རྡོ་རྗེ་འཆང་གིས་བཀའ་བསྒོས་པ། །མ་འོངས་ཕྱི་མའི་དུས་ཀྱི་ཚེ། །ཁྱོད་ཀྱིས་སངས་རྒྱས་བསྟན་པ་སྲུངས། །དམ་ཚིག་ཉམས་པའི་བདུད་དུ་ཕོབ། །མནའ་ཟན་རྣམས་ཀྱི་ཚེ་སྲོག་ལོངས། །དམ་ཆོས་སྤྱོད་པ་པའི་དཔལ་མགོན་གྱིས། །ཁྲོ་བོ་རྣམས་ཀྱི་ཡང་རྩེ་གྱིས། །རྣལ་འབྱོར་འཁོར་སྐྱོང་དགྲ་བླ་གྱིས། །དམ་ཚིག་ཅན་གྱི་གྲོགས་གྱིས་ཤིག །ཅེས་གསུངས་དབང་བསྐུར་བྱིན་གྱིས་བརླབས། །ལྕེ་ལ་དམ་ཚིག་བདུད་རྩི་བྱིན། །དེ་ཚེ་མགོན་པོས་ཁས་བླངས་པ། །དཀོན་མཆོག་བསྟན་པ་བདག་གིས་སྲུངས། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱ། །དམ་
ཉམས་རྣམས་ལ་ཆད་པ་གཅོད། །གཙུག་ལག་ཁང་གི་དཀོར་སྲུང་ཞིང་། །མགོན་མེད་རྣམས་ཀྱི་མགོན་བྱའོ། །ཞེས་གསུངས་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །རྣལ་འབྱོར་བདག་གིས་གང་བཅོལ་བའི། །ཕྲིན་ལས་མྱུར་མགྱོགས་འགྲུབ་པར་མཛོད། །བདག་མདུན་མགོན་པོའི་ཐུགས་ཀ་རུ། །ཉི་སྟེང་ཧཱུྃ་ཡིག་ནག་པོའི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་དམར་སྨུག་བྱང་ཕྱོགས་འཕྲོས། །རི་རབ་ཆེན་པོའི་ བྱང་གི་ཕྱོགས། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དང་། །མགོན་པོ ་བཞུགས་པའི་ཐུགས་ཀར་ཕོག །སྐུ་དང་སྔགས་ཕྲེང་ཙནྡན་བེང་། །དཔག་མེད་འཕྲོས་ནས་ཆར་བཞིན་བབ། །བདག་མདུན་ལྷ་ལ་སིབ་སིབ་ཐིམ། །བྱིན་རླབས་གཟི་བརྗིད་ཇེ་ཆེར་འབར། །སྲིད་གསུམ་འགྲན་ཟླ་བྲལ་བར་གྱུར། །ཨོཾ་མ་ཧཱ་ཀཱ་ལ་པྲ་ཀ་ལ་ས་དྷརྦ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་དེ་ཅི་ནུས་བསྙེན་པའི་རྗེས། །ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་མགོན་པོ་མཛད་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །
ལེགས་ལྡན་ནག་པོས་དབང་དང་དངོས་གྲུབ་སྩོལ། །གསོལ་བ་བཏབ་པས་མགོན་པོའི་གནས་ལྔ་ནས། །མགོན་པོ་དཀོར་དམར་མཐིང་སེར་ལྗང་གུའི་ཚོགས། །འཕྲོས་ནས་རང་གི་གནས་ལྔར་ཐིམ་པར་གྱུར། །ཧཱུྃ། རིགས་ལྔའི་བསྟན་སྲུང་ལེགས་ལྡན་གྱིས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་མིན་གཡུལ་བཟློག་ལྷ་དབུགས་དབྱུང་། །མགོན་པོས་བདག་ལ་བྱིན་གྱིས་རློབས། །ཅེས་བཟླས་བེང་དེ་གནས་བཞིར་བཞག་ལ། མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཟླས་དངོས་གྲུབ་བླང་ཆོག་གོ །སློབ་མ་གཞན་ལ་དབང་བསྐུར་བློན། །མགོ་དང་མཇུག་ཏུ་མཎྜལ་འབུལ། །ཨེ་ལས་གཏོར་སྣོད་ལྕགས་སྣོད་གྲུ་གསུམ་པ། །ཁ་དོག་མཐིལ་ཡངས་འདོད་ཆགས་ཁྲག་མཚོ་ཁོལ། །གཏི་མུག་མུན་འཐིབས་ཞེ་སྡང་མེ་ཕུང་དབུས། །སྐད་ཅིག་དགྲ་བགེགས་མདོག་སྔོ་སྐམ་རིད་པ། །སྐྲ་གཟེངས་མིག་སྐྱ་ཤི་ལ་ཁད་པའི་ལུས། །ལག་གཉིས་བྲང་བརྡུང་སྐྲ་འབལ་སྨྲེ་སྔགས་འདོན། །རྐང་པ་ལྕགས་བཅུག་ཐར་ས་མེད་པའི་ལུས། །བདག་གིས་བཀུག་གཞུག་བྱས་པས་དངོས་ཐིམ་གྱུར། །ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །
མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །གནོད་བྱེད་དགྲ་བགེགས་གང་ཡིན་པ། །མྱུར་དུ་ཁུག་ལ་ཐིམ་པར་མཛོད། །བདག་གིས་དེ་སྐད་བརྗོད་པས་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས། གནོད་པར་བྱེད་པའི་དགྲ་བགེགས་གང་ཡིན་པའི་རྣམ་པར་ཤེས་པ་མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་ན་རག་དམྱལ་ཁམས་ཡན་ཆོད། སྟོང་གསུམ་སྲིད་གསུམ་གར་གནས་ས་ནས་བཀུག་སྟེ། སྤྲུལ་པའི་ཕོ་ཉ་ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས་པས་སྙིང་ནས་དྲངས། སེར་མོ་ཞགས་པ་ཐོགས་པས་མགུལ་ནས་ཆིངས། དམར་མོ་ལྕགས་སྒྲོག་ཐོགས་པས་ཡན་ལག་སྡོམས། ལྗང་མོ་དྲིལ་བུ་ཐོགས་པས་མྱོས་པར་བྱས། སྔོན་མོ་འཁོར་ལོ་ཐོགས་པས་ལྷ་དང་ཕྱེས། ཁྲོ་མོ་ཙཎྜི་ཐོགས་པས་གཉིས་སུ་མེད་པར་བསྟིམ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་གྷནྡྷེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ། བཛྲ་ཨཱ་ཝེ་ཤ་ཡ་ཨཱ༔ ཨོཾ་བཛྲ་བ་ཊི་ཙན་ཧོ། མ་ཡེང་ཡེད། པྲཀཱ་པྲཀྵ། ཐུན་ཐུན་ཧོ་ལེན་ཛ་ཡ་ཧོ་ལེན་ཛ་ཡ། ཨ་རི་ཀུཊྛིཏྟ་མི་ཡེ་མག་མག་ཙིར་ཙིར་ཐུལ་ཡ་རྦད། མདུན་བསྐྱེད་མགོན་པོའི་བེར་གྱི་སུལ་རྣམས་ལས། །
མཚོན་ཆ་སྣ་ཚོགས་ཆར་པ་བབ་པ་ཡིས། །དགྲ་བགེགས་ལིངྒ་དབྱེར་མེད་དུམ་བུར་གཏུབ། །དགྲ་ཡི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི། །དམར་ཆེན་གཏོར་མ་དབལ་དང་ལྡན་པ་ནི། །རྩེ་ཟུར་རབ་རྣོ་ཤ་ཁྲག་དམར་གྱིས་བརྒྱན། །ཆོས་སྐྱོང་འཁོར་བཅས་མཉེས་པའི་སྤྲིན་དུ་གྱུར། །ཨོཾ་མ་ཧཱ་ཀཱ་ལ་པྲ་ཀ་ལ་སདྷུརྦ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཀེ་ནི་རི་ཏི་ལ་ཁཱ་ཧི། བ་ལིཾ་ཏ་ལ་ཁཱ་ཧི། ཧཱུྃ། དེ་རིང་སྲིད་པའི་གདུང་གང་ལ། །མགོན་པོ་བཞེངས་ཤིག་བེང་དང་བཞེངས། །ལྷ་མོ་བཞེངས་ཤིག་མཐུ་དང་བཞེངས། །ཡུངས་ཀར་བཞེངས་ཤིག་རྦབ་དང་བཞེངས། །མགོན་པོ་ལེགས་ལྡན་མཐུ་ཆེན་ངས། །ལྷོ་དབལ་དམག་སྣ་བསྒྱུར་བ་དང་། །དགྲ་གདོན་རྡུལ་དུ་བརླག་པའི་ཕྱིར། །སྐུ་ནི་མགོན་པོའི་རང་བཞིན་ལ། །ཐུགས་ནི་ཁྲོ་བོའི་ངང་ལ་བཞུགས། །སྐུ་མདོག་སྨུག་ནག་འབར་བ་ལ། །སྐུ་ལ་དར་ནག་བེར་ཆེན་མནབས། །རལ་པ་སྨིན་མ་དམར་སེར་འཁྱིལ། །གཡས་པས་ཙནྡན་བེང་ཆེན་འཕྱར། །ཙནྡན་བེང་གི་བེང་སྟོད་ན། །ལྷ་དམག་ཉི་ཁྲི་གཅིག་སྟོང་འགྱེད། །ལྷ་
དམག་ཉི་ཁྲི་གཅིག་སྟོང་ལ། །རེ་རེའི་སྐུ་ཡི་སྤྲུལ་པ་ལས། །སྤྲུལ་པའི་ལྷ་དམག་འབུམ་འབུམ་འཕྲོ། །སྤྲུལ་པའི་ལྷ་དམག་འབུམ་འབུམ་ལས། །ཡང་སྤྲུལ་ལྷ་དམག་བྱེ་བ་འཕྲོ། །སྤྲུལ་པ་ཡང་སྤྲུལ་ལྷ་དམག་གིས། །སྟོང་གསུམ་འཇིག་རྟེན་མན་ཆད་དང་། །ཕྱོགས་མཚམས་མེད་པར་ནམ་མཁའ་གང་། །ཀུན་ཀྱང་ཆ་སྒྲ་ཏི་རི་རི། །རླུང་ཡང་རྒྱུ་བའི་ས་མེད་ན། །དགྲ་དང་བགེགས་ཏེ་སྨོས་ཅི་དགོས། །ཙནྡན་བེང་གི་མར་རྩེ་ན། །བདུད་དམག་ཉི་ཁྲི་ཆིག་སྟོང་འགྱེད། །བདུད་དམག་ཉི་ཁྲི་ཆིག་སྟོང་ལས། །རེ་རེའི་སྐུ་ཡི་སྤྲུལ་པ་ལས། །སྤྲུལ་པའི་བདུད་དམག་འབུམ་འབུམ་འཕྲོ། །སྤྲུལ་པའི་བདུད་དམག་འབུམ་འབུམ་ལས། །ཡང་སྤྲུལ་བདུད་དམག་བྱེ་བ་འཕྲོ། །སྤྲུལ་པ་ཡང་སྤྲུལ་བདུད་དམག་གིས། །ཕྱོགས་མཚམས་མེད་པར་བར་སྣང་གང་། །ཀུན་ཀྱང་བསོ་སྒྲ་ཆ་ལ་ལ། །རླུང་ཡང་རྒྱུ་བའི་ས་མེད་ན། །དགྲ་དང་བགེགས་ཏེ་སྨོས་ཅི་དགོས། །མཐུ་ཆེན་ལེགས་ལྡན་ནག་པོ་ངས། །ལྷོ་དབལ་དམག་སྣ་བསྒྱུར་བ་དང་། །དགྲ་གདོན་རྡུལ་དུ་བརླག་པའི་ཕྱིར། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །
ཁྲོ་བོ་རྣམས་ཀྱིས་མཐུ་དབང་བསྐུར། །ལྷ་སྲིན་རྣམས་ཀྱིས་མངའ་ཡང་གསོལ། །ལག་ན་རྡོ་རྗེ་རང་དང་འདྲ། །དགྲ་བླ་ང་འདྲའི་སྟོབས་ཆེན་མེད། །དམག་ཚོགས་བྱེ་བ་བསམ་མི་ཁྱབ། །དགྲ་གདོན་སྟེང་དུ་ཆས་ཙམ་ན། །ཐང་གསུམ་གནམ་དུ་ཆ་ཡིས་བཏབ། །སྲིད་གསུམ་ཆ་སྒྲ་ཏི་རི་རི། །དེ་རིང་ལྷ་དམག་རྣམས་ཀྱི་དཔལ་ངར་ཡིན། །ཆའོ་ཆའོ་དགྲ་ལ་ཆོས། །ཐང་གསུམ་དེ་ནི་བསོ་ཡིས་བཏབ། །ས་གསུམ་ཀུ་སྒྲ་ཆ་ར་ར། །དེ་རིང་དགྲ་ཡུལ་ཟིལ་གྱིས་མནན་པ་ཡིན། །སྟོབས་ཆེན་ལེགས་ལྡན་ནག་པོ་ངས། །ཆ་ཆ་དང་ནི་གཡར་གཡར་ནས། །དགྲ་གདོན་གཡུལ་ངོ་བཟློག་ཙམ་ན། །ཡེ་ཤེས་མགོན་པོ་ལེགས་ལྡན་ནི། །དམག་ཚོགས་བྱེ་བ་འབུམ་དང་ཆོས། །འུར་འུར་ཆེམ་ཆེམ་ད་ཆས་རན། །དགྲ་གདོན་བཟློག་པའི་དུས་ལ་བབ། །བེང་ཆེན་འདྲིལ་བའི་དུས་ལ་བབ། །དུས་ལ་བབ་བོ་ལྷ་དམག་ཚོགས། །ཧཱུྃ། ཤར་ཕྱོགས་དྲི་ཟའི་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །དྲི་ཡུལ་ཤར་གྱི་དགྲ་གདོན་ཟློག །ལྷོ་ཕྱོགས་གྲུལ་བུམ་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་
སྒྱུར། །གཤིན་རྗེའི་ཡུལ་གྱི་དགྲ་གདོན་ཟློག །ནུབ་ཕྱོགས་ཀླུ་ཡི་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ཀླུ་ཡུལ་ནུབ་ཀྱི་དགྲ་གདོན་ཟློག །བྱང་ཕྱོགས་གནོད་སྦྱིན་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །གནོད་སྦྱིན་ཡུལ་གྱི་དགྲ་གདོན་ཟློག །ཤར་ལྷོ་མེ་ལྷའི་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ཨགེ་ཤར་ལྷོའི་དགྲ་གདོན་ཟློག །ལྷོ་ནུབ་སྲིན་པོའི་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །སྲིན་ཡུལ་ལྷོ་ནུབ་དགྲ་གདོན་ཟློག །ནུབ་བྱང་རླུང་ལྷའི་གདོན་དང་དགྲ་བགེགས་ཟློག །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །རླུང་ལྷ་ནུབ་བྱང་དགྲ་གདོན་ཟློག །བྱང་ཤར་དབང་ལྡན་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །བྱང་ཤར་འབྱུང་པོའི་དགྲ་གདོན་ཟློག །སྟེང་གཟའ་ཡི་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ལྷ་ཡུལ་སྟེང་གི་དགྲ་གདོན་བཟློག །འོག་ས་བདག་གདོན་དང་དགྲ་བགེགས་རྣམས། །ཙནྡན་བེང་ཆེན་སྟོབས་
ཀྱིས་སྒྱུར། །འོག་གི་ས་བདག་དགྲ་གདོན་ཟློག །ཤར་གྱི་དགྲ་གདོན་ཤར་དུ་སྒྱུར། །ལྷོ་ཡི་དགྲ་གདོན་ལྷོ་རུ་སྒྱུར། །ནུབ་ཀྱི་དགྲ་གདོན་ནུབ་ཏུ་ཟློག །བྱང་གི་དགྲ་གདོན་བྱང་དུ་སྒྱུར། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །གནོད་པའི་དགྲ་བགེགས་གཡོས་པ་རྣམས། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ལྷ་འདྲེ་སྟོང་གི་དམག་སྣ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །མི་ནག་སྟོང་གི་དམག་སྣ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །གཅན་གཟན་སྟོང་གི་སོ་སྣ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ལྷ་འདྲེ་སྟོང་གི་དམོད་བྱེད་ཀྱང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །བན་བོན་སྟོང་གི་དམོད་བྱེད་ཀྱང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །སྐྱེ་བོ་སྟོང་གི་མཚོན་ཟོར་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །བུད་མེད་སྟོང་གི་དམོད་བྱེད་ཀྱང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཀྱང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡང་། །ཙནྡན་བེང་
ཆེན་སྟོབས་ཀྱིས་སྒྱུར། །བརྒྱ་ཡི་མི་ཁ་གཡོས་པ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །སྟོང་གི་ཕྲ་མ་གཡོས་པ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་ལ་སོགས་པ་ཡི། །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཡང་། །ཙནྡན་བེང་ཆེན་སྟོབས་ཀྱིས་སྒྱུར། །བཟློག་ཅིག་ཐམས་ཅད་བསྒྱུར་དུ་གསོལ། །མདུན་བསྐྱེད་མགོན་པོའི་བེང་ལས་ནི། །བེང་ཚོགས་དཔག་ཏུ་མེད་པ་འཕྲོས། །མེ་འབར་ཚྭ་ཚྭ་འཕྲོ་ཞིང་སོང་། །གནོད་བྱེད་དགྲ་བགེགས་སྟེང་དུ་ནི། །གནམ་ལྕགས་ཐོག་རྒོད་བབས་པ་ལྟར། །ཕོག་པས་རྡུལ་དུ་བརླགས་པར་བྱས། །བདག་བསྐྱེད་མགོན་པོའི་ཕྱག་གཡས་ཀྱིས། །བེང་ནི་གསོར་ཞིང་གནོད་བྱེད་ཀྱི། །ཐོག་ཏུ་གསོར་ཞིང་འཕེན་སྟང་བྱས། །ལྷ་དམག་བྱེ་བ་དུང་ཕྱུར་རྣམས། །དེ་ཡི་ཕྱོགས་སུ་གཤར་བར་གྱུར། །ཧཱུྃ། ཐུགས་རྗེ་ཆེན་པོ་ཞེ་སྡང་ལ། །སྤྱན་རས་གཟིགས་དབང་ཐུགས་ཁྲོས་པའི། །ལེགས་ལྡན་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུགས་ཤིང་ཟིལ་
གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་པོ་ཀུན་གྱི་རྒྱུན་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱི་གད་མོ་བགད་པས་ནི། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་བསྔངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕོ་ཕེ་ཕོ་གིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །བེང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ད་
ལྟ་སྔགས་འཆང་འཁོར་བཅས་དང་། །ཡོན་བདག་བར་ཆད་བཟློག་པའི་ཕྱིར། །དྲག་པོ་ལས་ཀྱི་ཟོར་འཕང་ན། །ལྷ་སྲིན་སྡེ་བརྒྱད་ཟོར་ལམ་ཕྱེས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྔགས་འཆང་དབང་དང་ལྡན་པ་ཡིས། །སྟེང་གི་ལྷ་ལ་བེང་མི་འཕེན། །འོག་གི་ཀླུ་ལ་བེང་མི་འཕེན། །བར་གྱི་གཉན་ལ་བེང་མི་འཕེན། །ཆེ་བཙུན་བཙན་ལ་བེང་མི་འཕེན། །ཕུ་བོ་བན་ལ་བེང་མི་འཕེན། །ནུ་བོ་ཆུང་ལ་བེང་མི་འཕེན། །སྒོ་ཡི་ནོར་ལ་བེང་མི་འཕེན། །བེང་འདི་སྡང་བའི་དག་ལ་འཕེན། །བེང་འདི་གནོད་པའི་བགེགས་ལ་འཕེན། །གཡས་ཀྱི་ཕྱོགས་སུ་བེང་གསོར་བས། །ཕོ་དྲལ་གཡས་ལ་མཚེར་བ་ཟློག །གཡོན་གྱི་ཕྱོགས་སུ་བེང་གསོར་བས། །མོ་དྲལ་གཡོན་ལ་༧མཚེར་བ་ཟློག །རྟ་ཕྱུགས་ལུག་གི་གོད་ཁ་བེང་གིས་ཟློག །དགྲ་སྣ་ཇག་སྣ་དམག་སྣ་བེང་གིས་ཟློག །ནད་སྣ་རིམས་སྣ་བེང་གིས་ཟློག །ཡམས་སྣ་བག་སྣ་བེང་གིས་ཟློག །ལྷ་འདྲེའི་ཉུལ་འཚེ་བེང་གིས་ཟློག །ལྷ་འདྲེའི་དམག་སྣ་བེང་གིས་ཟློག །སྔགས་ཀྱི་ཕུར་ཁ་བེང་གིས་ཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བེང་གིས་ཟློག །བདུད་ཀྱི་ཁྲམ་ཁ་
བེང་གིས་ཟློག །བཙན་གྱི་བཙན་དམག་བེང་གིས་ཟློག །ཀླུ་ཡི་ཆོ་འཕྲུལ་བེང་གིས་ཟློག །ཐེའུ་རང་སྲིད་ལ་རྐུ་བ་བེང་གིས་ཟློག །དགེ་སློང་པར་བུ་བེང་གིས་ཟློག །དྲང་སྲོང་དམོད་པ་བེང་གིས་ཟློག །མ་མོའི་ཁྲག་ཟོར་བེང་གིས་ཟློག །འབྱུང་པོའི་ཐོད་ཟོར་བེང་གིས་ཟློག །བནྡེའི་སྔགས་ཟོར་བེང་གིས་ཟློག །བོན་པོའི་བརྡ་ཟོར་བེང་གིས་ཟློག །སྐྱེས་པའི་མདའ་ཟོར་བེང་གིས་ཟློག །བུད་མེད་དམོད་ཟོར་བེང་གིས་ཟློག །ཞང་ཞུང་ཛོ་དམར་བེང་གིས་ཟློག །སུམ་པའི་གླང་ཟོར་བེང་གིས་ཟློག །རུས་པའི་གཤེད་བཞི་བེང་གིས་ཟློག །ཕུར་པའི་དབལ་ཁ་བེང་གིས་ཟློག །དྲག་པོ་ཧལ་མེ་བེང་གིས་ཟློག །མོ་ལྟས་ངན་པ་བེང་གིས་ཟློག །རྨི་ལྟས་ངན་པ་བེང་གིས་ཟློག །མཚན་ལྟས་ངན་པ་བེང་གིས་ཟློག །ལྷ་འདྲེའི་ཟོར་ཁ་བེང་གིས་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་བེང་གིས་ཟློག །འདྲེ་སྣ་གཤིན་སྣ་བེང་གིས་ཟློག །ལྟས་ངན་བརྒྱད་ཅུ་བེང་གིས་ཟློག །འགོང་པོའི་ཟ་འདྲེ་བེང་གིས་ཟློག །རྐྱེན་ངན་བར་ཆད་ཐམས་ཅད་བེང་གིས་ཟློག །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །ཆུང་
བདུད་དལ་ཁ་ཐད་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །དལ་ཁ་རིམས་ཁ་དགྲ་ལ་སྒྱུར། ཨོཾ་མ་ཧཱ་ཀཱ་ལ་པྲ་ཀ་ལ་ས་དྷརྦ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེན་ཉམ་ང་ཐམས་ཅད་བྷྱོ་བྷྱོ་བྷྱོ་ཟློག་ཟློག་ཟློག །དེ་ལྟར་ཐུན་བཞིན་གྱེར་སྒོམ་སྦྲག །དེ་ལྟར་ཞག་བདུན་ལྔ་གསུམ་སོགས། །བསྙེན་པ་ཅི་མང་བྱས་པ་ཡིས། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་རྟགས་མཚན་འབྱུང་བ་སྟེ། །རབ་ཏུ་ཞལ་མཐོང་གསུང་ཐོས་དང་། །བེང་ལ་མེ་འབར་ཚྭ་ཚྭ་འཕྲོ། །ཟིལ་ཆེ་འཇིགས་སྐྲག་བ་སྤུ་ལྡང་། །གྲིབ་གནོན་འདྲ་བའི་སྐྲག་སྔངས་དང་། །སྤྲིན་ནག་འབྲུག་སྒྲ་གློག་འོད་འཁྱུགས། །སློབ་དཔོན་ཕ་ཁུ་མི་ཆེན་དང་། །བྱ་ནག་རྟ་ནག་གཡག་ནག་དང་། །དམག་ཆེན་འདུའམ་གཤར་བ་རྨི། །དེ་ནི་མགོན་པོའི་བེང་བསྒྲུབས་སོ། །སྒྲུབ་པ་ཐོབ་བམ་མ་ཐོན་རུང་། །དགུ་གཏོར་རམ་ནི་གཟའ་སྐར་རྩུབ་པའི་དུས། །གསར་དུ་བཅའ་ལ་གསུམ་ལྔ་བདུན་སོགས་གྱེར། །ཉིན་རྫོགས་འཕྲལ་དུ་འབུལ་བ་བེང་ཟློག་ཡིན། །དེ་གཉིས་གང་ཡང་སྲུང་ཟློག་མཆོག་ཏུ་འགྱུར། །འབུལ་ཁ་གསེར་སྐྱེམས་སྤྱི་ལྟར་མཆོད་པའམ། །མ་གྲུབ་གཞི་བདག་རྣམས་ལ་དཀར་གཏོར་བསྔོ། །དེ་ནས་བདག་དང་ཡོན་བདག་ལ་གནོད་པའི། །ནད་གདོན་རྐྱེན་ངན་ཆགས་ཆེན་ཉམ་
ང་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བླངས་པ་ལྟར། །སིབ་སེ་བསྡུས་ནས་གཏོར་མ་དེ་ལ་བསྟིམ། །ཧཱུྃ། བཅུད་རྣམས་མགོན་པོས་གསོལ་ལྷག་གཏོར་མ་ནི། །གནམ་ལྕགས་ཐོག་ལས་གྲུབ་པའི་ཟུར་གསུམ་པོ། །སྟོད་ནི་ཟུར་གསུམ་གནམ་ས་གང་བ་སྟེ། །སྨད་ནི་དབལ་ལྡན་རི་རབ་ཙམ་ཞིག་ལ། །དྲག་པོའི་རྩང་གིས་རབ་ཏུ་བརྒྱན་ནས་ཀྱང་། །གར་འཕངས་ཐལ་བའི་རྡུལ་བཞིན་རླག་བྱེད་གྱུར། །ཐེབ་ལྡོག་འགྲིགས་ན་ཟོར་དུ་འཕེན་པའམ། །གནོད་པའི་ཕྱོགས་སམ་ལོ་བདུད་འདྲེ་ལྔའི་ཕྱོགས། །འབུལ་རྒྱུ་བསྐུར་ཏེ་ཅུང་ཞིག་རྒྱང་སྲིང་ལེགས། །གཏོར་མ་མེ་ཡི་ཕུང་པོ་ཆེན་པོར་བཅས། །བར་སྣང་གཟའ་རྒོད་རྒྱུག་པ་ལྟ་བུར་སོང་། །གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་ཕོག །རྩྭ་སྐྱའི་སྟེང་དུ་མེ་ཡི་ཐོག་ཕོག་ལྟར། །རྡུལ་དུ་བརླགས་ནས་རྗེས་མེད་སོང་དམིགས་ཤིང་། །གཏོར་མ་བཀྱག་བཅུག་འདི་སྐད་དྲག་ཏུ་བརྗོད། །ཤྲཱི་མ་ཧཱ་ཀཱ་ལ་ནག་པོ་ཆེན་པོ་ཁྱོད། བདག་ལ་གསོན་ཅིག །སྐུ་གསུང་ཐུགས་མ་གཡེལ་ཅིག །བོས་པ་ཡིན་ནོ། །གཡབ་པ་ཡིན་ནོ། །བརྟེན་པ་ཡིན་ནོ། །ཆད་པ་ཡིན་ནོ། །བསྟན་པ་བཤིགས་པའི་དགྲ་བགེགས་འདིས། བླ་མ་དང་སློབ་
དཔོན་གྱི་སྐུ་ལ་བསྡོས། སངས་རྒྱས་ཀྱི་བསྟན་པ་དམ་པ་བཤིགས། དགེ་འདུན་གྱི་ཚོགས་གྲལ་དུ་དབྱེན་བྱས། བདག་རྣལ་འབྱོར་དམ་པའི་སྐུ་ལ་བསྡོས། ལྷ་བླ་མ་ཡི་དམ་མི་བདེན་ཟེར། མ་མཁའ་འགྲོ་ཆོས་སྐྱོང་ལ་མཐུ་ཅིའང་མེད་ཟེར། མ་ཧཱ་ཀཱ་ལ་ཁྱོད་ལ་བརྙས་ཆོས་བྱས། བདག་གིས་ལྷ་བླ་མ་དཔང་པོར་བཞག །མ་མཁའ་འགྲོ་ཆོས་སྐྱོང་གཉན་པོར་བྱས་པ་ཡིན་གྱི་སྐུ་གསུང་ཐུགས་མ་གཡེལ་ཅིག །བདག་ལ་བསྡོས་སུ་བཙུགས་པ་དང་གཅིག །རྐུ་སྣ་སྟོན་པ་དང་གཉིས། ཇག་སྣ་སྟོན་པ་དང་གསུམ། དམག་སྣ་སྟོན་པ་དང་བཞི། དམ་པའི་ཆོས་བསྒྲུབ་ཏུ་མི་བཅུག་པ་དང་ལྔ། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས་པ་དང་དྲུག །དགེ་འདུན་གྱི་དབྱེན་བྱས་པ་དང་བདུན། སེམས་ཅན་ཡོངས་ལ་འཚེ་བ་དང་བརྒྱད། དམ་པའི་ཆོས་སྤང་པ་དང་དགུ། བསམ་པ་བསྒྲུབ་ཏུ་མ་བཅུག་པ་དང་བཅུ། དེ་བཅུ་ཚང་བའི་བསྟན་པའི་དགྲ་བོ་འདིའི་ཕ་ཞིང་རྨང་མཁར་ཉེ་རྒྱུད་དང་བཅས་པ་བཞེས་ཤིག ༈ །གནོད་བྱེད་དགྲ་བགེགས་བསྒྲལ་བ་ཡི། །ཤ་ཁྲག་དབུགས་ལ་ལོངས་སྤྱོད་མཛོད། །རྣམ་ཤེས་ཀུན་བཟང་ཐུགས་ཀར་
དྲོངས། །སེམས་ཅན་ཀུན་གྱི་དོན་དུ་བསྔོ། །སངས་རྒྱས་བསྟན་པའི་དོན་དུ་བསྔོ། །ཡི་དམ་མཉེས་པའི་སྤྲིན་དུ་བསྔོ། །ཆོས་བསྒྲུབ་བར་ཆད་མེད་པ་དང་། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་ཀུན་ལ་ཕན་པར་ཤོག །ཨ༔ ཅེས་ཕྱི་རོལ་དུ་དབུལ། དེ་ནས་གཏོར་སྣོད་མདུན་དུ་སྒྲུབ་བཅུག་ལ། ཧཱུྃ། མགོན་པོ་བསྒྲུབ་ལ་བར་གཅོད་པའི། །བདུད་ཀྱི་འཁོར་དུ་གཏོགས་པ་ཡི། །སྒབ་འདྲེ་དམ་སྲི་བསེ་རག་ཀུན། །རིམ་དགུ་ས་ཡི་འོག་ཏུ་སོང་། །གཏོར་གཞོང་རི་རབ་འབར་བས་མནན། །ༀ་ལཾ། ཧཱུྃ་ལཾ་ཙཱ་བྷ་ཡ་ནན། མདུན་བསྐྱེད་མགོན་པོ་ལྷ་དམག་བཅས། །འོད་དུ་ཞུ་ནས་བེང་ལ་ཐིམ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བདག་བསྐྱེད་མི་དམིགས་སྟོང་པར་གྱུར། །དགེ་བས་འགྲོ་མགོན་སྤྱན་རས་གཟིགས། །ཚེ་འདི་ཉིད་ལ་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །དགོངས་གཏེར་རྡོ་རྗེའི་གསུང་གི་དོན། །གཏེར་བློན་རཱ་ག་ཨ་སྱས་བཀྲོལ། །བེང་ཟློག་གཞུང་ནི་གཏེར་རྙིང་སྟེ། །གནམ་ཆོས་གཞུང་དང་མན་ངག་བསྡེབས། །ལེགས་ལྡན་རྒྱུད་དང་དགོངས་པ་བསྟུན། །ཙནྡན་དཀར་པོ་ཡན་ཟར་ཕའི། །བེང་ཞིག་ཕུལ་མཁན་བྱུང་བའི་
ཕྱིར། །སྐབས་འགར་རང་ཉིད་རྐྱེན་ཟློག་ལ། །བཅའ་སྙམ་ལེགས་པར་བསྒྲིགས་པ་ཡིན། །རིན་ཆེན་དཔུང་རྒྱན་རྒྱུད་ཉིད་ལས། །དབུ་མང་ཕྱག་ནི་གཉིས་ཡིན་པས། །སྒྲུབ་ཐབས་མང་པོ་གསུངས་པ་དང་། །མཚུངས་ཕྱིར་ཁུངས་ཀྱང་བཙུན་པར་སྣང་། །ཡིག་མཁན་ཀཱ་ལིའི་མིང་གིས་བྲིས། །ཉེས་འགལ་མགོན་པོ་ཉིད་ལ་བཤགས། །དགེ་བས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།