Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of གཡོན་དུ་
[Clear Hits]


collapse section
  
 
ཤོག་ལྷེབ་ ༡༧ ནས་ ༡༠༤ བར།
  
  
  
 
  
expand section
  
  


3 occurrences of གཡོན་དུ་
[Clear Hits]

 
previousཤོག་ལྷེབ་ ༡༧ ནས་ ༡༠༤ བར།next

ཤོག་ལྷེབ་ ༡༧ ནས་ ༡༠༤ བར།


CMR049_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །པོ་ཊ་ལ་ཡི་གནས་མཆོག་ན། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཟངས་མདོག་དཔལ་རིའི་རྩེ་མོ་ན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོ་རྒྱན་སྤྲུལ་པའི་གཙུག་ལག་ན། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལཾ། །ཤིང་སྤང་གསེར་གྱི་མཎྜལ་ན། །ཏེ་པུ་གསང་སྔགས་སྡོང་པོ་ལ། །མོས་གུས་དྲག་པོས་


CMR049_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ལྕང་ལོ་ཅན་གྱི་གནས་མཆོག་ན། །རས་ཆུང་རྡོ་རྗེ་གྲགས་པ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྩ་རླུང་བདེ་དྲོད་གཞལ་ཡས་ན། །བླ་མ་ཟངས་རི་རས་པ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །འོག་མིན་ཀརྨའི་གནས་མཆོག་ན། །འགྲོ་མགོན་སངས་རྒྱས་རས་ཆེན་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ན། །རྒྱལ་སྲས་སྤོམ་བྲག་ཆེན་པོ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་


CMR049_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སྣང་སྲིད་ཟིལ་གནོན་ཕོ་བྲང་ན། །གྲུབ་ཆེན་ཀརྨ་པཀཱི་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །གཉེན་རས་སང་གྷ་ལཀྵ་དང་། །སེམས་དཔའ་རང་བྱུང་རྡོ་རྗེ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །མཁས་བཙུན་རིན་ཆེན་རྒྱལ་མཚན་དང་། །ཡ་མཁས་གྲུབ་མངྒ་ཀེ་ཏུ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་བཙུན་རིཏྣ་བྷ་དྲ་དང་། །སྤྲུལ་སྐུ་མཐོང་བ་དོན་ལྡན་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བྱང་སེམས་དཔལ་འབྱོར་དོན་གྲུབ་དང་། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ། །མོས་གུས་དྲག་པོས་གསོལ་བ་


CMR049_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །གྲུབ་ཆེན་མཉན་པ་རས་ཆེན་དང་། །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །གར་དབང་དཀོན་མཆོག་ཡན་ལག་དང་། །རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྒར་ཆེན་ཆོས་ཀྱི་ཕོ་བྲང་ན། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དཔལ་ལྡན་རྩ་བའི་བླ་མ་མཆོག །ལུང་རིགས་བསྟན་པའི་ཉི་མ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རང་


CMR049_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྣང་སྟོང་གཟུགས་ཀྱི་སྐུ། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ན་ཚ་བདེ་སྟོང་ཆོས་ཀྱི་སྐུ། །མཁའ་འགྲོ་གསང་བ་ཡེ་ཤེས་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྐྱེན་ངན་རིག་སྟོང་ཆོས་ཀྱི་སྐུ། །མགོན་པོ་བར་ཆད་ཀུན་སེལ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་རབས་བསྐལ་པ་གྲངས་མེད་ནས། །ཆང་དང་ཕབས་ཀྱི་རྫས་སྦྱོར་དང་། །ཐུགས་ཀྱི་དམ་ཚིག་ཉམས་པ་སོགས། །བརྒྱལ་ཞིང་འབོག་པའི་ལས་སྒྲིབ་རྣམས། །གང་བསགས་ཐམས་ཅད་མཐོལ་ཤིང་བཤགས། །ཕྱིན་ཆད་བགྱིད་པར་མ་གྱུར་ཅིག །དབང་བཅུའི་མངའ་བདག་སྤྱན་རས་གཟིགས། །མི་དགེའི་ལས་སྒྲིབ་བསལ་ནས་ཀྱང་། །དགེ་བའི་འབྲས་


CMR049_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གསོལ་བཏབ་ནས། །བརྒྱལ་ཞིང་འབོག་པའི་ནད་གདོན་རྣམས། །ཞི་ཞིང་མེད་པར་མཛད་དུ་གསོལ། །ལུས་སེམས་བདེ་བར་བྱིན་གྱིས་རློབས། །ཞེས་པ་འདི་རང་གི་ཉེ་གནས་དོན་གྲུབ་ལ་བརྒྱལ་ནད་དྲག་པོ་ཞིག་བྱུང་ནས་ཞག་རེ་རེ་ལ་ཡང་ལན་བཅུ་གཉིས་ཙམ་བརྒྱལ་ནས་འགྲོ་བ་གཅིག་བྱུང་ནས་ཐབས་གང་གིས་ཀྱང་མ་ཕན། འདི་སྔོན་ལས་ཀྱི་འབྲས་བུ་ཅི་ཡིན་ནམ་སྙམ་ནས་ནམ་སྲོད་ཙམ་ལ་གསོལ་འདེབས་འདི་བྱུང་རྒྱལ་དུ་སྨྲས་ནས། ཐུགས་རྗེ་ཆེན་པོའི་ནད་པ་བྱིན་རླབས་ཀྱི་དམིགས་པ་གནད་དུ་བསྣུན་པས། ཕྱིར་ནངས་ཅུང་ཟད་ཙམ་བདེ་བ་བྱུང་ངོ་། །ཞེས་པ་རཱ་ག་ཨ་སྱས་སོ།། ༈ །།ན་མོ་ཤྲཱི་ཙཀྲ་སཾ་ཝ་ར་ཡེ། ཟངས་མདོག་དཔལ་རིའི་རྩེ་མོ་ནས། །སྣང་སྲིད་ཟིལ་གནོན་སྤྲུལ་པའི་སྐུ། །ཨོ་རྒྱན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །བདེ་ཆེན་འབར་བའི་དཀྱིལ་འཁོར་ན། །དབང་མཆོག་པདྨ་ཧེ་རུ་ཀ །བཅོམ་ལྡན་བདེ་མཆོག་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །ཨོ་རྒྱན་སྤྲུལ་པའི་གཞལ་ཡས་ན། །དབང་གི་རང་བཞིན་ཌཱཀི་མ། །


CMR049_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཆོག་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །ཉི་ཤུ་རྩ་བཞིའི་གནས་མཆོག་ན། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །རིགས་བཞིའི་དཔའ་བོ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །ཞེས་པ་འདི་རྒྱལ་ཟླའི་ཚེས་བཅུའི་ནུབ་མོ་དགོས་པ་ཅུང་ཟད་ལ་བརྟེན་ནས་བདེ་མཆོག་དམར་པོ་ལ་གསོལ་བ་འདི་བཏབ་པས། དོན་དེ་འགྲུབ་པའི་ལྟས་གསལ་བར་མཐོང་ཞིང་ཐོག་ཏུ་བབ་པའོ། །ཀརྨ་ཨ་རཱ་གས་སོ།། །།ན་མོ་དྷི་པཾ་ཀ་ར་ཨུ་པ་སི་ཀ་ཡེ། བདེ་བ་ཅན་ན་རྒྱལ་བ་ཚེ་དཔག་མེད། །འཕགས་པའི་ཡུལ་ན་པཎ་ཆེན་ཨ་ཏི་ཤ །དགའ་ལྡན་གནས་ན་ནམ་མཁའ་དྲི་མེད་ཅེས། །གངས་རིའི་ཁྲོད་འདིར་ཞྭ་དམར་ཅོད་པན་ཅན། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །རི་བོ་ཏ་ལའི་རྩེ་


CMR049_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱན་རས་གཟིགས། །དབུས་རུ་བྱང་ན་འབྲོམ་སྟོན་རྒྱལ་བའི་མཚན། །ཕུ་ཆུང་བ་དང་སྐྱེར་སྒང་བ་ལ་སོགས། །གང་འདུལ་སྤྲུལ་པ་ཕྱོགས་བཅུར་འགྱེད་མཛད་ཅིང་། །དེང་སང་ཞིང་འདིར་སྤྲུལ་པའི་སྐུ་སྟོན་པ། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཤེས་རབ་རྣམ་གཉིས་རྒྱལ་མཚན་རྣམ་གསུམ་སོགས། །བརྒྱུད་པའི་བླ་མ་ཐུགས་རྗེ་ཆེ་རྣམས་དང་། །བཀའ་གདམས་ལྷ་བཞི་ཡུམ་ཆེན་རྡོ་རྗེ་འཆང་། །བྱམས་པ་ཀླུ་སྒྲུབ་ལ་སོགས་བྱང་ཆུབ་ཀྱི། །ཐིག་ལེ་བཅུ་དྲུག་ལྷ་ལ་གསོལ་བ་འདེབས། །སྐྱབས་གནས་དམ་པ་དཀོན་མཆོག་རིན་ཆེན་གསུམ། །ཡི་དམ་གདམས་པ་བཀའ་གདམས་ལྷ་མཆོག་བཞི། །དམ་ཆོས་གདམས་པ་སྡེ་སྣོད་རིན་ཆེན་གསུམ། །རྒྱལ་བ་རྒྱ་མཚོའི་གདམས་ཁ་མ་ནོར་བའི། །ཆོས་བདུན་པོ་དེ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་བདག་གི་བརྒྱུད་པར་བཅས་པ་རྣམས། །ཁེ་ལས་ཉེན་ཆེའི་ཆོས་ཀྱིས་མི་བསླུ་བར། །ཉན་ཆུང་ཁེ་ཆེའི་དམ་ཆོས་སྡེ་སྣོད་གསུམ། །ཚུལ་བཞིན་ཉམས་སུ་ལོན་པར་བྱིན་གྱིས་རློབས། །སྙིང་རྗེ་མེད་ཅིང་ཁྲོ་གཏུམ་ཀོ་ལོང་ཅན། །


CMR049_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལྷ་ལ་སྐྱབས་སུ་མི་འགྲོ་བར། །ཐུགས་རྗེ་གཡེལ་མེད་འགྲོ་ལ་རྟག་ཏུ་གཟིགས། །འཕྲལ་བདེ་ཕུགས་སུ་སྐྱོབ་པའི་ལྷ་ཚོགས་བཞི། །འབྲལ་མེད་སྐྱབས་སུ་འཛིན་པར་བྱིན་གྱིས་རློབས། །རབ་འབྱམས་མདོ་རྒྱུད་ཀུན་ཏུ་གསུངས་པའི་ལྷ། །ལྷ་རེ་སྔགས་རེ་སྤང་བླང་མི་བྱེད་པར། །ཐམས་ཅད་ཐིག་ལེའི་དཀྱིལ་འཁོར་གཅིག་བསྡུས་ནས། །རྗེས་དྲན་ལྔ་དང་ལྡན་པར་ཉམས་ལེན་པའི། །བཀའ་གདམས་བྱིན་རླབས་འཇུག་པར་བྱིན་གྱིས་རློབས། །བརྟན་མ་བཅུ་གཉིས་དཀར་པོ་བརྒྱད་ཅུ་སོགས། །སྲུང་མ་རྣམས་ཀྱིས་རྟག་ཏུ་གྲོགས་མཛད་ཅིང་། །རྣམ་ཐར་གཙང་མ་བསླབ་པ་གསུམ་ལྡན་པའི། །བདག་གི་བུ་སློབ་དཔག་མེད་རབ་འཕེལ་ནས། །རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པ་ཡི། །དངོས་གྲུབ་མཆོག་དེ་བདག་ལ་བསྩལ་དུ་གསོལ། །ཞེས་ཐིག་ལེ་བཅུ་དྲུག་གི་སྒྲུབ་པ་ཚར་བའི་ཉིན་མོ་རྗེ་བླ་མའི་དུས་མཆོད་ལ་དམིགས་ནས་སྨྲས་སོ།། །།ན་མོ་གུ་རུ་བྷྱཿ ཐོག་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་། །རང་བཞིན་ལྷུན་གྲུབ་ངོ་བོ་ཉིད་ཀྱི་སྐུ། །སྨྲ་བསམ་བརྗོད་བྲལ་ཤེས་རབ་ཕ་རོལ་ཕྱིན། །བླ་མ་


CMR049_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ངེས་པ་ལྔ་ལྡན་འདྲེན་པ་འོད་དཔག་མེད། །རིགས་ལྔ་ཚེ་ཡི་བདག་པོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་གསང་འདུས་ཐུགས་རྗེའི་ལྷ། །བླ་མ་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས། །མི་མཇེད་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །མདོ་སྔགས་བསྟན་པ་ཟུང་དུ་འཇུག་པའི་ཕྱིར། །ཤཱཀ་ཐུབ་པད་འབྱུང་བྱེ་བ་ཕྲག་བརྒྱར་སྤྲུལ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །རྒྱལ་བའི་བསྐྱེད་ཡུམ་འཕགས་མ་སྒྲོལ་མ་ཉིད། །གང་འདུལ་སྐུར་སྟོན་མ་གཅིག་མཚོ་རྒྱལ་མ། །མནྡ་ར་བ་ཤཱཀྱ་དེ་བློམ་སོགས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །མཁན་པོ་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །བི་མ་མི་ཏྲ་ནཱ་ག་རྫུ་ན་དང་། །ཧཱུཾ་ཆེན་ཀ་ར་བཱ་སུ་དྷ་ར་སོགས། །རྒྱ་བལ་རིག་འཛིན་རྣམས་ལ་གསོལ་བ་འདེབས། །མངའ་བདག་ཡབ་སྲས་ཉང་བན་ཏིང་འཛིན་བཟང་། །སྐ་ཅོག་ཞང་དང་རྗེ་འབངས་ཉི་ཤུ་ལྔ། །དམར་གཡོ་གཙང་གསུམ་དགོངས་པ་རབ་གསལ་སོགས། །བོད་ཀྱི་རིག་འཛིན་རྣམས་ལ་གསོལ་བ་འདེབས། །ཟབ་གཏེར་བདག་པོ་ཆོས་རྒྱལ་རཏྣ་གླིང་། །ཉང་དང་ཆོས་དབང་འཇའ་ཚོན་


CMR049_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དང་། །དྲི་མེད་སྡེ་ལྔ་གླིང་པ་བརྒྱད་ལ་སོགས། །གཏེར་སྟོན་སྤྲུལ་སྐུ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་རང་བྱུང་མཚོ་སྐྱེས་རྡོ་རྗེའི་ཞབས། །ཀུན་མཁྱེན་འབྲུག་ཆེན་ཀུན་དགའ་དཔལ་འབྱོར་དང་། །སྤྲུལ་པའི་ཆོས་རྒྱལ་ཀུན་དགའི་མཚན་ཅན་སོགས། །ཆོས་བདག་སྐྱེས་མཆོག་རྣམས་ལ་གསོལ་བ་འདེབས། །དབང་ཆེན་སྤྲུལ་པ་རྒྱལ་སྲས་ཚེ་དབང་གྲགས། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ངག་དབང་གྲགས། །ཀུན་དགའ་གྲགས་པ་ཀུན་དགའ་བསྟན་འཛིན་སོགས། །གདུང་རྒྱུད་དྲི་མེད་་རྣམས་ལ་གསོལ་བ་འདེབས། །ལུང་ནས་བསྟན་པའི་སྐྱེས་བུ་ཤཱཀྱའི་མཚན། །ཨོ་རྒྱན་བསྟན་པའི་གསལ་བྱེད་མཁར་པའི་དྲུང་། །པདྨའི་མཚན་དང་མདྨ་དོན་ཡོད་མཚན། །ལས་ཆེན་སློབ་བརྒྱུད་རྣམས་ལ་གསོལ་བ་འདེབས། །རཏྣ་དབོན་སྲས་ཆོས་ཀྱི་མཛོད་འཛིན་པ། །གཏེར་སྟོན་ཆེན་པོ་ལས་འཕྲོ་གླིང་པ་དང་། །འཇིག་རྟེན་མགོན་པོ་སངས་རྒྱས་ཕུན་ཚོགས་སོགས། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱོན་ཡོན་གཉིས་ལྡན་སོ་སྐྱེའི་སློབ་དཔོན་ཡང་། །རྒྱལ་བ་ཀུན་བས་བཀའ་དྲིན་ཁྱད་པར་འཕགས། །ཡི་


CMR049_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དངོས་སུ་མོས་ན་དངོས་གྲུབ་མྱུར། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སློབ་མས་མཆོད་དམ་དབང་བསྐུར་བྱེད་པའི་ཚེ། །དད་ལྡན་རྗེས་སུ་བཟུང་ཕྱིར་སངས་ལྟརྒྱས་རྣམས། །དེ་ཚེ་སློབ་དཔོན་ལུས་ལ་ཞུགས་པར་གསུངས། །ཤིན་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་ཞེས་མཚོ་རྒྱལ་གསུངས། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ་བ་འདེབས། །གདོད་ནས་ལྷན་སྐྱེས་རང་སེམས་པདྨ་འབྱུང་། །རང་ཞལ་བལྟས་པས་སྒྲོ་འདོགས་ནང་ནས་ཆོད། །རྒྱུན་དུ་མཇལ་ན་ཚེ་གཅིག་སངས་རྒྱས་འགྲུབ། །རབ་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །རང་ལུས་ཡང་གསང་དྲག་པོ་ཐོད་ཕྲེང་རྩལ། །སྙིང་དབུས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས། །དུང་ཁང་ནང་ན་ཁྲག་འཐུང་ལྔ་བཅུ་བརྒྱད། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས་། །མ་རིག་བདག་འཛིན་རུ་ཏྲ་དུར་ཁྲོད་བདག །རིག་པའི་ཡེ་ཤེས་ཆེ་མཆོག་ཧེ་རུ་ཀ །གཉིས་མེད་མ་ནིང་ཆོས་སྐྱོང་ཡོངས་ཀྱི་རྗེ། །བླ་མགོན་དབྱེར་མེད་དེ་ལ་


CMR049_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །རྟོག་ཚོགས་འཁྲུལ་པའི་རང་གཟུགས་དྲེགས་པའི་ཚོགས། །རྒྱལ་བས་བཀའ་བསྒོས་རྣལ་འབྱོར་བུ་བཞིན་སྐྱོངས། །བསྟན་པའི་བཀའ་སྲུང་བཀའ་ཡི་བྱ་ར་བ། །དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་པད་འབྱུང་བརྒྱུད་པར་བཅས་རྣམས་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བཏབ་པས། །སེམས་མེད་ནོར་བུས་དགོས་འདོད་སྩོལ་བ་ལྟར། །བྱིན་རླབས་ཤུགས་ཀྱིས་འབྱུང་བར་བྱིན་གྱིས་རློབས། །སྔོན་ཚེ་བསོད་ནམས་དཔག་མེད་བསགས་པའི་མཐུས། །ད་རེས་མི་ལུས་རིན་ཆེན་ཐོབ་དུས་འདིར། །རིན་ཆེན་གླིང་ནས་སྟོང་ལོག་མི་བྱེད་པར། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །སང་དང་ཕྱི་མ་གང་སྔ་མི་ཤེས་པས། །རྟག་ཏུ་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཆི་ཁ་བྲང་ལག་འཐབ་མོ་མི་འཆོར་བར། །བློ་བདེ་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །ལས་འབྲས་བསླུ་བ་མེད་པའི་དོན་མཐོང་ནས། །ཤེས་བཞིན་ངན་སོང་གཡང་ལ་མི་འཆོར་བར། །སྡོམ་གསུམ་དྲི་མ་སྤང་བའི་སྙིང་རུས་ཀྱིས། །གཏན་བདེའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །སྔོན་ཚེ་


CMR049_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས་འོང་ཡང་མི་ཤེས་ཤིང་། །ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་རག །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཆེ། །སྐྱོ་བ་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །བཙན་ཕྱུག་སྟོབས་འབྱོར་ཆེ་ཡང་རྟག་མི་ཐུབ། །ཚེ་འདིའི་བདེ་སྐྱིད་བསྒྲུབ་ཀྱང་འགྲུབ་པར་དཀའ། །འགྲུབ་ཀྱང་ཡུན་རིང་མི་གནས་མྱུར་དུ་འཇིག །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་ལྔ་པོ་དྲག་པོ་རིགས་ལྔ་དང་། །ཁམས་ལྔ་རྒྱལ་བའི་ཡུམ་ཆེན་མཁའ་འགྲོ་ལྔ། །འཁོར་ལོ་ལྔ་པོ་གོ་ཆའི་ལྷ་ཚོགས་ལྔ། །དབང་དྲག་པདྨ་འགྲུབ་པར་བྱིན་གྱིས་རློབས། །སྣོད་བཅུད་གདོད་ནས་ལྷ་དང་གཞལ་ཡས་ཁང་། །འབྱུང་འཇུག་རླུང་དང་སྒྲ་སྐད་སྔགས་ཀྱི་ཚིག །དྲན་རྟོགས་དུག་ལྔ་རང་གྲོལ་ཡེ་ཤེས་ལྔ། །ཡིན་ན་ཡིན་བཞིན་རྟོགས་པར་བྱིན་གྱིས་རློབས། །ཚེ་འདིར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །སྒྲུབ་ལ་བར་ཆད་ནམ་ཡང་མི་འབྱུང་ཞིང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ་།སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ནམ་ཞིག་འདི་ནས་མི་གནས་འཕོ་བའི་ཚེ། །ཆགས་ཞེན་འཇིགས་སྐྲག་བསམ་པ་ཀུན་སྤངས་ནས། །མ་བཅོས་སོ་མའི་


CMR049_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་བཞག་པ་ཡི། །འོད་གསལ་མ་བུ་འདྲེས་པར་བྱིན་གྱིས་རློབས། །འཆི་བ་ཆོས་ཀྱི་སྐུ་རུ་སངས་རྒྱས་ནས། །སླར་ཡང་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་། །མཚན་དཔེའི་རྒྱན་དང་ལྡན་པའི་ཡི་དམ་ལྷ། །དག་པའི་སྒྱུ་ལུས་འཆར་བར་བྱིན་གྱིས་རློབས། །ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགས། །སྣ་ཚོགས་མཆོད་པས་བདག་གི་མདུན་བསུ་ཞིང་། །ཨོ་རྒྱན་སྣང་བ་མཐའ་ཡས་ཞབས་དྲུང་དུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་བྱིན་གྱིས་རློབས། །ཐུགས་རྗེའི་མངའ་བདག་པདྨ་འབྱུང་གནས་ལ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཆོས་དང་མཐུན་པའི་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཀརྨ་ཡང་དག་གིས་བླ་མ་བརྒྱུད་པའི་གསོལ་འདེབས་ཚིག་མ་མང་ཞིག་དགོས་ཟེར་ནས། ཀརྨ་རཱ་གས་ཐུན་མཚམས་གཅིག་ལ་བྲིས་པའོ།།་ཨེ་མ་ཧོ། རྒྱལ་བའི་དབང་པོ་འོད་སྟོང་རབ་འབར་ཡང་། །བསྟན་པའི་སྙིགས་མ་མེ་ཤེལ་སྐྱོན་ལྡན་ཞིང་། །གདུལ་བྱའི་སྤྲོ་བ་ལོག་ལྟའི་རླན་གྱིས་བངས། །བྱིན་རླབས་བྱིན་ཟ་རྒྱས་པར་དཀའ་འམ་སྙམ། །རྒྱལ་དབང་ཐུགས་


CMR049_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཆུ་འཛིན་རབ་འཁྲིགས་ཀྱང་། །གསོལ་འདེབས་དབྱར་སྐྱེས་མགྲིན་རྔ་མི་སྒྲོག་ཅིང་། །ལོག་ལྟའི་རླུང་དམར་རབ་ཏུ་སྦྱད་ལུགས་ཀྱིས། །བྱིན་རླབས་བསིལ་རྒྱུན་ནམ་ཞིག་ལྟའབབ་ན་ཨང་། །རྒྱལ་བསྟན་མཚན་མོའི་མགོན་པོ་ཤར་ན་ཡང་། །ངེས་འབྱུང་བཟང་པོའི་སྤྲིན་དཀར་འཛུམ་མེད་པར། །ཚུལ་མིན་སྤྱོད་པའི་ཆར་མུན་འཁྲིགས་ལུགས་ཀྱིས། །ཐར་བའི་ལམ་བཟང་ནམ་ཞིག་རྙེད་ན་ཨང་། །སེམས་བསྐྱེད་པད་སྡོང་ལོ་འདབ་གཡུར་ཟ་ཡང་། །གཞན་ཕན་བསམ་པའི་ཉི་འོད་མི་མཐོང་ཞིང་། །གནོད་བསམ་མི་སྲུན་ཀིང་ཀང་འབེབས་ལུགས་ཀྱིས། །རབ་དགའི་འདབ་སྟོང་ནམ་ཞིག་བཞད་ན་ཨང་། །དབང་བཞི་དཔག་བསམ་ལོ་འདབ་ཁྱོན་ཡངས་ཀྱང་། །བསྐྱེད་རྫོགས་བུང་བའི་གཉེར་གྱུར་མ་མཐོང་ཞིང་། །མི་བརྩོན་འཆར་བའི་སྟ་ཐོགས་མང་ལུགས་ཀྱིས། །དངོས་གྲུབ་འབྲས་བུ་ནམ་ཞིག་སྨིན་ན་ཨང་། །ཟབ་ཆོས་སྒོམ་རྒྱུར་སྙིང་པོ་མང་ན་ཡང་། །བརྩོན་འགྲུས་ཀ་ཤིའི་རས་ཀྱིས་མི་ཕྱི་ཤིང་། །བསྒྲུབ་པའི་རྒྱལ་མཚན་སྲོག་ཤིང་ཆགས་ལུགས་ཀྱིས། །དགོས་འདོད་རེ་བ་ནམ་ཞིག་བསྐང་ན་ཨང་། །སྨྲ་མང་ཉམས་ལེན་བྲལ་བའི་ནེ་


CMR049_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་བཞིན། །དམ་ཆོས་སྨྲས་ཀྱང་རང་རྒྱུད་གྱོང་པོ་རང་། །བྱ་བྲལ་ང་ནི་རང་ལ་རང་མ་མགུ། །ད་ནི་རང་གིས་རང་ལ་གྲོས་ཤིག་ཐོབ། །ཅེས་རང་གཞན་འགའ་ལ་བསམས་པས་ཅུང་མ་མགུ་ཞིང་། ཁྱད་པར་དྲུང་རམ་པ་སྟོབས་ཆེན་གྱིས་རྒྱལ་བའི་དབང་པོ་ལ་མ་དད་ནས་ངག་འཁྱལ་འགའ་སྨྲས་ཟེར་བ་དྲན་ནས་སྨྲས་པའོ། །མངྒ་ལཾ།། ༈ །།སྔགས་འཆང་རྣལ་འབྱོར་ཚེ་དབང་བཀྲ་ཤིས་ཀྱི། །སྒྱུ་ལུས་ཡུན་རིང་ནད་ཀྱིས་མནར་ན་ཡང་། ཚེ་ལ་བདུད་ཀྱི་བར་ཆད་མ་བྱུང་ཞིང་། །ཟུག་གཟེར་ཆུང་ཞིང་དགེ་སྦྱོར་འཕེལ་བ་ལེགས། །ཁྱེད་ཀྱང་བསྙུང་གཞི་ཤིན་ཏུ་ལྕི་བ་དང་། །ང་ཡང་མཚམས་ཀྱི་བཅད་རྒྱ་དམ་པའི་ཕྱིར། །ད་ནས་རང་གཉིས་ཅི་འཕྲད་མི་ཤེས་པས། །དངོས་སུ་འཕྲད་འདྲའི་སྙིང་གཏམ་ཚིག་གསུམ་བཤད། །མི་ལུས་རིན་ཆེན་ཐོབ་པ་ཤིན་ཏུ་དཀའ། །སངས་རྒྱས་བསྟན་དང་མཇལ་བ་དེ་བས་དཀའ། །བསྐྱེད་རྫོགས་ཉམས་ལེན་ཤེས་པ་ད་རེས་ཙམ། །སྡུག་སྐད་ཤི་སྨོན་སྨེ་སྔགས་རྒྱང་སྟེ་སྒྱུར། །ཞག་རེ་མ་ཤི་ན་ཡང་དགེ་སྦྱོར་འཕེལ། །སྡིག་སྡུག་དཀའ་ལས་མང་པོས་བསྒྲུབས་པའི་ཟས། །ཤ་ཆང་ཇ་སོགས་ཞིམ་དགུ་ཟོས་ན་ཡང་། །ཞག་གཅིག་


CMR049_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་མི་གཙང་རྫས་སུ་འགྱུར། །ཞིམ་མངར་ཟས་ཀྱི་སྲེད་པ་རྒྱང་སྟེ་སྒྱུར། །གང་བྱུང་གྱི་ན་ཙམ་ལ་ཆོག་ཤེས་མཛོད། །ཁ་བསྡུས་ཚེ་ཕུད་གྲོང་ཆོག་འདྲེ་རྡུང་ཡང་། །མི་ཚེར་བསྒྲུབ་ཀྱང་ཇེ་ལྟོགས་བརྒྱགས་དུས་མེད། །རང་གི་ཐུགས་དམ་དགེ་སྦྱོར་སད་ལ་འཆོར། །རྙེད་ཚོལ་གྲོང་ཆོག་རློམ་སེམས་རྒྱང་སྟེ་སྒྱུར། །རྐྱེན་ངན་གྲོགས་ཤར་སོམས་ལ་དགེ་སྦྱོར་གྱིས། །སྤྱིར་དུ་འགྲོ་བའི་ཚེ་སྲོག་མི་རྟག་ཅིང་། །སྒོས་སུ་དེང་སང་བཞི་བཅུ་ཁ་རལ་ཡིན། །ད་ནི་ཚེ་མཇུག་དགུན་ཉི་ལས་ཀྱང་ཐུང་། །ཚེ་འདིར་མི་ཕྱིད་དགོས་པ་རྒྱང་སྟེ་སྐྱར། །ཚེ་མཇུག་ཅི་གདའ་དགེ་སྦྱོར་ཉིད་ལ་དྲིལ། །དུས་མིན་འཆི་བ་སུས་ཀྱང་བཟློག་མི་ཐུབ། །ཐབས་ནི་ཇི་ལྟར་བྱས་ཀྱང་བཤོལ་ཐབས་མེད། །ན་དོགས་འཆི་དོགས་ནད་ལ་ཨེ་ཕན་གྱིས། །སྲུང་ཟློག་ཐུགས་དམ་མང་པོ་རྒྱང་སྟེ་སྐྱུར། །ཐུགས་དམ་ཅི་བྱེད་ཕྱི་མའི་དོན་དུ་དྲིལ། །སྤུན་ཟླ་བཟའ་ཚང་ཡུལ་མི་ཁྱིམ་མཚེས་ཀུན། །ཚོང་དུས་ཆེན་པོའི་ཁྲོམ་པ་ཅི་བཞིན་དུ། །ཡུན་རིང་མི་གནས་མྱུར་དུ་སོ་སོར་འགྲོ། །ཆགས་སྡང་འགྲན་སེམས་བསམ་པ་རྒྱང་སྟེ་སྒྱུར། །ཀུན་ལ་ཕན་སེམས་བསམ་པ་བཟང་དུ་


CMR049_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས། །ནད་ཀྱིས་ཟུག་གཟེར་ཉམ་ཐག་ཆེ་ན་ཡང་། །ཚེ་ཚད་མ་རྫོགས་འཕོ་བ་བྱས་གྱུར་ན། །ལུས་ལྷ་བསད་པའི་ཉེས་པས་དམྱལ་བར་ལྟུང་། །སྡུག་ནས་འཕོ་བ་བསྒོམ་པ་རྒྱང་སྟེ་སྒྱུར། །འདི་བས་དམྱལ་བའི་སྡུག་བསྔལ་ཆེ་ལུགས་སོམས། །ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་། །འབྲོམ་དང་ཕག་གྲུ་འཇིག་རྟེན་གསུམ་མགོན་སོགས། །མཛེ་ནད་དྲག་པོས་ཡུན་རིང་མནར་ལུགས་སོམས། །ང་སྡུག་བསམ་པའི་སྡུག་ཡུས་རྒྱང་སྟེ་སྒྱུར། །སྔོན་གྱི་ལས་སྒྲིབ་འཛད་པའི་དགའ་བ་སྒོམས། །བདེ་སྔག་ལེགས་ཉེས་བྱ་བ་ཅི་བྱུང་ཡང་། །ནབ་མོའི་རྨི་ལམ་བཟང་ངན་རྨིས་པ་ལྟར། །རིང་པོར་མི་ཐོགས་མྱུར་དུ་ཡལ་ནས་འགྲོ། །རེ་དོགས་སེམས་ཁྲལ་མང་པོ་རྒྱུང་སྟེ་སྒྱུར། །ཅི་འོང་དཀོན་མཆོག་མཁྱེན་ལ་བློ་སྙིང་ཁོལ། །ལུས་ཀྱི་ན་ཚ་ཟུག་གཟེར་བྱུང་བའི་དུས། །ཨ་ན་བསམ་མཁན་སེམས་ལ་ཅེར་རེ་ལྟོས། །དངོས་པོ་མེད་པར་སྟོང་པར་ལྷང་ངེ་འཆར། །བསྒོམ་གོ་མི་ཆོད་དོགས་པ་རྒྱང་སྟེ་སྒྱུར། །མ་བཅོས་ཡེངས་མེད་ངང་ལ་ལྷན་ནེ་ཞོག །ན་བསམ་སེམས་དེ་དང་པོ་གང་ནས་བྱུང་། །ཐ་མ་གར་འགྲོ་ད་ལྟ་གར་གནས་


CMR049_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་། །སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་སྐུ་ཡིན། །ནད་འདི་ཨེ་ཕན་བསམ་པ་རྒྱང་སྟེ་སྒྱུར། །ན་བ་དེ་ཉིད་བསྒོམ་གྱི་མཐིལ་པོར་བསྒྱུར། །འགྲོ་བ་རིགས་དྲུག་སྡུག་བསྔལ་ཐམས་ཅད་དང་། །ཁྱད་པར་འགྲོ་བའི་ནད་རིགས་ཐམས་ཅད་ཀུན། །རང་གི་ན་ས་དེ་ལ་ཧྲིལ་གྱིས་བསྟིམ། །ནད་འདི་ཕན་ན་དགའ་བསམ་རྒྱང་སྟེ་སྒྱུར། །འགྲོ་ཀུན་བདེ་དང་ལྡན་པའི་སྨོན་ལམ་ཐོབ། །འདི་དང་ཕྱི་མའི་སྡུག་བསྔལ་ཐམས་ཅད་ནི། །ཚེ་སྔོན་བསགས་པའི་སྡིག་པའི་འབྲས་བུ་ཡིན། །སྡིག་པ་ཆུང་ངུ་ལ་ཡང་དུག་བཞིན་འཛེམ། །ཁ་བཤད་ལག་ལེན་འཛོལ་བ་རྒྱང་སྟེ་སྒྱུར། །སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་རྒྱུན་དུ་གྱིས། །དེ་ལྟར་བདག་གིས་སྨྲས་པའི་ཚིག་འདི་རྣམས། །དེ་ཚེ་སྐྱིད་དུས་ཟླ་བོ་ཡིན་ནོ་ཞེས། །ཚིག་དོན་རང་གི་སེམས་ལ་མི་ཕབ་པར། །ཀོ་ལོང་སྡུག་ཡུས་བྱེད་པ་རྒྱུང་སྟེ་སྒྱུར། །འདི་དོན་ཉམས་སུ་ལེན་ལ་བརྩོན་འགྲུས་གྱིས། །ནམ་ཞིག་འཆི་བདག་དབང་ཆེན་ཁོ་བྱུང་ན། །ལུས་དང་ཉེ་འབྲེལ་ཞིང་ཁང་ནོར་རྫས་རྣམས། །བློ་ཡིས་བླངས་ནས་དཀོན་མཆོག་གསུམ་ལ་ཕུལ། །སེམས་ཐོགས་ཆགས་ཞེན་འཁྲི་བ་རྒྱང་སྟེ་སྒྱུར། །


CMR049_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཞེན་མེད་པར་ཉམས་ལེན་ངང་དུ་སྡོད། །སྤྱི་བོར་ཨོ་རྒྱན་སྣང་བ་མཐའ་ཡས་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་ཐོབ། །འདི་དུས་འཕོ་བ་ཟླུ། བསྒོམ་ཡང་ཕན་ཡོན་ཆེ། །བརྩེ་སེམས་ཁ་ཆེམས་ཁ་དལ་རྒྱང་སྟེ་སྐུར། །ཉམས་ལེན་ངང་དུ་རིག་པ་རྩེ་གཅིག་བསྒྲིམས། །འབྱུང་བཞིའི་ཐིམ་རིམ་དཀར་ལམ་དམར་ལམ་ཆ་སོགས། །འཁྲུལ་སྣང་འཇིགས་སྐྲག་སྣང་བ་ཅི་བྱུང་ཡང་། །མ་ཡེངས་སྐྲག་མཁན་སེམས་ལ་རེ་རེ་ལྟོས། །དེ་ལས་གཞན་པའི་ཚབ་ཚུབ་རྒྱང་སྟེ་སྒྱུར། །གང་ཤར་བཟོ་མེད་ངང་དུ་འཆི་རུ་ཆུག །གཞི་ཡི་འོད་གསལ་ནམ་མཁའ་གཡའ་དག་བཞིན། །ཚུར་ལ་འཆར་དུས་དེ་ཉིད་ངོས་བཟུང་ལ། །དེ་ཡི་ངང་ལ་མ་བཅོས་ཀློད་ལ་ཞོག །སྟོང་པ་ཉིད་ལ་སྐྲག་སྣང་རྒྱང་སྟེ་སྒྱུར། །དེ་ནི་འཆི་བ་ཆོས་ཀྱི་སྐུ་ཞེས་བྱ། །དེ་ཉིད་ངོས་ཟིན་རྟགས་སུ་ཚེ་འདས་ཀྱི། །ཕུང་པོ་ཤ་བཀྲག་ཡུན་རིང་མི་ཡལ་ཞིང་། །ཕྱི་རྟགས་ནམ་མཁའ་དྭངས་ཤིང་།གསལ་བ་ཡིན། །འདི་དུས་ཉེ་དུའི་ངུ་སྐད་རྒྱང་སྟེ་སྒྱུར། །ཕུང་པོ་ཐུག་རེག་མེད་པའི་ཉ་ར་བཟོབ། །དེ་ནས་བར་དོའི་ཡིད་ལུས་ཤར་བྱུང་ན། །རང་ལུས་ཡི་དམ་གང་ཡིན་


CMR049_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་ནི། །སྣང་ལ་རང་བཞིན་མེད་པའི་འཇའ་ལྟར་བསྒོམས། །ཞི་ཁྲོའི་ལྷ་ལ་འཇིགས་སྐྲག་རྒྱང་སྟེ་སྐྱུར། །དེ་ནས་བར་དོ་ལོངས་སྐུར་སྣང་བ་ཡིན། །དེ་རྟགས་ནམ་མཁར་འཇའ་འོད་འབྱུང་བ་དང་། །སྐུ་གཟུགས་རིང་བསྲེལ་ཡིག་འབྲུ་ལ་སོགས་པ། །མང་པོའམ་ནི་སྣ་གཅིག་ངེས་པར་འབྱུང་། །གཉེན་འདུན་རྣམས་ཀྱང་མྱ་ངན་རྒྱང་སྟེ་སྐྱར། །བར་དོར་གྲོལ་ལ་སྡུག་བསྔལ་ག་ལ་དགོས། །སྐྱེ་བར་སླ་ཞིང་ཡོན་ཏན་དཔག་མེད་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཐེ་ཚོམ་མེད་པར་འགྲོ་བའི་འདུན་པ་བསྒོམས། །སྐྱེའམ་མི་སྐྱེའི་ཐེ་ཚོམ་རྒྱང་སྟེ་སྒྱུར། །དེ་ནི་སྐྱེ་བ་སྤྲུལ་སྐུ་ཐོབ་པར་འགྱུར། །དེ་ཉིད་ད་ལྟ་ནས་ཀྱང་འདུན་པ་སྦྱོངས། །དེ་རུ་སྐྱེ་བའི་སྨོན་ལམ་རྒྱུན་པར་ཐོབ། །དགེ་བ་གང་བྱེད་དེ་ཡི་དོན་དུ་བསྔོས། །བདག་འདྲ་མི་སྐྱེ་བསམ་པ་རྒྱང་སྟེ་སྒྱུར། །སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་པ་ཡིན། །རྒྱང་སྐྱུར་ཉེས་གསུམ་ལྡན་པའི་སྙིང་གཏམ་འདི། །སྙིང་ནས་ཕན་སེམས་བསམ་པ་བཟང་པོས་བྲིས། །ཁ་བཤད་ཁྲམ་པའི་གླུ་དང་འདྲ་སྙམ་པའི། །རྩིས་མེད་ལོག་ལྟའི་བསམ་ངན་རྒྱང་སྟེ་སྐྱར། །སྙིང་གཏམ་སྙིང་གི་


CMR049_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེར་ཉམས་སུ་ལོངས། །ཞེས་པ་འདི་སྔགས་འཆང་ཚེ་དབང་བཀྲ་ཤིས་ནད་དྲག་པོས་ཡུན་རིང་མནར་བ་ལས། ནད་གཞི་ཆེར་མ་ཕན་ཡང་ཟུག་གཟེར་ཆུང་ཞིང་བསྙེན་པ་མང་དུ་འགྲུབ། ད་ཐུགས་དམ་གང་དགའ་འཕོ་བའི་བསྐྱེད་ཆོག་གཅིག་ཀྱང་བྲིས་བསྐུར་ཟེར་བས། ཨ་རཱ་གས་ཐུན་མཚམས་གཅིག་ལ་བྲིས་ནས་ཕུལ་བའོ།། ༈ །།ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་དུས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་སོགས། །འཁོར་འདས་དུས་གསུམ་དགེ་ལ་ཡི་རང་ངོ་། །དེ་ལྟར་རྗེས་སུ་ཡི་རང་དགེ་བ་དང་། །ཆུ་བོ་དབྱིངས་ཁྱབ་འགྲོ་དོན་འདི་བྱས་མཐུས། །འདི་ནས་བཟུང་སྟེ་ཇི་སྲིད་བསྐལ་པའི་བར། །ཆུ་བོས་གར་ཁྱབ་ཡིག་དྲུག་ཁྱབ་པར་ཤོག །བསྐལ་པའི་བར་དུ་ཆུ་དེ་སུས་འཐུང་དང་། །མཐོང་དང་ཐོས་དང་ཆུ་སྒྲ་ཐོས་པ་དང་། །ཆུ་དེ་རྒྱ་མཚོར་སོང་ཞིང་གར་ཁྱབ་དང་། །དེ་ལས་རླངས་པ་སྤྲིན་དང་ན་བུན་དང་། །དེ་ལས་ཁ་ཆར་བབས་པས་གར་ཁྱབ་ཀྱི། །འབུ་སྲིན་ཡན་ཆད་སྲོག་ཆགས་ཐམས་ཅད་དང་། །ཆུ་ལ་གནས་པའི་ཀླུ་དང་ཆུ་གནས་སོགས། །ཐམས་ཅད་ངན་སོང་འཁོར་བ་དོང་སྤྲུགས་ཤོག །དེ་དག་ལས་ཉོན་


CMR049_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་དག་པར་ཤོག །ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་པར་ཤོག །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་ཞིང་། །མཐོ་རིས་གནས་སུ་ཆོས་ལྡན་ལུས་ཐོབ་སྟེ། །སྐྱེ་བ་ལྔ་ནས་བདེ་བ་ཅན་ཉིད་དུ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེ་བར་ཤོག །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཅིང་། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་བྱས་ནས། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྣལ་འབྱོར་བདག་ཀྱང་ཚོགས་གཉིས་མྱུར་རྫོགས་ནས། །ཚེ་འདིར་ཐུགས་རྗེ་ཆེན་པོ་འགྲུབ་པར་ཤོག །བདག་ཅག་འཁོར་བཅས་ཚེ་དང་རིགས་རྒྱུད་དང་། །བདག་དང་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ནི། །ཆུ་བོའི་རྒྱུན་ལྟར་རིང་ཞིང་རྒྱས་པར་ཤོག །ཆོས་ཉིད་གདོད་ནས་རྣམ་པར་དག་པ་དང་། །ཆོས་ཅན་ཀུན་རྫོབ་བསླུ་བ་མེད་པ་དང་། །རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་མཐུས། །སྨོན་ལམ་དེ་དག་གེགས་མེད་འགྲུབ་པར་ཤོག །ཅེས་ཆུ་བོ་དབྱིངས་ཁྱབ་ཀྱི་སྒྲུབ་པ་ཞག་བཅོ་ལྔ་ཚར་བའི་ཉིན་པར་བགྱིས་པའོ།། ༈ ན་མོ་གུ་རུ། རྒྱལ་བ་ཀུན་གྱི་ངོ་བོ་པདྨ་འབྱུང་། །དེ་ཡི་རྣམ་འཕྲུལ་ཆོས་ཀྱི་དབང་ཕྱུག་ལ། །ཁ་ཙམ་མིན་པར་སྙིང་


CMR049_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསོལ་བ་འདེབས། །རྗེས་འཇུག་བུ་ཡི་སྐྱིད་སྡུག་ཁྱེད་རང་ཤེས། །དམ་བཅའ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ་པ་བཞི། །བུ་ཁྱོད་ལེགས་པར་གོ་བ་ངོ་མཚར་ཆེ། །ཐོབ་དཀའི་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །གཏན་ཕུང་འདུན་མ་བསྒྲུབ་པ་ཤིན་ཏུ་མང་། །ཕལ་ཆེར་རིན་ཆེན་གླིང་ནས་སྟོང་ལོག་བྱེད། །བུ་ཁྱོད་གཏན་བདེ་བསྒྲུབ་པ་ངོ་མཚར་ཆེ། །ཚེ་ལ་ལོངས་མེད་ནམ་འཆི་ཆ་མེད་ཀྱང་། །གཏན་དུ་སྡོད་ཆོས་བྱེད་མཁན་ཤིན་ཏུ་མང་། །ཕལ་ཆེར་འཆི་བར་ཤེས་ཀྱང་ངན་སོང་བསྒྲུབ། །བུ་ཁྱོད་འཆི་བ་དྲན་པ་ངོ་མཚར་ཆེ། །དཀར་ནག་ལས་འབྲས་བསླུ་བ་མེད་ལགས་ཀྱང་། །རང་ཉིད་ངན་འགྲོར་འཕེན་མཁན་ཤིན་ཏུ་མང་། །ཕལ་ཆེར་རང་གཞན་ངན་འགྲོར་ཁུ་དེད་བྱེད། །བུ་ཁྱོད་སྡིག་སྤང་དགེ་སྒྲུབ་ངོ་མཚར་ཆེ། །འཁོར་བའི་གནས་ན་བདེ་བ་མེད་ལགས་ཀྱང་། །བདེ་བར་རེ་ནས་སྡིག་པ་བསྒྲུབ་མཁན་མང་། །ཕལ་ཆེར་འཇིག་རྟེན་ཆོས་བརྒྱད་དབང་དུ་འགྲོ། །བུ་ཁྱོད་ཚེ་འདི་བློས་བཏང་ངོ་མཚར་ཆེ། །ལུས་


CMR049_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེར་གོས་གྱོན་པ་མང་ལགས་ཀྱང་། །ངེས་འབྱུང་བསམ་པ་སྐྱེས་པ་ཤིན་ཏུ་དཀོན། །ཕལ་ཆེར་བག་མེད་འཆལ་པའི་དབང་དུ་འགྲོ། །བུ་ཁྱོད་ངེས་འབྱུང་སྐྱེས་པ་ངོ་མཚར་ཆེ། །ཁྲིད་དང་གདམས་ངག་ཞུས་པ་མང་ལགས་ཀྱང་། །ཆོས་དྲེད་གོ་ཡུལ་ལུས་པ་ཤིན་ཏུ་མང་། །ཕལ་ཆེར་འཛིན་ཆགས་སེར་སྣ་སྔར་ལས་ཐུ། །བུ་ཁྱོད་ཚེ་འདི་བློས་བཏང་ངོ་མཚར་ཆེ། །བླ་མའི་དྲུང་དུ་སྡོད་པ་མང་ལགས་ཀྱང་། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག་པ་མང་། །ཕལ་ཆེར་བླ་མའི་ཞབས་འདྲེན་བྱེད་པ་མང་། །བུ་ཁྱོད་མོས་གུས་སྐྱེས་པ་ངོ་མཚར་ཆེ། །སེམས་ངོ་སྤྲུག་སྤྲུག་ཤེས་པ་མང་ལགས་ཀྱང་། །བསྒོམ་སྐྱེ་བདག་པོ་མེད་པ་ཤིན་ཏུ་མང་། །ཕལ་ཆེར་བསྒོམ་ཆེན་ཆགས་འཛིན་གཞན་བས་ཆེ། །བུ་ཁྱོད་ཞེན་པ་ལྡོག་པ་ངོ་མཚར་ཆེ། །རྟོགས་པ་མཐོན་པོར་རློམ་པ་མང་ལགས་ཀྱང་། །འཛིན་ཆགས་འཁྲུལ་པ་སྔར་ལས་ཆེ་བ་མང་། །ཕལ་ཆེར་ཚེ་འདི་ཁོ་ན་ཁོང་དུ་བཅུག །བུ་ཁྱོད་ཚེ་འདི་བློས་བཏང་ངོ་མཚར་ཆེ། །བྱ་བཏང་ཡིན་ནོ་ཟེར་བ་མང་ལགས་ཀྱང་། །སེམས་ལ་གང་དུས་མེད་པའི་བྱ་བཏང་མང་། །ཕལ་ཆེར་རྒྱལ་ཁམས་ཉུག་ཅིང་ལོག་འཚོ་བསྒྲུབ། །


CMR049_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་དགོས་མེད་བསྒོམ་པ་ངོ་མཚར་ཆེ། །རང་གཞན་གཉིས་ཕུང་མཚོན་ཆས་བྱེད་ལགས་ཀྱང་། །སྲོག་འདས་གཅེས་པར་འཛིན་པའི་སྐྱེས་ཕྲན་མང་། །ཕལ་ཆེར་འཆི་ལ་ཐུག་ཀྱང་གཏོར་མི་ཕོད། །བུ་ཁྱོད་མདའ་གཞུ་བཅག་པ་ངོ་མཚར་ཆེ། །འགའ་ཞིག་ལྷམ་གོས་ཙམ་ཞིག་ཤེས་ལགས་ཀྱང་། །ཉུང་ངུ་མཁོ་ཟེར་སྟེར་མི་འགྱང་པ་མང་། །དགོས་འདོད་སོར་སོའི་རྩེ་ནས་འཁྲུངས་བཞིན་དུ། །བུ་ཁྱོད་མགར་ཆ་ཕུལ་བ་ངོ་མཚར་ཆེ། །ཚེ་མ་ཕྱིད་ཀྱི་བྱ་བཏང་མང་ལགས་ཀྱང་། །ཆོས་མེད་སྤྲང་འཁྱམས་བྱེད་པ་ཤིན་ཏུ་མང་། །ཕལ་ཆེར་བསྟན་པའི་བླ་བཙོང་རང་མཚང་སྟོན། །བུ་ཁྱོད་སྐྱིད་དུས་དམ་ཆོས་དྲན་པ་ངོ་མཚར་ཆེ། །འོད་གསལ་འཁོར་ཡུག་ཡོད་ཟེར་མང་ལགས་ཀྱང་། །སྤྱོད་པ་སྔར་ལས་ཐུ་བ་ཤིན་ཏུ་མང་། །ཕལ་ཆེར་དུག་ལྔ་ཆགས་འཛིན་སྔར་བས་ཆེ། །བུ་ཁྱོད་བྱ་བཏང་ནུས་པ་ངོ་མཚར་ཆེ། །མཉམ་མེད་དྭགས་པོས་ཆོས་བཞིའི་དངཔོ་དང་། །ཕྱག་རྒྱ་ཆེན་པོའི་བསྒོམ་གྱི་རྐང་པ་དང་། །བཀའ་གདམས་ལུགས་ཀྱི་ལམ་རིམ་གཉིས་པ་རྣམས། །བུ་ཁྱོད་རྒྱུད་ལ་སྐྱེས་པ་ངོ་མཚར་ཆེ། །གེགས་སེལ་བོགས་འདོན་


CMR049_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་གང་དགོས་པ། །རིམ་གྱིས་ཉམས་དང་བསྟུན་ཏེ་བདག་གིས་བྱ། །སྤྲང་པོ་བདག་ལ་ཡོན་ཏན་མི་བདོག་ཀྱང་། །བུ་ཁྱོད་འབྲལ་མི་ཕོད་པ་ངོ་མཚར་ཆེ། །ཁོ་བོ་བླ་མའི་མཚན་ཉིད་མི་ལྡན་ཀྱང་། །བདག་ལ་བརྒྱུད་པ་བཟང་པོའི་གདམས་ངག་མང་། །ཕལ་ཆེར་རང་གིས་ཅུང་ཟད་ཉམས་སུ་བླངས། །བུ་ཁྱོད་དོན་གཉིས་འགྲུབ་པ་ངོ་མཚར་ཆེ། །ངོ་མཚར་བཅོ་བརྒྱད་ལྡན་པའི་དབྱངས་ཆུང་འདི། །འཇིག་རྟེན་བྱ་བ་བཏང་བའི་བྱ་དགའ་ཡིན། །བཀའ་བརྒྱུད་གོང་མའི་རྣམ་ཐར་འབྱོང་བར་ཤོག །བུ་ཁྱོད་བསྟན་ལ་ཕན་པ་ངོ་མཚར་ཆེ། །ཞེས་པ་བལ་པོ་སྤྲུལ་སྐུ་པདྨ་རིག་འཛིན་གྱིས་ཚེ་འདིའི་བྱ་བ་བློས་བཏང་ནས་བསྒྲུབ་པ་རྩེ་གཅིག་གི་དམ་བཅའ་ཕུལ་དུས་སྨྲས་པའོ།། ༈ །།ན་མོ་གུ་རུ། བླ་མ་གཅིག་ཆོག་ཞྭ་དམར་གསེར་མདངས་ལ། །དམ་ཆོས་གཅིག་ཆོག་ཕྱག་རྒྱ་ཆེན་པོ་ཞུ། །ཉམས་ལེན་གཅིག་ཆོག་གསོལ་བ་བཏབ་པའི་མཐུས། །རྟོགས་པ་གཅིག་ཆོག་རང་སེམས་རང་ངོ་ཤེས། །གང་ཤར་ངང་དུ་བཟོ་བཅོས་མེད་པ་ཡི། །རྩ་ཡི་ནང་ནས་ཨ་ཝ་དྷུ་ཏི་ཡིན། །རླུང་གི་ནང་ནས་ཡེ་ཤེས་མཆོག་གི་རླུང་། །ཐིག་ལེའི་ནང་ནས་མི་ཤིགས་ཐིག་ལེར་


CMR049_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །ལས་ཉོན་སྒྲིབ་པ་སྲེག་པས་གཏུམ་མོ་ཡིན། །དངོས་པོའི་བདེན་ཞེན་བཟློག་པས་སྒྱུ་ལུས་ཡིན། །མ་རིག་མུན་པ་སེལ་བས་འོད་གསལ་ཡིན། །རྨི་ལམ་དུས་སུའང་བསྒོམས་པས་རྨི་ལམ་ཡིན། །འཆི་དུས་འོད་གསལ་ཟིན་པས་འཕོ་བ་ཡིན། །བར་དོར་ཉམས་ལེན་ཟིན་པས་བར་དོ་ཡིན། །གང་ཤར་དེ་ལ་བསྲེ་བས་བསྲེ་བ་ཡིན། །ཆོས་བརྒྱད་སེམས་སུ་སྙོམས་པས་རོ་སྙོམས་ཡིན། །རིགས་ལྔའི་ནང་ནས་ཟུང་འཇུག་རིམ་པ་ཡིན། །དུག་ལྔ་རང་སར་ཞི་བས་ཞི་བྱེད་ཡིན། །སྦྱོར་དྲུག་ནང་ནས་ཐོག་མར་དགེ་བ་ཡིན། །ཀླུ་སྒྲུབ་ལུགས་ཀྱི་དབུ་མ་ཆེན་པོ་ཡིན། །ཐོགས་མེད་ལུགས་ཀྱི་ཕ་རོལ་ཕྱིན་པ་ཡིན། །ས་ར་ཧ་ཡི་ལུགས་ཀྱི་ཕྱག་ཆེན་ཡིན། །དགའ་རབ་རྡོ་རྗེའི་ལུགས་ཀྱི་རྫོགས་ཆེན་ཡིན། །མ་གཅིག་ལུགས་ཀྱི་བདུད་ཀྱི་གཅོད་ཡུལ་ཡིན། །བཀའ་བརྒྱུད་ལུགས་ཀྱི་བླ་མའི་བྱིན་རླབས་ཡིན། །ས་སྐྱའི་ལུགས་ཀྱི་དབང་བཞིའི་ཡེ་ཤེས་ཡིན། །མཚན་ཉིད་ལུགས་ཀྱི་གང་ཟག་བདག་མེད་ཡིན། །ཨ་ལ་ལ་ཧོ་བླ་མའི་བྱིན་རླབས་ལ། །ཨ་ལ་ལ་ཧོ་ཡི་དམ་དངོས་གྲུབ་ལ། །སྟོན་པས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི


CMR049_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །མཉམ་བཞག་ཐུན་གཅིག་ཁོང་དུ་ཚང་བར་རྟོགས། །དུག་གསུམ་འདུལ་བའི་གཉེན་པོ་སྡེ་སྣོད་གསུམ། །དུག་གསུམ་རང་ཞལ་ལྟ་བའི་ནང་དུ་ཚང་། །ཆོས་རྣམས་ཐམས་ཅད་སེམས་སུ་ཐག་ཆོད་པས། །ད་ནི་སྤྲང་པོ་ཤི་ཡང་འགྱོད་པ་མེད། །ཅེས་ཉམས་སྔར་དང་མི་འདྲ་བ་གཅིག་ཤར་ནས་སྨྲས་སོ།། ༈ །།ན་མོ་གུ་རུ། །བསྐྱེད་རིམ་ལྷ་ཡི་དཀྱིལ་འཁོར་དང་། །སྣང་བ་སྐུ་ཡི་འཁྱེར་སོ་གཉིས། །ལུས་གནད་རྩ་ཡི་སྟོང་ར་གསུམ། །གནད་ཀྱི་འབབ་ས་གཅིག་ཏུ་གོ །ཐ་མལ་ཞེན་པ་བཟློག་ནས་ཀྱང་། །སྤྲུལ་སྐུ་འགྲུབ་པའི་ཐབས་སུ་གདའ། །བསྙེན་སྒྲུབ་སྔགས་ཀྱི་བཟླས་པ་དང་། །གྲག་པ་གསུང་གི་འཁྱེར་སོ་གཉིས། །སྲོག་རྩོལ་རླུང་ལ་སྦྱངས་བ་གསུམ། །དོན་གྱི་འབབ་ས་གཅིག་ཏུ་གོ། །ངག་སྒྲིབ་ལས་རླུང་སྦྱངས་ནས་ཀྱང་། །ལོངས་སྐུ་འགྲུབ་པའི་ཐབས་སུ་གདའ། །ཕྱག་རྫོགས་དབུ་གསུམ་བསྒོམ་པ་དང་། །དྲན་རྟོགས་ཐུགས་ཀྱི་འཁྱེར་སོ་གཉིས། །གཏུམ་མོ་བདེ་སྟོང་བསྒོམ་པ་གསུམ། །དོན་གྱི་འབབ་ས་གཅིག་ཏུ་གོ། །རང་སེམས་རང་ངོ་ཤེས་ནས་ཀྱང་། །ཆོས་སྐུ་འགྲུབ་པའི་ཐབས་སུ་གདའ། །


CMR049_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བ་གསུམ་དང་གདའ་བ་གསུམ། །ཉམས་ལ་ཤར་ནས་བྱུང་རྒྱལ་སྨྲས། །མངྒ་ལཾ།། ༈ །།ན་མོ་གུ་རུ། བླ་མ་སངས་རྒྱས་ཡིན་ཟེར་ཞིང་། །བརྒྱུད་པ་ཉེ་རིང་བསྒྲུང་བ་འདི། །མོས་གུས་ཅན་ལ་ངོ་རེ་ཚ། །འགྲོ་དྲུག་ཕ་མ་ཡིན་ཟེར་ཞིང་། །ཉེ་རིང་ཆགས་སྡང་བྱེད་པ་འདི། །བྱམས་སེམས་ཅན་ལ་ངོ་རེ་ཚ། །སྣང་སྲིད་ཡི་དམ་ཡིན་ཟེར་ཞིང། །འདྲེ་གདོན་བརྡུང་གཏག་བྱེད་པ་འདི། །དག་སྣང་ཅན་ལ་ངོ་རེ་ཚ། །རང་སེམས་ཆོས་སྐུ་ཡིན་ཟེར་ཞིང་། །དུག་ལྔ་ཡན་པར་ཤོར་བ་འདི། །ཉམས་ལེན་ཅན་ལ་ངོ་རེ་ཚ། །གང་ཤར་བཟོ་མེད་ཡིན་ཟེར་ཞིང་། །དམིགས་གཏད་སེམས་འཛིན་བསྒོམ་པ་འདི། །རྟོགས་པ་ཅན་ལ་ངོ་རེ་ཚ། །ཚེ་འདི་བློ་ཡིས་བཏང་ཟེར་ཞིང་། །གདུལ་བྱ་ཅི་འོང་བྱེད་པ་འདི། །ཆོག་ཤེས་ཅན་ལ་ངོ་རེ་ཚ། །རྩེ་གཅིག་སྒྲུབ་པ་བྱེད་ཟེར་ཞིང་། །གཉིད་རྨུགས་ལེ་ལོར་ཤོར་བ་འདི། །བརྩོན་འགྲུས་ཅན་ལ་ངོ་རེ་ཚ། །ཆོས་པ་བཟང་པོ་ཡིན་ཟེར་ཞིང་། །རྟོགས་པའི་གདེང་དང་མི་ལྡན་ན། །འཆི་དུས་སྐག་ན་ངོ་རེ་ཚ། །ངོ་ཚ་བའི་ཚ་ལུགས་བརྒྱད་པོ་འདི། །རང་གིས་རང་


CMR049_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨྲས་པ་ཡིན། །གཞན་ལ་ཕོག་ན་བཟོད་པར་གསོལ། །ཞེས་པ་འདི་སེམས་རླུང་བྱུང་བ་ཞིག་གིས་ངོ་ཚ་ཟེར་ནས་ཡིབས་ནས་སྡོད་འདུག་ཟེར་བ་ཐོས་ནས་བྱུང་རྒྱལ་དུ་སྨྲས་སོ།། ༈ ན་མོ་ལོ་ཀེ་ཤྭ་ར་ཡེ། ངེད་བན་བརྒྱ་ནང་གི་བོན་གཅིག་པོ། །ཁྱེད་བན་བོན་རྒྱལ་མཚན་ཚུར་གསོན་དང་། །རྩིས་བན་བོན་རྩིས་མགོ་མ་མཐུན་ཞེས། །གཏམ་ངག་འཁྱལ་གྱིས་ཁྱེད་སེམས་འཁྲུགས་ཞེས་ཐོས། །དོན་ཉམས་ལེན་གྱི་གནད་འགགས་མཐུན་པ་ན། །ཚིག་ཐ་སྙད་ལ་མ་མཐུན་འགལ་ཡང་བཟོད། །ལུས་དལ་འབྱོར་ཡིད་བཞིན་ནོར་བུ་འདི། །དཔེ་ལོ་བརྒྱ་ནང་གི་ཐོག་གཅིག་ཡིན། །འདི་རྙེད་པར་དཀའ་ཞེས་བན་བོན་མཐུན། །དགྲ་འཆི་བདག་གཤིན་རྗེ་དབང་ཆེན་འདི། །དུས་ནམ་འོང་ཆ་མེད་ངེས་་པར་འོང་། །འདི་བཟློག་ཐབས་མེད་ཅིང་བན་བོན་མཐུན། །རང་གར་སྐྱེ་ལས་འབྲས་དབང་ཆེ་སྟེ། །དཔེ་ས་བོན་གང་བཏབ་སྨིན་པ་བཞིན། །འདི་བསླུ་བ་མེད་ཅེས་བན་བོན་མཐུན། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་འདི། །ཚིག་རྣ་བས་གོ་ཡང་མཆི་མ་འཆོར། །འདི་བཟོད་ཐབས་མེད་ཅིང་བན་བོན་མཐུན། །ལྷ་གཤེན་རབ་གཤེན་ལྷ་འོད་


CMR049_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཅིག །ཡུལ་བོད་ཡུལ་གྱི་གཤེན་སྒོམ་རེ་ཐུལ་གསུམ། །མགོན་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གསུངས། །དོན་དེས་ན་བན་བོན་ལྷ་རུ་མཐུན། །ཆོས་བན་ལུགས་དང་བོན་ལུགས་ཁྱད་མེད་པར། །སེམས་རང་རྒྱུད་འདུལ་བའི་གདམས་ངག་དགོས། །གནས་རང་གི་སྤྱི་གཙུག་ནམ་མཁའ་ལ། །ལྷ་ཐུབ་གཤེན་གཅིག་དང་དབྱེར་མེད་པའི། །རང་གི་དད་པ་གང་ཡོད་བླ་མ་དེ། །དཔལ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམ། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །སྐུ་འོད་ཟེར་ཚུལ་དུ་དེ་ལ་བསྟིམ། །ལུས་ལོངས་སྤྱོད་མཆོད་པ་སྤྲུལ་ཏེ་ཕུལ། །ད་ཅི་མཛད་ཁྱེད་ཤེས་ཀྱི་བློ་སྙིང་བཀལ། །ཁ་ཚིག་ཙམ་མིན་པར་གསོལ་བ་བཏབ། །སྐུ་འོད་དུ་ཞུ་ནས་རང་ལ་བསྟིམ། །ད་དེ་ནས་རང་གི་སེམས་ཉིད་ལ། །རང་མ་ཡེངས་ས་ལེ་ཧྲིག་གེ་ལྟ། །སེམས་དབྱིབས་དང་ཁ་དོག་མ་གྲུབ་པའི། །སེམས་ངོ་བོ་སྟོང་པར་འདུག་པ་དེ། །སེམས་བོན་སྐུ་ཀུན་ཏུ་བཟང་པོ་ཡིན། །སེམས་རང་བཞིན་གསལ་བར་སྣང་བ་དེ། །སེམས་ལོང་སྐུ་གཤེན་ལྷ་འོད་དཀར་ཡིན། །སེམས་འགག་མེད་ཅིར་ཡང་འཕྲོ་བ་དེ། །སེམས་


CMR049_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གཤེན་རབ་མི་པོ་ཡིན། །བོན་སྐུ་གསུམ་གྱི་རང་ཞལ་ལྟ་འདོད་ན། །སེམས་མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །དེ་ལན་གཅིག་མ་ཡིན་རྒྱུན་དུ་བསྐྱོངས། །དོན་དེ་ལ་ཐིག་ལེ་ཉག་ཅིག་ཟེར། །ངེད་བན་གྱི་ཕྱག་རྒྱ་ཆེན་པོ་ཟེར། །ཁོང་ལ་ལས་རྫོགས་པ་ཆེན་པོ་ཟེར། །ཁོང་ལ་ལས་དབུ་མ་ཆེན་པོ་ཟེར། །ཁོང་ལ་ལས་ཕ་རོལ་ཕྱིན་པ་ཟེར། །ཁོང་ལ་ལས་སྡུག་བསྔལ་སྙེམ་བྱེད་ཟེར། །དོན་མིང་བཏགས་མང་ཡང་རང་སེམས་ཡིན། །སེམས་རང་ངོ་ལྟ་བས་ལྟ་བ་ཡིན། །དེ་རྒྱུན་དུ་བསྒོམས་ན་བསྒོམ་པ་ཡིན། །དེ་རྒྱུན་ཆད་མེད་ན་སྤྱོད་པ་ཡིན། །དེ་མངོན་དུ་གྱུར་ན་འབྲས་བུ་ཡིན། །དོན་ཉམས་སུ་ལོངས་དང་ཟབ་ཆོས་ཡིན། །ཚིག་འདི་རྣམས་ཚང་བར་བློ་ལ་ཟུངས། །དོན་ཡང་ནས་ཡང་དུ་གཞིག་འགྲེལ་ཐོངས། །ཁྱེད་བོན་པོའི་ཐུགས་དེ་ལྟར་ཞོག །ཅེས་པ་འདི་བླ་མ་ཕྲིན་ལས་ཀྱིས་སྨྲ་མ་མཁས་པ་ཅིག་ལ་བརྟེན་ནས་བོན་པོ་རྒྱལ་མཚན་ཡུས་ཆེ་བར་སྣང་ཟེར་བས། །ཀརྨ་ཨ་རཱ་གས་མཚམས་ཁུང་ནས་མགྱོགས་པར་བྲིས་པའོ།། །།བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པར་བཞུགས་པའི་དབུའོ། །ན་མོ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །


CMR049_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཉམས་རྟོགས་སྐྱེ་བར་བྱིན་གྱིས་རློབས། །རེ་ས་གཞན་མེད་ཐུགས་རྗེས་གཟིགས། །གནས་པོ་ཚེ་དབང་འབུམ་ཞེས་པས། །གེགས་སེལ་བསྐུར་ཞེས་གསུངས་པའི་ལན། །གསར་རྙིང་མདོ་རྒྱུད་བསྟན་བཅོས་ཀུན། །གེགས་སེལ་ཁོ་ན་མ་ལགས་སམ། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །དམ་པའི་ཆོས་ལ་བློ་མི་འགྲོ། །དུག་གསུམ་མི་དགེ་ཅི་ནུས་འབག །སྨྱོན་པ་ཆུ་ལ་མཆོངས་བ་འདྲ། །ངན་སོང་གཏན་ཡུལ་བྱེད་པའི་གེགས། །གེགས་འདིས་བསླུས་པ་ཤིན་ཏུ་མང་། །དེ་ལ་གེགས་སེལ་གདམས་ངག་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལས། །མི་ལུས་རྙེད་པར་དཀའ་ཚུལ་བསམ། །ད་རེས་ཆོས་ཤིག་མ་ནུས་ན། །རིན་ཆེན་གླིང་ནས་སྟོང་ལོག་དེས། །སྙིང་མེ་།་མདོ་མེད་ཡིན་པར་སོམས། །ཚེ་འདིའི་དགྲ་གཉེན་སྐྱིད་སྡུག་སོགས། །གལ་ཆེ་བསྲན་ཚུགས་མི་གདའ་ཡང་། །རྨི་ལམ་ཙམ་ཞིག་ཡིན་པར་སོམས། །དགེ་སྡིག་གཉིས་པོ་མ་གཏོགས་པ། །དགྲ་དང་གཉེན་དང་ལོངས་སྤྱོད་ནོར། །དར་རྒུད་གཏམ་གྱི་བཟང་ངན་སོགས། །གཅིག་ཀྱང་རྗེས་སུ་མི་འབྲང་


CMR049_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བར། །རང་ཉིད་གཅིག་པུར་འགྲོ་བ་སོམས། །སྔོན་ཚེ་བསྐལ་པ་དུ་མ་ནས། །སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །བྱང་བསྟན་ཕུག་པར་ཉི་མ་བཞིན། །རང་ལ་ཕན་པར་མ་གྱུར་ན། །འཁོར་བར་འཁྱམས་ལ་སྐྱོ་བ་སྐྱེས། །ད་རེས་བསྟན་དང་བླ་མ་མཇལ། །དབང་ཁྲིད་གདམས་ངག་ཐོབ་དུས་འདིར། །ལམ་སྣ་ཟིན་ཙམ་མ་བྱས་ན། །འཁོར་བ་མཐའ་མེད་ཡིན་པར་སོམས། །དེ་ལྟར་ཡང་ཡང་བསམ་བྱས་པས། །བློ་སེམས་ཆོས་ལ་ཤུགས་ཀྱིས་ཚུད། །ལམ་སྣ་ཟིན་པའི་བོགས་སྐྱེད་འོང་། །དེ་ལྟར་ཆོས་ལ་བློ་སོང་ཡང་། །དམན་རྣམས་ཟས་གོས་འཚོལ་ཕྱིར་གཡེངས། །འབྲིང་རྣམས་སོ་ནམ་འཚོ་སྐྱོང་བྲེལ། །མི་ཆེན་དགྲ་འདུལ་གཉེན་སྐྱོང་གཡེངས། །ད་རེས་གལ་ཆེན་འདི་བསྒྲུབས་ནས། །རྗེས་སོར་ཁོམ་དུས་ཆོས་བྱེད་བསམ། །བྱ་བཞག་ཆུ་ཡི་གཉེར་མ་འདྲ། །གཅིག་རྒྱབ་གཅིག་འབྱུང་དལ་དུས་མེད། །བྱེད་བསམ་ངང་ལ་མི་ཚེ་ཟད། །ཆོས་འདོད་ཉམས་ལེན་ཤེས་ན་ཡང་། །འགྲུབ་དུས་མེད་པའི་གེགས་སེལ་ཡིན། །དེ་ལ་མི་རྟག་འཆི་བ་བསྒོམ། །ཤི་བའི་མི་ཚོ་རྩིས་གྲངས་ཐོངས། །རང་ལས་གཞོན་པ་དེ་ཙམ་


CMR049_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤི། །རྒས་གཞོན་ངེས་པ་མི་གདའ་ན། །རྒྱལ་པོ་བློན་པོ་མི་ཆེན་རྣམས། །སྨན་དང་རིམ་གྲོས་མ་ཕན་འདས། །འཆི་བ་བཟློག་ཐབས་མི་གདའ་ན། །སྙིགས་མ་ལྔ་ཡི་དུས་ཚོད་འདིར། །ཚེ་ཐུང་ནད་མང་བར་ཆད་རྒོད། །གློ་བུར་བར་ཆད་ཤི་བ་མང་། །སང་ཕོད་ཕྱི་མ་གང་སྔ་ཨང་། །ཟླ་བ་རྒྱབ་མ་ཚེས་ཕྱི་མ། །གང་སྔ་ཐག་ཆོད་ང་ལ་མེད། །དེ་ཕྱིར་བྱ་བ་གཞན་རྣམས་ལས། །དམ་ཆོས་ཉམས་ལེན་གལ་ཆེར་བྱ། །ཚེ་འདི་བློས་བཏང་མ་ནུས་ཀྱང་། །དམ་ཆོས་ཉམས་ལེན་གཙོ་བོ་ལ། །ཚེ་འདི་ཞོར་ལ་བསྒྲུབ་ཙམ་མཛོད། །དེ་བྱས་འཕྲལ་དུ་ཤི་ན་ཡང་། །འགྱོད་མེད་བློ་བདེའི་བོགས་སྐྱེད་འོང་། །རྒྱུ་འབྲས་དམ་ཆོས་མ་ཐོས་པས། །ཕན་ཡོན་ཉེས་དམིགས་ཤེས་གྱུར་ནས། །སྡིག་སྤོང་དགེ་སྒྲུབ་མི་བྱེད་པ། །བསམ་མེད་བྱིས་པ་མེར་མཆོངས་འདྲ། །ཕན་ཡོན་ཉེས་དམིགས་ཤེས་བཞིན་དུ། །སྡིག་ལ་མི་འཛེམ་འཆོལ་ཉོག་སྤྱོད། །ཤེས་བཞིན་བཙན་དུག་ཟ་བ་འདྲ། །དེ་འདྲ་བཤགས་ཀྱང་དག་པར་དཀའ། །མནར་མེད་དམྱལ་བར་སྲེག་པའི་གེགས། །དེ་ལ་མདོ་སྡེ་མཛངས་བླུན་སོགས། །རྒྱུ་འབྲས་ཆོས་ལ་


CMR049_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་བསྐྱེད། །ཕ་མ་མཉམ་པའི་བུ་ལ་ཡང་། །ཚེ་ཡི་རིང་ཐུང་སྐྱིད་དང་སྡུག །མི་མཉམ་ལས་འབྲས་སོ་སོའི་རྟགས། །མི་ལུས་ཐོབ་པ་འདྲ་འདྲ་ལ། །དབང་སྟོབས་མངའ་ཐང་ཆེ་དང་ཆུང་། །མི་མཉམ་ལས་འབྲས་བལྟས་པས་གསལ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །ཕན་ངེས་གཉེན་ནི་དགེ་བའི་ཆོས། །གནོད་ངེས་དགྲ་ནི་མི་དགེའི་སྡིག །དེ་ཕྱིར་སྡིག་སྤོངས་དགེ་ལ་འབད། །ངན་སོང་སྤོང་བའི་བོགས་སྐྱེད་འབྱུང་། །དེ་ལྟར་སྡིག་སྤོང་དགེ་སྒྲུབ་ཀྱང་། །ཕྱི་མ་ལྷ་དང་མི་རྣམས་ཀྱི། །བདེ་སྐྱིད་འདོད་ཕྱིར་ཡིན་ན་ནི། །སྐྱེ་བ་བརྒྱ་སྟོང་ཁྲི་འབུམ་དུ། །འདོད་བཞིན་བདེ་སྐྱིད་འབྱུང་ན་ཡང་། །དེ་ནས་དགེ་རྩ་དེ་ཟད་ནས། །སླར་ཡང་ངན་སོང་མཐའ་མེད་འཁྱམས། །ཐར་པ་མི་ཐོབ་གེགས་ཆེན་ཡིན། །སྔར་ཡང་གེགས་འདིས་བསླུས་པས་ལེན། །འཇིག་རྟེན་འདི་ཡི་བདེ་སྐྱིད་མཆོག །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར། །དེ་ཡང་ནམ་ཞིག་ལྟུང་དགོས་ན། །འཁོར་བར་སྙིང་པོ་ག་ལ་ཡོད། །འཕྲལ་དུ་གནས་སྐབས་བདེ་སྐྱིད་ཀྱང་། །དུག་དང་འདྲེས་པའི་ཟས་ཞིམ་ལྟར། །ཕུགས་སུ་ཕན་ལས་གནོད་ཆེས་སོམས། །དེ་


CMR049_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྡིག་སྤངས་དགེ་བསྒྲུབས་འབྲས། །འཁོར་བའི་བདེ་སྐྱིད་འདོད་པ་སྤོངས། །བཙོན་དོང་ནང་གི་བཙོན་བཞིན་དུ། །སྐྱེ་རྒ་ན་འཆི་བྱེ་བ་དུང་། །འདི་ལ་སྐྲག་ནས་འཁོར་བ་ན། །ནམ་ཐར་བསམ་པ་ཡིད་ལ་ཆོངས། །ཐར་པ་ཐོབ་པའི་བོགས་སྐྱེད་འབྱུང་། །དེ་ལྟར་ཐར་པ་སྒྲུབ་པ་ཡང་། །སྙིང་རྗེ་སེམས་བསྐྱེད་མི་ལྡན་པར། །རང་དོན་ཁོ་ན་ལ་དམིགས་ནས། །ཉན་རང་དགྲ་བཅོམ་ཐོབ་ནས་ཀྱང་། །འཁོར་བའི་སྡུག་བསྔལ་སྤངས་ལགས་ཀྱང་། །རྫོགས་པའི་སངས་རྒྱས་མི་ཐོབ་པས། །ཐེག་ཆེན་ལམ་གོལ་གེགས་ཆེན་ཡིན། །དེ་ལ་བྱམས་དང་སྙིང་རྗེ་བསྐྱེད། །རང་གི་ཕ་མ་མ་བྱས་པའི། །སེམས་ཅན་གཅིག་ཀྱང་ཡོད་མ་ཡིན། །དེ་དག་ཐམས་ཅད་འཁོར་བ་ཡི། །སྡུག་བསྔལ་རྒྱ་མཚོར་བྱིངས་བཞིན་དུ། །རང་ཉིད་ཐར་ཡང་དགོས་པ་ཆུང་། །དེ་ཡང་གནས་སྐབས་ལྷ་མི་ཡི། །བདེ་བར་བཀོད་ཀྱང་སླར་ལ་ལྟུང་། །དེ་བས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་སར། །བདག་ཉིད་ཁོ་ནས་དགོད་པའི་ཕྱིར། །ཉམས་ལེན་དགེ་སྦྱོར་འབད་སྙམ་པའི། །བློ་སྟོབས་བསྐྱེད་ལ་སེམས་བསྐྱེད་


CMR049_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས། །ཐུབ་པས་གཞན་དོན་མཛད་པ་དང་། །བྱིས་པས་རང་དོན་བྱས་པ་གཉིས། །གང་དེ་ཁེ་གདའ་གནད་དེ་སོམས། །དགེ་སྦྱོར་དགེ་རྩ་ཆེ་ཕྲ་ཀུན། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཅི་བྱས་བྱང་ཆུབ་ལམ་དུ་འགྲོ། །མཐར་འཚང་རྒྱ་བའི་བོགས་ཆེན་འབྱུང་། །དེ་ལྟར་སེམས་བསྐྱེད་ཆོས་བྱས་ཀྱང་། །བླ་མ་བཀའ་བརྒྱུད་རྣམ་ཐར་དང་། །ཕན་ཡོན་ཞིང་ཁམས་བཀོད་པ་དང་། །ངན་སོང་སྡུག་བསྔལ་ཡོད་ལུགས་དང་། །ཕན་ཡོན་ཉེས་དམིགས་ཅི་ཐོས་ཀྱང་། །བཤད་ཚོད་ཡིན་སྙམ་ངེས་ཤེས་མེད། །དཀོན་མཆོག་བྱིན་རླབས་རྒྱང་རིང་ཞིང་། །ཆོས་བྱས་ཕན་ཡོན་ཆུང་བའི་གེགས། །ཉི་ཟླ་ཐང་ལ་ལྟུང་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །སངས་རྒྱས་བཀའ་ལ་རྫུན་མི་སྲིད། །སྙམ་ནས་ངེས་ཤེས་དྲག་པོ་བསྐྱེད། །འདི་དང་ཕྱི་མ་བར་དོ་རུ། །ཅི་མཛད་དཀོན་མཆོག་ཁྱེད་ཤེས་སམ། །གཟུངས་སྔགས་ལ་སོགས་ཕན་ཡོན་རྣམས། །ད་ལྟ་གསུངས་ལྟར་མ་བྱུང་བ། །རང་གི་རྣམ་སྨིན་སྒྲིབ་པས་བསྒྲིབས། །ལས་ཀྱི་རྣམ་སྨིན་མ་གཏོགས་གསུངས། །དེ་དོན་གོ་བས་ལོག་ལྟ་སྤོངས། །དཀོན་མཆོག་གསུམ་གྱི་བྱིན་


CMR049_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འཇུག །ཕན་ཡོན་འབྱུང་བའི་བོགས་འབྱུང་ངོ་། །དེ་ལྟར་སེམས་བསྐྱེད་ཆོས་སྤྱོད་ཀྱང་། །བསྐལ་པ་གྲངས་མེད་གསུམ་གྱི་བར། །རྫོགས་པའི་སངས་རྒྱས་མི་ཐོབ་གེགས། །རང་ལུས་ལྷ་རུ་མ་ཤེས་ནས། །ཐ་མལ་རང་རྒྱུད་བཟུང་བས་ལེན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ། །གསར་རྙིང་བླ་མེད་རྒྱུད་ཀུན་མཐུན། །དེ་ཕྱིར་རང་ལུས་སྤྱན་རས་གཟིགས། །གར་འདུག་གནས་དེ་གཞལ་ཡས་ཁང་། །སུ་འགྲོགས་དཔའ་བོ་མཁའ་འགྲོའི་འཁོར། །གདན་ནི་པདྨ་ཟླ་བ་སྟེ། །གོས་རྣམས་ལྷ་ཡི་ན་བཟའ་བརྒྱན། །ཟས་རྣམས་ཚོགས་འཁོར་བདུད་རྩིར་བསྒོམ། །ཚེ་འདིའམ་ནི་བར་དོ་དང་། །སྐྱེ་བ་བདུན་ལས་མི་ཐོགས་པར། །སངས་རྒྱས་ཐོབ་པའི་བོགས་འབྱུང་ངོ་། །དེ་ལྟར་མོས་པ་ཙམ་བྱས་ཀྱང་། །དོན་ལ་ཡིན་རྒྱུ་མེད་བསམ་ནས། །ངེས་ཤེས་སྐྱེ་བར་མི་ནུས་པས། །བྱིན་རླབས་རྟགས་མཚན་མི་འབྱུང་གེགས། །རང་ཉིད་ཡི་དམ་ལྷ་ཡིན་པའི། །ངེས་ཤེས་ཨུ་ཚུགས་འདྲ་བ་བསྒོམ། །རྟགས་མཚན་གསལ་བའི་བོགས་འབྱུང་ངོ་། །ལྷ་རྟགས་དངོས་ཉམས་རྨི་ལམ་དུ། །


CMR049_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཐོང་ལུང་བསྟན་དག་སྣང་ལ། །མཆོག་ཡིན་སྙམ་ནས་རློམ་སེམས་ཆེ། །རང་མཐོང་རང་རྩིས་ཆེར་སྐྱེས་ནས། །མཆོག་གི་དངོས་གྲུབ་འགག་པའི་གེགས། །མེ་བུས་རྟགས་ལ་དུ་བའི་དཔེ། །རྟགས་མཚན་དེ་ཙམ་ལོས་འོང་ཡིན། །སྙམ་དུ་རློམ་སེམས་མི་བསྐྱེད་པར། །ངེས་ཤེས་བསྐྱེད་ལ་བསྙེན་སྒྲུབ་བྱ། །ལམ་དུ་འགྲོ་བའི་བོགས་འབྱུང་ངོ། །སྔགས་བཟླས་བསྐྱེད་རིམ་གསལ་ན་ཡང་། །གདོས་བཅས་ལྡེར་སྐུ་འདྲར་བསྒོམས་པས། །ལྷ་དེ་འདྲ་བའི་འབྱུང་པོའི་རིགས། །ཡང་ན་གཟུགས་ཀྱི་ཁམས་ཀྱི་ལྷ། །སྐྱེ་ཞིང་སངས་རྒྱས་མི་ཐོབ་གེགས། །ལྷ་སྐུ་གསལ་ཡང་ངོ་བོ་སྟོང་། །སྣང་སྟོང་འཇའ་ཚོན་བཞིན་དུ་བསྒོམ། །ལུས་འདི་བོར་ནས་བར་དོ་རུ། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ། །སྐྱེས་ནས་བྱང་ཆུབ་མཆོག་ཐོབ་བོ། །དེ་ནི་བོགས་འདོན་ཆེན་པོའོ། ༈ །ཁྲིད་ཞུས་གནས་འགྱུ་སྐྱོང་ཤེས་ནས། །ཡུན་རིང་མ་སྒྱུར་བསྲུངས་ན་ཡང་། དང་པོ་འབྲོས་དེད་དེ་ག་ལས། །ཅི་ཡང་ཡར་སྐྱེད་མེད་པའི་གེགས། །མོས་གུས་དད་པ་ཆུང་བས་ལེན། །རང་གི་དྲིན་ཐོབ་བླ་མ་དེ། །སངས་རྒྱས་སེམས་ཅན་སུ་ཡིན་འདྲ། །


CMR049_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ངོ་བོ་སྤྲད་པ་དེ། །སངས་རྒྱས་ཀུན་བས་བཀའ་དྲིན་ཆེ། །རྡོ་རྗེ་འཆང་དང་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་ཆོས་སྐུ་དང་། །བླ་མ་དབྱེར་མེད་མོས་གུས་བསྐྱེད། །བླ་མ་སངས་རྒྱས་ཆོས་སྐུ་དེ། །རྡོ་རྗེ་འཆང་ངམ་སྣང་མཐའ་ཡས། །ཆོས་སྐུའི་སངས་རྒྱས་གཅིག་ཏུ་བསྒོམ། །དཀོན་མཆོག་བླ་མ་ཡི་དམ་ལྷ། །ཀུན་འདུས་བསྒོམས་ལ་གསོལ་བ་བཏབ། །གདུང་ཤུགས་མཆི་མ་དབྱུང་བར་བྱ། །བླ་མ་འོད་ཞུ་རང་ལ་བསྟིམ། །དེ་འདྲ་ཐུན་གསུམ་ཐུན་བཞི་སོགས། །འབད་ན་དབྱར་ཁའི་སྤང་བཞིན་དུ། །ཉམས་རྟོགས་རང་རྡོལ་ཁོག་ནས་འཆར། །ཅི་ཡང་འཆར་བའི་བོགས་འབྱུང་ངོ། །དེ་ལྟར་ཉམས་ལེན་བསྐྱངས་ཙམ་ན། །རིག་པ་འཕྲོ་རྒོད་རྩུབ་ཅིང་རྒྱུག །སྐྱོངས་རྒྱུ་མི་རྙེད་ཡི་མུག་སྐྱེ། །ནན་གྱིས་བསྐྱངས་ན་བློ་མི་བདེ། །རྒན་མོས་ཕྱུགས་ལུག་འཚོས་པ་འདྲ། །དེ་ལ་རྒོད་པའི་གེགས་ཤེས་བྱ། །གནས་འགྱུ་གདམས་ག་བྱས་པས་ལེན། །འཁྱིལ་བའི་ཆུ་དང་རྦ་རླབས་ཆུ། །ཆུ་ཡིན་པ་ལ་བཟང་ངན་མེད། །གནས་པའི་སེམས་དང་འགྱུ་བའི་སེམས། །སེམས་ཉིད་ཡིན་ལ་ཁྱད་པར་མེད། །སེམས་ཉིད་ཡེ་


CMR049_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོས་ཀྱི་སྐུ། །དེ་ལ་བཅོས་བསླད་བྱས་ན་ཞེན། །གནས་འདོད་མ་ཆེ་འགྱུ་དོགས་སྤོངས། །མ་ཡེངས་ཙམ་ལ་ལྷོད་ནས་སྐྱོངས། །གསལ་ཚེ་སྐྱུར་ལ་ཡང་ཡང་བསྒོམ། །བློ་བདེ་སྐྱོང་སླའི་བོགས་ཤིག་འབྱུང་། །དེ་ལྟར་བསྐྱངས་པས་རེས་འགའ་ཞིག །བལྟས་ཀྱང་གསལ་དང་ངེས་ཤེས་མེད། །གནམ་ངོ་རྨུགས་ལྟར་ཐིབ་བེ་བ། །ཧྲིག་ཧྲིག་བྱས་ནས་བལྟས་ན་ཡང་། །རྣམ་རྟོག་འདི་ཡིན་ངོས་བཟུང་རུ། །མེད་པའི་བན་བུན་ཕྲ་ཞིབ་སྣང་། །ཡི་མུག་སྐྱོང་ཡང་མི་འདོད་པ། །བྱིང་བའི་སྐྱོན་དེ་གེགས་ཤིག་ཡིན། །དེ་ལ་ལྟ་སྟངས་ནམ་མཁར་གཏད། །སེམས་དང་ནམ་མཁའ་སྔོ་བསངས་བསྲེ། །ལུས་སེམས་བསྒྲིམས་ལ་ལུས་གནད་བསྲང་། །གསལ་དང་རྗེན་པའི་བོགས་ཤིག་འབྱུང་། །ཏིང་འཛིན་གེགས་ལ་རྣམ་མང་ཡང་། །བྱིང་རྒོད་གཉིས་ལ་ཕལ་ཆེར་འདུས། །དེ་ལ་གེགས་སེལ་མང་ན་ཡང་། །དོན་ལ་བསྒྲིམ་ལྷོད་གཉིས་ཡིན་ཏེ། །རྒོད་ན་ལྷོད་ལ་བྱིང་ན་སྒྲིམས། །ལ་ཆེན་གང་ཤར་ངོ་བོ་ལ། །གང་བྱུང་དེས་ཆོག་སྐྱོང་བ་མཆོག །བཟང་བཟང་པོ་གཅིག་མ་འདོད་ལ། །ངན་ངན་འདྲ་ཡང་མི་སྐྱུར་བར། །ཡུགས་སས་དྭ་ཕྲུག་


CMR049_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་འདྲ། །རྒྱུན་བསྲིང་བ་ནི་གནད་ཡིན་ནོ། །ལམ་མུས་ཕོག་པའི་གེགས་སེལ་ཡིན། །དེ་ལྟར་རྒྱུན་གཅིག་བསྲིང་ནུས་ན། །བདེ་གསལ་མི་རྟོག་ཉམས་བཟང་འཆར། །ལུས་བདེ་སེམས་བདེ་སེམས་རྩ་སྐྱིད། །ང་ལས་སྐྱིད་པ་མེད་དོ་སྙམ། །འགྱུ་བ་ཉུང་ཞིང་མེ་རེ་གནས། །སྤྱོད་ལམ་ཕལ་ཆེར་འབྲལ་བ་མེད། །འོད་གསལ་འཁོར་ཡུག་ཡིན་ནམ་སྙམ། །ཉོན་མོངས་དུག་ལྔའི་མགོ་ཡང་ནོན། །འཇིག་རྟེན་བྱ་བས་དགོས་པ་མེད། །གཅིག་པུར་བྲག་ཕུག་འགྲིམ་ན་བསམ། །མཚན་མོ་རྨི་ལམ་ཕལ་ཆེར་ཟིན། །ཉམས་ལེན་འདི་དང་མ་བྲལ་ན། །འདི་ཕྱིའི་དོན་ཆེན་འགྲུབ་བོ་སྙམ། །དེ་ལ་ངེས་ཤེས་མཆོག་འཛིན་གྱིས། །ངང་ལ་ཚེ་ཡི་དུས་བྱས་ནས། །ཉམས་ལེན་ཆེ་ཆུང་རིམ་པ་ཡིས། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་འཐབ་བྲལ་དང་། །དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་གྱི། །ལྷ་ཡི་གནས་སུ་སྐྱེ་བ་ལེན། །བདེ་སྐྱིད་ལོངས་སྤྱོད་དཔག་མེད་ཀྱང་། །བྱང་ཆུབ་མི་ཐོབ་གེགས་ཡིན་ནོ། །དེ་ལ་བདེ་ཉམས་ཅི་སྐྱེས་ཀྱང་། །དེ་ལ་ཆགས་ཞེན་མཆོག་འཛིན་སྤང་། །བདེ་བ་དེ་


CMR049_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ངོ་བོ་ལ། །ཧྲིག་གེ་བལྟས་པས་བདེ་བ་དང་། །སྟོང་པ་དབྱེར་མེད་ཟུང་དུ་འཇུག །བདེ་སྟོང་ཕྱག་རྒྱ་ཆེན་པོ་འཆར། །གོལ་ས་གཅོད་པའི་བོགས་འདོན་ཡིན། །དེ་ཉིད་བསྐྱངས་པས་དེ་མི་རྟག །རང་སེམས་གསལ་སྟོང་རྗེན་པར་འཆར། །སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར། །ལྷང་ངེ་རྗེན་ནེ་ས་ལེ་བ། །དྲན་པས་ཟིན་ནམ་དེ་ཡི་ངང་། །ཐེ་ཚོམ་མེད་པའི་ངེས་ཤེས་སྐྱེ། །འདི་ལས་ལྷག་པའི་ཉམས་རྟོགས་ནི། །གྲུབ་ཐོབ་རྣམས་ལའང་མེད་དམ་སེམས། །གཉིད་དང་རྨི་ལམ་མཚམས་ཤེད་ནས། །ཉི་ཟེར་ཟླ་ཐིག་མེ་རུ་ནི། །འདྲ་བའི་འོད་ཅིག་རྐྱེན་བྱས་ནས། །ཉམས་ལེན་ཉིན་པར་བཞིན་དུ་ཟིན། །གཉིད་བཞིན་ཁང་པའི་ནང་དང་ནི། །ས་ཐག་རིང་དང་ལ་གྲིབ་ཀྱིས། །ཅི་གདའ་ཅི་བྱེད་རེས་འགའ་མཐོང་། །སུ་ཡིས་ཟེར་ཡང་ང་ཡི་འདི། །རྟོགས་པ་མཆོག་གྱུར་ཡིན་ནོ་སེམས། །དེ་ལ་ཆགས་ཞེན་ཆེན་པོ་དང་། །ངེས་ཤེས་བརྟན་པོས་ཚེ་འཕོས་ན། །ཚངས་རིས་ཚངས་པ་མདུན་ན་འདོན། །དགེ་ཆུང་ཚད་མེད་དགེ་ལ་སོགས། །ཉམས་ལེན་དེ་ཡི་ཆེ་ཆུང་གིས། །གཟུགས་ཁམས་གནས་རིགས་བཅུ་བདུན་གྱི། །ལྷ་ཡི་གནས་


CMR049_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེས་གྱུར་ནས། །རིན་པོ་ཆེ་ཡི་གཞལ་ཡས་སུ། །མཚན་དཔེ་ལྡན་པའི་ལུས་ཐོབ་ནས། །རེ་ཞིག་ལོ་གྲངས་དཔག་མེད་དུ། །བདེ་སྐྱིད་སངས་རྒྱས་ཞིང་འདྲ་ཡང་། །སླར་ཡང་ངན་སོང་ལྟུང་བའི་གེགས། །དེ་ལྟར་གསལ་ཉམས་ཆེ་དྲགས་པས། །ཟག་བཅས་མངོན་ཤེས་ཤར་འདྲ་ཡང་། །དེ་ལ་མཆོག་འཛིན་ང་རྒྱལ་སྤོངས། །གསལ་བ་དེ་ཡི་ངོ་བོ་ལ། །བལྟས་པས་ངོ་བོ་སྟོང་པར་རྟོགས། །གསལ་སྟོང་དབྱེར་མེད་གཅིག་ཏུ་འདྲེས། །གསལ་སྟོང་ཕྱག་རྒྱ་ཆེན་པོར་འཆར། །བླ་མེད་མཆོག་ཐོབ་བོགས་འདོན་ཡིན། །དེ་ལ་བསྐྱངས་པས་ནམ་ཞིག་ན། །བདེ་ཉམས་གསལ་ཉམས་གཉིས་ཀ་མེད། །ཐམས་ཅད་སྟོང་པ་ཉིད་དུ་མཐོང་། །ལུས་ཀྱང་དངོས་སུ་མེད་དམ་སྙམ། །ཕྱི་ནང་སྣོད་བཅུད་འཁོར་འདས་ཀུན། །ཐམས་ཅད་སྟོང་པ་ནམ་མཁའ་འདྲ། །སྙམ་པའི་རྟོགས་པ་སྐྱེས་ཙམ་ན། །ཐམས་ཅད་སྟོང་པ་ཉིད་དུ་གདའ། །དགེ་སྡིག་ཕན་གནོད་ག་ལ་ཡོད། །སྙམ་ནས་སྡིག་ལ་མི་འཛེམ་ཞིང་། །དགེ་བ་སྒྲུབ་པར་མི་བྱེད་ན། །སྟོང་ལྟ་ཧད་པོ་བདུད་ཀྱི་ལས། །སྟོང་པ་ཉིད་ལ་བལྟ་ཉེས་པས། །ཤེས་རབ་དམན་རྣམས་ཕུང་


CMR049_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལྟར། །མནར་མེད་གནས་སུ་ལྟུང་བའི་གེགས། །རྟོགས་པ་ཇི་ཙམ་མཐོ་ན་ཡང་། །རྒྱུ་འབྲས་ལག་ལེན་ཞིབ་པར་རྩི། །དཔེར་ན་ནམ་མཁའ་སྟོང་པ་ལ། །བརླན་དང་ཚ་གྲང་རྟེན་འབྲེལ་གྱིས། །འཇའ་དང་སྤྲིན་དང་ཆར་པ་དང་། །ཐོག་དང་སེར་བ་འོང་བ་ལྟར། །ཆོས་ཀུན་སྟོང་པ་ཉིད་ཡིན་ཀྱང་། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས། །རིགས་དྲུག་སྐྱིད་སྡུག་སྣ་ཚོགས་འབྱུང་། །ཤེས་རབ་སྟོང་ཉིད་བསྒོམས་པ་ཡིས། །འཁོར་བ་སྤངས་ནས་ཆོས་སྐུ་ཐོབ། །ཚོགས་བསགས་སྙིང་རྗེ་བསྒོམས་པ་ཡིས། །ལོངས་སྐུ་སྤྲུལ་སྐུ་ཐོབ་པ་སྟེ། །ཤེས་རབ་སྟོང་ཉིད་ཐབས་ནི་ཚོགས། །ཚོགས་གཉིས་ཟུང་འཇུག་ཉམས་སུ་བླངས། །སྐུ་གཉིས་ཐོབ་པའི་བོགས་འདོན་ཆེ། །དེ་ལྟར་ཚོགས་གཉིས་འབད་པའི་ཚེ། །ཐམས་ཅད་སེམས་རེད་བསམ་པ་དང་། །སེམས་ནི་ནམ་མཁའ་དང་འདྲ་བསམ། །སེམས་ནི་ཡོད་མེད་གཉིས་ཀ་མིན། །ཡོད་མིན་མེད་མིན་རེད་བསམ་དང་། །སེམས་ནི་ཅི་ཡང་མི་གདའ་བསམ། །དེ་འདྲ་རེས་འགའ་སྐྱེས་ཀྱང་བཟོད། །དེ་འདྲ་ཡིན་ལ་ཁད་ཡོད་ཀྱང་། །དེ་འདྲ་ཡིན་ནོ་བསམ་པ་ཡི། །ངེས་ཤེས་


CMR049_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དམ་པོའི་ངང་། །གལ་ཏེ་ཚེ་འདི་འཕོས་ན་ནི། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་བར། །བཟང་ངན་ལུས་ནི་ལེན་རྒྱུ་མེད། །དྲན་མེད་བརྒྱལ་བ་འདྲ་ཞིག་འབྱུང་། །སླར་ཡང་ལུས་ལེན་འཁོར་བར་འཁྱམས། །དེ་འདྲའི་ངེས་ཤེས་བརྟན་པོ་ནི། །སྐྱེས་པ་ཕྱི་རོལ་མུ་སྟེགས་ལུགས། །ཆོས་སྐུ་ཐོབ་པར་འདོད་པ་རེ། །དེ་འདྲའི་རྟོགས་པ་སྐྱེས་ནའང་། །ཐམས་ཅད་སེམས་རེད་བསམ་མཁན་སོགས། །འཛིན་པ་དེ་དག་རང་ལ་ལྟོས། །འཛིན་པ་དེ་དག་རང་སར་དག །སྟོང་ཉིད་ཕྱག་རྒྱ་ཆེན་པོར་འཆར། །དེ་ནི་བོགས་འདོན་ཡང་དག་གོ །དེ་ལྟར་བདེ་གསལ་མི་རྟོག་ཉམས། །བྱིང་རྒོད་ལ་སོགས་དེ་རྣམས་ལ། །གོ་རིམ་ངེས་པ་མེད་་པ་སྟེ། །སྔ་འཆར་ཕྱི་འཆར་ཅི་ཡང་འབྱུང་། །འཆར་ཝིག་སྐོར་རྫོགས་མང་དུ་འོང་། །ཡུན་ཡང་ལོ་མང་ཟླ་གྲངས་དང་། །ཞག་འགའ་དང་ནི་ཡུད་རེ་ཙམ། །ངེས་མེད་མི་ཡི་རིགས་ཡིན་ནོ། །མི་འཆར་བ་ནི་མི་འབྱུང་སྟེ། །སྐས་ཐེམ་བཞིན་དུ་བརྒྱུད་དགོས་སོ། །རེས་འགའ་འདོད་ཆགས་ཞེ་སྡང་དང་། །ཕྲག་དོག་སེར་སྣ་སྔར་ལས་ཆེ། །ཚིག་


CMR049_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་རྒྱུད་གྱོང་མི་རྣམས་ཀྱང་། །སྒོམ་ཆེན་ཟེར་ཞིང་མཚང་ནས་འབྲུ། །རྩུབ་ཉམས་སྡིག་སྒྲིབ་སློང་བའི་གེགས། །བླ་མ་རྗེ་ལ་གསོལ་བ་བཏབ། །ལུས་སེམས་ལྷོད་དེ་ཀློད་ལ་བསྐྱང་། །དེ་ཉིད་ཤིན་དུ་བོགས་ཆེའོ། །མཚང་འབྲུ་ཚིག་ངན་ལ་སོགས་པ། །ཆེད་དུ་དེ་ལ་དམིགས་གཏད་བྱས། །ངོ་བོ་བལྟས་པས་སྟོང་པར་རྟོགས། །དེ་ལྟར་ཆུང་ས་ནས་བརྩམས་ཏེ། །གནད་ཆེན་ལ་ཡང་རིམ་པས་བསླབ། །རྣམ་རྟོག་ངན་པ་གང་སྐྱེས་ལ། །དང་པོ་རྗེས་སླེབ་བྱ་བ་གཅེས། །དེ་ནས་སྐྱེས་ཐོག་འབུར་འཇོམས་དང་། །དེ་ནས་རང་གྲོལ་ཆུ་རླབས་ལྟར། །རང་སེམས་འདུལ་བ་འདུལ་བའི་མཆོག །ཉོན་མོངས་འཇོམས་པའི་བོགས་འདོན་ཡིན། །ཉོན་མོངས་རྣམ་རྟོག་དགྲ་ཡིན་པས། །ངོ་བོ་བསྐྱངས་པས་འཇོམས་སྙམ་ན། །གཉེན་པོར་ཤོར་བའི་གེགས་ཡིན་ཏེ། །གསང་སྔགས་དོན་དང་མི་མཐུན་གེགས། །ཉོན་མོངས་དང་ནི་རྣམ་རྟོག་ཀུན། །ཡེ་ནས་ཡེ་ཤེས་ཆེན་པོ་སྟེ། །མ་རྟོགས་འཁོར་བར་འཁྱམས་པ་ཡིན། །ཉོན་མོངས་སྤངས་བའི་ཕ་རོལ་ན། །ཡེ་ཤེས་རྩལ་དུ་མ་མཆིས་ཀྱང་། །དེ་རྗེས་འབྲང་ན་འཁོར་བར་འཁྱམས། །སྤངས་


CMR049_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསམ་པ་བསྒྱུར་ཐུབ་ཀྱང་། །ཐེག་དམན་ཡིན་གྱི་ཕྱག་རྫོགས་མིན། །ཉོན་མོངས་རྣམ་རྟོག་དགེ་མི་དགེ །གང་ཤར་ཁྱད་མེད་རང་ངོ་བལྟ། །བཟོ་བཅོས་མེད་པར་དེ་གར་ཀློད། །ཆུ་རླབས་ཆུ་རུ་གྲོལ་བ་དང་། །ཉོན་མོངས་ཡེ་ཤེས་ཆེན་པོར་འཆར། །གང་ཤར་སྤང་བླང་མ་དགོས་པར། །བསྒོམ་དུ་འཆར་བའི་བོགས་འདོན་ཡིན། །མངོན་རྟོགས་ལ་སོགས་བསྒོམ་པའི་དུས། །སྭ་བྷཱ་ཝ་སོགས་སྔགས་བརྗོད་ནས། །སྟོང་པ་ཉིད་དུ་གྱུར་བརྗོད་དུས། །ཅི་ཡང་མེད་པའི་སྟོང་པ་ཉིད། །ནམ་མཁའ་ལྟ་བུར་གྱུར་བསྒོམ་པ། །སྟོང་ཉིད་དངོས་སུ་མི་རྟོགས་པར། །བློ་བཟོ་རྒྱས་འདེབས་ཤོར་བའི་གེགས། །བློ་ཡིས་སྟོང་པ་མི་བཟོ་བར། །རང་སེམས་སྟོང་པའི་ངོ་བོ་བལྟ། །མངོན་སུམ་རྟོགས་པའི་བོགས་འདོན་ཡིན། །མདོ་རྒྱུད་གྲུབ་ཐོབ་གསུང་མང་པོ། །མཐོང་བས་ཆོས་ཀུན་སྟོང་པ་ཉིད། །ནམ་མཁའ་ལྟ་བུ་ཡིན་རྒྱུ་རེད། །བསམ་པའི་གོ་བ་སྐམ་པོ་ལ། །ངེས་ཤེས་སྐྱེས་ནས་སྟོང་སྐད་འདོན། །དབུལ་པོས་ཕྱུག་པོའི་ལོ་རྒྱུས་རྣམས། །གོ་ཡང་ཕན་པ་མེད་དང་འདྲ། །དེ་ཕྱིར་གོ་བ་ཆེ་ན་ཡང་། །རྟོགས་པ་


CMR049_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བར་མི་རློམ་པར། །རང་སེམས་སྟེང་དུ་རྡོ་རུས་གཏུགས། །ཉམས་སུ་མྱོང་བའི་བོགས་འདོན་ཡིན། །དེ་ལྟར་བྱིང་རྒོད་སྐྱོན་གཉིས་བསལ། །བདེ་དང་གསལ་དང་མི་རྟོག་པའི་། །ཉམས་བཟང་རྣམས་ལ་མ་ཆགས་ཤིང་། །སེམས་སློང་རྩུབ་འཁྲུགས་མགོ་ནོན་ནས། །ཤོར་ས་གསུམ་དེར་མ་ཤོར་བ། །རྒྱུན་བསྲིངས་ཉམས་སུ་ལེན་ནུས་ན། །ནམ་ཞིག་བསོད་ནམས་དགེ་སྦྱོར་མཐུས། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །ལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་གཅིག་ཀྱང་མེད། །འདི་ཡིན་འདི་མིན་འཛིན་པ་ཞིག །བདེ་གསལ་མི་རྟོག་ཉམས་བཟང་པོ། །ལེགས་ལེགས་འདྲ་ཚོ་ཤུན་པར་བུད། །ང་ཡི་བསྒོམ་དེ་བོར་རམ་ཅི། །འདི་བསྒོམ་གཏད་སོ་མི་འདུག་པས། །བསྒོམ་མེད་ཨམ་དེ་ཨེ་ཡིན་ཨང་། །འདི་ཆ་དེ་ཆ་མེད་པ་འདི། །གོལ་ས་གཅིག་ནི་ཨེ་ཡིན་ནམ། །སྙམ་ནས་རང་ལ་ཡིད་མི་ཆེས། །ཐ་མལ་ཤེས་པ་རྗེན་པར་བུད། །རང་སེམས་ངོ་བོ་མཐོང་བ་དེ། །ཕྱག་རྒྱ་ཆེན་པོའི་སྣེ་ཁེ་ཡིན། །ནམ་དྲན་དུས་སུ་དེ་ཉིད་ལ། །འཕེལ་འགྲིབ་ཆེན་པོ་མེད་ན་ཡང་། །བརྗེད་སྐབས་ཡེངས་སྐབས་


CMR049_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པར་འཆོར། །དྲན་རྫིས་ཡང་ཡང་གསལ་འདེབས་གཅེས། །འདི་ནས་རྟོགས་ལྡན་མིང་བཏགས་རུང་། །རྣམ་གཡེང་གནས་དང་གཅིག་པུ་གཉིས། །ཨེ་མཉམ་བོགས་སུ་ཅི་ཐོན་ལྟ། །བོགས་འདོན་བླ་མའི་གསོལ་འདེབས་དང་། །སྤྲོས་བཅས་དགེ་སྦྱོར་ཉུང་བཅུག་ལ། །ངོ་བོ་ཉིད་ལ་ཨུ་ཚུགས་བསྐྱེད། །སྤྱོད་ལམ་རྣམས་དང་ཨེ་འདྲེས་ཚད། །འདི་ནས་འདྲེས་ན་འདྲེས་ངེས་ཡིན། །བསྒོམ་རྒྱུ་ཅི་ཡང་མི་གདའ་བས། །སྒྱུར་ནས་བཞག་པས་འཐུས་གདའ་བསམ། །སྤྲོས་བྲལ་མེད་པའི་སྟོང་རྗེས་ཁྱེར། །འཁྲུལ་པར་འབྱམས་པའི་གེགས་ཤིག་ཡིན། །དྲན་པས་ཡང་ཡང་གསལ་འདེབས་བྱ། །དྲན་ན་སྒོམ་ཡིན་དྲན་པས་ཆོག །མ་དྲན་ཐ་མལ་འཁྲུལ་པ་རང་། །ཡང་ཡང་དྲན་པས་བོགས་སུ་ཆེ། །རང་སེམས་སྟེང་དུ་བཞག་པའི་ཚེ། །གཟུགས་སྒྲ་དྲི་རོ་ལ་སོགས་པ། །མཐོང་ཐོས་ཚོར་བ་མ་འགགས་ཀྱང་། །ཡིན་མིན་བླང་དོར་འཛིན་པ་མེད། །ནང་དུ་འདི་བསྒོམ་གཏད་སོ་མེད། །མ་བཅོས་རྗེན་པ་ས་ལེ་བ། །གང་ཟག་བདག་མེད་ཅེས་བྱ་སྟེ། །ཉམས་ལེན་བཟང་པོ་ཡིན་མོད་ཀྱང་། །ཆོས་ཀྱི་བདག་མེད་མ་


CMR049_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ། །ད་རུང་སྟོང་ཉིད་ཕྱེད་པོ་ཡིན། །ཕྱི་རོལ་རི་དང་ཁང་ཁྱིམ་དང་། །སྐྱེས་པ་བུད་མེད་ལ་སོགས་པ། །རིག་པ་གཏད་ནས་བསྒོམས་ཙམ་ན། །འདི་ཡན་གཟུགས་དང་འདི་ཚུན་སེམས། །ཕྱེ་རྒྱུ་མེད་པར་དབྱེར་མེད་དུ། །ཉམས་ལེན་དེ་དང་ངོ་བོ་གཅིག །དེ་བཞིན་སྣང་སྲིད་འཁོར་འདས་ཀུན། །རང་གི་སེམས་དང་དབྱེར་མེད་ཅིང་། །རང་སེམས་ཡེ་ནས་སྟོང་པ་ཉིད། །སྟོང་དང་མི་སྟོང་འཛིན་པ་བྲལ། །ཕྱི་རོལ་ཡུལ་སྣང་སྣ་ཚོགས་པ། །ཆུ་ནང་ཟླ་བའི་གཟུགས་བརྙན་ལྟར། །གསལ་ཡང་ངོ་བོ་སྟོང་པར་མཐོང་། །དེ་ཡང་བསྲེ་སོགས་མི་དགོས་པར། །རང་ཤར་རྒྱུན་དུ་བྱུང་བ་ན། །ཉམས་ཀྱི་རོ་གཅིག་ཅེས་བྱ་སྟེ། །ཆོས་ཀྱི་བདག་མེད་རྟོགས་པ་ཡིན། །དེ་ནས་སྟོང་ཉིད་ཆ་ཚང་ངོ་། །སྣང་སྲིད་འཁོར་འདས་ཆོས་ཀུན་ལ། །ཐམས་ཅད་སྟོང་ཉིད་རྩི་ཡིས་ཟིན། །གང་བྱས་ཅི་བྱས་སྒྲིབ་མི་ནུས། །སྙམ་ཞིང་སྤྱོད་པ་རྩིང་ཤོར་ན། །མི་རྒྱུ་གྱོང་ཞིང་རྩབ་རྩུབ་མང་། །སྐབས་སུ་ཡེངས་སྐབས་བརྗེད་སྐབས་ཆེ། །འཇིག་རྟེན་བྱ་བ་རུ་ང་ཆེ། །རོ་གཅིག་འདྲེས་པའི་རྦ་ལ་གཡེངས། །ལན་གཅིག་ངན་སོང་ལྟུང་དོགས་གེགས། །


CMR049_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྤྱོད་པ་ཞིབ་ཏུ་བྱ། །ད་རུང་གསོལ་བ་དྲག་ཏུ་གདབ། །འདི་སྐབས་གཉན་ས་འགའ་རེ་འགྲིམ། །ཆོ་འཕྲུལ་སེམས་དང་བསྲེ་ཞིང་བསྒོམ། །སྙིང་རྗེས་སེམས་བསྐྱེད་དྲག་ཏུ་བསྒོམ། །དུས་གསུམ་རྒྱལ་བའི་ཐུགས་རྒྱུད་དང་། །འགྲོ་དྲུག་སེམས་ཅན་སེམས་རྒྱུད་གཉིས། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །སེམས་དང་ནམ་མཁའ་ཆོས་ཀྱི་དབྱིངས། །དབྱེར་མེད་ཆེ་ཆུང་མེད་པར་རྟོགས། །སྣོད་བཅུད་འཁོར་འདས་ཐམས་ཅད་ཀུན། །ལན་ཚྭ་ཆུ་རུ་ཐིམ་པ་ལྟར། །རང་སེམས་ངང་དུ་དབྱེར་མེད་འདྲེས། །ད་རུང་བརྗེད་སྐབས་ཡེངས་སྐབས་ཡོད། །ཡེངས་དང་མ་ཡེངས་བརྗེད་མ་བརྗེད། །དབྱེར་མེད་བཟང་ངན་མེད་པ་རུ། །ངོ་བོ་འགྱུར་མེད་ཀློང་དུ་རྟོགས། །དེ་ག་ཙམ་ཞིག་བྱུང་བ་ན། །མི་ལུས་ཐོབ་པ་དོན་དང་ལྡན། །ནམ་ཞིག་འཆི་བའི་དུས་ན་ཡང་། །བདེ་བ་ཅན་ནམ་རྔ་ཡབ་གླིང་། །སྨོན་ལམ་རྩེ་གཅིག་གར་བཏབ་དེར། །འགྲོ་ལ་ཐེ་ཚོམ་མི་དགོས་པས། །དེ་ཙམ་ཨེ་འོང་བརྩོན་འགྲུས་མཛོད། །གཞན་ཡང་བོགས་འདོན་གེགས་སེལ་ནི། །རྟོགས་པའི་གདེང་ཡང་ཐོབ་དཀའ་བས། །ནམ་འཆི་མི་ཤེས་ཤི་


CMR049_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ། །བར་དོ་མི་ཆོད་པ་ཡི་གེགས། །འཇིགས་རུང་གེགས་ཆེན་དེ་སེལ་ཐབས། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་དོན། །དགའ་རབ་ཤྲཱི་སེང་པདྨ་འབྱུང་། །བི་མ་མི་ཏྲ་ལ་སོགས་པ། །རིག་འཛིན་རྗེ་འབངས་ཐུགས་ཀྱི་བཅུད། །བསྒོམ་ནི་མི་དགོས་བལྟས་པས་གྲོལ། །རྫོགས་ཆེན་ཐོད་རྒལ་ཉམས་སུ་ལོངས། །འཇའ་ཚོན་ཐིག་ལེ་ཐིག་ཕྲན་།དང་། །རང་སེམས་ངོ་བོ་བསྲེས་ལ་ལྟོས། །གསལ་སྟོང་དབྱེར་མེད་མངོན་སུམ་མཐོང་། །གལ་ཏེ་སེམས་ངོ་མི་ཤེས་ཀྱང་། །དེ་ལ་བལྟས་པས་བར་དོ་ཆོད། །འདི་ལས་ཟབ་དང་སླ་བ་མེད། །ཐེག་པ་དགུ་ཡི་ཡང་རྩེ་ཡིན། །འཇའ་ཚོན་ཐིག་ལེ་ཐིག་ཕྲན་རྣམས། །དངོས་སུ་གསལ་པོར་ཡིད་ཆེས་མཐོང་། །རྩེ་གཅིག་བསྒོམ་དང་ངོ་མཉམ་སྟེ། །ཆོས་ཉིད་མངོན་སུམ་མཐོང་བ་ཡིན། །འོད་ལྔ་ཡེ་ཤེས་ལྔ་ཡི་འོད། །འོད་སྐོར་དབྱིངས་ཀྱི་སྒྲོན་མ་སྟེ། །ཐིག་ཕྲན་རིག་པ་ལུ་གུ་རྒྱུད། །དེ་དག་ཇེ་ཆེ་ཇེ་ཆེར་འཕེལ། །ཉམས་ལེན་གོང་དུ་འཕེལ་བ་ཡིན། །སྤྲོས་བྲལ་བསྒོམ་དང་ངོ་མཉམ་པའི། །ཐིག་ལེའི་ནང་ནས་ལྷ་སྐུ་མཇལ། །བར་དོར་ཞི་ཁྲོའི་ལྷ་འཆར་ཚེ། །ངོས་ཟིན་དག་པའི་ཞིང་དུ་སྐྱེ། །


CMR049_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ཞི་ཁྲོའི་ལྷ་ཡོངས་རྫོགས། །ཤར་ནས་བར་དོ་བགྲོད་མི་དགོས། །ཕྱི་དབུགས་ཆད་པའི་དེ་མ་ཐག །ནམ་མཁའི་དཀྱིལ་ནས་འོད་ཀྱི་ལམ། །མིག་གི་དཀྱིལ་དུ་ཟུག་ནས་འོང་། །དེ་ཡི་རྒྱུད་ནས་རྣམ་ཤེས་འཕོ། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། །རྫོགས་ཆེན་ཉེ་ལམ་ངོ་མཚར་ཆེ། །དེ་ལས་ཟབ་དང་སླ་བའི་ཆོས། །འཇིག་རྟེན་གང་དུའང་མེད་པར་གསུངས། །ཨོ་རྒྱན་པད་མའི་ཟབ་ཁྱད་ཡིན། །རྒྱུན་དུ་དགེ་སྦྱོར་གང་བྱེད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་བསྔོ་བ་སྨོན་ལམ་མཛོད། །སྐྱེའམ་མི་སྐྱེའི་ཐེ་ཚོམ་སྤོངས། །སྐྱེ་བར་ཐེ་ཚོམ་མི་དགོས་དང་། །འོད་དཔག་མེད་པའི་སྨོན་ལམ་སྟོབས། །ཡིན་པས་བློ་གཏད་དེ་ལ་མཛོད། །དེ་ལྟར་གེགས་སེལ་བོགས་འདོན་རྣམས། །འཕྲལ་དུ་ཡིད་ལ་གང་ཤར་ཙམ། །ཆོ་འཕྲུལ་ཟླ་བའི་གནམ་སྟོང་གི །ཉི་ཤར་ནས་བཟུང་དགོང་ཆེན་བར། །རྫོགས་པར་བྲིས་པའི་དགེ་བ་འདིས། །གནས་པོའི་ཉམས་རྟོགས་འཕེལ་བ་དང་། །འདི་ཉིད་སུ་ཡིས་མཐོང་ཐོས་རྣམས། །བྱང་ཆུབ་


CMR049_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ལ་གེགས་མེད་ཅིང་། །ཉམས་རྟོགས་དབྱར་གྱི་ཆུ་བོ་བཞིན། །རབ་ཏུ་འཕེལ་ཞིང་རྒྱས་ནས་ཀྱང་། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །མངྒ་ལཾ།། ༈ ན་མོ་མ་ཧཱ་ཀཱ་ལ་ཡེ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །ཕྲིན་ལས་དྲག་པོའི་སྐུར་བཞེངས་ནས། །གདུལ་དཀའ་འགྲོ་བ་འདུལ་མཛད་པ། །ཡེ་ཤེས་མགོན་པོ་བེར་ནག་ཅན། །ལེགས་ལྡན་མ་ནིང་ཕྱག་བཞི་པ། །སེང་གེའི་གདོང་ཅན་ལ་སོགས་པའི། །ཕོ་རྒྱུད་མགོན་པོ་ཐམས་ཅད་དང་། །མོ་རྒྱུད་ལྷ་མོ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དིང་སང་སྙིགས་མ་ལྔ་བརྒྱའི་དུས། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བ་དང་། །བདག་དང་སློབ་མ་བརྒྱུད་པར་བཅས། །བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །བསྐྱེད་རྫོགས་གཉིས་ལ་བརྟན་ཐོབ་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛོད། །ཁྱད་པར་ལུང་བསྟན་འདི་ཉིད་ཀྱིས། །བསྟན་པ་དང་ནི་འགྲོ་བའི་དོན། །


CMR049_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆེན་འགྲུབ་པའི་ཕྲིན་ལས་མཛོད། །ཁྱེད་རྣམས་ཐུགས་དམ་ཞལ་བཞེས་དང་། །བདག་གི་འདོད་དོན་གཅིག་པའི་ཕྱིར། །རིགས་མི་མཐུན་ཀྱང་དམ་།ཚིག་གཅིག །དེ་ཕྱིར་མ་གཡེལ་ཕྲིན་ལས་མཛོད། །ཅེས་པ་མགོན་པོ་སྤྱི་བསྡུས་ཀྱི་མདོས་ཆེན། གཏེར་སྟོན་གཉིས་ལ་དགོངས་པ་ཞུས་ནས་བཅས་དུས་ཉམས་རྨི་ལམ་གྱི་མཚམས་སུ། སྔགས་བཙུན་ཐོར་ཅོག་ཅན་གཟི་བརྗིད་ཅན་ཅིག་བྱུང་བ་མདོས་ལ་ལྟ་ཞིང་འདུག །བར་ཆད་ཞི་ཞིང་ཅི་བསམ་འགྲུབ་པའི་མཆོག་ཏུ་འགྱུར། །ཟེར་བའི་སྒྲ་ཞིག་གྲག །ལྷ་གང་ཡིན་མི་འབྱེད་པ་ཕྱག་གཡོན་བཻཌཱུརྱ་ཧྲིལ་པོ་བསྣམས་པ་ཞིག་མཇལ། འདི་ཅི་ཡིན་བསམས་པས། ཕྱག་གཡོན་མཉམ་བཞག་གི་སྟེང་ན་བཻཌཱུརྱ་འཛིན་པས་ཅི་བསམ་འགྲུབ། ཕྱག་གཡས་དོན་ཡོད་གྲུབ་པའི་ཕྱག་རྒྱ་མཛད་པས་དོན་འགྲུབ་བོ། །ཞེས་པའི་སྒྲ་ཞིག་གྲག་པ་ཐོས་པ་ལ་བརྟེན་ནས་བྲིས་པའོ།། །༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། འགྲོ་བ་འདུལ་མཛད་ཐུགས་རྗེ་ཅན། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་གིས་ཐོབ་དཀའི་མི་ལུས་ཐོབ། །མཇལ་དཀའི་མཁས་གྲུབ་མང་དུ་བསྟེན། །ཐོབ་དཀའི་དབང་ལུང་རྒྱ་མཚོ་ཐོབ། །རྟོགས་དཀའི་རང་སེམས་ཆོས་སྐུར་རྟོགས། །ད་ནི་ལོ་ནི་འགའ་ཟུང་ཙམ། །དམ་པའི་ཆོས་སྦྱིན་


CMR049_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་བསམ། །མཆོག་དམན་བར་མའི་འགྲོ་བ་ལ། །བསྔོ་སྨོན་འབྲེལ་པ་འཇོག་ན་བསམ། །བདག་གི་ལྷག་བསམ་རྣམ་དག་ལ། །བར་ཆད་མེད་ཅིང་དོན་འགྲུབ་པར། །ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །ཨོ་རྒྱན་རྗེ་ཡིས་བར་ཆད་སོལ། །བཀའ་སྲུང་ཀུན་གྱིས་ཕྲིན་ལས་སྒྲུབས། །ལྷ་སྲིན་ཀུན་གྱིས་སྡོང་གྲོགས་མཛོད། །བདག་ལ་རང་འདོད་ཁོང་སྐྲུན་མེད། །དཀའ་ལས་ངལ་དུབ་ཁྱད་བསད་ནས། །བསྟན་དང་འགྲོ་བའི་དོན་ཁོ་ན། །ཡིན་མིན་ཡེ་ཤེས་སྤྱན་གྱིས་གཟིགས། །གལ་ཏེ་བསམ་སྦྱོར་རྣམ་དག་བློན་།ཁྱེད་བཞེད་འགྲོ་དོན་འདི་ལགས་པས། །བསམ་པ་འགྲུབ་པར་ཐུགས་རྗེས་ཟུངས། །ཐུགས་རྗེས་ཐུགས་དམ་དུས་ལ་བབ། །ཅེས་མགྲོན་པོ་ཞིག་ལ་འགྲོ་བའི་ཉམས་དུས། །ཉམས་རྨི་ལམ་མཚམས་སུ། སྤྱན་རས་གཟིགས་བཞུགས་པ་བསྒྲུབ་པ་བས། བཞེངས་པ་བསྒྲུབ་པ་དགའ། བཞེངས་པ་བསྒྲུབ་པ་བས། མཆོངས་པ་བསྒྲུབ་པ་དགའ། ཞེས་པའི་སྒྲ་ཞིག་གྲགས་པས། དེ་བསྒྲུབ་པ་བས་རེ་ཞིག་མགྲོན་པོ་དགའ་ཞེས། བདུད་འདུལ་རྡོ་རྗེས་གསུངས་པ་དེ་བདེན་པའི་བརྡར་གོ་ནས་སྨྲས་སོ།། །།ན་མོ་རྒྱ་གྷི་ཝ་ཡེ། དབང་ཆེན་ཁྲོ་བོ་རྟ་མགྲིན་ལ། །གསོལ་བ་


CMR049_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་བར་ཆད་སོལ། །བླ་མ་ཀརྨ་དོན་གྲུབ་ལ། །བསྒོམ་སྐྱོན་ཡིད་ཡུལ་མ་བདེ་ན། །གེགས་སེལ་གདམས་པ་འདི་ལྟར་བསྒོམ། །རང་ཉིད་ཐ་མལ་ལུས་པོ་ཡི། །རྐང་པ་གཉིས་ཀྱི་བོལ་གོང་ནང་། །ཡི་གེ་རཾ་ཡིག་དམར་པོ་རེ། །དེ་ལས་མེ་འབར་རང་གི་ལུས། །ནད་གདོན་ཤ་ཁྲག་ལུས་པོ་བཅས། །ཐམས་ཅད་ཡེ་ཤེས་མེ་ཡིས་ཚིག །རང་ལུས་མེ་ཕུང་ཆེན་པོར་གྱུར། །མེ་ལྕེ་འབར་བའི་སྔགས་སྒྲ་ནི། །རྟ་མགྲིན་སྔགས་དེའི་སྒྲ་སྐད་ནི། །འུར་འུར་འབྲུག་བཞིན་གྲག་པར་བསྒོམ། །རྟ་མགྲིན་སྔགས་ལ་སྟོང་ཕྲག་ཙམ། །ལུས་སེམས་མ་བདེ་བར་དུ་བཟླས། །དེ་ནི་དགོང་ཀའམ་ནུབ་མོ་བྱ། །ནངས་སྔ་ལ་སོགས་སྔ་དྲོ་ལ། །རང་གི་སྙིང་ནི་སྟོང་པའི་དཀྱིལ། །གཟབ་ཀྱི་ཡི་གེ་ཐཾ་དཀར་པོ། །དངུལ་གྱིས་བྲིས་པ་ལྟ་བུ་བསྒོམ། །དེ་ལས་བདུད་རྩི་དཀར་པོའི་རྒྱུན། །འོ་མ་ལྟ་བུར་བབ་པ་ཡིས། །སྙིང་ནི་ལྡེམས་སེ་གང་བར་སྒོམས། །དེ་ཚེ་སྔགས་ནི་ཡིག་དྲུག་བཟླས། །སྐབས་སུ་ལུས་སེམས་བག་ཀློད་ལ། །སེམས་ནི་བདེ་བའི་ངོ་བོར་ལྟ། །གེགས་སེལ་རཱ་ག་ཨ་སྱས་བྲིས་པ་ཨི་ཐི་རྒྱ་རྒྱའོ།།


CMR049_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། དྲག་ལུས་རྟོགས་འབུལ་བྱས་པའི་ལེན། །དངོས་སུ་སྨྲས་པ་མ་གསལ་ན། །ཡི་གེ་བྲིས་པ་འདི་ལ་ལྟོས། །རང་སེམས་ཡེ་ནས་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོ་ཡེ་ནས་གནས། །དེ་ལ་བཅོས་པས་ཡག་རྒྱུ་མེད། །ཡག་འདོད་བཅོས་ན་ཞན་པའི་རྒྱུ། །ངན་དོགས་གཟབ་ན་ངན་པའི་རྒྱུ། །མ་བཅོས་བཞག་པས་ཕྱག་རྒྱ་ཆེ། །རང་ངོ་ཤེས་པ་དེ་གས་ཆོག །མ་ཡེངས་དྲན་རྫི་ཉམས་ལེན་རང་། །ཡང་ཡང་གསལ་འདེབས་མན་ངག་ཟབ། །ལུས་སེམས་བདེ་ཞིང་ཀྱི་ལེ་གནས། །བཟང་པོ་ཡིན་སྙམ་ཞེ་བ་དགའ། །གསལ་དང་སེང་ངེ་རྗེན་ནེ་བ། །ལྟ་མི་ལྟ་རྒྱུ་ཡོད་པ་འདྲ། །ཐམས་ཅད་སྟོང་པ་ཕྱམ་མེ་བ། །སྣོད་བཅུད་འཁོར་འདས་སྟོང་པ་འདྲ། །ཡག་ཡག་འདྲ་བ་ཐམས་ཅད་ཀུན། །འཇའ་དང་འདྲ་སྟེ་ཡག་རྒྱུ་ཡིན། །ཚབ་བེ་ཚུབ་བེ་རླུང་འཚུབ་འདྲ། །རིག་པ་འཕྲོ་རྒོད་གར་ཡང་རྒྱུག །རྩུབ་ཉམས་ཡིན་ཏེ་ངན་རྒྱུ་མེད། །བལྟས་ཀྱང་མི་གསལ་མགོ་བོ་འཐིབ། །ཅི་འདྲ་དྲན་པའི་ངོས་བཟུང་མེད། །རླངས་པ་བཞིན་དུ་འགྱུ་བ་ནི། །ཕྲའུ་འོང་བ་རིག་པའི་སྙིགས། །དེ་དག་ལ་སོགས་ཅི་ཡང་ཤར། །གང་ཤར་ངོ་


CMR049_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བལྟས་པས་ཆོག །མ་ཡེངས་དྲན་རྫི་གཅིག་པོས་ཆོག །ཧ་ཅང་བསྒྲིམ་ཡང་མི་དགོས་ཏེ། །ཡང་ཡང་དྲན་རྫི་གསལ་འདེབས་བྱ། །གནས་དང་འཕྲོ་ལ་ཁྱད་པར་མེད། །མ་ཡེངས་ངོ་བོ་མཐོང་བས་ཆོག །རང་ཞི་རང་གྲོལ་ད་མི་དགོས། །བལྟས་པས་ཧྲིག་གེ་མཐོང་མི་དགོས། །མཐོང་དང་མ་མཐོང་ཁྱད་པར་མེད། །མ་ཡེངས་དྲན་རྫི་དེ་གས་ཆོག །མཐོང་དང་མ་མཐོང་གདམ་ག་དང་། །གནས་དང་མི་གནས་གདམ་ག་དང་། །གསལ་དང་མི་གསལ་གདམ་ག་སོགས། །བཟང་ངན་གདམ་ག་དགའ་སྡུག་དེ། །མ་བཅོས་མ་ཡིན་བཅོས་པ་ཡིན། །བཟང་ངན་གང་ཤར་ཁྱད་མེད་པར། །མ་ཡེངས་དྲན་རྫི་ཉམས་ལེན་ཡིན། །དོན་ལ་ཡེངས་དང་མ་ཡེངས་མེད། །འོན་ཀྱང་སྒོམ་མེད་མ་རྟོགས་པར། །མ་ཡེངས་དྲན་པའི་གསལ་འདེབས་འདི། །ཡང་ཡང་བྱེད་པ་ཉམས་ལེན་ཡིན། །རང་སེམས་ཕྱག་རྒྱ་ཆེན་པོ་ཉིད། །ཡིན་པས་བཟོ་བཅོས་མི་དགོས་པར། །རང་ག་གཞག་པས་བློ་ཚིམ་པ། །རྟོགས་པར་ལྡན་ཞེས་མིང་དུ་བཏགས། །དེ་ཡིས་བློ་ཁ་མ་ཚིམ་པར། །ཐེ་ཚོམ་སྐྱེ་འམ་བཟང་པོ་འདོད། །རྟོགས་པ་ཉམས་


CMR049_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤོར་བ་སྟེ། །གསེར་ལས་ར་གན་གདམ་པ་འདྲ། །དེ་ཕྱིར་ད་ལྟ་ལུས་སེམས་ཀློད། །གང་ཤར་སྤང་བླང་མ་བྱེད་པར། །མ་ཡེངས་དྲན་པས་གསལ་འདེབས་མཛོད། ལྟརང་གི་སེམས་ཉིད་འདི་ལས་གཞན། །ཉམས་སུ་ལེན་རྒྱུ་ཡོད་སྐད་ནི། །མདོ་རྒྱུད་མན་ངག་བླ་མའི་གསུངས། །གང་ནས་ཀྱང་ནི་མ་གསུངས་པས། །ད་ནི་ཐེ་ཚོམ་ཡིད་གཉིས་སྤོངས། །ད་རུང་ཡིད་ཆེས་མ་སྐྱེས་ན། །མི་ལ་མཁའ་སྤྱོད་པ་སོགས་ཀྱི། །གསུང་མགུར་རྣམས་ལ་ལྟ་རྟོགས་གྱིས། །རང་ཕོར་ངོས་ལེན་ཟེར་བ་ཡིས། །ཐམས་ཅད་གོ་བར་མི་འགྱུར་ཏེ། །རང་གི་ཉམས་དང་བསྟུན་པའི་གསུངས། །ཚིག་རེ་འབྱུང་བ་ཙིར་གྱིས་ཟུངས། །འོན་ཀྱང་སང་ཕོད་ཙམ་གྱི་བར། །ལུས་སེམས་ཀློད་ནས་ལྟ་བར་མཛོད། །མ་ཡེངས་དྲན་རྫི་གཅིག་པོས་ཆོག །ཧྲིག་ཧྲིག་གསལ་བའི་འདོད་པ་སྐྱུར། །གནས་པ་ཆེ་བར་དགའ་མ་བྱེད། །འགྱུ་བ་མང་བར་སྐྱོན་མ་ལྟ། །མི་གསལ་འདི་མཐོང་མེད་ཀྱང་བཟོད། །མ་ཡེངས་དྲན་རྫི་ཁོ་ན་ལ། །ཡང་ཡང་གསལ་འདེབས་བྱ་བ་གཅེས། །བར་སྐབས་བརྗེད་ཅིང་ཡེངས་ན་ཡང་། །སྐྱོན་མེད་དེ་ལ་འགྱོད་པ་སྤང་། །ནམ་ཡེངས་


CMR049_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་བརྗེད་རྗེས་མ་མཐུད། །ནམ་དྲན་ལྟོས་ལ་ཀློད་དེ་ཞོག །དེ་སྐད་དབྱི་འདམ་ཁ་རུ་སྨྲས། །བྷ་ཝནྟུ།། ༈ །།ན་མོ་ཨརྱ་པ་ལོ་ཡེ། སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས། །སྤྱན་རས་གཟིགས་ཀྱི་རྣལ་འབྱོར་བདག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྤྱན་རས་གཟིགས་ཀྱི་ཕྲིན་ལས་བསྒྲུབ། །འགྲོ་ལ་དམ་ཆོས་སྟོན་དང་གཅིག །དབང་ལུང་གདམས་པ་སྤེལ་དང་གཉིས། །སྤྱན་རས་སྨྲོགཟིགས་ཀྱི་སྤྲུལ་པ་རུ། །འཇིག་རྟེན་ཀུན་ལ་གྲགས་པ་ཡི། །འཕགས་པ་རྒྱལ་བ་རྒྱ་མཚོ་ཡི། །བཀའ་ལུང་ཆགས་ཕྱི་བསྒྲུབ་དང་གསུམ། །དཀོན་མཆོག་དབུ་འཕང་བསྟོད་དང་བཞི། །ཕྱི་ནང་འཁྲུག་རྩོད་ཞི་དང་ལྔ། །ཡུལ་ཕྱོགས་བདེ་བར་གནས་དང་དྲུག །སྦྱིན་བདག་བསོད་ནམས་ཚོགས་རྫོགས་ཤིང་། །བསྔོ་སྨོན་འབྲེལ་པ་འཇོག་དང་བདུན། །རོ་སྙོམས་ལྡོམ་བུ་བྱེད་དང་བརྒྱད། །རྡོ་རྗེ་སྤུན་འགའ་མཇལ་དང་དགུ། །ཚེ་མཇུག་མཚམས་སྒྲུབ་ཐོན་ཐབས་བཅུ། །གནམ་ཆོས་དབང་ལུང་སྤེལ་དང་བཅུ་


CMR049_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །བདུད་འདུལ་ས་གཏེར་སྤེལ་དང་བཅུ་གཉིས། །བཀའ་བརྒྱུད་དབང་ལུང་སྤེལ་དང་བཅུ་གསུམ། །བྱ་བ་བཅུ་གསུམ་བསྒྲུབ་པའི་ཕྱིར། །ཁོ་བོ་སྨར་ཁམས་སྒང་དུ་འགྲོ། །འགྲོ་དྲུག་སེམས་ཅན་མ་ལུས་ལ། །རྫོགས་བྱང་ས་བོན་བཏབ་ནས་ཀྱང་། །བྱང་ཆུབ་མྱུ་གུ་བསྐྲུན་བྱས་ཏེ། །བདེ་ཆེན་དག་པའི་ཞིང་སྐྱེས་ན། །ས་བཅུ་པོ་ལ་རབ་གནས་པ། །སྤྱན་རས་གཟིགས་ཀྱི་ཐུགས་དམ་ལགས། །བདག་གི་སེམས་བསྐྱེད་དེ་ལགས་པས། །མཆོག་དམན་ཆེ་དང་ཐུགས་དམ་གཅིག །དེ་ཕྱིར་བདག་ལ་བྱིན་གྱིས་རློབས། །ཐུགས་རྗེས་འཇིག་རྟེན་དབང་དུ་སྡུས། །སྙིགས་དུས་ལྷ་སྲིན་འདུལ་བ་དང་། །ཨ་ཏིའི་བསྟན་པ་འཕེལ་བ་ནི། །ཨོ་རྒྱན་ཆེན་པོའི་ཐུགས་དམ་ལགས། །བདག་གི་སེམས་བསྐྱེད་དེ་ལགས་པས། །ནུས་མཐུའི་རྩལ་ཤུགས་བདག་ལ་སྩོལ། །ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན། །གསང་སྔགས་ཚུལ་བཞིན་སྤེལ་དང་བསྒྲུབ། །དེ་ལ་སྲུང་སྐྱོབ་ཕྲིན་ལས་སྒྲུབས། །དམ་ཅན་ཀུན་གྱི་དམ་ཚིག་ལགས། །བདག་གི་ཐུགས་དམ་དེ་ལགས་པས། །ཆོས་སྐྱོང་ཀུན་གྱིས་བདག་དོན་སྒྲུབས། །ཁྱད་པར་འཇམ་དཔལ་སྤྲུལ་


CMR049_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཀླུ་རྒྱལ་མི་མགོན་དཀར་པོ་ཁྱོད། །ཨོ་རྒྱན་སྤྱན་སྔར་ཁས་བླངས་པའི། །དམ་ཚིག་དེ་ལས་མ་འདའ་བར། །ཨོ་རྒྱན་རྗེས་འཇུག་རྣལ་འབྱོར་ལ། །ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ། །གཞན་ཡང་སྨར་ཁམས་གཞི་བདག་ཚོགས། །ཨོ་རྒྱན་དམ་ཚིག་དྲན་མཛོད་ལ། །སྔགས་འཆང་བདག་གི་ཕྲིན་ལས་སྒྲུབས། །ཞེས་སྒར་བཏེག་ཉིན་སྨྲས་སོ།། ༈ །།ཉམས་མགུར་གསོལ་འདེབས་སོགས་དུམ་གཅིག་བཞུགས་སོ། ༈ །ན་མོ་པྲ་ཝ་ཀ་ར་ཨ་ཡུཛྙཱ་ན་སིདྡྷི་ཧཱུྃ། མངོན་ཤེས་དྲུག་ལྡན་ཆོས་སྐུ་སྣང་མཐའ་ཡས། །ཡེ་ཤེས་སྤྱན་གྱིས་དུས་འདིར་གཟིགས་སུ་གསོལ། །ཁྱེད་སྔོན་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དང་། །བདེ་གཤེགས་རིན་ཆེན་སྙིང་པོའི་སྤྱན་སྔ་རུ། །ཐུགས་བསྐྱེད་སྨོན་ལམ་དྲན་མཛད་དུས་འདིར་དགོངས། །ནམ་ཞིག་ཁྱེད་ཀྱིས་བྱང་ཆུབ་ཐོབ་པའི་ཚེ། །ཁྱེད་མཚན་འཛིན་པས་དུས་མིན་འཆི་བ་ཟློག །ཚེ་ལོ་སྟོང་ཕྲག་ཐུབ་པར་འགྱུར་བ་ཡི། །སྨོན་ལམ་ཐུགས་བསྐྱེད་དེང་འདིར་དུས་ལ་བབ། །བདག་དང་མི་འགྱུར་རྡོ་རྗེ་འཁོར་བཅས་ཀྱིས། །ཁྱེད་མཚན་འཛིན་ཞིང་ཁྱེད་ལ་གསོལ་འདེབས་


CMR049_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དུས་མིན་ཚེ་ཡི་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་ཡེ་ཤེས་འཕེལ་མཛད་གསོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁྱེད་མཚན་བརྗོད་ཅིང་ཁྱེད་ལ་བོས་པ་ན། །དགྲ་དང་རྒྱལ་པོ་ཆོམ་རྐུན་མེ་ཆུ་སོགས། །འཇིགས་པ་ཐམས་ཅད་སྐྱོབ་པར་འགྱུར་རོ་ཞེས། །པདྨ་དཀར་པོའི་མདོ་ལས་གསུངས་པས་ན། །བདག་དང་མི་འགྱུར་རྡོ་རྗེ་འཁོར་བཅས་རྣམས། །ཁྱེད་མཆོད་ཁྱེད་བསྟོད་ཁྱེད་ལ་གསོལ་འདེབས་ན། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད་དུ་གསོལ། །སྤྲུལ་སྐུ་པདྨ་འབྱུང་གནས་དགོངས་སུ་གསོལ། །སྙིགས་མ་ལྔ་དུས་ཁྱེད་ལ་གསོལ་བཏབ་ན། །ཐུགས་རྗེ་བྱིན་རླབས་གློག་བས་མྱུར་བ་དང་། །འཇིགས་པ་ཀུན་སྐྱོབ་བསམ་པ་འགྲུབ་གསུངས་ན། །བདག་དང་མི་འགྱུར་རྡོ་རྗེ་འཁོར་དང་བཅས། །ཁྱེད་ལ་རྩེ་གཅིག་བློ་གཏད་ལིང་སྐྱུར་ན། །ཐུགས་རྗེས་ད་གཟིགས་བྱིན་རླབས་དངོས་གྲུབ་སྩོལ། །མ་ནིང་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །མ་འོངས་རྗེས་འཇུག་སྐྱོང་བར་ཁས་བླངས་ཤིང་། །དམ་བཅས་དམ་ཚིག་ཆེན་པོའི་དུས་ལ་བབ། །པད་འབྱུང་རྗེས་


CMR049_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མི་འགྱུར་རྡོ་རྗེ་དང་། །བདག་ཅག་འཁོར་བཅས་སྲུང་སྐྱོབ་མེལ་ཚེ་མཛོད། །དུས་ངན་དུས་འདིར་མི་གཟིགས་མི་སྐྱོབ་ན། །ཁྱེད་རྣམས་ཐུགས་དམ་དམ་བཅས་ཅི་ཞིག་བྱ། །ད་ནི་དུས་ལ་བབ་བོ་ས་མ་ཡ། །ཞེས་པ་ཆུ་ཡོས་ལོ་སྤྲེའུ་ཟླའི་ཡར་ཚེས་བཅུའི་སྔ་དྲོ་གནས་ཆེན་སྤོམ་ནེ་བྲག་གི་མདུན་དུ་ཚེས་བཅུ་བྱས་དུས་བྲིས་ཏེ། ཚེ་དཔག་མེད་ཀྱི་གནས་ཡིག་གསུངས་པ་ཐུགས་བདེན་པར་འདུག་སྟེ། དེ་ནུབ་གནས་ལ་མཎྜལ་དང་དམིགས་པ་གཏད་པས་བདག་རང་གི་ཚེ་ཚད་རིང་པོར་བསྲིང་བའི་རྨི་ལམ་ཅིག་ཀྱང་བྱུང་ངོ་།། ༈ །།ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། འགྲོ་དྲུག་འདྲེན་མཛད་སྤྱན་རས་གཟིགས། །དཔལ་ལྡན་བླ་མར་ཐ་མི་དད། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །མི་རྟག་འཆི་བའི་ཆོས་ཉིད་དེ། །རང་གིས་ཐོས་ཤིང་གཞན་ལ་བཤད། །འོན་ཀྱང་ངེས་པ་མ་རྙེད་ཟིན། །ད་ནི་དངོས་སུ་ངོ་འཕྲོད་བྱུང་། །ད་ལམ་ཞག་སྐོར་འདི་ལ་ཡང་། །མི་གཞོན་གསུམ་ཙམ་གློ་བུར་གུམ། །ཚེ་ལ་ངེས་པ་མེད་པ་དེ། །ངེས་པ་སྙིང་ནས་སྐྱེས་ཏེ་བྱུང་། །དགེ་ཚུལ་པདྨ་ཐུགས་རྗེ་དེ། །བྱིན་རླབས་དབང་བསྐུར་སྨན་དཔྱད་ཀྱིས། །མ་ཕན་ཞག་གཅིག་ནད་


CMR049_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གུམ། །འཆི་བདག་གཤིན་རྗེའི་ཕོ་ཉ་དེ། །བཟློག་ཐབས་མེད་པའི་ངེས་ཤེས་སྐྱེས། །དགེ་ཚུལ་ཁོ་ཡི་ཁ་ཆེམས་ལ། །སྡོམ་པའི་མཐའ་ཡང་ཐུབ་པར་དཀའ། །ང་ནི་ཤི་ཡང་མི་སྡུག་སྐད། །དམ་ཆོས་འདུལ་བའི་གཞུང་ལུགས་ལས། །ཚུལ་ཁྲིམས་དག་པའི་ཕན་ཡོན་བཅུ། །འཆི་ཁ་འགྱོད་པ་མེད་པ་དང་། །ཤི་ནས་བདེ་འགྲོ་མཐོ་རིས་སུ། །སྐྱེ་བར་གསུངས་པ་དངོས་སུ་གྱུར། །མངོན་པར་ཤེས་པ་མི་ལྡན་ཡང་། །དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །རྗེས་དཔག་ཚད་མས་ཤེས་པ་ཡིན། །ང་ཡི་གྲྭ་པ་བཙུན་པ་རྣམས། །འདི་ལྟར་ད་ལྟ་ཤི་ན་ཡང་། །སྡོམ་པ་དམ་ཚིག་སྐྱོན་མེད་པར། །འགྱོད་པ་མེད་པ་གལ་ཆེའོ། །དམ་ཆོས་འདུལ་བའི་སྡེ་སྣོད་ལས། །ཚུལ་ཁྲིམས་འཆལ་བའི་ཉེས་དམིགས་བཅུ། །འཆི་ཁ་འགྱོད་པར་འགྱུར་བ་དང་། །ངན་སོང་ལྟུང་སྙམ་སྐྲག་པ་དང་། །ཤི་བའི་འོག་ཏུ་ངན་སོང་དང་། །ངན་འགྲོ་ལོག་པར་ལྟུང་གསུངས་པས། །འཆི་ཁ་འགྱོད་པ་མེད་གལ་ཆེ། །ནམ་འཆི་ངེས་མེད་ཐུགས་རྗེ་བཞིན། །བཟློག་ཐབས་མེད་པ་ཐུགས་རྗེ་བཞིན། །དེ་འདྲའི་དུས་ཤིག་བྱུང་བ་ན། །འགྱོད་


CMR049_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ཐུགས་རྗེ་བཞིན། །རྩ་བཞི་ཆང་ལྔ་གཙང་ཁྲིག་གེ །ཤི་ནས་བདེ་འགྲོ་མཐོ་རིས་སུ། །འགྲོ་བར་ངེས་པ་ཐུབ་པའི་བཀའ། །གཞོན་ནུར་ཤི་བ་སྙིང་རྗེ་ཡང་། །བརྒྱད་ཅུ་ལོན་དང་གཞོན་ནུ་གཉིས། །འཆི་བའི་སྡུག་བསྔལ་འདྲ་བར་གསུངས། །དེ་ཕྱིར་སེམས་ནད་དགོས་རྒྱུ་མེད། །འོན་ཀྱང་བླ་མ་དོན་གྲུབ་ཀྱིས། །ཐུགས་གནད་དགེ་རྩ་གང་འགྲུབ་ནི། །སྤུན་ཡ་ཤི་བ་ལྟར་བྱས་པ། །གཞུངས་བཟང་ཡ་རབ་སྤྱོད་པར་སྣང་། །ད་ནི་སེམས་ནད་མི་བྱེད་པར། །བསྔོ་བ་སྨོན་ལམ་ལམ་སྟོན་དང་། །ནམ་དྲན་རང་སེམས་ཚེ་འདས་གཉིས། །དབྱེར་མེད་བསྲེ་ཞིང་ངོ་བོ་ལྟ། །ཁོ་ཡི་སེམས་དང་ང་ཡི་སེམས། །ངོ་བོ་སྟོང་པ་ཁྱད་པར་མེད། །རང་བཞིན་གསལ་བའི་ངང་དུ་གཅིག་རྣམ་པ་འགག་མེད་ངང་དུ་འདྲ། །གསོན་པོ་དང་ནི་གཤིན་པོ་ཁོང་། །རྣམ་པ་སོ་སོར་སྣང་ན་ཡང་། །ངོ་བོ་དབྱེར་མེད་རོ་གཅིག་འདྲེས། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་པས། །བསྔོ་བ་སྨོན་ལམ་རྟེན་འབྲེལ་གྱིས། །རྟ་ཁ་སྲབ་ཀྱིས་བསྒྱུར་བ་བཞིན། །བདེ་ཆེན་དག་པའི་ཞིང་ཁམས་སུ། །མེ་ཏོག་པདྨའི་ཟེའུ་འབྲུ་ལ། །མཚན་དང་


CMR049_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྱད་ལྡན་པའི་ལུས། །ཐོབ་ནས་བཅོམ་ལྡན་འོད་དཔག་མེད། །ཞལ་ལྟ་ཆོས་ཉན་བདེ་སྐྱིད་ལྡན། །བཀྲེས་སྐོམ་ནད་དང་སྡུག་བསྔལ་མེད། །ཕྱིར་མི་ལྡོག་པའི་ས་ཐོབ་པ། །འོད་དཔག་མེད་ཀྱི་སྨོན་ལམ་ཡིན། །དགེ་ཚུལ་གཙང་མ་བློ་སེམས་ནི། །ཆོས་ལ་གཏོད་བཞིན་ཤི་བ་ན། །མྱ་ངན་བྱེད་དོན་མི་གདའོ། །བླ་མ་དོན་གྲུབ་ལ་སོགས་པ། ཉེ་དུ་དང་ནི་མཆེད་གྲོགས་ཀུན། །དེ་ལྟར་དགོངས་ལ་མྱ་ངན་སྐྱུར། །ཞེས་པ་ཚེ་འདས་དེ་དྲན་ཅིང་རང་གཞན་ཀུན་སྨྲེ་སྔགས་ཤོར་དུས་བྲིས།། ༈ །།མ་ཧཱ་ཀ་རུ་ཎི་ཀ་ཡེ། །སྐྱབས་གནས་བླ་མར་ཐ་མི་དད། །བདག་གིས་བློ་གཏད་ལིངས་སྐྱུར་བས། །ཐུགས་རྗེ་བྱིན་རླབས་ལོས་འོང་ཡིན། །སློབ་བུ་བརྩོན་འགྲུས་ཞེས་བྱ་བ། །ཐག་རིང་ཡུལ་དུ་འཁྱམ་པ་ལས། །བྱང་ཆུབ་སེམས་དཔའི་སྦྱིན་བདག་རྙེད། །དགེ་འདུན་གཉིས་བརྒྱ་ལྷག་ཙམ་ལ། །ཟླ་བ་ཧྲིལ་པོར་བུམ་སྒྲུབ་ཚུགས། །སྒྲུབ་ཆེན་ཕྱག་ལེན་མང་དུ་སྤེལ། །བར་ཆད་མེད་པར་རྟགས་མཚན་ཐོན། །རིལ་བུ་འཕེལ་ཞིང་འཇའ་ཚོན་འཁྲུགས། །དམ་ཚིག་གཙང་རྟགས་དངོས་སུ་བསྟན། །དགེ་བཤེས་མཁས་རྣམས་ཐུགས་དགྱེས་


CMR049_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །གཏམ་སྙན་མཚམས་ཀྱི་ལྟས་དང་བཅས། །བྱུང་ནས་བློ་སེམས་སྤྲོ་བར་བྱུང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སླར་ཡང་ཐུགས་རྗེའི་བྱིན་རླབས་བྱུང་། །ད་ཡང་ཐུགས་རྗེའི་སྤྱན་རྒྱང་བསྲིང་། །དམ་ལྡན་ཀརྨ་བརྩོན་འགྲུས་དང་། །དེ་ལ་འབྲེལ་ཐོགས་འགྲོ་བ་རྣམས། །ཚེ་འདིར་བར་ཆད་རྐྱེན་ཞི་ཞིང་། །བསོད་ནམས་ཆོས་བསོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་བགྲོད་ནས། །སྤྱན་རས་གཟིགས་ཀྱིས་རྗེས་འཛིན་ཤོག །ཕྱིར་ནངས་སྐེ་ཆུ་འགྲམ་དུ་བྲིས།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། དྲོད་གཤེར་འཛོམ་པ་དབྱར་ཁའི་དུས་དང་གཅིག །བདེ་ཞིང་ཡངས་པའི་བྱང་ཐང་འདི་དང་གཉིས། །རྩྭ་སྔོ་རྩི་ཐོག་ཕུན་སུམ་ཚོགས་དང་གསུམ། །རྟ་ཕྱུགས་རྣམས་ལ་ཕན་པའི་རྒྱན་དུ་གདའ། །དལ་འབྱོར་མི་ལུས་ཐོབ་པའི་དུས་དང་གཅིག །སྡོམ་པ་རིམ་གྱིས་ནོད་པའི་ཐང་དང་གཉིས། །ཐོས་བསམ་བསྒོམ་པའི་རྩྭ་སྔོ་ལེགས་དང་གསུམ། །འདི་ཕྱི་གཉིས་ཀར་ཕན་པའི་རྒྱན་དུ་གདའ། །སློབ་དཔོན་མཁས་པ་གཞོན་དུས་བསྟེན་དང་གཅིག །དབང་ལུང་གདམས་པའི་བྱང་ཐང་ཡངས་དང་གཉིས། །ཉམས་


CMR049_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟོགས་པའི་རྩི་ཐོག་ཕྱུག་དང་གསུམ། །རང་གཞན་གཉིས་ཀར་ཕན་པའི་རྒྱན་དུ་གདའ། །ན་སོ་དར་བབ་ལུས་སེམས་བདེ་དུས་གཅིག །ཁྲིད་རིམ་མང་པོའི་བྱང་ཐང་ཡངས་དང་གཉིས། །སྒྲུབ་པ་སྙིང་རུས་རྩི་ཐོག་ཕུན་ཚོགས་གསུམ། །བློ་བདེ་ཁོང་དུ་ཆུད་པའི་རྒྱན་དུ་གདའ། །དབང་བཞི་ཡོངས་རྫོགས་ཐོབ་པའི་དུས་དང་གཅིག །བསྐྱེད་རྫོགས་ཟབ་མོའི་བྱང་ཐང་ཡང་དང་གཉིས། །བསྒྲུབས་པའི་རྟགས་མཚན་རྩྭ་ཁ་ལེགས་དང་གསུམ། །ཕྲིན་ལས་རྣམ་བཞི་འགྲུབ་པའི་རྒྱན་དུ་གདའ། །དབང་ལུང་གདམས་པས་ཕྱུག་དུས་འདི་དང་གཅིག །སེམས་བསྐྱེད་རྒྱ་ཆེན་བྱང་ཐང་ཡངས་དང་གཉིས། །སྐྱ་སེར་ཕལ་ཆེར་དད་འདུན་ཆེ་དང་གསུམ། །བསྟན་དང་འགྲོ་ལ་ཕན་པའི་རྒྱན་དུ་གདའ། །སྡོམ་པ་གསུམ་ལྡན་བླ་མིང་ཐོགས་དུས་གཅིག །བསྔོ་བྱང་འབྲེལ་པའི་བྱང་ཐང་ཡངས་དང་གཉིས། །འཁོར་གསུམ་དག་པའི་དགེ་རྩ་ལེགས་དང་གསུམ། །ཟང་ཟིང་ཆུད་མི་ཟ་བའི་རྒྱན་དུ་གདའ། །ཁྲིད་སྟོན་ཆོས་འཆད་མཁན་དུ་གྱུར་དུས་གཅིག །གནས་ལུགས་རང་ངོ་རྗེན་པར་མཐོང་དང་གཉིས། །སྣང་སེམས་དབྱེར་མེད་རྩྭ་ཁ་ལེགས་དང་གསུམ། །གོ་


CMR049_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་འོང་འདོད་རྣམས་ཀྱི་རྒྱན་དུ་གདའ། །ནམ་འཆི་ཆ་མེད་དུས་ཚོད་འདི་དང་གཅིག །ཤི་ཡང་འགྱོད་མེད་དམ་ཚིག་གཙང་དང་གཉིས། །གར་འགྲོའི་ཞིང་ཁམས་ཀྲིག་ཀྲིག་ཡོད་དང་གསུམ། །ཆོས་པའི་མིང་ཐོགས་རྣམས་ཀྱི་རྒྱན་དུ་གདའ། །རྒྱན་དགུ་ཚང་བའི་དབྱངས་ཆུང་འདི་ཉིད་ནི། །བྱང་ཐང་བདེ་ཞིང་རྩྭ་ཁ་ལེགས་པའི་སར། །སྒར་པ་སླེབ་དུས་ཉམས་ལ་ཤར་ནས་བྲིས། །ཉམས་མཚར་ཡིན་ཀྱང་དོན་ནི་འགའ་མཆིས་སོ།། ༈ །།ན་མོ་གུ་རུ་ཨར་མེ་ཏྲི་ཡེ། དེང་སང་སྙིགས་མ་ལྔ་ཡི་དུས། །མི་རྣམས་ཁ་ལ་གནོད་སྦྱིན་ཞུགས། །བསྟོད་འོས་རྒྱལ་བ་རྣམས་ལ་གཤེ། །སྨད་འོས་བདུད་རིགས་རྣམས་ལ་བསྟོད། །ཁ་ལྕེ་སྡེ་དབྱེན་འཁྲུག་རྩོད་བསླང་། །རྫུན་དང་ཕྲ་མ་རླུང་ལྟར་འཚུབ། །བདེན་པ་མི་འགྲིམ་བརྫུན་པ་འགྲིམ། །འདི་ལྟར་ངེས་པ་མེད་པའི་དུས། །ས་རྣམས་ཐམས་ཅད་བྲག་ཆ་ལྟར། །འཛིན་པ་མེད་ན་བདེ་བ་ཐོབ། །བདག་འདྲ་སྤྲང་པོ་ཉམ་ཆུང་ལ། །ཤར་ཕྱོགས་སྤུང་རི་ནང་སོ་སོགས། །མཁས་གྲུབ་ལྡན་པ་ལ་ལ་ཡིས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞེས། །ཐལ་མོ་


CMR049_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཞིང་ཁྲོམ་ལ་གསུངས། །ལ་ལས་བདག་གི་དབང་དང་ལུང་། །ཕ་ལ་ཞུས་པས་ཁུངས་མི་བཙུན། །ཆོས་འབྱུང་ལ་སོགས་རྩོམ་མང་པོ། །རྒྱལ་བ་ཡབ་སྲས་མ་གཏོགས་པའི། །བྱེད་པ་མི་འཐད་ཟེར་ནས་གཤེ། །རང་གི་རྩ་བའི་སློབ་བུ་འགའ། །ཆོ་ག་ཕྱག་ལེན་གཞན་ལུགས་བསྲེ། །རང་དྲན་སྣ་ཚོགས་བྱེད་ཅེས་ཐོས། །ཐོས་ཚེ་སེམས་ལ་ཟུག་རྔུ་མེ། །བྲག་ཅ་ཐོས་པ་འདྲ་ན་ཡང་། །རྗེས་ཤེས་དེ་དོན་བརྟགས་བྱས་པས། །སེམས་ལ་འཆར་སྒོ་འདི་ལྟར་རོ། །ཀྱེ་མ་སྤྲང་རྒན་བདག་ལྟ་བུ། །ད་ནི་འཆི་བ་ཤིན་ཏུ་ཉེ་། །བསྟོད་འོས་བསྟོད་ན་ཆོས་ཡིན་ཀྱང་། །བདག་ལ་ཡོན་ཏན་ཅི་ཡང་མེད། །བདག་འདྲ་སྤྲུལ་པར་མཐོང་བ་ཡང་། །ཁོང་རང་དག་སྣང་འབྱངས་པའི་རྟགས། །ཡོན་ཏན་མེད་ལ་བསྟོད་བྱས་ཀྱང་། །ར་གན་གསེར་དུ་བསྟོད་དང་མཚུངས། །བདག་ཉིད་ཤི་བའི་འོག་རོལ་དུ། །བསྟོད་པ་གསོལ་འདེབས་ཅི་བྱས་ཀྱང་། །བདག་ལ་ཕན་རྒྱུ་རྡུལ་ཙམ་མེད། །དེ་ཕྱིར་བསྟོད་པས་དགའ་རྒྱུ་མེད། །ཡོན་ཏན་ལྡན་པ་སྨད་ན་ཡང་། །དེ་ཉིད་ངན་པར་མི་འགྱུར་བས། །གསེར་འདི་ར་གན་ཡིན་སྨྲས་ཀྱང་། །མཁས་པ་ཀུན་


CMR049_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གོང་ཆེན་སྦྱིན། །བདག་ནི་ཤི་བའི་འོག་རོལ་དང་། །སྨད་པ་བྱས་ཀྱང་གནོད་རྒྱུ་མེད། །དེ་ཕྱིར་བསྟོད་སྨད་རོ་སྙོམས་སོ། །ངེས་པའི་དོན་ལ་བསྟོད་སྨད་ཀྱི། །སྒྲ་ཡི་ངོ་བོ་ལ་བལྟས་པས། །གཉིས་ཀ་ཁྱད་མེད་ངོ་བོ་སྟོང་། །གྲགས་སྟོང་ཕྱག་རྒྱ་ཆེན་པོ་ཉིད། །དེ་ཕྱིར་རོ་སྙོམས་དགའ་སྡུག་བྲལ། །སྒོམ་ཆེན་མིང་བཏགས་ཁྲིད་སྟོན་མཁན། །བདག་གམ་བདག་འདྲ་གཞན་ཡང་རུང་། །བསྟོད་པས་ཧ་ཅང་དགའ་དྲགས་ནས། །གནང་སྦྱིན་བྱེད་དམ་བློ་སྙིང་གཏད། །གཤེ་སྐུར་ཐོས་པས་ཞེ་སྡང་སྐྱེས། །འཐབ་ཅིང་རྩོད་དམ་ངན་ཤག་འདེབས། །དམིགས་ངན་ལ་སོགས་མཐུ་བསྡིག་བྱེད། །རང་རྒྱུད་མ་གྲོལ་རང་རྟགས་ཉིད། །རྟོགས་པ་ཇི་བཞིན་མ་སྐྱེས་ཏེ། །ཁ་ཏ་རྩོད་པ་གདིང་བཅས་རྟགས། །དེས་ན་རྟོགས་པའི་ཚོད་འཛིན་དང་། །བོགས་འདོན་གདམས་པ་ཟབ་མོ་ནི། །རང་ལ་བསྟོད་ཅིང་སྙན་པའི་ཚིག །མི་སྙན་གཤེ་སྐུར་འདེབས་པ་རྣམས། །ཐོབ་པ་ལམ་ཁྱེར་གདམས་པ་དེ། །ཟབ་ཆོས་སྙིང་པོ་ཡིན་པར་སེམས། །ཁྱད་པར་གཤེ་ཞིང་སྐུར་འདེབས་མཁན། །གྲག་སྟོང་ཕྱག་རྒྱ་ཆེན་པོ་ཡི། །བོགས་


CMR049_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་འཆད་པའི་བཤེས་གཉེན་དུ། །ད་ནི་ཁོ་བོས་དག་སྣང་སྦྱངས། །རྐེ་ཆུ་འགྲམ་གྱི་ཅོག་སྒར་དུ། །རང་གིས་རང་ལ་སྨྲས་པ་ཡིན།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། ཅི་ཡང་མ་གྲུབ་ནམ་མཁའ་སྟོང་པ་ལས། །གང་ནས་མ་བྱུང་སྤྲིན་ཚོགས་གློ་བུར་བྱུང་། །སྣ་ཚོགས་ཆར་དང་བུ་ཡུག་ངེས་མེད་འབེབས། །ཅི་ཡང་མ་གྲུབ་ནམ་མཁའ་སྟོང་པ་ལས། །གང་ནས་མ་བྱུང་འཁོར་འདས་སྣ་ཚོགས་བྱུང་། །སྣ་ཚོགས་སྣང་བ་བདེ་སྡུག་ངེས་མེད་འཆར། །ཅིར་ཡང་མ་གྲུབ་སེམས་ཉིད་སྟོང་པ་ལ། །གང་ནས་མ་བྱུང་རྣམ་རྟོག་སྣ་ཚོགས་བྱུང་། །སྣ་ཚོགས་དགེ་དང་མི་དགེའི་ལས་རྣམས་བསགས། །ཅིར་ཡང་མ་གྲུབ་རྟོག་པ་སྟོང་པ་ལས། །གང་ནས་མ་བྱུང་ཉམས་སྣང་སྣ་ཚོགས་བྱུང་། །སྣ་ཚོགས་ཉམས་དབྱངས་ཆལ་ཆོལ་ཅི་ཡང་སྨྲ། །ནམ་མཁའ་སྟོང་པར་ཅིར་ཡང་མ་གྲུབ་པ། །རང་སེམས་ངོ་བོ་སྟོང་པའི་དཔེ་རུ་གདའ། །ནམ་མཁའི་དབྱིངས་ལས་སྤྲིན་གྱི་འདུ་འཚོགས་འདིར། །རང་སེམས་རྣམ་རྟོག་སྣ་ཚོགས་དཔེ་རུ་གདའ། །སྤྲིན་ལས་ཆར་དང་སེར་བ་ཁུ་འཕངས་འདི། །རྣམ་རྟོག་རྗེས་འབྲང་དགེ་སྡིག་དཔེ་རུ་གདའ། །སྤྲིན་རྣམས་


CMR049_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ནས་མཁའ་ལ་ཐིམ་པ་འདི། །རྣམ་རྟོག་ཤར་གྲོལ་ཀློང་ཐིམ་དཔེ་རུ་གདའ། །སྤྲིན་དང་ན་བུན་ཁུ་རླངས་ཅི་ཤར་ཡང་། །ནམ་མཁའི་ངོ་བོ་འགྱུར་བ་མེད་པ་འདི། །སེམས་ཉིད་ངོ་བོ་འགྱུར་མེད་དཔེ་རུ་གདའ། །ནམ་མཁའ་བར་སྣང་འཇའ་ཚོན་བཀྲ་བ་འདི། །བསྐྱེད་རིམ་སྒྱུ་མ་ལྷ་སྐུའི་དཔེ་རུ་གདའ། །ནམ་མཁའ་འཇའ་ཚོན་དབྱེར་མེད་ཟུང་འཇུག་འདི། །བསྐྱེད་རྫོགས་ཟུང་དུ་འཇུག་པའི་དཔེ་རུ་གདའ། །ནམ་མཁའ་སྟོང་པ་ཅིར་ཡང་མ་གྲུབ་པ། །ཆོས་ཉིད་དོན་དམ་བདེན་པའི་དཔེ་རུ་གདའ། །སྤྲིན་དང་ཆར་རྒྱུན་འཇའ་ཚོན་སྣ་ཚོགས་འདི། །ཆོས་ཅན་ཀུན་རྫོབ་བདེན་པའི་དཔེ་རུ་གདའ། །ནམ་མཁའ་སྟོང་པའི་ནང་ནས་ཆར་དང་སྤྲིན། །ཀུན་རྫོབ་དོན་དམ་ཟུང་འཇུག་དཔེ་རུ་གདའ། །དེ་སྐད་རྐེ་སྟོད་ནགས་འདས་ཐང་དུ་སྨྲས།། ༈ །།ན་མོ་དྷ་ན་ཡེ། ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་བྱེད་ཅིང་། །ལྷ་མི་རྒུད་པ་སེལ་མཛད་པའི། །མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །འདས་པའི་སངས་རྒྱས་རིན་ཆེན་མང་། །ད་ལྟ་སངས་རྒྱས་རྣམ་པར་མཛད། །མ་འོངས་


CMR049_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རིན་ཆེན་གདུགས། །དུས་གསུམ་སངས་རྒྱས་ཁྱོད་ཕྱག་འཚལ། །ལྷ་མིན་ཕམ་མཛད་ལུས་ངན་པོ། །ལྷ་གནས་སྲུང་མཛད་གནས་སྲུང་སྟེ། །ལྕང་ལོ་ཅན་གྱི་ཕོ་བྲང་བདག །གསང་བདག་བཀའ་སྡོད་ཁྱོད་ལ་བསྟོད། །སངས་རྒྱས་སྟོང་གི་སྦྱིན་བདག་སྟེ། །ཁྱད་པར་ཤཱཀྱའི་བསྟན་པ་བསྲུང་། །མདོ་རྒྱུད་ཀུན་ནས་རབ་བསྔགས་པ། །ས་བརྒྱད་ལ་གནས་ཁྱོད་ལ་བསྟོད། །སྲས་ནི་ཨརྱ་ཛམ་བྷ་ལ། །ཡབ་ནི་དབང་ཕྱུག་ཆེན་པོ་སྟེ། །ཡུམ་ནི་ལྷ་མོ་དཔལ་ཆེན་མོ། །ཡབ་ཡུམ་སྲས་དང་བཅས་ལ་བསྟོད། །ནང་བློན་ནོར་ལྷ་མཆེད་བརྒྱད་དེ། །ཕྱི་བློན་ཀླུ་ཆེན་བརྒྱད་པོ་དང་། །འཁོར་ནི་གནོད་སྦྱིན་བྱེ་བ་འབུམ། །སྡེ་བོ་ཆེ་ལ་བསྟོད་པར་བགྱི། །ཁྱེད་ཀྱི་ཐུགས་དམ་དམ་ཚིག་ནི། །ལྷ་མི་བདེ་སྐྱིད་རྒྱས་པ་དང་། །སངས་རྒྱས་བསྟན་པ་རྒྱས་པ་ལགས། །བསྟན་སྲུང་ཆེན་པོ་ཁྱོད་ལ་འདུད། །རྣལ་འབྱོར་བདག་གིས་སེམས་བསྐྱེད་ཀྱང་། །འགྲོ་ཀུན་བདེ་སྐྱིད་ལྡན་པ་དང་། །སངས་རྒྱས་བསྟན་པ་དར་འདོད་པའི། །འུ་ཅག་དམ་ཚིག་གཅིག་ལགས་སོ། །བདག་དང་བརྒྱུད་པར་བཅས་པ་ཡི། །མངའ་ཐང་བསོད་ནམས་རྒྱས་པ་ཡི། །


CMR049_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཁ་མགོན་པོ་ཁྱོད་ལ་གཏད། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་ད་ལམ་གདུལ་བྱ་འདི་ཙམ་སོང་ཟེར་བའི་ལུང་བསྟན་དང་གདུལ་བྱ་འོང་རྒྱུ་རྣམས་རྨི་ལམ་དུ་མཐོང་བ་འདྲ་ཞིག་བྱུང་བས་བྲིས་སོ།། ༈ །།ན་མོ་དྷེ་ཝཱི་ཀཱ་ལཱི་ཡེ། ཕྱི་ལྟར་ལྷ་མོ་དབྱངས་ཅན་མ། །ནང་ལྟར་རྡོ་རྗེ་ཕག་མོ་སྟེ། །གསང་བར་དཔལ་ལྡན་དུད་སོལ་མ། །སྔགས་ཀྱི་སྲུང་མ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །དོན་དམ་འཕགས་མ་སྒྲོལ་མ་ཉིད། །སྤྲུལ་པ་བརྒྱ་སྟོང་གྲངས་མེད་པ། །ཆུ་བོ་བཞི་ཡི་མཐར་ཐུག་པ། །འཛམ་གླིང་ཁྱབ་པར་ཀུན་ཏུ་རྒྱུ། །བྱང་ཆུབ་སེམས་ལྡན་རྣལ་འབྱོར་མ། །ལུས་དང་གྲིབ་བཞིན་རྗེས་སུ་འབྲང་། །མ་དང་སྲིང་མོ་མཛའ་བ་མོ། །བྲན་མོའི་ཚུལ་དུ་ཕྲིན་ལས་བསྒྲུབ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །ལྷ་མོ་འཁོར་དང་བཅས་ལ་བསྟོད། །ཐུགས་དང་འགལ་བ་གང་གྱུར་བཤགས། །སྐྱེ་བ་མང་པོའི་གོང་རོལ་ན། །ལྷ་མོ་ཁྱེད་དང་དམ་ཚིག་ཅིག །བདག་དང་བརྒྱུད་པར་བཅས་པ་ལ། །མ་ལྟར་བྱམས་པའི་ཐུགས་ཀྱིས་སྐྱོབས། །སྲིང་ལྟར་གདུང་བའི་ཐུགས་ཀྱིས་དགོངས། །


CMR049_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ལྟར་འབྲལ་བ་མེད་པ་དང་། །བྲན་ལྟར་ཅི་བསམ་ཡིད་བཞིན་སྒྲུབས། །བདག་ཅག་མི་ནོར་འཁོར་བཅས་ལ། །ཡམས་ནད་རིམས་ནད་མེད་པ་ཡི། །གཉེར་ཁ་མ་གཅིག་ཁྱོད་ཀྱིས་མཛོད། །ཅེས་པ་ལྷ་མོ་རྒྱན་བཟང་ཞིང་ལེགས་ཀྱང་། ནད་རིམས་གྱི་རྟགས་ཤིག་བྱུང་བས་བྲིས་སོ།། ༈ །ན་མོ་ལོ་ཀེ་ཤྭ་ར་ཡེ། དལ་འབྱོར་མི་ལུས་ཐོབ་པའི་ལས། །དུས་མིན་འཆི་བ་མི་འབྱུང་བར། །ཚེ་དཔག་མེད་པས་བྱིན་གྱིས་རློབས། །རང་གཞན་དོན་ཆེན་འགྲུབ་པར་ཤོག །དམ་པའི་ཆོས་སྒོར་ཞུགས་པའི་ཆུས། །སྡོམ་པ་ཆག་ཉམས་མེད་པ་རུ། །ཤཱཀྱ་ཐུབ་པས་བྱིན་གྱིས་རློབས། །བསྟན་པ་རྒྱ་ཆེན་འཕེལ་བར་ཤོག །དབང་གཅིག་རྫོགས་པར་ཐོབ་པའི་ཆུས། །དམ་ཚིག་ཆག་ཉམས་མེད་པ་རུ། །རྡོ་རྗེ་འཆང་གིས་བྱིན་གྱིས་རློབས། །རྒྱ་ཆེན་རྒྱུད་སྡེའི་དོན་རྟོགས་ཤོག །བདེ་སྐྱིད་འགྲོ་དོན་བྱེད་པའི་ཆུས། །འབྲེལ་ཚད་དོན་དང་ལྡན་པ་རུ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །དུས་ངན་སྙིགས་མར་སྐྱེས་པའི་ཆུས། །འཇིགས་པ་ཀུན་ལས་ཐར་བ་རུ། །རྗེ་བཙུན་སྒྲོལ་མས་བྱིན་གྱིས་རློབས། །


CMR049_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཆེན་བཅུ་དྲུག་མེད་པར་ཤོག །ཆུས་ཆེན་སྟེང་གི་ཆོས་རའི་ཆུས། །བར་ཆད་མེད་ཅིང་དོན་འགྲུབ་པར། །རྩ་བ་གསུམ་གྱིས་བྱིན་གྱིས་རློབས། །འགྲོ་དོན་རྒྱ་ཆེན་འགྲུབ་པར་ཤོག །ཅེས་སྤྲེའུ་ཟླའི་བཅུ་གཉིས་ལ་སྐེ་སྟོད་ཆུས་ཆེན་སྟེང་དུ་སྒར་པ་བརྒྱབ་ཉིན་བྲིས་སོ།། ༈ །།ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་སིདྡྷི་ཧཱུྃ། གཏེར་ཆོས་ཀུན་གྱི་བསྟན་པའི་བདག །སངས་རྒྱས་སྣང་བ་མཐའ་ཡས་ཁྱེད། །ཀུན་མཁྱེན་སངས་རྒྱས་སྤྱན་མངའ་བ། །ཉིན་མཚན་དུས་དྲུག་སེམས་ཅན་ཁམས། །ཐམས་ཅད་སོ་སོར་གཟིགས་ལགས་ན། །ཁྱེད་ཀྱི་བསླུ་མེད་རྡོ་རྗེའི་གསུངས། །རྩ་རྒྱུད་པད་སྡོང་བརྩེགས་པ་ལས། །དེ་ནས་ཉི་མའི་ཟེར་ཐག་ལྟར། །སྣང་ཡུལ་བྱ་བྱེད་གནས་སྐབས་འགར། །འཕྲོས་པའི་ཕྲེང་བ་རེ་རེ་ཙམ། །མཐའ་ནས་མཐའ་རུ་བྱུང་བར་འགྱུར། །གསུངས་པའི་ཕྲེང་བ་ལུང་བསྟན་པར། །མི་འགྱུར་རྡོ་རྗེ་མ་ལགས་སམ། །ད་ནི་སངས་རྒྱས་སྤྱན་གྱིས་གཟིགས། །ས་གཏེར་ཐོན་པར་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །དུས་ངན་སྙིགས་མའི་སེམས་ཅན་དང་། །ཁྱད་པར་བོད་ཀྱི་སེམས་ཅན་


CMR049_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཁྱེད་ཀྱི་ཐུགས་རྗེས་རྟག་གཟིགས་ཤིང་། །ཁྱེད་ཀྱིས་བསྟན་པ་དར་གསུངས་ནས། །དེང་སང་གསང་སྔགས་ཆོས་རྣམས་འཆལ། །དར་ལ་མ་སྨིན་རྟགས་ཐོན་ཉུང་། ཚེ་ཐུང་ནད་མང་འཁྲུག་རྩོད་དར། །བོད་ཁམས་སྐྱབས་མེད་ཉམ་ཐག་དུས། །ཟབ་གཏེར་ཆོས་ཀྱིས་སྐྱབས་བྱེད་ཅིང་། །འབྲས་བུ་འགྲུབ་པར་མྱུར་ཐོབ་ཕྱིར། །མི་འགྱུར་རྡོ་རྗེས་ས་ཡི་གཏེར། །མྱུར་དུ་ཐོན་པར་ཐུགས་རྗེས་ཟུངས། །ལྔ་བརྒྱ་ཐ་མ་ཡང་མཐའ་དུས། །ཐུབ་པའི་བསྟན་པ་རྟགས་ཙམ་དུ། །ཀུན་བཟང་ཐུགས་ཀྱི་བསྟན་པའི་དུས། །དམ་ཆོས་རྫོགས་པ་ཆེན་པོ་དང་། །པད་འབྱུང་བསྟན་པ་དར་གསུངས་ན། །ད་ནི་དུས་བབ་ཐུགས་རྗེས་གཟིགས། །ཁྱད་པར་ཨོ་རྒྱན་ཕྲིན་ལས་པ། །ལུང་ཟིན་མི་འགྱུར་རྡོ་རྗེ་ཡི། །ས་གཏེར་འདོན་པའི་དུས་རྟགས་དང་། །ས་རྟགས་གནམ་རྟགས་ཐམས་ཅད་རྫོགས། །སྔོན་གྱི་སྨོན་ལམ་ལུང་བསྟན་རྣམས། །ད་ནི་མ་བསླ་རྟགས་སྟོན་ཅིག །ཁྲག་དཀར་སེང་གེའི་གནམ་རྫོང་གི །ས་གཏེར་ད་ལྟ་འདི་ཉིད་དུ། །ཐོན་པར་མཛོད་ཅིག་ས་མ་ཡ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ཁྱེད། །ཕྱི་རན་གཏེར་ལ་སྤྱོད་པ་རྣམས། །


CMR049_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་བར་ཆད་སེལ་བ་དང་། །ལུང་བསྟན་ཁ་བྱང་སྤྲོད་པ་དེ། །ཁྱེད་ཀྱི་དམ་ཚིག་མ་ལགས་སམ། །མི་འགྱུར་རྡོ་རྗེའི་བར་ཆད་སོལ། །ད་ནི་ཁ་བྱང་ཕྱག་ཏུ་སྤྲོད། །སྔོན་གྱི་ཐུགས་དམ་དུས་ལ་བབ། །ཁ་བྱང་དུས་ལས་ཡོལ་བ་དང་། །ས་གཏེར་དུས་ལས་ཡོལ་བ་ན། །གུ་རུའི་ལུང་བསྟན་རྫུན་དུ་འགྱུར། །མ་གཅིག་ཁྱོད་ཀྱི་ཐུགས་དམ་ཉམས། །གཏེར་སྟོན་སྤྲུལ་སྐུ་བར་ཆད་ཁྱེར། །གཏེར་སྦས་དོན་མེད་ས་ནང་རུལ། །རྒྱལ་ཁམས་ཀུན་གྱིས་འཕྱ་ཞིང་གཤེ། །གཤེ་སྐུར་བྱེད་མཁན་མནར་མེད་ལྟུང་། །ཆོས་བྱེད་གསང་སྔགས་ཆོས་ཀྱིས་ཕོངས། །ནད་མུག་མཚོན་གྱིས་མི་ཐོག་འབུད། །སངས་རྒྱས་བསྟན་པ་མུན་གླིང་ནུབ། །བོད་ཁམས་མཐའ་དམག་དཔུང་གིས་འཇོམས། །གཙུག་ལག་ཆོས་འཁོར་ས་ཕུང་འགྱུར། །ལས་ཅན་ཐམས་ཅད་དུས་མིན་འཆི། །དེ་ལ་མ་ཐུག་ཐུགས་རྗེས་གཟིགས། །སྣང་བ་མཐའ་ཡས་དུས་ལ་བབ། །ཐུགས་རྗེ་ཆེན་པོའི་དུས་ལ་བབ། །པདྨ་འབྱུང་གནས་དུས་ལ་བབ། །ཡེ་ཤེས་མཚོ་རྒྱལ་དུས་ལ་བབ། །ལུང་ཟིན་མི་འགྱུར་རྡོ་རྗེ་ཡིས། །ས་གཏེར་མྱུར་དུ་ད་ཐོན་མཛོད། །


CMR049_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ་བོ་ཐུགས་རྗེས་གཟིགས། །མ་ནིང་སྡེ་ལྔ་མ་མགོན་ཚོགས། །ཊཱཀི་སྡེ་ལྔ་ལ་སོགས་པ། །ཡེ་ཤེས་མཚོ་རྒྱལ་གཏེར་སྲུང་རྣམས། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ཡི། བཀའ་ཡི་སྲུང་མ་ཐམས་ཅད་ཀུན། །ད་ནི་ཐུགས་དམ་དུས་ལ་བབ། །མི་འགྱུར་རྡོ་རྗེའི་བར་ཆད་སོལ། །ས་གཏེར་མྱུར་དུ་ཐོན་པར་མཛོད། །དྲེགས་པ་བཅོ་བརྒྱད་མཁའ་རི་དང་། །སྡེ་དཔོན་སུམ་ཅུ་བརྟན་སྐྱོང་སོགས། །བོད་ཁམས་གཏེར་སྲུང་ཐམས་ཅད་ཀུན། །བཅོལ་བ་མི་སྟེར་དམ་ཉམས་སམ། །ཕ་ནོར་བུ་ལ་ད་སྤྲོད་ཅིག །སེང་གེ་བྲག་སོགས་གཏེར་ཁ་རྣམས། །ད་ནི་མི་འགྱུར་རྡོ་རྗེ་ལ། །མྱུར་དུ་སྤྱོད་པར་མ་བྱས་ན། །ཨོ་རྒྱན་ཆེན་པོའི་དམ་ལས་འགལ། །དེས་ན་དམ་ལས་མ་འདའ་བར། །ད་ལྟ་ཉིད་དུ་ས་གཏེར་གཏོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ཆུ་ཡོས་ཀྱི་ལོ་སྤྲེའུ་ཟླའི་ཚེས་བཅུ་ལ་རྨི་ལམ་དུ་སྤྲུལ་སྐུ་དང་མཇལ། མར་མེ་ཡང་འཛིན་འདུག་པ་ཕྱིར་ནངས་བཅོ་ལྔའི་སྔ་དྲོ་ལ་རྟེན་འབྲེལ་བསྒྲིགས་ཏེ་བྲིས་སོ།། །།ན་མོ་དྷེ་ཝི་ཀཱ་ལི་ཡེ། སངས་རྒྱས་ཀུན་བས་བསྒྲེས་པའི་ཀུན་བཟང་ཡུམ། །སྲིད་པ་ཀུན་གྱི་སྐྱེད་བྱེད་སྲིད་རྒྱལ་མ། །


CMR049_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་རྫོགས་སངས་རྒྱས་ཀྱང་འཇིག་རྟེན་ཚུལ། །ལྷ་ཀླུ་གནོད་སྦྱིན་ཀུན་གྱི་བུ་མོ་སྟེ། །ཡེ་ཤེས་ཁྲོ་བོ་ཀུན་དང་མཉམ་སྦྱོར་མ། །འཇིག་རྟེན་ལྷ་འདྲེ་ཀུན་གྱི་དགྱེས་སྡེ་མོ། །སྐྱེ་བ་རྣམ་བཞི་ཟ་བའི་ཁ་མོ་ཆེ། །མི་ཕྱུགས་ཁྲམ་ལ་འདེབས་པའི་བདུད་མོ་ཆེ། །སྲོག་གཅོད་དབུགས་ལ་དགའ་བའི་གཤིན་རྗེ་མོ། །མ་མོ་མཁའ་འགྲོ་ཀུན་གྱི་ཡང་རྗེ་བོ། །ཕྱི་ནང་དཀྱིལ་འཁོར་ཀུན་གྱི་མཐའ་སྐྱོང་མ། །ཕུད་རྣམས་སྡུད་ཅིང་ལྷག་མ་ལེན་པ་མོ། །དམ་ལྡན་རྣལ་འབྱོར་ཀུན་གྱི་ཚེ་འཛིན་མ། །དམ་ཉམས་མནའ་ཟན་ཀུན་གྱི་སྲོག་གཅོད་མ། །རླུང་ནག་འཚུབ་པ་སྲིད་པའི་རླུང་ཕྱུར་མ། །འགྲོ་དྲུག་འདྲེན་མཛད་ཡེ་ཤེས་མཁའ་འགྲོ་མ། །ལེགས་ཉེས་སྟངས་འཛིན་སྲིད་པའི་བྱ་རི་མ། །ཉིན་མཚན་དུས་དྲུག་རྒྱུག་པའི་རྐང་ཡང་མ། །སུམ་མདོ་རི་རྩེ་འགྲིམས་པའི་ལྷ་འདྲེ་མ། །དུར་ཁྲོད་ཀུན་དུ་རྒྱུག་པའི་ཤ་ཟ་མ། །དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་མ། །ཡེ་ཤེས་མགོན་པོ་ཀུན་གྱི་ཡུམ་གཅིག་མ། །གཙུག་ལག་ཆོས་འཁོར་ཀུན་གྱི་དཀོར་བདག་མ། །ལྷ་སྲིན་དྲེགས་པ་ཀུན་གྱི་དམག་དཔོན་མ། །ནད་རིམས་དལ་ཡམས་འབེབས་


CMR049_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་བདག་མ། །ལྟས་ངན་ཆོ་འཕྲུལ་གཏོང་བའི་ཐན་བདག་མ། །ཟས་ནོར་ལོངས་སྤྱོད་འཕེལ་བའི་གཡང་བདག་མ། །བཀྲ་ཤིས་བདེ་ལེགས་སྩོལ་བའི་དཔལ་འབར་མ། །ཁྲོས་ན་སྲིད་སྒྲ་བརླག་པའི་མཐུ་མོ་ཆེ། །དགའ་ན་བདེ་སྐྱིད་ཆར་འབེབས་དགའ་བ་མོ། །བཅོལ་ན་ཕྲིན་ལས་ཀུན་འགྲུབ་ནོར་བུ་མ། །མཆོད་ན་ཚོགས་གཉིས་རྫོགས་པའི་མཆོད་སྡོང་མ། །ས་བརྒྱད་སེམས་མ་རེ་མ་ཏི་ལ་བསྟོད། །ལྷ་མོ་ཁྱེད་ལ་བསྟོད་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །བྱང་ཆུབ་བསྒྲུབ་ལ་བར་ཆད་མེད་པ་དང་། །ཚེ་གཅིག་སངས་རྒྱས་འགྲུབ་པའི་དངོས་གྲུབ་སྩོལ། །བདག་ནི་གར་གནས་གར་སོང་ས་ཕྱོགས་དེར། །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ཅིང་། །བདེ་ལེགས་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་པ་རྐེ་སྟོད་ཆུས་ཆེན་ཁ་རུ་ཆོས་ར་བྱེད་ཤོམ་པའི་ཚེ། རྨི་ལམ་ དུ་སྒར་གྱི་གཡོན next hit་ཕྱོགས་དེར་ལྷ་མོ་རེ་མ་ཏི། ནད་ཀྱི་རྐྱལ་པ་ཕག་གི་ལོགས་གིས་མགོ་གསུམ་ཡོད་པ་གཅིག་དྲེའུ་ཀྱི་ཕྱི་ཤ་ལ་བཏགས་ཏེ་བྱུང་བ་ཅིག་མཐོང་སྙམ་བྱེད། ཕྱིར་ཉིན་ལྷ་འབུམ་གྱིས་སྡེ་ལ་ཕན་པའི་ཡམས་བཟློག་ཅིག་བཅའ་དགོས་ཟེར་བས། སྦྱིན་སྲེག་བརྒྱ་རྩ་བྱས་དུས་བྲིས་པ་ཡིན་ནོ།། །།


previousཤོག་ལྷེབ་ ༡༧ ནས་ ༡༠༤ བར།next