Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

19 occurrences of གཡོན་དུ་
[Clear Hits]


19  collapse section
  
 
ལྷ་གཅིག་སྔགས་གཅིག་ཡི་དམ་ཀུན་འགྲུབ་ཕྱིར། ཁ༽ །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡོད།
 
  
  
  
 
  
  
  
  
 
  
  
  
  
  
  
  
  
10   
 
  
  
 
  
  
 
  
  
  
 
 
  
  
  
  
  


19 occurrences of གཡོན་དུ་
[Clear Hits]

 
previousལྷ་གཅིག་སྔགས་གཅིག་ཡི་དམ་ཀུན་འགྲུབ་ཕྱིར། ཁ༽ །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡོད།next

ལྷ་གཅིག་སྔགས་གཅིག་ཡི་དམ་ཀུན་འགྲུབ་ཕྱིར། ཁ༽ །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡོད།


CMR056_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ ༈ རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ཨུ་པ་ཚེས་ཀྱི་གྲངས་ཀ་ལས། ལྷ་གཅིག་སྔགས་གཅིག་ཡི་དམ་ཀུན་འགྲུབ་ཕྱིར། རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོའི་ཉམས་ལེན་གཅིག་དྲིལ་སྙིང་གཏམ་དུ་གདམས་པ་མདོ་རྒྱུད་མན་ངག་ཀུན་གྱི་བཅུད་བསྡུས་རང་གི་ཉམས་མྱོང་དང་སྦྱར་ཏེ་གདམས་པ་ཡོད། ༈ །ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་གཅིག་དྲིལ་བ། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་འདིར་གཟིགས་ཤིག །བདག་གིས་འདི་བསམ་བདག་ལ་མོས་རྣམས་ཀྱང་། །འདི་ལྟར་སོམས་ལ་འདི་ལྟར་ཉམས་སུ་ལོང་། །ཐོག་མེད་དུས་ནས་རང་ངོ་མ་ཤེས་འཁྲུལ། །ལས་ངན་བསགས་པས་མཐའ་མེད་འཁོར་བར་འཁྱམས། །སྔོན་བྱོན་སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །རང་ལ་མ་ཕན་བྱང་ལྟའི་བྲག་ཕུག་བཞིན། །སྐྱེ་རྒ་ན་འཆི་ཆུ་ཡི་གཉེར་མ་བཞིན། །ཐར་དུས་མེད་པའི་ཉེས་ཆེན་ལྕགས་བླུགས་བཞིན། །བར་སྐབས་འགའ་ལ་བསོད་ནམས་ཚོགས་བསགས་ཀྱང་། །བསྔོ་བ་མ་ཤེས་འབྲས་


CMR056_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྨིན་ནས་ཟད། །ངན་སོང་གསུམ་དུ་གཏན་གྱི་ཕ་ཡུལ་བྱས། །འདི་ལ་སྐྱོ་བ་གཏིང་ནས་མི་སྐྱེ་བར། །བདག་གི་སེམས་འདི་བདུད་རྒན་སུ་ཡིས་བསླུས། །སྔོན་ཚེ་ཚུལ་ཁྲིམས་གཙང་མ་བསྲུང་བའི་འབྲས། །ད་རེས་མི་ལུས་གཙང་མ་ཐོབ་ན་ཡང་། །དུས་ངན་སྙིགས་མར་ཐུག་པས་བར་ཆད་རྒོད། །ཚེ་ཐུང་ནད་མང་ཕྱི་ནང་འཚེ་བ་མང་། །འདི་ལ་རྩེ་གཅིག་ཉམས་ལེན་མི་བྱེད་པར། །ཚེ་འདིའི་བྱ་བའི་ཆེད་དུ་གཡེངས་བ་འདི། །བདག་ལུས་དམུ་གབ་འདྲ་བ་ཞིག་གིས་བཀབ། །ཕུ་ཤི་མདའ་ཤི་གཞོན་ཤི་འདི་ཙམ་མཐོང་། །རང་ལ་ནམ་འཆི་ངེས་ཏིག་མེད་བཞིན་དུ། །ད་རུང་ཤོམ་ར་མང་པོ་འདིང་བ་འདི། །བདག་གི་སྙིང་ལ་རྒྱལ་འགོང་སུ་ཞུགས་ན། །དེ་རིང་ནད་ཕོག་དོ་དགོང་དབུགས་སོང་ན། །རང་ལ་མི་འཇིགས་གདེང་ནི་ཅི་འདྲ་ཡོད། །ཆ་མེད་ཡུལ་དུ་རྒྱུས་མེད་ལག་སྟོང་འགྲོ། །དེ་དུས་ལམ་མཁན་རྒྱགས་ཕྱེ་འཚགས་ཡོད་དམ། །གར་འགྲོའི་གཏད་སོ་ངེས་ཏིག་ཅང་ཡོད་དམ། །ལས་ཀྱི་གྲངས་མཁན་གཤིན་རྗེའི་ཁྲིམས་ར་ན། །ངོ་གནོང་མེད་པའི་སྤྱོད་པ་ཨེ་བྱས་སོམས། །ལས་ཀྱི་རྣམ་སྨིན་སུས་ཀྱང་མི་བཟློག་


CMR056_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལྟུང་བ་ཕྲ་མོ་རེས་ཀྱང་ངན་སོང་དུ། །ལྟུང་བར་གསུངས་ན་སྡིག་གཞན་སྨོས་ཅི་དགོས། །ངན་སོང་སྡུག་བསྔལ་བྲིས་པ་མཐོང་བའམ། །རྣ་བས་ཐོས་ཀྱང་ཡི་མུག་ག་ཆད་ན། །ཐོག་ཏུ་ཕྱིན་ན་བསྲན་བཟོད་ཇི་ལྟར་ནུས། །འདི་ལ་བསམ་ཞིང་ལས་འབྲས་མ་འཛེམ་པར། །བདག་གི་སེམས་འདི་སྨྱོ་ཚབས་མི་ཆེའམ། །གྲངས་མེད་སྔོན་ནས་གྲངས་མེད་ལུས་བླངས་པས། །སེམས་ཅན་གཅིག་གིས་རང་གི་མ་བྱས་པའི། །གྲངས་ནི་བརྩིས་ཀྱང་མི་ཐེབས་མཐའ་ཡས་ན། །དགྲ་ལ་མནར་སེམས་སྙིང་ཁོང་ཚུན་ལ་འཆང་། །དྲེད་པོ་ཁྲེལ་མེད་འགའ་ལ་ཡི་རེ་མུག །ཉེ་དུ་མཐུན་གྲོགས་ཚོང་དུས་མགྲོན་པོ་བཞིན། །མྱུར་དུ་བྲལ་ཞིང་ཕྱིན་ཆད་མི་མཐོང་བས། །འཁོར་བའི་ཆོས་ཉིད་སུས་ཀྱང་བཟློག་མེད་ན། །མཛའ་བཤེས་གདུང་སེམས་ཤི་བའི་མྱ་ངན་དང་། །གསོན་ཚེ་འཛིང་རྩོད་ང་ཁྱོད་སྨྲ་མཆུ་འདི། །འགོང་པོ་སུ་ཞིག་ཡིད་སེམས་དཀྲུགས་པ་ཨང་། །དེང་སང་མར་མེ་འཆི་ཁ་གསལ་བ་ལྟར། །ཤཱཀ་ཐུབ་བསྟན་པ་ནུབ་ཁ་གསལ་བའི་དུས། །དགེ་བའི་བཤེས་གཉེན་ཟླ་སྐར་བཀྲ་བ་བཞིན། །བཙུན་པ་དགེ་འདུན་མེ་ཏོག་གླིང་རྒྱས་འདྲ། །ཐམས་


CMR056_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཅོམ་ལྡན་ཐུབ་པའི་རྗེས་འཇུག་སྟེ། །ཀུན་ལ་དག་སྣང་མོས་གུས་མི་སྐྱེ་བར། །རང་སྐྱོན་དུག་ཕུང་འདྲ་ཚོ་ཁོང་དུ་སྦས། །གཞན་སྐྱོན་རྟ་རྔ་ཙམ་ལ་མཛུབ་མོ་བཙུགས། །ཅལ་སྒྲོག་རྗེས་རྒྱུག་འབར་ཤས་ལས་ངན་བསགས། །བདག་གི་སྙིང་ལ་མུ་སྟེགས་སུ་ཞུགས་ན། །རིག་པའི་གནས་དང་ཡོན་ཏན་ཕྲ་མོ་རེའི། །མཐའ་རྒྱ་བཅད་ན་ནམ་མཁའ་འདོམ་མཇལ་འདྲ། །སྔོན་གྱི་པཎ་གྲུབ་མང་པོས་མཐའ་མ་ཆོད། །ཚེ་ཐུང་ཤེས་རབ་རྨོངས་ཤིང་ལེ་ལོ་ཅན། །བདག་འདྲས་ཡོན་ཏན་མཐའ་རྒྱ་བཅད་པ་ན། །ཕྱེ་མ་ལེབ་ཀྱིས་ནམ་མཁའི་མཐའ་ཚོལ་བཞིན། །ཧམ་པ་ཆེན་པོའི་མི་ང་མཚར་བ་ལ། །ཧ་ཅང་མཐའ་རྒྱ་ཆོད་པ་མ་བྱུང་ན། །ཅི་ཡང་ཧ་ཁོག་གོ་བ་དགོས་པ་ན། །བློ་མང་ཤེས་པ་མང་ཡང་རྒྱུ་སྐར་བཞིན། །རང་གཞན་སུ་ལ་ཡང་མི་ཕན་དགེ་སྦྱོར་ཆག །དེ་བས་གནད་ཀྱི་མན་ངག་ཉམས་བླངས་ན། །འཆི་ཁ་མི་འགྱོད་ཙམ་ཞིག་འོང་བར་ངེས། །གསར་མའི་ཆོས་ལུགས་མཁས་པའི་ཡང་རྩེ་མཆོག །ལོ་ཙཱར་གྲགས་ཀྱང་དོན་ལ་པཎྜི་ཏ། །ལོ་ཆེན་རིན་བཟང་གཟིམ་ཁང་བརྩེགས་བཞི་ལ། །རྒྱུད་སྡེ་བཞི་པོ་སོ་སོའི་དཀྱིལ་འཁོར་


CMR056_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །ཞག་རེ་ཐུན་བཞིར་སོ་སོར་ཉམས་ལེན་མཛད། །དེ་ཚེ་ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་རྗེ། །མ་མཉེས་ལོ་ཙཱ་བ་ཁྱེད་རུལ་འདུག་གསུངས་། །ཐམས་ཅད་གཅིག་ཏུ་དྲིལ་ནས་གདམས་པ་གནང་། །ཉམས་སུ་བླངས་བས་འཇའ་ལུས་མཁའ་སྤྱོད་གཤེགས། །ཐམས་ཅད་ཀུན་གཟིགས་ཨོ་རྒྱན་རིན་པོ་ཆེས། །རྒྱལ་བ་གཅིག་འགྲུབ་ཐམས་ཅད་འགྲུབ་པར་གསུངས། །ཐུབ་པའི་དབང་པོས་འཇིག་རྟེན་མཐའ་ཡས་ན། །མི་འདྲའི་མདོ་སྡེ་དཔག་མེད་གསུངས་པ་རྣམས། །ཚིག་ནི་ཐ་དད་དོན་ནི་གཅིག་པ་སྟེ། །ཚིག་གཅིག་དོན་རྟོགས་ཐམས་ཅད་རྟོགས་པར་གསུངས། །ཆོས་པའི་ཡང་རྩེ་ཁ་རག་སྒོམ་ཆུང་གིས། །ཚེ་ལ་ལོང་མེད་ཚིག་ལ་ཟད་པ་མེད། །དེ་བས་དམ་པའི་གདམས་ངག་ཉམས་ལོངས་གསུངས། །དེ་ཕྱིར་མདོ་སྔགས་བཀའ་གཏེར་ཐམས་ཅད་དང་། །གཞུང་དང་མན་ངག་སྙན་བརྒྱུད་རྟོགས་ཆོས་སོགས། །ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་ལེན་འདོད། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་བཞི་རུ་འདུས། །ལྟ་བ་གཅིག་དྲིལ་ཀ་དག་ཀུན་བཟང་ཀློང་། །བསྒོམ་པ་ལྔ་ལྡན་གཅིག་དྲིལ་བསྒོམ་པའི་མཆོག །སྤྱོད་པ་སྡོམ་གསུམ་གཅིག་དྲིལ་


CMR056_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་སྲོལ། །འབྲས་བུ་མཆོག་ཐུན་གཅིག་དྲིལ་འདིར་སྨིན་བྱ། །དང་པོ་ལྟ་བའི་གནས་ལུགས་མ་རྟོགས་ན། །ཆོས་ལ་བརྩོན་ཡང་འཁོར་བ་ལས་མི་འཕགས། །ཐོས་བསམ་བྱས་པའི་དཔེ་རྒྱུད་བལྟས་པའམ། །བླ་མའི་གསུང་ལ་གོ་བ་ཆེན་པོ་ཤར། །ཆོས་ཀུན་ཡེ་ནས་སྟོང་ཞིང་ཆོས་ཀྱི་དབྱིངས། །ཡོད་མེད་རྟག་ཆད་ཕྱོགས་ལྷུང་མཐའ་དང་བྲལ། །ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། །ཡིན་པར་འདུག་སྙམ་ངེས་ཤེས་སྐྱེས་པ་དེ། །ཤེས་བྱའི་གཤིས་ལ་ཤོར་བའི་ལྟ་བ་དེ། །དེ་ཡིས་འཁོར་བའི་རྩ་བ་གཅོད་མི་ནུས། །གོ་བ་ལྷན་པོ་འདྲ་སྟེ་འགོག་རྒྱུ་ཡིན། །ཉོན་མོངས་རྣམ་རྟོག་མགོ་ཡང་དེས་མི་ནོན། །སྣོད་བཅུད་རང་ཐིམ་རང་ཡང་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་ཡལ་ནས་སྟོང་པ་ཉིད། །ནམ་མཁའ་ལྟ་བུ་སྟོང་ཉིད་བསྒོམ་པ་དང་། །སྭ་བྷའི་ལ་སོགས་སྔགས་ཀྱིས་སྦྱངས་བ་ཡིས། །ཐམས་ཅད་མི་དམིགས་ནམ་མཁའ་ལྟར་བསམ་ལ། །སྟོང་པར་བསམ་མཁན་དེ་ཡང་རྣམ་རྟོག་སྟེ། །རྣམ་རྟོག་མ་རིག་འཁོར་བའི་རྩ་བ་ཡིན། །དེ་ནི་མདོ་རྒྱུད་མན་ངག་ཡིག་ཆ་ལས། །ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་


CMR056_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དགེ་སྡིག་རྒྱུ་འབྲས་མ་གྲུབ་སྟོང་ཉིད་དུ། །གསུངས་པའི་གོ་བ་ཙམ་ལ་གདེང་བཅས་ནས། །རྒྱུ་འབྲས་ཁྱད་གསོད་སྡོམ་པ་དམ་ཚིག་འཆལ། །ཐམས་ཅད་སྟོང་ཉིད་ཡིན་ཟེར་ཆོས་གཏམ་མཐོ། །ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་དེ། །ལོ་རྒྱུས་རུ་ཊའི་སྐྱེ་རྒྱུད་གསལ་ལྟར་ཏེ། །སྟོང་པ་ཉིད་ལ་ལྟ་ཉེས་ཕུང་བའི་རྒྱུ། །འཁོར་བའི་རྩ་བ་གཅོད་པའི་སྟ་རེ་ནི། །སྟོང་ཉིད་ཡིན་པས་དེ་ཉིད་ཉམས་བླངས་ནས། །དུག་ལྔ་འཁོར་བའི་རྩ་བ་གཅོད་སྙམ་ན། །སྤང་གཉེན་སོ་སོར་འཛིན་པས་དོན་མ་གོ །གཉེན་པོར་ཤོར་ཞེས་ཕྱག་རྫོགས་ལམ་དང་འགལ། །རྣམ་རྟོག་མ་རིག་འཁོར་བའི་རྩ་བ་དེས། །རྣམ་རྟོག་མེད་པ་རྟོག་མེད་ཡེ་ཤེས་ནི། །བསྒོམ་པར་འདོད་ཀྱང་རྒྱ་ནག་ཧྭ་ཤང་གི །ལྟ་བ་ཡིན་པས་དེ་ཡི་གནད་ཤེས་བྱ། །རྣམ་རྟོག་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། །རིག་དང་མ་རིག་དྲན་དང་མ་དྲན་མེད། །ངོ་བོ་ཆོས་སྐུ་ཉིད་དུ་འདུག་སྙམ་ནས། །གོ་བ་ཙམ་ལ་ངེས་ཤེས་གདེང་བཅས་ན། །གང་དགར་ཉལ་ཞིང་བག་མེད་སྤྱོད་པ་ནི། །ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བ་སྟེ། །རྐྱལ་མཁན་མཁས་པ་ཆུ་ལ་རྒྱུག་མཐོང་ནས། །རྐྱལ་མི་ཤེས་པ་ཆུ་ལ་


CMR056_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཆོང་དང་འདྲ། །ཐོས་རྒྱ་ཆེ་ཞིང་གོ་བ་བཟང་ན་ཡང་། །ལྟ་བ་དངོས་སུ་རྟོགས་པ་མི་འོང་བས། །བསྒོམས་པའི་སྟོབས་ཀྱིས་ནང་ནས་འཆར་བར་དགོས།་་་འདི་ལ་གནད་འགག་ཆེན་པོ་ཐུག་འདུག །བརྩོན་འགྲུས་རྒྱ་མཚོ་བདག་འདྲ་བ་ལ་རྟོགས་པ་ནང་ནས་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་མཆན། །དེ་ཡང་ཉམས་དང་རྟོགས་པ་ནོར་དོགས་མཆིས། །ས་ལེ་སེང་ངེ་ནམ་མཁའ་གཡའ་དག་བཞིན། །གཟུགས་དང་ཁ་དོག་མེད་དེ་ལྟ་རྒྱུ་ཡོད། །འདི་འདྲ་བརྗོད་མི་ཤེས་ཀྱང་མྱོང་རྒྱུ་ཡོད། །ངེས་ཤེས་འཛིན་པ་རིང་ཡིད་ཆེས་པ་ཡོད། །བརྟན་པོ་ཉིན་མཚན་ཕལ་ཆེར་འགྱུར་བ་མེད། །མེ་རེ་ཁྱིལ་ལེར་ལུས་སེམས་བདེ་བས་ཁྱབ། །སེམས་རྩ་སྐྱིད་ཅིང་ཉོན་མོངས་མགོ་བོ་ནོན། །བྱ་བ་ཐེང་ཞིང་ཆགས་ཞེན་རང་སར་ཞི། །སྣོད་བཅུད་ཕྱི་ནང་ཐམས་ཅད་སྟོང་པར་མཐོང་། །རི་བྲག་བརྩིགས་པར་ཐོགས་པ་མེད་སྙམ་བྱེད། །ཐམས་ཅད་སྟོང་པ་ཉིད་དུ་ས་ལེར་མཐོང་། །འོན་ཀྱང་སྟོང་པ་རེད་སྙམ་འཛིན་པ་ནི། །ཕྲའུ་ཡོད་ཀྱང་མི་རྟག་འགྱུར་ལྡོག་ཆེ། །དེ་ཚོ་ཉམས་ཡིན་རྟོགས་པ་མ་ཐོན་པས། །ལྟ་བ་ཡིན་པར་རྟོགས་པ་མ་ཐོབ་པས། །ལྟ་བ་ཡིན་པར་རློམས་ན་


CMR056_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ས་མང་། །གོལ་སའི་ལྟ་བ་ཉམས་ཀྱི་ལྟ་བ་སོགས། །ལྟ་བར་འཛིན་པ་ར་གན་གསེར་དུ་རློམ། །མོས་གུས་རྟ་བཟང་བརྩོན་འགྲུས་ལྕག་གིས་བྲབ། །ཚོགས་བསགས་། སྒྲིབ་སྦྱང་སྒྲ་ཆ་ལེགས་བསྡམས་ནས། །བླ་མ་ཡི་དམ་ཐུགས་རྗེ་ཞུགས་པའི་དུས། །ནམ་ཞིག་ལྟ་བ་ནང་ནས་འཆར་བ་ཡིན། །བལྟ་བྱ་ལྟ་བྱེད་གཅིག་འདྲེས་ལྟ་རྒྱུ་མེད། །ཡིན་མིན་ཡོད་མེད་བདེན་བརྫུན་འཛིན་པ་གཏོར། །ཕྱི་ནང་སྣོད་བཅུད་ཐམས་ཅད་གཅིག་ཏུ་འདྲེས། །སངས་རྒྱས་སེམས་ཅན་བདག་གཞན་གཅིག་ཏུ་འདྲེས། །ཡེངས་དང་མ་ཡེངས་བསྒོམ་དང་མ་བསྒོམས་མེད། །བྱར་མེད་བརྗོད་མེད་བརྗོད་པ་ཀུན་གྱི་གཞི། །གེགས་དང་གོལ་སར་ལྟུང་བའི་ཡ་ང་ཞི། །འཐོབ་བྱ་ཐོབ་བྱེད་འབྲས་བུ་རང་ལས་རྙེད། །མདོ་རྒྱུད་མན་ངག་ཆོས་གཏེར་ཁོང་ནས་བརྡོལ། །མ་རྟོགས་སྨིག་སྒྱུ་ལྟ་བུའི་འགྲོ་བ་ལ། །བཅོས་མིན་ཤུགས་འབྱུང་སྙིང་རྗེ་སྐབས་སུ་ལྡང་། །ཉོན་མོངས་དུག་ལྔའི་རྣམ་རྟོག་ཕྲ་རགས་ཀུན། །སོ་མ་ཉམས་པར་ཡེ་ཤེས་ཆོས་སྐུར་འཆར། །གོ་བ་ཉམས་སྣང་མིན་པར་མངོན་སུམ་དུ། །དེ་ལྟར་རྟོགས་ན་ལྟ་བ་རྟོགས་པ་ལགས། །དེ་འདྲ་རྟོགས་པའི་ཐབས་


CMR056_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒོམ་པ་སྟེ། །བྱང་ཆུབ་སེམས་ཀྱི་ཀུན་སློང་མ་ལེགས་ན། །སྒོམ་སྒྲུབ་བརྩོན་ཡང་ཐེག་དམན་ཉན་ཐོས་ལམ། །ཐུན་གྱི་ཐོག་མར་སེམས་ཅན་ཐམས་ཅད་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། །བདག་གིས་འདི་ཉིད་ཉམས་སུ་ལེན་སྙམ་པའི། །སེམས་བསྐྱེད་བཟང་པོ་ཁ་ཙམ་མིན་པ་གཅེས། །རང་ལུས་ཡི་དམ་ལྷ་རུ་མ་བསྒོམས་ན། །མི་ཆེར་བསྒོམས་ཀྱང་ལམ་གྱི་བགྲོད་ཐག་རིང་། །སྦྱང་གཞི་སྦྱོང་བྱེད་ཕྱོགས་ཙམ་མ་ཤེས་ན། །ལྷ་སྐུ་གསལ་ཡང་གྱ་ནོམ་ལྷར་ཞེན་ཞེས། །རྒྱུད་ནས་གསུངས་པའི་བླ་མེད་བསྐྱེད་རིམ་མིན། །སྣོད་ཀྱི་འཇིག་རྟེན་རང་ལུས་ཆགས་པའི་རིམ། །སྦྱང་ཕྱིར་གཞལ་ཡས་ཁང་ནི་བསྐྱེད་པ་དང་། །བཅུད་ཀྱི་སེམས་ཅན་ཕུང་ཁམས་སྐྱེ་མཆེད་རྣམས། །སྦྱང་ཕྱིར་ཡི་དམ་ལྷ་སྐུ་བསྒོམ་པ་ཡིན། །དེ་ཡང་གསར་རྙིང་བླ་མེད་ཡི་དམ་ལྷ། །ཐམས་ཅད་འདྲ་ཡང་ཀུན་འདུས་ཀུན་ལས་ལྷག །སངས་རྒྱས་ཀུན་གྱི་སྤྲུལ་གཞི་མཐར་ཐུག་པ། །རྒྱལ་བ་ཀུན་འདུས་རྒྱ་མཚོ་སྤྱན་རས་གཟིགས། །ལྷ་གཅིག་དེ་བསྒོམ་ཐམས་ཅད་ཀུན་འདུས་ཏེ། །ལོངས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ། །དེ་


CMR056_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤྲུལ་པའི་ཆ་གཅིག་ཡིན་པར་གསུངས། །སྐལ་བཟང་སངས་རྒྱས་སྟོང་རྩ་བྱེ་བ་བརྒྱ། །པོ་ཊ་ལར་བཞུགས་སེམས་དཔའི་སྤྱན་རིས་གཟིགས། །བྱེ་བ་ཕྲག་བརྒྱ་དེ་བཞིན་རྔ་ཡབ་གླིང་། །པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་ཡང་། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཆ་ཤས་རེ། །བདེ་དགྱེས་གསང་གསུམ་དུས་འཁོར་གདན་བཞི་སོགས། །རྒྱུད་སྡེ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ནི། །ཤཱཀ་ཐུབ་ལོངས་སྐུའི་སྒྲུབ་ཐབས་རེ་རེ་སྟེ། །ཤཱཀ་ཐུབ་སངས་རྒྱས་སྟོང་རྩར་བཅས་པ་ཡང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆ་ཤས་རེ། །དེ་ཡི་སྒྲུབ་ཐབས་རྒྱུད་སྡེ་སོ་སོ་ནས། །དཔག་མེད་གསུངས་ཀྱང་བླ་མེད་རྒྱུད་སྡེ་མཆོག །དེ་ལའང་གསུམ་ལས་གཉིས་མེད་རྒྱུད་ཡིན་པས། །ལམ་ཐག་ཉེ་ཞིང་དཀའ་ཚེགས་མེད་པ་དང་། །གསར་རྙིང་གཏེར་གསུམ་ཞལ་འཆམ་རྩོད་པ་བྲལ། །ཐ་སྙེད་མཁས་པ་སུས་ཀྱང་བཀག་པ་མེད། །བབས་བྱིན་རླབས་སོ་མ་ཉམས། །དམ་ཚིག་སེལ་མེད་བརྒྱུད་པ་རིང་ཐུང་མེད། །རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས། །འདི་ལས་ཁུངས་བཙུན་འདི་ལས་ཟབ་པའི་ཆོས། །


CMR056_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེང་འདི་ན་མི་རྙེད་བདག་གིས་སེམས། །ཕུང་པོ་ལྔ་པོ་སྦྱང་ཕྱིར་ཡབ་ལྔ་དང་། །ཁམས་ལྔ་སྦྱང་ཕྱིར་དེ་ཡི་ཡུམ་ལྔ་པོ། །སྐྱེ་གནས་བཞི་པོ་སྦྱང་ཕྱིར་ཌཱཀི། །དབང་པོ་ལྔ་སྦྱང་མཆོད་པའི་ལྷ་མོ་ལྔ། །འབྱུང་བ་ལྔ་དང་དུག་ལྔ་ཕུང་པོ་ལྔ། །སྦྱང་ཕྱིར་ལྷ་ལྔ་ལྷ་དགུ་ཤེས་པར་བྱ། །དེ་ཡང་མིན་ལ་ཡིན་པར་བསྒོམ་པ་མིན། །དངུལ་རྡོ་དངུལ་ཡིན་བཞུས་ན་དངུལ་འོང་ལྟར། །རང་ལུས་ལྷ་ཡིན་བསྒོམས་ན་ལྷར་འགྱུར་བ། །དེ་དོན་ཤེས་ན་བླ་མེད་བསྐྱེད་རིམ་ཡིན། །དེ་ཕྱིར་ལྷ་དགུ་ལྷ་ལྔ་གང་འདོད་པ། །ཆོ་ག་བཞིན་དུ་སོ་སོར་དམིགས་པ་གསལ། །མཐར་ནི་སྟོང་པར་བསྡུ་བའི་བར་མཚམས་ཤིག །བསྐལ་པ་ཆེན་པོ་ཆགས་ནས་མ་ཞིག་བར། །ཚོགས་བསགས་སྒྲིབ་སྦྱང་བྱས་དང་བསོད་ནམས་མཉམ། །མདོ་ལས་སྔགས་ལམ་ཐག་ཉེ་དེ་ཡི་གནད། །སྦྱང་གཞི་ངག་ལས་སྦྱོང་བྱེད་སྔགས་དང་རླུང་། །སྦྱང་འབྲས་གསུང་གི་རྡོ་རྗེ་ཐོབ་པའི་ཐབས། །གསང་སྔགས་རིག་སྔགས་གཟུངས་སྔགས་མཐའ་ཡས་ཀྱང་། །ཕན་ཡོན་ཡིག་དྲུག་འདྲ་བ་གཞན་མ་མཆིས། །གངས་རིའི་ཁྲོད་དང་ཁྱད་པར་བར་ལམ་འདིར། །ཡི་གེ་དྲུག་པའི་


CMR056_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་ལུང་བསྟན་གསལ། །སྙིགས་མ་ལྔ་བརྒྱའི་ཐ་མའི་དུས་ངན་དུས། །ལྷ་འདི་སྔགས་འདི་ཐུགས་རྗེ་བྱིན་རླབས་མྱུར། །ཇེ་དར་འོང་བ་ལུང་བསྟན་ཀུན་ན་ཡོད། །ཨོ་རྒྱན་ཇོ་བོ་རྗེ་དང་སྲོང་བཙན་སྒམ། །ལབ་སྒྲོན་ཀུན་གྱིས་ཞལ་གདམས་ཞལ་ཆེམས་མཐུན། །དེ་ཕྱིར་ཡིག་དྲུག་སྔགས་ཀྱི་ནོར་བུ་ལགས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་བྱིན་རླབས་ཀུན། །སྔགས་དང་ཡིག་འབྲུའི་གཟུགས་སུ་སྣང་བའོ། །དེ་ལས་ཀྱང་ནི་ཡིག་བཅུ་ཟབ་གནད་ཆེ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་གསུམ་གྱི། །སྙིང་པོ་འདུས་པ་ཨོཾ་ཨཱཿཧཱུྃ་གསུམ་སྟེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་བསྔགས། །ཧཱི༔ཡིག་ཐུགས་རྗེ་ཆེན་པོའི་ཐུགས་སྲོག་སྟེ། །འབྲུ་དྲུག་རིགས་དྲུག་སྐྱེ་སྒོ་གཅོད་པའོ། །ཐུགས་ཀར་ཧྲིམཐར་ཡིག་བཅུ་འཁོར་བ་ལས། །བདག་བསྐྱེད་ཡབ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ཧཱི༔ཡིག་དམར་པོ་འགྲེང་ཐབས་སུ་གནས་པའི་མཐར། ཡིག་བཅུ་སྔགས་ཀྱི་ངོ་ཕྱི་ལ་བསྟན་པ་གཡས་སུ་ཀྱི་ལི་ལི་འཁོར་བ། ཡུམ་རྣམས་ཀྱི་ཐུགས་ཀར་ཧཱུྃཡིག་གི་མཐར་ཡུམ་སྔགས་ངོ་ནང་དུ་བསྟན་པ་ གཡོནདུ next hit་འཁོར་བ། རིགས་བཞིའི་ཌཱཀི་ཐུགས་ཀར་ཧ་རི་ནི་ས་བསྒོམ་པ་ནི་སྒྲུབ་ཐབས་གཞུང་ཆེན་ནས་བྱུང་བའོ། ལྷ་ལྔ་ལས་རྒྱས་པར་སྒྲུབ་ཐབས་གཞུང་ལས་


CMR056_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཐུགས་ཀར་ཧི༔ཡིག་དམར་པོའི་མཐར་ཡིག་བཅུ་དང་། རྟ་མགྲིན་པདྨ་འབྱུང་གནས་ཕག་མོ་ཆོས་སྐྱོང་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་དང་། དེའི་མཐར་རང་རང་གི་སྔགས་འཁོར་ལུགས་སོགས་ཞིབ་པར་ཡོད་པ་མཆན། །འོད་འཕྲོས་སྣོད་ཀྱི་འཇིག་རྟེན་བདེ་ཆེན་ཞིང་། །རིགས་དྲུག་སེམས་ཅན་སྤྱན་རས་གཟིགས་དབང་སྐུ། །སྒྲ་རྣམས་ཡི་གེ་དྲུག་གམ་བཅུ་ཡི་སྒྲ། །དམིགས་པ་ཆ་གསལ་ན་སྐད་ཅིག་དུང་མང་འགྲུབ། །སངས་རྒྱས་སེམས་ཅན་གཉིས་ཀྱི་ཁྱད་པར་ཡང་། །སྣང་བ་དག་དང་མ་དག་ཁོ་ན་ལགས། །དེ་ཕྱིར་སྣོད་བཅུད་དག་པ་རབ་འབྱམས་བསྒོམ། །ཁྱད་པར་ཟབ་གནད་བསྲེ་བ་སྐོར་གསུམ་ལས། །རྒྱ་བོད་གྲུབ་ཐོབ་ནམ་མཁའི་ཁམས་གང་བ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དེས། །མཆོད་པས་སྐུ་གསུང་ཐུགས་ནི་བདེ་བས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཆར་བཞིན་བབས་ནས་རང་ལ་སིབ་སིབ་ཐིམ། །བྱིན་རླབས་རྟོགས་པའི་ཡེ་ཤེས་འབར་བསམ་ཞིང་། སྔགས་བཟླས་འབད་པ་སྔགས་དང་བསྲེ་བ་སྟེ། །སྔགས་ནི་ཡིད་འདོན་རླུང་ནི་ཕྱིར་འབུད་དུས། །འོད་ཟེར་སྤྲོ་ཞིང་མཆོད་པ་ཕུལ་བ་དང་། །ཚུར་རྡུབ་མཉམ་དུ་


CMR056_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་བསྟིམ་པ་དང་། །རླུང་དགངས་ཚེ་ན་ངོ་བོ་ཉིད་ལ་བལྟ། །དེ་ནི་རླུང་དང་བསྲེ་བའི་མན་ངག་གོ །དེ་བཞིན་ཨོ་རྒྱན་སྐུ་ལྔ་མཚན་བརྒྱད་དང་། །རྗེ་འབངས་ཉེར་ལྔ་གྲུབ་ཆེན་བརྒྱད་ཅུ་བཞི། །མར་མི་དྭགས་སོགས་བཀའ་བརྒྱུད་བླ་མ་རྣམས། །སྤྱིའམ་གང་མོས་རེ་རེ་བསྲེ་བ་ནི། །བླ་སྒྲུབ་ཀུན་ལས་ཁྱད་འཕགས་ཨེ་མ་ཧོ། །ཉམས་རྟོགས་སྐྱེ་དང་བོགས་འདོན་འདི་རང་ཟབ། །དེ་བཞིན་བདེ་དགྱེས་གསང་གསུམ་དུས་འཁོར་དང་། །གདན་བཞི་ཐོད་པ་མཱ་ཡ་གཤེད་དམར་ནག །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་ཡང་དག་དང་། །ཞི་དྲག་རྟ་མགྲིན་ཕྱག་རྡོར་ལ་སོགས་བསྲེ། །རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཅེས་བྱ་བ། །གྲུབ་པའི་རྒྱལ་མོས་གསུངས་པའི་མན་ངག་སྟེ། །གྲུབ་ཆེན་པཀིས་རྒྱ་ཆེར་བཀྲོལ་བའོ། །དེ་བཞིན་སྡིག་སྒྲིབ་སྦྱོང་ལ་རྡོ་རྗེ་སེམས། །ལས་སྒྲིབ་རྒྱུན་གཅོད་རྒྱལ་བ་མི་འཁྲུགས་པ། །ངན་སོང་སྒོ་གཅོད་ཀུན་རིག་རྣམ་སྣང་མཛད། །འཇིགས་པ་སྐྱོབ་ལ་སྒྲོལ་མ་ཉི་ཤུ་གཅིག །ཚེ་བསྲིང་ཚེ་དཔག་མེད་དང་སྒྲོལ་མ་དཀར། །ནད་སེལ་སྨན་ལྷ་མཆེད་བརྒྱད་ལོ་མ་ཅན། །ཕོ་གདོན་གུ་དྲག་མོ་གདོན་མི་གཡོ་བ། །ཀླུ་ལ་ཁྱུང་དང་ནཱ་


CMR056_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ག་རཀྵ་སྟེ། །བསོད་ནམས་སྤེལ་འདོད་ཛམ་ལྷ་ནོར་རྒྱུན་མ། །རླུང་ནི་བླ་མ་ཡི་དམ་བསྲེ་བ་གཅེས། །ལྷ་གཅིག་སྔགས་གཅིག་ཀུན་འགྲུབ་ཨེ་མ་ཧོ། །རླུང་ནི་མཁའ་འགྲོ་ཆོས་སྐྱོང་བསྲེ་བ་ཡང་། །ཕག་ཁྲོས་སེང་གསུམ་བེར་དང་ཕྱག་བཞི་དྲུག །གུར་དང་མ་ནིང་ལྷ་མོ་དཔོན་གཡོག་སོགས། །ཡེ་ཤེས་ལྷ་རྣམས་ཐམས་ཅད་རིགས་འགྲེས་སོ། །རླུང་ནི་རིགས་དྲུག་སེམས་ཅན་བསྲེ་བ་ཡང་། །མ་རྒན་འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ། །རླུང་ངམ་སྔགས་ཀྱི་འོད་ཟེར་ཕར་འཕྲོས་ཚེ། །རང་གི་བསོད་ནམས་དགེ་ཚོགས་འགྲོ་ལ་བསྟིམ། །ཐམས་ཅད་བདེ་བ་ཚད་བཟུང་མེད་པར་བསྒོམ། །བདེ་བའི་རྒྱུ་ནི་དགེ་བཅུ་སྤྱད་པར་གྱུར། །འོད་ཟེར་བསྡུ་ཞིང་རླུང་ནི་ཚུར་རྔུབ་དུས། །འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ། །སིབ་སེ་བསྡུས་ནས་རང་ལ་ཐིམ་པ་ཡིས། །དཔེར་ན་མེ་དཔུང་ལ་ནི་ཤིང་བསྣན་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་གཟི་བརྗིད་འབར། །ཁོང་དུ་གནས་ཚེ་སྟོང་ཉིད་ངོ་བོ་སྐྱོང་། །ཐུབ་པས་གཞན་དོན་མཛད་པས་རྫོགས་སངས་རྒྱས། །བྱིས་པས་རང་དོན་བྱས་པས་འཁོར་བར་འཁྱམས། །སངས་རྒྱས་


CMR056_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཐབས་ལ་འདི་ལས་ཟབ། །པཎ་ཆེན་དྷི་པཾ་ཀ་རས་མ་རྙེད་གསུངས། །གདོན་དང་ལྷ་འདྲེའི་བྱད་ཁ་ལ་སོགས་ལ། །གང་ཡིན་དེ་ལ་ཕུར་ཚུགས་འདི་བསྒོམས་པས། །གནོད་པ་ཞི་ཞིང་དམ་ལ་ཐོགས་ངེས་ཏེ། །བྱང་ཆུབ་སེམས་ཀྱི་འཇམ་གཅོད་གཅོད་ཀྱི་མཆོག །འཆད་ཁ་བ་དང་སྐྱོབ་པའི་མཛེ་བཅོས་ཡིན། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམ་པ་དེ། །གཤེགས་གསོལ་བསྡུ་ཆོག་ངེས་པར་མི་དགོས་ཏེ།་་་བདག་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་མཚན། །བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་བར། །ཕྱག་རྒྱ་སྒོ་བཅད་བར་དུ་བསྒྲུབ་པ་ཞེས། །བླ་མེད་ཨ་ཏི་ཡོ་གའི་ཁྱད་ཆོས་ལགས། །མཐའ་ནས་དབུས་ཡལ་ལོ་སོགས་བསྒོམ་པ་ནི། །དྲང་དོན་ལས་ནི་དང་པོའི་བསྒོམ་བྱ་སྟེ། །སྒོམ་མཁན་སེམས་ལ་བལྟས་པས་སྟོང་ཉིད་དུ། །མངོན་སུམ་མཐོང་བ་དེ་ཉིད་སྟོང་ཉིད་དངོས། །དེ་ཡང་གོམས་ནས་མཁའ་ལ་འཇའ་ཤར་བཞིན། །བསྐྱེད་རིམ་སེམས་ངོ་མི་འགལ་ཟུང་འཇུག་ཏུ། །བསྒོམ་པ་དེ་ཉིད་བསྐྱེད་རྫོགས་ཟུང་འཇུག་སྟེ། །ལུས་ནི་སྣང་སྟོང་ཐུགས་རྗེ་ཆེན་པོའི་སྐུ། །ངག་ནི་གྲག་སྟོང་ཡིག་དྲུག་ཆུ་བོའི་རྒྱུན། །སེམས་ནི་བདེ་སྟོང་མ་བཅོས་


CMR056_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པ་སྟེ། །དེ་གསུམ་རྒྱུན་གྱི་ཉམས་ལེན་དངོས་གཞིའོ། །ཁྱད་པར་སེམས་ཀྱི་ངོ་བོ་སྐྱོང་བའི་གནད། །རྟོགས་པ་བཟང་པོ་སྐྱེ་འདོད་རེ་བ་དང་། །གེགས་དང་གོལ་ས་ལ་སོགས་དོགས་པ་དང་། །བདེ་འདོད་གསལ་འདོད་སྟོང་རྗེན་འདོད་པ་དང་། །བྱིང་དང་རྨུག་དང་འཕྲོ་རྒོད་མི་འདོད་སོགས། །རེ་དོགས་དགའ་སྡུག་གང་བྱུང་བཅོས་པ་ཡིན། །མ་བཅོས་ཞོག་ཅེས་བླ་མས་མ་གསུང་ངམ། །བླང་དོར་མེད་པ་གལ་ཆེན་མ་གསུང་ངམ། །དགག་སྒྲུབ་སྤང་བླང་བྲལ་བར་མ་གསུང་ངམ། །བློ་ཡིས་མ་རིག་%ཞོག་ཅིག་མ་གསུང་ངམ། །རང་གར་ཅོག་གེ་ཞོག་ཅིག་མ་གསུང་ངམ། །ཐ་མལ་ཁྲེག་གེར་ཞོག་ཅིག་མ་གསུང་ངམ། །ཆུ་དང་རླབས་གཉིས་ཆུ་རུ་མི་གཅིག་གམ། །སྤྲིན་དང་ཁུ་རླངས་འཇའ་ཚོན་སྣ་ཚོགས་པ། །ནམ་མཁའ་ལས་བྱུང་ནམ་མཁའ་ཉིད་ལ་ཐིམ། །ནམ་མཁའ་ལས་གཞན་དེ་དག་ཡོད་དམ་ཅི། །སེམས་ལས་བྱུང་བའི་རྟོགས་ཚོགས་ཇི་སྙེད་པ། །སེམས་ལས་བྱུང་ཞིང་སེམས་ཀྱི་ཀློང་དུ་ཐིམ། །སེམས་ལས་གཞན་པའི་རྟོགས་ཚོགས་ཡོད་དམ་ཅི། །སེམས་ཉིད་ཡེ་ནས་ཆོས་སྐུ་རྗེན་པ་རུ། །མདོ་རྒྱུད་ཀུན་ལས་


CMR056_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་མ་ཐོས་སམ། །མ་བཅོས་བཞག་པ་དེ་ནི་ཆོས་སྐུ་སྟེ། །བཅོས་མའི་ལམ་གྱིས་འཕགས་ལམ་མི་འཐོབ་ཅེས། །རྒྱལ་བས་ཡང་ཡང་གསུངས་པ་མ་ཐོས་ནས། །ཧ་རེ་ལོང་ངེ་ཧར་སྐྱོན་མ་ཆེས་སམ། །དེ་ལྟར་ཡིན་སྙམ་སྐྱུར་བས་ག་ལ་ཆོག །མ་བརྗེད་དྲན་པ་གསལ་འདེབས་ཡང་ཡང་གཅེས། །དེ་ལ་འདི་བསྒོམ་གཏད་སོ་མེད་པ་གཅེས། །ངེས་ཤེས་འཛིན་པ་ནང་ནས་ཞིག་པ་གཅེས། །དེ་ལ་བོགས་འདོན་གདམས་ངག་རྣམ་པ་བཞི། །མོས་གུས་སྒོ་ནས་གེགས་སེལ་བོགས་འདོན་པ། །ཉམས་རྟོགས་མ་སྐྱེས་སྐྱེ་དང་སྐྱེས་པ་ལ། །བོགས་ཐོན་གེགས་སེལ་བརྟན་པ་ཐོབ་པ་ཡི། །མན་ངག་གཅིག་ཆོག་དཀར་པོ་གཅིག་ཐུབ་ནི། །བླ་མའི་རྣལ་འབྱོར་གསར་རྙིང་ཀུན་ནས་གསུངས། །ནཱ་རོ་རྒོད་ཚངས་གཉིས་པོས་རྩལ་དུ་བཏོན། །བཀའ་བརྒྱུད་ཀུན་གྱི་ཉམས་ལེན་མཐིལ་པོ་ལགས། །དག་སྣང་སྦྱོང་དང་གསོལ་བ་འདེབས་ཡུལ་གཉིས། །གཅིག་པར་མི་སེམས་གནས་སྐབས་སོ་སོ་ལགས། །དག་སྣང་ཆོས་མཛད་ཡོངས་ལ་སྦྱང་བར་བྱ། །ཡོན་ཏན་སུ་ལ་འདུག་ཀྱང་བླང་བར་བྱ། །གསོལ་བ་འཆུགས་མེད་དམ་པ་རྗེ་ལ་བཏབ། །བཀའ་དྲིན་ཆེ་


CMR056_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སོ་སྐྱེ་བླ་མ་ཡང་། །གཙོ་བོ་དེ་དང་ངོ་བོ་དབྱེར་མེད་བསམ། །བླ་མ་མི་ཡི་གཟུགས་སུ་མི་བསྒོམ་པར། །སངས་རྒྱས་བྱང་སེམས་སྐུ་རུ་བསྒོམ་པར་བྱ། །ཁྱི་སོར་རིང་བསྲེལ་ཟེར་བའི་ངག་རྒྱུན་བཞིན། །བླུན་དད་ཁོ་ནས་ཉམས་རྟོགས་སྐྱེ་བར་དཀའ། །རྐོས་ཕོར་རི་མོ་གང་ཡོད་ཚ་ཚར་དོད། །མཚུངས་མེད་བླ་མ་མ་མཇལ་མ་ཐོབ་ཀྱང་། །དྭགས་པོ་དུས་མཁྱེན་རྒོད་ཚངས་པ་ལ་སོགས། །དེ་ལས་བརྒྱུད་པའི་ལུང་རྒྱུན་ཐོབ་ཕྱིས་ནས། །དེ་དག་གང་འོས་རྩ་བའི་བླ་མར་རུ། །བཟུང་ནས་གསོལ་བ་ཐོབ་དང་བྱིན་རླབས་འཇུག །ཉམས་རྟོགས་སྐྱེ་བར་སོ་སོས་ཞལ་གྱིས་བཞེས། །དེ་ཡང་རང་གི་རྩ་བའི་བླ་མ་དང་། །ཐ་དད་མི་བསྒོམ་དབྱེར་མེད་བསྒོམས་ན་མྱུར། །བླ་མའི་རྣལ་འབྱོར་ལོགས་སུ་བསྒོམ་མི་དགོས། །ལྷ་དགུ་བསྒོམ་ཆེ་རིགས་བདག་འོད་དཔག་མེད། །རྩ་བརྒྱུད་བླ་མ་ཀུན་འདུས་ངོ་བོར་བསྒོམ། །ལྷ་ལྔ་བསྒོམ་དུས་རྩ་བའི་བླ་མ་དང། །ཨོ་རྒྱན་དབྱེར་མེད་བརྒྱུད་པའི་བླ་མ་དང་། །རྒྱ་བོད་གྲུབ་ཆེན་ཐམས་ཅད་འཁོར་དུ་བསྒོམ། །གསོལ་འདེབས་ཡིག་དྲུག་ཉིད་ཀྱི་ཆོག་པ་ཡིན། །སྤྲུལ་པའི་རྒྱལ་པོའི་


CMR056_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ཡིན་མོད་ཀྱི། །གསོལ་འདེབས་གང་རུང་མོས་གུས་དྲག་པོ་ཡིས། །རྒྱང་འབོད་བྱས་ན་འཕྲལ་དུ་བོགས་འོང་སྣང་། །ཐེ་ཚོམ་སོམ་ཉི་བྱུང་དུསུ་སྤྱི་བོ་ཡི། །བླ་མ་ཉིད་ལ་དད་གུས་གདུང་ཤུགས་ཀྱིས། །རྩེ་གཅིག་གསོལ་བ་བཏབ་རྗེས་ངོ་བོ་སྐྱོང་། །གང་ཤར་དེ་ལ་གེགས་སྐྱོན་ཡོད་མི་སྲིད། །མོས་གུས་ཕྱག་ཆེན་དགོངས་པ་དེ་ཉིད་དོ། །བདེ་བའི་སྒོ་ནས་བོགས་འདོན་ཐབས་ལམ་ནི། །རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་ཡི། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་བཏབ་ནས། །སྤྱི་མགྲིན་སྙིང་ལྟེ་གསང་བའི་རྩ་མདུད་དབུས། །ཨོཾ་ཨཱཧཱུྃ་ཧཱུྃ་ཨཱདཀར་དམར་མཐིང་སེར་ལྗང་། །གཏི་མུག་འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །ཕྲག་དོག་ལྔ་ཡི་ངོ་བོར་བསྒོམ་པར་བྱ། །འབུད་པ་དགུ་ཕྲུག་གིས་ནི་རླུང་རོ་འབུད། །རྔུབ་པ་དང་མཉམ་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔའི་ལས་སྒྲིབ་ཡིག་འབྲུ་ལྔ་ལ་བསྟིམས། །འདོམས་བར་དབུ་མའི་མར་སྣེ་རཾ་ཡིག་ལས། །མེ་འབར་དུག་ལྔའི་ས་བོན་འབྲུ་ལྔ་བསྲེགས། །ཐུགས་རྗེ་ཆེན་པོ་དཀར་དམར་མཐིང་སེར་ལྗང་། །ལྔ་རུ་གནས་འགྱུར་རྩ་འདབ་སོ་སོ་ལ། །གཙོ་བོའི་མདོག་ཅན་ཌཀྐི་རྩ་གྲངས་


CMR056_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །སླར་ཡང་རླུང་བཟུང་མེ་འབར་ལུས་ཀུན་ཁེངས། །ཚངས་བུག་ཧཾ་དཀར་མགོ་ཐུར་བསྟན་པ་ལས། །བདུད་རྩི་བྱང་སེམས་བབས་པས་འཁོར་ལོ་བཞིའི། །རྩ་རྣམས་གང་བས་བདེ་ཆེན་ཉམས་འབར་བསམ། །འཁོར་ལོ་བཞི་ལ་དགའ་བཞི་ཉམས་མྱོང་ནས། །གསང་བའི་སྦུ་གུ་ཧཱུྃ་ཡིག་དམར་པོས་བཀག །ལྔ་སྦྱངས་དྲུག་སྐོར་སོ་བདུན་མ་ལ་སོགས། །འཁྲུལ་འཁོར་ཐུབ་ན་དངོས་སུ་དྲོད་སྐྱེ་ཞིང་། །དེ་ནས་བདེ་ཉམས་དེ་ནས་མི་རྟོག་འཆར། །དང་པོ་འཁྲུལ་འཁོར་རླུང་གིས་ལུས་དུབ་དུས། །མི་སྒྱུར་སྙིང་རུས་བྱེད་པ་གེགས་སེལ་ཡིན། །དེ་ནས་དྲོད་འབར་བདེ་བ་རྒྱས་པའི་དུས། །ངོ་བོ་བལྟས་ལ་བདེ་སྟོང་དབྱེར་མེད་བསྲེས། །ཐིག་ལེ་མ་ཉམས་སྲོག་ལྟར་བསྲུང་བ་གནད། །དེ་ནས་མི་རྟོག་སྒོ་ནས་བོགས་འདོན་པ། །ཉལ་དུས་སེང་གེ་ཉལ་སྟབས་བྱས་ལ་ཉལ། །བསྡུ་རིམ་ནང་ལྟར་སྣོད་བཅུད་རང་ལ་བསྡུ། །དེ་ཡང་ཧྲིདང་ཐིག་ལེ་ན་དཱར་བསྡུ། །དེ་ནས་མི་དམིགས་ཉམས་ལེན་ངང་ལ་ཉལ། །གཉིད་དུ་སོང་ནས་རྨི་ལམ་མ་རྨིས་བར། །རྣམ་ཤེས་དབུ་མར་ཡུད་ཙམ་ཚུད་པའི་དུས། །སེམས་ངོ་ཟིན་ཞིང་དེ་ཡི་


CMR056_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ངང་གནས་ན། །དེ་ལ་འོད་གསལ་ཟིན་པ་བྱ་བའོ། །མ་གཉིད་བར་དུ་སེམས་ངོ་མ་ཡེངས་ཤིང་། །གཉིད་ནས་ཟིན་དང་མ་ཟིན་མི་འབྱེད་ཀྱང་། །རྨི་ལམ་ཟིན་མེད་ཕྱིར་ནངས་སད་མ་ཐག །སེམས་ངོའི་སྟེང་དེར་རྗེན་ནེ་འདུག་པ་དང་། །ཕྱིར་ནངས་ཁམས་བདེ་རིག་པ་དྭངས་བ་ན། །འཐུག་པོའི་འོད་གསལ་ཟིན་པ་ཡིན་ཞེས་བྱ། །གཉིད་མ་ཐག་ཏུ་གཉིད་པ་ཡིན་ཤེས་ཤིང་། །རྨི་ལམ་མེད་པར་སེམས་ངོའི་ངང་གནས་ན། །དེ་ནི་སྲབ་མོའི་འོད་གསལ་གོ་བར་སླ། །གཉིད་མ་ཐག་ཏུ་མིག་གི་ཐད་སོ་ནས། །འོད་དང་སྒྲོན་མེ་བཏེག་པ་འདྲ་སྣང་ཞིང་། །དེ་ཡིས་རྐྱེན་བྱས་སེམས་ངོའི་ངང་གནས་ན། །དེ་ནི་ཉམས་ཀྱི་འོད་གསལ་དེ་བས་དམན། །རྨི་ལམ་རྨིས་ན་ཉིན་མོའི་བག་ཆགས་ཀྱིས། །སེམས་ངོ་སྐྱོང་བས་ཉིན་བས་གསལ་བ་དང་། །རྨི་ལམ་རྨི་ལམ་ཡིན་པར་ངོ་ཤེས་ཤིང་། །དེ་ནས་བསྒོམ་པ་རྨི་ལམ་འོད་གསལ་ལོ། །དེ་དག་མ་ཟད་དབང་དུ་ཟིན་པ་དང་། །དམ་དུམ་ཟིན་སོགས་མ་ངེས་ཅི་ཡང་འབྱུང་། །འདི་ནི་མི་རྟོག་སྒོ་ནས་བོགས་འདོན་ཡིན། །འདི་ལ་གོམས་ན་འཆི་དུས་འོད་གསལ་ཟིན། །བར་དོ་མི་བགྲོད་ཡར་གྱི་ཟང་ཐལ་ཡིན། །དེ་


CMR056_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསལ་བའི་ངང་ནས་བོགས་འདོན་པ། །ཐེག་དགུའི་ཡང་རྩེ་ཨ་ཏི་ཡོ་གའི་ཆོས། །རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང་འབྲེལ་བ། །རྫོགས་ཆེན་ཐོད་རྒལ་གདམས་པ་ཉམས་ལེན་གཅེས། །སྙིང་དབུས་དྭངས་མ་ལྔ་ལྡན་འོད་ལྔའི་ཀློང་། །རིགས་ལྔ་ལ་སོགས་ཞི་བའི་ལྷ་ཚོགས་རྣམས། །དངོས་སུ་བཞུགས་པ་ཡེ་ཤེས་ལྔ་ཡི་འོད། །ཡེ་ཤེས་རྩ་ཡི་ལམ་ནས་མིག་ལ་གསལ། །ཙཀྱུས་སུརླའི་ཟེར་ལ་ཟིམ་བུས་བལྟས། །འཇའ་ཚོན་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །འཆར་བའི་ཟེར་གཉིས་ལ་ནི་རྒྱུན་དུ་བལྟ། །བཀྲག་མདངས་དེ་ལ་སེམས་གནས་མི་འཕྲོ་བ། །དེ་ཡི་ངོ་བོ་བལྟས་པས་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་མིག་གིས་མངོན་སུམ་མཐོང་། །ཇེ་ཆེར་འཕེལ་བ་ཉམས་ལེན་གོང་འཕེལ་ཟེར། །བར་དོར་སྒྲ་འོད་ཟེར་གསུམ་ངོས་ཟིན་ནས། །ལོངས་སྐུའི་ཞིང་དུ་སྐྱེ་བར་རྒྱལ་བས་གསུངས། །སྐུ་གཟུགས་རེ་རེའམ་སྣ་ཚོགས་དུ་མ་འཆར། །རིག་པ་ཚད་ཕེབ་བར་དོ་བགྲོད་མི་དགོས། །ཕྱི་དབུགས་ཆད་ཚེ་འོད་ཟེར་སྦུ་གུ་ནས། །རིག་པ་རྡོར་སེམས་ལ་ཐིམ་སངས་རྒྱས་གསུངས། །ཡི་དྭགས་རྣམས་ནི་ཟས་ལ་དགྲར་མཐོང་


CMR056_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ལོག་ལྟ་ཐོ་སྙད་མཁན་འགས་གཤེ་ན་ཡང་། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ཀྱི་དོན། །བསྒོམ་མི་དགོས་པར་བལྟས་པས་སངས་རྒྱས་ཐབས། །ཐེག་དགུའི་ཡང་རྩེ་འདི་ལ་བརྩོན་འགྲུས་བསྐྱེད། །འདི་ཉིད་ཉམས་སུ་ལེན་པའི་ཚེ། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ལ། རྫོགས་ཆེན་དང་འབྲེལ་བའི་དབང་དང་རྫོགས་ཆེན་གྱི་ཁྲིད་ཐོབ་པ་ཤིན་ཏུ་གལ་ཆེ། དེ་ནས་ཉམས་སུ་ལེན་ཚེ་འཇའ་འོད་དང་ལྷ་སྐུ་ལ་སོགས་ཅི་མཐོང་ཡང་གཞན་ལ་བཤད་དུ་མི་རུང་། གལ་ཏེ་བཤད་ན་འདིའི་བཀའ་སྲུང་མ་གཟའ་དམ་གསུམ་ཡིན་པས་འཁུ་ལྡོག་འོང་བར་ཤེས་པས། གཞན་ལ་མི་བཤད་པ་ནི་ཆོས་འདིའི་དམ་ཚིག་ཡིན་གསུངས། །མཆན། །དེ་ཡིས་བསྒོམ་བྱའི་ཉམས་ལེན་ཕར་ཆེར་སོང་། །དེ་ནས་རྒྱུད་སྡེ་རྣམས་ནས་སྤྱོད་པ་ནི། །ཀུན་བཟང་བྷུ་སུ་ཀུ་དང་བརྟུལ་ཞུགས་སྤྱོད། །ཕྱོགས་ལས་རྣམ་རྒྱལ་ལ་སོགས་མང་གསུངས་ཀྱང་། །སྤྱོད་པ་དུས་དང་མ་འབྲེལ་གཡང་ས་ཆེ། །ཀུན་ཏུ་བཟང་པོའི་སྤྱོད་པ་གཡང་ས་མེད། །དེ་ཕྱིར་བཀའ་བརྒྱུད་ཀུན་གྱི་ལམ་འདི་བསྙག །ལུས་ཀྱི་སྤྱོད་ལམ་འདུལ་ཁྲིམས་གཙོ་བོར་བྱ། །སེམས་ཀྱི་ཀུན་བསལང་བྱང་སེམས་སེམས་བསྐྱེད་གཟབ། །ཉམས་ལེན་གཙོ་བོར་བསྐྱེད་རྫོགས་ཟབ་ལམ་བསྒོམ། །ལག་ལེན་གཙོ་བོ་


CMR056_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྤང་དགེ་བ་བསྒྲུབ། །གནས་ཀྱི་གཙོ་བོར་རི་ཁྲོད་དགོན་པ་བསྟེན། །བག་ཡོད་གཙོ་བོར་ནག་ཆང་དུག་ལྟར་འཛེམ། །ཆགས་ཕྱི་གཙོ་བོར་བསྟན་པའི་རྐང་མི་འདྲེན། །འགྲོ་དོན་གཙོ་བོ་བྱམས་དང་སྙིང་རྗེ་བསྒོམ། །རྐྱེན་ཟློག་གཙོ་བོ་མཆོད་གཏོར་བསྐང་གསོར་འབད། །ཞེན་ལོག་གཙོ་བོ་བསྟན་དང་བླ་མ་དང་། །གྲྭ་རིས་ལ་སོགས་འདུ་ཕྱིར་མ་གཏོགས་པ། །རང་གི་སྒེས་ནོར་ཕུག་སྲིས་བསམ་པ་སྤང་། །དག་སྣང་གཙོ་བོ་ཕྲག་དོག་འགྲན་སེམས་དང་། །དོན་མ་གོ་བའི་ཅལ་སྒྲོག་གཤེ་སྐུར་སྤང་། །བཟོད་པའི་གཙོ་བོ་ཐུབ་པར་རྔན་ཆེན་དང་། །མི་ཐུབ་དགྲ་ལ་མནར་སེམས་འཆང་བ་སྤང་། །གཞན་ཕན་གཙོ་བོ་རང་ལ་རེ་བ་རྣམས། །འདི་ཕྱིར་གང་ཕན་སྐབས་སུ་གང་བབ་བྱ། །རྙེད་པས་རྙེད་ཚོལ་ལོག་འཚོའི་ཁེ་གྲགས་དང་། །བསྡུ་བའི་དངོས་པོ་བཞི་ཡི་འགྲོ་དོན་གཉིས། །བྱེད་ལུགས་འདྲ་ཡང་བསམ་པའི་ཁྱད་པར་སྟེ། །བསམ་པའི་འཁྱེར་ཕྱོགས་སེམས་བསྐྱེད་གནད་ཤེས་ན། །བྱང་ཆུབ་བསྒྲུབ་པའི་ཐབས་ནི་ཞོར་ལ་མཆིས། །གནད་མ་ཤེས་ན་སྡུག་བསྲན་ཨུ་ཚུགས་ནི། །རབ་ཏུ་ཆེ་ཡང་ས་ཆོད་ཆུང་བ་ལགས། །


CMR056_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །འགྲོ་བ་མ་ལུས་སངས་རྒྱས་ཐོབ་པའི་ཕྱིར། །བླ་མ་ཡི་དམ་རྣམས་ལ་ཡང་ཡང་ཕུལ། །རང་ལ་བདག་བཟུང་སྤུ་ཙམ་མེད་པར་བྱ། །ཟ་འཐུང་འགྲོ་འཆག་བྱ་བ་ཐམས་ཅད་ཀུན། །དཀོན་མཆོག་མཆོད་དང་འགྲོ་བའི་དོན་ཕྱིར་ལས། །རང་གི་དོན་དུ་བྱས་པ་མེད་པར་བྱ། །རང་ལུས་ཡི་དམ་ལྷ་ཡི་དཀྱིལ་འཁོར་གསལ། །ཟ་འཐུང་ཚོགས་འཁོར་སྦྱིན་སྲེག་མཆོད་པ་སྟེ། །གོས་རྒྱན་གདན་སོགས་ལྷ་ཡི་རྒྱན་དང་ལྡན། །ལང་དང་འགྲོ་བ་སེམས་ཅན་དོན་ཕྱིར་བསམ། །ཁང་པ་གཞལ་ཡས་གདན་ནི་པད་ཟླར་བཞུགས། །འགྲོ་ཚེ་གཡས་ངོས་པདྨའི་སྡོང་པོ་ནི། །ཁ་ལྔར་དགྱེས་པ་ལྷ་ལྔའི་ལྷ་ཚོགས་བཞུགས། །དེ་ལ་བསྐོར་བའི་མོས་པ་བྱས་ལ་འགྲོ། །དབང་བསྐུར་ཆོས་བཤད་ལ་སོགས་བྱེད་ན་ཡང་། །ཟང་ཟིང་སྡུད་པའི་བསམ་པ་གདིང་ནས་སྐྱུར། །བཤད་དང་ཐོས་པའི་ཕན་ཡོན་ཁོ་ནར་དམིགས། །དད་གུས་བསྟོད་ར་གཤེ་སྐུར་འབར་ཤ་རྣམས། །གང་ཐོབ་ངོ་བོ་བལྟས་ལ་ཀློང་དུ་སྒྱུར། །ཚུལ་ཁྲིམས་གཙང་དང་ཉམས་ལེན་བཟང་བ་དང་། །ཡོན་ཏན་མཁས་དང་ནུས་པ་ཐོན་པ་སོགས། །རང་ལ་


CMR056_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རང་མགུ་ཁེངས་སེམས་ནམ་སྐྱེས་ཚེ། །ཐམས་ཅད་བརྗེད་པའི་ཕུང་འདྲེ་དེ་ཡིན་པས། །སྔོན་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ལས། །བལྟས་ན་དེ་རྣམས་མཁས་དང་གྲུབ་པ་ཡི། །ཡོན་ཏན་དུང་ཕྱུར་ཕྲག་བརྒྱའི་ཆ་ཤས་ཀྱི། །ཆ་ཤས་ཙམ་ཡང་རང་ལ་མ་མཆིས་ན། །རང་ལ་ང་རྒྱལ་སྐྱེ་རྒྱུའི་ཡོན་ཏན་ཅི། །དགེ་མའི་མཚན་བརྗོད་དཔེ་ལས་བརྒྱ་འགྱུར་ལོད། །འབུ་སྲིན་རྣམས་ཀྱི་ནང་ནས་ལ་ལ་ནི། །གཞན་ལས་རྭ་ཅོ་རིང་བ་འགའ་རེ་སྣང་། །དེ་ཡིས་ཁོ་ལ་འཚོང་རྒྱུ་ཡོད་དམ་ཅི། །སྙམ་དུ་རང་གི་རང་ལ་རང་མཚང་འབྲུ། །གཞན་སྐྱོན་མི་བརྟག་རང་སྐྱོན་ཡང་ཡང་བརྟགས། །གཞན་སྐྱོན་འདུག་ཀྱང་རང་ལ་འགོས་དོགས་མེད། །རང་གི་སྐྱོན་གྱིས་རང་ཉིད་རྟག་ཏུ་ཕུང་། །རང་རེ་ཆོས་སྒོ་འདི་རུ་ཞུགས་ཕྱི་ནས། །བསྲུང་རྒྱུ་སྡོམ་པ་དམ་ཚིག་གཉིས་ལས་མེད། །བྱ་རྒྱུ་ཚོགས་བསགས་སྒྲིབ་སྦྱང་གཉིས་ལས་མེད། །མཚོ་རྒྱུ་རང་སེམས་གླང་པོ་འདི་ཁོ་ན། །དམིགས་རྒྱུ་བླ་མེད་བྱང་ཆུབ་རིན་པོ་ཆེ། །འདོད་རྒྱུ་འབྲེལ་ཚད་དོན་དང་ལྡན་པ་ཞིག །ཡིན་པར་ངེས་པས་སྡིག་པ་སྦྱང་བའི་ཐབས། །ཕྱག་དང་བསྐོར་བ་ཚ་ཚ་ལྟུང་བཤགས་


CMR056_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །རྡོར་སེམས་སྒོམ་བཟླས་ལ་སོགས་སྐབས་སུ་འབོད། །སྒྲུབ་ཆེན་ཚོགས་བརྒྱ་མར་མེ་སྐུ་གསུང་རྟེན། །བསོད་ནམས་བསགས་པའི་ཐབས་མཆོག་མཎྜལ་སོགས། །འབྱོར་པ་དང་བསྟུན་ཚོགས་བསགས་ཐབས་ལ་འབད། །འབྱོར་པ་མེད་ཀྱང་ཆུ་གཏོར་ལུས་སྦྱིན་སོགས། །ཚོགས་བསགས་སྒྲིབ་སྦྱང་གང་འཐད་སྐབས་དང་སྦྱར། །ཉམས་ལེན་ཤོར་ན་རེ་ཞིག་ཉམས་ལེན་གདམས། །དེ་ནས་རེས་འཇོག་བྱས་ལ་ཐུན་སྐབས་འབད། །དེ་ཡང་དེ་ལྟར་དགེ་སྦྱོར་གང་འབད་ཀྱང་། །ཉམས་ལེན་རྩི་དང་མ་བྲལ་ཟུང་འཇུག་ན། །ཐམས་ཅད་ཟག་མེད་ཚོགས་སུ་འགྱུར་བའི་ཕྱིར། །བླ་མེད་བྱང་ཆུབ་ལམ་དུ་འགྱུར་ངེས་ཏེ། །སྟོང་ཉིད་རྩི་དང་བྲལ་བའི་དམིགས་པ་ཅན། །ཟག་བཅས་འཁོར་བའི་བདེ་སྐྱིད་ཙམ་གྱི་རྒྱུ། །དེ་ལྟར་ཚོགས་གཉིས་ཟུང་འཇུག་བསགས་པ་དེ། །བསྔོ་བ་ཟབ་མོའི་རྒྱ་ཡིས་མ་ཐེབས་ན། །འཕེལ་བར་མི་འགྱུར་ཉམ་པར་སླ་བ་དང་། །ཟད་པར་འགྱུར་བས་བྱང་ཆུབ་ཐོབ་མི་འགྱུར། །བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་རྣམ་པ་གསུམ། །དངོས་པོར་དམིགས་ན་དུག་ཅན་ཕན་ཡོན་ཆུང་། །ཉམས་ལེན་སྟོང་ཉིད་ཉམས་དང་མ་བྲལ་


CMR056_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བར། །བསྔོ་བ་འཁོར་གསུམ་ཡོངས་དག་བསྔོ་བའོ། །དེ་ཡང་གོ་མ་ལོག་པ་གནད་དུ་ཆེ། །སངས་རྒྱས་ཐམས་ཅད་ཡོན་ཏན་ཡེ་ཤེས་མཉམ། །འོན་ཀྱང་སྐུ་ཚེ་བསྟན་པ་འཁོར་ཞིང་ཁམས། །མི་མཉམ་མི་འདྲ་སྣ་ཚོགས་འབྱུང་བ་ཡང་། །སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་ཁྱད་པར་ལགས། །ལྷ་ཀླུ་གནོད་སྦྱིན་བདུད་དང་གཞི་བདག་སོགས། །མཐུ་སྟོབས་ལོངས་སྤྱོད་རྫུ་འཕྲུལ་དཔག་མེད་ཅིང་། །ཕན་གནོད་བྱ་བ་སྣ་ཚོགས་བྱེད་པ་ཡང་། །རྒྱུ་ནི་སྔོན་གྱི་བསོད་ནམས་ཚོགས་ཡིན་ཏེ། །བསྔོ་སྨོན་གོ་མ་ལོག་པ་བཏབ་བཞིན་འགྲུབ། །དེ་དོན་གནད་འགག་རང་གིས་གོ་བའི་ཕྱིར། །གོ་མ་ལོག་ཅིང་རྒྱ་མ་ཆུང་བ་ཡིས། །བསྔོ་བ་སྨོན་ལམ་ཐུན་མཇུག་ཀུན་ཏུ་བྱ། །ཡེངས་ཤིང་བསྔོ་སྨོན་བྱས་པས་འགྲུབ་པ་མིན། །མ་ཡེངས་རྩེ་གཅིག་འདུན་པ་དྲག་པོ་ཡིས། །ཕྱོགས་བཅུའི་རྒྱལ་ཀུན་ཡིད་ཀྱི་དཔང་པོར་དམིགས། །ཉམས་ལེན་སྟོང་ཉིད་རྩི་དང་མ་བྲལ་བར། །བསྡུ་རིམ་མཇུག་ནས་འབྱུང་བ་ལྟ་བུ་ཡི། །ཐེག་པ་ཆེན་པོའི་བསྔོ་བ་སྨོན་ལམ་བྱ། །ལར་ནི་སང་ཉིན་འགྲོ་ངེས་མགྲོན་པོ་ལྟར། །རང་གི་ཐུགས་དམ་དགེ་སྦྱོར་གང་


CMR056_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ། །ཕྱི་བཞག་མི་བྱེད་འཕྲལ་དུ་གང་འགྲུབ་བྱ། །ལོང་སྐབས་བྱུང་ན་མོས་ཀྱིས་མང་བྱེད་པའི། །མ་བྱུང་དོ་དགོང་རང་ལ་ཤི་ན་ཡང་། །ཕྱི་བཤོལ་མེད་པར་ཅི་ནུས་དགེ་སྦྱོར་འབད། །ཐོས་བསམ་བསྒོམ་དང་བསྐྱེད་རྫོགས་དོན་ཤེས་པས། །སྤྱོད་པ་ཅི་ཡང་མི་ལྟོ་སེམས་བྱུང་ན། །རིགས་ལྡན་མཁའ་འགྲོ་ལྷ་ལྕམ་པདྨ་གསལ། །ཨོ་རྒྱན་ལ་སོགས་པཎ་གྲུབ་བརྒྱ་རྩ་མཇལ། །དབང་ལུང་ཁྲིད་ཐོབ་སྨོན་ལམ་རྣམ་དག་ཀྱང་། །སྔོན་གྱི་འཆལ་བའི་ལས་སྒྲིབ་ལྷག་མ་དེས། །ལུས་ངན་འགའ་བླང་པདྨ་ལས་འབྲེལ་རྩལ། །མཚོན་མ་ཟུག་ཀྱང་གསང་གནས་རྡོ་བ་ཡིས། །བརྡུངས་ནས་འདས་པའི་ལོ་རྒྱུས་དྲན་པར་བྱ། །གོ་ཞིང་རྟོགས་པའི་ཉམས་རྟོགས་ཅུང་ཟད་བྱིང་། །ཚེ་འདི་གལ་ཆེ་བ་དྲེད་སྙམ་བྱུང་འདུག་ན། །ཤི་བ་མཐོང་ཐོས་དཔེ་དང་རང་ལ་སྐབས། །དེ་འདྲ་མི་འོང་གདེང་ཚོད་གང་ཡིན་བརྟགས། །བྱིན་རླབས་ནུས་པས་འཆི་བ་བཟློག་སེམས་ན། །སྐྱེས་ཆེན་དམ་པ་མང་པོ་གློ་བུར་དུ། །གཤེགས་པ་འདི་ནི་བསམ་ཞིང་ཡ་ང་སྐྱེ། །སྨན་དང་རིམ་གྲོས་འཆི་བ་བཟློག་པ་ན། །རྒྱལ་པོ་སྡེ་དཔོན་འདི་རྣམས་ཅི་ལ་འདིའ། །ད་ལྟ་ཤི་ན་


CMR056_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འོང་གར་འགྲོ་བསམ། །དེ་གཉིས་གེགས་སེལ་བོགས་འདོན་གཙོ་བོ་ཡིན། །དེ་ལྟར་ལྟ་བ་མ་ནོར་གནས་ལུགས་རྟོགས། །བསྒོམ་པ་མ་འཁྲུལ་བསྐྱེད་རྫོགས་ཟུང་དུ་འཇུག །སྤྱོད་པ་མ་འཆོལ་བླང་དོར་གཟབ་བྱས་ན། །འབྲས་བུ་མཆོག་དང་ཐུན་མོང་དངོས་གྲུབ་གཉིས། །དང་པོ་སྔ་ལྟས་དེ་ནས་རིམ་བཞིན་ཐོབ། །དེ་ཡང་འདི་དང་ཕྱི་མ་བར་དོ་འོ། །སྔ་ལྟས་དངོས་ཉམས་རྨི་ལམ་རྟགས་འབྱུང་བ། །དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་དུ། །རྒྱུད་དང་སྒྲུབ་ཐབས་ཀུན་ནས་གསུངས་ལགས་ཀྱང་།ལ་ལས་དངོས་ཉམས་རྨི་ལམ་རྟགས་ལ་སོགས། །འཕྱ་བཞད་བྱེད་པ་ཉམས་སུ་མ་བླངས་རྟགས། །ཉམས་སུ་བླངས་ན་རྟོགས་མེད་ག་ལ་སྲིད། །མེ་བུས་དུ་བ་ཆུ་བསྐོལ་རླངས་པའི་དཔེ། །རྟགས་མི་ཤེས་ན་ས་མཚམས་མི་ཟིན་སྐྱོན། །རྟགས་བཟང་བཟང་རློམ་ཆེ་ན་བར་ཆད་བདུད། །རྟགས་ངན་སྐྱིད་ལུག་སྐྱུར་ན་བར་ཆད་ཉུང་། །ཕལ་ཆེར་དབང་པོ་ཐ་མ་སོ་སྐྱེ་ཡི། །རྟགས་རྣམས་རྨི་ལམ་ཆ་འཇོག་མ་གསུངས་ཏེ། །ལུས་ལས་རྣག་ཁྲག་མི་གཙང་ཐོན་པ་དང་། །བཤལ་དང་སྐྱུགས་དང་ཁྲུས་བྱས་གོས་དཀར་


CMR056_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན། །འཕུར་དང་ནམ་ལངས་ཉི་ཟླ་ཤར་བ་རྣམས། །སྡིག་སྒྲིབ་དག་པའི་རྟགས་སུ་གསུངས་པ་ཡིན། །གངས་རིའི་རྩེར་ཕྱིན་དུང་བུས་རོལ་མོ་སྒྲོག །ཤེལ་དང་བུམ་པ་ཕྱག་མཚན་རྙེད་པ་དང་། །མེ་ཏོག་གླིང་རྒྱས་གླེགས་བམ་རྙེད་པ་སོགས། །རྟོགས་པ་སྐྱེ་ཡང་དམ་ཆོས་འགྲུབ་པའི་རྟགས། །དར་ཕྱར་ཁྲིར་འདུག་ཁྲོམ་ལ་ཆོས་འཆད་དང་། །ཁང་བཟང་ནང་གནས་ལོ་ལེགས་འབྲུ་རྣམས་ཕུལ། །ཆང་དང་བདུད་རྩི་འོ་ཞོ་ཕུལ་ལམ་འཐུང་། །ཆོས་གཏེར་ནོར་གཏེར་རིན་ཆེན་སྣ་ཚོགས་རྙེད། །གོས་བཟང་གྱོན་རྨིས་བསོད་ནམས་འཕེལ་བའོ། །རང་གི་བླ་མ་སྔོན་གྱི་གྲུབ་ཐོབ་ཚོགས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྣ་ཚོགས་དང་། །ཞལ་མཇལ་ཆོས་གསུངས་དབང་བསྐུར་བརྡ་ཆོས་སྟོན། །སྔགས་སྒྲ་གྲག་དང་བར་སྣང་ཡིག་འབྲུ་ཤར། །འཇའ་དང་འོད་འཁྱུགས་དྲི་བཟང་རོལ་མོ་སྒྲོག །ལེགས་ཉེས་ཅི་འོང་བརྡ་དང་ཚིག་གིས་སྟོན། །མར་མེ་ཡོན་ཆབ་གཏོར་མ་་འཛིན་པ་དང་། །གཏོར་མ་ཞུ་དང་བདུད་རྩི་ཁོལ་ལམ་འཕྱུར། །ཉམས་དགའ་བག་དྲོ་བྱིན་འཐིབས་རིག་པ་དྭངས། །དད་པའི་གདུང་ཤུགས་ཉམས་འབར་སྣང་བ་འུར། །


CMR056_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་བྲོ་འཁྲབ་ཉམས་དབྱངས་ཐོགས་མེད་ཤོར། །འཁྲུལ་པ་ཞིག་སྙམ་གང་ལའང་རྩིས་གདབ་མེད། །ཕྱི་ཡི་སྣང་བ་གཏན་མེད་སྒྱུ་མར་ཤར། །ནང་གི་རིག་པ་བཟོ་མེད་ལྷུག་པར་ཞིག །ལྷ་འདྲེས་གུས་འདུད་གཟུགས་སྟོན་དངོས་གྲུབ་སྟེར། །དེ་སོགས་རྟགས་བཟང་དངོས་གྲུབ་འབྱུང་བའི་ལྟས། །སྒྲུབ་པ་ཉམས་ལེན་མེད་དུས་ཚི་བདེ་བ་ལ། །ཆོས་སྒྲུབ་ཉམས་ལེན་དགེ་སྦྱོར་བརྩོན་བྱས་པས། །ནད་མང་སྨྲ་མཆུ་ཟེར་ཟློས་གོད་ཁ་ལྡང་། །རྨི་ལམ་ཉི་ཟླ་ནུབ་དང་མུན་རུབ་པ། །གོས་ནག་གྱོན་དང་ཐུར་སོང་ལྕགས་སུ་བཅུག །མི་གཙང་འདམ་བྱིང་ཁྱི་དང་གཅན་གཟན་དེད། །རྦབ་དང་ཐོག་སེར་མདའ་རྡོའི་ཆར་པ་འབབ། །བུད་མེད་ངུ་དང་བྲང་བརྡུང་རྒྱན་ཆ་བཏགས། །དེ་སོགས་མི་དགེའི་ཆོ་འཕྲུལ་ལྟས་བྱུང་ཡང་། །ཆོས་དང་སྒྲུབ་ལ་ལོག་ལྟ་མི་བྱ་སྟེ། །སྣོད་བཀྲུས་ན་ནི་དྲི་ཁུ་ལྡང་བ་ལྟར། །ལས་སྒྲིབ་དག་པའི་རྟགས་སུ་ངོས་ཟིན་བྱ། །དམ་ཚིག་ཉམས་ཆག་བསྐང་ཕྱིར་བདག་འཇུག་གམ། །ཏིང་འཛིན་དབང་བླང་བསྐང་བཤགས་ཡིག་བརྒྱུར་འབད། །ཕྱག་དང་ལྟུང་བཤགས་ཚ་ཚ་ཆུ་གཏོར་དང་། །སྲུང་ཟློག་


CMR056_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རིམ་དག་ལ་འབད་པར་བྱ། །བཟང་རྟགས་ངེས་ཅན་གསལ་བར་བྱུང་ན་ཡང་། །དེ་ལ་མཆོག་འཛིན་དགའ་བྲོད་ཨ་འཐས་ན། །མཆོག་གི་དངོས་གྲུབ་ཐུན་མོང་ཙམ་དུ་གོལ། །ཐུན་མོང་དངོས་གྲུབ་ཕྱིར་འགྱང་དགའ་བྲོད་བདུད། །སྒྲུབ་པ་བྱས་ཚོད་རྟགས་ལ་ཆུང་ངུ་ཙམ། །དེ་ལ་ཡ་མཚན་སྐྱེ་རྒྱུ་ཅི་ཞིག་ཡོད། །མེ་བུས་དུ་བ་འབྱུང་བས་ཡ་ཅི་མཚན། །སྙམ་དུ་མཆོག་འཛིན་རབ་དུ་སྤང་བཞིན་དུ། །དངོས་གྲུབ་བླངས་ཆོག་བྱའམ་ཏིང་འཛིན་གྱི། །དབང་དང་དངོས་གྲུབ་བླངས་བའི་དམིགས་པ་བྱ། །རྟགས་བཟང་བྱུང་ཡང་ཕྱིར་ནངས་སྙིང་མི་དགའ། །བག་མི་དྲོ་ན་བདུད་ཀྱི་བསླུ་བ་ཡིན། །རྟགས་མཚན་ངན་ཡང་སྙིང་དགའ་རིག་པ་དྭངས། །ངན་རྟགས་བཟང་པོར་སྟོན་པ་ཞེས་བྱ་ལེགས། །དེ་འདྲ་བྱུང་བ་གང་ཡིན་མི་འབྱེད་ན། །ཐམས་ཅད་སྒྱུ་མ་བདེན་མེད་རྨི་ལམ་འདྲ། །སྙམ་བྱས་སྟོང་ཉིད་ལྟ་བའི་ངང་ལ་བཞག །དེ་ཡི་བར་ཆད་ཐམས་ཅད་དངོས་གྲུབ་འགྱུར། །དེ་ནས་ནད་གདོན་དགྲ་དང་སྨྲ་མཆུ་ལ། །གཏན་ནས་འཇིག་རྟེན་བྱ་བ་བ་བློས་ཐེང་ཞིང་། །སྒྲུབ་པ་ཉམས་ལེན་རྟོགས་པའི་བོགས་བྱུང་ན། །དེ་ཡི་ས་ལྟས་ངན་


CMR056_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དུ་ཁུག་པ་ཡིན། །རང་ལ་ཉམས་རྟོགས་ཐོས་བསམ་བསྒོམས་པ་ཡི། །ཡོན་ཏན་ཆེན་པོ་མེད་བཞིན་གདུལ་བྱ་འུར། །ཀུན་གྱིས་དད་གུས་འབུལ་ཞབས་དཀོར་བསོད་ཆེ། །རང་ཡང་ང་རྒྱལ་ཁེངས་སེམས་སྤོབས་པ་སྐྱེ། །མཐོ་ལ་འགྲན་སེམས་དམའ་ལ་ཕྲག་དོག་སྐྱེ། །ཆུང་ལ་བརྙས་བཅོས་དད་གུས་དག་སྣང་འགྲིབ། །འུར་སྒྲོབ་རྣམ་གཡེང་ཇེ་ཆེ་ཉམས་ལེན་འགྲིབ། །དུག་ལྔ་ཇེ་རྒྱས་བྱུང་ན་ལྷ་བུའི་བདུད། །རང་སྣང་འགྱུར་དང་གཞན་སྣང་འགྱུར་བ་མཉམ། །རང་འདོད་འཁྲི་བ་མེད་ཅིང་ཕན་སེམས་ཆེ། །ཉམས་རྟོགས་འཕེལ་རྒྱས་ངེས་འབྱུང་སྐྱོ་ཤས་ཆེ། །རང་ཉིད་དམན་ལ་དག་སྣང་ཕྱོགས་མེད་འབྱོངས། །ཉིན་མོ་མི་འདུ་ནང་ནུབ་ཟས་ནོར་འདུ། །འདོད་པ་མེད་བཞིན་ལོངས་སྤྱོད་ཆར་ལྟར་འབེབས། །བག་ཀྱང་ཆགས་ཞེན་འཁྲི་བ་སྦར་བཅང་མེད། །ཉམས་རྟོགས་མི་འགྲིབ་འཕེལ་ཞིང་གཞན་ལ་ཕན། །དེ་ནི་ཐུན་མོང་དངོས་གྲུབ་ཡིན་པར་ས། །དོན་མེད་སྐྱེས་པ་བུད་མེད་ལ་ལ་ཞིག །རང་ཉིད་མཇལ་ནས་དབང་མེད་དད་པ་སྐྱེ། །འདི་ཕྱི་བར་གསུམ་ཅི་མཛད་ཁྱེད་ཤེས་ཟེར། །སྐུ་བཅད་ཆོས་སྒོར་ཞུགས་


CMR056_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་མར་གྱུར། །དབང་ལུང་ཁྲིད་དང་གདམས་པ་མང་དུ་བྱིན། །དང་པོ་ཉམས་སྐྱེས་དེ་ནས་ཨག་སར་ཡལ། །རང་གི་སྙིང་རྗེ་ཕན་སེམས་ཤ་ཚ་བཅས། །དད་པ་དྲེད་ནས་མཉམ་འགྲོགས་རོགས་པར་མཐོང་། །བུད་མེད་ཡིན་ན་མཐུན་ཆེ་སྡོམ་པ་འཆོར། །སྐྱེས་པ་ཡིན་ན་རྗེས་ནས་དགྲ་རུ་ལྡང་། །དམ་ཚིག་མི་རྩི་བརྟག་རྐུ་གཤེ་ལོག་འགེབ། །དེ་དག་དམ་སྲིའི་བསླུ་བ་ཡིན་པར་ངེས། །བཙུན་མ་དད་མདུན་ཆེ་ཡང་རྒྱང་དུ་བསྲིང་། །སྐྱེས་པ་མཛའ་མཐར་འཁོན་ཐབས་གཉིས་ཀ་སྤངས། །འཁྲིབ་ཉམས་ཆེ་ན་ཐབས་ཀྱིས་སྤངས་བ་ལེགས། །དེ་ནས་ཟང་ཟིང་གདུལ་བྱ་འུར་ན་ཡང་། །འཛིན་ཆགས་ཞེན་འཁྲི་མི་བྱ་ཆོས་ཀྱི་ཕྱོགས། །གང་ཐེང་བྱ་ཞིང་ང་རྒྱལ་རློམ་སེམས་སྤང་། །དེ་བྱས་མཆོག་ལ་མི་སྒྲིབ་ཉེས་པ་མེད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །འཁོར་དང་གདུལ་བྱ་སྙན་གྲགས་ལོངས་སྤྱོད་སོགས། །ལོ་ལེགས་ཕུབ་མ་ཞོར་ལ་འོང་བ་ལྟར། །མཆོག་གི་ཞོར་ལ་ཐུན་མོང་དངོས་གྲུབ་འབྱུང་། །མཆོག་འཛིན་རློམ་སེམས་ང་རྒྱལ་ཁེངས་སེམས་སྐྱེས། །མཆོག་ལ་བསྒྲིབས་པས་ཙན་དན་སོལ་བ་བྱས། །དེ་ཕྱིར་ང་


CMR056_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁེངས་པ་རྩ་ནས་དོར། །ནད་གདོན་ཞི་ནུས་དགྲ་བགེགས་འདུལ་ནུས་དང་། །ཕྲིན་ལས་བཞི་པོ་གང་ཙམ་འགྲུབ་ན་ཡང་། །རང་ལ་ནུས་མཐུ་ཡོད་ནས་ག་ལ་ཡིན། །ལྷ་དང་བླ་མའི་ཐུགས་རྗེ་ཡིན་སྙམ་ནས། །སླར་ཡང་གཏང་རག་མཆོད་གཏོར་ཚོགས་འཁོར་གཟབ། །དེ་ཡིས་ཇེ་ཆེ་རྣོ་ཞིང་མཆོག་མི་སྒྲིབ། །ཁྱད་པར་ཡར་མར་ཚེས་བཅུ་ཉ་མཚམས་བརྒྱད། །ཉེར་དགུ་ལ་སོགས་དུས་གཉེན་བྱུང་དུས་ལ། །ཅི་འབྱོར་མཆོད་གཏོར་གཟབ་ན་ཅི་བསམ་འགྲུབ། །ལུས་སེམས་བྲལ་མ་ཐག་ཏུ་དཔའ་བོ་དང་་།ཊཱཀྐི་རྣམས་ཀྱིས་མཆོད་སྤྲིན་རྒྱ་མཚོར་བཅས། །དག་པའི་ཞིང་ངམ་སྨོན་ལམ་གར་བཏབ་རུང་། །བསུ་བར་བྱེད་ཅིང་རྒྱུད་སྡེའི་དགོངས་པའོ། །དེ་དག་ཐུན་མོང་དངོས་གྲུབ་འབྱུང་ཚུལ་ལོ། །ཐུན་མོང་གྲུབ་ཆེན་བརྒྱད་སོགས་ཀུན་གྱི་སྐབས། །དེ་ནས་མཆོག་གི་དངོས་གྲུབ་ནི། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །སྟོང་ཉིད་ལྟ་བའི་ངང་ཉིད་ལས། །རང་ལུས་ཡི་དམ་ལྷ་རུ་གསལ། །དེ་ལ་གསལ་སྣང་བརྟན་པ་ན། །བར་དོའི་ཡིད་ལུས་དེ་ཉིད་ནི། །དེ་ལྟར་སྣང་སྟོང་ལྷ་ཡི་སྐུ། །དངོས་སུ་གྱུར་ནས་ཞིང་


CMR056_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བགྲོད། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན། །གདུང་དང་རིང་བསྲེལ་སྐུ་གཟུགས་སམ། །འཇའ་འོད་ལ་སོགས་རྟགས་ཤིག་འབྱུང་། །ཟུང་འཇུག་དེ་ལྟར་མི་གསལ་ཞིང། །ངོ་བོ་རྗེན་པར་རྟོགས་པ་དེ། །རྒྱུན་དུ་མ་ཡེངས་སྐྱོང་ནུས་ན། །ཕྱི་དབུགས་ཆད་ཅིང་ནང་དབུགས་གནས། །གཞི་ཡི་འོད་གསལ་ཤར་བའི་ཚེ། །ཆུ་ཉིད་ལ་ནི་ཆུ་བཞག་ལྟར། །ཉམས་ལེན་ཟིན་ནས་དེ་ཐོག་ཏུ། །ཞག་བདུན་ལ་སོགས་གནས་ན་ནི། །འཆི་བ་ཆོས་སྐུར་སངས་རྒྱས་ཏེ། །བར་དོའི་སྣང་བ་དེ་ལ་མེད། །ཡར་གྱི་ཟང་ཐལ་ཡིན་པར་གསུངས། །རྟགས་ནི་ཤ་བཀྲག་ཡུན་རིང་གསལ། །ཨཱདང་ཧཱུྃ་འབྱོན་ནམ་མཁའ་དྭངས། །དེ་གཉིས་བརྟན་པོ་མེད་ན་ཡང་། །ཐོད་རྒལ་ངེས་ཤེས་བརྟན་པོ་ཡི། །ཆོས་ཉིད་བར་དོར་ཞི་ཁྲོའི་ལྷ། །ངོས་ཟིན་དག་པའི་ཞིང་དུ་སྐྱེ། །དེ་ལའང་འཇའ་འོད་གདུང་སོགས་འབྱུང་། །གལ་ཏེ་དེ་ཚོ་མ་ཟིན་ནས། །སྲིད་པ་བར་དོར་འཁྱམས་སྲིད་ན། །རང་ཉིད་ཤི་བར་ཡིན་ཤེས་ནས། །ཅི་བྱ་གཏོལ་མེད་བྱུང་རྩ་ན། །ཡི་དམ་ཐུགས་རྗེ་ཆེན་པོའི་མཐུས། ཚེ་འདིར་ཡི་དམ་རྒྱལ་བ་རྒྱ་མཚོ་ལ་ཡི་དམ་བྱས་ནའོ། མཆན། །བྱང་ཆུབ་


CMR056_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བརྒྱད་བྱོན་ནས། །ཁྱོད་ཀྱི་ལྷ་ནི་སྤྱན་རས་གཟིགས། །ཡི་གེ་དྲུག་པ་ཁྱོད་ཀྱིས་བཟླས། །ཁྱོད་ཀྱི་ཞིང་ཁམས་བདེ་བ་ཅན། །འགྲོ་བའི་ལམ་ནི་འདི་འོ་ཞེས། །ལུང་སྟོན་ངང་པའི་རྒྱལ་པོའམ། །རླུང་གི་ཤུགས་ལྟར་མགྱོགས་པ་ཡི། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །འོད་དཔག་མེད་པའི་ཞལ་མཐོང་སྟེ། །ཡིད་ལ་དགའ་བདེ་ཚད་མེད་སྐྱེས། །དེ་ཡིས་རྐྱེན་བྱས་མེ་ཏོག་ནི། །པདྨའི་སྦུབས་སུ་སྐྱེ་འོ་ཞེས། །ཟ་མ་ཏོག་སོགས་མདོ་རྒྱུད་ནི། །དུ་མར་གསུང་ལ་དཔང་པོ་བྱས། །དེ་ཡི་གནད་ཀྱི་མན་ངག་ལ། །དེང་ནས་དགེ་རྩ་གང་བསགས་ཀུན། །དེ་རུ་སྐྱེ་བའི་རྒྱུ་རུ་བསྔོ། །དེ་ནས་དེ་རུ་སྐྱེ་ངེས་པའི། །འོད་དཔག་མེད་ཀྱི་སྨོན་ལམ་མཐུས། །མཚམས་མེད་བྱས་དང་དམ་ཆོས་སྤངས། །མ་གཏོགས་སྨོན་ལམ་གང་བཏབ་འགྲུབ། །མི་འགྲུབ་དོགས་པའི་ཐེ་ཚོམ་གྱིས། །ཉེས་པས་མེ་ཏོག་པདྨའི་ཁ། །ལོ་ནི་ལྔ་བརྒྱར་མི་བྱེ་བས། །ནང་དུ་བདེ་སྐྱིད་ལྡན་ན་ཡང་། །སངས་རྒྱས་མ་མཇལ་སྡུག་བསྔལ་ཡོད། །དེ་ཕྱིར་ཐེ་ཚོམ་མེད་པ་གཅེས། །དེ་ན་སྐྱེས་པས་ཅི་དགའ་ན། །སྡུག་བསྔལ་བྱ་བའི་མིང་མི་གྲགས། །


CMR056_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །རྟག་ཏུ་སངས་རྒྱས་ཞབས་འབྲིང་བྱེད། །འདིར་བསགས་སྡིག་སྒྲིབ་ལྷག་མ་ཀུན། །དེ་རུ་དམ་ཆོས་བསྒྲུབས་པས་སྦྱོངས། །ནམ་ཡང་འཁོར་བར་མི་ལྟུང་སྟེ། །ནད་མེད་ཚེ་ལོ་གྲངས་མེད་ཐུབ། །དེ་ནས་འཕོས་ནས་རྫོགས་སངས་རྒྱས། །རྫོགས་པའི་སངས་རྒྱས་ཐོབ་པ་ལ། །ལམ་ཐག་ཉེ་ལ་བར་ཆད་མེད། །གཞན་དོན་མི་འབྱུང་མ་ཡིན་ཏེ། །ས་བཅུ་ཐོབ་ནས་ཕྱོགས་བཅུ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འགྲོ་དོན་དཔག་མེད་དེ་ནས་འབྱུང་། །མི་འཁྲུགས་སྨན་བླ་བྱམས་པ་མགོན། །པད་འབྱུང་ཕྱག་རྡོར་ལ་སོགས་པའི། །ཞིང་ཁམས་རྫུ་འཕྲུལ་གྱིས་བགྲོད་ཅིང་། །ཞལ་ལྟ་ཆོས་སྟོན་དེ་ཉིད་རང་། །བདེ་བ་ཅན་དུ་འཁོར་བར་འོང་། །དེ་སོགས་ཞིང་གི་ཡོན་ཏན་རྣམས། །འོད་མདོ་བདེ་ཆེན་ཞིང་བཀོད་དང་། །པད་དཀར་ལ་སོགས་བལྟས་པས་གསལ། །དེ་རུ་སྐྱེས་པའི་ལྷ་དང་སྔགས། །རྒྱལ་བ་རྒྱ་མཚོ་ཡིན་ཤེས་བྱ། །འདི་འདྲའི་གནད་ཟབ་མན་ངག་འདི། །མདོ་རྒྱུད་བསྟན་བཅོས་དུ་མ་ལ། །ཐོས་བསམ་བྱས་པའི་འབྲས་བུ་དེ། །རྒྱ་མཚོ་ནང་གི་ནོར་བུ་བཞིན། །ཁོ་བོས་རྙེད་


CMR056_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐལ་པ་བཟང་། །བདག་ལ་རེ་ལྟོས་བཅས་ཚད་ཀུན། །ལྷ་འདི་སྔགས་འདི་ཞིང་ཁམས་འདི། །འདི་ལ་སྙིང་ནོར་མིག་འབྲས་མཛོད། །ལྟ་སྒོམ་སྤྱོད་འབྲས་བཞི་པོ་འདི། །ཧ་ཀྱང་མཐོན་པོ་བཤད་ཤེས་ཀྱང་། །རང་གི་ཉམས་སུ་མི་ལོན་པས། །གཞན་ལ་བཤད་ཀྱང་ངོ་ཚའི་རྒྱུ། །རང་ཉམས་བསྟུན་པའི་ཞལ་གདམས་། འདི། །འཆུག་མེད་འདི་བཞིན་ཉམས་བླངས་ན། །རང་དོན་མཆོག་ཐུན་དངོས་གྲུབ་འབྱུང་། །གཞན་དོན་འབྲེལ་ཚད་དོན་དང་ལྡན། །བདག་གི་ཕོ་ཚོད་མ་ལགས་ཏེ། །མདོ་རྒྱུད་མན་ངག་བླ་མའི་གསུངས། །ཀུན་གྱི་བཅུད་བསྡུས་མན་ངག་ཡིན། །ཁ་ནག་ཡིག་ནག་སྤྱད་པ་ཡི། །འོལ་ཚོད་གོ་བ་སྐམ་པོ་མིན། །རང་ལ་ཉམས་མྱོང་བག་ཙམ་ཡོད། །བཀའ་ཆད་ལུང་སྡུམ་རས་ཆོད་མིན། །དབང་ལུང་མན་ངག་བརྒྱུད་པར་ལྡན། །རྒྱུད་ལས་མ་གསུང་མན་ངག་མིན། །པདྨ་ཟབ་དང་རྒྱལ་པོའི་རྒྱུད། །རྒྱ་གཞུང་མེད་པའི་རྒྱུད་ཀྱང་མིན། །རྡོ་རྗེ་སྙིང་པོ་ཛ་ལེན་དྷ། །སེམས་དཔའི་གྲུབ་ཆེན་རྒྱ་གཞུང་གསལ། །མན་ངག་མེད་པའི་རྒྱུད་ཀྱང་མིན། །གྲུབ་རྒྱལ་པད་འབྱུང་མན་ངག་མང་། །


CMR056_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མ་ལོ་ཙཱ་གསུམ་གྱིས་བསྒྱུར། །གཏེར་མ་གཏེར་སྟོན་གསུམ་གྱིས་སྟོན། །སྙན་བརྒྱུད་ཡི་དམ་ལྷ་ཡིས་གསུངས། །བརྒྱུད་པ་སེལ་མེད་སངས་རྒྱས་གསུངས། །བྱིན་རླབས་མ་ཉམས་དུས་འདིར་ཆེ། །བླ་མ་ཡི་དམ་དབྱེར་མེད་གཅིག །ལྷ་ཀུན་དཀྱིལ་འཁོར་གཅིག་ལ་རྫོགས། །འདི་འདྲའི་དམ་ཆོས་ཡིད་བཞིན་ནོར། །ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །དགེ་བཤེས་་་རང་ལོ་ཉེར་བདུན། བརྩོན་འགྲུས་རྒྱ་མཚོ་བས། །ཞལ་གདམས་བྲིས་ཟེར་ཤོག་བུ་འདི། །ཡོས་ལོའི་དབྱར་ནས་གཏད་མོད་ཀྱིས། །རྣམ་གཡེངས་འབྱམས་པས་ལོང་མ་བྱུང་། །འབྲུག་ལོ་ནག་ཟླའི་ཡར་ངོ་ལ། །མཚམས་བསྡམས་སྒྲུབ་ལ་བརྩོན་པ་ཡི། །ཐུན་སྐབས་གཉིས་ལ་རྫོགས་པར་བྲིས། །ཟབ་ཆོས་གནད་འགག་ཀུན་འདུས་པས། །ཉམས་ལེན་བརྩོན་པར་མ་གཏོགས་པ། །ཀུན་ལ་བསྟན་པར་མི་རུང་སྟེ། །གསང་སྒྲོག་ཉེས་པ་ཆེ་བ་དང་། །ཆོས་བདག་ཊཱཀྐིའི་ཀོ་ལོང་སྡོམ། །འཕྲལ་དུ་གང་དྲན་བྲིས་མོད་ཀྱང་། །ཟབ་ཆོས་སྙིང་པོ་འདུས་སོ་སྙམ། །འདི་བྲིས་དགེ་བས་འདི་ཉིད་ལ། །རྩེ་གཅིག་ཉམས་སུ་སུས་བླངས་པར། །ཐུགས་རྗེ་ཆེན་པོར་འགྲུབ་
པར་ཤོག །དེ་སྐད་སྨྲ་བ་རཱ་གའི་མིང་། །སརྦ་མངྒ་ལཾ།། །།


previousལྷ་གཅིག་སྔགས་གཅིག་ཡི་དམ་ཀུན་འགྲུབ་ཕྱིར། ཁ༽ །རྒྱུད་སྡེ་སྤྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡོད།next