ཤོག་ལྷེབ་ ༡ ནས་ ༡༠༠ བར །
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ཐུགས་རྗེ་ཆེན་པོ་ལུས་དཀྱིལ་གྱི་སྐོར་གྱི་ཁྲིད་སངས་རྒྱས་ལག་འཆང་གི་འགྲེལ་ཆེན་བཞུགས་ལགས་སོ༔
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདིར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་འཆང་ཞེས་བྱ་བ་འཆད་པ་ལ༔ དང་པོ་ལོ་རྒྱུས་འཆད་དགོས་ཏེ༔ རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་གསུངས་སོ༔ ལ་ཡང་ཆོས་སྤྱིའི་ལོ་རྒྱུས་མདོ་ཙམ་བཤད་པ༔ རྫོགས་པ་ཆེན་པོའི་ལོ་རྒྱུས་རྒྱས་པར་བཤད་པ༔ ཁྱད་པར་ཆོས་འདིའི་ལོ་རྒྱུས་བཤད༔ རྩལ་ཡིད་ཆེས་པའི་ལུང་ཁུངས་བཤད་པ༔ དེ་
ལ་རྩོད་པ་སྤོང་བ་དང་ལྔའི་དང་པོ་ནི༔ བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཏེ༔ གང་ལ་གང་འདུལ་གྱི་ཆོས་སྟོན་པ་ཡིན་ཏེ༔ བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ༔ དེ་ཡི་གྲངས་ནི་སུས་ཀྱང་བཟུང་མེད་པར༔ བྱང་ཆུབ་དམ་པ་འདི་ནི་ངས་རྙེད་དེ༔ ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ༔ ཞེས་གསུངས་ཤིང་༔ ཤྲཱི་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ལོ་རྒྱུས་རྣམས་ནས་ཀྱང་༔ བདག་ཅག་གི་སྟོན་པ་འདི་ཐོག་མ་མེད་པ་ནས་སངས་རྒྱས་ཏེ༔
སངས་རྒྱས་མ་ཐག་བདེ་མཆོག་གི་རྒྱུད་རྒྱས་པར་གསུངས་པ་ལ༔ སེམས་ཅན་བསོད་ནམས་ཀྱི་དབང་གིས་རེས་འགའ་དར་ལ་རེས་འགའ་ནུབ་པར་གྱུར་ཞེས་བཤད་པ་དང་༔ རྫོགས་ཆེན་ནས་ཀུན་ཏུ་བཟང་པོ་རང་བྱུང་གི་སངས་རྒྱས་སུ་བཤད་པ་རྣམས་དོན་གཅིག་གོ༔ དེ་ལ་མདོ་སྡེ་དང་སྐྱེས་རབས་རྣམས་ནས་ཐུབ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་པར་གསུངས་པ་ནི༔ དྲང་དོན་ཙམ་ཡིན་གྱི་ངེས་པའི་དོན་མ་ཡིན་ཏེ༔ དེ་ལྟ་བུའི་ཚུལ་བསྟན་པ་ཙམ་དུ་ངེས་སོ༔ འོ་ན་སྟོན་པས་གང་འདུལ་གྱི་ཆོས་ཇི་ལྟར་བསྟན་ཞེ་ན༔ བཅོམ་ལྡན་འདས་ཆོས་སྐུའི་ཚུལ་གྱིས་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་དང་ཡོ་ག་རྣམ་གསུམ་གསུངས་པ༔ ཆོས་སྐུའི་བསྟན་པ་ཡིན་ལ༔ ལོངས་སྐུ་རྣམ་སྣང་སོགས་སུ་བཞེངས་ནས་ཀྲི་ཡོག་སྡེ་གསུམ་གསུངས་པ་ལོངས་སྐུའི་བསྟན་པ་ཡིན་ལ༔ དེ་རྣམས་ནི་བསྐལ་པ་ཡར་དར་ལ་ཡང་དར་བ་དང་༔ མི་ཡུལ་དུ་ནུབ་ཀྱང་ལྷ་དང་གནོད་སྦྱིན་དང་ཌཀིའི་ཡུལ་དུ་དར་བ་དང་༔ དེ་དག་གི་སྟོན་པ་ནི་གཅིག་ཏུ་ན་སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ཡིན་པས་མྱ་ངན་ལས་འདའ་བ་ཡང་མེད་ལ༔ བཅོམ་
ལྡན་འདས་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་སྡེ་སྣོད་གསུམ་གསུངས་པ་ནི༔ བསྐལ་པ་ཡང་ཡར་དར་དུས་མི་འབྱོན་ལ༔ སྟོན་པ་ཡང་མྱ་ངན་ལས་འདའ་ཚུལ་སྟོན༔ ཆོས་ཀྱང་བསྟན་པའི་གནས་ཚད་རྫོགས་ནས་ནུབ་པར་གསུངས་པ་ཡིན་ནོ༔ དེ་ལ་ད་ལམ་འཆད་པར་བྱ་བ་ནི་ཆོས་སྐུའི་བསྟན་པ་ཐེག་པ་དགུའི་ཡང་རྩེ་བཀའ་རྫོགས་པ་ཆེན་པོ་ཡིན་ཏེ༔ ཉན་ཐོས་རང་རྒྱལ་བྱང་སེམས་གསུམ༔ གང་ཟག་དབང་པོ་དམན་ལ་དགོངས༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ གང་ཟག་དབང་པོ་འབྲིང་ལ་དགོངས༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ གང་ཟག་དབང་པོ་རབ་ལ་དགོངས༔ ཞེས་གསུངས་སོ༔ དེས་ན་ཐེག་པ་འོག་མ་འོག་མ་རྣམས་གོང་མ་གོང་མའི་ལམ་སྟེགས་ཡིན་ཏེ༔ ཇི་ལྟར་སྐས་ཀྱི་རིམ་པ་བཞིན༔ ཐེག་པའི་དོན་དུ་བསྟན་པ་དང་༔ ཞེས་གསུངས་སོ༔ ༈ གཉིས་པ་རྫོགས་པ་ཆེན་པོའི་ལོ་རྒྱུས་རྒྱས་པར་བཤད་པ་ལ༔ དང་པོ་སྐུ་གསུམ་གྱི་རྣམ་གཞག་དགུར་དབྱེ་སྟེ༔ ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་ཆེན༔ ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ༔ ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་
སངས་རྒྱས་གསུམ་ལག་འཆང་ཆེན་པོ༔ ལོངས་སྐུའི་ལོངས་སྐུ་རྒྱལ་བ་རིགས་ལྔ༔ ལོངས་སྐུའི་སྤྲུལ་སྐུ་ཞི་ཁྲོའི་ལྷ་ཚོགས་གྲངས་མེད་པ༔ སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་སེམས་དཔའ་འམ་སྣང་བ་མཐའ་ཡས༔ སྤྲུལ་སྐུའི་ལོངས་སྐུ་ཐུགས་རྗེ་ཆེན་པོ་སོགས་རིགས་གསུམ་མགོན་པོ༔ སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་དྲུག་དང་པདྨ་འབྱུང་གནས་སོགས་ཡིན་ལ༔ དེ་ཡང་ཅུང་ཟད་རྒྱས་པར་སྤྲོ་ན༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ གང་ཟག་སྙན་ཁུང་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ༔ བཀའ་བབ་དོན་གྱི་བརྒྱུད་པ༔ ཞེས་བྱ་བ་རྣམས་སུ་ཡོད་པ་ལས༔ དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི༔ ཡེ་ཐོག་དང་པོ་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའམ༔ དེ་ལས་ཡན་དུ་ས་མཚམས་བཟུང་དུ་མེད་པ་ན༔ ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་ བར ་གཞི་གདོད་མའི་གནས་སུ་མངོན་པར་སངས་རྒྱས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་སྦྱོང་རྒྱུད་ལས༔ སངས་རྒྱས་ཀུན་ལས་སྔར་སངས་རྒྱས༔ ཞེས་དང་༔ མཚན་བརྗོད་ལས༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཞེས་དང་༔ རྫོགས་ཆེན་གཞུང་
རྣམས་ནས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མྱེས་ལྷ༔ ཞེས་དང་༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་ཀུན་ཏུ་བཟང་པོ་ཡོད༔ ཅེས་སོགས་གསུངས་པའི་དོན་ནོ༔ དེར་སེམས་ཅན་རྣམས་རང་ངོ་མ་ཤེས་ནས་འཁྲུལ་ཏེ་འཁོར་ བར ་འཁྱམས་པས༔ དཔལ་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པའི་ངང་ལས་གཟུག༔ བཞེངས་ཏེ༔ སྤྲུལ་པའི་འཁོར་ཞི་ཁྲོ་རབ་འབྱམས་རྣམས་ལ་རྫོགས་པ་ཆེན་པོའི་ཆོས་སྲས་གཅིག་ས་བོན་གྱི་རྒྱུད་ལ་སོགས་པ་གྲག་སྟོང་བརྗོད་པ་དང་བྲལ་ བར ་དགོངས་པས་བྱིན་གྱིས་བརླབས་སོ༔ ཀུན་ཏུ་བཟང་པོ་དེའི་ཡེ་ཤེས་ལྔའི་སྣང་ཆ་ལས༔ དག་པའི་ཞིང་ཁམས་ལྔར་རྒྱལ་བ་རིགས་ལྔ་འཁོར་ཚོམ་བུ་དང་བཅས་པ་བྱུང་སྟེ༔ འཁོར་རྣམས་ལ་དགོངས་པ་བརྗོད་དུ་མེད་པར་ཆོས་སྟོན་ནོ༔ རིགས་ལྔ་དེ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་རྣམས་སུ༔ ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་རིགས་ལྔའི་དཀྱིལ་འཁོར་དཔག་ཏུ་མེད་པར་སྣང་བས་འགྲོ་བའི་དོན་མཛད་པ་དང་༔ ཕྱོགས་བཅུའི་འཇིག་རྟེན་གྲངས་མེད་པ་ན་འགྲོ་བ་རིགས་དྲུག་སོ་སོའི་ཐུབ་པ་དྲུག་ཏུ་སྤྲུལ་ནས་
འགྲོ་བའི་དོན་མཛད་ཚུལ་ནི༔ རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པར་དཀའ་བ་ཡིན་ལ༔ རེ་ཞིག་མི་མཇེད་འདིར་སྤྲུལ་པ་རིམ་པར་འཕྲོ་ཚུལ་བཤད་ན༔ དང་པོ་བྱིན་བརླབས་མཆོག་གི་སྤྲུལ་པ་གསུམ་སྟེ༔ རིན་པོ་ཆེ་བརྒྱ་རྩ་གཅིག་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་དང་༔ རང་བྱུང་བསྟན་པ་བུ་གཅིག་པའི་རྒྱུད་དང་༔ ཆོས་ཉིད་ཀྱི་རྡོ་རྗེ་ཆག་གང་པ་རྣམས་གཞོམ་གཞིག་དང་བྲལ་ བར ་བསྟན་པའི་བཙས་སུ་བཞུགས་སོ༔ དེ་དག་གིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པ་དང་༔ དེ་ནས་ཡེ་ཐོག་དང་པོར་སངས་རྒྱས་མངོན་འཕགས་དྲན་པ་མགོན་བྱ་བ་བྱོན་ནས་རྫོགས་ཆེན་གསུངས་པས་ཁྲག་ཁྲིག་བདུན་ཅུ་སངས་རྒྱས་པ་ནས་བཟུང་ནས༔ བསྐལ་པ་རྩོད་ལྡན་ཞེས་བྱ་ བར ་སངས་རྒྱས་གྲགས་པ་ཟད་པའི་འཇིག་རྟེན་མགོན་ཞེས་བྱ་བ་བྱོན་ནས༔ རྫོགས་པ་ཆེན་པོ་གསུངས་པས་བཅུ་ཕྲག་དགུ་སངས་རྒྱས་པ་ཡན་གྱི་སངས་རྒྱས་བསྐལ་པའི་མགོན་པོ་དྲུག་ཅུ་རྩ་ལྔ་བྱོན་པས་རྫོགས་པ་ཆེན་པོ་གསུངས་པ་ལ་བརྟེན་ནས་སེམས་ཅན་གྲངས་མེད་ཚད་མེད་པ་མངོན་པར་སངས་རྒྱས་སོ༔ དེ་ཡང་ཞིང་འདིར་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ནི༔ དྲུག་པ་རྡོ་
རྗེ་འཆང་ཆེན་པོ་མེ་ཏོག་པདྨའི་སྟེང་དུ་རང་བྱུང་དུ་བྱོན་ཏེ༔ རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རྫོགས་པ་ཆེན་པོའི་ཆོས་དགོངས་པས་བྱིན་གྱིས་བརླབས་པར་མཛད་དོ༔ དེ་ནས་རྡོ་རྗེ་འཆང་དེ་ཉིད་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ བར ་སྤྲུལ་ནས༔ འཁོར་བསྐལ་བཟང་གི་སངས་རྒྱས་སྟོང་ལ༔ སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་གསུངས་སོ༔ དེ་ནས་གནས་མི་མཇེད་འཇིག་རྟེན་དུ༔ སྟོན་པ་འོད་མི་འཁྲུགས་པ་དང་༔ གནས་འོད་ཀྱི་ཕུང་པོར༔ སྟོན་པ་འཇིག་པ་སྐྱོབས་པ་དང་༔ གནས་ཆགས་འབྱུང་མངལ་དུ་སྣང་བར༔ སྟོན་པ་གཞོན་ནུ་རོལ་པས་རྣམ་པར་བརྩེ་བ་དང་༔ གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ སྟོན་པ་རྡོ་རྗེ་འཆང་དང་༔ གསང་སྔགས་རོལ་པའི་དུར་ཁྲོད་དུ༔ སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་༔ གནས་སྲིན་པོ་རུ་ལུའི་སྒྲ་ལྡན་པར༔ སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་༔ བྱ་རྒོད་ཕུང་པོར༔ སྟོན་པ་གསེར་འོད་དམ་པ་དང་༔ སོག་པོ་གཡུ་སྨིན་གྱི་གནས་སུ༔ སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་དང་༔ བྱ་རྒོད་ཕུང་པོར༔ སྟོན་པ་འོད་སྲུང་
བགྲེས་པོ་དང་༔ རྡོ་རྗེ་གདན་དུ༔ མངོན་རྫོགས་རྒྱལ་པོ་དང་༔ སེར་སྐྱའི་གནས་སུ༔ སྟོན་པ་ཤཱཀྱ་ཐུབ་པའི་ བར ་དུ་བྱོན་ཏེ༔ དེ་ཡང་སྟོན་པ་ལོངས་སྐུའི་ཆ་ལུགས་སུ་བཞུགས་པ་རྣམས་ཀྱིས་ནི༔ གསང་སྔགས་བླ་མེད་དང་ཁྱད་པར་རྫོགས་པ་ཆེན་པོ་ཁོ་ན་གསུངས་ཤིང་༔ སྤྲུལ་སྐུའི་ཆ་ལུགས་ཅན་རྣམས་ཀྱིས་དངོས་སུ་གདུལ་བྱ་ཐུན་མོང་བ་ལ་སྡེ་སྣོད་གསུམ་གསུངས་ནས༔ ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ལ་ཧེ་རུ་ཀ་ལ་སོགས་པའི་སྐུར་བཞེངས་ནས༔ གསང་སྔགས་བླ་མེད་དང་རྫོགས་པ་ཆེན་པོའི་རྒྱུད་གཞུང་གསུངས་པ་ཡིན་ལ༔ ཐེག་པ་ཐུན་མོང་བའི་མདོ་སྡེ་རྣམས་ལས་སྟོན་པ་གཞན་དེ་རྣམས་མ་གྲགས་པ་ཡང་སྡེ་སྣོད་གསུམ་སོགས་མ་གསུངས་པས་མ་བགྲངས་པའོ༔ དེ་ལ་སྟོན་པ་བཅུ་གཉིས་ནས་མ་འོངས་བྱམས་པ་ནས་མོས་པའི་ བར ་གྱི་སངས་རྒྱས་སྟོང་ཐམས་ཅད་ནི༔ ངོ་བོ་ཀུན་ཏུ་བཟང་པོ་ཉིད་ཡིན་པ་ལ་དགོངས་པ་ཆོས་ཉིད་ལས་མི་གཡོ་ བར ་རིམ་པ་ལྟར་བྱོན་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ༔ ༈ དེ་ནས་རིག་འཛིན་བརྡའི་བརྒྱུད་པ་ནི༔ ཀུན་ཏུ་བཟང་པོའི་འོད་ཟེར་ལས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་
ཤར༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་བྱེ་བ་ཕྲག་རེ་རེ་ལ་རིགས་གསུམ་མགོན་པོ་སོགས་སྤྲུལ་ནས༔ སྤྲུལ་པ་འཇིག་རྟེན་ཁྱབ་པར་བཀྱེ་སྟེ་ཆོས་སྟོན་ཏོ༔ རྒྱ་ནག་རི་བོ་རྩེ་ལྔ་ན་རྗེ་བཙུན་འཇམ་པའི་དབྱངས་ལྷ་དང་དྲང་སྲོང་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ༔ ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་རྩེ་ན་འཕགས་པ་སྤྱན་རས་གཟིགས་དྲི་ཟ་དང་ལྷ་ཀླུ་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ༔ བྱང་ཕྱོགས་ལྕང་ལོ་ཅན་ན་གསང་བའི་བདག་པོས་གནོད་སྦྱིན་དང་རིག་འཛིན་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ༔ ནུབ་ཕྱོགས་ཨུ་རྒྱན་གཙུག་ལག་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ཀི་དང་ཞིང་སྐྱོང་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ༔ ཡུལ་ཉི་ཤུ་རྩ་བཞིའི་གནས་ཆེན་རྣམས་སུ་དཔའ་བོ་དང་ཊཱཀི་ཉི་ཤུ་རྩ་བཞི་ཤ་ཟ་དང་ཞིང་སྐྱོང་རྣམས་ལ་ཆོས་སྟོན་ཅིང་བཞུགས་ཀྱང་༔ གྲུབ་པ་ཐོབ་པ་མ་གཏོགས་ཕལ་པའི་མིས་མི་མཐོང་ངོ་༔ དེ་ནས་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན་པོས༔ བཀའ་རྫོགས་པ་ཆེན་པོའི་ཆོས་མཁའ་འགྲོ་མ་སྨུག་ནག་རལ་པ་ཅན་ལ་གསུངས་པས༔ མཁའ་འགྲོ་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་མངོན་པར་
རྫོགས་པར་སངས་རྒྱས་སོ༔ འཇམ་དཔལ་རི་རབ་ཀྱི་རྩེར་བྱོན་ནས་ལྷ་ཚངས་པ་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས༔ ཚངས་པ་འཁོར་འབུམ་ཕྲག་དང་བཅས་ཏེ་སངས་རྒྱས༔ རྣམ་པར་རྒྱལ་བའི་ཁང་བཟང་དུ་བྱོན་ནས་ལྷ་དབང་བརྒྱ་བྱིན་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་འཁོར་འབུམ་ཕྲག་གཅིག་སངས་རྒྱས༔ ལྷ་གནས་གསུམ་དུ་བྱོན་ནས་ལྷའི་དབང་པོ་གྲགས་ལྡན་མཆོག་སྐྱོང་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་ལྷའི་རིག་འཛིན་འབུམ་ཕྲག་ལྔ་སངས་རྒྱས༔ ཛམྦུའི་གླིང་དུ་ལི་ཙཱ་ཝི་དྲི་མ་མེད་པར་གྲགས་པ་ལ་གསུངས་པས་འཁོར་འབུམ་ཕྲག་གཅིག་སངས་རྒྱས་སོ༔ དེ་ནས་སྤྱན་རས་གཟིགས་འོག་ཕྱོགས་རྒྱ་མཚོའི་གཏིང་དུ་བྱོན་ནས་ཀླུའི་རྒྱལ་པོ་འཇོག་པོ་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་འཁོར་འབུམ་ཕྲག་གཅིག་སངས་རྒྱས་སོ༔ རི་རབ་ལྷོ་ནུབ་ཏུ་སྲིན་པོ་བློ་གྲོས་ཐབས་ལྡན་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་འཁོར་ལྔ་བརྒྱ་སངས་རྒྱས་སོ༔ ཛམྦུའི་གླིང་འདིར་བྱོན་ནས༔ ཨོ་རྒྱན་ཡུལ་དང་༔ རྒྱ་གར་དང་༔ སིང་གྷ་ལ་དང་༔ ཁ་ཆེ་དང་༔ ལི་ཡུལ་དང་༔ ས་ལའི་ཡུལ་དང་༔ བོད་ཡུལ་དང་༔ ཐུགས་རྗེ་
ཆེན་པོའི་ཞིང་ཁམས་བདུན་དུ་སྤྲུལ་པའི་རྒྱལ་པོ་བདུན་ལ༔ བཀའ་རྫོགས་པ་ཆེན་པོ་གསུངས་པས་སྤྲུལ་པའི་རིག་འཛིན་འབུམ་ཕྲག་གཅིག་རེ་སངས་རྒྱས་རྡོ་རྗེས་རི་རབ་བྱང་ཕྱོགས་སུ་གནོད་སྦྱིན་སྐར་མདའི་གདོང་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་འཁོར་སྟོང་ཕྲག་གཅིག་སངས་རྒྱས༔ བར ་སྣང་དུ་བྱོན་ནས་གཟའ་ཡི་རྒྱལ་པོ་དྲག་ཤུལ་ཅན་ལ་བཀའ་རྫོགས་པ་ཆེན་པོ་གསུངས་པས་འཁོར་འབུམ་ཚོ་བརྒྱད་སངས་རྒྱས༔ དེ་ནས་ཁྱད་པར་དུ་གསང་སྔགས་རྫོགས་ཆེན་མི་ཡུལ་དུ་བྱོན་ཚུལ་ནི༔ ཐེག་ཆེན་གྱི་མདོ་ཕལ་ཆེར་དང་༔ གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལྷ་ཡུལ་དང་མཁའ་འགྲོའི་ཕྱག་ཏུ་བཞུགས་པ་ལ༔ སངས་རྒྱས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན༔ རི་བོ་མེ་རི་འབར་བའི་རྩེ་མོར༔ དམ་པའི་རིགས་ཅན་ལྔ་འདུས་ནས་གདུང་ཚིག་ཉི་ཤུ་རྩ་གཅིག་གིས་གསང་བདག་ལ་གསོལ་བ་བཏབ་པས༔ ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་ཏེ༔ སྐྱེས་གཞི་གསེར་དུ་སྣང་བ་དང་༔ མེ་ཏོག་གི་ཆར་འབེབས་པ་སོགས་ལྟས་བཟང་པོ་དང་བཅས༔ རྒྱལ་པོ་ཛའི་ཕོ་བྲང་དུ་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་༔ ཤྲཱི་ནཱ་ལེན་ཏྲ་ཡི་
གཙུག་ལག་ཏུ་མཚན་ཉིད་སྡེ་གསུམ༔ ཝཱ་རཱ་ཎ་སཱིར་ཀྲི་ཡའི་རྒྱུད་སྡེ༔ རི་བོ་མེ་རི་འབར་བའི་རྩེར་ཡོ་གའི་རྒྱུད་སྡེ༔ རྒྱལ་པོ་ཛ་ཡི་ཁང་སྟེང་དུ་མ་ཧཱ་ཡོ་ག༔ སིང་ག་ལའི་ནགས་ཚལ་དུ་ཨ་ནུ་ཡོ་ག༔ ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས༔ ནམ་མཁའ་ནས་བབ་པས་ན༔ མདོ་རྒྱུད་ཕལ་ཆེར་གནམ་ཆོས་ཁོ་ན་ཡིན་ནོ༔ ཁྱད་པར་དུ་ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་དུ་བྱིས་པ་ལོ་བརྒྱད་པ་གཅིག་གིས་རྡོ་རྗེ་སེམས་དཔའ་ཞལ་གཟིགས་ཏེ༔ རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དངོས་སུ་གསན་ཏེ་ཐུགས་སུ་ཆུད་ནས༔ པཎྜི་ཏ་ལྔ་བརྒྱ་དང་བརྩད་པས་མ་ཐུབ་སྟེ༔ པཎྜི་ཏ་རྣམས་ཀྱིས་ཕྱག་འཚལ་ཞིང་སངས་རྒྱས་ཀྱི་སྤྲུལ་པར་ཐག་ཆོད་དོ༔ རྒྱལ་པོ་དགའ་བས་དགའ་རབ་རྡོ་རྗེར་བཏགས༔ རྫོགས་པ་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཡི་གེར་བཀོད༔ ནམ་མཁའི་སྤྲིན་གསེབ་ཏུ་འབྱོན་པ་སོགས་རྫུ་འཕྲུལ་བསྟན་ཅིང་མི་དང་ཊཱཀི་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བས་འཁོར་འབུམ་ཕྲག་གསུམ་སངས་རྒྱས་སོ༔ དེའི་ཚེ་པཎྜི་ཏ་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གྱིས་ལུང་བསྟན་ཏེ༔ སློབ་དཔོན་དགའ་
རབ་རྡོ་རྗེ་དང་མཇལ་ནས་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན༔ ཁོང་གིས་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་དུ་ཕྱེས་ནས༔ བཀའ་གཏེར་སྙན་བརྒྱུད་གསུམ་དུ་ཕྱེས་ནས་དར་ བར ་མཛད་དེ༔ འཁོར་འབུམ་ཕྲག་བརྒྱད་དང་བཅས་པ་སངས་རྒྱས་སོ༔ དེའི་ཚེ་རྒྱ་ནག་གི་མཁས་པ་ཤྲཱི་སེང་ཧ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས༔ ས་ལ་ཁྲུ་གང་མ་རེག་པར་བྱོན་པས་ཞག་དགུ་ནས་རྒྱ་གར་དུར་ཁྲོད་སོ་ས་གླིང་དུ་ཕེབས་ཏེ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ནས་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་ཏེ༔ རྡོ་རྗེ་གདན་ནས་གཏེར་ཡང་བཏོན་ནས་རྒྱ་ནག་ཏུ་བྱོན་ཏེ་དར་ བར ་མཛད་དོ༔ དེར་འཁོར་འབུམ་ཕྲག་བདུན་དང་བཅས་ཏེ་སངས་རྒྱས་སོ༔ དེའི་ཚེ་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་༔ རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཡེ་ཤེས་མདོ་གཉིས་ལ༔ རྡོ་རྗེ་སེམས་དཔས་ལུང་བསྟན་ནས་ཤྲཱི་སེང་ཧ་མཇལ་དུ་བྱོན་པ་དང་༔ ཨུ་རྒྱན་རིན་པོ་ཆེ་བྱོན་པ་དང་གསུམ་གྱིས་རྫོགས་པ་ཆེན་པོའི་ཆོས་རྣམས་རྫོགས་པར་གསན་ནོ༔ བི་མ་ལ་མི་ཏྲ་འཁོར་
དྲུག་འབུམ་དང་བཅས་པ་སངས་རྒྱས་སོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་འོག་མིན་དུ་བྱོན་ནས་ཀུན་ཏུ་བཟང་པོ་ལ་རྫོགས་པ་ཆེན་པོའི་རྒྱུད་སྡེ་དཔག་ཏུ་མེད་པ་གསན་ནོ༔ མཁའ་དབྱིངས་རྣམ་དག་གི་ཀློང་ན་རྡོ་རྗེ་སེམས་དཔའ་ལ་མ་ཧཱ་ཡོ་གའི་རྒྱུད་སྡེ་དཔག་ཏུ་མེད་པ་གསན་ནོ༔ བཀོད་པ་ལྷུན་གྲུབ་ཀུན་ཏུ་བཟང་པོ་ལ་སྤྱི་ཏི་ཡོ་གའི་རྒྱུད་སྡེ་དཔག་ཏུ་མེད་པ་གསན་ནོ༔ སྤྲིན་ནག་འདུས་པའི་དུར་ཁྲོད་དུ༔ ཕྱག་རྡོར་གྱི་སྤྲུལ་པ་དེ་ཝ་བཟང་སྐྱོང་ལ་ཨ་ཏི་ཡོ་གའི་རྒྱུད་སྡེ་དཔག་ཏུ་མེད་པ་གསན་ནོ༔ མཁའ་སྤྱོད་རིག་འཛིན་གྱི་གནས་སུ་མཁའ་འགྲོ་གསང་བ་ཡེ་ཤེས་ལ་དབང་རྣམས་ཞུས་སོ༔ བྲག་ཕུག་མ་ར་ཏི་ཀར་སངས་རྒྱས་སྣང་བ་མཐའ་ཡས་ཞལ་གཟིགས་ནས་ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་རྒྱུད་སོགས་རྫོགས་ཆེན་དང་འབྲེལ་བའི་རྒྱུད་གདམས་ངག་མང་དུ་གནང་ངོ་༔ ཨུ་རྒྱན་རིན་པོ་ཆེས་བཀའ་རྫོགས་པ་ཆེན་པོ་གསུངས་པས་ཐོག་མའི་འཁོར་འབུམ་ཕྲག་བཅུ་གསུམ་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ཡན་ཆད་རིག་འཛིན་བརྡའ་ཡི་བརྒྱུད་པའོ༔ དེ་ནས་སྤྲུལ་པའི་རིག་འཛིན་ཐམས་ཅད་བཀའ་བགྲོས་ནས་ཛམྦུའི་གླིང་འདིར་གདུལ་བྱ་འདུལ་ཐབས་
ཀྱི་ཆོས་བྱེ་བ་དྲུག་འབུམ་བྱིན་གྱིས་བརླབས་ཏེ་བཞག་གོ༔ གྲོལ་བྱེད་འབྲས་བུའི་ཆོས་བདུན་འབུམ་ཉི་ཁྲི་བཀའ་བསྒོས་ཏེ་བཞག་གོ༔ ཟབ་མོ་རེག་གྲོལ་གྱི་ས་ཡ་དྲུག་འབུམ་གཏེར་དུ་སྦས་སོ༔ སྙན་བརྒྱུད་ཐོས་གྲོལ་གྱི་ཆོས་འབུམ་ཕྲག་གཅིག་དང་སུམ་སྟོང་གབ་སྦས་སུ་བཞག་སྟེ༔ མ་འོངས་པའི་སེམས་ཅན་དབང་པོ་ཡང་རབ་རྣམས༔ གྲོལ་བྱེད་འབྲས་བུའི་ཆོས་སྤྱོད་ཤེས་པ་ཐམས་ཅད་དང་༔ རེག་གྲོལ་གཏེར་དང་འཕྲད་པ་ཐམས་ཅད་དང་༔ ཐོས་གྲོལ་སྙན་བརྒྱུད་འཆང་བ་ཐམས་ཅད༔ སྐྱེ་བ་རེ་རེས་ཕྱིར་མི་ལྡོག་པའི་ཡང་དག་པར་རྫོགས་ཏེ་སངས་རྒྱ་ བར ་འགྱུར་རོ༔ ཕྱི་མའི་དུས་ན་དེ་ལྟར་སངས་རྒྱ་བའི་གང་ཟག་ཛམྦུའི་གླིང་དུ་ནམ་མཁའི་སྐར་མ་ཙམ་འབྱུང་ངོ་༔ ཞེས་ལུང་ཡང་བསྟན་ནོ༔ ཁྱད་པར་ཚེ་ལོ་དྲུག་ཅུ་ཁ་རལ་ནས་བཟུང་སྟེ༔ ཚེ་ལོ་བཅུ་པ་ལ་ཐུག་པའི་ བར ་འདིར་རྫོགས་པ་ཆེན་པོ་ཐུགས་ཀྱི་བསྟན་པའི་དུས་ཡིན་པས༔ ཡིད་སྒྲིབ་རང་བཞིན་གྱིས་འདག་ཅིང་རྫོགས་ཆེན་བསྒོམ་ན་ཉམས་དང་རྟོགས་པ་འཁྲུངས་སླ་བ་ཡང་༔ སྒྲ་ཐལ་འགྱུར་ལ་སོགས་རྒྱུད་གཞུང་རྣམས་ནས་གསུངས་སོ༔ དེ་ནི་བརྡ་བརྒྱུད་ཀྱི་འཕྲོས་
ལགས་སོ༔ ༈ དེ་ནས་བི་མ་ལ་དང་ཨུ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས༔ བི་མ་ལས་མྱང་ཏིང་འཛིན་བཟང་པོ་དང་བེ་རོ་ཙཱ་ན་སོགས་ལ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་སོགས་གནང་བ་ལས་བརྒྱུད་པ༔ བི་མ་ལའི་སྙིང་ཐིག་དང་བེ་རོ་ཙཱ་ནའི་སྙིང་ཐིག་སོགས་སུ་གྲགས་ཏེ༔ དེ་དག་གི་རྒྱུད་ལས་རྫོགས་ཆེན་བཀའ་མ་དར་རོ༔ གསང་སྐོར་སོགས་བཀའ་གཏེར་ཟུང་འཇུག་ཀྱང་བྱུང་ཞིང་༔ དེ་དག་ནི་གང་ཟག་སྙན་ཁུང་བརྒྱུད་པ་ཡིན་ནོ༔ ༢ ཨུ་རྒྱན་རིན་པོ་ཆེས་གསུངས་པ་རྣམས་གཏེར་ཁ་བྱེ་བ་ཙམ་བོད་དུ་སྦས་པ་ལས༔ གུ་རུ་ཆོས་དབང་གིས་བླ་རྫོགས་ཐུགས་གསུམ༔ སངས་རྒྱས་གླིང་པས་དགོངས་འདུས་ཀྱི་རྫོགས་ཆེན༔ ལས་འབྲེལ་རྩལ་གྱིས་མཁའ་འགྲོ་སྙིང་ཐིག༔ རཏྣ་གླིང་པས་ཀློང་གསལ་སྙིང་ཐིག༔ རྡོ་རྗེ་གླིང་པས་རྡོ་རྗེ་སེམས་དཔའི་སྙིང་ཐིག༔ རིན་ཆེན་གླིང་པས་རྫོགས་ཆེན་གཅིག་ཆོད་ཀུན་གྲོལ༔ པདྨ་གླིང་པས་རིག་པ་རང་ཤར་སོགས་རྒྱུད་མང་པོ༔ རིག་འཛིན་རྒོད་ལྡེམ་ཅན་གྱིས་དགོངས་པ་ཟང་ཐལ་ལ་སོགས་པ་གཏེར་ཁ་དུ་མ་ནས༔ རྫོགས་པ་ཆེན་པོའི་སྐོར་དཔག་ཏུ་མེད་པ་གཏེར་ནས་བཏོན་པ་རྣམས་ནི་གཏེར་ཆོས་
སྨོན་ལམ་བརྒྱུད་པ་ཡིན་ནོ༔ ༢ མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ནི༔ ལྕེ་བཙུན་སེང་གེ་དབང་ཕྱུག་ལ་མཁའ་འགྲོ་མས་རྫོགས་པ་ཆེན་པོའི་པོ་ཏི་བདུན་བྲག་མེ་ལོང་འདྲ་བ་ནས་བཏོན་ཏེ་གཏད་པ་དང་༔ མངའ་བདག་ཉང་ལ་ཡེ་ཤེས་མཚོ་རྒྱལ་གྱིས་ཤོག་སེར་སྟག་སྒོ་གང་གཏད་པ་དང་༔ མཁས་པ་ཀློང་ཆེན་རབ་འབྱམས་པའི་རྣལ་ལམ་དུ་མཁའ་འགྲོས་གསེར་གྱི་དབུ་རྒྱན་བཀོན་ཅིང་བྱིན་གྱིས་བརླབས་པས༔ རྫོགས་པ་ཆེན་པོའི་རྒྱུད་མན་ངག་ཐམས་ཅད་ལ་མཁས་པར་གྱུར་ཏོ༔ དེ་ལྟར་ཡེ་ཤེས་ཀྱི་ཌཱཀི་དང་ཆོས་བདག་མཁའ་འགྲོས་དངོས་སམ་ཉམས་སམ་རྨི་ལམ་དུ་ལུང་བསྟན་ཅིང་གནང་བ་བྱིན་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡིན་ལ༔ ༧ བཀའ་བབ་དོན་གྱི་བརྒྱུད་པ་ནི༔ བླ་མ་མཚན་ལྡན་ལ་ཉམས་ཁྲིད་ཞུས་སམ༔ མཚན་ཐོས་པ་ཙམ་མམ་ཉམས་རྨི་ལམ་དུ་བྱིན་གྱིས་བརླབས་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ནས་ཆོས་དེའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡང་ཡིན་ལ༔ ཡང་གཏེར་ཆོས་རྣམས་ནས་ཆོས་བདག་ཏུ་ལུང་བསྟན་གསལ་བ་དེ་ཡང་ཡིན་ཞིང་༔ རྗེ་རོལ་པའི་རྡོ་རྗེས་བི་མ་ལ་མི་ཏྲ་ཞལ་
གཟིགས་པ་ཉིད་ཀྱི་མཛོད་སྤུར་ཐིམ་པས་རྫོགས་པ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས་ནས་མགུར་ཡང་བཞེངས༔ རྫོགས་ཆེན་གྱི་བསྟན་བཅོས་རྩོམ་པར་མཛད་པ་ལྟ་བུའོ༔ ཆོས་འདི་ལ་ནི་བརྒྱུད་པ་དེ་རྣམས་ཐམས་ཅད་ཚང་བ་ཡིན་ཏེ༔ ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་དོན་དང་དགོངས་པ་འདིར་འདུས༔ འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་སུ་གནང་ཞིང་འགྲེལ་པའི་བརྡ་བཀྲོལ་བས་རིག་འཛིན་བརྡ་བརྒྱུད༔ ༧ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཉིད་ནས་བརྩམས་ཏེ་གང་ཟག་སྙན་བརྒྱུད༔ གནམ་གཏེར་ཡིན་པས་གཏེར་ཆོས་སྨོན་ལམ་བརྒྱུད་པ༔ བེ་རོ་ཙཱ་ན་དང་ཤུད་པུ་དཔལ་སེང་གི་ངོ་བོ་ཡིན་ཅིང་༔ གཏེར་ཁ་དུ་མ་ནས་ཆོས་བདག་ཏུ་ལུང་ཌབསྟན་པས་བཀའ་བབ་དོན་བརྒྱུད༔ ཡེ་ཤེས་མཚོ་རྒྱལ་གྱི་རྫོགས་ཆེན་འདིའི་ཆ་ལག་བཏགས་གྲོལ་གྱི་དུམ་བུ་སྔགས་བྱང་ལ༔ ཌཱཀི་ལས་ཧུར་མའི་རྒྱུད་ལས་རྫོགས་ཆེན་གྱི་ཁྲིད༔ སྒྲོལ་མའི་རྒྱུད་ལས་དེའི་རྫོགས་ཆེན་ཁྲིད་སྒྲོལ་མས་དངོས་སུ་གསུངས་པ་དང་༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་ཉིད་ཀྱི་སྒྲུབ་ཐབས་སོགས་འདི་དང་འབྲེལ་བའི་གདམས་པ་དངོས་
སུ་གསུངས་པས་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཚང་བ་ཡིན་ནོ༔ དེ་ཡན་གྱིས་རྫོགས་པ་ཆེན་པོའི་ལོ་རྒྱུས་བཤད་ནས༔ ༈ ད་ཆོས་འདིའི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ་ནི༔ ཤར་ཀཿཐོག་གི་བླ་མ་དབང་དྲག་རྒྱ་མཚོ་སྐུ་གཤེགས་ཁ་ང་རི་བོ་ཆེ་དང་ཀརྨའི་སྡེ་མཚམས་ཞིག་ཏུ་སྐྱེ་སྟེ་གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་ བར ་འགྱུར་ཞེས་ཞལ་ཆེམས་གནང་བ་དང་མཐུན་པརཿ༔ ངོམ་གྱི་སྟོད་དུ་བོད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིགས༔ མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་ཞེས་ལུས་མ་སྤངས་ བར ་མཁའ་སྤྱོད་དུ་གཤེགས་པའི་དབོན་རིགས་སུ་འཁྲུངས་ནས༔ དགུང་ལོ་ཆུང་ངུ་ནས་ང་ཀཿཐོག་པའི་བླ་མ་ཡིན་ཚུལ་སོགས་གསུངས་ཀྱང་ཕལ་པས་རྟོག་དཔྱོད་མ་ཤེས་པར་ལུས༔ དགུང་ལོ་ལྔ་དྲུག་ནས་ཞང་པོའི་ཡུལ་དུ་བཞུགས་པས་གྲིབ་ཀྱིས་ཕོག་པས་རྟགས་མཚན་དངོས་སུ་མི་གསལ་ཞིང་༔ ཞལ་གཟིགས་སོགས་བྱུང་བ་ཡང་འཕྲལ་དུ་བརྗེད༔ དེའི་ཚེ་སྐྱེསྔགས་འཆང་རཱ་ག་ཨ་སྱས་བསྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པས་ཉམས་རྨི་ལམ་གྱི་རྟེན་འབྲེལ་ལ་བརྟེན་ནས༔ དགུང་ལོ་བཅུ་པའི་མཇུག་ཏུ་གདན་དྲངས་མཚན་གསོལ་ཁྲི་འདོན་
སོགས་རྟེན་འབྲེལ་ཙམ་བྱས་ཤིང་༔ དབང་ལུང་མང་དུ་ཕུལ་ནས་བསྙེན་སྒྲུབ་མཉམ་དུ་མཛད་པས་དང་པོ་སློང་དང་ བར ་ཆད་ཀྱི་རྣམ་པ་མང་པོ་བྱུང་༔ དེ་ནས་གྲིབ་སངས་ནས་སྐྱེ་བ་བརྒྱ་ཕྲག་གཉིས་ཙམ་རིམ་པར་དྲན་པ་དང་༔ མི་མ་ཡིན་རྣམས་ཀྱིས་སྲོག་སྙིང་འབུལ་བ་དང་༔ རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་ཞལ་གཟིགས་ཤིང་ལུང་སྟོན་པ་དང་༔ རྨི་ལམ་དུ་ཆོས་སྐུ་ཀུན་ཏུ་བཟང་པོས་བརྡའི་སྒོ་ནས་དབང་བསྐུར༔ ལོངས་སྐུ་ཐུགས་རྗེ་ཆེན་པོས་ཉམས་ཀྱི་སྐབས་སུ་དབང་རྒྱས་པར་གནང་༔ སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་དངོས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་བརྡོལ་ནས་བླ་མ་ཡི་དམ་མཁའ་འགྲོས་ཚོགས་རྣམས་ཀྱིས་རང་རང་གིས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རིམ་པར་གསུངས་ཤིང་༔ དབུ་ཞབས་སུ་བྲི་རྒྱུའི་རྒྱ་ཡིག་རྣམས་ཀྱི་དཔེ་བསྟན༔ རྒྱ་ཡིག་བཀྲོལ་བའི་རྒྱ་ཡིག་གསར་པ་མང་པོའི་ཀ་དཔེ་བསྟན༔ ཁྱད་པར་དུ་སྤྲུལ་སྐུ་ཉིད་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་མར་ངོ་ནས་བཟུང་སྟེ༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡང་ཡང་དུ་དངོས་སུ་ཞལ་གཟིགས་ཏེ༔ ཉིན་རེ་བཞིན་དུ་རྩ་ཚིག་རེ་དང་
འགྲེལ་པ་རེ་སྦྲགས་ཏེ་ཁྲིད་ཀྱི་ཚུལ་དུ་གནང་བའི༔ ཞག་ བར ་ཞག་ བར ་དུ་སྔོན་གྱི་དམིགས་པ་སྒོམ་དགོས་པའི་བརྡར་མ་གསུངས་ བར ་ལུས་ཏེ༔ ནག་པ་ཟླ་བའི་ཚེས་བདུན་ཉིན་ཡོངས་སུ་རྫོགས་པར་གྱུར་ཏེ༔ འདིའི་བཀའ་སྲུང་ནི་ཤན་པ་དམར་ནག་ཡིན་ནོ་ཞེས་ཀྱང་གསུངས་ནས་མི་སྣང་ བར ་གྱུར་ཏོ༔ དེ་ནས་བདག་ཨ་རཱ་གས་ཀྱང་སྤྲུལ་སྐུ་ཉིད་ལ་ཁྲིད་ཞུས་ཏེ་རྩ་ཚིག་གི་གྲངས་ཀ་ལྟར་བདུན་གཉིས་ལ་རྫོགས་པར་བྱས་སོ༔ དེ་ནས་བདུད་འདུལ་རྡོ་རྗེའི་གཏེར་ཁ་དང་གནམ་གཏེར་འདི་དང་གཉིས་ཀ་ནས་ཆོས་བདག་ལས་ཅན་གྱི་སློབ་མར་ལུང་བསྟན་པའི་རྟོགས་ལྡན་པདྨ་རིག་འཛིན་གྱི་སྤྲུལ་སྐུ་དང་ངེད་གཉིས་ཀ་ལ་འབུལ་བ་མཎྜལ་བཟང་པོ་བཅས་ཕེབས་བྱུང་༔ ཁོང་དཔོན་སློབ་རྣམས་ལ་ལྟཁྲིད་ཅིག་གནང་དགོས་གསུངས་པས༔ རྟེན་འབྲེལ་འགྲིགས་ཏེ་སྤྲུལ་སྐུ་ནི་ད་དུང་གནམ་ཆོས་མ་རྫོགས་པས་གནང་མི་རུང་པར་འདུག་ནའང་༔ བདག་གིས་ཞག་བདུན་གཉིས་ཙམ་ལ་ཁོང་དཔོན་སློབ་བདུན་དང་༔ དྲུང་པ་གོང་མའི་རྟོགས་ལྡན་གྲགས་པ་དང་བརྒྱད་ལ་འདིའི་ཁྲིད་བྱས་པའི་ཚེ༔ བདག་རང་ཡང་ཚེ་སྔོན་པདྨ་གླིང་པའི་ཐུགས་སྲས་རྫོགས་པ་ཆེན་
པོ་ལ་སྦྱངས་པ་ཆེ་བ་ཅིག་ཡིན་ཚུལ༔ རྨི་ལམ་དུ་ལུང་བསྟན་གསལ་པོ་བྱུང་ཞིང་༔ དེ་ཕྱིན་ཆད་རྫོགས་པ་ཆེན་པོ་ལ་ངེས་ཤེས་དང་དད་པ་འཕེལ་ལོ༔ དེ་ཡང་ཐུགས་རྗེ་ཆེན་པོས་གསུངས་པའི་རྩ་ཚིག་དང་འགྲེལ་པ་གཉིས་ཀ་ལ་ལྡེབ་བུ་བརྒྱད་དགུ་ཙམ་ལས་མེད་པ་ལ༔ སྤྲུལ་སྐུས་བཀས་ཡང་ཡང་བསྐུལ་བ་ལ་བརྟེན་ནས༔ འགྲེལ་པ་རྒྱས་པ་འདི་བདག་ཨ་རཱ་གས་བསྒྲིགས་པའོ༔ དེས་ཆོས་འདིའི་ལོ་རྒྱུས་སོང་ནས༔ ༈ བཞི་པ་ཡིད་ཆེས་པའི་ལུང་ཁུངས་བཤད་པ་ནི༔ ཆོས་ཁུངས་བཙུན་པར་སྟོན་པ་སྟེ༔ དེ་ཡང་རིག་འཛིན་མི་འགྱུར་རྡོ་རྗེ་འདི་ཉིད་ལུང་བྱང་དུ་མ་ནས་དངོས་དང་ཤུགས་ཀྱིས་ལུང་བསྟན་ཏེ༔ རྩ་རྒྱུད་པད་སྡོང་བརྩེགས་པ་ལས་ཨོ་རྒྱན་རིན་པོ་ཆེ་ལུང་བསྟན་པའི་མཇུག་ནས༔ དེ་ནས་སྤྲུལ་དང་ཡང་སྤྲུལ་ཀྱང་༔ མ་འོངས་དོན་བྱེད་སྐྱེས་བུ་ནི༔ ཆོ་འཕྲུལ་བཏོན་པ་ལ་ལ་ཞིག༔ འདི་ཡི་མཚན་ཙམ་འཛིན་པ་འབྱུང་༔ དེ་ནས་ཉི་མའི་ཟེར་ཐག་ལྟར་སྣང་ཡུལ་བྱ་བྱེད་གནས་སྐབས་འགར༔ འཕྲོས་པའི་ཕྲེང་བ་རེ་རེ་ཙམ༔ མཐའ་ནས་མཐའ་རུ་འབྱུང་ བར ་འགྱུར༔ ཞེས་དང་༔ བཀའ་ཐང་འབྲིང་པོ་ལས༔ གཏེར་སྟོན་མི་
འགྱུར་རྡོ་རྗེ་ཞེས་བྱ་འབྱུང་༔ ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་༔ ཞེས་དང་༔ རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆོས་བདག་ལུང་བྱང་ལས༔ རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་༔ ཞེས་སོགས་ནས༔ གཏེར་བདག་ཁྱོད་ལ་རྟེན་འབྲེལ་འགྲིགས་པའམ༔ འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད༔ ཅེས་དང་༔ འབྲོ་བན་སྐྱེ་རྒྱུད་ནས་ཤུད་པུ་དཔལ་སེང་གི་སྐྱེ་མཐའ་ལུང་བསྟན་པ་ནི༔ མ་འོངས་མདོ་ཁམས་རི་ཆེན་ཉེ་བའི་སར༔ རྡོ་རྗེའི་མིང་ཅན་ཁ་བྱང་འཛིན༔ སྐུ་གསུམ་ལྷུན་གྲུབ་སྨེ་བས་བརྒྱན༔ མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར༔ ཞེས་དང་༔ རཏྣ་གླིང་པའི་ལུང་བསྟན་ཅིག་ལས༔ ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ༔ མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་༔ ཞེས་དང་༔ ལུང་བསྟན་བཀའ་རྒྱ་མ་ལས༔ ལོཙྪ་པཱ་གོར་བེ་རོ་ཙཱ་ན་ཁྱོད༔ ཚེ་རབས་བསྐལ་བཟང་ད་དུས་ཚིག་ལ་ཕན༔ དེང་ནས་མ་འོངས་དུས་ཀྱི་མཐར་ཐུག་བར༔ རིམ་བཞིན་འགྲོ་རྣམས་འདྲེན་དང་བསྟན་པ་སྐྱོང་༔ ཞེས་པ་ནས༔ རྒྱུད་མར་རིམ་བཞིན་དེ་སོགས་བསམ་མི་ཁྱབ༔ ཅེས་གསུངས་ཤིང་༔ སྤྲུལ་སྐུ་དགུང་
ལོ་བཅུ་པའི་མཇུག་ཏུ་བདག་ཨ་རཱ་ག་དང་མཇལ་ནས༔ ཀཿཐོག་གི་སྐུ་སྐྱེ་ཡིན་པར་འདུག་ཀྱང་༔ བླ་མ་སུ་ཞིག་གི་སྐྱེ་བ་ཡིན་མ་འབྱེད་ནས༔ ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་རྨི་ལམ་བརྟགས་པས༔ སྐུ་བླ་གསང་བའི་ཡང་ཕུག་ན༔ ཐུགས་རྗེ་ཆེན་པོའི་དངོས་གྲུབ་བརྙེས༔ ཞེས་པའི་ལུང་བསྟན་ཉམས་རྨི་ལམ་མཚམས་སུ་གསལ་ བར ་བྱུང་བས༔ དབང་དྲག་རྒྱ་མཚོ་ཡིན་པ་ཐག་ཆོད་པར་བྱུང་ངོ་༔ དེ་ནས་ཕྱིས་སྤྲུལ་སྐུ་ཉིད་ཀྱི་གནམ་གཏེར་ཐོན་པའི་ནང་ན་སྐྱེས་རབས་ཞིབ་རྒྱས་སུ་བྱུང་བ་ལས༔ ང་བེ་རོ་ཙཱ་ནའི་སྐུ་ཡི་སྤྲུལ༔ ཤུད་པུ་དཔལ་སེང་གསུང་གི་སྤྲུལ༔ ལང་གྲོ་དཀོན་མཆོག་ཐུགས་ཀྱི་སྤྲུལ༔ སྣ་ནམ་ཡེ་ཤེས་ཡོན་ཏན་སྤྲུལ༔ ཤྲཱི་བཛྲ་ཕྲིན་ལས་སྤྲུལ༔ ཨོ་རྒྱན་ང་ཡི་སྤྲུལ་པ་ཡིན༔ ཞེས་སོགས་དང་༔ དེ་ནས་ཀཿཐོག་དབང་དྲག་དང་༔ རྒྱ་མཚོ་ཞེས་པའི་མིང་ཡིན་ལ༔ མི་ཀུན་རང་གྲོལ་པ་ཞེས་འབོད༔ དེ་རྒྱབ་ཁྱོད་ཉིད་ཡིན་པའོ༔ ཞེས་དང་༔ ང་དབང་དྲག་རྒྱ་མཚོ་དངོས་ཡིན་ནོ༔ བྷེ་ཤུད་རོ་པུ་ཙཱ་དཔལ་ན༔ སེང་རྣམས་ངོ་བོ་གཅིག་ཡིན་ནོ༔ ཞེས་དང་༔ པདྨ་བཀའི་ཐང་ཡིག་ལས༔ མི་འགྱུར་རྡོ་རྗེ་ལུང་
བསྟན་པ༔ དེ་ནི་ཡིན་པར་ཐེ་མ་ཚོམ༔ ཞེས་འབྱུང་བས་དེ་སྔ་གནམ་ཆོས་པོ་ཏི་བཅུ་གསུམ་ཙམ་ལ༔ དཔེ་ལིས་སྣ་ཁ་སྟོང་ལྷག་བྱོན་ཅིང་༔ རྟེན་འབྲེལ་འགྲིགས་ན་ས་གཏེར་གཏེར་ཁ་བརྒྱ་ཙམ་ལ་དབང་ བར ་གསུངས་སོ༔ དེས་ཡིད་ཆེས་པའི་ལུང་ཁུངས་བཤད་པ་དེ་སོང་ནས༔ ༈ ལྔ་པ་དེ་ལ་རྩོད་པ་སྤོང་བ་ནི༔ འོ་ན་ཆོས་འདི་བཀའ་གཏེར་གང་ཡིན་ཞེ་ན༔ འདིའི་ལུང་བྱང་ལས༔ དེ་སྔ་བྱུང་བ་འདི་རྣམས་ནི༔ གཏེར་གྱི་རིགས་སུ་གཏོགས་ན་ཡང་༔ བརྒྱ་རྩའི་ནང་དུ་ཆེར་མི་གཏོགས༔ ཆེ་ཆུང་མེད་དེ་ཆོས་ཚན་རེ༔ གཏེར་ཁ་རེ་ལ་གཏོགས་པའོ༔ གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཟེར༔ ཞེས་འབྱུང་བ་དང་༔ རིག་འཛིན་དགོངས་པའི་ལྡེ་མིག་ལས༔ རིག་འཛིན་འདུས་པའི་གསང་ཚིག་བཅུད༔ བཀའ་ཡིན་གཏེར་ཡིན་དག་སྣང་ཆེ༔ གྲག་སྟོང་སྐྱེ་མེད་རང་སྒྲ་ཆེ༔ ཞེས་གསུངས་པས༔ ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པས་བཀའ་ཡིན༔ ཐུགས་གཏེར་ཡིན་པས་གཏེར་ཡིན༔ གཏེར་སྣོད་དང་ས་ལ་མ་བརྟེན་པས་གནམ་ཆོས་ཡིན༔ དངོས་སུ་སྙན་དུ་བརྒྱུད་པས་སྙན་བརྒྱུད་ཡིན་ནོ༔ འོ་ན་དེ་ལྟ་བུ་
གང་ཟག་མིའི་བླ་མ་བརྒྱུད་པ་ལས་མ་བརྒྱུད་ཅིང་༔ སའི་གཏེར་ནས་ཀྱང་ཐོན་པ་མ་ཡིན་པའི་ཆོས་དེ་ལྟ་བུ་འབྱུང་ བར ་མདོ་རྒྱུད་གང་ལས་བཤད་ཅེ་ན༔ མདོ་ལས་བཤད་པ་དང་༔ རྒྱུད་ལས་བཤད་པ་དང་༔ གྲུབ་ཐོབ་གོང་མའི་རྣམ་ཐར་ལས་ཀྱང་འབྱུང་བས་རྩོད་པ་མེད་པའོ༔ དང་པོ་ནི༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས་དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པར་སྟོན་ཏོ༔ ཞེས་དང་༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི༔ སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་༔ རྩིགས་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་༔ བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ལ་ནི༔ རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་༔ ཞེས་དང་༔ ཆོས་ཀྱི་སྒོ་མཐའ་ཡས་པའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འཇམ་དཔལ་འབྱུང་བ་ཆེན་པོ་
བཞི་ནི་ནམ་མཁའི་དབྱིངས་ནས་འབྱུང་གི༔ དེ་བཞིན་དུ་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ནི༔ སངས་རྒྱས་ཀྱི་ཐུགས་ཀྱི་གཏེར་ནས་འབྱུང་བ་ཡིན་ནོ༔ གཏེར་ཆེན་པོ་ལ་སྤྱོད་ཤེས་པར་བྱོས་ཤིག༔ ཅེས་དང་༔ ཆུ་ཀླུང་རོལ་པའི་མདོ་ལས༔ ང་ཡི་བསྟན་པའི་ཆོས་ཀྱི་གཞུང་༔ ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦོས༔ ཡང་ན་ས་ཡི་སྙིང་པོར་བྱ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུག་པར་འགྱུར་ཏ་རེ༔ དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད༔ ཅེས་དང་༔ མདོ་ལས༔ དོན་ལ་ངེས་པའི་གདེང་རྙེད་ལས༔ སེམས་ལ་ཆོས་གཏེར་འབུམ་ཕྲག་བརྡོལ༔ ཞེས་དང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ སེམས་ཅན་གྱི་བསམ་པ་དང་མཐུན་པར༔ སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ༔ ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཆོས་སྟོན་པ་ཡིན་ཏེ༔ ཅེས་དང་༔ སྤྱོད་འཇུག་ལས༔ ལུས་ཅན་ཀུན་གྱི་བྱ་དང་ནི༔ ཤིང་དང་འོད་ཟེར་ཐམས་ཅད་དང་༔ ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ༔ རྒྱུན་མི་འཆད་པར་ཐོས་པར་ཤོག༔ ཅེས་དང་༔ མདོ་དགོངས་འདུས་
ལེའུ་ལྔ་བཅུ་པ་ལས༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཀུན་གྱི་སྙིང་པོ་སྟེ༔ སྟོང་པར་སྦས་པའི་དོན་འདི་ལ༔ བརྡའ་དང་དཔེས་མཚོན་ལྡེའུམིག་གི༔ མཉམ་ཉིད་རིག་པའི་གཏེར་སྒོ་དབྱེ༔ ཞེས་གསུངས་སོ༔ གཉིས་པ་རྒྱུད་ཀྱི་ལུང་ནི༔ ཡེ་ཤེས་གསང་བའི་རྒྱུད་ལས༔ སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ༔ གཏེར་དང་ལྡན་ནོ་ཁྱད་པར་ཆེ༔ ཞེས་དང་༔ སངས་རྒྱས་མཉམ་སྦྱོར་རིག་པའི་རྒྱུད་ལས༔ དུས་གསུམ་རྒྱལ་བའི་དགོངས་གཏེར་ནི༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟེན༔ ཞེས་དང་༔ རིན་ཆེན་སྤུངས་པའི་རྒྱུད་ལས༔ རྒྱུད་དོན་གབ་པའི་གཏེར་སྒོ་ཕྱེ༔ ནམ་མཁའི་མཛོད་གཏེར་ཉིད་ལོངས་སྤྱོད༔ ཅེས་དང་༔ རིན་ཆེན་རྩར་གྱི་རྒྱུད་ལས༔ ཕྱི་ནང་གྲགས་པའི་ད་ལ་ཀུན༔ ཆོས་ཀྱི་དབྱིངས་ཀྱི་གཏེར་ནས་བྱུང་༔ ལྷ་སྔགས་ཆོ་ག་ལས་ཚོགས་དང་༔ ཐམས་ཅད་ཐམས་ཅད་དེ་བཞིན་འབྱུང་༔ ཞེས་དང་༔ ཡེ་ཤེས་གསང་བའི་རྒྱུད་ལེའུ་ལྔ་པ་ནས༔ གསང་བའི་ད་ལ་ཡེ་ཤེས་གཏེར༔ མདོ་སྔགས་གཏེར་གྱི་མཛོད་འཛིན་ཅིང་༔ རིག་པའི་བསྟན་པ་སྒྲོག་པའི་བདག༔ ཅེས་དང་༔ འཇམ་དཔལ་གཏེར་གཏད་
ལས༔ དམ་པ་མཆོག་གི་རང་གཏེར་རྩལ༔ དབུལ་སེལ་གཏེར་ལྡན་སྐུ་དྲིན་ཆེ༔ ཞེས་དང་༔ ཡེ་ཤེས་གསང་བའི་རྒྱུད་ལས༔ གསང་མཛོད་རིག་པ་ཐུགས་ཀྱི་གཏེར༔ བསྟན་པའི་སྤྱི་འགྲེལ་གསང་རྒྱུད་འདི༔ གུ་ལོང་ལུང་གི་གསེར་ཟོ་རུ༔ སེང་གེའི་འོ་མ་བླུག་པ་བཞིན༔ སྙིང་གི་དཀྱིལ་དུ་སྦ་ བར ་གྱིས༔ ཞེས་དང་༔ ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ནས༔ ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་༔ སྐུ་གསུམ་བསྟན་པ་དར་ཞིང་རྒྱས༔ བདེ་གཤེགས་རྒྱལ་བའི་དགོངས་གཏེར་ཕྱུང་༔ ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས༔ རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་༔ མན་ངག་རྒྱ་མཚོའི་བསྟན་པ་རྒྱས༔ ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་༔ དགོས་འདོད་ཡིད་བཞིན་བསྟན་པ་རྒྱས༔ ཞེས་དང་༔ རིག་པ་རྒྱལ་པོའི་རྒྱུད་ལས་ཀྱང་༔ དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟན༔ ཞེས་གསུངས་སོ༔ གསུམ་པ་གྲུབ་ཐོབ་གོང་མའི་རྣམ་ཐར་ལས་འབྱུང་ཚུལ་ནི༔ རྒྱ་གར་དུ་ཏེ་ལོ་པས་རྡོ་རྗེ་འཆང་དག་སྣང་ལ་ཞལ་གཟིགས་ནས་ཆོས་གསན་པ་དང་༔ མེ་ཏྲི་པས་ཤ་ཝ་རི་པ་ཞལ་
གཟིགས་ནས་ཕྱག་ཆེན་གསན་པ་དང་༔ ཞི་བ་ལྷས་འཇམ་དབྱངས་ཞལ་གཟིགས་ནས་བློ་སྦྱངས་གསན་པ་དང་༔ མི་ཏྲ་ཛཱ་ཀིས་ཐུགས་དམ་ལྷ་དྲུག་ཞལ་གཟིགས་ནས་ཁྲིད་དྲུག་གསན་པ་དང་༔ ཛ་ལེནྡཱ་ར་པས་ཕག་མོ་ཞལ་གཟིགས་ནས་ཆོས་གསན་པ་སོགས༔ མདོར་ན་རྒྱ་གར་གྱི་གྲུབ་ཆེན་ཕལ་ཆེར་གྱིས་ཡི་དམ་གྱི་ལྷ་ལ་དབང་ལུང་གདམས་པ་གསན་པ་ཁོ་ན་མང་ལ༔ བོད་དུ་ཡང་ས་ཆེན་ཀུན་སྙིང་གིས་འཇམ་དབྱངས་ཞལ་གཟིགས་ནས་ཞེན་པ་བཞི་བྲལ་གྱི་ཁྲིད་ཀྱི་རྩ་ཚིག་གསན་པ་དང་༔ བིར་ཝ་པ་ཞལ་གཟིགས་ནས་གནང་བའི་ལམ་འབྲས་ཉེ་བརྒྱུད་དང་༔ གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་ནས་རྟེན་འབྲེལ་ཁོ་བོ་ལུགས་ཀྱི་རྩ་ཚིག་གསན་པ་དང་༔ གྲུབ་ཐོབ་ཚེམ་བུ་པས་རྡོ་རྗེ་ཕག་མོ་ཞལ་གཟིགས་ཏེ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་གསན་པ་དང་༔ བོ་དོང་པ་རྟོགས་ལྡན་སངས་རྒྱས་མགོན་པོས་ཨུ་རྒྱན་ཞལ་གཟིགས་ཏེ་སེང་གདོང་མའི་སྒྲུབ་སྐོར་རྒྱས་པར་གསན་པ་དང་༔ རྗེ་དུས་མཁྱེན་གྱི་དག་སྣང་ལ་རྒྱལ་པོ་ཨིནྡྲ་བྷུ་ཏི་སོགས་གྲུབ་ཐོབ་བཞི་དང་མཇལ་ཏེ༔ ཕག་མོ་ཞལ་བཞི་མ་སོགས་ཁྱད་ཆོས་མང་དུ་གསན་པ་དང་༔ རྗེ་ཀརྨ་
པ་ལ་བེར་ནག་ཅན་སོགས་ཀྱིས་དངོས་སུ་གསུངས་པའི་གདམས་པ་མང་པོ་དང་༔ རྗེ་རང་བྱུང་བས་ཨོ་རྒྱན་ཞལ་གཟིགས་ཏེ་མཁའ་འགྲོ་སྙིང་ཐིག་རྩ་གསུམ་དྲིལ་སྒྲུབ་སོགས་མང་དུ་གསན༔ གྲུབ་ཐོབ་ཨོ་རྒྱན་པས་ཕག་མོ་ཞལ་གཟིགས་ཏེ་ཨོ་རྒྱན་བསྙེན་སྒྲུབ་ཀྱི་རྩ་ཚིག་གསན་པ་དང་༔ འབྲུག་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པས་རས་ཆུང་པ་ཟླ་བ་དྲུག་ཏུ་འབྲལ་མེད་དུ་བཞུགས་པ་གཟིགས་ནས་མེ་ཏྲི་སྙན་བརྒྱུད་གསན་པ་དང་༔ མི་འཁྲུགས་པ་ཞལ་གཟིགས་ནས་དབང་ལུང་གསན་པས་མི་འཁྲུགས་པ་ཉེ་བརྒྱུད་གསན་པ་དང་༔ རྗེ་རྒོད་ཚང་བས་ཕག་མོ་ཞལ་གཟིགས་ནས་མོས་གུས་ཕྱག་ཆེན་གྱི་ཁྲིད་གསན་པ་དང་༔ དུས་ཕྱིས་ནམ་མཁའ་འཇིགས་མེད་ཀྱིས་འབྲས་མོ་གཤོང་དུ་ཕག་མོ་དང་ཐོད་ཕྲེང་སྡེ་ལྔ་ཞལ་གཟིགས་ནས༔ ཕག་མོའི་ཌ་མ་རུའི་སྒྲ་ལས་བྱུང་བའི་རིག་འཛིན་སྲོག་སྒྲུབ་ཅེས་གནམ་ཆོས་ཐུགས་གཏེར་ཡོངས་སུ་གྲགས་པ་དང་༔ དེ་བཞིན་དུ་གུ་རུ་ཆོས་དབང་དང་རཏྣ་གླིང་པ་འཇའ་ཚོན་པ་སོགས་ལ་ཡང་ཨོ་རྒྱན་རིན་པོ་ཆེ་སོགས་ཀྱི་དངོས་ཉམས་རྨི་ལམ་དུ་གསུངས་པའི་སྙན་བརྒྱུད་ཀྱི་སྐོར་ཤིན་ཏུ་མང་བ་ཡོད་པ་ཡིན་པས༔
དེས་ན་ཆོས་འདི་ཡང་སྔོན་གྱི་ལོ་རྒྱུས་དེ་རྣམས་དང་མཚུངས་པས་ཐེ་ཚོམ་མེད་པ་ལགས་སོ༔ དེ་ལྟ་བུ་ནི་སྔོན་དུས་དང་བསྐལ་པ་བཟང་དུས་ཡིན་གྱི༔ ད་ནི་དུས་སྙིགས་པས་དེ་ལྟ་བུ་མི་འབྱུང་ངམ་སྙམ་ན༔ ཆོས་སྤྱོད་ཐམས་ཅད་མངོན་པར་རྟོགས་པའི་རྒྱུད་ལས༔ དཔེར་ན་མར་མེ་འཆི་ཁ་རུ༔ འོད་ནི་གསལ་ བར ་འབྱུང་ བར ་འགྱུར༔ དེ་བཞིན་ང་ཡི་བསྟན་པ་ཡང་༔ ནུབ་ཀར་ཟབ་མོའི་ཆོས་དར་འབྱུང་༔ ཞེས་དང་༔ པདྨ་བཀའ་ཐང་ལས༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་༔ ཞེས་དང་༔ ཨོ་རྒྱན་ཆེན་པོའི་ལུང་བསྟན་ཀུན་གསལ་མེ་ལོང་ལས༔ ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར༔ ཟབ་མོ་གཏེར་གྱི་བསྟན་པ་ག་ལ་རྫོགས༔ ཇི་སྲིད་སེམས་ཅན་ལས་སྤྱོད་མ་ཟད་བར༔ པདྨ་འབྱུང་གནས་ཐུགས་རྗེ་ག་ལ་རྫོགས༔ ཇི་སྲིད་ལས་འཕྲོ་ཅན་རྣམས་མ་རྫོགས་བར༔ གསང་སྔགས་ཟབ་མོའི་ཆོས་རྣམས་ག་ལ་རྫོགས༔ ཞེས་དང་༔ པདྨ་གླིང་པའི་ལུང་བསྟན་ལས༔ དུས་ཤིན་ཏུ་སྙིགས་མ་ལུང་བསྟན་སྐབས༔ དེ་དུས་ལུང་པ་རེ་ན་གཏེར་སྟོན་སྤྲུལ་སྐུ་རེ༔ དཔེར་ན་སྤང་ལ་ཤོ་མང་རང་བརྡོལ་འབྱུང་༔ ཞེས་དང་༔ གཏེར་ཁ་
རྙིང་པ་ལྷ་འབུམ་གྱི་གཏེར་ཁ་ལས༔ དུས་ད་ལྟའི་དུས་འདི་གསལ་ བར ་ལུང་བསྟན་སྐབས༔ ཨོ་རྒྱན་གྱི་སྤྲུལ་པ་མང་པོ་འབྱུང་ཞིང་གཏེར་ཐམས་ཅད་བརྡོལ་བ་དང་༔ ཨོ་རྒྱན་པདྨ་དང་ཐུགས་རྗེ་ཆེན་པོའི་བསྟན་པ་དར་ བར ་ལུང་བསྟན་ནོ༔ དེ་ལྟར་གོ་ཞིང་ཐོས་ཀྱང་དད་པ་མི་སྐྱེ་ན་ནི༔ ཨུ་རྒྱན་རིན་པོ་ཆེ་དང་དེའི་ཆོས་ལ་ལས་འཕྲོ་མེད་པ་ཀླུཡིན་ཏེ༔ བདེ་མཆོག་ཉུང་ངུའི་རྒྱུད་ལས༔ མོས་པ་དུ་མའི་སེམས་ཅན་ལ༔ སྤྱོད་པ་སྣ་ཚོགས་སྟོན་མཛད་དེ༔ སྣ་ཚོགས་ཚུལ་གྱི་གདུལ་བྱ་ལ༔ ཐབས་ནི་སྣ་ཚོགས་སྟོན་པ་དེ༔ ཟབ་མོའི་ཆོས་ནི་སྟོན་པ་ལ༔ གལ་ཏེ་མོས་པར་མ་གྱུར་ཀྱང་༔ སྨོད་པ་རུ་ནི་མི་བྱ་སྟེ༔ ཆོས་ཉིད་བསམ་མི་ཁྱབ་དྲན་བྱ༔ ཞེས་གསུངས་པ་ལྟར་སྨད་མི་རུང་སྟེ༔ རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས༔ བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ༔ འདི་ནི་སངས་རྒྱས་ཀྱི་གསུངས་མ་ཡིན་གྱི་འདི་དག་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ༔ ཞེས་ཟེར་བ་དག་འབྱུང་ བར ་འགྱུར་རོ༔ གསང་བའི་བདག་པོ༔ མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་ བར ་རིག་པར་བྱ་སྟེ༔ གཉིས་གང་
ཞེ་ན༔ སེམས་ཅན་དམྱལ་བ་དང་དུད་འགྲོའོ༔ ཞེས་དང་༔ འཇམ་དཔལ་རྩ་རྒྱུད་ལས༔ གང་ཞིག་ཆོས་མཆོག་གཙོ་བོ་འདི༔ རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད༔ ས་སྟེང་མིས་ནི་སྤངས་བྱེད་པ༔ དེ་ནི་མནར་མེད་དམྱལ་ བར ་འགྲོ༔ ཞེས་དང་༔ ཡུམ་རྒྱས་པ་ལས༔ ཆོས་སྤངས་པའི་འབྲས་བུ་ངན་འགྲོ་མཐའ་མེད་དུ་འཁྱམས་ཚུལ་རྒྱ་ཆེར་གསུངས་པ་ཡིད་ལ་བྱས་ཏེ༔ ངག་བསྡོམས་ཏེ་རང་རང་རྣམས་བསྲུང་ བར ་བྱས་ནས༔ རང་གིས་རང་ངན་སོང་དུ་བསྐྱུར་ བར ་མི་བྱ་བ་གལ་ཆེའོ༔ དེས་ན་ཆོས་འདི་ནི་ཤིན་ཏུ་ཟབ་ཅིང་ངོ་མཚར་དུ་མས་ཁྱད་པར་འཕགས་ཏེ༔ ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པའི་བཀའ་དྲི་མ་མེད་པ༔ ཁ་གསལ་བ་མན་ངག་སྣོད་དྲིས་མ་ཁྱེར༔ རྒྱུད་པ་ཐག་རུལ་བྲེང་རུལ་དུ་མ་སོང་ བར ་བརྒྱུད་པ་ཉེ༔ མཁའ་འགྲོའི་ཁ་རླངས་མ་ཡལ༔ དུས་ད་ལྟ་ལ་དགོངས་པའི་ཆོས་ཡིན་པས་བྱིན་རླབས་ཕན་ཡོན་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ཞུ་ཆོག་པ་ནི་ཚེ་སྔོན་ཚོགས་བསགས་ཤིང་སྨོན་ལམ་རྣམ་པར་དག་པ་ལས་བྱུང་བ་ཡིན་པས༔ ཐེ་ཚོམ་མེད་པའི་དད་པ་དང་མོས་གུས་བསྐྱེད་མཛོད་ཅིག༔ དེ་ཡན་གྱིས་རྫོགས་པ་ཆེན་པོའི་ཁྲིད་
སངས་རྒྱས་ལག་བཅོང་ཞེས་བྱ་བའི་ལོ་རྒྱུས་ཀྱི་རིམ་པ་སྟེ་ཆོས་ཐུན་དང་པོའོ༔ དེས་ན་སང་ཉིན་ བར ་གྱི་བསྒོམ་བྱ་ནི༔ བརྒྱུད་པ་བྱིན་རླབས་ཅན་འདི་འདྲ་དང་འཕྲད༔ ཆོས་ཟབ་མོ་ཐེག་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོའི་ཁྲིད་ཞུ་བས་ཆོག་པ་སྐལ་པ་བཟང་སྙམ་པ་གྱིས་ལ༔ བླ་མ་དང་ཆོས་ལ་དད་གུས་རྩེ་གཅིག་ཏུ་བསྐྱེད་ལ་བཛྲ་གུ་རུ་དང་༔ ཡི་གེ་དྲུག་པ་གསོལ་འདེབས་ཀྱི་ཚུལ་དུ་ཐོན༔ ཁྱེད་ཤེས་པ་རྣམས་ཀྱིས་ལེའུ་བདུན་མ་སོགས༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་ཡང་ཐོབ་མཛོད་ཅིག་༈ འོ་ན་ད་ལམ་རྫོགས་པ་ཆེན་པོའི་ཁྲིད་སྟོན་པ་ལ༔ གང་གིས་འཆད་པ་པོ་བླ་མའི་མཚན་ཉིད༔ གང་ལ་འཆད་པ་སློབ་མའི་མཚན་ཉིད༔ བླ་མ་བསྟེན་ཚུལ༔ གང་དུ་འཆད་པ་གནས་ཀྱི་མཚན་ཉིད༔ དུས་ཀྱི་མཚན་ཉིད༔ བཤད་པའི་ཕན་ཡོན༔ དེ་ལ་འཕྱ་བའི་ཉེས་དམིགས༔ ཐོས་པའི་ཕན་ཡོན༔ ཉན་ཚུལ༔ སྤྱོད་ལམ༔ ཡོ་བྱད༔ ཇི་ལྟར་འཆད་པའི་ཁྲིད་ཚུལ་དངོས༔ རྗེས་ཀྱི་བྱ་བ་དང་ས་བཅད་དྲུག་ཏུ་ཡོད་པ་ལས༔ དང་པོ་བླ་མ་དང་སློབ་མའི་འབྲེལ་པ་བརྟག་དགོས་པའི་རྒྱུ་མཚན་ནི༔ བླ་མ་ལྔ་
བཅུ་པ་ལས༔ བླ་མ་དང་ནི་སློབ་མ་དག༔ མཚུངས་པར་དམ་ཚིག་ཉམས་འགྱུར་བས༔ དཔའ་བོས་དང་པོ་སློབ་དཔོན་དང་༔ སློབ་མའི་འབྲེལ་བ་བརྟག་པར་བྱ༔ ཞེས་གསུངས་པས༔ བླ་མ་མ་བརྟགས་ན་བྱས་པ་དོན་མེད་དུ་འགྲོ་བས་བརྟག་དགོས༔ དེ་ཡང་བླ་མ་ལ་སྐྱོན་ཚོལ་ཕྱིར་བརྟགས་པ་ནི་མ་ཡིན༔ རང་གི་ཚེ་རབས་གཏན་གྱི་སྐྱབས་གནས་ཐུབ་མི་ཐུབ་བརྟགས་པ་ཡིན་ཏེ༔ སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས༔ རེ་ཞིག་དང་པོ་དངོས་གྲུབ་ནི༔ སློབ་དཔོན་རྗེས་སུ་འབྲང་ཡིན་པས༔ སློབ་དཔོན་མེད་པར་གྱུར་ན་ནི༔ དངོས་གྲུབ་ཐོབ་པར་མི་འགྱུར་བས༔ སློབ་དཔོན་མཚན་ཉིད་བཤད་པར་བྱ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ བླ་མ་མ་བརྟགས་ན་ལམ་ལོག་པའི་སྐྱོན་ཏེ༔ ཞེས་གསུངས་སོ༔ དེ་ཡང་སོ་སོར་ཐར་པའི་མཁན་པོ་དང་སློབ་དཔོན༔ བྱང་ཆུབ་སེམས་དཔའི་བསླབ་པ་གང་ལས་ཞུ་བའི་སློབ་དཔོན༔ གསང་སྔགས་ཀྱི་དབང་བསྐུར་ཞུ་བའི་སློབ་དཔོན་ལ་སོགས་པ་རང་རང་ལ་སློབ་དཔོན་གྱི་མཚན་ཉིད་རྒྱ་ཆེར་གསུངས་པ་ཡོད་ཀྱང་༔ ད་ལམ་སྐབས་སུ་བབ་པ་རྫོགས་པ་ཆེན་པོའི་ཆོས་འདི་གང་ལས་ཞུ་བའི་བླ་མའི་མཚན་ཉིད་
དེ་བཤད་ན༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ དང་པོ་བླ་མའི་སྐྱོན་ནི༔ ཐོས་རྒྱ་ཆུང་ལ་ང་རྒྱལ་ཆེ་བ༔ བླུན་རྨོངས་ཚིག་ལ་སྲེད་ཅིང་ཁེང་སེམས་ཆེ་བ༔ ཤེས་རབ་ཆུང་ཞིང་དོན་ལ་རྨོངས་པ༔ བསྐྱེད་རྫོགས་དོན་ལ་གཡེལ་ཞིང་ལག་ལེན་སྡུག་པ༔ བདག་འཛིན་ཆེ་ཞིང་ཐུགས་རྗེ་ཆུང་བ༔ དག་སྣང་ཆུང་ལ་ལོག་ལྟ་ཆེ་བ༔ མཁྱེན་པ་ཆུང་ཞིང་ཕྱོགས་ཆ་ཆེ་བའི་བླ་མ་དེ་བསྟེན་ན་ཕུང་ བར ་འགྱུར་བས་སྤངས་ བར ་བྱའོ༔ ཞེས་དང་༔ ཡང་ཨོ་རྒྱན་རིན་པོ་ཆེས་དུས་སྙིགས་མའི་ཆོས་པ་རྣམས་ལྟ་སྤྱོད་གཞུང་བཞིན་དུ་མི་སྤྱོད༔ ཉན་ལོང་མེད་པར་བསྒོམ་རིངས༔ བསྒོམ་ལོང་མེད་པར་འཆད་རིངས༔ རང་མ་སྨིན་པར་གཞན་ལ་དབང་བསྐུར༔ རང་མ་གྲོལ་ བར ་གཞན་ལ་ཉམས་ཁྲིད་སྟོན༔ མ་གོ་བའི་གོ་བརྫུ༔ མ་རྟོགས་པའི་རྟོགས་བརྫུ༔ མ་གྲོལ་བའི་གྲོལ་བརྫུ༔ བསྒོམས་པས་རང་མ་གྲོལ༔ བཤད་པས་གཞན་ལ་མ་ཕན༔ ཉམས་མྱོང་ཁའི་སྟོང་སྐད་ལ་ར༔ རིར་བསྡད་ན་ཀླུང་དྲན༔ ཀླུང་དུ་བསྡད་ན་རི་དྲན༔ ཐག་ཆོད་ཀྱི་གདེང་མེད་པར་བརྫུ་བག་ཀྱིས་གཞན་བསླུ༔ རང་གི་རིགས་རྒྱུད་དམ་པོར་ཚུགས་ཤོར་དོགས་གཞན་ལ་
ནི་མི་ཞུ༔ ནང་ན་ནི་ཐེ་ཚོམ་མེ༔ ཁུ་འཕྲིག་གེ༔ ཕྱི་ཚུལ་ནི་མཁས་བཙུན་བཟང་གསུམ་བསྒོམ༔ ཁ་ཐོན་ཕྲག་དོག་དང་ཟུར་ཟ་ལ་བྱེད༔ རང་ལ་ཁྱི་རྒྱ་བོའི་སྤུ་ཙམ་མེད་པར་གཞན་གྱི་སྟག་ཁྱི་འདྲ་བ་ལ་འཕྱ༔ རང་ལ་ར་རྒན་གྱི་ཨོག་ཙོམ་ཙམ་མེད་པར་གཞན་གྱི་འབྲོང་གི་རྔ་ལྗང་ལ་འཕྱ༔ མིང་ལ་ཆོས་བརྗེ༔ རྟོགས་ལྡན༔ རིན་པོ་ཆེ༔ ཞིག་མཁན་པོ༔ རྗེ་བཙུན་དུ་བཏགས་པའི་མི་གཙང་བ་དར་གྱིས་བསྟུམ་པའི་ཆོས་པ་མང་པོ་ཞིག་བོད་འདིར་འབྱུང་ བར ་འདུག་པས༔ རང་རེ་བསྡམ་ཁ་མ་ནོར་ཅིག༔ ཅེས་གསུངས་པས༔ བླ་མ་བརྟགས་དཀའ༔ དེ་ཡང་མདོ་རྒྱུད་ཀུན་ནས་བླ་མ་དེའི་རྣམ་ཐར་མཛད་སྤྱོད་ལ་བརྟེན་ནས་བླ་མ་བརྟགས་པར་གསུངས་ན་ཡང་༔ དུས་སྙིགས་མ་ལ་ནི༔ བདུད་དང་དམ་སྲི་རྣམས་ཀྱིས་མཁས་བཙུན་བཟང་པོའི་ཆ་ལུགས་བཟུང་ནས་སེམས་ཅན་རྣམས་ངན་སོང་དུ་ཁྲིད་པ་ཡང་འབྱུང་སྟེ༔ ཨོ་རྒྱན་རིན་པོ་ཆེས༔ ལྷ་མིན་ལྷ་རུ་བརྫུ་བའི་རྒྱ་འདྲེ་དང་༔ འགོང་པོ་སྤྱན་དགུ་མི་ཡུལ་བབ་པ་ལས༔ དེའི་ཆོ་འཕྲུལ་ས་གནས་སེམས་དཔའི་ཚུལ༔ རྣམ་དཔྱོད་ཁྱད་འཕགས་མང་སྲེལ་ཀུན་ནས་གཙང་༔ མཐོང་ཙམ་ཉིད་
ནས་དད་པ་ཐོབ་པ་ཡོང་༔ ཞེས་གསུངས་པ་དང་༔ བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་ལས༔ བདུད་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་འབྱུང་ བར ་བཤད་པས༔ ཕྱིའི་སྤྱོད་ལམ་བཙུན་པ་དང་ཞི་དུལ་ཆེ་བ་ཙམ་ལ་ཡང་ཡིད་གཏོད་མེད༔ ཐ་སྙད་ཚིག་ལ་མཁས་པ་ཙམ་ལ་ཡང་བློ་གཏད་མེད་དེ༔ རྒྱུད་གྲོལ་ཉམས་ཤིག་མེད་ན༔ བདུད་དང་དམ་སྲི་འགའ་རེས་ཀྱང་མདོ་སྡེ་མང་པོ་བློ་ལ་ཡོད་པ་དང་འདྲའོ༔ དེ་བཞིན་ཏུ་གཏེར་སྟོན་ཡིན་ཟེར་བ་ཙམ་ལ་ཡང་ཡིད་ཆེས་མེད་དེ༔ གཏེར་འདྲ་དང་རྫུན་གཏེར་ཡང་འབྱུང་ བར ་གསུངས་སོ༔ འོ་ན་གང་ཞིག་ལ་བློ་གཏད་ཅེ་ན༔ ཨོ་རྒྱན་རིན་པོ་ཆེ་ལ་ཕྱོགས་རིས་དང་རང་འདོད་ནི་མེད༔ དུས་གསུམ་ཆགས་ཐོགས་མེད་པའི་མངོན་ཤེས་ནི་མངའ་ངེས༔ སེམས་ཅན་ཐམས་ཅད་ཀྱི་ལས་བཟང་ངན་སྐྱེ་རྒྱུད་རྣམས་ནི་གསལ་ བར ་གཟིགས་པས༔ ཨོ་རྒྱན་རིན་པོ་ཆེའི་གཏེར་ལུང་༔ གཏེར་རྙིང་ཚད་ལྡན་རྣམས་ནས་འབྲེལ་ཚད་དོན་ལྡན་དུ་ལུང་བསྟན་པའི་བླ་མ་དེ་ལྟ་བུ་ལ་གཏན་གྱི་སྐྱབས་གནས་ཞུ་དགོས་སོ༔ དེ་ཡང་སྔོན་གྱི་ལུང་བསྟན་རྣམས་དཔང་པོ་ཡིན་གྱི༔ ད་ལྟ་མི་རྣམས་ཀྱི་ཅལ་
སྒོག་ལ་ངེས་པ་མེད་དེ༔ པདྨ་བཀའ་ཡི་ཐང་ཡིག་ལས༔ ཨོ་རྒྱན་རིན་པོ་ཆེས༔ ང་ཡི་སྤྲུལ་པ་ཟོག་པོ་ཟེར་ཞིང་གཤེ༔ ཟོག་པོ་རྣམས་ལ་འདི་ཕྱིའི་བློ་གཏད་བཅའ༔་དྲན་པ་གསལ་ཏེ་དགེ་སྡིག་ངོ་མ་ཤེས༔ ཤེས་པ་ཞིབ་སྟེ་ཆོས་ཀྱི་མཚང་མ་ལོན༔ དེ་ཕྱིར་བདུད་ཀྱི་བསྟན་པ་དར་བ་ཡིན༔ ཞེས་གསུངས་སོ༔ དེ་ལྟར་བླ་མ་ངན་པ་སྤངས་ནས་བཟང་པོ་ཅི་ལྟ་བུ་བསྟེན་ཞེ་ན༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ སྤྱིར་ཐེག་པ་ཆེན་པོའི་ཚིག་དོན་ལག་ལེན་གསུམ་ལ་མཁས་པ༔ བསྐྱེད་རྫོགས་བཟླས་བརྗོད༔ ལྟ་སྒོམ་སྤྱོད་གསུམ༔ གཞི་ལམ་འབྲས་གསུམ་ལ་རྟགས་དང་དྲོད་ཐོབ་པ༔ རང་ཉམས་སུ་ལེན་ཅིང་སྒྲུབ་ལ་བརྩོན་པ༔ གཞན་དོན་ཁྲིད་ལ་མཁས་ཤིང་ཐུགས་རྗེ་ཆེ་བ༔ ཐུགས་དགོངས་རྟོགས་པ་དང་ལྡན་པ༔ ཐུགས་རབ་དག་སྣང་དང་ཐུགས་རྗེས་འཛིན་པ༔ ཚེ་འདིའི་སྣང་ཤས་དོར་ནས་ཕྱི་མ་དོན་དུ་གཉེར་བ༔ བརྒྱུད་པའི་བྱིན་རླབས་ཡོད་ཅིང་ལག་ལེན་ཡོན་ཏན་དང་ལྡན་པ་དེ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བསྟེན་པར་བྱའོ༔ ཞེས་གསུངས་པ་དང་༔ ཁྱད་པར་ཨོ་རྒྱན་རིན་པོ་ཆེའི་ལུང་བྱང་རྙིང་པ་རྣམས་ནས་ལུང་བསྟན་པ་དང་༔
གཏེར་ཁ་སོ་སོའི་ཆོས་བདག་ལས་ཅན་དུ་ལུང་གིས་ཟིན་པ་རྣམས་ནི༔ རྫོགས་པ་ཆེན་པོ་ཞུ་བའི་བླ་མ་མཆོག་ཡིན་ནོ༔ ལུང་ནས་དངོས་སུ་མ་ཟིན་ཀྱང་ལུང་ནས་ཟིན་པའི་བླ་མས་ཅི་གསུང་བཀའ་བཞིན་བསྒྲུབས་ནས་ཉམས་སུ་བླངས་བས༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་རྟོགས་ལྡན་གྱི་རྣལ་འབྱོར་བྱུང་ན་ཡང་རྫོགས་པ་ཆེན་པོ་ཞུ་ཆ་བའི་བླ་མར་རུང་བ་ཡིན་ནོ༔ དེ་ལྟ་བུ་མ་རྙེད་ན༔ དོན་དམ་བསྙེན་པ་ལས༔ སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས༔ རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན༔ གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་སྤྱད་ནས༔ བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ༔ ཞེས་གསུངས་པས༔ བླ་མ་དེ་ལྟ་བུ་མ་རྙེད་ན༔ སྐྱོན་དང་ཡོན་ཏན་གཉིས་ཡོན་ཏན་ཆ་ཆེ་བ་ཙམ་བསྟེན་རུང་ བར ་དུས་འཁོར་རྒྱུད་འགྲེལ་ལས་གསུངས་སོ༔ དེ་ནས་སློབ་མ་རྟགས་དགོས་ཏེ༔ ཨོ་རྒྱན་རིན་པོ་ཆེས༔ སློབ་མ་མ་བརྟགས་ཆོས་ཀྱི་བདུད༔ ཅེས་གསུངས་པ་དང་༔ ཡང་གསང་ལེའུ་གཅིག་པ་ལས༔ སྐལ་མེད་འཁོར་བས་མི་སུན་ཅིང་༔ བླ་མར་མི་ཁུར་བཀའ་སྩལ་གཅོག༔ བློ་ཆུང་སྒྲུབ་གཡེལ་གསང་
མི་ཐུབ༔ རྫོགས་ཤིང་སྣོད་ངན་དེ་འདྲ་ལ༔ མི་སྤེལ་གསང་རྒྱས་དྲག་ཏུ་བཏབ༔ སྣོད་དང་མི་ལྡན་གང་ཟག་ལ༔ ཟབ་ཆོས་བསྟན་ཀྱང་ལོག་པར་རྟོགས༔ ཡི་དྭགས་ཟས་ལ་དགྲར་མཐོང་འདྲ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ ཁ་མཁས་ཤིང་རྒྱུད་ངན་པ༔ ལག་དམ་ཞིང་སྟོང་ཞུས་མཁས་པ༔ བཀའ་བཞིན་མི་སྒྲུབ་པར་ཚེ་འདི་ལ་ཞེན་པ༔ གདམས་པ་ལ་ཐོབ་ཆོག་བྱེད་ཅིང་ཁ་ཡེངས་བ༔ དམ་ཚིག་མེད་ཅིང་དྲིན་ལ་རྩོད་པ༔ ཡོན་ཏན་མི་མཐོང་སྐྱོན་ལ་རྟོག་པ༔ དེ་ལྟ་བུའི་སློབ་མ་ཆོས་ཀྱི་བདུད་དེ་སྤངས་ བར ་བྱ༔ ཞེས་གསུངས་པ་དང་༔ བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས༔ ཇི་ལྟར་སེང་གེའི་འོ་མ་ནི༔ ས་ཡི་སྣོད་དུ་བཞག་མི་བྱ༔ དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད༔ སྣོད་མིན་རྣམས་ལ་སྦྱིན་མི་བྱ༔ ཞེས་གསུངས་སོ༔ འོ་ན་སྣོད་ལྡན་ནི་ཅི་ལྟ་བུ་ཞེ་ན༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་ལས༔ ལྔ་ལྡན་བུ་ལ་འདི་སྟོན་ཅིག༔ སྐལ་ལྡན་སྤྱོད་ལམ་ངང་ཚུལ་བཟང་༔ རིགས་ལྡན་འཁོར་སུན་བློ་ཆེ་བ༔ བླ་མ་ལ་གུས་སྒྲུབ་ལ་བརྩོན༔ ཤེས་རབ་སྡུག་སྲན་སྙིང་རྗེ་ཆེ༔ ཞབས་ཏོག་ཅི་གསུངས་སྒྲུབ་ལ་གཏོད༔ ཅེས་དང་༔ ཨོ་
རྒྱན་རིན་པོ་ཆེའི་ཞལ་ནས༔ ཤེས་རབ་ཆེ་ཞིང་སྡུག་སྲན་ཆེ་བ༔ མོས་གུས་དང་དག་སྣང་དང་ངེས་འབྱུང་དང་སྐྱོ་ཤས་ཆེ་བ༔ ཚེ་འདི་བློས་བཏང་ནས་སྒྲུབ་པ་སྲོག་དང་བསྡོ་ནུས་པ༔ ཅི་གསུངས་བཀའ་ཉན་ཅིང་མོས་གུས་ལ་ལྟེམ་རྐྱང་མེད་པ་དེ་ལྟ་བུ་བཙལ་ལོ༔ ཞེས་དང་༔ དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་བ༔ དག་སྣང་མོས་གུས་མི་གཏོང་ཕོད་ཆེ་བ༔ ཅི་གསུངས་ཉན་ཞིང་དམ་ཚིག་བསྲུང་བ༔ བློ་ཆེ་ཤེས་རབ་ཆེ་ཞིང་སྒྲུབ་ལ་བརྩོན་པ༔ རྒྱུད་བཟང་ཁ་ཉུང་བརྩོན་འགྲུས་བརྟུལ་ཞགས་དང་ལྡན་པ༔ གཉིས་དང་གསུམ་ནས་བརྒྱ་ཡི་ བར ་དུ་བཙལ་ལོ༔ ཞེས་གསུངས་ཤིང་༔ གཞན་ཡང་མཁའ་འགྲོ་སྙིང་ཐིག་ནས་སློབ་མའི་མཚན་ཉིད་བཅུ་དགུ་གསུངས་པ་དང་༔ རྫོགས་ཆེན་ཨ་རོ་སྙན་བརྒྱུད་ལས༔ སློབ་མའི་མཚན་ཉིད་བཅུ་བཞི་སོགས་གསུངས་ཀྱང་༔ དེ་ལྟ་བུའི་སློབ་མ་ལ་བཀའ་རྫོགས་པ་ཆེན་པོ་བསྟན་ན༔ ཚེ་གཅིག་ལུས་གཅིག་ལ་སྣང་བཞི་མཐར་ཕྱིན་ནས༔ ཀ་དག་གི་ཀློང་དུ་སངས་རྒྱས་པ་ལ་དགོངས་པ་ཡིན་ལ༔ ཚོགས་ཆོས་བཤད་པའི་སྣོད་ནི༔ གཙོ་བོ་དད་པ་ཆེ་བ་ཁོ་ནས་ཆོག་པ་སྟེ༔ སྒྱུ་འཕྲུལ་དྲྭ་བའི་མདོ་
ལས༔ དད་དང་ལྡན་པའི་གང་ཟག་གིས༔ རང་བཞིན་དངོས་གྲུབ་ཐམས་ཅད་འགྲུབ༔ ཇི་ལྟར་དྭངས་བའི་སྣོད་ནང་དུ༔ རྟོག་མེད་ཟླ་བའི་གཟུགས་བརྙན་འཆར༔ ཞེས་དང་༔ མ་དྲོས་པས་ཞུས་པའི་མདོ་ལས༔ དད་པ་དཀར་པོའི་ཆོས་རྣམས་ཀྱི༔ སྔོན་དུ་འགྲོ་དང་བསྐྱེད་པར་བྱ༔ སྡུག་བསྔལ་མཐར་འབྱིན་འདོད་པ་དང་༔ བདེ་བའི་མཐར་ཡང་འགྲོ་འདོད་པས༔ དད་པའི་རྩ་བ་ལྡན་བྱས་ཏེ༔ བྱང་ཆུབ་ཏུ་ནི་བློ་བརྟན་བྱ༔ ཞེས་དང་༔ སྒྱུ་འཕྲུལ་དྲྭ་བའི་རིམ་པར་ཕྱེ་བ་དང་པོ་ལས༔ དགེ་དང་བསྒོམ་ལ་དགའ་བ་དང་༔ རྟག་ཏུ་བླ་མ་ལ་གུས་དང་༔ རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི༔ ཡོན་ཏན་ལྡན་ན་སློབ་མ་ཡིན༔ ཅེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ དད་པ་གཏེར་དང་ནོར་དང་རྐང་པ་མཆོག༔ ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན༔ དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་༔ ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན༔ ཅེས་དང་༔ དཀོན་མཆོག་ཏ་ལའི་མདོ་ལས༔ དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ༔ ཡོན་ཏན་ཐམས་ཅད་སྡུད་ཅིང་འཕེལ་ བར ་བྱེད༔ དགོས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ།༔ དད་
པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན༔ དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད༔ ང་རྒྱལ་སྤངས་ཤིང་གུས་པའི་རྩ་བ་ཡིན༔ དད་པ་གཏེར་དང་ནོར་དང་རྐང་པ་མཆོག༔ ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན༔ ཞེས་གསུངས་པས༔ དད་པ་བརྟན་པོ་ཡོད་ན་ཆོས་འདི་བསྟན་པའི་སྣོད་དུ་རུང་ལ༔ སློབ་མའི་མཚན་ཉིད་ཐམས་ཅད་ཚང་དཀའ་ནའང་༔ དད་པ་མེད་པ་དང་མ་གུས་པ་དང་ལོག་ལྟ་ཅན་ལ་ཆོས་འདི་བསྟན་དུ་ཡང་མི་རུང་༔ ཉན་དུ་ཡང་མི་རུང་སྟེ༔ འདི་ནི་ཐེག་པ་དགུའི་ཡང་རྩེ་གསང་སྔགས་གསང་བ་ལས་ཀྱང་ཆེར་གསང་བ་བཀའ་རྫོགས་པ་ཆེན་པོ་ཤིན་ཏུ་ཟབ་ཅིང་གཉན་པའི་ཆོས་དུག་སྦྲུལ་མགོའི་ནོར་བུ་ལྟ་བུ་ཡིན་ཏེ༔ ཨོ་རྒྱན་རིན་པོ་ཆེས༔ ང་ཡི་གཏེར་ཆོས་ཤིན་ཏུ་གཉན་པ་སྟེ༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཞེས་གསུངས་སོ༔ དེས་ན་ཁྱེད་རང་རྣམས་སྣོད་དུ་རུང་བའི་ཕྱིར་དད་པ་བསྐྱེད་པ་གལ་ཆེ༔ དད་པ་དེ་ཅི་འདྲ་ཞིག་ཡིན་ཞེ་ན༔ རིན་ཆེན་འཕྲེང་བར༔ འདུན་དང་ཞེ་སྡང་འཇིགས་པ་དང་༔ རྨོངས་པ་གང་ཞིག་ཆོས་མི་འདའ༔ དེ་ནི་དད་པ་ཅན་ཞེས་བྱ༔ ངེས་པར་ལེགས་པའི་སྣོད་མཆོག་ཡིན་
དང་༔ ཆེད་དུ་བརྗོད་པའི་ཚོམ་ལས༔ འཕགས་པ་ལྟ་ བར ་འདོད་པ་དང་༔ དམ་ཆོས་ཉན་པར་དགའ་བ་དང་༔ སེར་སྣའི་དྲི་མ་རྣམ་སྤངས་པ༔ དེ་ནི་དད་པ་ཅན་ཞེས་བྱ༔ ཞེས་གསུངས་པས་དད་པའི་རྣམ་གྲངས་མང་ན་ཡང་༔ འཕགས་པའམ་བླ་མ་མཇལ་ བར ་འདོད་པ་དང་༔ དེ་ལ་ཆོས་ཟབ་མོ་ཉན་པར་འདོད་པ་དང་༔ འབྱོར་པ་ཡོད་བཞིན་དུ་སེར་སྣས་མ་བཅིང་པ་དང་གསུམ་ཚང་ན་དད་པ་ཅན་ཞེས་བྱའོ༔ དེ་ལྟར་བླ་མ་མཚན་ལྡན་དང་སློབ་མ་སྣོད་ལྡན་ཚང་ན༔ བླ་མ་ཇི་ལྟར་བསྟེན་པར་བྱ་ཞེ་ན༔ འཕགས་པ་སྡུད་པ་ལས༔ སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས༔ བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ༔ ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་༔ ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར༔ གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ༔ སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས༔ ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས༔ ཞེས་དང་༔ རྒྱན་ལས༔ རྙེད་པ་བཀུར་སྟི་དག་དང་རིམ་གྲོ་དང་༔ སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ༔
ཞེས་དང་༔ དཔལ་འབྱུང་བའི་མདོ་ལས༔ བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་༔ དགེ་བའི་བཤེས་གཉེན་མགུ་ བར ་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་འཐོབ་བོ༔ དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་ལ་བསྙེན་པར་གྱིས་ཤིག༔ ཅི་བསྒོ་བ་ཉན་པ་བྲན་ལྟ་བུར་གྱིས་ཤིག༔ བདག་ལ་ནི་ནད་པའི་འདུ་ཤེས་དང་༔ དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་༔ གདམས་ངག་ལ་སྨན་གྱི་འདུ་ཤེས་དང་༔ ནན་ཏན་གྱིས་ཉམས་སུ་བླང་བས་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ༔ ཞེས་གསུངས་པ་དང་༔ སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས༔ ལྷམ་དང་སྟན་ནི་སྤྱི་བོར་བླངས༔ ཐུགས་ཀར་ཕོ་བྲང་བཅའ་བ་སྟེ༔ རྟག་ཏུ་དེ་བསམ་གཞན་དུ་མིན༔ དེ་ཡི་བཀའ་ལས་འདའ་མི་བྱ༔ ཞེས་དང་༔ སྒྱུ་འཕྲུལ་དྲྭ་བའི་མདོ་ལས༔ རྡོ་རྗེ་འཛིན་པ་རབ་ཏུ་ཉོན༔ སློབ་དཔོན་ལ་ནི་དུས་གསུམ་དུ༔ གསོང་པོར་བྱ་བ་ཐམས་ཅད་དྲི༔ ལུས་ངག་བྱ་བ་རབ་བསྡམ་སྟེ༔ ཧ་ཅང་ཉེ་མིན་རིང་བ་མིན༔ རྟག་ཏུ་བྲལ་བ་མ་ཡིན་ནོ༔ དུས་གསུམ་དུ་ནི་
མེ་ཏོག་འབུལ༔ བློ་ལྡན་ནང་ནུབ་ཕྱག་བྱ་སྟེ༔ ཟས་ལ་སོགས་པ་དང་པོས་མཆོད༔ ཅེས་གསུངས་པ་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ མཚན་ཉིད་དང་ལྡན་པའི་བླ་མ་ངས་རྒྱས་དངོས་སུ་མཐོང་བས༔ ཅི་གསུང་གི་བཀའ་ཉན་ཅིང་ལུས་སྲོག་ལ་མི་འཕང་པ༔ ཅི་ཡོད་ཆགས་མེད་དུ་འབུལ་ཞིང་བླ་མ་མཉེས་ན་སྙིང་དང་མིག་འབུལ་ཡང་མི་ཆགས་པ་ཅིག་དགོས་སོ༔ དེ་ལྟར་བླ་མ་དང་སློབ་མའི་མཚན་ཉིད༔ ཇི་ལྟར་བསྟེན་ཚུལ་དང་གསུམ་སོང་ནས༔ བཀའ་རྫོགས་པ་ཆེན་པོ་གང་དུ་འཆད་པའི་གནས་ཀྱི་མཚན་ཉིད་ནི༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཉམས་སུ་ལེན་པ་ལ་གནས་ཁྱད་པར་ཅན་གལ་ཆེ་སྟེ༔ མཚན་ཉིད་དང་མི་ལྡན་པས་རྐྱེན་དང་ བར ་ཆད་འབྱུང་བས་གནས་ཁྱད་པར་ཅན་གྱི་མཚན་ཉིད་བརྟགས་པ་ནི༔ དང་པོ་ལུང་སྟོང་ཞེས་པ་ནི་དགེ་སྦྱོར་འཕེལ་བའོ༔ རི་རྩེ་ནི་ཤེས་པ་གསལ་བའོ༔ དུར་ཁྲོད་ན་སྐྱོ་ཤས་སྐྱེ་བའོ༔ ཤིན་ཏུ་དབེན་པ་ནི་ཉམས་འཕེལ་བའོ༔ དྭངས་ཤིང་མཐོ་བ་ནི་དབྱིངས་རིག་གསལ་བའོ༔ གནས་ཁྱད་པར་ཅན་དེ་རྣམས་སུ་ཕྱིན་པ་ལ་དགོས་ཆེད་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ གནས་
སྐབས་སུ་དགེ་སྦྱོར་ངང་གིས་འཕེལ་བའི་དགོས་པ་ཡོད༔ མཐར་ཐུག་ཏུ་དབྱིངས་རིག་ལ་མྱུར་དུ་བརྟན་པ་ཐོབ་པའི་དགོས་པ་ཡོད་དོ༔ ཞེས་དང་༔ གནས་ར་ལུང་ནས་བསྟན་པའི་གནས་སམ༔ གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པའམ༔ སྤྱིར་དབེན་ཞིང་ཉམས་དགའ་ལ་སྤྲོ་བ༔ དྭངས་ཤིང་མཐུན་རྐྱེན་འཛོམས་པ༔ གཡེང་བ་དང་མི་རྒོད་ཀྱིས་འཚེ་བ་མེད་པ༔ ཞེས་སོགས་རྒྱ་ཆེར་གསུང་ནའང་༔ མི་དང་མི་མ་ཡིན་པའི་འཚེ་བ་མེད་ཅིང་༔ དབེན་པའི་གནས་གང་དུ་ཡང་རུང་བའོ༔ དུས་ཀྱི་མཚན་ཉིད་ནི༔ སྔོན་འགྲོ་ཆོས་ཀྱི་དབུ་འཛུགས་པའི་དུས་ནི་ཚེས་གྲངས་གཟའ་སྐར་བཟང་བ་ལ་བྱ་ཞིང་༔ དངོས་གཞི་ངོ་སྤྲོད་པ་ནི༔ ཨུ་རྒྱན་རིན་པོ་ཆེས་དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས་སུ་ན་བུན་དང་འཚུབ་མ་དང་སེར་བུ་མེད་པའི་ནམ་མཁའ་ཤིན་ཏུ་དྭངས་བའི་དུས་སུ་དབྱིངས་རིག་གསལ་བའོ༔ ཁྱད་པར་དུ་ངོ་སྤྲོད་པའི་དུས་ནི༔ ཟེར་གཉིས་ཀྱི་དུས་སུ་ཤིན་ཏུ་གསལ་བ་ཡིན་ནོ༔ དེ་ལྟར་དུས་ཁྱད་པར་ཅན་ལ་ཡོན་ཏན་གཉིས་ཏེ༔ གནས་སྐབས་སུ་ངོ་སྤྲོད་པ་ལ་མགྱོགས༔ མཐར་ཐུག་ཏུ་
ཉམས་ཀྱི་འཕེལ་བ་ཆེ་བའོ༔ ཞེས་གསུངས་སོ༔ དེ་ལྟར་དུས་ཀྱི་མཚན་ཉིད་བཤད་པའི་ཕན་ཡོན་ནི༔ མདོ་ལས༔ གང་ལ་ཕན་ཕྱིར་ང་ཡི་ཆོས༔ ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི༔ མེ་ཏོག་བདུག་སྤོས་མར་མེ་ཡི༔ རྒྱལ་བ་ཡང་དག་མཆོད་པ་ཡིན༔ ཞེས་གསུངས་པས་ཆོས་བཤད་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བླ་ན་མེད་པར་འགྱུར་བ་ཡིན་ཞིང་༔ བྱམས་པ་སེང་གེ་སྒྲ་ཡི་མདོ་ལས༔ གང་གཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས༔ བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས༔ དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ༔ དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད༔ ཅེས་གསུངས་པས༔ ཟང་ཟིང་གི་སྦྱིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ༔ ཡང་མདོ་དེ་ཉིད་ལས༔ གང་གིས་གངྒའི་བྱེ་སྙེད་སངས་རྒྱས་ཞིང་༔ རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས༔ དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས༔ གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན༔ རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས༔ ཚིགས་བཅད་བྱིན་པ་སྙིང་རྗེས་སྒྲུབ་དེ་ལ༔ ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན༔ གཉིས་དང་གསུམ་ལ་བསམ་དུ་ག་
ལ་ཡོད༔ ཅེས་དང་༔ གསེར་འོད་ལས༔ ཤཱ་རིའི་བུ་སྦྱིན་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ༔ ཆོས་ཀྱི་སྦྱིན་པ་ནི་མཆོག་ཅེས་ངས་བཤད་དོ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས་ཀྱང་༔ མི་རྣམས་གང་ཞིག་གངྒའི་བྱེ་སྙེད་ཀྱི༔ འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ༔ དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས༔ གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན༔ རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས༔ ཚིགས་བཅད་བྱིན་པ་སྙིང་རྗེས་སྒྲུབ་དེ་ལ༔ ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ནོ༔ ཞེས་གསུངས་ཤིང་༔ གཞན་ཡང་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས༔ ཆོས་ཀྱི་སྦྱིན་པས་མངོན་ཤེས་ཐོབ་པར་བཤད་པ་དང་༔ སེང་གེས་ཞུས་པའི་མདོར་ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན་པར་གསུངས་པ་དང་༔ ཏིང་ངེ་འཛིན་རྒྱལ་པོ་ལས་ཆོས་ཀྱི་སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པ་བས་ཁྱད་པར་འཕགས་ཚུལ་མང་པོ་གསུངས་ཤིང་༔ མྱུར་དུ་སངས་རྒྱས་ཐོབ་པར་ཡང་གསུངས་ལ༔ ལྷག་བསམ་བསྐུལ་བའི་མདོར༔ ཆོས་བཤད་པའི་ཕན་ཡོན་ཉི་ཤུ་གསུངས་སོ༔ དེ་ལྟར་ཆོས་བཤད་པ་ལ་འཕྱ་བ་དང་༔ སྐུར་
པ་འདེབས་པ་དང་༔ ཆོས་གྲོགས་རྣམས་ཀྱི་རྟོགས་འབུལ་དང་ཆོས་གཏམ་བྱེད་པ་སོགས་ལ་ཡང་འཕྱ་བ་དང་སྐུར་པ་བཏགས་ཀུ་སོགས་བྱས་ན་ཉེས་པ་ཤིན་ཏུ་ཆེ་བ་ཡིན་ཏེ༔ སངས་རྒྱས་མི་སྤོངས་བའི་མདོ་ལས༔ ཆོས་སྨྲ་བ་ལ་བུད་མེད་ཀྱི་སྐུར་པ་བཏབ་པ་ཉེས་དམིགས་དཔག་ཏུ་མེད་པ་གསུངས་ནས༔ དེ་བས་ན་ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་འཆལ་བའི་ཚུལ་ཁྲིམས་ཀྱིས་བརྗོད་པར་མི་བྱ་ན༔ ཐོས་པས་ལྟ་ཅི་སྨོས༔ རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པ་བས་ནི༔ ཆོས་སྨྲ་བ་ལ་གཤེ་བའི་བསམས་པས་ལྟ་ བར ་བྱེད་ན་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན་ནོ༔ གང་ཞིག་སེམས་ཅན་ཐམས་ཅད་བཅིང་ བར ་བྱེད་པ་བས༔ ཆོས་སྨྲ་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་པར་བྱེད་ན་ཉེས་པ་སྔ་མ་བས་བརྒྱའི་ཆར་ཡང་ཉེ་ བར ་མི་འགྲོའོ༔ དེ་ཅིའི་ཕྱིར་ཞེ་ན༔ ཆོས་སྨྲ་བ་ལ་སྐུར་བ་འདེབས་པ་དེས་ནི་སངས་རྒྱས་ལ་སྐུར་པ་བཏབ་པའི་ཕྱིར་རོ༔ སངས་རྒྱས་ལ་བསྙེན་བཀུར་ བར ་འདོད་པ་དང་༔ མཆོད་པར་འདོད་པ་དང་༔ ཕྱག་འཚལ་ བར ་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བ་དང་༔ མཆོད་པ་དང་ཕྱག་འཚལ་ བར ་བྱའོ༔ དེ་
ཅིའི་ཕྱིར་ཞེ་ན༔ ཐམས་ཅད་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕྱིར་རོ༔ ཞེས་གསུངས་སོ༔ ཆོས་ཟབ་མོ་འདི་ལྟ་བུ་ཐོས་ནས་ཉམས་སུ་བླངས་ན་ཚེ་གཅིག་ལ་སངས་རྒྱས་པ་ཡིན་ལ༔ དོན་མ་རྟོགས་པ་དང་ཉམས་སུ་མ་ལོན་ཀྱང་༔ ཆོས་ཐོས་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ ཐོས་པས་མྱ་ངན་འདས་པ་ཐོབ༔ ཅེས་དང་༔ སྐྱེས་རབས་ལས༔ གང་ཞིག་ཐོས་པས་ཡིད་ནི་དང་གྱུར་ནས༔ ལེགས་པར་དགའ་ལ་བསྟན་པ་ཉིད་དུ་འགྱུར་ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར༔ ཅེས་དང་༔ རྒྱལ་བུ་ཟླ་བས་ཞུས་པའི་མདོར༔ ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན༔ རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་ལྷམཆོག༔ ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན༔ ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག༔ འཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན༔ གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན༔ ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག༔ གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན༔ ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག༔
ཚོགས་ཀྱི་ནང་ན་མཁས་པ་མགུ་ བར ་འགྱུར༔ ཕས་ཀྱི་རྒོལ་ བར ་ཉི་མའི་འོད་ཟེར་འདྲ༔ ཞེས་དང་༔ ཐོས་པའི་ཚོམས་ལས༔ ཇི་ལྟར་ཁྱིམ་ནི་ལེགས་གཡོག་པ༔ མུན་པས་ཁེབས་པའི་ནང་ཞུགས་ན༔ གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི༔ མིག་ལྡན་བཞིན་དུ་མི་མཐོང་ན༔ དེ་བཞིན་འདི་ན་རིགས་སྐྱེས་པའི༔ མི་ནི་བློ་གྲོས་ལྡན་གྱུར་ཀྱང་༔ སྡིག་པ་དང་ནི་དགེ་བའི་ཆོས༔ མ་ཐོས་ བར ་དུ་ཤེས་མི་འགྱུར༔ མིག་ལྡན་མར་མེ་ཡོད་པ་ཡིས༔ གཟུགས་རྣམས་མཐོང་བ་ཇི་ལྟ་བར༔ དེ་བཞིན་དགེ་དང་སྡིག་པའི་ཆོས༔ ཐོས་པས་རྣམ་པར་ཤེས་པ་གྱུར༔ ཞེས་དང་༔ སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས༔ རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་ བར ་འགྱུར་རོ༔ ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་ བར ་འགྱུར་རོ༔ ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ༔ ཞེས་དང་༔ ཐོས་པ་དྲི་མ་མེད་པའི་གཟི་བརྗིད་ཅན༔ ཐོས་པས་སྡིག་ལས་ལྡོག་པར་འགྱུར༔ ཞེས་གསུངས་སོ༔ དཀོན་མཆོག་བརྩེགས་པ་ལས༔ དགེ་བ་དང་ནི་སྡིག་པའི་ཆོས༔ མ་ཐོས་པས་ནི་ཤེས་མི་འགྱུར༔ ཐོས་ནས་ཆོས་རྣམས་རྣམ་པར་
ཤེས༔ ཐོས་ནས་སྡིག་པ་བརྟན་མི་བྱེད༔ ཐོས་ནས་སྡིག་པ་སྤངས་ བར ་བྱེད༔ ཐོས་ནས་མྱ་ངན་འདས་པ་འཐོབ༔ ཐོས་ནས་ཤེས་རབ་འཕེལ་ བར ་གྱུར༔ ཤེས་རབ་ཀྱིས་ནི་དོན་རྣམས་སྤྱོད༔ དོན་མཐོང་ནས་ནི་བདེ་བ་འཐོབ༔ དེ་ཐོབ་དེས་ནི་ཡིད་གཞུངས་ཏེ༔ ཚེ་འདི་ལ་ནི་མྱ་ངན་འདས༔ ཞེས་གསུངས་ཏེ་དེ་རྣམས་ནི་སྤྱིར་ཆོས་ཉན་པ་དང་ཐོས་པའི་ཕན་ཡོན་ཡིན་ལ༔ ཁྱད་པར་ཨུ་རྒྱན་རིན་པོ་ཆེའི་ཟབ་ཆོས་འདི་རྣམས་ནི༔ ཉམས་སུ་བླང་ན་ཚེ་གཅིག་ལ་འཚང་རྒྱ༔ གལ་ཏེ་ཉམས་སུ་མ་ལོན་ནའང་༔ ལན་གཅིག་ཆོས་ལུང་ཙམ་ཐོབ་ན་ཡང་༔ ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་པར་གསུངས་ཏེ༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ལུང་ཐོབ་ཙམ་ཡང་གནས་ངན་སྐྱེ་བ་གཅོད༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་ཡིན༔ ཞེས་གསུངས་སོ༔ དེའི་ནང་ནས་ཀྱང་བཀའ་རྫོགས་པ་ཆེན་པོའི་ཆོས་འདི༔ སྐལ་ལྡན་ལས་ཅན་ཡིན་ན་བསྒོམ་མི་དགོས་ཐོས་པ་ཙམ་ནས་གྲོལ་བ་ཐོབ༔ དེ་ཙམ་སྐལ་བ་མེད་ཀྱང་༔ འདི་ལྟ་བུ་བཀའ་རྫོགས་པ་ཆེན་པོ་འདི་ཐོས་པ་དང་༔ བཀླགས་པ་དང་༔ འཆང་བ་དང་༔ བཏགས་པ་དང་༔ འདི་
དང་འཕྲད་པ་ཐམས་ཅད་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས༔ བར ་དོའམ་སྐྱེ་བ་ཕྱི་མའམ་སྐྱེ་བ་བདུན་ལས་མི་འགྱང་ བར ་སངས་རྒྱ་ བར ་དཔལ་ཀུན་ཏུ་བཟང་པོས་གསུངས་ཏེ༔ རྫོགས་པ་ཆེན་པོ་བཏགས་པས་གྲོལ་བའི་རྒྱུད་ལས༔ ཨེ་མ་ཧོ༔ འདི་འཛིན་རྣལ་འབྱོར་སྐལ་བ་ཆེ༔ འདི་འཕྲད་རྣལ་འབྱོར་སྐལ་བ་ཆེ༔ འདི་འཆང་རྣལ་འབྱོར་སྐལ་བ་ཆེ༔ འདི་བཀླགས་རྣལ་འབྱོར་སྐལ་བ་ཆེ༔ འདི་ནི་རང་བྱུང་ཆེན་པོ་ཡིན༔ སྒོམ་མི་དགོས་ཏེ་བཀླགས་གྲོལ་ཡིན༔ སྒྲུབ་མི་དགོས་ཏེ་བཏགས་གྲོལ་ཡིན༔ སྦྱངས་མི་དགོས་ཏེ་རེག་གྲོལ་ཡིན༔ བསམ་མི་དགོས་ཏེ་ཚོར་གྲོལ་ཡིན༔ འདི་ནི་འཕྲད་ཚད་རང་གྲོལ་ཡིན༔ འདི་ནི་ཕུང་པོ་རང་གྲོལ་ཡིན༔ སྐལ་བ་ཅན་གྱི་སྤྱོད་ཡུལ་ཡིན༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ འདི་དང་འཕྲད་ཚད་ཤིན་ཏུ་སྐལ་བ་བཟང་བ་ཡིན་ནོ༔ ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་འདི་དང་འཕྲད་པར་དཀའ༔ གལ་ཏེ་འཕྲད་ན་ཡང་བློར་ཤོང་བ་དཀའ༔ འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་གྲོལ་ བར ་ནུས་སོ༔ ཞེས་དང་༔ སྒོམ་སྒྲུབ་བྱ་མི་དགོས་པའི་ཆོས༔ བལྟས་པས་གྲོལ་བ༔
ཐོས་པས་གྲོལ་བ༔ བཀླགས་པས་གྲོལ་བའི་གདམས་པ་ཟབ་མོ༔ སྡིག་པོ་ཆེ་གསེབ་ལམ་དུ་ཁྲིད་པའི་གདམས་པ་ཟབ་མོའོ༔ ཞེས་གསུངས་ནས༔ རྫོགས་ཆེན་འདི་ཐོས་པ་ཁོ་ན་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས་སོ༔ དེ་ལྟར་ཆོས་ཐོས་པའི་ཕན་ཡོན་བཤད་ནས༔ ཆོས་ཉན་པའི་ཀུན་སྤྱོད་བསྟན་པ་ནི༔ སྐྱེས་རབས་ལས༔ རབ་ཏུ་དམའ་བའི་སྟན་ལ་འདུག༔ དུལ་བའི་དཔལ་ནི་རྣམ་པར་བསྐྱེད༔ དགའ་དང་ལྡན་པའི་མིག་གིས་བལྟ༔ ཚིག་གི་བདུད་རྩི་འཐུང་བ་བཞིན༔ གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད༔ རབ་ཏུ་དང་ལ་དྲི་མེད་ཡིད༔ ནད་པས་སྨན་པའི་ཚིག་ཉན་བཞིན༔ རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཞིག༔ ཅེས་གསུངས་པས་ཤིན་ཏུ་གུས་ཤིང་དད་པའི་སྒོ་ནས་ལུས་ངག་ཡིད་གསུམ་རྩེ་གཅིག་པས་ཆོས་ཉན་དགོས་པས༔ ཆོས་བཤད་ཚེ་ཁྱེད་རྣམས་ཀྱིས་ཤབ་ཤུབ་གཏམ་པ་དང་༔ ཀུ་རེ་བཞད་བགད་དང་༔ ལུས་མ་གུས་པར་མཐོ་སར་འདུག་པ་དང་༔ མི་ཉན་པར་དོན་གཞན་ཡིད་ལ་བསམ་པ་དང་༔ གཉིད་ལོག་པ་སོགས་མི་རུང་༔ དེ་ལྟར་བྱས་ན་ཆོས་ལ་བརྙས་བཅོས་བྱས་པའི་ཉེས་པ་ཆེན་པོ་ཡོད་
ཅིང་༔ ཆོས་བདག་ཏྟཀི་རྣམས་ཀྱང་མི་དགྱེས༔ དེ་ལྟ་བུ་ལ་བཤད་ཀྱང་མི་རུང་ བར ་གསུངས་ཏེ༔ ཤན་དེ་བས་མ་གུས་པ་ལ་ཆོས་མི་བཤད༔ མི་ན་བཞིན་དུ་མགོ་གཡོག་དང་༔ གདུགས་དང་འཁར་བ་མཚོན་ཐོགས་དང་༔ མགོ་བོ་སྒྲིབ་པ་དག་ལ་མིན༔ ཞེས་གསུངས་སོ༔ དེ་ལྟར་ཆོས་ཉན་པ་པོའི་སྤྱོད་ལམ་དང་ཉན་ཚུལ་བཤད་ནས༔ ཆོས་འཆད་པོའི་བསམ་པ་ལ་སོགས་ནི་ངེད་རང་གིས་ཉམས་སུ་ལེན་བྱ་ཡིན་པས་ཁྱེད་ཅག་ལ་བཤད་མི་འཚལ་ཏེ༔ འོན་ཀྱང་ཆོས་བཤད་པ་པོ་ཁྲི་སོགས་གདན་མཐོན་པོ་ལ་འདུག་པ་ཡང་ཆེ་འགྱིང་བྱེད་པ་མ་ཡིན་ཏེ༔ དམ་པའི་ཆོས་དཀོན་མཆོག་གི་ཆེ་བ་ཡིན༔ ཞྭ་གོས་སོགས་ལེགས་པར་གྱོན་པ་དང་སྤྱོད་ལམ་གཟབ་པར་བྱེད་པ་ཡང་༔ འཕྱོར་གཡེང་དང་བསླུ་བྲིད་བྱེད་པ་མ་ཡིན་ཏེ༔ དམ་པའི་ཆོས་དཀོན་མཆོག་བཙུན་པར་བྱ་བའི་དོན་ཡིན་ཏེ༔ པདྨ་དཀར་པོ་ལས༔ གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ༔ ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ༔ བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ༔ རྐང་སྟེགས་བཅས་པའི་ཁྲི་ལ་རབ་འདུག་ཅིང་༔ ཞེས་གསུངས་སོ༔ ཞྭ་གོས་ལེགས་པར་བྱ་
བ་ཡང་༔ བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས༔ ཆོས་སྨྲ་བ་གཙང་སྦྲ་དང་༔ ཀུན་ཏུ་སྤྱོད་པ་གཟོབ་པ་དང་༔ ལེགས་པར་བཀྲུས་པ་དང་༔ ལེགས་པར་གོས་བགོ་ བར ་བྱའོ༔ ཞེས་གསུངས་སོ༔ དེ་ནས་ཆོས་འཆད་པའི་ཚེ་ཐོག་མར་བྱམས་པ་ལ་སོགས་བསྒོམ་ཞིང་མཚམས་བཅད་པ་དང་༔ འཆད་ཚེ་ཇི་ལྟར་བསྒོམ་པ་ཡང་འདིར་བཤད་པར་བྱ་མི་དགོས་བདག་རང་གིས་བྱས་པས་འཐུས་པ་ཡིན་ནོ༔ དེ་ནས་ཆོས་ཟབ་མོ་ཞུ་བ་ལ་ཡོ་བྱད་འཚོགས་དགོས་ཏེ༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ གདམས་པ་ཁྱད་པར་ཅན་ཞུ་བ་ལ་ཡོ་བྱད་ཚང་ བར ་དགོས་ཏེ༔ དེ་མ་ཚང་ན་དཀོན་མཆོག་གི་ཆད་པ་འབྱུང་བས༔ ཡོ་བྱད་ཚང་ བར ་བསགས་པ་ནི༔ ཕྱག་རྟེན་དང་༔ དབང་ཡོན་དང་༔ ཚོགས་འཁོར་དང་༔ གཏོར་མའི་རྒྱུ་དང་༔ རང་གི་ཁམས་གསོ་དང་༔ དགོས་པའི་ཡོ་བྱད་ཐམས་ཅད་འཚོགས་པར་བསག་གོ༔ དེ་ལྟར་བསགས་པ་ལ་དགོས་ཆེད་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ གནས་སྐབས་སུ་གདམས་པ་ལོན་ཅིང་མཐར་ཐུག་དངོས་གྲུབ་ཐམས་ཅད་ཐོབ་པའོ༔ ཞེས་གསུངས་པས༔ སློབ་མ་རྣམས་འབྱོར་པ་
ཡོད་ན་སེར་སྣས་མ་བཅིངས་ བར ་ཚང་ བར ་བསགས་དགོས༔ གལ་ཏེ་འབྱོར་པ་མེད་ན་ནི་རང་གི་ཆོས་རྒྱགས་ཅི་ཙམ་འབྱོར་བ་ལ་བརྟེན་ནས་ཉན་རུང་སྟེ༔ སྔོན་གྱི་གྲུབ་ཆེན་རྣམས་ཀྱིས་ཀྱང་འབྱོར་པ་མེད་པ་ལ༔ བླ་མ་ལ་ལུས་ངག་དང་སྒྲུབ་པའི་མཆོད་པ་ཕུལ༔ འཚོ་བ་དཀའ་ཐུབ་དང་སྡུག་བསྒྱུར་ལ་སྙིང་རུས་བསྐྱེད་ནས་ཆོས་ཉན་པ་དང་ཉམས་སུ་ལེན་པར་མཛད་པས་གྲུབ་པ་ཐོབ་པ་མང་བ་ཡིན་ཏེ༔ དཔེར་ན་ནཱ་རོ་དང་མི་ལའི་རྣམ་ཐར་བཞིན་ནོ༔ དེས་ན་དོན་བསྡུ་ན༔ བསྒོམ་བྱའི་གཙོ་བོ་གནས་དང་དུས་དང་བླ་མ་དང་མཐུན་རྐྱེན་ལ་སོགས་པ༔ ཆོས་ཉན་པའི་དགོས་པ་ཐམས་ཅད་ཚང་བ་འདི་ལྟ་བུ་ཡང་ཡང་དུ་མི་འབྱུང་བས༔ དུས་ད་རེས་མི་ལུས་ཐོབ་པའི་དོན་གོ༔ སྐྱེ་བ་གཏན་གྱི་སོ་ནམ་ཡིན་བསམ་པ་གྱིས་ལ༔ ཁྲིད་འདི་མ་རྫོགས་ བར ་དོན་དང་བྱ་བའི་བྲེལ་པ་ཅི་བྱུང་ཡང་གཞན་དུ་མ་འགྲོ༔ ལྟོགས་པ་དང་འཁྱག་པ་དང་ན་བ་ཅི་བྱུང་ཡང་དེས་ཚེ་རབས་ཀྱི་སྡིག་སྒྲིབ་བྱང་བའི་སློང་ཡིན་པས༔ སྙིང་རུས་བསྐྱེད་ལ་ཆོས་ཉོན༔ དགྲ་འདུལ་གཉེན་བསྐྱང་གི་བྱ་བ་ཐམས་ཅད་ཅམ་གྱིས་སྐྱུར་ལ་བློ་རྩེ་ཆོས་ལ་གཏོད༔ སྔ་འགྲས་ཕྱི་འཁོན་མི་ཤ་མོ་གྱོད་ཀྱི་སྙེད་ཁ་
མཆུ་ཅི་ཡོད་ཀྱང་ང་ཡི་ཆོས་ར་འདིར་མ་གླེང་སྙེད་མ་བསླང་བར༔ ཐམས་ཅད་བློ་མཐུན་པར་སེམས་ཞི་དུལ་དང་ལྡན་པས་ཆོས་ཉོན༔ གལ་ཏེ་འཛིང་འུར་དང་ཁ་མཆུ་སོགས་ང་ཡི་ཆོས་ར་བརྟུལ་ན༔ ཆོས་འདི་ཨོ་རྒྱན་རིན་པོ་ཆེའི་ཐུགས་བཅུད་བཀའ་རྫོགས་པ་ཆེན་པོ་ཡིན་པས་བཀའ་གཉན༔ ཆོས་འདིའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག༔ གཟའ་བདུད་དུག་གི་སྤུ་གྲི༔ མ་མོ་ཨེ་ཀ་ཙཱ་ཏི༔ དམ་ཅན་རྡོ་རྗེ་ལེགས་པ་རྣམས་ཡིན་པས༔ ཆོས་ར་འདི་ལ་ བར ་ཆད་བྱས་ན་བཀའ་ཆད་ཀྱང་འོང་ བར ་གསུངས༔ ཕྱི་མའི་ཉེས་དམིགས་ཀྱང་དུད་འགྲོའི་སྐྱེ་བ་ལྔ་བརྒྱ་སོགས་ལེན་པར་བཤད་པས༔ ཐམས་ཅད་བློ་ཆོས་ལ་གཏད་ནས་འཇམ་ལྟེམ་མེ་ཆོས་ཉན་པ་གལ་ཆེ་གལ་ཆེ༔ སྐབས་འདིར་ཆོས་ཐུན་གཅིག་བྱས་ཀྱང་རུང་ལ༔ ད་ནི་དངོས་གཞིའི་ཁྲིད་འཆད་པ་ལ་ཡང་༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ཡོད༔ སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད༔ སྔོན་འགྲོ་ཐུན་མོང་བ་ཡང་༔ དལ་འབྱོར་རྙེད་དཀར༔ འཆི་བ་མི་རྟག་པ༔ ལས་རྒྱུ་འབྲས༔ འཁོར་བའི་
ཉེས་དམིགས་དང་བཞིར་ཡོད་པ་ལས༔ དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་དེ་སྟོན་པར་བྱེད་པ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་སུ་གསུངས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀ༢༔ ཅེས་དང་༔ དེ་ཡི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ ཞེས་པ་དེའི་རྒྱས་གདམས་འདི་ལྟ་སྟེ༔ དལ་འབྱོར་གྱི་ལུས་འདི་ནི་ཤིན་ཏུ་རྙེད་པར་དཀའ་སྟེ༔ ཞེས་གསུངས་སོ༔ དེའི་དོན་རྒྱས་པར་འཆད་པ་ལ༔ དལ་ཞེས་པ་ནི་དལ་བ་ནི་བརྒྱད་ཡིན་ཏེ༔ མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ནི་དལ་བ་ཕུན་སུམ་ཚོགས་པ་ཡིན་ནོ༔ མི་ཁོམ་པའི་གནས་བརྒྱད་ནི༔ མདོ་དྲན་པ་ཉེར་བཞག་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཀླུ་ཀློ་ཚེ་རིང་ལྷ་དང་ནི༔ ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ༔ ལྐུགས་པ་འདི་དག་མི་ཁོམ་བརྒྱད༔ ཅེས་གསུངས་སོ༔ དེ་རྣམས་ཇི་ལྟར་མི་ཁོམ་པ་ཡིན་ཞེ་ན༔ དམྱལ་བ་ནི་རྟག་ཏུ་ཚ་གྲང་གི་སྡུག་བསྔལ་གྱིས་མནར་ནས་ཆོས་མི་ཁོམ༔ ཡི་དྭགས་བཀྲེས་སྐོམ་གྱི་མེ་འབར་བས་ཆོས་མི་ཁོམ༔ དུད་འགྲོ་ནི་བླུན་ཞིང་གཏི་མུག་པས་ཆོས་མི་ཤེས་པས་མི་ཁོམ༔
ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པས་ཆོས་མི་ཁོམ་པ་སྟེ་གོ་སྐབས་མེད༔ འདོད་ཁམས་ཀྱི་ལྷ་རྣམས་ཀྱང་མི་ལ་ལྟོས་ན་ཚེ་རིང་པོ་སྟེ༔ གནས་སྐབས་ཀྱི་རྩེ་དགའ་སྤྱོད་ལ་ཡེངས་ནས་ཆོས་མི་ཁོམ༔ ཀླ་ཀློ་ནི་དགེ་བའི་བཤེས་གཉེན་དང་མཇལ་ བར ་དཀའ་བས་ཆོས་མི་ཁོམ་པ༔ ལོག་ལྟ་ཅན་ནི་ཆོས་ལ་མི་དད་པས་མི་ཁོམ་པ༔ སངས་རྒྱས་སྟོང་པ་ཞེས་པ་ནི༔ སངས་རྒྱས་མ་བྱོན་པའི་མུན་བསྐལ་དང་༔ སངས་རྒྱས་ཀྱི་བསྟན་པ་མི་གནས་པའི་དུས་ཆོས་མི་ཤེས་པས་མི་ཁོམ་པ༔ ལྐུགས་པ་ཞེས་པ་ནི་མིར་སྐྱེས་ཀྱང་ཤིན་ཏུ་བླུན་ཅིང་རིག་པ་མི་གསལ་བ་སྟེ༔ དེས་ཆོས་མི་གོ་བས་མི་ཁོམ་པའོ༔ དེ་བརྒྱད་པོ་དང་བྲལ་བའི་མི་ལུས་ནི་དལ་བ་ཕུན་སུམ་ཚོགས་པ་ཡིན་ནོ༔ དེ་ལ་དགོངས་ནས་མཁས་པ་ནཱརྫུ་ནས༔ ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད༔ ཡི་དྭགས་ཉིད་དང་དམྱལ་ བར ་སྐྱེ་བ་དང་༔ རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ༔ ཀླུ་ཀློར་སྐྱེ་དག་གླེན་ཞིང་ལྐུགས་པ་ཉིད༔ ཚེ་རིང་ལྷ་ཉིད་གང་ཡང་རུང་ བར ་ནི༔ སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ༔ དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི༔ སྐྱེ་བ་བཟློག་
པའི་སླད་དུ་འབད་པར་མཛོད༔ ཅེས་གསུངས་སོ༔ འབྱོར་ཞེས་པའི་དོན་ནི༔ རང་གི་འབྱོར་པ་ལྔ༔ གཞན་འབྱོར་ལྔ་དང་བཅུ་ཚང་བ་ནི་འབྱོར་པ་ཕུན་སུམ་ཚོགས་པ་ཡིན་ལ༔ རང་འབྱོར་ལྔ་ནི་བསླབ་བཏུས་ལས༔ མི་ཉིད་དབུས་སྐྱེས་དབང་པོ་ཚང་༔ ལས་མཐའ་མ་ལོག་གནས་ལ་དད༔ འདི་ལྔ་རང་གི་འབྱོར་པ་ཡིན༔ ཞེས་གསུངས་པས༔ མི་ལུས་གཙང་མར་སྐྱེས་པ་དང་༔ ཡུལ་དབུས་ནི་ས་ཚིགས་ཀྱི་དབང་དུ་བྱས་ན་རྒྱ་གར་གྱི་ཡུལ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དྲུག་ཁོ་ན་ཡིན་ཀྱང་༔ འདིར་ཆོས་ཚིགས་ཀྱི་དབང་དུ་བྱས་ནས་དམ་པའི་ཆོས་དར་བའི་ཡུལ་དུ་སྐྱེས་པ༔ དབང་པོ་ཚང་ཞིང་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པའོ༔ ལས་མཐའ་མ་ལོག་པ་ནི་ཚེ་འདིར་མཚམས་མེད་པའི་ལས་མ་བྱས་པ༔ གནས་ལ་དད་པ་ནི་དཀོན་མཆོག་གསུམ་དང་ཆོས་ལ་དད་པ་ཤེས་པ༔ དེ་ལྔ་ཚང་བ་ནི་རང་འབྱོར་ལྔའོ༔ གཞན་འབྱོར་ལྔ་ནི༔ བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་དང་༔ བསླབ་བཏུས་གཉིས་ཀ་ལས༔ སངས་རྒྱས་བྱོན་དང་དེས་ཆོས་གསུངས༔ བསྟན་པ་གནས་དང་དེ་རྗེས་འཇུག༔ གཞན་ཕྱིར་སྙིང་ནི་བརྩེ་བའོ༔ ཞེས་གསུངས་
ཏེ༔ ད་རེས་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན༔ དེས་ཆོས་ཀྱི་འཁོར་ལོ་ནི་བསྐོར༔ བསྟན་པ་ཡང་རྙིང་མའི་ལུགས་ལ་ནི་ལྔ་བརྒྱ་ཕྲག་དགུའི་དཀྱིལ་ཙམ་ཡིན༔ པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ལྟར་ན་ནི༔ ལྔ་བརྒྱ་ཕྲག་ལྔའི་མཇུག་ཙམ་དུ་གསུངས་པ་དང་༔ ཁྱད་པར་ཚེ་ལོ་དྲུག་ཅུ་ནས་བཅུ་པའི་ བར ་དུ་རྫོགས་པ་ཆེན་པོའི་ཐུགས་ཀྱི་བསྟན་པ་དར་ བར ་གསུངས་པས༔ ད་ལྟ་རྫོགས་ཆེན་བསྒོམ་ན་མྱུར་དུ་རྟོགས་པ་སྐྱེ་བའི་དུས་ཀྱང་ཡིན༔ ཆོས་ཀྱི་རྗེས་སུ་འཇུག་མཁན་ཡོད་དགོས་ཏེ༔ དུས་སྙིགས་མ་ནད་མུག་མཚོན་གསུམ་དར་བས༔ མི་རྣམས་སྐྱོ་ཤས་ཆེ༔ དེའི་དོན་གྱིས་ཆོས་སྒོར་འཇུག་མཁན་མང་བས༔ དེ་ལ་དགོངས་ནས་ཨུ་རྒྱན་རིན་པོ་ཆེའི་ཐུགས་གཏེར་རྣམས་ཀྱང་དུས་ངན་པ་རེ་ལ་རྡོལ་བ་ཡང་དེའི་དོན་ཡིན་གྱི༔ བསྐལ་པ་ཡར་དར་བདེ་སྐྱིད་ཆེ་དུས་ཆོས་མི་དྲན་པས༔ དེའི་དོན་གྱིས་བསྐལ་བཟང་གི་སངས་རྒྱས་རྣམས་ཀྱང་ཡར་དར་ལ་མི་འབྱོན་བསྐལ་བ་མར་འགྲིབ་ལ་འབྱོན་པ་ཡིན༔ གཞན་ཕྱིར་སྙིང་བརྩེ་བ་ནི༔ དགེ་བའི་བཤེས་གཉེན་རྣམས་རང་དོན་ཚགས་སུ་ཚུད་ནས༔ གཞན་ལ་ཕན་ཕྱིར་ཆོས་སྟོན་པ་རྣམས་
ཡིན༔ དེ་བཅུ་པོ་འཛོམས་པ་འདི་དལ་འབྱོར་གཉིས་འཛོམས་པས༔ རང་ཅག་རྣམས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་གཙང་མ་རིན་པོ་ཆེ་ཞེས་བྱའོ༔ འདི་ནི་ཤིན་ཏུ་རྙེད་པར་དཀའ༔ ཞེས་དང་༔ དལ་འབྱོར་གྱི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་སྟེ༔ ཞེས་འདིའི་རྩ་ཚིག་དང་འགྲེལ་པ་ལས་གསུངས་པའི་དོན༔ སྤྱིར་རྙེད་པར་དཀའ་ཚུལ་དང་༔ རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ༔ དེ་ལ་སྙིང་པོ་ལེན་པར་གདམས་པའོ༔ དང་པོ་ནི༔ སྙིང་རྗེ་པདྨ་དཀར་པོའི་མདོ་ལས༔ མིར་སྐྱེ་བ་ནི་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ༔ སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ༔ དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ༔ ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ མིར་གྱུར་པ་ནི་དཀའ་བ་སྟེ༔ མི་སྲོག་ཐོབ་པའང་དཀའ་བ་ཡིན༔ དམ་པའི་ཆོས་ཐོབ་དཀའ་བ་སྟེ༔ སངས་རྒྱས་འབྱུང་བའང་དཀའ་བ་ཡིན༔ ཅེས་དང་༔ འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་༔ མི་ཁོམ་བརྒྱད་ལས་ལྡོག་
པའང་རྙེད་པར་དཀའ༔ མིར་གྱུར་པའང་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ༔ སངས་རྒྱས་འབྱུང་བའང་རྙེད་པར་དཀའ༔ དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ༔ སངས་རྒྱས་ཀྱི་ཆོས་ཉན་པའང་རྙེད་པར་དཀའ༔ སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ༔ ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ༔ ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་ བར ་བསྒྲུབ་པ་ཡང་རྙེད་པར་དཀའ༔ ཡང་དག་པའི་འཚོ་བ་ཡང་རྙེད་པར་ཚུ་དཀར༔ མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའ༔ ཞེས་དང་༔ གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ༔ མི་ཡི་ལུས་ནི་ཚོགས་ཀྱི་རྙེད་པ་མིན༔ ཀྱེ་མ་དད་པ་དང་ནི་ཆོས་ཉན་པ༔ འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ༔ ཞེས་གསུངས་སོ༔ སྤྱོད་འཇུག་ལས༔ དེ་བཞིན་གཤེགས་པ་འབྱུང་བ་དང་༔ དད་དང་མི་ལུས་ཐོབ་པ་དང་༔ དགེ་གོམས་རུང་བ་དེ་ལྟ་བུ༔ དཀོན་ན་ནམ་ཞིག་བྱེད་པར་
འགྱུར༔ ཞེས་གསུངས་སོ༔ འོ་ན་རྒྱུ་ཅིའི་ཕྱིར་རྙེད་པར་དཀའ་ཞེ་ན༔ མི་ལུས་ཐོབ་པའི་རྒྱུ་ཚུལ་ཁྲིམས་བསྲུང་དགོས༔ ཚུལ་ཁྲིམས་མ་བསྲུངས་ བར ་མི་ལུས་ཐོབ་པ་མི་སྲིད་ལ༔ ཚུལ་ཁྲིམས་བསྲུང་མཁན་དཀོན་པའི་ཕྱིར་མི་ལུས་ཐོབ་དཀའ་སྟེ༔ སྤྱོད་འཇུག་ལས༔ དགེ་བ་དག་ཀྱང་མ་བྱས་ལ༔ སྡིག་པ་དག་ཀྱང་ཉེར་བསགས་ན༔ བསྐལ་པ་བྱེ་བ་བརྒྱར་ཡང་ནི༔ བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར༔ ཞེས་དང་༔ དབུ་མ་འཇུག་པ་ལས༔ སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན༔ སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་༔ ཞེས་གསུངས་སོ༔ དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི༔ བཤེས་སྤྲིང་ལས༔ རྒྱ་མཚོ་ནང་ན་གཉའ་ཤིང་བུ་ག་དང་༔ རུ་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས༔ མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས༔ དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད༔ ཅེས་དང་༔ སྤྱོད་འཇུག་ལས༔ དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས༔ རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི༔ བུ་གར་རུ་སྦལ་མགྲིན་ཆུད་ལྟར༔ མི་ཉིད་ཤིན་ཏུ་འཐོབ་དཀའ་གསུངས༔ ཞེས་དང་༔ མདོ་ལས༔ ཁབ་རྩེའི་ཏིལ་བཞིན་མི་ལུས་ཐོབ་
དཀའ་ཡང་༔ སེམས་ཅན་གྲངས་ལ་མ་དཔྱད་འདི་མི་ཤེས༔ ཞེས་དང་༔ དད་སྐྱེས་སྒྲོན་མ་ལས༔ མིའི་ལུས་འདི་འཐོབ་པར་ཤིན་ཏུ་དཀའོ༔ རྔ་ཡི་ངོས་ལ་སྲན་མ་གཏོར་ན་འཆགས་དཀའ་གཅིག་ཆགས་སྲིད༔ གཞན་རྣམས་ཐམས་ཅད་ས་ལ་ལྟུང་ནི་འགྲོ་བ་ལྟར༔ མི་ལུས་འཐོབ་དཀའི་སེམས་ཅན་གྲངས་ལ་ལྟོས༔ ཞེས་གསུངས་སོ༔ མདོ་གཞན་ལས༔ བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་ལ་བཀའ་སྩལ་པ༔ ཁབ་མིག་ནམ་མཁའ་ལ་འཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན༔ ཁབ་མིག་ཏུ་ཡུངས་ཀར་ཆགས་སྲིད་པ་ཙམ་ཡིན༔ གྱང་ལོག་སྲན་མ་སྤར་གང་གཏོར་ན༔ སྲན་མ་ཆགས་པ་སྲིད་པ་ཙམ་ཡིན༔ དེ་བཞིན་ཏུ་མི་ལུས་ཐོབ་པ་སྲིད་པ་ཙམ་མོ༔ ཞེས་གསུངས་སོ༔ གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ བཅོམ་ལྡན་འདས་ཀྱིས་ངན་སོང་གསུམ་ནི་ས་ཆེན་པོའི་རྡུལ་ཙམ་མོ༔ མིར་སྐྱེ་བ་ནི་སེན་མོའི་རྡུལ་ཙམ་མོ༔ ཞེས་དང་༔ དཔེར་ན་འབྲུ་ཡི་ཕུང་པོ་ཆེན་པོ་གཅིག་ཡོད་ན༔ རྩ་བ་ནི་དམྱལ་བ་སོགས་ངན་སོང་གི་གྲངས༔ སྐེད་པ་ནི་ལྷ་དང་ལྷ་མ་ཡིན༔ རྩེ་མོ་ནི་མིའི་ལུས་ཀྱི་གྲངས་ཙམ་ཡིན་པར་
གསུངས་ཤིང་༔ དེ་ལྟར་རྒྱལ་པོ་ཆེན་པོ་གཅིག་གི་དམག་བསྡུས་ཀྱང་༔ གྲོག་ཚང་ཆེ་བ་གཅིག་གི་གྲངས་ཙམ་ཡང་མི་འོང་བས༔ མི་ལུས་ཐོབ་དཀའ་བ་དེས་ཤེས་སོ༔ དེ་ལྟ་བུའི་ཐོབ་དཀའ་བའི་མི་ལུས་དེ་ལ་སྙིང་པོ་ལེན་དགོས་པའི་རྒྱུ་མཚན་བཤད་ན༔ སྤྱོད་འཇུག་ལས༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ སྐྱེས་བུའི་དོན་གྲུབ་འཐོབ་པར་གྱུར་པ་ལ༔ གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན༔ ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར༔ ཞེས་གསུངས་པས༔ སྐྱེས་བུ་ནི་པུ་རུ་ཥའི་སྒྲ་ལ་དྲངས་ནས༔ སྟོབས་སམ་ནུས་པ་ལ་འཇུག་སྟེ༔ མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས༔ ལྷ་མིའི་གོ་འཕང་ཐོབ་ནུས༔ ཉན་ཐོས་རང་སངས་རྒྱས་ཀྱང་ཐོབ་ནུས༔ རྫོགས་པའི་སངས་རྒྱས་ཀྱང་ཐོབ་པའི་ནུས་པ་ཡོད་པས་སྐྱེས་བུ་ཞེས་བྱ༔ ཡིད་བཞིན་ནོར་བུ་ལ་ནི་ཟས་ནོར་ལོངས་སྤྱོད་འབྱུང་ཡང་༔ དེ་ལྟ་བུའི་ནུས་པ་ཆེ་བ་མེད་པས༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བས་ལྷག་པའི་རིན་པོ་ཆེ་ནི་མི་ལུས་འདི་ཡིན་པས༔ མི་ལུས་རིན་པོ་ཆེ་ཞེས་བྱའོ༔ འདི་ལྟ་བུ་ཐོབ་པའི་དུས་ད་རེས་ཙམ་ཡིན་གྱི་དུས་ཡང་ཡང་དུ་མི་རྙེད་པས་ད་རེས་དམ་པའི་ཆོས་ལ་འབད་
དགོས་ཞེས་པའི་དོན་ནི༔ བཤེས་སྤྲིང་ལས༔ གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་༔ བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ༔ ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི༔ མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད༔ བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆེས་གྱུར་ཅིང་༔་སེམས་ཅན་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ༔ ལམ་དེ་ལྷ་དང་ཀླུ་ཡི་མི་རྙེད་ལྷ་མིན་དང་༔ ནམ་མཁའ་ལྡིང་དང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན༔ ཞེས་གསུངས་ཏེ༔ ལྷ་རྣམས་འཆི་བའི་དུས་ཀྱང་མིར་སྐྱེ་བའི་སྨོན་ལམ་འདེབས་པ་ཡིན་པར་གསུངས་ཏེ༔ མངལ་འཇུག་གི་མདོ་ལས༔ མིར་སྐྱེ་ན་ཡང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་༔ གནས་མཆོག་ཡིན་པས་བསྐལ་པ་བྱེ་ བར ་རྙེད་དཀའོ༔ ལྷ་དག་འཆི་བ་ན་ཡང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་ བར ་གྱུར་ཅིག༔ བདེ་འགྲོ་ནི་མི་ཡི་འགྲོ་བའོ༔ ཞེས་གསུངས་སོ༔ དེས་ན་ལྷ་བས་ལྷག་པའི་ལུས་ཡིན་ནོ༔ དེ་ཡང་ཤར་ལུས་འཕགས་པོ་དང་༔ བྱང་སྒྲ་མི་སྙན་དང་༔ ནུབ་བ་ལང་སྤྱོད་དང་༔ གླིང་གསུམ་དུ་སྐྱེས་ཀྱང་
ཆོས་ཀྱི་སྐལ་བ་མེད༔ ལྷོ་འཛམ་གླིང་འདིར་མིའི་ནང་ནས་ཀྱང་སྐྱེ་དཀའ་སྟེ༔ མདོ་ལས༔ འཇིག་རྟེན་ཁམས་ན་སེམས་ཅན་གྲངས་མང་ཡང་༔ འཛམ་གླིང་སོག་ཀར་སྐྱེ་བ་ཤིན་ཏུ་དཀོན༔ གཙང་མའི་མི་ལུས་ཐོབ་པ་ཤིན་ཏུ་དཀའ༔ ཞེས་གསུངས་སོ༔ སྐྱེ་དཀའ་ཞིང་ཕན་ཡོན་ཆེ་ བར ་སྐྱེས་པ་ལ་དོན་གོ་ཅིག་དགོས་ཏེ༔ མདོ་ལས༔ མི་ལུས་རིན་ཆེན་ཐོབ་པའི་དུས་འདིར་སྨྲ་བསམ་དབང་དང་ལྡན༔ གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པས་གཡེང་༔ སྨྲ་བསམ་དབང་དང་ལྡན་པའི་དུས་འདི་ལ༔ འཁོར་བ་རྩད་ནས་གཅོད་དམ་འཁོར་སྤེལ་གཉིས༔ རང་དབང་རང་གིས་བྱེད་པ་ད་ལྟ་འདི་ཉིད་ཡིན༔ ཅེས་དང་༔ བློ་གྲོས་རབ་ཏུ་གནས་པའི་མདོ་ལས༔ མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་༔ ཁོམ་པ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་པ༔ སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང་༔ དེ་བཞིན་བསྟན་ལ་དད་པའང་ཐོབ་པར་དཀའ༔ མི་ཡི་སྲིད་པ་རྙེད་པར་དཀའ་བས་ན༔ རྒྱལ་བ་རྣམས་ཀྱི་བསྟན་ལ་རབ་བརྩོན་གྱིས༔ ཞེས་དང་༔ སྤྱོད་འཇུག་ལས༔ འདི་འདྲའི་དལ་བ་རྙེད་གྱུར་ནས༔ བདག་གིས་དགེ་གོམས་མ་
བྱས་པ༔ འདི་ལས་བསླུས་པ་གཞན་མེད་དེ༔ འདི་ལས་རྨོངས་པའང་གཞན་མེད་དོ༔ ཞེས་དང་༔ ནཱ་གརྫུ་ནས༔ ཐོབ་དཀའ་འཛམ་གླིང་མི་ཡི་ལུས༔ དུས་སུ་ངན་སོང་རྒྱུ༔ རབ་ཏུ་སྒྲིམ་སྟེ་བཅད་པར་བྱ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ སངས་རྒྱས་འཇིག་རྟེན་འབྱོན་པ་བརྒྱ་ལམ་ཞིག༔ མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་དཀའ་སྟེ༔ གྲོགས་པོ་གང་དག་དད་ལྡན་ཆོས་ཉན་པ༔ འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ༔ བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བའི༔ ཐུབ་པ་བྱོན་འདི་ཁྱོད་ཀྱིས་དོན་ཡོད་མཛོད༔ སངས་རྒྱས་བསྟན་ལ་དེ་བཞིན་དད་པ་བསྐྱེད༔ ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཅིག༔ ཅེས་དང་༔ སྤྱོད་འཇུག་ལས༔ མི་ཡི་སྡོང་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས༔ དོན་དུ་གནས་པ་གང་ཡིན་དེ་ཉིད་བསྟན་ཏེ་བསྒྲུབ༔ ཅེས་དང་༔ མདོ་ལས༔ མིར་གྱུར་པ་ནི་དཀོན་ནོ༔ དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ༔ འཁོར་བ་ལས་ཐར་བ་ནི་དཀོན་ནོ༔ དེ་ལྟར་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག༔ མི་ཁོམ་པར་གྱུར་ཅིང་ཕྱིས་གསོར་མི་རུང་ བར ་འགྱུར་ཏ་
རེ༔ ཞེས་དང་༔ སྤྱོད་འཇུག་ལས༔ གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་༔ དགེ་བ་བདག་གིས་མ་བྱས་ནས༔ ངན་སོང་སྡུག་བསྔལ་ཀུན་རྨོངས་པ༔ དེ་ཚེ་བདག་གིས་ཅི་བྱར་ཡོད༔ ཅེས་དང་༔ བཤེས་སྤྲིང་ལས༔ གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས༔ མི་གཙང་ཕྱགས་པར་བྱེད་པ་དེ་བས་ནི༔ གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས༔ བྱེད་པ་དེ་ནི་ཆེས་རབ་བླུན་པ་ལགས༔ ཞེས་གསུངས་སོ༔ དོན་དེ་རྣམས་ལ་དགོངས་ནས་ཨུ་རྒྱན་རིན་པོ་ཆེས༔ སྔོན་བསོད་ནམས་ཀྱི་ཚོགས་ཅུང་ཟད་བསགས་པའི་འབྲས་བུ་ནི་ད་རེས་ཀྱི་མི་ལུས་འདིས་ཟད༔ ད་ཚེ་འདིར་ཆོས་ཤིག་མེད་ན་འགྲོ་ས་ངན་སོང་ལས་འོས་མི་འདུག་པས༔ ད་ལྟ་རང་ནས་ཚད་ནད་སྐོམ་གྱིས་གདུངས་བ་ལྟར་བརྩོན་འགྲུས་ལ་གཡེལ་བ་མེད་པར་དགེ་སྦྱོར་ལ་འབད་པར་བྱའོ༔ ཞེས་དང་༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་༔ འཆི་བདག་ནད་ཀྱིས་ཉེ་ བར ་བཏབ་པའི་ཚེ༔ ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ༔ ཞེས་གསུངས་སོ༔ དེས་ན་བསམ་བློ་ཡོད་མེད༔ གྲུང་མི་གྲུང་༔ སྤྱང་མི་སྤྱང་༔ ཕོ་རྒོད་མི་རྒོད་ཐམས་ཅད་ད་རེས་ཤེས༔ ད་རེས་མི་
ལུས་རིན་པོ་ཆེ་འདི་ཆུད་མ་ཟོས་པར༔ ཚེ་རབས་གཏན་གྱི་བྱ་བ་ཞིག་འགྲུབ་ན༔ གྲུང་བ་ཡིན༔ སྤང་བ་ཡིན༔ ཕོ་རྒོད་པ་ཡིན༔ ད་རེས་ཆོས་ཤིག་མ་འགྲུབ་ན༔ ཁོག་པ་ན་དོན་སྙིང་མེད་པ་ཡིན༔ སྨྱོ་ཚབས་ཆེ་བ་ཡིན༔ རང་གིས་རང་བསླུས༔ རང་གིས་རང་མགོ་བསྐོར༔ རང་གིས་རང་ཕུང་བ་ཡིན་པས༔ རིན་ཆེན་གླིང་དུ་ཕྱིན་ནས་སྟོང་ལོག་མ་བྱེད་པར་ཆོས་ཤིག་མཛད་པ་གལ་ཆེ༔ ཆོས་ཀྱི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཆོས༔ ཁྱད་པར་དུ་ཚེ་གཅིག་ལ་སངས་རྒྱས་པ་བཀའ་རྫོགས་པ་ཆེན་པོའི་ཆོས་ལ་ཉམས་ལེན་བྱེད་དགོས་པས༔ བསྒོམ་བྱའི་གཙོ་བོ༔ ད་རེས་ལུས་ཐོག་འདི་ལ་ཆོས་ཤིག་མ་འགྲུབ་ན་ཐབས་མེད་སྙམ་པའི་བློ་རྦད་གཅོད་མཛོད༔ ཆོས་ཐུན་གཉིས་པའོ༔ ༈ གཉིས་པ་འཆི་བ་མི་རྟག་པ་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ ཅི་དང་ཅི་ལ་སྐྱེས་ཀྱང་མི་རྟག་འཆི༔ ཞེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་དངོས་སུ་བཀའ་སྩལ་པ་ལས༔ ཅི་འདྲ་བ་ཞིག་དང་ཅི་འདྲ་བ་ལ་སྐྱེས་ནས་ཀྱང་མི་རྟག་པས་ལོང་མེད་དུ་འཆི༔ ཞེས་གསུངས་ཏེ་དེའི་དོན་རྒྱས་པར་བཤད་ན༔ གང་
རྒྱུ་དང་རྐྱེན་གང་ལས་སྐྱེས་པ་ཐམས་ཅད་ནི་འདུས་བྱས་ཡིན་ལ༔ འདུས་བྱས་ནི་མི་རྟག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ༔ བཅོམ་ལྡན་འདས་ཀྱིས་ཞལ་ནས༔ དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ༔ ཞེས་དང་༔ རྒྱ་ཆེ་རོལ་པ་ལས༔ རྐྱེན་ལ་རག་ལས་རང་བཞིན་ཉམ་ཆུང་ཞིང་༔ རླུང་དང་མཚུངས་པར་རིང་དུ་མི་གནས་པ་འདུས་བྱས་མར་མེའི་འོད་དང་འདྲ་བ་སྟེ༔ མྱུར་དུ་འབྱུང་ཞིང་འགགས་པའི་ཆོས་ཅན་ཡིན༔ ཅེས་དང་༔ འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས༔ འཇིག་རྟེན་ཐམས་ཅད་མི་རྟག་སྒྱུ་མ་ཆུ་བུར་བཞིན༔ འདུས་བྱས་གཡོ་བའི་རང་བཞིན་གང་ལའང་རྟག་པ་མེད༔ སྨིག་སྒྱུ་མཐོང་ན་ཞིག་བཞིན་དེ་ལ་ཐེར་ཟུག་མེད༔ ཆོས་ཀུན་རྣམ་པར་འཇིག་པ་བློ་དང་ལྡན་པས་ཤེས༔ ཞེས་དང་༔ རྒྱ་ཆེ་རོལ་པ་ལས༔ འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ༔ མཁའ་ལ་གློག་འགྱུ་རིང་དུ་མི་གནས་བཞིན༔ རྫ་སོ་མ་བཏང་བཞིན་དུ་འཇིག་པའི་ཆོས༔ བྱེ་མའི་གྲོང་ཁྱེར་ལྟ་བུ་རིང་མི་ཐོག༔ ལྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད༔ ལུས་འདི་ཆུ་ཤིང་དག་གི་ཕུང་པོ་འདྲ༔ སྒྱུ་མ་ལྟ་བུར་སེམས་ནི་རྨོངས་པར་
བྱེད༔ ལག་བཅང་སྟོང་པས་བྱིས་པ་བྲིད་དང་མཚུངས༔ ཞེས་དང་༔ མྱ་ངན་འདས་མདོ་ལས༔ འདུས་བྱས་རྟག་པར་འགྱུར་བ་ཡི༔ གནས་འདི་རྙེད་པར་མི་འགྱུར་ཏེ༔ འདུས་བྱས་ཐམས་ཅད་མི་རྟག་པ༔ མྱ་ངན་མ་བྱེད་ཀུན་དགའ་བོ༔ ཞེས་དང་༔ ཏིང་ངེ་འཛིན་རྒྱལ་པོ་ལས༔ ཇི་ལྟར་ཆར་པའི་ཚོགས་ཆེན་བབ་པ་ན༔ ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་༔ བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད༔ ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས༔ ཞེས་གསུངས་སོ༔ མི་རྟག་པ་དེ་ལ་ཡང་དབྱེ་ན༔ ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་༔ ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་གཉིས་ཡོད་དེ༔ དེ་ལ་ཡང་རགས་པ་མི་རྟག་པ་དང་༔ ཕྲ་བ་མི་རྟག་པ་གཉིས་སོ༔ དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་མི་མཇེད་ཀྱི་ཁམས་འདི་ཡང་མེ་ཆུ་རླུང་གསུམ་གྱིས་རིམ་པར་འཇིག་སྟེ༔ རེས་འགའ་ནི་བསམ་གཏན་དང་པོའི་ལྷ་གནས་མན་ཆད་མེས་འཇིག་སྟེ་ཐལ་བ་ཙམ་ཡང་མི་ལུས་ཏེ་མར་མེས་ཚིག་པ་བཞིན་ནོ༔ རེས་འགའ་ཆུས་འཇིག་པའི་ཚེ་བསམ་གཏན་གཉིས་པའི་ལྷ་གནས་མན་ཆད་སྙིགས་མ་ཙམ་ཡང་མི་ལུས་པར་ལན་ཚྭ་ཆུ་ལ་
ཐིམ་པ་ལྟར་འཇིག༔ རེས་འགའ་རླུང་གིས་འཇིག་སྟེ་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ལྷག་མ་མེད་པར་ཐལ་བ་རླུང་གིས་གཏོར་བ་ལྟར་འགྱུར་ཏེ༔ མེའི་འཇིག་པ་བདུན༔ ཆུའི་འཇིག་པ་གཅིག༔ དེ་ནས་རླུང་གི་འཇིག་པ་རྣམས་འབྱུང་སྟེ༔ མངོན་པ་མཛོད་ལས༔ མེ་ཡིས་བདུན་ནོ་ཆུ་ཡིས་གཅིག༔ དེ་ལྟར་ཆུ་བདུན་ཐལ་ནས་ནི༔ མེ་ཡི་བདུན་ནོ་དེ་ནས་ནི༔ མཇུག་ཏུ་རླུང་གིས་འཇིག་པ་ཡིན༔ ཞེས་གསུངས་སོ༔ ཨུ་རྒྱན་རིན་པོ་ཆེས༔ ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་བསྒོམ་སྟེ༔ ག་རེ་ས་གཞི་འདི་མི་རྟག་སྟེ་རྩྭ་དང་ནགས་ཚལ༔ ཟད་པ་སྐམ་པ་མེས་ཚིག་པ་ཆུས་ཁྱེར་སྙིང་པོ་མེད༔ ཆུ་བོ་ལ་དབྱར་དགུན་གྱི་སྐྱེ་འབྲི་འགྱུར་ལྡོག༔ མཐར་མེ་ཆུས་བསྐལ་པ་འཇིག་སྟེ་མི་རྟག༔ ཅེས་དང་༔ སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག༔ ཅེས་གསུངས་སོ༔ དེ་ཡང་ད་རེས་ཀྱི་བསྐལ་པ་འདི་མེས་འཇིག་པར་གསུངས་ཏེ༔ དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས༔ བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི༔ ནམ་མཁའི་རང་བཞིན་ནམ་མཁར་འགྱུར་ བར ་འོང་༔ ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་འཚིག༔ ཅེས་གསུངས་
སོ༔ བཤེས་སྤྲིང་ལས་ཀྱང་༔ ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན༔ འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་༔ ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན༔ ཤིན་ཏུ་ཉམ་ཆུང་མི་ལ་སྨོས་ཅི་དགོས༔ ཞེས་གསུངས་སོ༔ བསམ་གཏན་བཞི་པའི་ལྷ་གནས་ནི་མེ་ཆུ་རླུང་གསུམ་གྱིས་མི་འཇིག་ཀྱང་༔ ནང་གི་སེམས་ཅན་ཤི་འཕོས་པ་ཉིད་ཀྱིས་འཇིག་པ་སྟེ༔ མངོན་པ་ལས༔ མི་རྟག་དེ་ཡི་གཞལ་མེད་ཁང་༔ སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར༔ ཞེས་གསུངས་སོ༔ ཕྲ་བ་མི་རྟག་པ་ནི༔ ནམ་ཟླ་དུས་བཞི་ཡང་ས་མདོག་དང་དྲོ་གྲང་མི་རྟག་པར་འགྱུར་ཞིང་འགྲོའོ༔ ལོ་ཟླ་དང་ཞག་དུས་ཀྱང་མི་རྟག་པར་རིམ་བཞིན་འགྱུར་རོ༔ ཉི་ཟླ་ཤར་ནུབ་ཉིན་མཚན་ཡང་མི་རྟག་པར་འགྱུར་ཞིང་འགྲོའོ༔ སྐད་ཅིག་མི་རྟག་པ་ནི་སྐད་ཅིག་སྔ་མའི་དུས་ཀྱི་སྣོད་ཀྱི་འཇིག་རྟེན་དེ་སྐད་ཅིག་ཕྱི་མའི་དུས་ན་མི་གནས་ཏེ༔ གནས་པ་ལྟར་འདུག་པ་འདི་འདྲ་བ་གཞན་འབྱུང་དཔེར་ན་འབབ་ཆུའི་རྒྱུན་ལྟ་བུ་ཡིན་པར་མངོན་པ་ནས་གསུངས་སོ༔ ཨོ་རྒྱན་རིན་པོ་ཆེས༔ ཡང་ན་ནིང་ནས་ད་ལོ་རེད༔ ད་ལོ་སང་ཕོད༔ ཟླ་བ་སྔ་གཏིང་དེ་རིང་ཉིན་
གང་ཡང་དགོང་མོ་མཚན་མོར་འགྲོ༔ དེ་མི་རྟག་པས་གཏུགས་ནས་བདག་གི་ཆེ་ཟད༔ འཆི་ཁར་གཏུགས་སྙམ་དུ་བསྒོམ༔ ཞེས་དང་༔ དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག༔ ཅེས་གསུངས་སོ༔ ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ནི༔ མདོ་རྒྱ་ཆེ་རོལ་པ་ལས༔ སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས༔ སྐྱེས་བུའི་ཚེ་སྲོག་ནམ་མཁའི་གློག་འདྲ་པ༔ རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ༔ ཞེས་དང་༔ བཅོམ་ལྡན་འདས་ཀྱི་ཞལ་ནས་བསགས་པ་ཀུན་གྱི་མཐའ་འཛད་ཅིང་༔ མཐོན་པོ་རྣམས་ནི་དམའ་ལྟུང་འགྱུར༔ ཕྲད་པའི་མཐའ་ནི་འབྲལ་བ་སྟེ༔ གསོན་པའི་མཐའ་ནི་འཆི་བ་ཡིན༔ ཞེས་དང་༔ རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ་ལས༔ རྒྱལ་པོ་ཆེན་པོ་དཔེར་ན་ཕྱོགས་བཞི་ནས༔ རི་སྲ་བ་བརྟན་པ་དཔང་མཐོ་བ་བཞི་འགྱེལ་ནས༔ རྩྭ་དང་ཤིང་གེལ་བ་དང་སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རྡུབ་རྡུབ་ཏུ་གྱུར་ན་དེ་ལ་མགྱོག་པས་བྲོས་པའམ༔ སྟོབས་ཀྱིས་བཟློག་པའམ༔ ནོར་གྱིས་བསླུ་བའམ༔ སྔགས་དང་རྫས་དང་སྨན་གྱིས་བཟློག་
པར་སླ་བ་མ་ཡིན་ནོ༔ དེ་བཞིན་ཏུ་སེམས་ཅན་ཐམས་ཅད་ལ་ན་བ་དང་རྒ་བ་དང་འཆི་བ་དང་རྒུད་པ་ཞེས་བྱ་བའི་འཇིག་པ་ཆེན་པོ་བཞི་འབྱུང་སྟེ༔ དེ་ལ་ཟམགྱོགས་པས་བྲོས་པའམ༔ སྟོབས་ཀྱིས་བཟློག་པའམ༔ ནོར་གྱིས་བསླུ་བའམ༔ སྔགས་དང་རྫས་དང་སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ལ་ཡང་རང་མི་རྟག་པ་བསྒོམ་པ་དང་༔ གཞན་རྒྱུད་ལ་སྦྱར་བ་དང་གཉིས་ལས༔ རང་མི་རྟག་པ་ནི༔ མཚན་མོ་བཟང་པོའི་གཟུངས་ལས༔ སང་ཙམ་འཆི་ཡང་སུས་ཤེས་ཀྱིས་དེ་རིང་ཉིད་ལ་བསྟུན་ཏེ་བྱ༔ འཆི་བདག་སྡེ་ཆེན་དེ་དང་ནི༔ ཁྱེད་ཅག་བཤེས་པ་མ་ཡིན་ནོ༔ ཞེས་དང་༔ སྤྱོད་འཇུག་ལས༔ དེ་རིང་ཁོ་ན་མི་འཆི་ཞེས༔ བདེ་ བར ་འདུག་པ་རིགས་མ་ཡིན༔ བདག་ནི་མེད་པར་འགྱུར་བའི་དུས༔ དེ་ནི་གདོན་མི་ཟ་ བར ་འགྱུར༔ བདག་ལ་མི་འཇིགས་སུ་ཡིས་བྱིན༔ འདི་ལ་ཅི་ལྟར་ངེས་ཐར་འགྱུར༔ གདོན་མི་ཟ་ བར ་མེད་འགྱུར་ན༔ ཅི་ལྟར་བདག་ཡིད་བདེ་ བར ་འགྱུར༔ ཞེས་དང་༔ གསོན་ཚེ་འདི་དང་འདི་བཞིན་ཏུ༔ གཉེན་དང་བཤེས་རྣམས་ཀུན་སྤངས་ནས༔ གཅིག་པུ་ག་
ཤེད་འགྲོ་དགོས་ན༔ མཛའ་དང་མི་མཛའི་རྒྱུ་འདི་ཅི༔ ཞེས་གསུངས་སོ༔ དེ་ལྟར་འཆི་བ་བསྒོམ་པ་ལ་ཡང་༔ དང་པོ་ནི་འཆི་བ་བསྒོམ་པ༔ འཆི་བའི་མཚན་ཉིད་བསྒོམ་པ༔ ཚེ་ཟད་པ་བསྒོམ་པ༔ འབྲལ་བ་བསྒོམ་པའོ༔ དང་པོ་འཆི་བ་བསྒོམ་པ་ནི༔ མི་རྟག་པ་བསྒོམ་པའི་མདོ་ལས༔ ནད་མེད་མི་རྟག་ལང་ཚོ་མི་རྟག་ཅིང་༔ ཚེ་ཡང་མི་རྟོག་འབྱོར་པའང་རྟག་མ་ཡིན༔ སྐྱེ་བ་མི་རྟག་ཉིད་ཀྱིས་ཉེན་གྱུར་ལ༔ འདོད་པའི་ཡོན་ཏན་དགའ་བ་ཅི་ལྟར་སྐྱེ༔ ཞེས་དང་༔ མྱ་ངན་འདས་མདོ་ལས༔ སྐྱེ་བ་ཡོད་ན་འཆི་བ་ཡོད༔ དར་བ་ཡོད་ན་རྒུད་པ་ཡོད༔ ལང་ཚོ་དེ་ཡང་མི་རྟག་སྟེ༔ དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག༔ འཚོ་བའི་ཚེ་ཡང་འཆི་བས་འཕྲོག༔ རྟག་པའི་ཆོས་ནི་གང་ཡང་མེད༔ ཅེས་དང་༔ སྐྱེས་རབས་ལས༔ ཐབས་དང་ལྡན་ཞིང་མཐུ་ཡོད་ཀྱང་༔ འཆི་དང་རྒ་ལས་ཐར་བ་མེད༔ ཅེས་དང་༔ ལས་བརྒྱ་པ་ལས༔ འཆི་ བར ་བྱ་ཕྱིར་སྐྱེ་གྱུར་ཅིང་༔ གཞན་དབང་འགྲོ་བའི་ངང་ཅན་ལ༔ འཆི་བ་བྱ་བ་ལྟར་སྣང་སྟེ༔ གསོན་པ་བྱ་བ་མིན་པར་སྣང་༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ རྩྭ་
མཆོག་ཁ་ཡི་ཟིལ་པའི་ཐིག༔ ཉི་མ་ཡོངས་སུ་བབ་པ་ན༔ ཡུད་ཙམ་ཞིག་གིས་མེད་པར་འགྱུར༔ མི་ཡི་སྲོག་ཀྱང་དེ་བཞིན་ནོ༔ ཇི་ལྟར་ཤིང་གི་ཡལ་ག་ཡི༔ ལོ་མ་མེ་ཏོག་འབྲས་བུ་རྣམས༔ ཐམས་ཅད་ལྟུང་བའི་ཆོས་ཉིད་དེ༔ མི་ཡི་སྲོག་ཀྱང་དེ་བཞིན་ནོ༔ ལུས་ནི་མི་རྟག་མི་བརྟན་ཏེ༔ དབུ་བ་སྟོང་པ་ཆུ་ཡི་ཆུ་བུར་འདྲ་སྒྱུ་མ་ལྟ་བུ་གར་ལ་ལྟ་དང་མཚུངས༔ ཇི་ལྟར་སྤྲིན་དང་གློག་ནི་མི་གནས་ལྟར༔ སྐད་ཅིག་ཏུ་ནི་སྲོག་ཀྱང་དེ་བཞིན་འགྱུར༔ སྙིང་པོ་མེད་ལ་སྙིང་པོ་བླངས་ བར ་བྱ༔ ཞེས་དང་༔ ཀ་མ་ལ་ཤཱིས༔ འཇིག་རྟེན་ཁམས་ནི་མི་རྟག་སྟེ༔ དཔེར་ན་འཇའ་ཚོན་ཡལ་དང་འདྲ༔ ལོ་ཟླ་ཚེས་གྲངས་འཆི་དང་ཉེ༔ བུ་ཚ་ལ་སོགས་གྲོགས་དག་ཀྱང་༔ བར ་ནས་ག་པུར་འགྲོ་དགོས་ན༔ ཞེས་དང་༔ འཕགས་པ་ནཱ་ག་ཛུ་ནས༔ མགོ་འམ་གོས་ལ་གློ་བུར་མེ་ཤོར་ན༔ དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་༔ ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ༔ དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས༔ ཞེས་དང་༔ བུ་མོ་བདུན་གྱི་རྟོགས་བརྗོད་ལས༔ འདོར་ བར ་འགྱུར་བའི་ལུས་སྲོག་ལ༔
ཆུ་དང་རྩྭ་ཡི་ཟིལ་བཞིན་ལྟོས༔ ཞེས་གསུངས་སོ༔ གཉིས་པ་འཆི་བའི་མཚན་ཉིད་བསྒོམ་པ་ནི༔ རྒྱལ་པོ་ལ་གདམས་པའི་མདོ་ལས༔ རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་འདོར༔ འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ༔ སྐྱེས་ཆེན་པོ་ནི་འདེགས༔ མུན་པ་མུན་ནག་ཆེན་པོར་ནི་ཞུགས༔ གཡང་ས་ཆེན་པོར་ནི་ལྷུང་༔ ནགས་ཁྲོད་འཐུག་པོར་ནི་འཇུག༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས༔ ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་བ་ནི༔ ཆོས་མིན་པའི་མགོན་གཞན་མེད༔ སྐྱབས་གཞན་མེད༔ དཔུང་གཞན་མེད༔ རྒྱལ་པོ་ཆེན་པོ་ཆོས་ནི་དེའི་ཚེ་དེའི་དུས་གླིང་ཆེན་པོ་དང་༔ གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དང་སྟོན་པར་འགྱུར་རོ༔ ཞེས་དང་༔ སྤྱོད་འཇུག་ལས༔ ཡིད་བརྟན་མི་རུང་འཆི་བདག་འདིས༔ བྱས་དང་མ་བྱས་མི་སྡོད་པས༔ ན་དང་མི་ན་ཀུན་གྱིས་ཀྱང་༔ གློ་བུར་ཚེ་ལ་ཡིད་མི་བརྟན༔ ཐམས་ཅད་བོར་ཏེ་འཆི་དགོས་པས༔ བདག་གིས་དེ་ལྟར་མ་ཤེས་ནས༔ མཛའ་དང་མི་མཛའི་དོན་གྱི་ཕྱིར༔ སྡིག་པ་རྣམ་པ་སྣ་ཚོགས་བྱས༔ མི་མཛའ་རྣམས་ཀྱང་
མེད་འགྱུར་ཞིང་༔ མཛའ་བ་རྣམས་ཀྱང་མེད་པར་འགྱུར༔ བདག་ཀྱང་མེད་པར་འགྱུར་བ་སྟེ༔ དེ་བཞིན་ཐམས་ཅད་མེད་པར་འགྱུར༔ ཞེས་དང་༔ བདག་ནི་མལ་ན་འདུག་བཞིན་དུ༔ གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང་༔ སྲོག་ཆད་པ་ཡི་ཚོར་བ་དག༔ བདག་ཉིད་གཅིག་པུས་མྱོང་ བར ་འགྱུར༔ གཤིན་རྗེའི་ཕོ་ཉས་ཟིན་པ་ལ༔ གཉེན་གྱིས་ཅི་ཕན་བཤེས་ཅི་ཕན༔ དེ་ཚེ་བསོད་ནམས་གཅིག་སྐྱབས་ན༔ དེ་ཡང་བདག་གིས་མ་བསྟེན་ཏོ༔ ཞེས་དང་༔ བཱི་ཛ་ག་ཏ་མི་ཏྲ་ཨ་ནན་ཏས༔ ཡབ་རྒྱལ་པོ་ལ་གདམས་པ་ལས༔ ལྷན་ཅིག་ཅི་ལྟར་ཁྱེད་འབྱོར་ཡང་༔ གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ༔ མྱ་ངན་ཐང་ལ་དགྲས་བཅོམ་ལྟར༔ གཅིག་པུ་སྲས་མེད་བཙུན་མོ་མིན༔ ན་བཟའ་མ་མཆིས་བཤོས་མ་མཆིས༔ རྒྱལ་སྲིད་མ་མཆིས་ཁབ་མ་མཆིས༔ དཔག་མེད་མཐུ་དཔུང་མང་ལགས་ཀྱང་༔ གཟིགས་སུ་མ་མཆིས་གནས་མ་མཆིས༔ གཅིག་ཙམ་ཉིད་ཀྱང་ཕྱི་ཐག་གི༔ རྗེས་སུ་འབྲང་བ་ཡང་མི་འོང་༔ མདོར་ན་ཉིད་ཀྱི་མཚན་ཙམ་ཡང་༔ དེ་ཚེ་མེད་ན་གཞན་ཅི་སྨོས༔ ཞེས་གསུངས་སོ༔ དེ་
ནས་ཚེ་ཟད་པར་བསྒོམ་པ་ནི༔ ཚོམ་ལས༔ དཔེར་ན་ཐག་ནི་བརྐྱངས་པ་ལ༔ སྤྱན་ནི་གང་དང་གང་བཅུག་པའི༔ སྤྱན་གྱི་གཏིང་ལ་གཏུགས་པ་ལྟར༔ མི་རྣམས་སྲོག་ཀྱང་དེ་བཞིན་ནོ༔ དཔེར་ན་ངེས་པར་བསད་པ་དག༔ གོམ་པ་གང་དང་གང་བོར་བ༔ བསད་པའི་དྲུང་དུ་བསྙེན་པ་ལྟར༔ མི་རྣམས་སྲོག་ཀྱང་དེ་བཞིན་ནོ༔ ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན༔ ལྡོག་པ་མེད་པ་ཅི་ལྟ་བར༔ དེ་བཞིན་མི་ཡི་ཚེ་འགྲོ་བ༔ སླར་ནི་ལྡོག་པར་འགྱུར་བ་མེད༔ ཅེས་དང་༔ དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས༔ ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར༔ དེ་བཞིན་ན་དང་རྒ་བ་ཡིས༔ མི་རྣམས་འཆི་བདག་དྲུང་དུ་སྐྱེལ༔ ཞེས་དང་༔ སྤྱོད་འཇུག་ལས་ཉིན་མཚན་སྡོད་པ་ཡོངས་མེད་པར༔ ཚེ་འདི་རྟག་ཏུ་གུད་བྱེད་འགྱུར༔ སྣོན་པ་གུད་དུ་ཡང་མེད་ནི༔ བདག་ལྟ་འཆི་ བར ་ཅེས་མི་འགྱུར༔ ཅེས་དང་༔ སྐྱེས་རབས་ལས༔ དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས༔ དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི༔ ལམ་དུ་ཞུགས་ཏེ་ལམ་གཞན་མ་གོལ་བར༔ འཆི་བདག་དྲུང་དུ་དེ་ནི་ཉེ་ བར ་འགྲོ༔ ཞེས་དང་༔ དད་སྐྱེས་
ལས༔ ལོ་ཟླ་དུས་འདི་སྐད་ཅིག་མི་སྡོད་ན༔ ནམ་ཟླ་ཡོད་དེ་ཚེ་ལ་ལོང་མེད་པས༔ ནམ་ཟླ་འདས་ཤིང་འཆི་ལ་ཕར་ཕར་ཉེ༔ ཞེས་དང་༔ ལྗོན་ཤིང་གི་མདོ་ལས༔ གསོད་སར་ཁྲིད་པའི་བཙོན་བཞིན་དུ༔ གོམ་རེ་དཔག་ཅིང་ཤི་ལ་ཉེ༔ སང་ནས་འཆིའམ་སུས་ཤེས་པས༔ བདེ་ བར ་འདུག་པ་དེ་མི་རིགས༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ ན་ཉིང་ད་ལོ་ནམ་ཟླའི་སྟོད་སྨད་དང་༔ ཞག་དང་ཟ་མ་ཉིན་མཚན་སྐད་ཅིག་དུས་མི་རྟག༔ ལེགས་པར་སོམ་དང་རང་ཉིད་འཆི་བས་གཏུགས༔ ཞེས་གསུངས་སོ༔ འབྲལ་བ་བསྒོམ་པ་ནི༔ དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས༔ འཆི་བའི་དུས་ལ་བབ་པ་ན༔ ཕས་ཀྱང་མ་ཡིན་མས་ཀྱང་མིན༔ བུས་ཀྱང་མ་ཡིན་གཉེན་འདུན་མིན༔ སུས་ཀྱང་སྐྱོབ་པར་མི་འགྱུར་ཏེ༔ རང་ཉིད་གཅིག་པུ་འཆི་ བར ་འགྱུར༔ ཞེས་དང་༔ སྤྱོད་འཇུག་ལས༔ རྙེད་པ་མང་པོ་ཐོབ་གྱུར་ཅིང་༔ ཡུན་རིང་དུས་སུ་བེ༔ སྤྱད་ཀྱང་༔ ཆོམ་པོས་ཕྲོག་པ་ཅི་བཞིན་དུ༔ བསྒྲེན་མོ་ལག་པ་སྟོང་པར་འགྲོ༔ ཞེས་དང་༔ ལྷན་ཅིག་སྐྱེས་པའི་ཤ་རུས་དག༔ ཞིག་སྟེ་སོ་སོར་གྱེས་འགྱུར་ན༔ མཛའ་
བཤེས་གཞན་པ་སྨོས་ཅི་དགོས༔ ཞེས་དང་༔ ཆེད་དུ་བརྗོད་པའི་ཚོམ་ལས༔ གང་ཞིག་འཕོ་དང་འཆི་ བར ་གྱུར་པའི་ཚེ༔ སྡུག་ཅིང་འཕང་པའི་སྐྱེ་བོ་རྣམས་དང་འབྲལ༔ ཕྱིས་ནས་ལན་གཅིག་འཕྲད་པར་འགྱུར་བའང་མེད༔ ཤིང་ལོ་བྲུལ་བ་རླུང་གིས་ཁྱེར་དང་མཚུངས༔ ཞེས་དང་༔ རིན་ཆེན་ཕྲེང་བར༔ སྲོག་དང་ནོར་མེད་རྒྱལ་སྲིད་དག༔ མི་རྟག་ཉིད་དུ་རྟོགས་དགོས་ཏེ༔ དེ་ནས་ཡང་དག་རྩོད་པར་ལྡན༔ ཆོས་ལ་གཅིག་ཏུ་ནན་ཏན་མཛོད༔ གདོན་མི་ཟ་ བར ་འཆི་འགྱུར་ཞིང་༔ ཤི་ནས་སྡིག་པས་སྡུག་བསྔལ་བས༔ འཇིག་རྟེན་འཕྲལ་དུ་བདེ་ན་ཡང་༔ སྡིག་པ་བགྱིད་པར་མི་རིགས་སོ༔ ཞེས་དང་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས༔ ས་ཡི་བདག་པོས་འབད་པ་སྟོང་དག་གིས༔ ཁྱིམ་དུ་རྫས་རྣམས་བསགས་པར་བྱེད་པ་དག༔ མི་ཡི་སྐད་ཅིག་གཅིག་གིས་འདོར་ བར ་འགྱུར༔ ལེགས་བཤད་གཅིག་པུ་འདི་ཉིད་ལམ་དུ་བཤད༔ ཅེས་དང་༔ རྒྱལ་པོ་ལ་གདམས་པའི་མདོ་ལས༔ དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན༔ འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་༔ སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་༔
ལས་ནི་གྲིབ་མ་བཞིན་ཏུ་རྗེས་སུ་འབྲང་༔ ཞེས་དང་༔ དྲི་མ་མེད་པར་གྲགས་པའི་མདོ་ལས༔ ལུས་འདི་ནི་ནད་མང་པོའི་སྣོད་དུ་གྱུར་པའི་ཆོས་ཅན་ནོ༔ ༈ ལུས་འདི་ནི་བཅངས་མི་བཟོད་པ་ལྦུ་བ་ལྟ་བུའོ༔ ལུས་འདི་ནི་རིང་དུ་མི་གནས་པ་ཆུ་བུར་ལྟ་བུའོ༔ ལུས་འདི་ནི་སྙིང་པོ་མེད་པ་ཆུ་ཤིང་ལྟ་བུའོ༔ ལུས་འདི་ནི་རུས་པ་དང་རྒྱུས་པས་འབྲེལ་པ་འཁྲུལ་འཁོར་ལྟ་བུའོ༔ ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྒྱུ་མ་ལྟ་བུའོ༔ ལུས་འདི་ནི་མི་བདེན་པར་མཐོང་བ་རྨི་ལམ་ལྟ་བུའོ༔ ལུས་འདི་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་རྐྱེན་ལ་རག་ལུས་པ་བྲག་ཆ་ལྟ་བུའོ༔ ལུས་འདི་ནི་འཁྲུགས་ཤིང་གྱེས་པ་སྤྲིན་ལྟ་བུའོ༔ ལུས་འདི་ནི་སྐད་ཅིག་ཏུ་འཇིག་ཅིང་མི་གནས་པ་གློག་ལྟ་བུའོ༔ ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བས་འཇིག་ཅིང་གྱེས་པས་བདག་མེད་པའོ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ གཅེས་དགུ་བཞག་ནས་འགྲོ་ལ་ཐུག་ཙ་ན༔ འཆི་བ་མ་བཤོལ་ཚེ་ལ་གདན་འདྲེན་འབྱུང་༔ མགོ་མི་ཐེག་ཅིང་རྐང་པས་ལུས་མི་ཐེག༔ ལག་པས་ཟས་སྣོད་མི་ཐེག་འོར་དུ་ལྟུང་༔ ནམ་རིང་ཉི་མ་ཤར་བ་ངང་ཐུང་སྐྱེ༔ ནད་པས་གོས་སེལ་ལག་
པ་ཕྱི་རུ་འདོན༔ ང་ཐེག་སློང་ཟེར་མིག་གཉིས་མཐོང་ཀར་ལྟ༔ སུ་ཅག་སྙོག་གེ་མོ་ལ་ཤོག་གྱིས་དང་༔ ང་འཆི་བསླབ་བྱ་ཚིག་གསུམ་བྱའོ་ཟེར༔ འཆི་ བར ་སོང་ཡང་བློ་གསོ་ཕར་ལ་བྱེད༔ ཅེས་དང་༔ སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་༔ ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས༔ དབང་པོ་ཆེ་ཡི་ཁྲིམས་ལ་གཏུག་ཏུ་མེད༔ སྨྲ་མཁས་ཅན་གྱི་ཡུས་ཤག་འདེབས་སུ་མེད༔ མི་ཐེབ་ཡོད་པ་གླད་མར་བཏང་དུ་མེད༔ ཟས་ནོར་གྲོ་ཟན་གཅིག་དང་འགྲོགས་དབང་མེད༔ མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ༔ ཞེས་གསུངས་སོ༔ དེ་ཡང་རང་རེ་རྣམས་ངེས་པར་འཆི་སྟེ༔ དེའི་རྒྱུ་མཚན་ནི༔ རང་རེ་བས་བསོད་ནམས་ཆེ་བའི་ལྷ་དང་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བ་རྣམས་ཀྱང་འཆི་དགོས་ན༔ རང་རེ་རྣམས་ལྟ་སྨོས་ཅི་དགོས་ཏེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ འདི་ན་མཐུ་ཆེ་གནས་མཐོ་བར༔ གནས་པའི་ལྷ་ཚེ་རིང་པོ་ཡང་༔ དེ་ཡང་ཚེ་ཚད་ཉམ་གྱུར་ན༔ འཆི་བ་འདི་ལ་སུ་ཞིག་ཐར༔ ཞེས་དང་༔ པཎྜི་ཏ་དཔའ་བོས༔ བསོད་ནམས་ལས་སྐྱེས་བདེ་མྱོང་བའི༔ ཚངས་པ་ཚངས་པའི་གནས་ལས་ཀྱང་༔ མི་རྟག་ཕྱིར་
ན་ལྟུང་འགྱུར་བ༔ ཆུ་ཡི་འགྲམ་གྱི་རྡོ་བ་བཞིན༔ བརྒྱ་བྱིན་དག་ནི་སྟོང་རྣམས་དང་༔ འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་༔ དུས་ཀྱི་འཆི་ བར ་འགྱུར་བ་ནི༔ མར་མེ་འབར་བ་རླུང་བཞིན་ནོ༔ ཞེས་གསུངས་སོ༔ དེ་བས་ཀྱང་དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་ཐོབ་ཅིང་དཔག་ཚད་དུ་མར་ནམ་མཁའ་ལ་བྱ་བཞིན་འགྲོ་ནུས་པ་རྣམས་ཀྱང་འཆི་ན༔ རང་རེ་ལྟ་སྨོས་ཅི་དགོས་ཏེ༔ སློབ་དཔོན་རྟ་དབྱངས་ཀྱིས༔ དྲང་སྲོང་ཆེན་པོ་ལྔ་མངོན་ཤེས༔ མཁའ་ལ་རྒྱང་རིང་འགྲོ་བ་ཡང་༔ གང་ལ་སྤྱོད་ཡུལ་འཆི་མེད་པར༔ དེར་ནི་འགྲོ་ བར ་ནུས་པ་མེད༔ ཅེས་གསུངས་སོ༔ དེ་བས་ཀྱང་འཕགས་པ་རང་སངས་རྒྱས་རྣམས་དང་༔ ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་དང་༔ རྫོགས་པའི་སངས་རྒྱས་ཉིད་ཀྱང་སྐུ་མྱ་ངན་ལས་འདས་ཚུལ་སྟོན་ན༔ རང་རེ་ལས་ཀྱི་འབྲས་བུ་ཤ་ཁྲག་གིས་ལུས་བླང་བ་འདི་ཙམ་ག་ལ་རྟག་སྟེ༔ ཆེད་དུ་བརྗོད་པའི་ཚོམ་ལས༔ གང་ཡང་རང་སངས་རྒྱས་རྣམས་དང་༔ སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་༔ སྐུ་ལུས་འདི་ནི་སྤང་མཛད་ན༔ སྐྱེ་བོ་ཕལ་པ་སྨོས་ཅི་དགོས༔ ཞེས་དང་༔ སློབ་དཔོན་དཔའ་བོས༔
ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི༔ རྡོ་རྗེའི་སྐུ་ཡང་མི་རྟག་ན༔ ཆུ་ཤིང་སྙིང་པོ་འདྲ་བ་ཡི༔ ལུས་ཅན་གཞན་ལ་སྨོས་ཅི་དགོས༔ ཞེས་གསུངས་སོ༔ སྔར་མ་ཤི་བའི་མི་མ་ཐོས་པས་ཀྱང་ངེས་པར་འཆི་སྟེ༔ སློན་དཔོན་མ་ཏི་ཙི་ཏྲས༔ སའམ་འོན་ཏེ་མཐོ་རིས་ན༔ སྐྱེས་ནས་ལ་ལ་མ་ཤི་བ༔ འགའ་ཞིག་ཁྱོད་ཀྱིས་མཐོང་བའམ༔ ཐོས་སམ་འོན་ཏེ་ཐེ་ཚོམ་ཟ༔ ཞེས་གསུངས་སོ༔ གང་དུ་འཆི་བ་མེད་པའི་ས་ཕྱོགས་སུ་འབྲོས་པར་བྱ་བ་ཡང་མེད་དེ༔ རྒྱ་ཆེ་རོལ་པ་ལས༔ གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི༔ ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ༔ བར ་སྣང་ན་མེད་རྒྱ་མཚོའི་གཏིང་ནའང་མེད༔ རི་བོ་རྣམས་ཀྱི་ཕྲག་ནའང་ཡོད་མ་ཡིན༔ ཞེས་གསུངས་པས་ངེས་པར་འཆིའོ༔ དེ་ལྟར་ནམ་ཞིག་འཆི་བ་ནི་ཀུན་གྱིས་ཤེས་ཀྱང་ད་རུང་མི་འཆི༔ ད་རུང་ལོང་ཡོད་སྙམ་པ་འདིས་ཐམས་ཅད་བསླུས་པ་ཡིན༔ དེ་ལ་ནམ་འཆི་ཆ་མེད་བསྒོམ་པ་གལ་ཆེ་སྟེ༔ གླིང་གཞན་དང་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་༔ ཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་དེ༔ ཆོས་མངོན་པ་མཛོད་ལས༔ འདི་ན་མ་ངེས་ཐ་
མར་ནི༔ ལོ་བཅུ་དང་པོ་དཔག་ཏུ་མེད༔ ཅེས་གསུངས་ཏེ༔ བསྐལ་པ་དང་པོ་དུས་ཚེ་ལོ་དཔག་མེད་ཐུབ་པ་ནས༔ ད་ལྟ་ནི་བཞི་བཅུ་ཁ་རལ་དུ་གསུངས༔ མཐར་ཚེ་ལོ་བཅུ་པའི་ བར ་དུ་འགྲིབ་ལ༔ དེ་རང་ཡང་མི་ཐུབ་པར་འཆི་བ་མང་སྟེ༔ ཆེད་དུ་བརྗོད་པའི་ཚོམ་ལས༔ ཁ་ཅིག་མངལ་དུ་འཆི་ བར ་འགྱུར༔ དེ་བཞིན་ཁ་ཅིག་བཙས་པའི་སར༔ དེ་བཞིན་ཁ་ཅིག་གོག་ཙམ་ན༔ དེ་བཞིན་ཁ་ཅིག་ཡོང་རྒྱུག་ན༔ ལ་ལ་རྒས་དང་ལ་ལ་གཞོན༔ ལ་ལ་དར་ལ་བབ་པའི་མི༔ རིམ་གྱིས་རབ་ཏུ་འགྲོ་ བར ་འགྱུར༔ ཞེས་དང་༔ སྔ་དྲོ་སྐྱེ་བོ་མང་མཐོང་བ༔ ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར༔ ཕྱི་དྲོ་སྐྱེ་བོ་མང་མཐོང་བ༔ སྔ་དྲོ་ཁ་ཅིག་མཐོང་མི་འགྱུར༔ ཞེས་དང་༔ སྐྱེས་པ་བུད་མེད་མང་པོ་དང་༔ དར་ལ་བབ་པ་འཆི་འགྱུར་ན༔ དེ་ལ་མི་འདི་གཞོན་ཞེས་ཏེ༔ གསོན་པའི་གདེང་གྲོ་ཅི་ཞིག་ཡོད༔ ཅེས་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཞག་ཏུ་གཅིག་སོང་གཉིས་སོང་མི་ཚེ་སོང་༔ ལོང་ཡོད་པོ་ཚོ་འཆི་ཁར་འཕྲས་འཕྲས་བྱེད༔ ཨ་རེ་འགྱོད་སྟེ་བག་ཙམ་འཕྱིས་པ་འདྲ༔ ཞེས་གསུངས་སོ༔ ཚེ་ལ་གནོད་
པ་མང་བས་ཀྱང་མྱུར་དུ་འཆི་སྟེ༔ རིན་ཆེན་ཕྲེང་བར༔ འཆི་བདག་རྐྱེན་གྱི་ནང་གནས་པ༔ རླུང་དམར་ནང་གི་མར་མེ་བཞིན༔ ཞེས་དང་༔ འཆི་བའི་རྐྱེན་ནི་མང་བ་སྟེ༔ གསོན་པའི་རྐྱེན་ནི་ཉུང་ཟད་ཅིག༔ དེ་ཉིད་རྣམས་ཀྱང་འཆི་བའི་རྐྱེན༔ དེ་ལྟ་བས་ན་ཆོས་མཛོད་ཅིག༔ ཅེས་དང་༔ བཤེས་སྤྲིང་ལས༔ ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི༔ ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན༔ དབུགས་དབྱུང་དབུག་རྩུབ་གཉིད་ཀྱིས་ལོག་པ་ལས༔ སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ༔ ཞེས་དང་༔ སློབ་སྤྲིང་ལས༔ མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟ་བུ་ཡི༔ ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན་ཞེས་གསུངས་ཏེ༔ འཆི་རྐྱེན་ནི་མང་༔ གསོན་པའི་རྐྱེན་ནི་ཉུང་༔ གསོན་པའི་རྐྱེན་ནི་ཟས་དང་གོས་དང་སྨན་གསུམ་ཡིན་ཀྱང་༔ དེ་རང་ཡང་འཆི་རྐྱེན་དུ་འགྱུར་བ་མང་སྟེ༔ བློ་གྲོས་རབ་བརྟན་གྱིས་ཞུས་མདོར༔ ལུས་འདི་འཚོ་ བར ་བྱེད་པ་ཡི༔ ཟས་ཀྱིས་མནང་སྟེ་འཆི་བ་དང་༔ བདེ་བའི་ཕྱིར་ནི་ལོངས་སྤྱོད་སྒྲུབ༔ མ་ངེས་འཆི་རྐྱེན་འགྱུར་བ་ཡོད༔ ཅེས་དང་༔ བཅོམ་ལྡན་འདས་སྨན་གྱི་བླ་ཡི་མདོ་
ལས༔ སེམས་ཅན་ནད་ཀྱིས་བཏབ་པ་ལ༔ དེ་ནད་ཚབས་མི་ཆེ་ཡང་སྨན་དང་༔ རིམ་གྲོ་བྱེད་པ་དང་མི་ལྡན་ནམ༔ ཡང་ན་སྨན་པས་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་དེ༔ འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ༔ དུས་མ་ཡིན་པར་འཆི་བ་གཉིས་པ་ནི༔ གང་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པའོ༔ དུས་མ་ཡིན་པར་འཆི་བ་གསུམ་པ་ནི༔ གང་དག་ཧ་ཅང་བག་མེད་དེ་བག་མེད་པར་གནས་པ་དེ་དག་ལ་མི་མ་ཡིན་པ་དག་མདངས་འཕྲོག་པའོ༔ དུས་མ་ཡིན་པར་འཆི་བ་བཞི་པ་ནི༔ གང་དག་མེས་ཚིག་སྟེ་འཆི་བའི་དུས་བྱེད་དོ༔ དུས་མ་ཡིན་པར་འཆི་བ་ལྔ་པ་ནི༔ གང་དག་ཆུས་འཆི་བའོ༔ དུས་མ་ཡིན་པར་འཆི་བ་དྲུག་པ་ནི༔ གང་དག་སེང་གེ་དང་སྟག་དང་ཝ་དང་སྦྲུལ་དང་གཅན་གཟན་ཁྲོ་བོའི་ནང་དུ་ཚུད་དེ་འཆི་བའོ༔ དུས་མ་ཡིན་པར་འཆི་བ་དགུ་པ་ནི༔ གང་དག་ཟས་སྐོམ་མ་རྙེད་བཀྲེས་པ་དང་༔ སྐོམ་པས་ཉེན་ཏེ་འཆི་བའི་དུས་བྱེད་པའོ༔ མདོར་ན་འདི་དག་ནི་དེ་བཞིན་གཤེགས་པས་དུས་མ་ཡིན་པར་འཆི་བ་ཆེན་པོར་བསྟན་ཏེ༔ གཞན་ཡང་དུས་མ་ཡིན་པར་འཆི་བ་ནི་གྲངས་མེད་དཔག་ཏུ་མེད་པའོ༔ ཞེས་
གསུངས་སོ༔ དེས་ནི་ནད་བཞི་བརྒྱ་རྩ་བཞི༔ གདོན་སྟོང་ཕྲག་བརྒྱད་ཅུ་སོགས་ཚེ་ལ་གནོད་ཅིང་འཆི་བའི་རྐྱེན་བྱེད་པ་གྲངས་མང་༔ གསོན་པའི་རྐྱེན་སྨན་དང་ཟས་གོས་ཡིན་ཀྱང་༔ དེ་དག་རང་ཡང་ལྟབ་ཉེས་ན་འཆི་རྐྱེན་ཏེ༔ ཟས་གོས་སྒྲུབ་ཕྱིར་འཆི་བ༔ བྱིས་པ་གོས་ཀྱིས་སུབ་པ༔ ཟས་ཀྱིས་དུག་པ་སྨན་ལོག་པར་སོང་བ་སོགས་འཆི་རྐྱེན་དུ་འགྱུར་བ་མང་ངོ་༔ ལུས་ལ་སྙིང་པོ་མེད་པས་ཀྱང་ངེས་པར་འཆི་བ་ས༔ ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་མ་གཏོགས་པ༔ སྙིང་པོ་སྲ་མཁྲེགས་གཅིག་ཀྱང་མེད་སྤྱོད་འཇུག་ལས༔ ཐོག་མར་ལྤགས་པའི་རིམ་པ་འདི༔ རང་གི་བློ་ཡིས་ཐ་དད་ཕྱེ༔ ཤ་དང་རྒྱུས་པའི་དྲྭ་བ་ལས༔ ཤེས་རབ་མཚོན་གྱིས་གུད་དུ་ཕྱེ༔ རུས་པ་རྣམས་ཀྱང་ཕྱེ་བྱས་ནས༔ རྐང་གི་ བར ་དུ་ལྟ་བྱ་ཞིང་༔ འདི་ལ་སྙིང་པོ་ཅི་ཡོད་ཅེས༔ བདག་ཉིད་ཀྱིས་ནི་ལྟ་ བར ་གྱིས༔ ཞེས་གསུངས་སོ༔ དཀོན་མཆོག་བརྩེགས་པ་ལས༔ གཟུགས་ནི་དབུ་བ་ལྟ་བུར་གསུངས༔ དེ་ལ་སྙིང་པོ་མི་རྙེད་དོ༔ ཞེས་གསུངས་སོ༔ དཔེའི་སྒོ་ནས་འཆི་བ་བསྒོམ་ཚུལ་ཡང་༔ བར ་སྣང་དུ་མདའ་འཕང་བ་སྐད་ཅིག་ཀྱང་མི་
སྡོད་འགྲོ་བ་དང་༔ ཆུ་ཐུར་དུ་རྒྱུགས་པ་དང་༔ གསོད་སར་ཁྲིད་པའི་གོམ་པ་ལྟར་འཆི་བ་ལ་ཉེ་བ་སྟེ༔ ཚོམས་ལ༔ ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན༔ ལྡོག་པ་མེད་པ་ཅི་ལྟ་བར༔ དེ་བཞིན་མི་ཡི་ཚེ་འགྲོ་བ༔ སླར་ནི་ལྡོག་པར་འགྱུར་བ་མེད༔ ཅེས་དང་༔ ཚོམས་ལས༔ ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་ཏུ༔ ཕྱིར་མི་ལྡོག་པར་འགྲོ་ བར ་འགྱུར༔ ཞེས་དང་༔ ལྗོན་ཤིང་གི་མདོ་ལས༔ གསོད་སར་ཁྲིད་པའི་བཙོན་བཞིན་དུ༔ གོམ་རེ་བོར་ཞིང་འཆི་དང་ཉེ༔ ཞེས་དང་༔ དཔེར་ན་སྐྱེས་བུ་རྩལ་ཆེན་གྱིས༔ རྒྱུད་ལ་སྤྲིང་ནས་མདའ་བསྐུར་བ༔ མི་སྡོད་གདེང་སར་མྱུར་དུ་ཕྱིན༔ མི་རྣམས་ཚེ་ཡང་དེ་བཞིན་ནོ༔ ཞེས་གསུངས་སོ༔ གཞན་མི་རྟག་པ་བསྒོམ་པ་ནི༔ དེ་ཡང་རྒྱུགར་དུ་མི་རྟག་པ་བསྒོམ་པ་རྣམས་དུར་ཁྲོད་དུ་བསྒོམས་པས་སྐྱེ་སླ་བ་ཡིན་སྐད༔ རང་རེ་རྣམས་ཀྱང་ས་ཕྱོགས་དང་གྲོང་ཅིག་ན་གནས་པའི་མི་དུ་ཙམ་ཤི༔ རང་དང་ན་མཉམ་དུ་ཤི་ལ་རྩི་བགྲངས་ཐོང་༔ ཁོང་རྣམས་ཀྱང་སྡོད་མིས་མང་དུ་བྱས་ཏེ་འདུག་དབང་མ་བྱུང་སོང་༔ ང་ཡང་དེ་དང་འདྲ་བསམ་པར་བྱ་དགོས༔ གཞན་ཤི་བའི་རོ་དང་རུས་པ་མཐོང་ན་
ཡང་༔ ཨ་ཙ་མ་བདག་ཀྱང་འདི་ལྟ་བུ་ཞིག་ནམ་འོང་བསམ་པར་བྱ་དགོས་ཏེ༔ ཆེད་དུ་བརྗོད་པའི་ཚོམས་ལས༔ དུར་ཁྲོད་བོར་བའི་གཞན་གྱི་རོ༔ བམ་དང་རྣམ་པ་འཐོར་བ་དང་༔ རུས་པ་ཐལ་བའི་མདོག་འདྲ་བར༔ སོང་ནས་ཕྱོགས་བཅུར་དེང་བ་བཞིན༔ བདག་གི་ལུས་ཀྱང་དེ་བཞིན་ནོ༔ ཞེས་དང་༔ སྤྱོད་འཇུག་ལས༔ དུར་ཁྲོད་སོང་ནས་གཞན་དག་གི༔ རུས་པ་དག་དང་བདག་གི་ལུས༔ འཇིག་པའི་ཆོས་ཅན་ཉིད་དུ་ནི༔ ནམ་ཞིག་མགོ་སྙོམ་བྱེད་པར་འགྱུར༔ ཞེས་གསུངས་སོ༔ དེ་རྣམས་ཀྱི་དོན་ཨུ་རྒྱན་རིན་པོ་ཆེས༔ མི་རྟོག་བློ་གཏད་མེད་པར་མ་ཤེས་ནས༔ ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས༔ སྐྱིད་འདོད་ངང་ལ་མི་ཚེ་སྡུག་གི་འདའ༔ ཞེས་དང་༔ ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད༔ ཅེས་དང་༔ འཆི་ཁའི་ནད་པ་སྣུམ་ཟད་མར་མེ་འདྲ༔ ཚེ་ཡི་འཕེལ་རྐྱེན་ཟད་པས་སྡོད་དབང་མེད༔ ཅེས་དང་༔ ཆོས་ཀྱང་བྱ་ལོངས་ཡོད་དུ་ལུས་ན༔ དུས་དེ་རིང་སང་ལ་འཆིའམ་ངེས་པ་མེད་དེ༔ ལེགས་པར་སོམ་དང་༔ དེ་རིང་ཁ་བཀྲག་ཡ་ལེ་བའི་མི་ལ༔ སང་རོ་ཧམ་ནག་ཐུ་ལེ་བ་འབྱུང་བ་གྲངས་མེད༔ དེ་རྣམས་