ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
ཆོས་ཀྱི་འཁོར་ལོ་སྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་པའི་བཀྲ་ཤིས་ཤོག༔ ནས་ཅུང་ཟད་འཐོར༔ གསུང་གི་རྗེས་སུ་གནང་བའོ༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ་པས༔ དེང་ཕྱིན་ཆད་གསུང་ཡི་གེ་དྲུག་པ་བཟླ་བ་ལ་དབང་༔ ངག་ལ་གསུང་རྡོ་རྗེའི་ས་བོན་ཐེབ༔ མ་འོངས་པ་ན་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ༔ དེ་ནས་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་འདེབས་ཐུགས་ཀྱི་དབང་སྐུར་སྩོལ༔ གསུམ༔ དེ་ལྟར་གསོལ་བ་བཏབ་པས༔ ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲིལས་ཧྲིགཅིག་འཕྲོས་ཏེ་ནམ་མཁའ་ལ་སོང་༔ དེ་ཉིད་ཡལ་ཏེ་ནམ་མཁའ་དང་དབྱེར་མེད་དུ་གྱུར༔ དེ་ནས་འཁོར་རིགས་དྲུག་གི་ཐུགས་རྗེ་ཆེན་པོ་དྲུག་རང་ལ་ཐིམ༔ རང་ཉིད་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ ཡི་གེ་དྲུག་དབུས་ཀྱི་ཧྲིལ་ཐིམ༔ ཧཱིཡང་ར་བཏགས་ལ་ཐིམ༔ ཧ་
གི་གུ་ལ་ཐིམ༔ གི་གུ་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་དུ་གྱུར་ལ་ཡུད་ཙམ་སེམས་བཟུང་༔ དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་སྟེ༔ སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ༔ བསྒོམ་དུ་མེད་ཅིང་ཡེངས་སུ་མེད་པ༔ གང་ཤར་བཟོ་མེད༔ མ་བཅོས་ལྷུག་པ༔ ཀ་དག་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག༔ དབྱངས་དང་བཅས༔ སློབ་མའི་ཐུགས་ཀའི་ཧཱུྃལས་ནི༔ ཧཱིའཕྲོས་ནམ་མཁར་ཡལ་ནས་སོང་༔ འཁོར་རྣམས་རང་ལ་བསྡུས་ནས་ཀྱང་༔ རང་ཉིད་སྔགས་འཁོར་སྔགས་འཁོར་ཧི༔ ཧྲི༔ཡང་སྟོང་པ་ཉིད་དུ་སོང་༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རོལ་མོ་དང་སྔགས་མང་དུ་བརྗོད༔ དེ་ནས་ནས་ཅུང་ཟད་འཐོར༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་འབྱུང་བར་ཤོག༔ འོ་དེས་ཐུགས་ཀྱི་རྗེས་སུ་གནང་བ་སྟེ༔ སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཏིང་ངེ་འཛིན་བསྒོམ་པར་དབང་༔ སེམས་ལ་ཐུགས་རྡོ་རྗེའི་ས་བོན་ཐེབ༔ མ་འོངས་པ་ན་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་
ནོ༔ དེ་ལྟར་སྐུའི་དབང་གི་བུམ་དབང་༔ གསུང་གི་དབང་གི་གསང་དབང་༔ ཐུགས་ཀྱི་དབང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་འདུས་པ་ཡིན་ལ༔ ཚིག་དབང་གི་དོན་འདུས་ཤིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་རྩ་བ་རྟེན་འབྲེལ་སྙིང་པོའི་ཆོས་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་འདེབས་རྟེན་འབྲེལ་དབང་སྐུར་སྩོལ༔ དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་༔ གསང་སྔགས་རྒྱུད་སྡེ་བྱེ་བ་གྲངས་མེད་པ་ཐམས་ཅད་ཚུར་བསྡུས་ན་ཐེག་པ་དགུར་འདུས༔ དེ་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས༔ དེ་ཐམས་ཅད་བསྡུས་ན་རྟེན་འབྲེལ་སྙིང་པོའི་ཤོ་ལོ་ཀ་གཉིས་ལ་འདུས་ཏེ༔ རིག་འཛིན་ནཱ་ག་ཛུ་ནའི་ཞལ་ནས༔ རྟེན་ཅིང་འབྲེལ་འབྱུང་མ་ལགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ ཞེས་གསུངས་པའི་དོན་ཡིན་པས༔ བཀའི་ཚིགས་སུ་བཅད་པ་འདི་གསན་པས་འཐུས་པར་གདའ༔ དབྱངས་དང་བཅས༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༔ རྒྱུ་ལས་འགོག་པ་གང་ཡིན་པ༔ དགེ་སྦྱོང་ཆེན་པོས་འདི་སྐད་
གསུངས༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་གདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་རོལ་མོ་སྔགས་ཡུན་རིང་བྱའོ༔ ནས་འབྲུ་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒས་ན་འཆིའི་སྐྱོན་གྱིས་མ་གོས་ཤིང་ཕ་མེད་མ་མེད་པདྨའི་སྦུབ་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷན་དྷ་འཛིན་གྱི་བཀྲ་ཤིས་ཤོག༔ འོ་དེས་ཁྱེད་རང་རྣམས་ཀྱི་བསགས་པ་ཆ་མཉམ་གྱི་སྒྲིབ་པ་དག༔ དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་ཆ་མཉམ་ལ་ཡེ་ཤེས་རྡོ་རྗེའི་ས་བོན་ཐེབ༔ བཀའ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་༔ མ་འོངས་པ་ན་འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས་པ་ཡིན་ནོ༔ འོ་ན་ཡི་དམ་ཐུགས་རྗེ་ཆེན་པོའི་དབང་ཐོབ་པའི་དམ་ཚིག་ཏུ༔ བླ་མ་ཡི་དམ་དབྱེར་མེད་དུ་མོས་ལ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བླ་མའི་སྐུ་གསུང་ཐུགས་དང་མ་འགལ་བར་བྱ་ཞིང་༔ ཡི་དམ་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས༔ དུས་རྟག་ཏུ་རང་ལུས་ཐུགས་རྗེ་ཆེན་པོར་བསྒོམ༔ སྙིང་པོ་ཡི་གེ་དྲུག་པ་ཆུ་
བོའི་རྒྱུན་བཞིན་དུ་བཟླ་བར་བྱ་སྙམ་པ་དང་༔ ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་བླ་མ་ཐུགས་རྗེ་ཆེན་པོ་ལ་མཎྜལ་དུ་འབུལ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཅི་གསུང་བཀའ་བསྒྲུབ་སྣང་སྲིད་ཀྱི༔ དགེ་ཚོགས་བསྡུས་ཏེ་མཎྜལ་འབུལ༔ སྐབས་འདིར་ཐུགས་རྗེ་ཆེན་པོ་འབུ་སུ་ཀུའི་སྒྲུབ་ཐབས་ལུང་བྱས་ལ༔ དེ་ནས༔ འོ་དེ་ལྟར་ཁྱེད་རང་རྣམས་ཀྱིས་ཡི་དམ་ཐུགས་རྗེ་ཆེན་པོའི་དབང་ལུང་ཚང་བར་ཐོབ་པ་ཡིན་པས༔ ལུས་ཐུགས་རྗེ་ཆེན་པོར་བསྒོམ་སྟེ༔ དེ་ཡང་ཤེས་པ་རྣམས་ཀྱིས་གཙོ་འཁོར་བདུན་བསྒོམ༔ ཡང་ན་གཙོ་བོ་དང་རིགས་དྲུག་འདུལ་བའི་ཐུགས་རྗེ་ཆེན་པོ་དྲུག་རེས་མོས་སུ་བསྒོམ་ཡང་རུང་༔ དེ་མི་ཤེས་ན་ཡང་རང་ཉིད་ཐུགས་རྗེ་ཆེན་པོ་འགྲོ་འདུལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ༔ འོག་མ་གཉིས་ཕྲེང་བ་དང་པདྨ་འཛིན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃཡིག་དཀར་པོ་ལ་ཡི་གེ་དྲུག་པས་བསྐོར་བ༔ ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་བསྒོམ་ལ༔ ཡི་གེ་དྲུག་པ་བཟླས་པས་སྐུ་ལས་
འོད་ཟེར་དཀར་པོ་འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསྒོམ༔ སྒྲ་གྲག་ཚད་ཐམས་ཅད་ཡི་གེ་དྲུག་པའི་སྒྲ༔ ཡིད་ཀྱི་དྲན་རྟོག་ཐམས་ཅད་རང་གྲོལ་རྫོགས་པ་ཆེན་པོའི་དོན་ཡིན་ལ་ཡིན་པར་ཤེས་པའི་ངང་ནས་ཡིག་དྲུག་ལ་ཐུགས་དམ་མཛོད༔ ༈ ལ་ཡི་གེ་དྲུག་པའི་ཕན་ཡོན་ནི༔ མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་བྱས་ཏེ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན༔ ངན་སོང་གསུམ་དུ་མི་སྐྱེ༔ མནར་མེད་པར་མི་འགྲོ༔ སུ་ཞིག་གིས་ནངས་པར་ལངས་ནས་བཟློས་སམ་འདོན་ནམ་བཟླས་བརྗོད་བྱས་ན༔ དེའི་ལུས་ལ་མཛེ་དང་ཤུ་བ་དང་གཡན་པ་དང་འབྲས་དང་བས་བལྡག་དང་གློ་བ་ན་བ་དང་༔ དབུགས་མི་བདེ་བ་དང་༔ ནད་ཐམས་ཅད་ལས་ཐར་བར་འགྱུར་རོ༔ སྐྱེས་སོ་ཅོག་སྐྱེ་བ་དྲན་པར་འགྱུར་རོ༔ ལྷ་ཡི་སྲས་དང་འདྲ་བར་འགྱུར༔ འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར༔ གར་སྐྱེས་གར་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ༔
རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་བར་འགྱུར༔ དབྱངས་སྙན་པར་འགྱུར༔ གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར༔ ཞེས་དང་༔ པདྨ་རྒྱལ་པོའི་རྒྱུད་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྙིང་པོ་བསྡུས་པ་འདི་ལ་ནི༔ ཐེ་ཚོམ་མེད་པར་བརྩོན་པར་གྱིས༔ རྒྱ་མཚོའི་ནང་གི་རིན་ཆེན་བཞིན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐེབས་གཅིག་མོས་པས་བརྗོད་པ་ན༔ སེམས་ཅན་དམྱལ་བའི་ནད་ལས་ཐར༔ ཐེབས་གཉིས་བརྗོད་པས་ཡི་དྭགས་ཀྱི༔ འགྲོ་བའི་སྒོ་ཡང་འགགས་པར་འགྱུར༔ གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས༔ འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་༔ འདི་དང་མ་བྲལ་གཙང་མར་གནས༔ ཟས་དང་གོས་དང་བཏུང་བ་ཡང་༔ འདི་དག་དྲན་པས་ཉེས་པ་མེད༔ འབྲས་ཀྱི་ཕུབ་མའི་གསེབ་ནས་ནི༔ སྙིང་པོ་འབྲས་བུ་ལེན་པ་ཡིན༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ མེ་ཏོག་ལེན་པ་ལྟ་བུ་ཡིན༔ ལྷ་དང་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་མེ་ལྷ་གཤིན་རྗེ་དང་༔ ཚངས་པ་བརྒྱ་བྱིན་གྲུལ་བུམ་དང་༔ ཕྱི་དང་ནང་གི་འཚེ་བ་ཀུན༔ སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི༔ ཡོན་ཏན་བགྲངས་ལས་
འདས་པ་ནི༔ འཕགས་པས་གྲངས་སུ་བྱ་བར་ནུས༔ ཞེས་དང་༔ མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པའི་ཚིག་བསྡུས་ཏེ་དོན་གསལ་བར་བཤད་ན༔ རྡུལ་ཕྲ་རབ་ཐམས་ཅད་ཀྱི་ཚད་གཟུངས་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་བར་མི་ནུས༔ རྒྱ་མཚོ་ཆེན་པོའི་ཆུ་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་བར་མི་ནུས༔ ཁྱིམ་དཔག་ཚད་ལྔ་བརྒྱ་ཏིལ་གྱིས་གང་བ་འབྲུ་རེ་རེ་ནས་བསྐལ་པ་བརྒྱ་འདས་ཤིང་ཕྱིར་དོར་ནས་ཟད་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་བར་མི་ནུས༔ གླིང་བཞིའི་ས་ཁྱོན་འབྲུ་ཐམས་ཅད་ལོ་ལེགས་པར་གྱུར་པའི་འབྲུ་རེ་རེ་ནས་བགྲངས་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ དཔེར་ན་གང་གཱ་ལ་སོགས་པའི་ཆུ་ཆེན་པོ་བཞི་འཁོར་ལྔ་བརྒྱ་དང་བཅས་པའི་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་བར་མི་ནུས༔ རི་དྭགས་དང་གཡུང་དྭགས་དང་གཅན་གཟན་ཐམས་ཅད་ཀྱི་སྤུ་ཉག་མ་རེ་རེ་ནས་བགྲང་ནུས་
ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ རྡོ་རྗེ་ལྕགས་ཀྱི་རི་བོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པ་ལ༔ བསྐལ་པ་རེ་རེ་འདས་ཤིང་ཀ་ཤི་ཀའི་རས་ཀྱིས་ལན་རེ་ཕྱིས་ཀྱང་ཟད་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ ཕྱིའི་རྒྱ་མཚོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པ་སྐྲའི་རྩེ་མོ་བརྒྱ་སྤྱི་ཡི་ཆས་གཏོར་བའི་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ ཤིང་ཤི་རི་ཚལ་གྱི་ལོ་མ་རེ་རེ་ནས་བགྲང་ནུས་ཀྱི་ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ གླིང་བཞིའི་སྐྱེས་པ་བུད་མེད་བྱིས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བདུན་པར་གྱུར་པའི་བསོད་ནམས་ལས་ཀྱང་༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་ཚེ༔ ལོ་གཅིག་ལ་རྒྱུན་མ་ཆད་པར་ཆར་བབ་པའི་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པའི་བསོད་ནམས་བགྲང་མི་ནུས༔ མདོར་ན་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་གཅིག་གིས་བསྐལ་པ་གཅིག་ཏུ་གསུངས་ཀྱང་ཡི་གེ་དྲུག་པའི་ཕན་ཡོན་རྫོགས་པར་མི་འགྱུར་བར་
གསུངས་སོ༔ སངས་རྒྱས་དམར་པོ་མཆོག་གི་ཞལ་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས༔ ཡི་གེ་དྲུག་པའི་རིག་སྔགས་འདི་ཟློས་པར་བྱེད་ན༔ སྤོབས་པ་མི་ཟད་པར་འགྱུར་རོ༔ ཡེ་ཤེས་ཀྱི་ཕུང་པོ་མི་ཟད་པར་འགྱུར་རོ༔ བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ༔ ཉི་མ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ༔ རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་དབང་ཐོབ་པར་འགྱུར་རོ༔ བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་འཛིན་ཅིང་༔ རྟག་ཏུ་ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ༔ དེ་དག་ཟློས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱ་ཀླུང་གི་བྱེ་མ་སྙེད་དགུ་འདུས་པར་འགྱུར་རོ༔ རིགས་ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་དག་བཞུགས་སོ༔ བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པ་བྱ་བ་ཐོབ་པར་གྱུར་ཅིང་༔
རིགས་ཀྱི་བུ་ཁྱེད་ཀྱི་རིགས་བདུན་རྒྱུད་ཐར་བར་བྱས་པ་ལེགས་སོ༔ རིགས་ཀྱི་བུ་ཁྱོད་ཀྱི་ལྟོ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་ཏེ༔ ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་རོ༔ ཞེས་གསུངས་སོ༔ དུས་སྙིགས་མའི་སྐབས་སུ་ཐུགས་རྗེ་ཆེན་པོ་འདི་བྱིན་རླབས་ཁྱད་པར་དུ་ཆེ་བ་ཡིན་ཏེ། ལྔ་བརྒྱ་ཐ་མའི་དུས་སྐབས་འབྱུང་ཚུལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་ལས་ཀྱང་༔ ལྷ་ཚོགས་ཐུགས་རྗེས་སྤྱན་རས་གཟིགས་ཀྱི་ཆེ༔ ཞེས་གསུངས་སོ༔ འོན་ཀྱང་སེམས་ཅན་ཚོགས་མ་བསགས་པ་འགའ་ཞིག་ཡི་གེ་དྲུག་པ་ཆོས་རྩིས་ཆུང་བར་བྱེད་པ་འབྱུང་བར་ལུང་བསྟན་ཏེ༔ ཡི་གེ་དྲུག་པ་ཆོས་མི་རྩི༔ ཞེས་དང་༔ སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས༔ དུས་ཕྱིས་མིའི་གང་ཟག་ལྟ་བ་ལ་ཞེན་ནས་ཆོས་ལ་ཕྱོགས་རིས་སུ་གཅོད་ནས་ཆོས་སྤྱོད་སྤང་༔ ཐུགས་རྗེ་ཆེན་པོ་མ་ཎི་པདྨེ་རྒན་རྒོན་བྱིས་པའི་ཆོས་ཡིན་ཟེར་ནས་ཁྱད་གསོད་བྱེད་པ་འགའ་འོང་བས༔ དེ་རྣམས་ནི་བདུད་ངག་ལ་ཞུགས་པ་ཡིན་ཏེ་ཕྱི་མ་ལ་གཏན་སྡུག་དམྱལ་བའི་གཏིང་དུ་འགྲོ་བ་ཡིན་པས༔ ཐུགས་རྗེ་ཆེན་པོའི་ཆོས་ལ་ཐེ་ཚོམ་
མ་ཟ་བར་སྒྲུབས་ཤིག༔ འགྲུབ་ཐག་འདི་ལས་ཉེ་བ་མེད༔ བྱིན་རླབས་འདི་བས་ཆེ་བ་མེད༔ ཅེས་དང་༔ རང་ཉིད་ཐུགས་རྗེ་ཆེན་པོ་བསྒོམ་ནས་ཡི་གེ་དྲུག་པ་བགྲངས་ན་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ༔ འདི་ལ་ཡིད་མ་ཆེས་པ་རྣམས་སྔོན་ལས་མེད་པས་འཁོར་བར་འཁྱམ་པ་ཡིན༔ དེས་ན་ཐུགས་རྗེ་ཆེན་པོ་ཉམས་སུ་ལོངས་ཤིག༔ ཅེས་གསུངས་པ་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རིང་བསྲེལ་གྱིས་བཀང་བའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ལས༔ དེ་ལ་མཆོད་པ་རྒྱུན་མ་ཆད་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ༔ འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་དང་མཉམ་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གྱུར་པ་ལ༔ དེ་དག་ལ་སྤོས་དང་མར་མེ་བྱུག་པ་ཞབས་བསིལ་ལ་སོགས་པ་རྒྱུན་མ་ཆད་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་པ་
འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡིན་པས༔ ཞག་རེ་ལ་བརྒྱ་རྩ་བརྒྱད་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ༔ སྐྱེ་བ་ཕྱི་མ་ལ་མི་ལུས་གཙང་མ་ཐོབ་ནས༔ འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་རོ༔ རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ལ་སྡིག་པ་ཐམས་ཅད་ཟད་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ༔ ལན་ཉི་ཤུ་རྩ་གཅིག་བཟླས་ན་ཡིད་གཞུངས་བར་འགྱུར་རོ༔ ཐོས་པ་འཛིན་པར་འགྱུར་རོ༔ དབྱངས་སྙན་པར་འགྱུར་རོ༔ ཆོས་ཐམས་ཅད་ལ་མཁས་པར་འགྱུར་རོ༔ ཞག་རེ་ལ་ལན་འགའ་བརྗོད་པས་སྡིག་པ་འཛད་པར་འགྱུར་རོ༔ བཀྲ་ཤིས་བསོད་ནམས་འཕེལ་ཚེ་རབས་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ༔ མི་གང་དག་ནད་གདོན་གྱི་ཉེན་པ་ལ༔ འཇིག་རྟེན་གྱི་རྐྱེན་བཟློག་ཅི་བྱས་པ་བས་ཡི་གེ་དྲུག་པ་བཟླས་པས་བསོད་ནམས་དང་བཟློག་པ་ཆེའོ༔ སྨན་དཔྱད་དང་བཅོས་ཀ་ཅི་བྱས་པ་བས༔ ཡི་གེ་དྲུག་པ་བཟླས་པས་ནད་སོས་སོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས་བོད་སྤྱི་ལ་ཞལ་ཆེམས་གསུངས་པ་ལས༔ བོད་
ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས༔ དད་གུས་མོས་པས་གསོལ་བ་ཐོབ་ཅིག༔ བྱིན་རླབས་འཕྲལ་དུ་འབྱུང་སྟེ༔ ཐེ་ཚོམ་ཡིད་གཉིས་མ་བྱེད་ཅིག༔ ཆོས་སུ་འདི་ལས་བཟང་བ་མེད་དོ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ བོད་ཀྱི་རྒྱལ་བློན་མི་རྣམས་ཀུན་གྱི་ཐུགས་ལ་དེ་ལྟར་ཞོག་ཅིག༔ ཅེས་གསུངས་སོ༔ དེས་ན་ཁྱེད་རྣམས་ཀྱིས་རབ་ཡིག་དྲུག་དུང་ཕྱུར་ཁས་ལེན༔ འབྲིང་དུང་གི་ཁ་བཀངས༔ བྱེ་བ་མང་མང་ཉུང་ཉུང་ཁས་ལེན༔ ཐ་མ་ཡིག་དྲུག་སྟོང་རེ་མ་ཆག་པར་འདོན་པའི་ཁས་ལེན་མཛད་པ་གལ་ཆེ༔ ཞེས་ཁས་ལེན་བྱེད་འཇུག༔ ཁས་ལེན་རྫོགས་པ་དང་༔ འོ་དེ་ལྟར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་གདམས་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དངོས་སུ་གསུངས་པའི༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟབ་མོ་སྤྲོས་མེད་འབུ་སུ་ཀུའི་གདམས་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་གདམ་པ་ཟབ་མོའི་ལུང་༔ ཏིང་ངེ་འཛིན་གྱི་དབང་སྐུར་བ་དང་བཅས་ལེགས་པར་ཐོབ་པ་དང་༔ ཡི་གེ་དྲུག་པ་འདོན་པའི་ཁས་ལེན་བྱས་པའི་དགེ་བ་དེ༔ མ་རྒན་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུ་
བསྔོ་སྙམ་པས་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ དབང་དང་བསྐྱེད་རིམ་སྟེ་ཆོས་ཐུན་བཅུ་བཞི་པའོ༔ དེ་ནས་དངོས་གཞིའི་ཁྲིད་སྟོན་པ་ལ༔ ཞི་ཕྱག་རྫོགས་གསུམ་ཐུན་མོང་བ་ཁྲེགས་ཆོད་ཀྱི་ཁྲིད་དང་ཐུན་མོང་མ་ཡིན་པ་ཐོད་རྒལ་གྱི་ཁྲིད་གཉིས་ཡོད་པའི༔ དང་པོ་ལ་ཡང་ཞི་ལྷག་གཉིས་ཟུང་འཇུག་དང་གསུམ་ལས༔ དང་པོ་ཞི་གནས་སྟོན་ཏེ༔ ཞི་གནས་མེད་ན་ཉོན་མོངས་མགོ་མི་ནོན་པ་དང་མངོན་ཤེས་སོགས་ཀྱི་ཡོན་ཏན་མི་སྐྱེ་བ་དང་ཤེས་རབ་སྟོང་ཉིད་ཀྱང་མི་རྟོགས་པའི་ཕྱིར༔ དང་པོ་ཞི་གནས་བསྒོམ་དགོས་ཏེ༔ སྤྱོད་འཇུག་ལས༔ སེམས་ནི་རྣམ་པར་གཡེང་བའི་མི༔ ཉོན་མོངས་མཆེ་བའི་ཕྲག་ན་གནས༔ ཞེས་དང་༔ བྱང་ཆུབ་ལམ་སྒྲོན་ལས༔ ཞི་གནས་འགྲུབ་པ་མ་ཡིན་ན༔ མངོན་ཤེས་འབྱུང་བ་མ་ཡིན་ལ༔ དེ་བཞིན་མངོན་ཤེས་སྟོབས་བྲལ་བས༔ སེམས་ཅན་དོན་བྱེད་ནུས་མ་ཡིན༔ ཞེས་དང་༔ བཤེས་སྤྲིང་ལས༔ བསམ་གཏན་མེད་པར་ཤེས་རབ་མེད༔ ཅེས་གསུངས་སོ༔ ཞི་གནས་ཀྱི་ཕན་ཡོན་ནི༔ འཇིག་རྟེན་ཕལ་པའི་བྱ་
བ་ལ་ཞེན་པ་ལྡོག་པ་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་རྒྱུད་ལ་སྐྱེ་བ་དང་༔ ཉོན་མོངས་པ་ཞི་བ་དང་སྙིང་རྗེ་སྐྱེ་བ་དང་༔ ཤེས་རབ་སྟོང་ཉིད་ཀྱི་དོན་རྟོགས་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་དེ༔ འཕགས་པ་སྡུད་པ་ལས༔ བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར༔ རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ༔ ཅེས་དང་༔ སྤྱོད་འཇུག་ལས༔ ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས༔ ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས༔ ཞེས་དང་༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ ཡིད་མཉམ་པར་བཞག་པས༔ ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ༔ ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ༔ མདོ་སྡེ་རྒྱན་ལས༔ བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད༔ ཅེས་གསུངས་སོ༔ ཞི་གནས་ཁོ་ན་བསྒོམ་ཞིང་བསམ་གཏན་བཞི་པ་སོགས་ཐོབ་ན་ཡང་ཟག་བཅས་ཀྱི་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པར་གསུངས་ཏེ༔ ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས༔ བསམ་གཏན་དང་པོ་ཉེ་བར་བསྒྲུབས་
ཏེ་གནས་སོ༔ བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ༔ བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ༔ བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ༔ དེ་བསམ་གཏན་བཞི་པ་ལ་མཉམ་པར་བཞག་ཅིང་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ༔ ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ༔ ཟླ་གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ༔ མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ༔ སྣང་དང་མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ༔ བརྩིགས་པ་ལས་ཐལ་བ་དང་༔ ར་བ་ལས་ཐལ་བ་དང་༔ རི་ལས་ཐལ་བར་ཐོགས་པ་མེད་པའི་ལུས་ཀྱིས་འགྲོ་སྟེ༔ དཔེར་ན་ནམ་མཁའ་ལ་བྱ་བཞིན་ནོ༔ ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ་དཔེར་ན་འདབ་ཆགས་བྱ་བཞིན་ནོ༔ ས་ལ་གྱེན་དུ་འབྱུང་བ་དང་འོག་ཏུ་འཛུལ་བར་བྱེད༔ དཔེར་ན་ཆུ་ལ་བྱ་བཞིན་ནོ༔ ཆུ་ལ་བྱིང་བ་མེད་པར་འགྲོ་སྟེ་དཔེར་ན་ས་ལ་བྱ་བཞིན་ནོ༔ དུ་བ་འཐུལ་ཞིང་མེ་འབར་ཏེ༔ དཔེར་ན་མེའི་ཕུང་པོ་བཞིན་ནོ༔ ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་བྱུག་
ཅིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་ཏེ༔ དེ་ལུས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས༔ རྫུ་འཕྲུལ་གྱི་རྣམ་པ་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན༔ སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་༔ ཆོས་སྟོན་པ་དེ་དག་ཏུ་སོང་ཞིང་༔ སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ན་བཟའ་དང་༔ བསོད་སྙོམས་དང་གཟིམ་ཆ་དང་༔ སྙན་གྱི་རྐྱེན་སྨན་དང་༔ ཡོ་བྱད་མང་པོས་བསྙེན་བཀུར་བྱེད༔ ན་བཟའ་དང་བསོད་སྙོམས་དང་གཟིམ་ཆ་དང་༔ སྙན་གྱི་རྐྱེན་དང་ཡོ་བྱད་མང་པོ་དེ་དག་ཀྱང་ནི༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་ཏེ༔ ཞེས་པ་ལ་སོགས་གསུངས་པའི་དོན་ཞི་གནས་སྐྱོན་མེད་ཁོ་ན་བསྒོམས་པས་བསམ་གཏན་བཞི་པ་ཐོབ་པ་ལ་རྟགས་དེ་ལྟར་འབྱུང་བ་ནི༔ ཟག་བཅས་ཀྱི་རྫུ་འཕྲུལ་ཏེ་ཕྱི་རོལ་པ་དང་བོན་སོགས་ལ་ཡང་འབྱུང་ལ༔ ཞི་གནས་དེ་ལྟར་ཐོབ་པ་ལ་ལྷག་མཐོང་གིས་ཟིན་ན་ཟག་མེད་ཀྱི་རྫུ་འཕྲུལ་ཏེ༔ རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་རྫུ་འཕྲུལ་དང་ཡོན་
ཏན་ཐམས་ཅད་འབྱུང་བའི་གཞི་ཞི་གནས་ཡིན་ནོ༔ གཞན་ཡང་བསམ་གཏན་མ་བསྒོམས་ན་གཞན་དགེ་རྩ་ལ་འབད་ཀྱང་ཐུབ་པའི་བསྟན་པའི་གྲལ་དུ་མི་ཚུད་དེ༔ དགེ་བའི་རྩ་བ་རྗེས་སུ་འཛིན་པའི་མདོ་ལས༔ བསྐལ་པའི་བར་དུ་ཚུལ་ཁྲིམས་སྲུང་བྱེད་ཅིང་༔ ཡུན་རིང་དུས་ན་བཟོད་པ་བསྒོམས་བྱས་ཀྱང་༔ ཡང་དག་ཉིད་ལ་གོམས་པར་མི་བྱེད་ན༔ དེ་ནི་ང་ཡི་བསྟན་ལ་མུ་སྟེགས་ཡིན༔ ཞེས་དང་༔ དགའ་བོ་མངལ་འཇུག་གི་མདོ་ལས༔ གང་ལ་མཉམ་གཞག་སེམས་མེད་པས༔ རྣམ་དག་ཡེ་ཤེས་མེད་པ་སྟེ༔ ཟག་པ་རྣམས་ནི་སྤངས་མི་འགྱུར༔ དེ་བས་ཁྱོད་ཀྱིས་ནན་ཏན་སྒྲུབས༔ ཞེས་དང་༔ ཡབ་སྲས་མཇལ་མདོར༔ སངས་རྒྱས་ཆོས་རྣམས་གང་ལ་ཡང་༔ ལམ་གཞན་དག་གིས་མི་མཐོང་སྟེ༔ ཞི་གནས་ཡེ་ཤེས་ཆེ་ཐོབ་ན༔ རང་བྱུང་ཉིད་དུ་ངེས་པར་འབྱུང་༔ ཞེས་དང་༔ ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོར༔ ལུས་གཡོ་བ་མ་མཆིས་པ་དང་༔ ངག་གཡོ་བ་མ་མཆིས་པ་དང་༔ སེམས་གཡོ་བ་མ་མཆིས་པ་དང་༔ འཁོར་གསུམ་ཡོངས་སུ་དག་པ་འདི་ནི་ཆོ་འཕྲུལ་ལགས་སོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཞི་གནས་
བསྒོམ་པ་ལ་འདུ་འཛི་དང་གཡེང་བ་སྤངས་དགོས་ཏེ༔ ལྷག་བསམ་བསྐུལ་བའི་མདོ་ལས༔ བྱམས་པ་འདུ་འཛིའི་ཉེས་དམིགས་ཉི་ཤུ་པོ་འདི་དག་ཡིན་ཏེ༔ ཉི་ཤུ་གང་ཞེ་ན༔ ལུས་མ་བསྡམ་པ་ཡིན༔ ངག་མ་བསྡམ་པ་ཡིན༔ ཡིད་མ་བསྡམ་པ་ཡིན༔ ཉོན་མོངས་པ་ཆེ་བ་ཡིན༔ འཇིག་རྟེན་པའི་གཏམ་གྱིས་གོས་པ་ཡིན༔ བདུད་ཀྱིས་གླགས་རྙེད་པ་ཡིན༔ བག་མེད་པ་ལ་ཡང་བསྟེན་པ་ཡིན༔ ཞི་གནས་དང་ལྷག་མཐོང་མི་འཐོབ་པ་ཡིན༔ ཞེས་དང་༔ ཟླ་བ་སྒྲོན་མའི་མདོ་ལས༔ ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་༔ མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི༔ ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར༔ གང་ཞིག་བྱང་ཆུབ་རབ་ཏུ་འདོད་གྱུར་ཅིང་༔ འདུས་བྱས་ངན་པས་ཡིད་དབྱུང་སེམས་ཅན་གྱི༔ དོན་དུ་དགོན་པར་གནས་ཏེ་གོམ་བདུན་བོར༔ འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས༔ ཞེས་དང་༔ དེ་ནི་འདུས་བྱས་རྟག་ཏུ་ཡིད་དབྱུང་འགྱུར༔ དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད༔ ཟག་པ་རྣམས་པར་རྣམ་པར་འཕེལ་མི་འགྱུར༔ ཞེས་དང་༔ གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ༔ རྟག་ཏུ་
དབེན་ཞིང་ནགས་ཁྲོད་གནས་པར་གྱིས༔ བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས༔ རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར༔ ཞེས་གསུངས་སོ༔ དེས་ན་ད་རེས་ཞག་སྐོར་འདིར་མགྲོན་འབོད་པ་དང་༔ ཚོང་དང་ཕྱོགས་རིས་སྐད་ཆ་འདྲི་རྨད་སོགས་གཡེང་བ་ཐམས་ཅད་སྤངས་དགོས། དེར་མ་ཟད་ཕྱག་དང་སྐོར་བ་དང་༔ འདོན་པ་ཆོས་སྤྱོད་སོགས་ལུས་ངག་ཡིད་གསུམ་གྱི་གཡེང་བ་ཐམས་ཅད་སྤང་བར་བྱའོ༔ སྤྱོད་འཇུག་ལས་ཀྱང་༔ བཟླས་བརྗོད་དང་ནི་དཀའ་ཐུབ་སོགས༔ ཡུན་རིང་བར་དུ་སྤྱད་བྱས་ཀྱང་༔ སེམས་གཞན་གཡེང་བས་བྱས་པ་ནི༔ དེ་ཉིད་རིག་པས་དོན་མེད་གསུངས༔ ཞེས་དང་༔ བསླབ་པ་བསྲུང་བར་འདོད་པ་ཡི༔ རབ་ཏུ་སྒྲིམ་སྟེ་སེམས་བསྲུང་བྱ༔ སེམས་འདི་བསྲུང་བར་མ་བྱས་ན༔ བསླབ་པ་བསྲུང་བར་ཡང་མི་ནུས༔ ཞེས་དང་༔ སེམས་འདི་གཅིག་པུ་བཏགས་པ་ཡིས༔ དེ་དག་ཐམས་ཅད་བཏགས་པར་འགྱུར༔ སེམས་འདི་གཅིག་པུ་བཏུལ་བ་ཡིས༔ དེ་དག་ཐམས་ཅད་བཏུལ་བར་འགྱུར༔ སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ༔ བརྟུལ་ཞུགས་མང་པོས་ཅི་ཞིག་བྱ༔
ཞེས་དང་༔ སེམས་ཀྱི་གླང་པོ་ཡན་བཏང་ན༔ མནར་མེད་གནོད་པ་བྱེད་པར་ཟད༔ ཀུན་ནས་དྲན་པའི་ཐག་པ་ཡིས༔ སེམས་ཀྱི་གླང་པོ་དམ་བཏགས་ན༔ འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་༔ བདེ་བ་ཐམས་ཅད་ལག་ཏུ་འོང་༔ ཞེས་དང་༔ བདག་གི་རྙེད་དང་བཀུར་སྟི་དང་༔ ལུས་དང་འཚོ་བ་ཉམས་བླ་ཡི༔ སེམས་ནི་ནམ་ཡང་ཉམས་མི་བྱ༔ སེམས་སྲུང་འདོད་པ་རྣམས་ལ་ནི༔ དྲན་པ་དང་ནི་ཤེས་བཞིན་དག༔ སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས༔ བདག་ནི་དེ་ལྟར་ཐལ་མོ་སྦྱོར༔ ལུས་དང་སེམས་ཀྱི་གནས་སྐབས་ལ༔ ཡང་དང་ཡང་དུ་བརྟགས་བྱ་བ༔ དེ་དེ་ཁོ་ན་མདོར་ན་ནི༔ ཤེས་བཞིན་སྲུང་བའི་མཚན་ཉིད་དོ༔ ཞེས་གསུངས་སོ༔ འོ་ན་ཞི་གནས་དེ་ཇི་ལྟར་བསྒོམ་ཞེ་ན༔ དེ་ལ་ཡང་མཚན་བཅས་ཞི་གནས་དང་༔ མཚན་མེད་ཞི་གནས་གཉིས་སོ༔ དེ་གཉིས་གང་ལ་ཡང་ལུས་གནད་གལ་ཆེ་སྟེ༔ པདྨ་དྲྭ་བའི་རྒྱུད་ལས༔ ཤིན་ཏུ་འཇམ་པའི་སྟན་ལ་ནི༔ རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་༔ བསྲང་སྟེ་མིག་ནི་སྣ་རྩེར་ཕབ༔ དལ་བསམ་རླུང་ལྡན་རྐན་ལ་ནི༔ ལྕེ་ཡི་ལྕགས་མ་རེག་པར་བྱ༔ ལྟེ་བ་ཅུང་ཟད་ཁུམ་
པ་ཡི༔ སེམས་ནི་བག་ཡོད་གནས་པར་བྱ༔ ཞེས་དང་༔ རྡོ་རྗེ་ཕྲེང་བར༔ སྒྲུབ་པོ་བདེ་བའི་སྟན་འདུག་ནས༔ མིག་གཉིས་སྣ་རྩེར་གཏད་བྱ་སྟེ༔ སྣ་ནི་ལྟ་བའི་ཚད་དུ་བཞག༔ ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར༔ སོ་དང་མཆུ་ནི་བདེ་བར་བཞག༔ དབུགས་ཀྱི་དབྱུང་རྔུབ་ཀློད་ནས་ནི༔ ཅུང་ཟད་ཅུང་ཟད་རྩོལ་བྲལ་བས་ཅི་ལྟ་བ་བཞིན་དབྱུང་རྔུབ་ནི༔ སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་པས༔ ཞེས་གསུངས་པའི་དོན༔ རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་གནད་ཡིན་པས༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་ཡང་ན་སེམས་དཔའི་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་ཕྲག་དོག་ཞི་བ་དང་བར་ཆད་ཀྱིས་མི་ཚུགས༔ ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས་ཆུ་རླུང་དབུ་མར་ཚུད་དེ་ཞེ་སྡང་ཞི༔ སྒལ་ཚིགས་མདའ་ལྟར་བསྲང་ཞིང་དཔུང་པ་རྒོད་གཤོག་ལྟར་གདེངས་བས༔ ས་རླུང་དབུ་མར་ཚུད་དེ་གཏི་མུག་ནི༔ མགྲིན་པ་བྲང་ལ་གུག་ཙམ་བྱས་པས་མེ་རླུང་དབུ་མར་ཚུད་དེ་ཆགས་པ་ཞི༔ མིག་འབྱེད་འཛུམ་རན་པར་སྣ་རྩེ་ནས་སོར་བཞིའི་ཐད་དུ་ལྟ་བ་དང་༔
ལྕེ་ཡ་རྐན་ལ་སྦྱར་བས༔ རླུང་གི་རླུང་དབུ་མར་ཚུད་དེ་ང་རྒྱལ་ཞི༔ ཤེས་པ་གསལ་ལོ༔ དེ་ལྟར་ལུས་གནད་ཆོས་བདུན་མ་འཆུག་ན་རླུང་དབུ་མར་ཚུད་པས་རྟོགས་པ་རང་བཞིན་གྱིས་འཆར་རོ༔ ལུས་གནད་གཡས་སུ་ཡོ་ན་དང་པོ་གསལ་ཉམས་སྐྱེ་ས༔ དེ་ནས་ཞེ་སྡང་སྐྱེ་ཞིང་རྒྱལ་པོ་སོགས་གནོད༔ གཡོན་དུ་ཡོ་ན་དང་པོ་བདེ་ཉམས་སྐྱེ་སྟེ་དེ་ནས་ཆགས་པ་སྐྱེ་ཞིང་མོ་གདོན་གནོད༔ མདུན་དུ་གུག་ན་དང་པོ་མི་རྟོག་པའི་ཉམས་སྐྱེ་སྟེ་རྗེས་ནས་གཏི་མུག་སྐྱེ་ཞིང་ས་བདག་གནོད༔ ཡིད་མི་དགའ་ཞིང་སྙིང་རླུང་འཇུག༔ ལུས་གནད་རྒྱབ་ཏུ་དགྱེ་ན་དང་པོ་སྟོང་ཉམས་སྐྱེ་སྟེ༔ དེ་ནས་ང་རྒྱལ་སྐྱེ་ཞིང་རྣམ་རྟོག་འཕྲོ་རྒོད་ཆེ་བ་དང་ལུས་སྔོ་སྐམ་དང་དྭངས་མ་འཛགས་པ་སོགས་གེགས་འབྱུང་བས༔ ལུས་གནད་མ་འཆུག་པར་བྱའོ༔ དེ་ནས་མཚན་བཅས་ཞི་གནས་བསྒོམ་པ་ནི༔ ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ མདུན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྒོམ་ན་ཕན་ཡོན་དཔག་ཏུ་མེད་པ་གསུངས་ལ༔ དེའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སོ་སོར་སེམས་བཟུང་གསུངས་ཤིང་༔ མདོ་དེ་ཉིད་ལས༔ གསེར་གྱི་ཁ་དོག་ལྟ་བུའི་སྐུ་
ལུས་ཀྱི༔ འཇིག་རྟེན་ མགོན་པོ་ཀུན་ཏུ་མཛེས་པ་སྟེ༔ དམིགས་པ་དེ་ལ་གང་གིས་སེམས་འཛིན་པ༔ བྱང ་ཆུབ་སེམས་དཔའ་དེ་ལ་མཉམ་བཞག་ཅེས༔ ཞེས་གསུངས་སོ༔ དེ་དག་གི་དོན་རྡོ་རྗེའི་ཚིག་རྐང་ལས༔ སྐུའམ་ཤིང་རྡེལ་མདུན་དུ་བཞག་ནས་ཀྱང་༔ ལྷ་བསྐྱེད་རྣམ་ཤེས་དེ་ལ་འཁོར་བར་བྱས༔ དེ་ངང་རང་སེམས་གནས་སུ་ཅི་ཐུབ་བྱ༔ ཞེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ ཐུབ་པའམ་གསེར་སྐུ་གང་རུང་ངམ་པདྨའམ་ཡང་ན་ཤིང་ཐུར་རམ་རྡེལ་བུ་སོགས་གང་རུང་ཞིག་བཞག་ནས་ཀྱང་༔ ལྷ་ཐུབ་པའམ་རྡོར་སེམས་སམ་ཀུན་བཟང་ངམ་རྡོ་རྗེ་འཆང་གང་རུང་བསྐྱེད་ནས་རྣམ་པར་ཤེས་པ་དེ་ལ་འཁོར་བར་བྱས་སོ༔ དེ་ནས་དེའི་ངང་ལ་རང་སེམས་གནས་སུ་ཅི་ཐུབ་ཐུབ་བྱས་སོ༔ ཞེས་གསུངས་པའི་དོན་ནི༔ རང་གི་མདུན་ནམ༔ ཁྲོམ་གྱི་མཐོང་སར་སྐུ་བཞག༔ མེད་ན་རྡེའུ་འམ་ཤིང་ཐུར་རམ་མེ་ཏོག་ཅིག་བཞག་མི་ཉུང་ན་མདུན་དུ་རྡེའུ་རེ་བཞག་ལ༔ ད་སེམས་བཟུང་བའི་ཐབས་ནི་སྤྲུལ་སྐུ་ལ་སེམས་བཟུང་བ༔ ལོངས་སྐུ་ལ་སེམས་བཟུང་བ༔ ཆོས་སྐུ་ལ་སེམས་བཟུང་བ༔
དམིགས་མེད་ལ་སེམས་བཟུང་བ་དང་བཞི་ལས༔ ད་ལམ༔ སྐུ་འདྲའམ་རྡེའུ་འམ་པདྨ་འམ་ཤིང་བུ་འདི༔ བཅོམ་ལྡན་འདས་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སྐུ་ཆུང་ངུ་སོར་བཞི་ཙམ་ཞིག་སྒོམས་ཤིག༔ དེ་ལ་སེམས་རྩེ་གཅིག་ཏུ་གཏོད་ལ་སེམས་མ་ཡེངས་པར་ཡུད་ཙམ་ཞོག་ཅིག༔ ད་ཐུབ་པ་དེའི་དཔྲལ་བའི་མཛོད་སྤུ་ལ་ཡུད་ཙམ་སེམས་ཟུངས་ཤིག༔ ད་ནི་པའི་ཐུགས་དཔལ་བེའུས་མཚན་པ་ལ་ཡུད་ཙམ་སེམས་གཏོད་ཅིག༔ ད་ཐུབ་པའི་མདུན་གྱི་རྡོ་རྗེ་འདི་ལ་སེམས་གཏོད་ཅིག༔ ད་ཐུབ་པའི་སྐུ་ཡོངས་རྫོགས་ལ་སེམས་ཟུངས་ཤིག༔ དེའི་དོན་ཡང་རྣལ་འབྱོར་སྒོམ་པ་ལ་འཇུག་པ་ལས༔ སངས་རྒྱས་ཀྱི་སྐུ་གསེར་བཙོ་མ་དང་འདྲ་བར་སེར་བ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ འོད་ཟེར་དང་བཅས་པ་དེ་ལ་འདོད་པ་བསྐྱེད་དེ༔ འདུན་པ་དང་སེམས་ཀྱི་གནོད་པ་སྤངས་ཏེ༔ ལུས་དྲང་པོར་བསྲང་ལ༔ སྐུ་དེ་ལྟ་བུ་ལུགས་མའམ་རིས་སུ་བྲིས་པ་མདུན་དུ་བཞག་སྟེ༔ རྒྱུན་དུ་ཡིད་ལ་བྱས་ན་དེ་ཉིད་དམ་གཞན་ཡན་ལག་ལ་སོགས་པ་ནས་རྫོགས་པར་མངོན་སུམ་དུ་མཐོང་བར་འགྱུར་རོ༔ གང་གི་ཚེ་དམིགས་པར་འགྱུར་བའི་ཚེ༔ ཉིན་མཚན་ཕྱེད་
བར་མ་ཡེངས་པར་བསྟན་པར་བྱའོ༔ སེམས་བྱིང་བའམ་རྒོད་པ་ལ་སོགས་པར་འགྱུར་རམ༔ དོག་ན་སངས་རྒྱས་ཀྱི་ཡོན་ཏན་ལ་འདོད་པས་སྤྲོ་བར་བྱ་སྟེ༔ ན་དུ་ནན་ཏན་བྱའོ༔ དེས་འགྲུབ་པར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ཡང་སེམས་མི་གསལ་བར་བྱིང་རྨུགས་སུ་གྱུར་ན་དབུའི་གཙུག་ཏོར་ལ་སེམས་བཟུང་༔ སེམས་ཀློའཕྲོ་རྒོད་ཆེ་ནས་གནས་སུ་མ་བཏུབ་ན་སྐུའི་ལྟེ་བའམ༔ ཞབས་མཐིལ་དང་གདན་མཚམས་ལ་སེམས་བཟུང་༔ བྱིང་རྒོད་མེད་ན་ཐུགས་ཀའི་དཔལ་བེའུ་ལ་སེམས་བཟུང་ངོ་༔ དེ་ནས་སྤྲུལ་སྐུ་ལ་སེམས་བཟུང་བའོ༔ དེ་ནས་ཡང་མདུན་དུ་རྡེའུ་འམ་ཤིང་བུ་བཞག་ཀྱང་རུང་༔ མ་བཞག་ཀྱང་རུང་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སོར་བཞི་ཙམ༔ དར་དང་རིན་པོ་ཆེས་བརྒྱན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཞིག་བསྒོམ་ལ༔ དེ་ལ་སེམས་བཟུང་ནས་སེམས་དེ་ལ་འཁོར་ཅི་ཐུབ་བྱའོ༔ དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ནས་སེམས་གནས་ཐབས་དགུ་གསུངས་པའི་དོན་གོ་བདེ་བར་བཤད་ན༔ འཇོག་པ་ཞེས་སྐུའམ་ཤིང་བུ་སོགས་ལ་
སེམས་ལ་སེམས་རྩེ་གཅིག་གཏད་ནས་འཇོག་པའོ༔ ཀུན་ཏུ་འཇོག་པ་ནི་དེ་ཉིད་རྒྱུན་མཐུད་དེ་ཡུན་རིང་དུ་གནས་པར་བྱེད་པའོ༔ ངེས་པར་འཇོག་པ་ནི་གལ་ཏེ་རྣམ་པར་རྟོག་པ་འཕྲོ་ན་དེ་མ་ཐག་ཏུ་དྲན་པས་བཟུང་སྟེ་མཉམ་པར་བཞག་གོ༔ ཉེ་བར་འཇོག་པ་ནི་མཉམ་པར་བཞག་པའི་སེམས་དེའང་སྔར་གྱི་གནས་ས་དེ་ཉིད་ཀྱི་སྟེང་དུ་བསྲེས་ཏེ་མཉམ་པར་འཇོག་པའོ༔ དུལ་བར་བྱེད་པ་ནི་སེམས་གནས་པ་དེའི་ཡོན་ཏན་གྱི་ཆོས་རྣམས་གསལ་བར་དྲན་པས་དགའ་སྤྲོ་བསྐྱེད་དེ་དེའི་ངང་ལ་གནས་པར་བྱའོ༔ ཞི་བར་བྱེད་པ་ནི་གང་དང་གང་ལ་འཕྲོ་བའི་རྐྱེན་དེ་དང་དེའོ་ཞེས་ངེས་ཤིང་དེ་ལའང་ཞེན་པ་བཟློག་སྟེ་གནས་པར་བྱའོ༔ ཉེ་བར་ཞི་བར་བྱེད་པ་ནི་བརྣབ་སེམས་ལ་སོགས་པའི་རྣམ་པར་གཡེང་བའི་རྒྱུ་དང་ཡིད་མི་བདེ་བའི་ཚོར་བ་ལ་སོགས་པ་རྣམ་པར་གཡེང་བའི་འབྲས་བུ་གང་ཡང་རུང་བ་དེ་ཐམས་ཅད་ཀྱི་རང་གི་ངོ་བོ་ངོས་བཟུང་སྟེ་རང་གྲོལ་དུ་བྱས་པའོ༔ རྒྱུད་གཅིག་ཏུ་བྱེད་པ་ནི་དེ་ལྟར་བསྒོམ་པའི་མཐུས་རང་ཤུགས་ཀྱིས་དམིགས་པ་ལ་སེམས་འཇུག་ཅིང་འབད་རྩོལ་དྲག་པོ་ལ་མི་ལྟོས་པར་གནས་པའོ༔ མཉམ་པར་འཇོག་པ་ནི་མཐར་མཉམ་པར་བཞག་པ་དང་༔
མ་བཞག་པའི་རྣམ་པར་གཡེང་བ་མེད་པའོ༔ དེ་དག་ནི་སེམས་གནས་པའི་ཐབས་དགུའོ༔ དེ་ནི་སྤྲུལ་སྐུ་དང་ལོངས་སྐུ་ལ་བསྟེན་ནས་སེམས་ཕྱིར་འཛིན་པ་ཡིན༔ དེ་ནས་སེམས་ནང་དུ་འཛིན་པ་ནི༔ རང་གི་སྙིང་གི་དཀྱིལ་དུ་ཆོས་སྐུ་རྡོ་རྗེ་འཆང་སྐུ་མདོག་མཐིང་ཀ་སྐུ་ཚོན་གང་བ་ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ༔ རྡོ་།རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ༔ དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསྒོམ་དེ་ལ་མ་ཡེངས་པར་སེམས་གནས་ཅི་ཐུབ་བྱའོ༔ དེ་ཡང་ཞི་ཞེས་པ་སེམས་དྲན་རྟོག་སྣ་ཚོགས་སུ་འཕྲོ་བ་ཞི་ནས༔ སེམས་གར་གཏད་དུ་ལྷན་ནེ་གནས་པ་ནི་ཞི་གནས་ཡིན་ནོ༔ དེ་ནས་མཚན་མེད་ཞི་གནས་ཀུན་ཏུ་བཟང་པོ་ལ་སེམས་བཟུང་བ་ནི༔ ཀུན་ཏུ་བཟང་པོ་གཟུགས་ཁ་དོག་དངོས་པོ་མེད་པའི་སྟོང་པ་ཉིད་དེ༔ སེམས་ལ་ཅི་ཡང་མི་བསྒོམ་མི་བསམ༔ སྔར་འདས་པའི་རྗེས་མི་གཅོད༔ མ་འོངས་པའི་མདུན་མི་བསུ༔ ད་ལྟའི་ཤེས་པ་ལ་དགག་སྒྲུབ་མི་བྱ་བར་མ་ཡེངས་ཙམ་དུ་ཀློད་དེ༔ ཀློད་ལ་བཞག་སྟེ༔ མཚན་མ་བཟང་པོའི་མདོ་ལས༔ འདས་པའི་རྗེས་སུ་འབྲང་མི་བྱེད༔ མ་འོངས་པ་ལ་རེ་
བ་མེད༔ ཅེས་དང་༔ ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས༔ འདས་པའི་སེམས་ནི་མི་རྙེད་དེ༔ མ་འོངས་པ་ཡང་དེ་བཞིན་ནོ༔ ད་ལྟར་བྱུང་ལ་མཉམ་པ་ཐོབ༔ ཅེས་དང་༔ མདོ་སྡེ་དགོངས་པ་ངེས་འགྲེལ་ལས༔ བཅོམ་ལྡན་འདས་སུ་ཞིག་གི་ཞི་གནས་དམིགས་པ་ལགས༔ བཀའ་སྩལ་པ༔ གཅིག་སྟེ་རྣམ་པར་མི་རྟོག་པའི་གཟུགས་ཅན་ནོ༔ ཞེས་དང་༔ ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་བསྒོམ་པ་ལགས༔ གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི་སེམས་ཉིད་ཡིད་ལ་བྱེད་པས༔ བྱིང་རྒོད༔ བར་ཆད་མེད་པའི་ཏིང་ངེ་་སྐྱོན་མེད་པའི་སེམས་ཉིད། འཛིན་ཡིད་ལ་བྱེད་པའོ༔ ཞེས་དང་༔ མདོ་སྡུད་པ་ལས༔ བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མའི་མཐ༢༔ ད་ལྟར་བྱུང་བར་མི་དམིགས་དུས་གསུམ་དག་པ་སྟེ༔ གང་དག་དེ་ནི་འདུས་མ་བྱས་ནི་སྤྲོས༔ དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན༔ ཞེས་དང་༔ དུས་འཁོར་རྩ་རྒྱུད་ལས༔ སོ་སོར་སྡུད་པ་ཕྱག་རྒྱ་ཆེ༔ ནམ་མཁའ་སྟོང་པའི་མཚན་ཉིད་དོ༔ ཞེས་དང་༔ པཎྜི་ཏ་ཆོས་ཀྱི་གྲགས་པས༔ རྟོག་པ་དྲན་པ་རྣམ་བསལ་བས༔
གསལ་བ་ཉིད་དུ་སྣང་བ་ཡིན༔ ཞེས་དང་༔ མདོ་སྡེ་རྒྱན་ལས༔ ཇི་ལྟར་ཆུ་རྙོག་དྭངས་པ་ནི༔ དང་པོ་དེ་ཉིད་ལས་སྐྱེས་མིན༔ དེ་ནི་དེ་ལ་དྲི་མ་བྲལ་བར་དེ་བཞིན་རང་དག་ལ་ཚུལ་དེ་དེ་ཉིད༔ ཅེས་དང་༔ ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་༔ རྟོག་པ་མེད་ཅིང་རྣམ་རྟོག་མེད༔ བཟུང་བ་མེད་ཅིང་བསྟན་དུ་མེད༔ སེམས་ཀྱང་དམིགས་པ་མེད་པ་སྟེ༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི༔ ཏིང་འཛིན་རྒྱལ་པོ་འདི་བསྒོམ་ན༔ རྣམ་རྟོག་བགྲོད་དཀའ་ལས་འདས་ནས༔ རིམ་གྱིས་མི་རྟོག་ཡེ་ཤེས་འགྱུར༔ ཞེས་དང་༔ སྐུ་གསུམ་བསྟོད་པ་ལས༔ མི་རྟོག་ཡེ་ཤེས་གཅིག་པུ་ནི༔ ཏིང་ངེ་འཛིན་དུ་མཁས་རྣམས་བཞེད༔ དེ་མིན་ཏིང་འཛིན་གང་ཡིན་རྣམས༔ ཡང་དག་མི་གནས་རྣམ་པར་གཡེང་༔ ཞེས་དང་༔ ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས༔ དེ་ལ་སེམས་གནས་པའི་ཏིང་ངེ་འཛིན་གང་ཞེ་ན༔ ཏིང་ངེ་འཛིན་དེ་ལ་གནས་ཤིང་སེམས་མི་གཡོ་རྣམ་པར་མི་རྟོག་ཡོངས་སུ་ཡི་ཆད་པར་མི་འགྱུར༔ ཉམས་སུ་མི་བདེ་བར་མི་འགྱུར༔ སེམས་ཞེས་བྱ་བ་ནི་འདི་ཡིན་ཞེས་བྱ་བར་སེམས་
པ་མི་འབྱུང་སྟེ་འདི་ནི་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ༔ ཞེས་དང་༔ ཡུམ་ལས༔ བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ༔ དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ༔ ཏིང་ངེ་འཛིན་དེ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ༔ དེ་བཞིན་དུ་སྦྱར་ཏེ༔ སེམས་མེད་པ་དང་༔ ཡིད་ཀྱི་བྱ་བ་མེད་པ་དང་༔ མི་གཡོ་བ་དང་༔ ཆོས་ཐམས་ཅད་ངོ་བོ་ཉིད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ༔ ཏིང་ངེ་འཛིན་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ༔ བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ༔ ཞེས་དང་༔ ཡུམ་ལས། དབེན་པས་ཟབ་བོ༔ གཏིང་དཔག་དཀའ་བས་ཟབ་བོ༔ རབ་འབྱོར་གང་ལ་གཟུགས་མེད་པ་འདི་ནི་གཟུགས་ཀྱི་ཟབ་པ་ཉིད་དོ༔ རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མེད་པ་འདི་ནི་རྣམ་པར་ཤེས་པའི་ཟབ་པ་ཉིད་དོ༔ ཞེས་དང་༔ རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་མི་རྟོག་པའོ༔ རྣམ་པར་མི་རྟོག་
པ་ལ་སངས་རྒྱས་སུ་བརྗོད་དོ༔ རྣམ་པར་མི་རྟོག་པ་ལ་བྱང་ཆུབ་ཏུ་བརྗོད་དོ༔ ཞེས་དང་༔ བརྒྱད་སྟོང་པར༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་གཟུགས་ལ་གནས་པར་མི་བགྱི་སྟེ༔ ཚོར་བ་ལ་མ་ལགས་འདུ་ཤེས་ལ་མ་ལགས་འདུ་བྱེད་རྣམས་ལ་མ་ལགས༔ རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ༔ ཞེས་དང་༔ རང་གི་ལྟ་བ་མདོར་བསྟན་པ་ལས༔ ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས༔ སྒོམ་དང་བཟླས་པའི་རང་བཞིན་གྱི༔ བསྐལ་པ་བྱེ་བ་དུ་མས་ཀྱང་༔ དངོས་གྲུབ་ནམ་ཡང་ཐོབ་པ་མེད༔ རྟོག་པ་ཐམས་ཅད་སྤངས་ནས་ནི༔ གང་གིས་དེ་ཉིད་ལ་གནས་ན༔ སྐྱེ་བ་འདིར་ཡང་འགྲུབ་པའོ༔ དེ་ལ་བྱང་ཆུབ་མཆོག་རེག་པའོ༔ ཞེས་དང་༔ སཾ་བྷུ་ཊི་ལས༔ རྟོག་པའི་གནས་ནི་བརྟག་ནས་སུ༔ བློ་ལྡན་གང་གིས་མི་རྟོག་ན༔ ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན༔ དེ་ལ་དངོས་གྲུབ་ཐེ་ཚོམ་མེད༔ རྟོག་པ་དམྱལ་བར་འགྲོ་འགྱུར་ཞིང་༔ འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར༔ རྟོག་པ་ལས་ནི་རྣམ་གྲོལ་ན༔ དྲི་མེད་ཞི་བའི་དབྱིངས་སུ་འགྲོ༔ དེ་བས་རྟོག་པའི་དྲ་བ་བཅད༔ ཅེས་དང་༔ རྣམ་
སྣང་མངོན་བྱང་ལས༔ རྟོག་པ་སྡུག་བསྔལ་རྒྱུར་གྱུར་པས༔ ཅི་སྲིད་མ་སྤངས་བར་དུ་ནི༔ འཇིག་རྟེན་འདི་ན་སངས་རྒྱས་མིན༔ ཀུན་མཁྱེན་ཞེས་ཀྱང་མི་བྱའོ༔ ཞེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ རྣམ་རྟོག་ཀུན་ནི་ཟད་པ་ལ༔ བདེ་བ་ཆེན་པོ་ཡང་དག་སྐྱེ༔ ཞེས་དང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས༔ རྟོག་དང་བྲལ་བའི་ཡེ༔ སྔོན་གྱི་རྒྱལ་བ་མངོན་སངས་རྒྱས༔ རྟོག་དང་བྲལ་བ་དེ་ལ་ནི༔ གསང་སྔགས་འགྲུབ་པར་བསྟན་པ་ཡིན༔ དེ་ཡི་འབྲས་བུ་རྣམ་དག་པ༔ རང་བཞིན་གྱིས་ནི་འོད་གསལ་འགྱུར༔ གང་ཞིག་རྟོག་པ་ནས་བྱེད་པ༔ དེ་ལ་དངོས་གྲུབ་འབྱུང་མི་འགྱུར༔ དེ་ལྟ་བས་ན་རྟོག་སྤངས་པས༔ སྔགས་ཀྱི་གཟུགས་རྣམས་བསྒོམ་པར་བྱ༔ ཞེས་དང་༔ མངོན་བརྗོད་ལས་ཀྱང་༔ ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར༔ ཀུན་རྟོག་ཐམས་ཅད་སྤངས་བ་ཡི༔ བསྒོམ་པ་དེ་བཞིན་གཤེགས་པས་གསུངས༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས༔ ཀུན་མཁྱེན་གོ་འཕང་འདོད་པ་ཡི༔ རྟོག་པ་རྣམ་པ་སྣ་ཚོགས་པ༔ དེ་ཀུན་གང་ལ་མེད་གྱུར་པ༔ དེ་ལ་རྟག་ཏུ་བརྩོན་པར་བྱ༔ ཞེས་དང་༔ རྡོ་རྗེ་
རྩེ་མོ་ལས༔ བགེགས་ནི་འགའ་ཡང་ཡོད་མ་ཡིན༔ སེམས་ཉིད་དག་པར་གྱུར་པ་ཡིན༔ རང་སེམས་བདུད་ཅེས་བྱ་བར་བཤད༔ བགེགས་ཉིད་ཀྱང་ནི་གི་སེམས༔ རྣམ་པར་རྟོག་པ་ཐམས་ཅད་བསལ༔ རྣམ་པར་རྟོག་ལས་བགེགས་རྣམས་འབྱུང་༔ འདུལ་བར་དཀའ་བའི་སེམས་བཟུང་ཞིང་༔ འདོད་པ་རྣམས་ནི་སྤང་བར་བྱ༔ ཞེས་དང་༔ ཀླུ་སྒྲུབ་ཀྱིས༔ དགེ་དང་མི་དགེའི་རྣམ་རྟོག་ནི༔ རྒྱུན་ཆད་པར་ནི་མཚན་ཉིད་ཅན༔ སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས༔ ཞེས་དང་༔ ཞི་བ་ལྷས༔ ལུས་ངག་སེམས་ནི་དབེན་པ་ལས༔ རྣམ་པར་གཡེང་བ་མི་འབྱུང་ངོ་༔ དེ་བས་འཇིག་རྟེན་སྤངས་བྱ་ཞིང་༔ རྣམ་པར་རྟོག་པ་ཡོངས་སུ་དོར༔ ཞེས་དང་༔ རྣལ་འབྱོར་ལ་འཇུག་པ་ལས༔ འཁོར་བ་ཞེས་བྱའི་རྣམ་རྟོག་མང་པོ་ནི༔ རྟག་ཏུ་སྤངས་པ་ཡིད་ནི་མཉམ་པར་བཞག༔ ཅེས་དང་༔ ས་ར་ཧས༔ ཞི་གནས་རྒྱུ་ནི་ཚུལ་ཁྲིམས་ལ་བརྟེན་ཏེ༔ ངོ་བོ་ཉོན་མོངས་རྣམ་རྟོག་དབེན་པ་ཡིན༔ རྐྱེན་ནི་སེམས་གནས་ཁྱད་པར་ལ་བརྟེན་ཏེ༔ ཕན་ཡོན་ཉོན་མོངས་སྡུག་བསྔལ་རགས་པ་གནོན༔ ཞེས་གསུངས་སོ༔
དེ་ལ་འདི་སྐབས་ནི་ཞི་གནས་རྐྱང་པ་སྒོམ་པའི་སྐབས་ཡིན་ཏེ༔ སེམས་གང་དུ་ཡང་མི་འཕྲོ་བར་གནས་ཅི་ཐུབ་བྱའོ༔ ལུས་གནད་དང་ལྡན་པའི་ངང་ནས་ལུས་སེམས་གཉིས་ཀ་བག་ཀློད་ལ་འབོལ་ལེ་ཤིག་གེ་བཞག༔ སེམས་འཕྲོ་ན་འཕྲོ་མི་བཅུག་པར་གནས་པའི་སྟེང་དུ་བཞག་གོ༔ དེ་ལ་རྣམ་རྟོག་འཕྲོ་བ་ཞི་ནས་སེམས་ཀྱི་ལེ་གནས་པ་ཞི་གནས་ཡིན་ནོ༔ དེ་ལ་ཡང་སྐྱོན་ཅན་དང་སྐྱོན་མེད་གཉིས་ལས༔ སེམས་ཞི་གནས་ལ་སོང་བས་བོས་ཀྱང་མི་ཐོས་དཔེར་ན་གཉིད་འཐུགས་པོ་ལ་སོང་བ་འདྲ་བ༔ གཉིད་ཡུར་བ་ཡང་མིན་པ༔ དེའི་ཚེ་མིག་གིས་ཡང་ཅི་མཐོང་བ༔ སེམས་མི་གསལ་བར་དྲན་བསམ་ཅི་ཡང་མེད་པ༔ དེ་ལྟ་བུ་ལ་ཡུན་རིང་སོང་ཡང་ཡུན་ཅི་ཙམ་སོང་རང་གིས་མི་ཤེས་པ༔ ཏིང་ངེ་འཛིན་དེ་ལས་སད་པ་ན་གཉིད་སད་པའམ་བརྒྱལ་སང་བ་ལྟར་ད་རེས་ང་ལ་ཅི་རེད་པ་ཡིན་སྙམ་པ་དེ་འདྲ་བ་ཞིག་འོང་བ་དེ་ནི་ཞི་གནས་འཐོམ་པོ་ཡིན་ཏེ༔ དེ་འདྲ་བ་དང་པོ་ཡུད་རེ་སོང་ཡང་སྐྱོན་མེད་དེ་སྒོམ་སྐྱེ་བའི་སྔ་ལྟས་ཀྱང་ཡིན༔ སྔོན་རྗེ་དུས་མཁྱེན་སོགས་ལ་ཡང་བྱུང་བའི་ལོ་རྒྱུས་ཡོད༔ དེ་སྒོམ་ཡིན་བསམ་ནས་དེའི་མུས་སྒོམ་མི་རུང་སྟེ༔ དེ་ཁོ་ན་
སྒོམ་ན་དུད་འགྲོར་སྐྱེ་བའི་རྒྱུ་ཡིན༔ ཡང་རང་གི་སྙིང་གི་དཀྱིལ་དུ་སེམས་གཏད་ལ་དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར་བསྡད་པས༔ སེམས་ལ་དྲན་རྟོག་ཅི་ཡང་མི་སྐྱེ་བར་སེམས་གནས་ཏེ༔ དེ་ལྟར་དྲན་རྟོག་མེད་པས་ཕྱིའི་རྣམ་ཤེས་ཚོགས་བརྒྱད་མི་གསལ༔ ཡིད་ལ་དྲན་རྟོག་གཞན་མེད་ཀྱང་སེམས་རྩེ་གཅིག་ཏུ་གནས་པའི་འདུ་ཤེས་ཙམ་ཡོད་ལ༔ གནས་པའི་ངོ་བོ་ལ་ལྟ་བ་ནི་མེད་པ༔ དེ་བསྒོམ་པའི་ཚེ་ཉི་མ་གར་སོང་མི་ཚོར་བ་ཅིག་འོང་བ་ནི་ཉན་ཐོས་འགོགས་པ་ཆ་མཐུན་ཞེས་བྱ་སྟེ་ཞི་གནས་སྐྱོན་མེད་ཡིན་པས༔ དང་པོ་ཡུད་རེ་ནི་སྐྱོན་མེད་རྒྱུན་དུ་དེ་ལྟར་སྒོམ་མི་རུང་༔ འོ་ན་སྐྱོན་མེད་ཞི་གནས་ཇི་ལྟར་ཡིན་ཞེ་ན༔ སེམས་གར་གཏད་དུ་མེར་རེ་ཀྱི་ལེ་གནས་པ༔ གསལ་སེང་ངེ་བ༔ དེ་སྒོམ་པའི་ཚེ་མིག་རྣ་བ་སོགས་རྣམ་ཤེས་ཚོགས་བརྒྱད་མ་འགག་པར་སོ་སོར་གསལ་བ༔ ལུས་སེམས་བདེ་བས་ཁྱབ་པས་སུན་རྒྱུ་མེད་པ༔ དེ་སྒོམ་པའི་ཚེ་ནམ་སྒོམ་དེ་ལྟར་འཆར༔ མི་སྒོམ་ཚེ་དེ་ལ་སད་མི་དགོས་པར་རང་དབང་ཆེ་བ་ཞི་གནས་རྐྱང་པ་སྒོམ་གྱི་གཞི་ཡིན་ནོ༔ དེ་ལ་ཡང་ཞི་གནས་བསྒོམས་པས་ལུས་སེམས་བདེ་བ་སྐྱེ་སྟེ༔ དེ་ལ་
ཆགས་ཞེན་ཆེན་པོ་སྐྱེས་ཏེ་མཆོག་ཏུ་བཟུང་བས་འདོད་ཁམས་ཀྱི་ལྷར་སྐྱེ༔ ཆགས་ཞེན་མེད་པར་སྐྱོང་ན་ལམ་དུ་འགྲོ༔ ཞི་གནས་དེ་ལ་རྟོག་དཔྱོད་སེམས་མི་འཕྲོ་བའི་གཉེན་པོ་ལ་བརྩོན་པར་བྱས་པས་ཡིད་དགའ་བ་དང་བདེ་བ་དང་ལྡན་ཞིང་རྩེ་གཅིག་ཏུ་གནས་པ་བསམ་གཏན་དང་པོ་དང་༔ སེམས་འཕྲོ་དོགས་ཀྱི་རྟོག་དཔྱོད་མི་དགོས་པར་རྩེ་གཅིག་ཏུ་ཡིད་ནང་དུ་དང་བ་གཉིས་པ་དང་༔ སེམས་རྟོག་དཔྱོད་བདེ་སྡུག་མེད་པར་དྲན་ཤེས་དང་ལྡན་པས་རྩེ་གཅིག་ཏུ་གནས་པ་གསུམ་པ་དང་༔ རྟོག་དཔྱོད་བདེ་སྡུག་དང་ཡིད་བདེ་མི་བདེ་དབུགས་དབྱུང་རྔུབ་མེད་ཅིང་ཡིད་མི་གཡོ་བའི་བཏང་སྙོམས་དྲན་པ་དག་པ་ནི་བསམ་གཏན་བཞི་པ་སྟེ༔ སེམས་དཔའ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས༔ རྟོག་དཔྱོད་ལྡན་པ་གཉེན་པོ་སྟེ༔ དེ་ལ་རྩེ་གཅིག་བརྩོན་བྱས་ནས༔ དགའ་བདེའི་འབྲས་བུ་རབ་ཏུ་སྐྱེ༔ དེ་ནི་བསམ་གཏན་དང་པོ་ཡིན༔ རྟོག་དཔྱོད་དང་བྲལ་རྩེ་གཅིག་པ༔ ནང་དུ་རབ་ཏུ་དངས་པ་ཡི༔ དགའ་བདེ་ལྡན་པ་གཉིས་པ་ཡིན༔ རྟོག་དཔྱོད་བདེ་སྡུག་དང་བྲལ་ཞིང་༔ དྲན་དང་ཤེས་བཞིན་ལྡན་རྩེ་གཅིག༔ བསམ་གཏན་གསུམ་པ་ཞེས་སུ་བརྗོད༔ རྟོག་དཔྱོད་
བདེ་དང་སྡུག་བསྔལ་དང་༔ ཡིད་བདེ་མི་བདེ་སྡུག་བསྔལ་དང་༔ ཡིད་བདེ་མི་བདེ་དབུགས་དབྱུང་རྔུབ༔ སྐྱོན་བརྒྱད་མེད་ཅིང་མི་གཡོ་བ༔ བཏང་སྙོམས་དྲན་པ་དག་པ་ནི༔ བསམ་གཏན་བཞི་པ་ཞེས་བྱའོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཞི་གནས་བཟང་པོ་སྐྱེས་ན་ཡང་དེ་ལ་ཆགས་ཞེན་མེད་པར་སྐྱོང་ན་ལམ་དུ་འགྲོ་ལ༔ གལ་ཏེ་ཆགས་ཞེན་མཆོག་འཛིན་བྱེད་ནས་དེ་ཉིད་སྒོམ་ཡིན་སྙམ་ནས་ཉམས་སུ་བླངས་ན༔ གནས་སྐབས་ཟག་བཅས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཀྱང་༔ འཁོར་བ་ནས་མི་ལ་འཕགས་ཏེ་ཚངས་རིས་དང་༔ ཚངས་པ་འདུན་འདོན་དང་༔ ཚངས་ཆེན་གསུམ་དུ་བསམ་གཏན་དང་པོ་བསྒོམས་པས་སྐྱེ་ལ༔ འོད་ཆུང་དང་༔ ཚད་མེད་འོད་དང་༔ འོད་གསལ་གསུམ་དུ་ནི་བསམ་གཏན་གཉིས་པ་བསྒོམས་པས་སྐྱེ་ཞིང་༔ དགེ་བ་དང་༔ དགེ་ཆུང་དང་༔ ཚད་མེད་དགེ་གསུམ་དུ་ནི་བསམ་གཏན་གསུམ་པ་བསྒོམས་པས་སྐྱེ་བ་དང་༔ སྤྲིན་མེད་འོད་དང་༔ བསོད་ནམས་སྐྱེས་དང་༔ འབྲས་བུ་ཆེ་བ་གསུམ་དུ་ནི་བསམ་གཏན་བཞི་པ་བསྒོམས་པས་སྐྱེ་སྟེ༔ དེ་དག་ཏུ་ནི་ཞི་གནས་རྐྱང་པས་སྐྱེ་སྟེ་ཕྱི་རོལ་
པ་དང་བོན་སོགས་སྐྱེ་ཞིང་༔ ཕྱི་པ་རྣམས་ཀྱིས་དེ་ཙམ་ཐོབ་པ་ལ་མཐར་ཐུག་གི་འབྲས་བུར་འདོད་པ་ཡིན་ནོ༔ མི་ཆེ་བ༔ མི་གདུང་བ༔ ཤིན་ཏུ་མཐོང་བ༔ གྱ་ནོམ་སྣང་༔ འོག་མིན་དང་ལྔ་ནི་འཕགས་པའི་གནས་ལྔ་ཞེས་བྱ་སྟེ༔ ཞི་གནས་ཁོ་ནས་མི་སྐྱེ་ཞིང་སོ་སོའི་སྐྱེ་བོ་ཡང་མི་སྐྱེ་སྟེ་འཕགས་པ་ཁོ་ནའི་གནས་ཡིན་ནོ༔ གསལ་ལ་མི་རྟོག་པ་ལ་མཚན་མར་འཛིན་པའི་འདུ་ཤེས་བཀག་པས་འདུ་ཤེས་མེད་པའི་སྙོམས་འཇུག༔ སྣང་བ་དང་ཐོབ་པ་ཐམས་ཅད་བཀག་ནས་རྣམ་ཤེས་ནམ་མཁའ་ལྟར་སྒོམ་པས་རྣམ་ཤེས་མཐའ་ཡས༔ ཡུལ་ཡུལ་ཅན་གཉིས་ཀ་མ་གྲུབ་ཅིང་ཅི་ཡང་མ་གྲུབ་པར་བསྒོམས་པས་ཅི་ཡང་མེད་པར་སྐྱེ༔ ཅི་ཡང་མེད་པའི་འདུ་ཤེས་རགས་པ་བཀོག་ནས་འདུ་ཤེས་ཕྲ་བ་ནི་མེད་པའང་མ་ཡིན་ནོ་སྙམ་པ་བསྒོམས་པས༔ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷར་སྐྱེ་སྟེ༔ དེ་དག་ཞི་གནས་རྐྱང་པ་མཆོག་ཏུ་གྱུར་ཀྱང་སེམས་ཀྱི་འཛིན་པ་ཕྲ་འུས་བཅིང་ནས༔ ལྷག་མཐོང་རང་ངོ་མ་མཐོང་བའི་སྐྱོན་ཡིན་ཏེ༔ ས་ར་ཧས༔ གཉུག་མའི་ཡིད་ལ་སྐྱོན་གྱིས་བྱིས་པ་བསླས༔ སྐྱེ་བོ་མ་ལུས་ལྷག་པར་སུན་འབྱིན་ཅིང་༔ ང་རྒྱལ་སྐྱོན་གྱིས་དེ་ཉིད་
མཚོན་མི་ནུས༔ འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་ཞི་གནས་རྐྱང་པ་བསྒོམས་ནས་ཞི་གནས་ཇི་ལྟར་ཆེ་བ་བཞིན་ལྷག་མཐོང་གི་རྩལ་དང་ཡོན་ཏན་ཆེ༔ ཞི་གནས་ཆུང་ན་ལྷག་མཐོང་སྟོབས་ཆུང་སྟེ་དཔེར་ན་སྤྲིན་ཆུང་ན་ཆར་པ་ཉུང་བའམ༔ བུད་ཤིང་ཉུང་ན་མེ་ཆུང་བ་དང་འདྲའོ༔ དེས་ན་ད་ལམ་འདོན་པ་དགེ་སྦྱོར་གཞན་སྐྱུར་ལ༔ རྩེ་གཅིག་ཏུ་སེམས་གནས་ཅི་ཐུབ་མཛོད་ཅིག༔ དེ་ལྟར་ཞི་གནས་ཀྱི་དམིགས་ཐུན་ཞུས་ཤིང་སྒོམ་པའི་དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ་སྙམ་པས་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ ཞི་གནས་བསྒོམ་པའི་སྐབས་ཏེ་ཆོས་ཐུན་བཅོ་ལྔ་པའོ༔་ཨང་༈ དེ་ནས་ལྷག་མཐོང་བཤད་པ་ནི༔ ལྷག་མཐོང་ནི་ཤེས་རབ་ཡིན་ལ༔ དེ་ལ་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཏེ༔ དང་པོ་ནི་ཕྱི་ནང་གི་ཆོས་ཐམས་ཅད་ལ་སོ་སོར་དཔྱོད་ཅིང་རྟོག་པའི་ཤེས་རབ་ནི་མདོ་ལུགས་འགའ་རེ་ནས་ཤེས་རབ་ཏུ་བཤད་དེ༔ ཤེས་རབ་བརྒྱ་པར་ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས༔ དེ་མེད་དེ་ཀོས་ཅི་ཞིག་
བསམ་པར་བྱ༔ དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས༔ བསམ་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང་༔ ཞེས་གསུངས་ནའང་འདི་ནི་ཤེས་རབ་སྟོང་པ་ཉིད་སྟོན་པ་ཡིན་ཏེ༔ དེ་ལ་ཡང་གཞུང་དང་མན་ངག་གཉིས་ལས༔ རྒྱུད་གཞུང་རྣམས་ལས་དང་པོ་ལྟ་བ་གཏན་ལ་འབེབས་དགོས༔ དེ་མ་ཕེབས་ན་འབེན་མ་མཐོང་བའི་མདའ་ལྟར་དོན་མེད་དུ་འགྱུར་བར་བཤད་ཀྱང་༔ འདིར་ནི་དང་པོ་བསྒོམས་པས་ཉམས་སུ་བླང་བས་ལྟ་བ་ཤུགས་ལ་རྟོགས་པ་རིག་འཛིན་གོང་མ་རྣམས་ཀྱི་མན་ངག་ལས་བྱུང་བ་ལྟར་ཟབ་པ་ཡིན༔ དེ་ལ་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས་ཀྱང་༔ ཤེས་རབ་སྟོང་ཉིད་དོན་མ་རྟོགས་ན་འཁོར་བ་ལས་མི་ཐར་ཏེ༔ སྡུད་པ་ལས༔ དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་ནི༔ ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས༔ དེ་བཞིན་ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡི༔ དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན༔ ཞེས་གསུངས་སོ༔ ཐབས་བསོད་ནམས་ཀྱི་ཚོགས་ལ་ཤེས་རབ་སྟོང་ཉིད་ཀྱིས་ཟིན་པས་བྱང་ཆུབ་ཐོབ་པ་སྟེ༔ དབུ་མ་འཇུག་པ་ལས༔ ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་
ཏུ༔ མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི༔ ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་བློས༔ མིག་མེད་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ༔ ཞེས་དང་༔ སྡུད་པ་ལས༔ ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས༔ ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར༔ ཞེས་དང་༔ ཤེས་རབ་བརྒྱ་པ་ལས༔ མཐོང་དང་མ་མཐོང་ཡོན་ཏན་འདི༔ ཀུན་གྱི་རྩ་བ་ཤེས་རབ་ཡིན༔ དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར༔ ཤེས་རབ་ཡོངས་སུ་བཟུང་བར་བྱ༔ ཞེས་དང་༔ ཤེས་རབ་སྣང་བས་མུན་པ་མ་བསལ་ན༔ ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར༔ ཕལ་ཆེར་ཤེས་རབ་མེད་པའི་ཚུལ་ཁྲིམས་དག༔ ཤེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར༔ ཤེས་རབ་ལེགས་པའི་སྐྱོན་གྱིས་སེམས་རྙོག་ན༔ བཟོད་པའི་ཡོན་ཏན་དེ་ལ་གནས་མི་མོས༔ ལེགས་ཉེས་རྟོག་ལ་མི་དགའི་ཚུལ་འཆང་ཞིང་༔ ཡོན་ཏན་མེད་པའི་རྒྱལ་ལ་གྲགས་པ་བཞིན༔ ཞེས་དང་༔ སྡུད་པར༔ ཤེས་རབ་མེད་ན་དམིགས་མེད་ཕ་རོལ་ཕྱིན་ལྔ་འདིས༔ དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན༔ གང་ཚེ་ཤེས་
རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན༔ དེ་ཚེ་མིག་རྙེད་གྱུར་ཅིང་དེ་ཡི་མིང་ཐོབ་བོ༔ ཞེས་དང་༔ སྤྱོད་འཇུག་ལས༔ ཡན་ལག་འདི་དག་ཐམས་ཅད་ནི༔ ཐུབ་པས་ཤེས་རབ་དོན་དུ་གསུངས༔ དེ་ཡི་ཕྱིར་ན་སྡུག་བསྔལ་དག༔ ཞི་བར་འདོད་པས་ཤེས་རབ་བསྐྱེད༔ ཅེས་གསུངས་ཏེ༔ ཤེས་རབ་ཅེས་པ་འཇིག་རྟེན་པའི་ཤེས་རབ་ནི་གསོ་རིག་དང་སྒྲ་རིག་པ་དང་༔ ཚད་མ་དང་བཟོ་སོགས་ཡིན་ཀྱང་འདི་སྐབས་སུ་དེ་རྣམས་ཤེས་པའི་ཤེས་རབ་དེ་ནི་མིན༔ ཉན་རང་གི་ཤེས་རབ་རང་གི་ཕུང་པོ་འདི་མི་གཙང་བ་དང་༔ སྡུག་བསྔལ་བ་དང་མི་རྟག་པ་དང་བདག་མེད་པར་གོ་བའི་ཤེས་རབ་དེ་ཡང་མིན༔ འདི་སྐབས་ཀྱི་ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དེ་ལ་ཟེར་བ་ཡིན་ཤེར་ཕྱིན་བདུན་བརྒྱ་པ་ལས༔ ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ༔ ཞེས་དང་༔ སྡད་པ་ལས༔ ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ༔ འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན༔ ཞེས་དང་༔ བྱང་ཆུབ་ལམ་སྒྲོན་ལས༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔
སྐྱེ་བ་མེད་པར་རྟོགས་གྱུར་པའི༔ རང་བཞིན་སྟོང་ཉིད་ཤེས་པ་ནི༔ ཤེས་རབ་ཅེས་ནི་ཡོངས་སུ་བཤད༔ ཅེས་གསུངས་སོ༔ དེ་ལྟ་བུའི་ཤེས་རབ་སྟོང་པ་ཉིད་བསྒོམ་པའི་ཕན་ཡོན་ནི༔ ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས༔ ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཡང་༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་སྦྱིན་པས་ཡོངས་སུ་བྱས་པ་དང་༔ ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་༔ ཏིང་ངེ་འཛིན་ལ་རབ་ཏུ་བཀོད་པ་དང་༔ ཤེས་རབ་ལ་རབ་ཏུ་བཀོད་པ་དང་༔ རྣམ་པར་གྲོལ་བ་ལ་རབ་ཏུ་བཀོད་པ་དང་༔ རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་བཀོད་པ་དང་༔ རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་༔ ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་༔ ཕྱིར་མི་འོང་བའི་འབྲས་བུ་དང་༔ དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་༔ རང་བྱང་ཆུབ་ལ་རབ་ཏུ་འགོད་པ་ནི་མ་ཡིན་ཏེ༔ གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་སེ་གོལ་གཏོགས་པ་ཙམ་དུ་བསྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ༔ ཞེས་དང་༔ དེ་ཁོ་ན་ཉིད་བསྟན་པའི་མདོ་ལས༔ ཤཱ་རིའི་བུ༔ གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས༔ གང་གིས་སེ་གོལ་གཏོགས་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་འཕེལ་ལོ༔ ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ༔ ཤཱ་རིའི་བུ་གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ༔ ཞེས་དང་༔ རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས༔ ཐང་གཅིག་བསམ་གཏན་ཐུན་ཞུགས་པ༔ ཁམས་གསུམ་པ་ཡི་མི་རྣམས་ལ༔ སྲོག་སྦྱིན་པས་ནི་འདི་དོན་ཆེ༔ ཞེས་དང་གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་༔ བསྐལ་པ་མང་པོའི་བར་དུ་ཐོས་བསམ་བྱས་པ་བས་ནི༔ ཉིན་གཅིག་ཆོས་ཀྱི་དོན་བསྒོམ་པས་བསོད་ནམས་ཆེའོ༔ དེ་ཅིའི་ཕྱིར་ཞེ་ན༔ དེས་སྐྱེ་ཤིའི་ལམ་དང་རིང་དུ་འབྲལ་བར་བྱེད་པའི་ཕྱིར་རོ༔ ཞེས་དང་༔ དད་པ་ལ་འཇུག་པའི་མདོ་ལས༔ ཁམས་གསུམ་གྱི་སེམས་ཅན་
གྱི་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱི་ཚོགས་བསགས་པ་བས༔ རྣལ་འབྱོར་པ་སྟོང་ཉིད་ཐུན་གཅིག་བསྒོམ་པ་བསོད་ནམས་ཆེའོ༔ ཞེས་དང་༔ སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས༔ ཆོས་འབྲི་བ་དང་ཀློག་པ་དང་ཉན་པ་དང་འཆད་པ་དང་ཁ་ཏོན་རྣམས་བསྐལ་པར་བྱས་པ་བས༔ ཉི་མ་གཅིག་བསྒོམ་པ་སྟོབས་ཆེའོ། ཞེས་དང་༔ སྟོང་ཉིད་ཀྱི་དོན་འདི་བསྒོམ་ན་ལྷ་བསྒོམ་པ་དང་སྔགས་བཟླ་བ་དང་སྦྱིན་སྲེག་སོགས་ཀྱང་དོན་ལ་ཚང་༔ ཚུལ་ཁྲིམས་དང་དམ་ཚིག་དང་ཐོས་བསམ་བསྒོམ་གསུམ་ཕར་ཕྱིན་དྲུག་ལ་སོགས་པ་ཐམས་ཅད་ཚང་བར་འགྱུར་ཏེ༔ ཀྱི་རྡོ་རྗེ་ལས༔ བསྒོམ་མེད་སྒོམ་པ་པོ་ཡང་མེད༔ ལྷ་མེད་སྔགས་ཀྱང་ཡོད་མ་ཡིན༔ སྤྲོས་པ་མེད་པའི་རང་བཞིན་ལ༔ ལྷ་དང་སྔགས་རྣམས་ཡང་དག་གནས༔ རྣམ་སྣང་མི་བསྐྱོད་དོན་གྲུབ་དང་༔ རིན་ཆེན་དཔག་མེད་སེམས་དཔའོ༔ སངས་རྒྱས་མཉམ་སྦྱོར་ལས༔ གཟུགས་བརྙན་བླུག་དང་ལུགས་མ་ལ་སོགས་ལ༔ རྣལ་འབྱོར་འབྱུང་བར་མི་འགྱུར་གྱི༔ བྱང་ཆུབ་སེམས་ལ་རབ་བརྩོན་ན༔ དེ་ལ་རྣལ་འབྱོར་ལྷར་འགྱུར་རོ༔ ཞེས་དང་༔ གསང་བ་
བདུད་རྩི་རྒྱ་མཚོའི་རྒྱུད་ལས༔ གང་གི་ཕྱིར་ན་སྦྱིན་སྲེག་ནི༔ དངོས་གྲུབ་དམ་པ་སྟེར་བ་དང་༔ རྣམ་རྟོག་འཇོམ་ཕྱིར་སྦྱིན་སྲེག་སྟེ༔ ཤིང་སོགས་བསྲེགས་པས་སྦྱིན་སྲེག་མིན༔ ཞེས་དང་༔ རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས༔ སྟོང་པ་ཉིད་ལས་མ་གཡོས་ན༔ ཕ་རོལ་ཕྱིན་པ་དྲུག་འདུས་སོ༔ ཞེས་དང་༔ ཁྱད་པར་སེམས་ཀྱི་ཞུས་པའི་མདོ་ལས༔ མི་སེམས་པ་ནི་སྦྱིན་པའོ༔ ཐ་དད་ལ་མི་གནས་པ་ནི་ཚུལ་ཁྲིམས་སོ༔ བྱེ་བྲག་མི་ཕྱེད་པ་ནི་བཟོད་པའོ༔ བླང་དོར་མེད་པ་ནི་བརྩོན་འགྲུས་སོ༔ མ་ཆགས་པ་ནི་བསམ་གཏན་ནོ༔ མི་རྟོག་པ་ནི་ཤེས་རབ་བོ༔ ཞེས་དང་༔ སའི་སྙིང་པོའི་མདོ་ལས༔ མཁས་པ་སྟོང་ཉིད་ཆོས་སྒོམ་པ༔ འཇིག་རྟེན་ཀུན་ལ་མི་བསྟེན་གནས༔ སྲིད་པ་ཀུན་ལ་གནས་མ་ཡིན་པར༔ རྣམ་པར་དགེ་བའི་ཚུལ་ཁྲིམས་བསྲུང་ངོ་༔ ཞེས་གསུངས་སོ༔ ལྷའི་བུས་ཞུས་པའི་མདོ་ལས༔ གང་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པ་རློམ་སེམས་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཡིན་ཏེ༔ ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ༔ ཞེས་དང་༔ རབ་ཏུ་མི་གནས་པའི་རྒྱུད་ལས༔ མ་བཅོས་རྣལ་མའི་
ཟས་ཤིག་ཟོས་གྱུར་ན༔ གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར༔ བྱིས་པ་མ་རྟོགས་ཐ་སྙད་ཚིག་ལ་བརྟེན༔ ཐམས་ཅད་རང་གི་སེམས་ཀྱི་མཚན་ཉིད་ཞེས་དང་༔ ས་ར་ཧས༔ ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ༔ བསྟན་བཅོས་སྙིང་ལ་འཆང་པའང་དེ་ཡིན་ནོ༔ ཞེས་དང་༔ གསང་བ་བདུད་རྩི་རྒྱ་མཚོའི་རྒྱུད་ལས༔ མཆོད་དང་གཏོར་མ་ལ་སོགས་པ༔ ལས་དང་བྱ་བ་སྣ་ཚོགས་ཀུན༔ སེམས་ཀྱི་དེ་ཉིད་རྙེད་གྱུར་ལས༔ ཐམས་ཅད་འདི་ཡིས་སྡུད་པར་ངེས༔ ཞེས་དང་༔ འཕགས་པ་སྡུད་པ་ལས༔ སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་༔ འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ༔ དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཤེས་རབ་སྟོང་ཉིད་གཏན་ལ་འབེབས་ཚུལ་ལ་ཡང་སྤྲོས་པ་ཕྱི་ནས་གཅོད་པ་མཁས་པ་པཎྜི་ཏའི་དཔྱད་སྒོམ་དང་༔ སྤྲོས་པ་ནང་ནས་གཅོད་པ་རྣལ་འབྱོར་ཀུ་སཱ་ལིའི་འཇོག་སྒོམ་གཉིས་ཡོད་དེ་པཎྜི་ཏའི་ལུགས་ནི་ལུང་དང་རིགས་པའི་སྒོ་ནས་ཡིད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དང་པོ་ཕྱི་སྣང་བའི་ཡུལ་སྟོང་པ་
ཉིད་དུ་གཏན་ལ་ཕབ༔ དེ་ནས་ནང་གང་ཟག་གི་བདག་མེད་སྒོམ་པ་ཡང་ལུང་རིགས་ལ་བརྟེན་ནས་རིགས་པས་བརྟགས་ཏེ་གཏན་ལ་འབེབས་ནས༔ དེའི་དོན་བསྒོམ་པར་བྱ་བ་ཡིན་ནོ༔ དེ་ལ་ཡང་ཕྱི་རོལ་རྟག་ཆད་མུ་བཞི་རྣམས་སུན་འབྱིན་པའི་རིག་པ་དང་༔ ནང་པའི་ཡང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལྟ་བ་སུན་འབྱིན་པའི་རིག་པ་དང་༔ དབུ་མ་པས་སེམས་ཙམ་སུན་འབྱིན་ནས་དབུ་མ་རང་ལུགས་བཞག་ཚུལ་དང་༔ དབུ་མ་ཐལ་འགྱུར་པས་ནི་རང་རྒྱུད་པ་བཀག་ནས་རང་ལུགས་ཀྱི་ལྟ་བ་ཁས་ལེན་དང་བྲལ་བར་འདོད་ཅིང་༔ དེ་ལྟ་བུའི་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་བས་གོང་ན་ལྟ་བ་གཞན་མེད་པར་འདོད་པ་སྟེ༔ ས་པཎ་གྱིས༔ ཕ་རོལ་ཕྱིན་པའི་ལྟ་བ་ལས༔ ལྷག་པའི་ལྟ་བ་ཡོད་ན་ནི༔ ལྟ་དེ་སྤོས་པ་ཅན་དུ་འགྱུར༔ ཞེས་གསུངས་སོ༔ འོན་ཀྱང་སྔགས་དང་མཚན་ཉིད་ལྟ་བ་ལ་ཁྱད་པར་མེད་པར་དགེ་བའི་བཤེས་གཉེན་ཕལ་ཆེར་མཐུན་ཀྱང་༔ གསང་སྔགས་བླ་ན་མེད་པའི་ཐབས་ཟབ་མོ་མེད་ན་རང་ལུགས་ཀྱི་ལྟ་བ་དེ་རྟོགས་པ་ལ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་དགོས༔ གསང་སྔགས་ཐབས་ཟབ་པས་ད་ལྟ་ཉིད་དུ་ཤེས་རབ་སྟོང་
ཉིད་མངོན་སུམ་དུ་རྟོགས་པར་འགྱུར་བས་ལྟ་བ་ཡིད་སྨོན་ཙམ་དུ་མི་ལུས་པའི་ཟབ་ཁྱད་ཆེའོ༔ དེ་ལ་གསང་སྔགས་ལུགས་འདི་ལ་སྤྲོས་པ་ནང་ནས་གཅོད་པ་སྟེ༔ ནང་འཛིན་པའི་སེམས་གཏན་ལ་ཕེབས་ན༔ ཕྱི་བཟུང་བའི་ཡུལ་སྒྲོག་རང་རྡས་ལ་འགྲོ་སྟེ༔ སྣང་བ་སེམས་ཀྱི་འོད་ཡིན་པའི་ཕྱིར་རོ༔ དེས་ན་སྔགས་ལུགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཡིན་ཏེ༔ ལང་ཀར་གཤེགས་པ་ལས༔ བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས༔ དོན་དུ་སྣང་བ་རབ་ཏུ་འབྱུང་༔ དོན་ཡོད་མ་ཡིན་སེམས་ཉིད་དེ༔ ཕྱི་རོལ་དོན་མཐོང་ལོག་པ་ཡིན༔ ཞེས་དང་༔ སཾ་བྷུ་ཊི་ལས༔ ཆོས་རྣམས་ཐམས་ཅད་བདག་མེད་པས༔ ཡང་དག་རྗེས་སུ་ལྟ་བར་བྱ༔ ཕྱི་དང་ནང་གི་བདག་ཉིད་ཅན༔ འདི་དག་ཐམས་ཅད་སེམས་སུ་བརྟགས༔ སེམས་ལས་མ་གཏོགས་པ་ཉིད་ནི༔ གཞན་ན་ཡོད་པ་མ་ཡིན་ནོ༔ ཞེས་དང་༔ ལང་ཀར་གཤེགས་པ་ལས༔ སེམས་ནི་རང་བཞིན་འོད་གསལ་ཏེ༔ དེ་བཞིན་གཤེགས་པའི་སྙིང་པོ་དག༔ ཅེས་དང་༔ རྣམ་སྣང་མངོན་བྱང་ལས༔ ནམ་མཁའི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ནོ༔ སེམས་
ཀྱི་རང་བཞིན་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ནོ༔ གསང་བའི་བདག་པོ་དེ་ལྟར་སེམས་དང་ནམ་མཁའི་དབྱིངས་དང་བྱང་ཆུབ་ནི་གཉིས་སུ་མེད་དེ༔ ཞེས་དང་༔ རྡོ་རྗེ་གུར་ལས༔ འཇིག་རྟེན་ཇི་བཞིན་དེ་སངས་རྒྱས༔ ཇི་ལྟར་ཆོས་ནི་རྟོག་མེད་པ༔ དེ་ལྟར་སེམས་ཅན་ཁམས་རྣམས་བཤད༔ ནམ་མཁའ་བཞིན་དུ་དྲི་མ་མེད༔ དམ་མིན་ཀུན་རྟོག་རྣམ་རྟོག་གིས༔ སེམས་ཀྱི་རང་བཞིན་དྲི་མར་བཅས༔ སེམས་དག་ནས་ནི་དག་པར་འགྱུར༔ ནམ་མཁའ་འཇིག་མེད་དེ་བཞིན་ནོ༔ ཞེས་དང་༔ རྒྱུད་བླ་མར་སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ༔ དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ༔ ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས༔ གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར༔ ཞེས་དང་༔ མྱ་ངན་འདས་མདོར༔ སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བའོ༔ དོན་དམ་པ་སྟོང་པ་ནི་ཡེ་ཤེས་སོ༔ དེ་ལ་སྟོང་པ་ཞེས་བྱ་བ་ནི༔ སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ༔ ཞེས་དང་༔ འདའ་ཀ་ཡེ་ཤེས་ལས༔ སེམས་རྟོགས་ན་ཡེ་ཤེས་ཡིན་གྱི༔ སངས་རྒྱས་གཞན་དུ་མི་
བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ༔ ཞེས་དང་༔ ངེས་བརྗོད་བླ་མར༔ དེ་བཞིན་གཤེགས་པ་ཀུན་གྱི་གནས༔ ཐམས་ཅད་མཁྱེན་ཞིང་ཐམས་ཅད་མཛད༔ བདེ་བ་ཆེན་པོ་ཀུན་ལ་ཁྱབ༔ མགོན་པོ་སངས་རྒྱས་ཀུན་བདག་སྟེ༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ ཞེས་དང་༔ ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ༔ སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད༔ སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས༔ ཞེས་དང་༔ རྡོ་རྗེ་གུར་རིན་ཆེན་སེམས་ལས་ཕྱིར་གྱུར་པའི༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ རྣམ་པའི་དོན་དང་རྣམ་ཤེས་དག༔ ཕྱི་རོལ་གྱུར་པ་འགའ་ཡང་མེད༔ ཅེས་དང་། ས་དང་ཚོར་བ་འདུ་ཤེས་དང་༔ འདུ་བྱེད་དང་ནི་རྣམ་ཤེས་ཉིད༔ ཐམས་ཅད་སེམས་འདི་དངོས་པོ་ལས༔ ཐུབ་པས་གཞན་དུ་མ་གསུངས་སོ༔ ཞེས་དང་༔ ཕྱག་ཆེན་ཐིག་ལེ་ལས༔ ཉིད་དང་མངའ་བདག་རྡོ་རྗེ་སེམས༔ སེམས་ནི་བདག་ཉིད་དྲན་པའོ༔ སེམས་མ་ཡིན་པའི་ལྷ་ཡི་དངོས༔ ཕྱི་རོལ་གཞན་ན་མེད་པའོ༔ ཞེས་དང་༔
གདན་བཞི་ལས༔ སེམས་དང་ཡེ་ཤེས་དབྱེར་མེད་པ༔ གཉིས་མེད་མཉམ་པའི་ཁྱད་པར་གྱིས༔ གཟུགས་དང་སྟོང་པའི་སྟོང་དབུས་ནི༔ དེ་བཞིན་དངོས་པོ་དངོས་མེད་དེ༔ ཞེས་དང་༔ ཀུ་རུ་ཀུ་ལེའི་རྒྱུད་ལས༔ སེམས་ཉིད་སངས་རྒྱས་ཐམས་ཅད་དོ༔ སེམས་ཉིད་ཀྱིས་ནི་རྣམ་པར་གྲོལ༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ རྒྱུད་དོན་རང་རིག་ཉག་གཅིག་སྟེ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ དག་པ་གཉིས་ལྡན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགག་སྤྲུལ་པའི་སྐུ༔ ངོ་བོ་སྐྱེ་འགགས་གནས་བྲལ་བ༔ འདུས་མ་བྱས་ཤིང་ཡེ་ཉིད་ནས༔ རང་ལ་རང་ཆས་ཡོད་པའོ༔ ཞེས་དང་༔ པདྨ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་པ་མ་ཡིན་ཏེ༔ སེམས་མ་རྟོགས་པའི་བག་ཆགས་འཐས་པའི་དབང་གིས་སྣང་བ་ཡིན་ནོ༔ ལྷའི་བུས་སྨྲས་པ༔ བག་ཆགས་ཅི་ལྟར་འཐས་ཀྱང་རི་བོ་དང་རྒྱ་མཚོ་དང་ཉི་ཟླ་ལ་སོགས་པ་སྲ་ལ་འཐས་པ་འདི་ལྟ་བུ་ག་ལ་རུང་༔ བཀའ་སྩལ་པ༔ རྟོག་པ་འཐས་པའི་དབང་གིས་དེ་ལྟར་སྣང་རུང་སྟེ༔ གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་བྲམ་ཟེ་མོ་བཞིན་བཟང་ཞེས་བྱ་
བས༔ རང་གི་ལུས་སྟག་ལ་བསྒོམས་པས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་མོ་སྟག་ཏུ་མཐོང་ནས་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་སྟོང་པར་གྱུར་ཏོ༔ དེ་ལྟར་ཡུན་ཐུང་ངས་དེ་ལྟར་སྣང་ན༔ ཐོག་མ་མེད་པའི་དུས་ནས་བག་ཆགས་འཐས་པས་ཅི་སྟེ་མི་སྣང་བར་རིགས༔ ཞེས་དང་༔ དགོངས་པ་ལུང་སྟོན་ལས༔ འོད་གསལ་བ་ལས་སྟོང་པ་ཆེ༔ དེ་ལས་ཐབས་ནི་ཡང་དག་འབྱུང་༔ དེ་ལས་ཤེས་རབ་སྐྱེ་བར་འགྱུར༔ དེ་ལས་རླུང་ནི་འབྱུང་བར་འགྱུར༔ རླུང་ལས་མེ་ནི་ཡང་དག་འབྱུང་༔ མེ་ལས་ཆུ་ནི་ཀུན་ཏུ་འབྱུང་༔ ཆུ་ལས་ས་ནི་སྐྱེ་བར་འགྱུར༔ སེམས་ཅན་སྐྱེ་བ་འདི་ལྟ་བུ༔ ཞེས་དང་༔ གདན་བཞི་ལས༔ ཆུ་ནི་སེམས་ལས་འབྱུང་བས་ན༔ རྣམ་པར་ཤེས་པ་ཆུ་ཡི་ཁམས་གལ་ཏེ་ཆུ་ནི་གཞན་དུ་ན༔ ཤི་ནས་ཅི་ལྟར་ཆུ་མི་འབྱུང་༔ རྣམ་ཤེས་མེ་རུ་བྱུང་བས་ན༔ ལུས་ལ་དྲོ་བ་ཉིད་དུ་ངེས༔ ཡེ་ཤེས་འཕོ་བའི་ལུས་ལ་ནི༔ ཅི་སྟེ་དྲོ་བ་ཉིད་མི་སྣང་༔ རྣམ་ཤེས་རླུང་གི་ལུས་དག་ལ༔ འབྱུང་འཇུག་རླུང་ནི་དུ་བ་འདྲ༔ ཡེ་ཤེས་འཕོས་པའི་ལུས་ལ་ནི༔ དེ་དག་ལའང་དབུགས་མེད་དོ༔ སེམས་ནི་ས་རུ་བྱུང་བས་ན༔
ལྕི་བ་རུ་ནི་སྣང་བ་ཡིན༔ ཡེ་ཤེས་འཕོས་པའི་ལུས་དག་ནི༔ ཆུ་ཡི་ཁ་ལ་ལྡིང་བའོ༔ ལུས་ཀྱི་ཚད་མ་ལྔ་ཆར་ཡང་༔ ལྔ་ཁ་གཅིག་གི་ངོ་བོ་སྟེ༔ གཅིག་ཏུ་གྱུར་པར་ཤེས་བྱས་རྣལ་འབྱོར་པ་ཡི་གནས་ལྟའོ༔ ཞེས་དང་༔ ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས༔ ཆོས་དབྱིངས་བྷ་ག་ཞེས་བྱར་བསྟན༔ དབྱིངས་ནི་སེམས་སུ་ཤེས་པར་བྱ༔ ཞེས་དང་༔ ཡེ་ཤེས་གཏིང་རྫོགས་ལས༔ འཁོར་འདས་གཞི་ལ་གནས་པས་ལྷུན་གྲུབ་སྟེ༔ རང་སེམས་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྐུ༔ ཀུན་ལ་རང་ཆས་ཡོད་ཕྱིར་ཡེ་སངས་རྒྱས༔ །རྟོགས་དང་མ་རྟོགས་མེད་པར་ཀུན་གྱི་གཞི༔ ཞེས་དང་སེམས་རྟོགས་པ་མངོན་པར་བསྔགས་པའི་མདོ་ལས༔ སེམས་ཀྱི་རང་བཞིན་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཤེས་པར་འགྱུར་ཏེ༔ སེམས་སྣང་བའི་ཡུལ་ལ་ཆགས་པར་མི་འགྱུར༔ ཆགས་པ་མེད་ན་ཉོན་མོངས་པ་སྐྱེ་བར་མི་འགྱུར༔ ཉོན་མོངས་པ་མ་སྐྱེས་ན་འཁོར་བར་མི་འགྱུར་བའི་ཕྱིར་རོ༔ ཞེས་དང་༔ རིགས་ཀྱི་བུ་སེམས་ཀྱི་རང་བཞིན་མ་ཤེས་ན་སྦྱིན་པ་ལ་སོགས་བསོད་ནམས་བྱ་བའི་དངོས་པོ་ལུས་ངག་གི་འབད་པ་ཐམས་ཅད་བྱས་ཀྱང་ཆོས་ཀྱི་སྐུ་
ཐོབ་པར་མི་འགྱུར་རོ༔ དེ་མ་ཐོབ་ན་གཟུགས་སྐུ་གཉིས་ཀྱང་གདུལ་བྱ་ལ་སྣང་བར་མི་འགྱུར་རོ༔ ཞེས་གསུངས་སོ༔ དེ་ལྟར་མདོ་རྒྱུད་མན་ངག་ཐམས་ཅད་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པར་གསུངས་ལ༔ ཆོས་ཐམས་ཅད་ཀྱི་རྩ་བ་ཡང་སེམས་ཡིན་པར་གསུངས་པས་སེམས་རྟོགས་པའི་ཐབས་ལ་འབད་དགོས༔ དེ་ཡང་འཇིག་རྟེན་གྱི་ཁམས་ཀྱི་སྡུག་བསྔལ་ཐམས་ཅད་འཁོར་བ་མཐའ་མེད་དུ་འཁྱམ་པ་ཡང་སེམས་མ་རྟོགས་པས་ལན༔ མུ་སྟེགས་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ནི་སེམས་ལོག་པར་རྟོགས་པ་ལས་བྱུང་༔ ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་དང་བྱེ་མདོ་སེམས་ཙམ་སོགས་ཀྱང་ཅུང་ཟད་འོག་མ་བས་གོང་མ་དྲག་པ་ཡང་སེམས་རྟོགས་ཆེ་ཆུང་གི་ཁྱད༔ སེམས་ཀྱི་ངོ་བོ་ཇེ་ཆེར་རྟོགས་པས་ས་ལམ་གྱི་ཡོན་ཏན་ཇེ་ཆེར་གོང་འཕེལ་དུ་འགྲོ༔ སེམས་ཀྱི་རྟོག་པ་མཐར་ཕྱིན་པས་འཚང་རྒྱ་བ་ཡིན༔ དེས་ན་དོན་གྱི་རྩ་བ་སེམས་དེ་ག་འདྲ་བ་ཡོད་ཀྱི་རྩད་གཅོད་དགོས༔ དེ་རྩེད་མ་ཆོད་ན་འབེན་མ་མཐོང་བར་མདའ་འཕེན་པ་ལྟར་སྒོམ་གྱི་རྩ་བ་འཆུགས་པས༔ ཁྱེད་རང་རྣམས་ཀྱིས་སེམས་ཚོལ་བ་གལ་ཆེ་
སྟེ༔ དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས༔ རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག༔ ཅེས་དང་༔ ཨཱརྱ་དེ་ཝས༔ རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ༔ འདོད་ཆགས་པར་གྱུར་པའམ༔ ཞེ་སྡང་བར་གྱུར་པའམ༔ གཏི་མུག་པར་གྱུར་པའི་སེམས་དེ་གང་ཡིན༔ ཅི་འདས་པའམ་མ་འོངས་པའམ༔ ད་ལྟར་བྱུང་བ་ཞིག་ཡིན་ནམ༔ དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ༔ མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ༔ ད་ལྟར་བྱུང་བ་གནས་པ་མེད་དོ་སྙམ་མོ༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ ཤཱ་རིའི་བུ་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གི་སྔོན་དུ་འགྲོ་ཞེ་ན༔ འདི་ལྟ་སྟེ༔ སེམས་ངེས་པར་རྟོགས་པ་སྔོན་དུ་འགྲོའོ༔ ཞེས་དང་༔ བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ ཆོས་རྣམས་ཀུན་གྱི་མཐར་ཐུག་པ༔ རང་བཞིན་གནས་པ་མེད་པའི་དབྱིངས༔ ལྟ་བ་མེད་པའི་སེམས་
ཀྱིས་ནི༔ ཕྱག་རྒྱ་ཆེན་པོ་ལྟ་བར་འགྱུར༔ ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན༔ ཞེས་དང་༔ གསང་བ་མཛོད་ཀྱི་རྒྱུད་ལས༔ སེམས་ཀྱི་གླང་པོ་མི་འདུལ་ན༔ གཡེང་བའི་གནས་སུ་འདུག་ན་འཁྲུལ༔ ཞེས་དང་༔ རང་སེམས་རང་གི་མ་མཐོང་ན༔ ཆེ་བའི་ང་རྒྱལ་སྨྲ་ན་འཁྲུལ༔ རང་རིག་ཉམས་སུ་མ་མྱོང་བར་དཀར་ནག་ཆོས་རྣམས་སྟོན་ན་འཁྲུལ༔ ཞེས་དང་༔ བདག་ཏུ་ལྟ་བ་ཚོལ་རྣམས་དང་༔ ལྟ་བ་རྣམས་ལ་ལོགས་རྣམས་དང་༔ མཐར་ཐུག་དབུ་མར་གང་འདོད་པའི༔ ལྟ་ངན་ཚར་ནི་གཅོད་པའི་ཕྱིར༔ སེམས་ཉིད་དེ་ཉིད་ངེས་བཤད་དོ༔ ཞེས་དང་༔ རང་རིག་ལས་འཁྲུལ་གཞན་རིག་སྣང་༔ སེམས་ཉིད་ལས་འཁྲུལ་བག་ཆགས་འབྱུང་༔ དེ་ནས་རང་སེམས་འཁྲུལ་པ་དག༔ དོན་དུ་སྣང་བ་རབ་ཏུ་སྐྱེ༔ སྐྱེ་བ་མེད་བཞིན་སྐྱེ་བར་འཁྲུལ༔ ལྕགས་སྲེག་ས་གཞི་རང་གི་སེམས༔ མེ་ཚོགས་བྱེད་པ་གཞན་ན་མེད༔ བཀྲེས་སྐོམ་སྡུག་བསྔལ་རང་གི་སེམས༔ ཟས་སྐོམ་འགེག་པ་ལོགས་ན་མེད༔ བརྡེག་སོགས་བཤའ་བཞུར་རང་གི་སེམས༔ སྲོག་གཅོད་ཤན་པ་གཞན་ན་མེད༔ དེས་ན་འགྲོ་བ་
ཐམས་ཅད་ཀྱིས༔ ཚོགས་དྲུག་ཡུལ་དང་ཡུལ་ཅན་རྣམས༔ རྟེན་འབྲེལ་སེམས་སུ་མ་ཤེས་ན༔ དེས་ནི་སངས་རྒྱས་སྤངས་པ་ཡིན༔ སེམས་ཉིད་མ་གཏོགས་སངས་རྒྱས་དང་༔ སེམས་ལས་མ་གཏོགས་ཆོས་གཞན་ཡང་༔ སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་༔ མ་གསུངས་གསུང་པར་མི་འགྱུར་རོ༔ དེས་ན་སེམས་ཅན་ཐམས་ཅད་ཀྱིས་སེམས་ཀྱི་གསང་འདི་གསང་བའི་མཆོག༔ སྐུ་གསུང་ཐུགས་ཀྱི་གསང་བའོ༔ སེམས་ཀྱི་མཛོད་འདི་གསང་བའི་མཛོད༔ རང་རིག་ཡེ་ཤེས་མེ་ཡི་མཛོད༔ དེ་བས་དངོས་གྲུབ་འདོད་པ་ཡི༔ སེམས་ཀྱི་གསང་ཆེན་དག་རབ་འདི༔ སངས་རྒྱས་དང་ནི་བླ་མ་དག༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ་༔ མ་ཡེངས་རྟག་པར་གནས་བྱ་སྟེ༔ ཞེས་དང་༔ འབངས་རྡོ་ཧ་ལས༔ སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ༔ གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ༔ འདོད་པའི་འབྲས་བུ་རབ་ཏུ་སྟེར་བྱེད་པའི༔ ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ༔ སེམས་བཅིང་ན་ནི་འཆིང་འགྱུར་ལ༔ དེ་ཉིད་གྲོལ་ན་ཐེ་ཚོམ་མེད༔ ཅེས་དང་༔ ཆོས་དབྱིངས་བསྟོད་པར༔ སེམས་ནི་རྣམ་པ་གཉིས་སུ་
མཐོང་༔ ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས༔ བདག་ཏུ་འཛིན་པ་འཁོར་བ་སྟེ༔ སོ་སོར་རིག་ན་དེ་ཉིད་དོ༔ ཞེས་དང་༔ སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས༔ ལམ་སྲང་ཆེན་པོར་རྒྱལ་པོ་དང་༔ སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར༔ སེམས་ཀྱི་རྒྱ་ལམ་ཆེན་པོ་ནས༔ སེམས་ཅན་དང་ནི་སངས་རྒྱས་ཀུན༔ རྒྱ་ལམ་དེ་ནས་འགྲོ་བ་ཡིན༔ དེས་ན་རྣལ་འབྱོར་སྤྱོད་པ་ཡིས༔ སེམས་ཀྱི་ལམ་ལ་ནན་ཏན་བྱོས༔ ཞེས་དང་༔ གངྒཱ་མ་ལས༔ དཔེར་ན་སྡོང་པོ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ༔ དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབས་སྐམ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ད་ནི་སེམས་ཞེས་གསལ་འཆར་ཡོད་ལ༔ འདི་ཞེས་མཚན་མར་མ་གྲུབ་པ་འདི༔ ཐོག་མཐའ་བར་གསུམ་བྱུང་གནས་འགྲོ་གསུམ་བརྩད་བཅད་པར་བྱ་སྟེ༔ དང་པོ་གང་ནས་བྱུང་ཅི་ལྟར་བྱུང་༔ གཟུགས་ཁ་དོག་མཚན་ཉིད་གནས་ལུགས་ངོ་བོ་མཚན་ཉིད་ལེགས་པར་གཏན་ལ་ཕབ་སྟེ་བསྐོར་ཞིང་ལྟའོ༔ སྟོང་ཕྱོགས་ཁ་ཏ་ལ་ཞེན་ན་ཤིན་ཏུ་ཡང་ནན་ཏན་བྱའོ༔ ཞེས་དང་༔ དེ་ནས་བར་དུ་གནས་པ་ཐ་མ་འགྲོ་
ས་རྣམས་ལེགས་པར་བརྟགས་ཤིང་ངོ་བོ་ལ་ལྟ་རུ་འཇུག་པ་ཁག་ཆེའོ༔ ཞེས་གསུངས་པ་དང་༔ དེ་རྣམས་ཀྱི་དོན་རྡོ་རྗེའི་ཚིག་རྐང་ལས༔ ཅི་བསམ་བསམ་ཞིང་ཅི་དྲན་དྲན༔ ཅི་མཐོང་མཐོང་ཞིང་ཅི་རིག་རིག་ངོར་བལྟས༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ རང་གིས་ཅི་བསམ་པ་བསམ་ཞིང་གང་བསམ་པ་བསམ་པ་ཅི་དྲན་ཞིང་གང་དྲན་པ༔ ཅི་མཐོང་བ་མཐོང་ཞིང་ཅི་རིག་པ་རིག་པ༔ ངོ་བོར་བལྟས༔ ཞེས་གསུངས་པའི་དོན་ཡིན་པས༔ ད་ལྟ་ནས་བཟུང་སྟེ་སང་ཉིན་ཆོས་ཐུན་མ་བྱུང་གི་བར་ལ་ཁྱེད་རང་རྣམས་ཀྱིས་རང་རང་གི་སེམས་དེ་ལེགས་པར་ཚོལ་བ་གལ་ཆེ༔ རང་གི་སེམས་དེ་ལུས་ཀྱི་ནང་ན་ཡོད་དམ་ཕྱི་ལ་ཡོད༔ ནང་ན་ཡོད་ན་དོན་ལྔ་སྣོད་དྲུག་སྤྱི་བོའི་ཀླད་པ་ནས་རྐང་མཐིལ་ནང་ཡན་ཆད་གང་དུ་སེམས་གདལ༔ བསམ་བློ་ཐོངས་ལ་ཚོལ་ཞིང་༔ གལ་ཏེ་སེམས་སྙིང་གི་ནང་དུ་ཡོད་བསམ་ན༔ སྙིང་ཤུན་ལ་ཡོད་དམ༔ སྙིང་གི་ཚིལ་དང་ཤ་དང་ཁྲག་གང་ལ་སེམས་གདའ༔ ལུས་ཀྱི་ཕྱི་ལ་ཡོད་ན་ལུས་ཀྱི་སྟོད་སྨད་དང་མདུན་རྒྱབ་གང་དུ་གདའ༔ དེ་བས་ཀྱང་ཕྱི་ལ་ཡོད་ན་ཤར་ལྷོ་ནུབ་བྱང་སྟེང་འོག་གང་དུ་
སེམས་གདའ༔ སེམས་དེའི་ཁ་དོག་དཀར་སེར་དམར་ལྗང་མཐིང་ཁ་སོགས་ཁ་དོག་ཅི་ལྟར་གདའ༔ སེམས་དེའི་དབྱིབས་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་སོགས་དབྱིབས་ཅི་ལྟར་གདའ༔ སེམས་དེའི་གཟུགས་མཛེས་མི་མཛེས་ཆེ་ཆུང་ཅི་ལྟར་གདའ༔ སེམས་དེའི་སྒྲ་སྙན་མི་སྙན་ཅི་ལྟར་གདའ༔ སེམས་དེའི་དྲི་ཞིམ་ཙོག་ཅི་ལྟར་ཟློགདའ༔ སེམས་དེའི་རོ་ཁ་མངར་ཅི་ལྟར་གདའ༔ སེམས་དེའི་རེག་བྱ་འཇམ་རྩུབ་ཇི་ལྟར་གདའ༔ སེམས་དེའི་ཆོས་ཉིད་དེ་ཅི་འདྲ་བར་གདའ༔ ལུས་དང་སེམས་གཉིས་གཅིག་ཡིན་ནམ་སོ་སོ་ཡིན༔ ལུས་སེམས་གཅིག་ཡིན་ན་ལུས་འཆི་དུས་སེམས་འཆིའམ༔ སོ་སོ་ཡིན་ན་ལུས་ན་དུས་སེམས་ཅི་ལ་མི་བདེ༔ སེམས་མི་འདུག་བསམ་ན་ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་དང་ཁོང་ཁྲོ་དང་དད་པ་དང་དག་སྣང་སྐྱེ་མཁན་འདི་སུ་ཡིན༔ སེམས་ཡོད་སྙམ་ན་དངོས་པོ་ཅི་ལྟར་གདའ༔ ཡོད་མེད་གཉིས་ཀ་ཡིན་སྙམ་ན་ཡོད་མེད་གཉིས་འགལ་བ་ཡིན་པས་མི་སྲིད༔ སེམས་འདི་དང་པོ་གང་ནས་བྱུང་༔ ད་ལྟ་གང་དུ་གདའ༔ ཐ་མ་གར་འགགས་ནས་འགྲོ༔ ཁྱེད་རང་རྣམས་ང་ཟེར་བ་དེ་ལུས་རེད་དམ་
སེམས་རེད༔ ལུས་དེ་ཡིན་ན་ལུས་ཤི་ཙ་ན་སོ་སོར་འཐོར་རྒྱུ་ཡིན་པས་ང་ཟེར་བ་དང་བདག་ཟེར་བ་དེ་ཤི་ནས་མེད་པར་འགྱུར་རམ༔ སེམས་དེ་ང་ཟེར་བའམ་བདག་ཟེར་བ་དེ་ཡིན་ན༔ སེམས་ལ་གཟུགས་ཁ་དོག་ཅིག་ཡོད་དགོས༔ དེ་མེད་ན་ང་ཟེར་དོན་དང་བདག་ཟེར་དོན་མེད༔ རང་གི་མིང་འདི་ནི་ཕ་མ་དང་སློབ་དཔོན་སོགས་ཀྱིས་བཏགས་པ་ཡིན། མིང་བརྗེས་ན་ང་དང་བདག་བརྗེས་པར་འགྱུར་རམ༔ སེམས་དེ་གཅིག་ཁོ་ན་རེད་དམ་མང་པོ་ཞིག་གདའ༔ གཅིག་ཡིན་ན་མིག་གི་རྣམ་ཤེས་སོགས་རྣམ་ཤེས་ཚོགས་བརྒྱད་ཅི་ལ་འོང་༔ སེམས་མང་པོ་འདུག་ན་མི་གཅིག་ལ་སེམས་མང་པོ་ཡོད་པ་མི་སྲིད༔ སེམས་ནི་རྟག་པ་མི་འགྱུར་བ་གཅིག་འདུག་གམ༔ དེ་འདུག་ན་སེམས་གང་ཡིན་གཅིག་མ་གཏོགས་མང་པོ་དྲན་ཞིང་འགྱུར་འགྲོ་བ་ཅི་ཡིན༔ སེམས་མི་རྟག་པ་ཡིན་ན་ཆགས་ཤིང་ཞིག་པར་འགྱུར་བ་ལ་སེམས་མི་རྟག་ཅིང་མེད་པར་འགྱུར་རམ༔ སེམས་སྣང་བ་གཅིག་ཡིན་ན་མཐོང་ཞིང་བསྟན་དུ་ཡོད་དགོས༔ སེམས་མི་སྣང་བ་ཡིན་ན་ཅི་ཡང་འཆར་མི་བཏུབ༔ སེམས་སྐྱེ་བ་ཡིན་ན་གང་ལས་སྐྱེ༔ སེམས་གནས་པ་ཡིན་ན་གཞི་གང་ལ་གནས༔ སེམས་
འགགས་པ་ཡིན་ན་གང་དུ་འགགས༔ སེམས་མི་དྲན་དགུ་དྲན་མི་འཕྲོ་དགུ་འཕྲོ་ཞིག་འདུག་བསམ་ན༔ སེམས་ཀྱི་དྲན་རྟོག་དེ་དང་པོ་གང་ནས་བྱུང་༔ ད་ལྟ་ངོ་བོ་ཅི་འདྲ་བ་ཞིག་གདའ༔ ཐ་མ་གང་དུ་འགྲོ་ཞིང་འགགས་པར་སྣང་༔ སེམས་སྟོང་པ་ནམ་མཁའ་དང་འདྲའོ་སྙམ་ན་སྟོང་པ་ཉིད་ལ་དྲན་རྟོག་སྣ་ཚོགས་ཇི་ལྟར་འཆར༔ ད་སེམས་དེ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཕར་ཐོངས་དང་འགྲོ་མཁན་འདུག་གམ་མི་འདུག༔ འདུག་ན་འགྲོ་མཁན་དེ་ཅི་འདྲ་ཞིག་གདའ༔ སོང་ན་ཅི་ཙམ་ཕྱིན་པར་གདའ༔ ཚུར་ནམ་དུས་ཙམ་འཁོར་འོང་ངོ་༔ དེ་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་སེམས་ཐོངས་ལ་འགྲོ་ལུགས་ཅི་འདྲ༔ འགྲོ་མཁན་ཅི་ལྟ་བུ༔ ཚུར་ཇི་ལྟར་འཁོར་བསམ་བློང་ཐོང་མཛོད༔ མིག་གིས་གཟུགས་སྣ་ཚོགས་མཐོང་བ་འདི་ཡང་མིག་གིས་མཐོང་ངམ་སེམས་ཀྱི་མཐོང་༔ མིག་གིས་མཐོང་ན་ཤི་བའི་རོས་ཀྱང་མཐོང་ངམ༔ སེམས་ཀྱིས་མཐོང་ན་སེམས་ལ་མིག་འདུག་གམ༔ མིག་མེད་པར་སེམས་ཀྱིས་གཟུགས་མཐོང་ན་ལོང་བས་ཀྱང་གཟུགས་མཐོང་ངམ༔ དེ་བཞིན་དུ་རྣ་བས་སྒྲ་ཇི་ལྟར་ཐོས་དང་༔
སྣས་དྲི་ཅི་ལྟར་ཚོར་དང་༔ ལྕེས་རོ་ཅི་ལྟར་མྱོང་དང་༔ ལུས་ཀྱི་རེག་བྱ་ཇི་ལྟར་ཚོར་ལེགས་པར་དཔྱོད༔ ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་ཆགས་པ་གཏི་མུག་རྣམས་སྐྱེ་དུས༔ དེ་ལུས་ལ་སྐྱེའམ་སེམས་ལ་སྐྱེ༔ ལུས་ལ་སྐྱེ་ན་རོ་ལ་ཡང་སྐྱེའམ༔ སེམས་ལ་སྐྱེ་ན་དང་པོ་ཇི་ལྟར་གང་ནས་སྐྱེ༔ ད་ལྟ་ཞེ་སྡང་སོགས་སྐྱེ་བའི་སེམས་དེ་ལ་ཅི་ལྟར་གདའ༔ སེམས་དང་ཞེ་སྡང་གཅིག་ཡིན་ནམ་སོ་སོ་ཡིན༔ མཐར་ཞེ་སྡང་སོགས་གང་དུ་འགགས་ཤིང་ཡལ༔ སེམས་ཀྱི་རྣམ་རྟོག་ཅེས་སམ་འགྱུ་བ་ཞེས་སམ༔ དྲན་རྟོག་སྣ་ཚོགས་འཆར་བ་འདི་དང་པོ་གང་ནས་བྱུང་ཨེ་གདའ༔ དེ་གདའ་ན་སང་སྐྱེ་རྒྱུའི་རྣམ་རྟོག་ཚོ་དེ་རིང་གང་ནས་འོང་ཞིང་ཡོད༔ ཁར་སང་ཕན་གྱི་རྣམ་རྟོག་ཚོ་གར་སོང་༔ ད་ལྟའི་རྣམ་རྟོག་འདི་ཚོ་གང་ན་བསྡད་ནས་གདའ༔ དེ་ཚོ་བསམ་བློ་ལེགས་པར་ཐོངས་ལ་བརྟག་དཔྱད་མཛོད༔ འདི་གལ་ཆེ་བ་ཡིན་པས་སྤོམ་ཡོར་ལ་མ་བཞག༔ གཞན་ལ་དྲིས་ནས་བཤད་པས་མི་ཆོག༔ སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་རང་གིས་མཐོང་དགོས༔ རང་གིས་མ་མཐོང་ན་གཞན་གྱི་ཁ་སྟངས་བྱེད་པ་དང་ཁ་རྩོབ་བྱས་པས་མི་ཆོག༔ སྒོམ་ཁ་རྩོབ་ཁྱི་མི་རི་ཟེར་བ་
ཡིན༔ རང་གིས་ཁོ་ཐག་ཆོད་པའི་ངེས་ཤེས་མེད་ན་ཡི་གེ་ཤེས་པས་དཔེ་རྒྱུད་ནས་བཤད་ནས་རང་གི་རྟོགས་ཁས་བ་བྱས་པས་མི་ཆོག༔ དེ་མི་ནག་ཆོས་རྒྱུས་མཁན་དྲེད་པོ་ཆོས་སྡུག་ཏུ་འགྲོ་བ་ཡིན༔ དེས་ན་དཔེ་རྒྱུད་ལ་འདི་འདྲ་གདའ་བསམ་པའི་གོ་བ་སྐམ་པོ་མ་བཤད༔ རང་མགོ་རང་གཡོག་ཏུ་འགྲོ་བ་ཡིན༔ སྐམ་ཐག་ཆུ་ནང་ནས་གཅོད་དགོས༔ ད་ལྟ་རྡོ་རུས་ཐུག་པར་ཚོལ་ལ་བཤད་རྒྱུ་ཡོད་པར་གྱིས༔ ངས་བཙལ་བས་མི་སྙེད་སྙམ་ནས་དཔའ་མ་ཞུམ༔ དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ༔ གདམས་པ་ཟབ་མོ་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ལྟ་བུ་འཆད་དུས་མི་རྙེད་ན༔ དུད་འགྲོ་སོགས་སུ་སྐྱེ་དུས་རྙེད་དམ༔ སེམས་མ་རྙེད་ན་སྡུག་བསྔལ་ཡང་བྱེད་མི་དགོས་མ་རྙེད་ལུགས་དེ་ཤོད༔ གཟུགས་ཁ་དོག་སོགས་མཐོང་ན་ཡང་བཤད་མི་ཕོད་མི་དགོས༔ རྩ་རིག་བཟང་བ་ལ་རྟགས་བཅུ་སོགས༔ ཅི་ཡང་འཆར་བ་ཡིན༔ དེས་ན་སང་ཉིན་སྔ་དྲོ་ནས་བཟུང་སྟེ་ཁོང་ཁྲིད་གཉེར་བ་རྣམས་ལ་ཁྱེད་ཁྲིད་ཞུ་མ་མྱོང་བ་ཐམས་ཅད་ཀྱིས་རང་རང་གིས་ཇི་མཐོང་བ་དེ་མ་གསང་བར་ཤོད༔ སྔར་ཁྲིད་ཐོབ་ན་ཡང་སེམས་ངོ་མ་འཕྲོད་པ་ཡོད་
ན་ཁྲིད་གཉེར་བ་ལ་རང་གིས་ཅི་མཐོང་ཤོད༔ ད་ལྟ་ནས་བཟུང་སྟེ་ནང་པར་བར་སེམས་དོ་དམ་གྱིས་ཚོལ་དང་དེས་ཆོག༔ རྒྱུན་དུ་ཚོལ་མི་དགོས༔ ནང་པར་ཚུན་ཐག་ཆོད་པར་མ་བཙལ་ན་རྗེས་ནས་ཕྱི་བཞག་བྱས་པས་མི་ཕན༔ སྔར་ནས་སེམས་ངོ་རང་རང་ཐག་ཆོད་པ་ཡོད་ན་ཁྲིད་གཉེར་པ་ལ་བཤད་ནི་མི་དགོས་ཏེ༔ ཁྲིད་འདིའི་ཆ་ཚང་བའི་གནད་ཡོད་པས་ཚོལ་ནི་དགོས༔ འདི་སང་སྔ་དྲོ་ཚུན་ཐག་མ་ཆོད་ན་སང་ཉིན་ཆོས་ཐུན་བཤད་འདག་མེད་པ་ཡིན་པས༔ དབེན་སར་སྡོད་ལ་ལུས་གནད་ཆོས་ལ་རང་སེམས་ཅི་འདྲ་ཞིག་གདའ་བ་དེ་ནང་པར་བཤད་རྒྱུ་ཡོད་པ་གལ་ཆེ༔ འདི་ལེགས་པར་སེམས་བཙལ་ན་ཇ་ཚེ་གཅིག་ནས་ཐག་ཆོད་འོང་བས༔ བཤད་རྒྱུ་ཡོད་པ་ཚོས་དོ་དགོང་ནས་ཁྲིད་གཉེར་བ་ལ་ཤོད་ཅིག༔ དེ་ལྟར་སྤྲོས་པ་ནང་ནས་གཅོད་པ་ལྷག་མཐོང་ཐུན་མོང་བའི་ཆོས་ཐུན་ཞུས་པའི་དགེ་རྩི༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་མྱུར་དུ་རྟོགས་པའི་ཕྱིར་དུ་བསྔོ་བའི་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ ཐུན་མོང་མན་ངག་ལུགས་ཀྱི་ལྷག་མཐོང་དཔྱད་སྒོམ་གྱི་སྐབས་ཏེ་ཆོས་ཐུན་བཅུ་དྲུག་
པའོ༔ ད་ནི་ངོ་སྤྱོད་གདབ་པ་ཡིན་ཏེ་ངོ་སྤྲོད་ལ་མཐོ་དམན་ས་མཚམས་མང་དུ་ཡོད་པས་ཁྱེད་རང་རྣམས་མ་ཡེངས་པར་ཉོན་ལ་རང་ཕོར་ངོས་ལེན་མཛོད༔ དེ་ཡང་རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ དང་པོ་གནས་འགྱུ་ངོ་སྤྲོད་པ་ནི༔ དཀྱིལ་གནས་ཡུད་འགྱུ་གཉིས་ཀ་རིག༔ ཅེས་དང་༔ དེའི་ལྕི་འགྲེལ་པ་ཐུགས་རྗེ་ཆེན་པོའི་གསུངས་པ་ལས༔ དཀྱིལ་ལེ་གནས་པ་ནི་གནས་པའོ༔ ཡད་ཡུད་འཕྲོ་བ་ནི་འགྱུ་བའོ༔ དེ་གཉིས་རིག་པ་ནི་རིག་པའོ༔ ཞེས་གསུངས་སོ༔ དེའི་དོན་བཤད་ན༔ མདོ་སྡེ་དཀོན་མཆོག་བརྩེགས་པ་ལས༔ འོད་སྲུང་སེམས་ནི་ནང་ན་ཡང་མེད༔ ཕྱི་རོལ་ན་ཡང་མེད༔ གཉིས་ཀར་མེད་པ་ཡང་མི་དམིགས་སོ༔ འོད་སྲུང་སེམས་ནི་དཔྱད་དུ་མེད་པ༔ བསྟན་དུ་མེད་པ༔ རྟེན་མ་ཡིན་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ༔ འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ༔ ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར༔ སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་
གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན༔ འོད་སྲུང་སེམས་ནི་སྒྱུ་མ་དང་མཚུངས་ཏེ༔ ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པས་སྐྱེ་བ་མང་པོ་ཡོངས་སུ་འཛིན་ཏོ༔ འོད་སྲུང་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ༔ མི་གནས་པ་སྐྱེས་ནས་འཇིག་འཇུ་བའོ༔ འོད་སྲུང་སེམས་ནི་རླུང་དང་མཚུངས་ཏེ་རིང་དུ་འགྲོ་ཞིང་བཟུང་དུ་མེད་པར་རྒྱུའོ༔ འོད་སྲུང་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ༔ རྒྱུ་དང་རྐྱེན་ལས་འབྱུང་བའོ༔ འོད་སྲུང་སེམས་ནི་ནམ་མཁའ་དང་མཚུངས་ཏེ༔ ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ༔ འོད་སྲུང་སེམས་ནི་གློག་དང་མཚུངས་ཏེ༔ སྐད་ཅིག་ཏུ་འཇིག་ཅིང་མི་གནས་སོ༔ ཞེས་དང་༔ འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ༔ གང་མི་རྙེད་པ་དེ་ནི་མི་དམིགས་སོ༔ གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན༔ མ་འོངས་པ་ཡང་མ་ཡིན༔ ད་ལྟར་བྱུང་བ་ཡང་མ་ཡིན་ནོ༔ གང་འདས་པ་ཡང་མ་ཡིན༔ མ་འོངས་པ་ཡང་མ་ཡིན༔ ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ༔ གང་
དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན༔ ཞེས་དང་༔ འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས༔ དེ་སེམས་ཀུན་ཏུ་ཚོལ་བ་ན༔ སེམས་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་༔ སེམས་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་༔ སེམས་ཕྱི་དང་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་༔ ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་༔ ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་༔ སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་༔ ཞེས་དང་༔ རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པར་རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་དང་འདྲ་བ༔ འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མེ་དང་འདྲ་བ༔ རྒྱང་རིང་པོར་འགྲོ་བ་ལུས་མེད་པ་ཡུལ་ལ་སྐམ་པ༔ སྐྱེ་མཆེད་དྲུག་ལ་སྤྱོད་ཡུལ་བ༔ གཞན་དང་གཞན་གྱིས་ཤེས་པ་དང་ལྡན་པའི་སེམས་གནས་པ༔ རྩེ་གཅིག་པ་མི་འཕྲོ་བ་རྣམ་པར་མི་འཕྲོ་བ་ཞི་གནས་ལ་རྩེ་གཅིག་པ་གཡེང་བ་མེད་པ་འདི་ནི་སེམས་གནས་པ་ཞེས་བྱའོ༔ ཞེས་དང་༔ བརྒྱད་སྟོང་པར༔ སེམས་ནི་
སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ༔ ཞེས་དང་༔ ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ རྟོག་པ་མེད་ཅིང་རྣམ་རྟོག་མེད༔ བཟུང་བ་མེད་ཅིང་བསྟན་དུ་མེད༔ སེམས་ཀྱང་དམིགས་པ་མེད་པ་སྟེ༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་དང་༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི༔ ཏིང་འཛིན་རྒྱལ་པོ་འདི་སྒོམ་ན༔ རྣམ་རྟོག་བགྲོད་།དཀའ་ལས་འདས་ནས༔ རིམ་གྱིས་མི་རྟོག་ཡེ་ཤེས་འགྱུར༔ ཞེས་དང་༔ མདོ་སྡེ་དགོངས་པ་ངེས་འགྲེལ་ལས༔ བྱང་ཆུབ་སེམས་དཔའ་ཅི་ཙམ་གྱིས་ལྷག་མཐོང་སྒོམ་པ་ལགས༔ བཀའ་སྩལ་པ༔ གང་གི་ཚེ་རྒྱུན་ཆགས་སུ་དམིགས་པའི་ཚོགས་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས༔ བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལ་ཡོངས་སུ་བཙལ་བར་བྱའོ༔ དེ་ཅིའི་ཕྱིར་ཞེ་ན༔ སེམས་དེ་ནི་རང་བཞིན་གྱི་རྣམ་པར་དག་པ་ཡིན་ཏེ༔ དེ་ནི་ནང་ནའང་མེད༔ ཕྱི་རོལ་ནའང་མེད་གཉིས་ཀའི་བར་ནའང་གནས་མི་དམིགས་སོ༔ གསང་བའི་བདག་པོ་སེམས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ཏེ༔ སྔོན་པོ་མ་ཡིན་སེར་པོ་མ་ཡིན་དམར་པོ་མ་ཡིན་དཀར་པོ་མ་ཡིན་ཁ་དོག་ལེ་བརྒན་དུ་མ་ཡིན་ཤེལ་གྱི་ཁ་དོག་ཏུ་མ་ཡིན༔ ཐུང་ངུ་མ་ཡིན་རིང་པོ་མ་ཡིན་ཟླུམ་པོ་མ་ཡིན་གྲུ་བཞི་མ་ཡིན་སྣང་བ་མ་ཡིན་མུན་པ་མ་ཡིན༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཆོས་གང་དང་གང་བསྟན་པ་དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བ་དང་༔ སེམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་པར་རིག་པར་བྱའོ༔ གསང་བའི་བདག་པོ་དེ་ལྟ་བས་ན༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་ཤེས་པར་འདོད་ན༔ རང་གི་སེམས་ཤེས་པར་བྱའོ༔ ཞེས་དང་༔ དུས་འཁོར་རྩ་རྒྱུད་ལས༔ མ་སྐྱེས་པ་དང་མ་འགགས་པའི༔ ཤེས་བྱ་གང་ཞིག་འདིར་མཐོང་བ༔ ནང་གི་ཤེས་བྱ་དབྱེ་བའི་ཕྱིར༔ རང་གི་སེམས་ལས་དེ་གཞན་མིན༔ ཞེས་དང་༔ དྲི་མེད་འོད་ལས༔ གཅིག་མིན་དུ་མའི་མཚན་ཉིད་མིན༔ དངོས་མེད་དངོས་པོ་མེད་པས་མིན༔ འདི་ནི་རྟེན་འབྲེལ་ཆོས་སྐུའོ༔ ཞེས་དང་༔ སྡོམ་འབྱུང་ལས་གཅིག་དང་གཅིག་མིན་སྦྱོར་བ་
བྲལ༔ སྐད་ཅིག་ཉིད་ལ་དེ་རབ་སྐྱེ༔ འདི་ནི་རང་རིག་ཡེ་ཤེས་ཏེ༔ ངག་གི་སྤྱོད་ཡུལ་ལས་འདས་པ༔ རྨད་དུ་བྱུང་བ་རྣམས་སྐྱེས་པའོ༔ ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན༔ ཞེས་དང་༔ ཆོས་ཀྱི་རྒྱ་མཚོའི་མདོ་ལས༔ སེམས་གཅིག་དང་གཉིས་སུ་མེད་པར་ཤེས་ན༔ དཔེར་ན་མེ་ལོང་གི་སྟེང་གི་རྡུལ་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་འདྲའོ་མཚུངས་སོ༔ ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་མར་མེ་གཅིག་བཏེགས་པས་སེལ་བ་བཞིན་དུ༔ སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་ཤེས་པ་ཙམ་གྱིས་བསྐལ་པ་གྲངས་མེད་པར་བསགས་པའི་སྡིག་པ་སྐད་ཅིག་གིས་འདག་གོ༔ ཞེས་དང་༔ ཆོས་དབྱིངས་བསྟོད་པར༔ སེམས་ནི་རྣམ་པ་གཉིས་སུ་མཐོང་༔ ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས༔ བདག་ཏུ་འཛིན་པ་འཁོར་བ་སྟེ༔ སོ་སོར་རིག་ན་དེ་ཉིད་དོ༔ ཞེས་དང་༔ ཡང་སྙིང་འདུས་པའི་རྒྱུད་ལས༔ རྟོག་ཚོགས་ཆོས་སྐུ་རང་གྲོལ་ཡིན༔ ཞེས་དང་༔ གཤེད་དམར་རྒྱུད་ལས༔ རྐྱེན་ལས་བྱུང་བ་མ་མཐོང་ཞིང་༔ དོན་ཉིད་ཀྱིས་ནི་ཚོར་བ་མེད༔ སྐྱེ་བ་དང་ནི་འཇིག་པ་ཡང་༔ གང་ལས་འབྱུང་བ་རྣམ་པར་
བརྟགས༔ འདི་ལ་བསལ་བྱ་ཅི་ཡང་མེད༔ བཞག་པར་བྱ་བ་ཅུང་ཟད་མེད༔ ཡང་དག་ཉིད་ལ་ཡང་དག་ལྟ༔ ཡང་དག་མཐོང་བ་རྣམ་པར་གྲོལ༔ ཞེས་དང་༔ ཤནྟི་པས༔ གནས་ན་ཞོག་ལ་འཕྲོ་ན་ཐོང་༔ གཉེར་ཁ་མ་བྱེད་ཡན་དུ་ཆུག༔ ཆེད་དུ་གང་འཛིན་འཁྲུལ་པ་ཡིན༔ རྫིང་ལ་འཕུར་བའི་བྱ་རོག་ལྟོས༔ ཞེས་དང་༔ ཡུམ་བར་པ་ལས༔ རིགས་ཀྱི་བུ་ལུས་དང་ངག་དང་ཡིད་ཀྱི་ལས་ཅི་བྱེད་དུ་རུང་སྟེ༔ དེ་རྣམས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་ཤིག་དང་༔ ཁྱོད་ཀྱི་ལས་བདུད་རྩིའི་འབྲས་བུར་འགྱུར་ཏེ་མཐར་བདུད་རྩིར་འགྱུར་རོ༔ རང་བཞིན་སྟོང་པ་ཉིད་ལ་གང་འཇིག་པར་འགྱུར་བའམ་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཉིད་དེ་ལྟ་བུ་གང་ཡང་མེད་དོ༔ ཞེས་དང་༔ རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་མདོར༔ སེམས་ཀྱི་རྣམ་རྟོག་གང་སྐྱེས་པ༔ སེམས་ཀྱིས་སེམས་ལ་བརྟགས་བྱས་ནས༔ རང་བཞིན་མེད་པར་ཤེས་པ་ནི༔ ཤེས་རབ་ཕ་རོལ་ཕྱིན་པ་སྟེ༔ དེ་ཡི་ངང་ལ་མ་ཡེངས་པ༔ དེ་ནི་ཏིང་ངེ་འཛིན་ཅེས་བྱ༔ ཞེས་དང་༔ གསང་འདུས་ལས༔ དངོས་པོ་ཐམས་ཅད་དང་བྲལ་བ༔
ཕུང་པོ་ཁམས་དང་སྐྱེ་མཆེད་དང་༔ གཟུངས་དང་འཛིན་པ་རྣམ་པར་སྤངས༔ ཞེས་དང་༔ རྫོགས་པ་ཆེན་པོ་ཚིག་གསུམ་པའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ༔ རང་གི་རིག་པ་འགགས་པ་མེད་པར་ཝལ་ལེ་གསལ་བ་འདི་སངས་རྒྱས་ཡིན་ནོ༔ རང་གི་རིག་པ་འགགས་པ་མེད་པར་གསལ་བ་འདི་དང་འབྲལ་བ་མེད་པས༔ སངས་རྒྱས་ཆོས་སྐུ་བསྒོམ་དུ་མེད་དོ༔ རང་གི་རིག་པ་ཝལ་ལེ་བ་འདི་སངས་རྒྱས་ཡིན་པར་རང་གིས་ངོ་ཤེས་པས་ཆོག་གོ༔ ཞེས་དང་༔ ཡེ་ཤེས་མར་མེའི་རྒྱུད་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་ཚེསྩལ་པ༔ ཆོས་སྐུ་མཚན་མར་མ་གྲུབ་པ་སྟོང་པར་བཞུགས་པ་ནི༔ རང་གི་ཤེས་རིག་གི་ངོ་བོ་སེང་ངེ་བ་འདི་དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པ༔ སྟོང་སང་ངེ་འདུག་པ་འདི་ཡིན་ནོ༔ ཞེས་དང་༔ གསང་བའི་བདག་པོ༔ ཆོས་སྐུ་ལྷུན་གྱིས་གྲུབ་པ་ནི༔ རང་གི་སྙིང་གི་དཀྱིལ་ན་རང་གི་རིག་པ་འོད་གསལ་གྱི་ཕུང་པོར་བཞུགས་པ་ཡིན་ནོ༔་ཐམས་ཅད་དུ་གསལ་བ་ནི་གཞི་མ་འགགས་པར༔ རང་གི་རིག་པ་མིག་གི་ནང་ནས་ཕར་སོང་བས༔ གཟུགས་མཐོང་བ་མ་འགགས་པར་ཤར་རོ༔ རང་གི་མིག་མ་འགགས་པ་དེ་
ཀ་ཆོས་ཀྱི་སྐུའི་ཡེ་ཤེས་ཡིན་ནོ༔ རང་གི་རྣ་བས་སྒྲ་ཐོས་མཁན་གྱི་རིག་པ་དེ་ཀ་ཆོས་སྐུ་ཡིན་ནོ༔ རང་གི་རིག་པ་སྣ་ལ་ཕར་སོང་བ་དེ་ཀ་དྲི་མ་འགགས་པར་མྱང་ངོ་༔ དྲི་ཚོར་མཁན་གྱི་རིག་པ་དེ་རང་ཆོས་སྐུ་ཡིན་ནོ༔ རང་གི་རིག་པ་མར་སོང་བས་ཕོ་མོའི་དབང་པོ་འཕྲད་བདེ་བ་མ་འགགས་པར་ཤར༔ བདེ་བ་མྱོང་བའི་རིག་པ་དེ་ཀ་ཆོས་ཟློསྐུ་ཡིན་ནོ༔ དེ་ངོ་ཤེས་པར་གྱིས་ཤིག༔ ཅེས་དང་༔ གསང་བའི་བདག་པོ་རྣམ་པར་རྟོག་པ་ཐམས་ཅད་རང་གི་རང་ལ་སྣང་༔ རང་གི་རིག་པ་རང་ལ་ལོག༔ རྒྱ་མཚོ་དང་ཆུ་བྲན་ལྟ་བུར་སངས་རྒྱས་པ་ཡིན་ནོ༔ ཞེས་དང་༔ བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས༔ ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག༔ རང་གི་ཤེས་རིག་གི་ངོ་བོ་དང་དངོས་པོ་དང་ཁ་དོག་ཅི་ཡང་ངོ་བོར་མ་གྲུབ་པས་སྟོང་སང་ངེ་འདི༔ ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན་ནོ༔ སྟོང་བདེ་ཙམ་ནས་སྟོང་པ་ཕྱལ་ཆད་དུ་མ་སོང་བར་རང་གི་ཤེས་རིག་ཝལ་ལེ་གསལ་བ་འདི་ཀ་ཀུན་ཏུ་བཟང་པོ་ཡིན་ནོ༔ རང་གི་རིག་པ་ངོ་བོ་སྟོང་པ་དང་ཤེས་རིག་མ་འགགས་པར་གསལ་བ་འདི་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན་
ནོ༔ རིགས་ཀྱི་བུ་རང་གི་རིག་པ་གསལ་སྟོང་དབྱེར་མེད་འདི༔ སངས་རྒྱས་ཉག་གཅིག་ཏུ་ཤེས་པར་གྱིས་ཤིག༔ རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ཀ་ཀུན་ཏུ་བཟང་པོ་ཡིན་ནོ༔ རང་གི་རིག་པ་མ་འགགས་པར་གསལ་བ་འདི་ཀུན་ཏུ་བཟང་པོར་ཤེས་པར་གྱིས་ཤིག༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེས་རིག་པ་གཅེར་མཐོང་དུ་ངོ་སྤྲད་པ་ལས༔ ཨེ་མ་ཧོ༔ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ༔ ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ༔ འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་༔ འདོད་ནི་ཐེག་པ་བཅུ་གཉིས་དག་ཏུ་འདོད༔ མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས༔ ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར༔ མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས༔ ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར༔ སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས༔ ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས༔ ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས༔ ལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས༔ ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས༔ ལ་ལས་ཐིག་ལེ་ཉག་གཅིག་མིང་
དུ་བཏགས༔ ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས༔ ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས༔ འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྱད་ན༔ འདས་པའི་རྟོག་པ་རྗེས་མེད་ཡལ་བའི་སྟེང་༔ མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ༔ ད་ལྟའི་བཟོ་མེད་རང་ལུགས་གནས་པའི་དུས༔ ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ༔ རང་གིས་རང་ལ་གཅེར་གྱིས་ལྟ་བའི་ཚེ༔ བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ༔ རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ༔ གྲུབ་པ་མེད་པའི་སྟོང་དྭངས་སང་ངེ་བ༔ གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ༔ རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད༔ ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ༔ གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ༔ དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས༔ གཞན་ན་མེད་དེ་རང་རིག་འདི་ཉིད་དོ༔ གདོད་མའི་གཞིའི་གནས་ལུགས་དོན་གྱི་ངོ་སྤྲོད་དེ༔ འདི་ལ་སྐུ་གསུམ་དབྱེར་མེད་ཅི་ཡང་ཚང་༔ ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ༔ སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན༔ འགགས་མེད་ཅིར་ཡང་ཤར་བ་སྤྲུལ་སྐུ་ཡིན༔ གསུམ་ཀ་གཅིག་ཏུ་ཚང་བ་ངོ་བོ་ཡིན༔ འདི་
ཉིད་བཙན་ཐབས་མཛུབ་ཚུགས་ངོ་སྤྲད་ན༔ ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན༔ མ་བཅོས་རང་གསལ་ཤེས་པ་འདི་ཀ་ཡིན༔ སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར༔ འདི་ལ་བསྒོམ་རྒྱ་ཅི་ཡང་མེད་པ་ལ༔ བསྒོམ་རྒྱུ་མ་བྱུང་བྱ་བ་ཅི་ལ་ཟེར༔ རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ༔ རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར༔ གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ༔ སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར༔ ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ༔ བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར༔ འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ༔ བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར༔ མ་བཅོས་རང་སར་བཞག་པས་ཆོག་པ་ལ༔ གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར༔ བྱར་མེད་ཅོག་གེ་བཞག་པས་ཆོག་པ་ལ༔ དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར༔ གསལ་རིག་སྟོང་གསུམ་དབྱེར་མེད་གཅིག་པ་ལ༔ འགྲུབ་དང་མ་འགྲུབ་བྱ་བ་ཅི་ལ་ཟེར༔ རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ༔ རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར༔ རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ༔ གཉེན་པོ་མ་བྱུང་བྱ་བ་ཅི་ལ་ཟེར༔ ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ༔ འདི་ལ་མེ་ཤེས་བྱ་བ་ཅི་ལ་ཟེར༔ སེམས་ཉིད་སྟོང་
པ་གཞི་མེད་ཡིན་པར་ངེས༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས་གླང་དཔལ་སེང་ལ་གསུངས་པ༔ ཁྱོད་རང་སེམས་ལ་ལྟ་མཁན་ཁོ་རང་ཡིན༔ གསལ་སྟོང་ཟུང་འཇུག་གཉུག་མའི་ངོ་བོ་དེ་དང་མ་བྲལ་བར་གྱིས༔ ཐོས་པ་མང་པོ་གཅིག་ཁ་བཀང་དུ་འཇུག་པའི་མན་ངག་ཡིན་ནོ་གསུངས༔ དཔལ་གྱི་ཡེ་ཤེས་ལ་གསུངས་པ༔ སྣང་སྲིད་སེམས་སུ་ཆོད་ན་གཞལ་ཡས་ལོག་ན་མེད་དོ༔ རང་ཐག་ནང་དུ་ཆོད་ན་ལྷ་ཚོགས་གཅིག་ལ་འདུས༔ གཅིག་པོ་རང་མཚང་རིག་ན་སངས་རྒྱས་དེ་རང་ཡིན་ནོ་གསུངས་སོ༔ མཁས་པ་ཤྲཱི་སེང་ཧའི་ཞལ་ནས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བླ་མའི་གདམས་པ་ཚིག་གསུམ་དུ་འདུས་ལུགས་ནི༔ ཐོག་མར་ཀུན་གཞི་རྩད་བཅད་པ་དང་གཅིག༔ སྲིད་རྩ་བདག་བརྟགས་པ་དང་གཉིས༔ ཡེ་ཤེས་ཟུང་འཇུག་གི་གདམས་པ་དང་གསུམ་མོ༔ དང་པོ་ཆོས་ཐམས་ཅད་རང་སེམས་ལ་འདུས་པར་བསྟན་པ་ལ༔ སེམས་འདི་དང་པོ་གང་ནས་བྱུང༔ བར་དུ་གར་གནས༔ མཐར་གར་འགྲོ་དང་གསུམ་མོ༔ བརྟགས་པས་དང་པོ་གང་ནས་ཀྱང་མ་བྱུང་༔ བར་དུ་གང་དུ་ཡང་མི་གནས༔ མཐར་གོར་ཡང་མ་སོང་
སྟེ༔ དེ་ལྟར་ཁ་དོག་དང་དབྱིབས་གཟུགས་སུ་མ་གྲུབ་ཅིང་༔ གསལ་སྟོང་སྤྲོས་བྲལ་ལས་ཅི་ཡང་མ་གྲུབ་པ་ནི་ཀུན་གཞི་རྩད་ནས་ཆོད་པའོ༔ སྲིད་རྩ་དག་པ་ནི་ངའམ་བདག་བྱ་བའི་འགོང་པོ་དེ༔ ཕྱི་ཡུལ་སྣང་སེམས་སྣོད་བཅུད་རང་ལུས་བཅས་པའི་ཡུལ་ཕར་ལ་བལྟས༔ རང་གི་གཞི་ལམ་འཇོག་པའི་ཡུལ་ལ་ཚུར་བལྟས་པས༔ གར་གནས་དང་འདི་ཞེས་སུ་མ་བཏུབ་པ་དེ་བདག་མ་གྲུབ་པའོ༔ ཡེ་ཤེས་དང་ཟུང་འཇུག་གི་གདམས་ངག་ནི༔ བདག་མེད་མ་སྙེད་པའི་ངང་དེ་ཀ་ལ་སེམས་ཀློད་དེ༔ འབད་རྩོལ་མེད་པར་ལམ་མེ༔ ལྷན་ནེ་ས་ལེ་ཧྲིག་གེ་རང་དངས་སུ་བསྒོམ་ནས་གོམས་པར་བྱེད་པ་ཡིན་ནོ༔ ཞེས་གསུངས་སོ༔ ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཆེན་པོ་ལས༔ དེ་ནས་སེམས་ཀྱི་བྱུང་ས་དང་༔ གནས་ས་འགྲོ་ས་འགྲོ་མཁན་དང་༔ གཟུགས་དང་ཁ་དོག་དངོས་པོ་དང་༔ སྐྱོན་དང་ཡོན་ཏན་ཅི་འདུག་བརྟག༔ ཡང་ཡང་དམིགས་པ་གཏད་ཅིང་བསྒོམ༔ སེམས་ལ་བྱུང་ས་མ་རྙེད་ན༔ སེམས་ཉིད་སྟོང་པར་ཐག་ཀྱང་བཅད༔ སྟོང་པ་བཟུང་ཡུལ་བྲལ་བ་དེ༔ ཆོས་ཀྱི་སྐུ་རུ་ངོ་ཡང་སྤྲད༔ རྒྱུན་དུ་དེ་ལ་གནས་པར་བྱ༔ དེ་ནས་སེམས་ཀྱི་
གནས་ས་ནི༔ ཡོད་དོ་བྱས་ན་ངོ་བོ་སྟོང་༔ མེད་དམ་བྱས་ན་བརྟགས་བྱེད་གསལ༔ སྟོང་གསལ་ངོས་བཟུང་བྲལ་བ་དེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་ནི༔ སྟོང་གསལ་འགགས་མེད་ངོ་ཡང་སྤྱད༔ རྒྱུན་དུ་དེ་ཉིད་ངང་གནས་བྱ༔ དེ་ནས་སེམས་ཀྱི་འགྲོ་ས་ནི༔ མེད་དམ་བྱས་ན་ཡོད་པར་སེམས༔ དགེ་བཅུ་སྤྱད་པས་ཐར་པ་བློཐོབ༔ མི་དགེ་སྤྱད་པས་ངན་སོང་ལྟུང་༔ དེ་ལྟར་ལེགས་ཉེས་ལས་རྣམས་ཀུན༔ སེམས་ཀྱིས་བྱས་པ་གང་དུ་གྲུབ༔ དེས་ན་སྤྲུལ་པའི་སྐུ་དང་འདྲ༔ ད་ལྟའི་ཤེས་པ་སྐད་ཅིག་མ༔ སེམས་ལ་དྲན་བསམ་དཔག་མེད་འཆར༔ སེམས་ཀྱིས་སེམས་ལ་ཕར་བལྟས་པས༔ ཐོགས་མེད་དངོས་པོར་མ་གྲུབ་པས་འགྱུ་བ་དྭངས་སང་སེར་བུ་འདྲ༔ དེ་བཞིན་སེམས་ཀྱིས་མིང་དང་གཟུགས༔ ཁ་དོག་སྐྱེ་མཆེད་བཅས་པ་ནི༔ འགྲོ་བྱ་འགྲོ་བྱེད་མཁན་པོ་མེད༔ དེས་ན་སེམས་ཉིད་སྐྱེ་འགགས་མེད༔ སྤྲུལ་པའི་སྐུ་རུ་ངོ་ཡང་སྤྲད༔ དེ་ལྟར་སྐུ་གསུམ་སེམས་ལ་ཚང་༔ ཞེས་དང་༔ རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ དཀྱིལ་གནས་ཡུད་འགྱུ་གཉིས་ཀ་རིག༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ༔ ཞེས་
དང་༔ དེའི་རང་འགྲེལ་ལས༔ གནས་པ་ཆོས་སྐུ་རིག་པ་ལོངས་སྐུ་འགྱུ་བ་སྤྲུལ་སྐུའོ༔ ཞེས་དང་༔ རྩ་བ་རྡོ་རྗེའི་ཚིག་ལས༔ ཅི་བསམ་བསམ་ཞིང་ཅི་དྲན་དྲན༔ ཅི་མཐོང་མཐོང་ཞིང་ཅི་རིག་རིག༔ ངོར་བལྟས་སྟོང་པར་ལྷག་གེར་མཐོང་༔ དུག་ལྔ་དབྱེར་མེད་དུག་གསུམ་ནི༔ སྐུ་གསུམ་ལྷག་གིས་མཐོང་བ་དེ༔ ལྷག་མཐོང་བསམ་པ་འགྲུབ་པ་ཡིན༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ རང་གིས་ཅི་བསམ་པ་བསམ་ཞིང་༔ གང་བསམ་པ་བསམ་པ༔ ཅི་དྲན་ཞིང་གང་དྲན་པ༔ ཅི་མཐོང་བ་མཐོང་ཞིང་༔ ཅི་རིག་ཅི་རིག་པ༔ ངོ་བོར་བལྟས་པས་ནི་སྟོང་པར་ལྷག་གིས་མཐོང་བ༔ དུག་ལྔ་ངོ་ཤེས་ན་ཡེ་ཤེས་སུ་ལྷག་གིས་མཐོང་བ༔ དུག་གསུམ་ནི་ངོ་ཤེས་ན་སྐུ་གསུམ་དུ་ལྷག་གིས་མཐོང་བ་དེ༔ ལྷག་མཐོང་སྒོམ་མཁན་གྱིས་དེ་ལྟར་རྟོགས་ན༔ བསམ་པ་འགྲུབ་པ་ཡིན༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཆེན་པོ་ལས༔ སེམས་ལ་ངོས་བཟུང་མེད་པ་དེ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ སེམས་ཀྱི་བརྟག་བྱེད་གསལ་བས་ན༔ རང་རིག་གསལ་བ་ལོངས་
སྤྱོད་རྫོ་གས༔ ཐུགས་རྗེ་རྩལ་སྣང་ཐོགས་མེད་འགྱུ༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་ས༔ སྐུ་གསུམ་རང་རིག་བྱང་ཆུབ་སེམས་ཉིད་ཡིན༔ ཞེས་དང་། རྣམ་རྟོག་སེམས་སུ་ངོ་སྤྱོད་པས༔ སེམས་ཉིད་ངོ་བོ་སྟོང་པར་རྟོགས༔ སྟོང་པ་གསལ་བར་ངོ་སྤྲོད་པས༔ སྟོང་གསལ་གཉིས་མེད་དོན་ཡང་རྟོགས༔ གཉིས་མེད་རང་གྲོལ་ངོ་སྤྲད་པས༔ ཐམས་ཅད་འཛིན་པ་མེད་པར་རྟོགས༔ དུག་ལྔ་ཉིད་ཀྱང་རང་སར་གྲོལ༔ ཚོགས་དྲུག་ཉིད་ཀྱང་རང་སར་གྲོལ༔ ཕྱི་ནང་ཀུན་བརྟགས་ཡེ་གྲོལ་སྟོང་༔ ཞེས་དང་༔ གསང་བ་མཛོད་རྒྱུད་ལས༔ རང་སེམས་རང་གིས་མཐོང་གྱུར་ན༔ དངོས་སམ་མཚན་མར་མཐོང་དུ་མེད༔ མ་མཐོང་བ་ཉིད་མཐོང་བའི་མཆོག༔ གང་ལྟར་བལྟར་ཡང་མི་རུང་བའི༔ ལྟ་རུ་མེད་པའི་དོན་ལ་ལྟ༔ མ་བལྟས་པ་ནི་བལྟས་པའི་མཆོག༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཡང་རང་གི་རིག་པའི་རྩལ་ལས་སྐུ་ལྔ་ཡང་ཤར་བ་ཡིན་ཏེ༔ དེ་ཡང་རིག་པའི་ཡེ་ཤེས་འདི་ཅིར་ཡང་སྣང་བས༔ རྣམ་པར་སྣང་མཛད་ཀྱི་སྐུ་ཡིན་ནོ༔ རིག་པའི་ཡེ་ཤེས་འདི་གཞི་འགྱུར་བ་མེད་པས༔ མི་བསྐྱོད་རྡོ་རྗེའི་
སྐུ་ཡིན་ནོ༔ རིག་པའི་ཡེ་ཤེས་དེ་ལ་མཐའ་མེད་པས༔ སྣང་བ་མཐའ་ཡས་ཀྱི་སྐུ་ཡིན་ནོ༔ རིག་པའི་ཡེ་ཤེས་འདི་ནོར་བུ་རིན་པོ་ཆེ་དང་འདྲ་བས༔ རིན་ཆེན་འབྱུང་ལྡན་གྱི་སྐུ་ཡིན་ནོ༔ རིག་པའི་ཡེ་ཤེས་འདིས་དོན་ཐམས་ཅད་འགྲུབ་པས༔ དོན་ཡོད་གྲུབ་པའི་སྐུ་ཡིན་ནོ༔ དེ་ཐམས་ཅད་རང་གི་རིག་པའི་རྩལ་ལས་ལོགས་ན་མེད་དོ༔ ཡང་རང་གི་རིག་པ་འདི་ཡེ་ཤེས་ལྔ་ལྟར་ཡང་ཤར་ཏེ༔ རིག་པའི་ངོ་བོ་མ་འགགས་མངོན་སུམ་དུ་གསལ་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ༔ རིག་པ་ཡེ་ཤེས་འདིས་ཀུན་ལ་ཁྱབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན༔ རིག་པ་ཡེ་ཤེས་ཀྱི་རྩལ་སྣ་ཚོགས་སུ་འཆར་བས༔ སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ནོ༔ རིག་པའི་ཡེ་ཤེས་འདི་ཡོན་ཏན་ཐམས་ཅད་ཀྱི་ས་བོན་ཡིན་པས༔ བྱ་བ་གྲུབ་པའི་ཡེ་ཤེས༔ དེ་དག་ཐམས་ཅད་ཀྱང་ངོ་བོ་ཀ་དག་ཏུ་འདུས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ དེ་དག་ཐམས་ཅད་ཀྱང་རང་གི་རིག་པའི་རྩལ་ཡིན་ཏེ་ལོགས་ན་མེད་དོ༔ དེ་ནས་གསེར་སྐུ་ཞིག་བསྟན་ལ༔ ད་ཁྱེད་རྣམས་སྐུ་གཟུགས་ལེགས་པོ་འདི་ལ་ལྟོས་ཤིག༔ ལེགས་བསམ་པའི་སེམས་དེ་ལ་ལྟོས་དང་ལེགས་རྒྱུ་ངོ་བོ་མེད་དེ་སྟོང་
པའོ༔ དེ་ནས་གཟུགས་ངན་པ་འབག་འདྲ་ཞིག་བསྟན་ལ༔ གཟུགས་ངན་པ་མི་སྡུག་པ་འདི་ལ་ལྟོས༔ མི་མཛེས་སོ་སྙམ་མཁན་སེམས་ལ་ལྟོས་དང་སྟོང་པའོ༔ དེ་ལྟར་གཟུགས་བཟང་ངན་གཉིས་ངོ་བོ་སྟོང་པ་ཉིད་དུ་རོ་སྙོམས་པའོ༔ གཟུགས་ཐམས་ཅད་རྣམ་པ་མིག་ཡུལ་དུ་ལམ་མེར་གསལ་ཡང་༔ ངོ་བོ་སྟོང་པ་སྟེ་སྣང་སྟོང་དབྱེར་མེད་དུ་ངོ་ཤེས་པར་མཛོད་ཅིག༔ དྲིལ་བུའམ་གླིང་བུ་ཏིང་ཤག་སྙན་པ་དཀྲོལ་ལ༔ སྐད་སྙན་པོ་འདི་ལ་ཉོན་དང་༔ སྙན་བསམ་མཁན་གྱི་སེམས་ལ་ལྟོས་དང་༔ སྙན་བསམ་པ་དེ་ལ་དངོས་པོ་འདུག་གམ༔ ཤིང་བརྡབ་པའམ་རྡོ་བརྡབ་པ་སོགས་སྐད་མི་སྙན་པ་བྱས་ལ༔ སྐད་མི་སྙན་པ་རྣ་བ་ལ་གནོད་པ་འདི་ལ་ཉོན༔ མི་སྙན་བསམ་མཁན་ལ་ལྟོས་དང་༔ དངོས་པོ་མེད་དེ་སྟོང་པ་ཉིད་དེ་ལྟར་སྒྲ་སྙན་མི་སྙན་གཉིས་རྣམ་པ་སོ་སོར་ཐོས་ཀྱང་ངོ་བོ་སྟོང་ཉིད་དུ་ཁྱད་པར་མེད་དོ༔ སྤོས་བདུག་གམ་སྤོས་རེངས་བསྟན་ལ༔ སྤོས་དྲི་འདི་ཞིམ་བསམ་མཁན་ལ་ལྟོས་དངོས་པོ་འདུག་གམ༔ ཤིང་ཀུན་ནམ་མི་གཙང་བའམ་སྒོག་པའི་དྲི་མ་བདུག་གམ་བསྟན་ལ༔ དྲི་ངན་པ་འདི་རྙོག་སྙམ་མཁན་གྱི་སེམས་ལ་ལྟོས་དང་༔ དྲི་ཞིམ་པ་དང་རྩོག་པ་གཉིས་ཀྱང་ངོ་བོ་སྟོང་པ་ཉིད་
དུ་མཉམ༔ བུ་རམ་སྦྲང་སོགས་བསྟན་ནམ་བརྗོད་པས་ཆོག༔ བུ་རམ་དང་སྦྲང་དང་ཀ་ར་སོགས་ཟོས་ན་ཞིམ་སྙམ་མམ༔ ཞིམ་བསམ་མཁན་གྱི་ངོ་བོ་ལ་ལྟོས་དང་སྟོང་པའོ༔ ཏིག་ཏ་དང་ལྷ་སྐྱ་དུ་བ་ཁ་ཚ་ཡོད་ན་བསྟན་མེད་ན་བརྗོད༔ ཏིག་ཏ་དང་དུ་བ་ཁ་ཚ་སོགས་ཟོས་ན་ཁའམ༔ ཁ་ཁ་སྙམ་མཁན་ལ་ལྟོས་དང་༔ ཁ་བ་དང་མངར་བ་ངོ་བོ་སྟོང་ཉིད་དུ་མཉམ་མོ༔ དར་གོས་ཆེན་བསྟན་ལ༔ དར་གོས་འདི་ལུས་ལ་གྱོན་ན་འཇམ་བསམ་མམ༔ དེ་བསམ་མཁན་གྱི་སེམས་ལ་ལྟོས་དང་༔ སྟོང་པ་ཉིད་དེ་ངོ་བོ་མ་གྲུབ་པའོ༔ རེ་བའམ་ཚེར་མ་བསྟན༔ འདི་ལུས་ལ་དྲུད་ན་རྩུབ་སྙམ་མམ༔ རྩུབ་བསམ་མཁན་གྱི་རིག་པ་ལ་ལྟོས་དང་༔ འཇམ་རྩུབ་གཉིས་སོ་སོར་ཡོད་ཀྱང་༔ ངོ་བོ་སྟོང་ཉིད་དུ་མཉམ་མོ༔ ཁྱེད་རྣམས་ད་ལྟ་སྐད་ཅིག་ལ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ལྡན༔ ཚེ་ཚད་ནི་ལོ་བྱེ་བ་འབུམ་ཕྲག་ཐུབ་པ༔ བླ་མཆོད་ལ་ནི་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པར་བཞུགས་པ་ཞིག་ཡིན་ན་དགའ་འམ༔ དགའ་བསམ་པའི་རྣམ་རྟོག་ལ་ལྟོས་དང་ངོ་བོ་མེད་དེ་སྟོང་པའོ༔ ཁྱེད་རྣམས་ནོར་དབུལ་སྤྲང་པོར་གྱུར༔ ཉེ་དུ་ཐམས་
ཅད་ཤི་རང་གཅིག་པུ་ལ་ནད་སྣ་མང་པོས་གཟིར་ན་སྡུག་གམ༔ འོ་སྡུག་བསམ་མཁན་ལ་ལྟོས་དང༔ སྐྱིད་སྡུག་གཉིས་ངོ་བོ་དབྱེར་མེད་སྟོང་པའོ༔ དེ་དག་གི་དོན་ཡང་༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཉིད་ལས༔ གཟུགས་མཆོག་མཛེས་པ་འདི་ལ་ལྟོས༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ གཟུགས་ནི་ངན་པ་འདི་ལ་ལྟོས༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ སྒྲ་ནི་སྙན་པ་འདི་ལ་ཉོན༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ དྲི་ནི་ཞིམ་པ་འདི་ལ་སྣོམ༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ དྲི་ནི་ངན་པ་འདི་ལ་སྣོམ༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ རོ་ནི་ཞིམ་པ་འདི་ལ་མྱོང་༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ རོ་ནི་ངན་པ་འདི་ལ་མྱོང་༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ རེག་བྱ་འཇམ་པ་འདི་ལ་རེག༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་
པའོ༔ རེག་བྱ་རྩུབ་པ་འདི་ལ་རེག༔ འདི་ཉིད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པའོ༔ ཞེས་གསུངས་པ་དང་༔ ཨུ་རྒྱན་རིན་པོ་ཆེས་ཀློང་གསལ་ཚིག་དབང་ངོ་སྤྲོད་སྐབས་སུ༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས༔ རྒྱན་དང་ཆ་ལུགས་དུ་མར་སྣང་༔ སྣང་བར་འཛིན་པ་རང་གི་སེམས༔ དེ་ལ་ལྟོས་དང་གཞི་རྩ་བྲལ༔ དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས༔ ཡུལ་ཉིད་གསལ་ལ་མཁན་པོ་སྟོང་༔ དེ་ནི་གསལ་སྟོང་ཆོས་སྐུ་ཡིན༔ ཞེས་དང་༔ རྔ་ཏིང་དྲིལ་བུ་མཁར་རྔའམ༔ སེ་གོལ་གཡེར་ཁའི་སྒྲ་སྒྲོག་ལ༔ འདི་ཡི་སྒྲ་འདི་སྙན་མི་སྙན་སྒྲ་འདུག་མི་འདུག་བརྟགས་སུ་གཞུག༔ སྐྱོན་ཡོན་མཁན་པོ་རྩད་ཀྱང་བཅས༔ དེ་ཡི་ངོ་བོ་མ་རྙེད་ན༔ དེ་ནི་གྲག་སྟོང་བྱ་བ་ཡིན༔ ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ཡིན་ནོ༔ ད་ནི་ཁྱེད་རྣམས་ཀྱི་རྣམ་པར་ཤེས་པ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཕྱམ་ཕྱམ་ཐོང་དང་༔ དེ་ལ་འགྲོ་བ་དང་འོང་བ་འདུག་གམ༔ དེ་བཞིན་དུ་ནམ་མཁའི་ཕྱོགས་བཞི་ལ་ཕར་སེམས་འདི་འགྲོ་ཆུག་དང་༔ རང་གི་སེམས་ལས་གཞན་པའི་འགྲོ་མཁན་ནི་མེད་ལ༔ སེམས་དེ་
ལ་ངོ་བོ་ངོས་བཟུང་འདུག་གམ༔ དེའི་དོན་ཡང་ཨོ་རྒྱན་ཆེན་པོས༔ ཁྱོད་ཀྱི་རིག་པ་ཕྱོགས་བཞིར་ཐོངས༔ དེ་ཚེ་ཕྱི་ནང་འགྲོ་འོང་བྲལ༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ཞེས་གསུངས་པའི་དོན་ནོ༔ དེ་བཞིན་དུ་རྟ་མགྲིན་གསང་བ་འདུས་པའི་རྒྱུད་ལས༔ སེམས་ཉིད་རྟོགས་ན་སངས་རྒྱས་ཏེ༔ སངས་རྒྱས་གཞན་ནས་མ་ཚོལ་ཞིག༔ ཅེས་དང་༔ ཨུ་རྒྱན་ཆེན་པོའི་ཞལ་ནས༔ དང་པོ་ཁོ་ན་རང་འབྱུང་ས་མེད་དེ༔ ངོ་བོ་སྟོང་པ་སྐྱེ་མེད༔ བར་དུ་གནས་ས་མཚན་ཉིད་མེད་དེ༔ རང་བཞིན་གསལ་ཙམ༔ ཐ་མ་འགྲོ་བའི་ངེས་པ་མེད་དེ༔ མ་འགགས་པའི་རྩལ་སྐྱེས་གྲོལ༔ མཉམ་གྲོལ་རང་བཞིན་མེད་པར་ཐོལ་ལེ་བའི་དཔེ་མཚོན་དུ་མེད༔ ངོ་བོ་བརྗོད་དུ་མེད་ཡོད་པ་མ་ཡིན་ནོ༔ ཁ་དོག་མཚན་མའི་དཔེ་ལས་འདས༔ མེད་པ་མ་ཡིན་ཏེ་རང་རིག་གསལ་སྟོང་རྗེན་ནེ་བ༔ ཧྲིག་གེ་བ༔ ས་ལེ་བ༔ སྟོང་པ་ཡུལ་མེད༔ གསལ་བ་རྗེས་མེད་པ༔ རང་ངོ་རང་གསལ་འདི་ཞེས་བརྗོད་མི་ཤེས་པ༔ རང་ངོ་གཏིང་གསལ༔ མཐོང་དུ་མེད་པའི་ངེས་ཤེས་༔ དཔེ་ལས་འདས་པའི་དོན་
མཐོང་༔ བརྗོད་དང་བྲལ་བའི་ཉམས་མྱོང་༔ ཀུན་ཏུ་བཟང་པོའི་དགོངས་པ༔ རྣལ་འབྱོར་ལམ་པ་རྣམས་ཀྱི་ཉམས་མྱོང་༔ རིགས་དྲུག་སེམས་ཅན་གྱི་འཁྲུལ་པའི་གཞི༔ དོན་འདི་རང་མཐོང་དུ་ཉམས་སུ་བླངས་པས་གྲོལ་བར་འགྱུར་གྱིས༔ སྲིད་པ་ལ་རྒྱས་ཐེབས༔ སངས་རྒྱས་ལ་ཉིད་འགུགས་གཏོང་བའི་ངོ་སྤྲོད༔ སེམས་སྟོང་པ་ལ་སྤར་འཛིན་བྱེད་པའི་ངོ་སྤྲོད་དོ༔ ཞེས་དང་༔ ཡང་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ རིགས་ཀྱི་བུ་ཀུན་སེམས་ཤེས་དྲན་ཙམ༔ རིག་ཙམ༔ བརྟགས་ན་གང་ཡང་མ་གྲུབ་པ༔ ཁ་དོག་མཚོན་དཔེ་ལས་འདས་པ༔ སྟོང་ཐལ་ལེ་བ༔ རིག་གེ་སིང་ངེ་བ་འདི་གདོད་མའི་གནས་ལུགས༔ ཁམས་བདེ་བར་གཤེགས་པའི་སྙིང་པོ༔ རང་བྱུང་གི་རིག་པ་ཀུན་ཏུ་༈ བཟང་པོ་ཞེས་ཟེར༔ འདི་དང་པོ་བྱུང་ས་མེད་དེ༔ རང་བཞིན་ཉིད་ཀྱི་སྟོང་པ་ཆོས་ཀྱི་སྐུ༔ བར་དུ་གནས་ས་དངོས་པོ་ཅན་མེད་དེ༔ གསལ་སྟོང་གང་དུ་ཡང་མ་གྲུབ་སྟེ་རང་བཞིན་ལོངས་སྐུ༔ འདིར་འགྲོ་དང་འདིར་ངེས་པའི་རང་མཚན་དུ་མ་གྲུབ་སྟེ་མ་འགགས་པའི་རང་རྩལ་ཀུན་ལ་ཁྱབ་པ༔ ཐུགས་རྗེ་ཀུན་ལ་ཁྱབ་པའི་སྐུར་གནས་པའོ༔ ཞེས་
གསུངས༔ དེ་ལྟར་སྣང་བ་སེམས་ཡིན་ཏེ་ཕྱི་རོལ་མ་གྲུབ་པར་ངོ་སྤྲད༔ སེམས་སྟོང་པར་ངོ་སྤྲད༔ སྟོང་པ་ཧད་པོ་མ་ཡིན་པར་རང་བཞིན་གསལ་བར་ངོ་སྤྲད༔ དེ་གཉིས་ཐ་དད་མེད་དེ་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲད༔ སེམས་རྟག་པ་མ་ཡིན་པར་ཐེར་གཟུགས་སུ་མ་གྲུབ་པར་ངོ་སྤྲད༔ སེམས་གཅིག་མ་ཡིན་སྣ་ཚོགས་སུ་འཆར་བར་ངོ་སྤྲད༔ སེམས་ཐ་དད་མ་ཡིན་ངོ་བོ་སྟོང་པར་གཅིག་པར་ངོ་སྤྲད༔ དེའི་གནས་ཚུལ་བརྗོད་མི་ཤེས་པས་སྨྲ་བསམ་བརྗོད་མེད་དུ་ངོ་སྤྲད་པ་ཡིན་ནོ༔ དེ་ལྟ་བུའི་ངོ་འཕྲོད་ནས༔ ལས་དང་པོ་པ་རྣམས་ཀྱིས་སེམས་ཀློད་ཅིང་སྐྱོང་བ་གལ་ཆེ༔ སེམས་ཀྱི་ལེ་གནས་དེ་གནས་པ་ཡིན་ཏེ༔ གནས་པ་དེའི་ངོ་བོ་ལ་ཧྲིག་གེ་བལྟས་པས་གནས་པ་དེའི་ངོ་བོ་མ་གྲུབ་པར་སྟོང་སང་ངེ་མཐོང་བ་གལ་ཆེ༔ སེམས་མི་གནས་པར་ཕྱོགས་ཀུན་ཏུ་རྒྱུག་པར་གྱུར་ནའང་༔ ང་ལ་བསྒོམ་མི་འོང་བར་འདུག་སྙམ་ནས་སྡུག་མི་དགོས༔ འགྱུ་བ་གཅིག་གི་ངོ་བོ་ལ་བལྟས་པས་ངོ་བོ་སྟོང་པར་ཡར་འགྲོ༔ ཅུང་ཟད་གནས་འོང་བས་དེའི་ངང་ལ་བཞག༔ ཡང་འཕྲོ་ན་དེའི་ངོ་བོ་ལ་བལྟ་སྟེ༔ རྣམ་རྟོག་ཏུ་ཤར་ཚད་ལ་དེ་ལྟར་བྱས་
པས༔ རྣམ་རྟོག་གཅིག་སྟོང་པར་རྟོགས་ན་རྣམ་རྟོག་ཐམས་ཅད་དེའི་མུ་ཡིན༔ སྨྱུག་གཅིག་གི་ནང་སྟོང་པར་མཐོང་ན་སྨྱུག་ཐམས་ཅད་ནང་སྟོང་པར་ཤེས་པ་དང་འདྲའོ༔ གནས་སམ་འཕྲོའམ་སེམས་ཅི་ལྟར་འདུག་མཐོང་བ་དེ་ནི་རིག་པ་ཡིན་ནོ༔ དེ་ལྟར་གནས་འགྱུ་རིག་གསུམ་འདི་ལས་དང་པོ་པའི་ངོ་སྤྱོད་ཡིན་ཏེ༔ སྐལ་ལྡན་སྦྱང་པ་སྔོན་སོང་ལ་ནི་གནས་འགྱུ་རིག་གསུམ་དུ་ངོ་འཕྲོད་དེ་རྟོགས་པ་མཐོན་པོ་འཆར་བ་ཡང་ཡོད་དེ༔ ཨུ་རྒྱན་རིན་པོ་ཆེས༔ རང་རིག་སྣང་བ་མཐའ་ཡས་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས་སྣང་བ་མཐའ་ཡས་ལོགས་ན་མེད༔ རང་རིག་ཆོས་སྐུ་ངོ་མཚར་ཆེ༔ མ་འགགས་རང་གསལ་ཐུགས་རྗེ་ཆེ༔ སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས༔ ཐུགས་རྗེ་ཆེན་པོ་ལོགས་ན་མེད༔ རང་བྱུང་ལོངས་སྐུ་ངོ་མཚར་ཆེ༔ དྲན་རྟོག་རང་གྲོལ་པདྨ་འབྱུང་༔ འཛིན་མེད་ཟང་ཐལ་ངང་ལ་ཞོག༔ པདྨ་འབྱུང་གནས་ལོགས་ན་མེད༔ རང་བྱུང་སྤྲུལ་སྐུ་ངོ་མཚར་ཆེ༔ ཞེས་གསུངས་སོ༔ དེ་ཡང་དཔེར་ན་ཡི་གེ་དང་པོ་བསླབ་དུས་ནས་ཀ་ཚར་ཡིན༔ འོན་ཀྱང་ཀ་ཚར་ཁོ་ན་ཤེས་པས་མི་ཆོག༔ ཡི་གེ་སྐྱེན་པོར་གྱུར་ནས་བཀའ་བསྟན་འགྱུར་
ཀློག་ཀྱང་ཀ་ཚར་མིན་པའི་ཡི་གེ་ནི་མེད་པ་ལྟར༔ ལས་དང་པོ་ནས་གནས་འགྱུ་ཡིན༔ སྒོམ་མེད་རྟོགས་ཀྱང་གནས་འགྱུ་མ་ཡིན་པ་ཞིག་བསྒོམ་རྒྱུ་ནི་མེད་ཀྱི་དེ་ལ་ན་འཕར་རྒྱུའི་ཉམས་རྟོགས་ཇེ་ཆེར་འཕེལ་རྒྱུ་ཞིག་ནི་ཡོད་དོ༔ དེ་ལ་སེམས་གནས་པ་ནི་ཀྱི་ལེ་འདུག་པ་འདི་རེད༔ འགྱུ་བ་ནི་ཕྱོགས་ཀུན་ཏུ་འཕྲོ་བ་འདི་རེད་སྙམ་པའི་ངེས་ཤེས་ཙམ་གྱིས་མི་ཆོག༔ གནས་འགྱུ་སོ་སོའི་ངོ་བོ་དེ་ལ་གཅེར་གྱིས་བལྟས་པས༔ ངོ་བོ་སྟོང་པ་ཉིད་དུ་ལྷག་གིས་མཐོང་དགོས༔ དེ་མཐོང་ན་གནས་འགྱུ་གཉིས་ལ་བཟང་ངན་ཁྱད་པར་མེད༔ གནས་ན་ཡང་གསལ་སྟོང་རྗེན་ནེ༔ འགྱུ་ན་ཡང་རང་གྲོལ་དུ་སལ་སལ་འགྲོ་ན༔ གནས་འགྱུ་ངོ་འཕྲོད་པ་ཡིན་ནོ༔ དེ་ལྟར་ལྷག་མཐོང་ངོ་སྤྲོད་ཀྱི་ཁྲིད་ཞུས་པ་དང་༔ ལྷག་མཐོང་བསྒོམས་པའི་དགེ་བ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ་སྙམ་པས་རྗེས་ཟློས་མཛོད་ཅིག༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ ལྷག་མཐོང་ངོ་སྤྲོད་ཐུན་མོང་མ་ཡིན་པའི་སྐབས་ཏེ་ཆོས་ཐུན་བཅུ་བདུན་པའོ༔ ༈ དེ་ནས་ལྟ་སྒོམ་སྤྱོད་གསུམ་བཤད་པ་ནི༔ རྩ་
བ་རྡོ་རྗེའི་ཚིག་རྐང་ལས༔ ཡང་ནི་ཚུར་ལྟོས་སེམས་ལ་ལྟོས༔ སེམས་ཉིད་སྟོང་པ་དེ་ལ་ལྟོས༔ ཆོས་ཀུན་དེ་འདྲ་སྟོང་པའོ༔ རྫོགས་པ་ཆེན་པོ་སྒོམ་པ་དེ༔ རང་གི་སེམས་ལ་བལྟ་བའོ༔ ཞེས་དང་༔ དེའི་འགྲེལ་པ་ལས༔ ཡང་ནི་ཚུར་ལྟོས་རང་ཉིད་སེམས་ལ་ལྟོས༔ རང་གི་སེམས་ཉིད་སྟོང་པ་ཉིད་ཡིན་པ་དེ་ལ་ལྟོས༔ ཆོས་ཐམས་ཅད་དེ་དང་འདྲ་བ་སྟོང་པའོ༔ རྫོགས་པ་ཆེན་པོ་སྒོམ་ཟེར་བ་དེའི་རྩ་བ་ནི༔ རང་གི་སེམས་ཉིད་ཀྱི་ངོ་བོ་ལ་ལྟ་བའོ༔ ཞེས་གསུངས་པའི་དོན་ཅུང་ཟད་སྤྲོས་ཏེ་བཤད་ན༔ གོ་ཆ་བསྟན་པའི་མདོ་ལས༔ སྟོང་པ་ཉིད་ལ་སྟོང་མི་ལྟ༔ སྟོང་ལ་གུད་ནའང་སྟོང་མི་ལྟ༔ དེ་ལྟ་བུར་ནི་གང་ལྟ་བ༔ སྟོང་པ་མཐོང་བ་ཞེས་བྱའོ༔ ཁྱེའུ་བཞིའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས༔ གང་གིས་སྟོང་པས་སྟོང་ཤེས་ཤིང་༔ སྟོང་པ་དེ་ལའང་མི་སེམས་ལ༔ གང་དག་སྟོང་ཉིད་མི་མཐོང་བ༔ དེ་དག་སྟོང་ཉིད་ཤེས་པ་ཡིན༔ གང་གིས་ཆོས་དེ་རབ་ཤེས་པ༔ དེ་ལ་བདག་ནི་རྙེད་མི་འགྱུར༔ གང་ལ་བདག་ནི་མི་སྙེད་པ༔ དེ་བས་སྡུག་བསྔལ་ག་ལ་འབྱུང་༔ སྟོང་དང་ཉེ་བར་ལེན་མེད་དང་༔ མཚན་མ་རྙེད་པ་མ་ཡིན་ཞིང་༔
བདག་མེད་ཆོས་ནི་སྟོན་བྱེད་པ༔ སངས་རྒྱས་ཐུགས་ལས་སྐྱེས་པའི་སྲས༔ ཤེས་དང་༔ བསམ་གྱི་མི་ཁྱབ་པའི་རྒྱུད་ལས༔ ཆོས་རྣམས་ཀུན་གྱི་མཐར་ཐུག་པ༔ རང་བཞིན་གནས་པ་མེད་པའི་དབྱིངས༔ ལྟ་བ་མེད་པའི་སེམས་ཀྱིས་ནི༔ ཕྱག་རྒྱ་ཆེན་པོ་ལྟ་བར་འགྱུར༔ ཞེས་དང་༔ ཀློང་གསལ་ལས༔ དངོས་པོ་གཤིས་ཀྱི་རྒྱུའདུག་ཚུལ་ནི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པས༔ བྱས་པ་མེད་པར་རང་གསལ་བ༔ ཡེ་ཉིད་ནས་ནི་རང་བཞིན་གནས༔ སྟོང་པའི་ངོས་སྤྱི་ནས་རྟག་མཐའ་བྲལ༔ གསལ་བའི་ངོས་ནས་ཆད་མཐའ་བྲལ༔ གསལ་སྟོང་ངང་ནས་འཛིན་ཆ་བྲལ༔ ཐོག་མའི་ཀ་དག་གསལ་སྟོང་ཁྱབ༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཆོས་སྤྱིའི་ལྟ་བ༔ དོན་རང་གི་ལྟ་བ༔ བླ་མེད་ཨ་ཏིའི་ལྟ་བའོ༔ དང་པོ་ཆོས་སྤྱིའི་ལྟ་བ་ནི༔ ཐེག་པའི་བྱེ་བྲག་ལུགས་སོ་སོར་ཤེས་སོ༔ དོན་རང་གི་ལྟ་བ་ནི༔ ལྟ་བ་ལ་མིང་གི་རྣམ་གྲངས་དཔག་ཏུ་མེད་ཀྱང་༔ ལྟ་བ་ནི་ཤེས་བྱ་གཤིས་ཀྱི་གནས་ལུགས༔ སྐྱེ་འགགས་གནས་གསུམ་དང་བྲལ་བ༔ རྟག་ཆད་འགྲོ་འོང་དང་བྲལ་བ༔
ངོ་བོ་སྟོང་པ་རང་བཞིན་གསལ་བ་རྣམ་པ་འགག་མེད༔ སྟོང་བཞིན་དུ་གསལ་བ༔ གསལ་བཞིན་དུ་སྟོང་པ༔ འདི་ཞེས་ཚིག་གིས་བཤད་དུ་མེད་པ༔ ཡུལ་དང་ཡུལ་ཅན་མཐའ་བྲལ་སྟོང་ཉིད་ཀྱི་ངོ་བོ༔ ཁས་ལེན་བརྟག་དཔྱད་དང་བྲལ་བ་ནི་ཆོས་འདིའི་ལྟ་བའོ༔ དེ་ཡང་བླ་མེད་ཨ་ཏིའི་ལྟ་བ་ནི༔ ཕྱི་དྲུག་ཡུལ་སྣང་ལ་བལྟས་པས༔ སྣང་ལ་རང་བཞིན་མེད་པ་རྒྱ་མཚོའི་གཟའ་སྐར་ལྟ་བུ༔ ནང་ཆོས་ཉིད་ལ་བལྟས་པས༔ ཐམས་ཅད་རང་བཞིན་སྟོང་པར་རྟོགས་པས་ནམ་མཁའ་ལྟ་བུ༔ གསང་བ་རང་རིག་དབང་པོའི་མངོན་སུམ་དུ་མཐོང་བས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ལས་གྲོལ་བ༔ སྔ་ཕྱི་བར་གསུམ་དུ་འཁྲུལ་པ་མེད་པའི་ལྟ་བའི་དེ་ཁོ་ནའོ༔ ཞེས་དང་༔ རྒྱལ་བའི་ཡུམ་ལས༔ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་༔ ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་གནས་ཉིད་དང་༔ ཆོས་སྐྱོན་མེད་པ་དེ་ནི་དེ་བཞིན་གཤེགས་པའོ༔ ཞེས་དང༔ སྡོམ་འབྱུང་ལས༔ སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་༔ མ་བྱོན་གྱུར་ཀྱང་རྣམ་ཀུན་ཏུ༔ རྒྱུན་ཆད་མེད་པའི་ཆོས་ཉིད་འདི༔ འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན༔ ཞེས་
དང་༔ དུས་འཁོར་རྩ་རྒྱུད་ལས༔ སེམས་ཅན་སེམས་ཉིད་འོད་གསལ་ཞིང་༔ གདོད་ནས་སྐྱེ་འགག་གནས་བྲལ་ཏེ༔ ཐོག་མ་མེད་པའི་སྔ་རོལ་ནས༔ དང་པོ་མཆོག་གི་སངས་རྒྱས་ཏེ༔ རྒྱུ་མེད་རྐྱེན་གྱིས་མ་བསླད་པའོ༔ ཞེས་དང་༔ སྒྱུ་འཕྲུལ་དྲྭ་བ་ལས༔ ཆོས་རྣམས་རང་བཞིན་འོད་གསལ་བ༔ བཟོད་ནས་དག་ཅིང་རྙོགས་པ་མེད༔ སེམས་ཅན་མེད་ཅིང་སྲོག་ཀྱང་མེད༔ སངས་རྒྱས་ཉིད་དང་བྱང་ཆུབ་མེད༔ ཅེས་དང་རྒྱུད་བླ་མར༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ གང་ཡིན་པ་དེ་ནམ་མཁའ་བཞིན་དུ་འགྱུར་མེད་དོ༔ ཡང་དག་མིན་རྟོགས་ལས་བྱུང་འདོད་ཆགས་སོགས༔ གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར༔ ཞེས་དང་༔ མྱ་ངན་འདས་མདོར༔ སངས་རྒྱས་ཀྱི་རང་བཞིན་ཅེས་བྱ་བ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བའོ༔ སྟོང་པའོ་དོན་དམ་པ་སྟོང་པ་ནི་ཡེ་ཤེས་སོ༔ དེ་ལ་སྟོང་པ་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ རང་བཞིན་གྱིས་ནི་འདུས་མ་བྱས༔ སྐྱེ་བ་མེད་ཅིང་འཇིག་པ་མེད༔ དེ་ལ་གནས་པ་
མ་ཡིན་ཏེ༔ མཚན་ཉིད་གསུམ་ལས་རྣམ་པར་གྲོལ༔ ཆོས་རྣམས་ཀུན་ལ་འཛིན་པ་དང་༔ རབ་ཏུ་འཛིན་པ་ཡོད་མ་ཡིན༔ བླང་མེད་དོར་བ་མེད་པ་སྟེ༔ སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག༔ ཅེས་དང་༔ ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས༔ ཐུགས་རྗེ་ཆེན་པོའི་ལྟ་བ་ནི༔ སྣང་སེམས་ཡེ་ནས་དབྱེར་མེད་ཅིང་༔ མཐའ་བྲལ་རང་གྲོལ་གཟའ་གཏད་མེད༔ ངང་གསལ་ངོས་བཟུང་རྣམ་དག་ཡིན༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་རྒྱུད་ལས༔ ཐུགས་རྗེ་ཆེན་པོའི་ལྟ་བ་མ་བཅོས་ཏེ༔ སེམས་གཞི་རྩ་དང་བྲལ་བས་ཞེས་དང་༔ ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད་ལས༔ ཆོས་ཉིད་ཡེ་ནས་མ་བཅོས་པ་རང་བཞིན་འཁོར་འདས་གཉིས་ཀྱི་གཞིར་གནས་པའོ༔ ཞེས་དང་༔ ཐུགས་རྗེ་ཆེན་པོས་སྲོང་བཙན་སྒམ་པོ་ལ་གསུངས་པའི་ཐུགས་རྒྱུད་ལས༔ ཆོས་ཐམས་ཅད་ཀྱི་དོན་ནི༔ བརྗོད་དུ་མེད་པའི་ཆོས་ཉིད་དོན་གྱི་གནས་ལུགས༔ མ་བཅོས་རང་བྱུང་དུ་གནས་པའི་དེ་བཞིན་ཉིད་ལ་འདུས༔ ཞེས་དང་༔ དོན་ཏྲིག་འགྲོ་བ་ཀུན་གྲོལ་རྒྱུད་ལས༔ བདེན་པ་གཉིས་ལྡན་རང་གི་སེམས༔ མ་བྱུང་མི་གནས་མི་འགྲོ་བར༔ འཁོར་