ལེའུ་བཞི་པ། མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ།
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དག་ནི་ལེགས་པར་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ནི་བཀའ་མ་སྩལ་ལགས་པས། བཅོམ་ལྡན་འདས་ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ལེགས་པར་བསྟན་དུ་གསོལ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་དེ་ལས་འདི་ལྟར་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་གང་ལགས་པའི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་བར་དགའ་བ་ཞེས་བྱ་བ་དེ་ན་ད་ལྟར་གང་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དང་། གྲངས་མེད་པ་དག་གི་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ཡོད་དེ། ཤཱ་ར་དྭ་ཏིའི་བུ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལས་རབ་ཏུ་བྱུང་བ་དེ་དག་ཐམས་ཅད་
ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཆོས་བསྟན་པ་སངས་རྒྱས་ཀྱིས་མཐུས་འཛིན་པར་བྱེད། འཆང་པར་བྱེད། ཀློག་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་ངས་ད་ལྟར་ཆོས་བསྟན་པ་གང་ཡིན་པ་འདི་ནི་ངས་ཆོས་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། ཤཱ་ར་དྭ་ཏིའི་བུ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བསྟན་པ་གང་ཡིན་པ་དེ་ནི་དཔག་ཏུ་མེད་གྲངས་མེད་དེ། ཆོས་བསྟན་པ་དེའི་གན་ན་ངས་ཆོས་བསྟན་པ་འདི་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང། ཆ་དང། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་བ་གང་ཡིན་པ་དང་། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་སྟོན་པར་འགྱུར་བ་གང་ཡིན་པས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་གང་བསྟན་པ་གང་ཡིན་པའི་ཆོས་བསྟན་པ་དེ་ནི་དཔག་ཏུ་མེད་ཅིང་། གྲངས་མེད་དེ། ཆོས་བསྟན་པ་དེའི་གན་ན་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་སྟོན་པར་འགྱུར་པ་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང། ཆ་དང། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། ཤཱ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་
སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འབྱུང་བར་འགྱུར་ཞིང་ཆོས་སྟོན་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་དེ་དག་གིས་འཛིན་པར་འགྱུར་བ་དང་། འཆང་པར་འགྱུར་བ་དང་། ཀློག་པར་འགྱུར་བ་དང། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཆོས་སྟོན་པ་དེ་ཐམས་ཅད་སངས་རྒྱས་ཀྱི་མཐུས་དང་། རང་རང་གི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་འཛིན་པར་བྱེད། འཆང་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་བའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞན་དག་དང། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བར་འདོད་ན་དེ་དག་གིས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུ་དང་། རང་རང་གི་དགེ་བའི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གཞན་དག་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བར་འགྱུར་ཏེ། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་དང། འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཕྱིན་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དག་ལ་ཕྱག་འཚལ་བར་བྱེད་། འདུད་པར་བྱེད། བཀུར་བསྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། ཡོངས་སུ་ཞུ་བར་བྱེད། ཡོངས་སུ་འདྲི་བར་བྱེད་ཅིང་ཆོས་ཐོས་ནས་བཟུང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་བྱས། འདུད་པར་བྱས། བཀུར་བསྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། ཡོངས་
སུ་ཞུ་བར་བྱས། ཡོངས་སུ་འདྲི་བར་བྱས་ཤིང་ཆོས་དེ་ཐོས་ནས་བཟུང་སྟེ། སེམས་ཅན་རྣམས་ལ་ཆོས་ཀྱང་བསྟན་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་ལྡོག་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་དེ་དག་ལ་ལྟ་བར་འདོད་པ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བའི་སྐལ་པ་ཅན་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་རྟོགས་པ་དང་འདྲ་བར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་སངས་རྒྱས་ཀྱི་བཞུད་པ་ལྟར་བུར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་བདུད་སྡིག་ཅན་ཐམས་ཅད་ཀྱིས་མི་རྫི་བར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་ས་དང། རང་སངས་རྒྱས་ཀྱི་སར་མཚམས་སྦྱོར་བ་ཆད་པར་རིག ་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚམས་སྦྱོར་བར་རིག་པར་བྱ་བ་ཤ་སྟག་ཡིན་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་འདུས་པ་ན་དེ་བཞིན་གཤེགས་པ་འདུས་པ་དང། རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པའི་འདུས་པ་ཤ་སྟག་ཡིན་པར་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་
ཞིང་གི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་རྣམ་པར་དག་པ་དང། སྙིང་པོ་ལ་གནས་པ་དང། ཕྱིར་མི་ལྡོག་པའི་ཆོས་ཅན་དང། མི་འཕྲོགས་པའི་ཆོས་ཅན་དང། ཕྱིར་མི་ཟློགས་པའི་ཆོས་ཅན་ཤ་སྟག་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་ལས་མི་བསྐྱོད་མི་གཡོ་ཞིང། བྱང་ཆུབ་སེམས་དཔའ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གནས་ལ་གནས་པ་ཤ་སྟག་ཏུ་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཛོད་དུ་ཞུགས་པར་རིག་པར་བྱའོ། །མི་འཇིགས་པའི་གྲོང་ཁྱེར་ཇུ་ཞུགས་པར་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་མཛོད་དུ་ཞུགས་པར་རིག་པར་བྱའོ། །གཅིག་ལ་གཅིག་སྟོན་པའི་འདུ་ཤེས་ཉེ་བར་འཇོག་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ལ་གང་དག་ཁྱིམ་ན་གནས་པ་དག་ནི་ཤིན་དུ་ཉུང་གི། སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཕལ་ཆེར་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་ཞིང་རབ་ཏུ་བྱུང་བ་ཤ་སྟག་གོ། །ཤཱ་ར་དྭ་ཏིའི་བུ་ཡང་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་ཆོས་སྟོན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་ཀྱི་མཐུས་དང་། རང་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་ཆོས་བསྟན་པ་དེ་དག་ཐམས་ཅད་འཛིན་པར་བྱེད། འཆང་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ཞིང་ཆོས་བསྟན་པ་དེར་མ་
འདུས་ཤིང་ལུས་ཀྱིས་མངོན་སུམ་དུ་མ་གྱུར་པ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་གང་ན་འགྲེང་བའམ། འདུག་པའི་གནས་དེ་ཉིད་ནས་ཆོས་སྟོན་པ་དེ་དག་ཐམས་ཅད་ཐོས་ཤིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་ཞིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་པར་བྱེད་། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚེ་བརྫེས་ན་ཡང་ཆོས་དེ་དག་བརྗེད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་ཡང་སྐྱེ་བར་འགྱུར་ཏེ། ཤཱ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པའི་ཕྱིར་རོ། ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་ལ་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་བར་འདོད་པས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེར་སྐྱེས་མ་ཐག་ཏུ་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་
ལས་དགེ་བའི་རྩ་བ་མང་པོ་དག་སྐྱེད་པར་ཡང་འགྱུར་རོ། །སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཆོས་སྟོན་པར་ཡང་འགྱུར་ཞིང་དེ་དག་གི་དགེ་བའི་རྩ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེད་དུ་འཇུག་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ལ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གསོས་དང་། སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། དེ་དག་ཐམས་ཅད་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་མངོན་བར་བྱུང་ཞིང་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་དུ་ཚེ་གཅིག་ཅིག་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱ་བ་སྐྱེད་ན་ཤཱ་ར་དྭ་ཏིའི་བུ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེ་ནི་བསོད་ནམས་མངོན་པར་འདུ་བྱ་བ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་
རྟེན་གྱིས་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེའམ་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བར་ཆད་བྱེད་པའི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཉེ་བར་གནས་པ་མེད་ལ་བདུད་ཀྱི་ལས་རྣམས་ཉེ་བར་གནས་པ་མེད་ཅིང་མཐོ་འཚམ་པར་ཞུགས་པ་མེད་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་སྔགས་ཀྱི་མཐུའམ། སྨན་གྱི་མཐུས་སྤྲུལ་གདུག་པའི་དུག་མེད་པར་བྱས་ཏེ་བཏང་ན་དེ་བཏང་མ་ཐག་ཏུ་འཛིན་པ་འམ། མཐོ་འཚམ་པ་འམ། རྣམ་པར་འཚེ་མི་ནུས་པས་གང་དག་དེ་ལས་གཞན་པའི་སྲོག་ཆགས་ཀྱི་རིགས་དེ་དག་ཀྱང་དེས་འཇིགས་པ་མེད་ལ། སེམས་ཅན་འགའ་ཙམ་ལ་ཡང་མཐོ་འཚམ་བ་མེད་ཅིང་བར་ཆད་མི་བྱེད་མོད་ཀྱི། ཤཱ་ར་དྭ་ཏིའི་བུ་འོན་ཀྱང་དེའི་སྔོན་གྱི་ལས་མངོན་པར་འདུ་བྱེད་པར་གྲུབ་པའི་ལུས་དེས་འཇིགས་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེས་ཅི་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་བདུད་སྡིག་ཅན་རྣམས་བཏུལ་པ་གདུག་པ་མེད་པར་བྱས་ནས་ཕྱིས་ཀྱང་བར་ཆད་བྱེད་པ་མེད་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་རྣམས་དེ་ལྟ་དེ་ལྟར་ཡོངས་སུ་བསྔོས་པས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང། ཉན་ཐོས་དེ་དག་དང། སོ་སོའི་སྐྱེ་བོ་དེ་དག་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་བར་ཆད་བྱེད་པ་འགའ་
ཡང་མེད་མོད་ཀྱི། ཤཱ་ར་དྭ་ཏིའི་བུ་འོན་ཀྱང་སངས་རྒྱས་ཀྱི་ཞིང་དེ་ན་གང་དག་སྔོན་གྱི་མངོན་པར་འདུ་བྱེད་པ་ལས་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་རིས་ཀྱི་ལྷར་སྐྱེས་པ་དེ་དག་བདུད་ཅེས་བྱ་བའི་མིང་འཐོབ་སྟེ། མིང་དེ་དང། སྐྱེས་པ་དེ་སྨོད་ཅིང་ཆོས་བསྟན་པ་ཉན་པར་བྱེད་དོ། །ཐོས་ནས་ཀྱང་དད་པ་ཐོན་ཅིང་ཉན་ཐོས་དེ་དག་ལ་ཡང་དགའ་བར་བྱེད་དེ། །བདག་ཅག་ཀྱང་ནམ་ཞིག་ན་འདི་ལྟར་འདོད་པ་ཆུང་པ་དང། འདི་ལྟར་ཆོག་ཤེས་པ་དང་། འདི་ལྟར་རབ་ཏུ་དབེན་པ་ལ་གནས་པར་འགྱུར་ཞིག་གུ་སྙམ་མོ། །དེ་ལྟར་བདུད་དེ་དག་མངོན་པར་འབྱུང་བའི་རྣམ་པར་རྟོག་པར་ཀུན་དུ་འབྱུང་ཞིང་བར་ཆད་བྱེད་པ་མེད་པ་ཀུན་དུ་སྤྱོད་དེ། ཤཱ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེའི་སྔོན་གྱི་སྨོན་ལམ་དང་སྔོན་གྱི་བརྩོན་པ་དང་། སྔོན་གྱི་སྐྱེས་བུའི་བྱེད་པས་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་དང་། སོ་སོའི་སྐྱེ་བོ་དེ་དག་ཐམས་ཅད་ཤིན་དུ་བདེ་བར་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཞིང་དེ་ལ་དགའ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ལྡོག་པར་འཚལ་བ་དང་། ངེས་པའི་གནས་སུ་མཆི་བར་འཚལ་བ་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་སྩལ་ན་དེ་སྦྱིན་པ་སྩལ་པས་སངས་རྒྱས་ཀྱི་ཞེང་དེར་སྐྱེ་བར་འགྱུར་པས་སྦྱིན་པ་དེ་ནི་ལེགས་པར་བཏང་བ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དུ་ལྡོག་པའི་སྐལ་པ་ཅན་མ་ལགས་
པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པ་དག་མཉེས་པར་བགྱིད་པ་དང་། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་མཐོང་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགེ་བའི་རྩ་བ་དག་ཀྱང་བསྐྲུན་པར་འགྱུར་བའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་འདིས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སྦྱིན་པ་སྩལ་ལ་སྦྱིན་པ་སྩལ་པས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན། བཙུན་བ་བཅོམ་ལྡན་འདས་ལེགས་པར་སྩལ་ཅིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞེང་དེར་ལེགས་པར་མཆིས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དཱ་ཏི་འི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དཱ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤཱ་ར་དཱ་ཏིའི་བུ་དེ་ནི་ལེགས་པར་སོང་ཞིང་ལེགས་པར་སྐྱེས་པས་གང་བས་ན་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཡོངས་སུ་གང་བ་ཡིན་ནོ། །ཤཱ་ར་དཱ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གསེར་གྱི་རིགས་གསེག་མ་དང་། གྱོ་མོ་མེད་ཅིང་རྡོ་བ་དང་ས་རྡུལ་མེད་ལ། དག་པའི་སྙིང་པོ་ལ་གནས་པར་གྱུར་པ་དེ་ལ་གསེར་བླངས་ཏེ། སྤུང་པ་གཉིས་ཀྱིས་བཞུ་ཞིང་བཏུལ་ལ། བཞུ་ཞིང་བཏུལ་ནས་རྒྱན་སྣ་ཚོགས་གཞན་དག་ཏུ་བྱས་ཏེ།
ལུས་ལ་ཐོགས་པ་དེ་བཞིན་དུ་ཤཱ་ར་དཱ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དག་པ་སྙིང་པོ་ལ་གནས་པ་ཤ་སྟག་སྟེ། ཤཱ་ར་དཱ་ཏིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པ་དེ་དག་ནི་དག་པ་ཡིན་པར་རིག་པར་བྱའོ། །ཤཱ་ར་དཱ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་གང་དག་སྐྱེས་སམ། སྐྱེ་འམ། སྐྱེ་པར་འགྱུར་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། སེམས་ཅན་དག་བ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཕྱིར་མི་ལྡོག་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། རྟེན་གཅིག་སྟེ། དེ་བཞིན་གཤེགས་པ་ལ་རྟེན་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོ་སྟེ། ཤཱ་ར་དཱ་ཏིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་ཡིན་ཞེ་ན། ཤཱ་ར་དཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་གཤེགས་པ་ལ་རྟེན་བར་གྱུར་པ་དེ་ནི་རྟེན་གཅིག་པ་ཞེས་བྱའོ། །གཞན་ཡང་རྟེན་གཅིག་པ་ཞེས་བྱ་བ་དེ་ནི་གང་ཉན་ཐོས་དང། རང་སངས་རྒྱས་ཀྱིས་ཐམས་ཅད་ལས་ཤིན་དུ་འདས་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་དེ་བཞིན་གཤེགས་པ་ལ་རྟེན་པ་རྗེས་སུ་ཐོབ་པར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ངས་ཕྱིར་མི་ལྡོག་པར་ལུང་བསྟན་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་སྐྱེ་བར་
བྱ་སྟེ། ཤཱ་ར་དྭ་ཏིའི་བུ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་བཏང་བ་དེ་དག་ནི་ངས་ཡོངས་སུ་སྤངས་པ་མ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ་མཐུ་དང། སྟོབས་དང། བརྩོན་འགྲུས་ཐོབ་པ་ཞིག་རྒྱལ་སྲིད་འདོད་པ་དང། ནོར་འདོད་པ་དང། ཡུལ་འདོད་པའི་ཕྱིར་འཐབ་ཟླའི་རྒྱལ་པོའི་གན་དུ་འགྱེད་ཅིང་འཐབ་ཏུ་སོང་བ་དང། དེ་ནས་འཐབ་ཟླའི་རྒྱལ་པོ་དེས་རྒྱལ་པོ་དེ་རྒྱལ་སྲིད་དོད་པ་དང། ནོར་འདོད་པ་དང། ཡུལ་འདོད་པའི་ཕྱིར་འགྱེད་ཅིང་འཐབ་ཏུ་འོད་དོ་ཞེས་ཐོས་སོ། །དེ་སྐད་ཐོས་ནས་རྒྱལ་པོ་དེས་འདི་སྙམ་དུ་གང་དག་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང། བུ་དང། བུ་མོ་རྣམས་དང། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་དེ་དག་ཐམས་ཅད་གང་ན་རྒྱལ་པོའི་དཔུང་ཡོད་པ་དང། ཐུས་པར་དཀའ་བ་དེར་བཀྱེ་ན་བདེ་བར་གནས་པར་འགྱུར་གྱི། འདི་ན་ནི་སྡུག་བསྔལ་པར་འགྱུར་རོ་སྙམ་ནས་གྲོང་ཁྱེར་གཞན་ཞིག་ཏུ་བསྐུངས་སོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་བཏང་བ་དེ་དག་ནི་ངས་ཡོངས་སུ་སྤངས་པ་མ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ་ཇི་ལྟར་རྒྱས་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང། བུ་དང། བུ་མོ་རྣམས་དང། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་བསྐུངས་པ་དེ་ལྟར་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་རྣམས་བལྟའོ། །ཤཱ་ར་དྭ་ཏིའི་བུ་ཇི་ལྟར་གང་དུ་རྒྱས་པོའི་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང། བུ་དང། བུ་མོ་རྣམས་དང་གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་རྣམས་བསྐུངས་པའི་གྲོང་ཁྱེར་དེ་ལྟར་ནི་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་བལྟའོ། །ཤཱ་ར་དྭ་ཏིའི་བུ་ཇི་ལྟར་འཐབ་དུ་འོད་པའི་རྒྱལ་པོ་དེ་ལྟར་ནི་སངས་རྒྱས་ཀྱི་ཞིང་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་བར་ཆད་བྱེད་པའི་ལས་ལ་གནས་པ་མཐོ་འཚམ་པ་ལ་ཞུགས་པའི་བདུད་རྣམས་བལྟའོ། །ཤཱ་ར་དྭ་ཏིའི་བུ་ཇི་ལྟར་རྒྱལ་པོ་མཐུ་དང་ལྡན་ཞིང་ཐུལ་བར་དཀའ་བ་དེ་ལྟར་ནི་བདུད་དང། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་མི་ཐུལ་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བལྟའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་བུ་ལོན་པས་འཇིགས་ཤིང་སྐྲག་པའི་མི་ནི་གང་དུ་སོང་ན་བུ་ལོན་པ་འམ་བུ་ལོན་པའི་མི་དག་གིས་མི་ཚུགས་པར་འགྱུར་པའི་མཐའ་འཁོབ་གྱི་གྲོང་ཁྱེར་དུ་འབྲོས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེར་བུ་ལོན་པ་འམ། བུ་ལོན་པའི་མི་རྣམས་འོང་པའི་ལམ་ཆད་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དེ་དག་ལ་ཡང་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་ལམ་ཆད་པ་ཡིན་ནོ། ཤཱ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་གང་དག་འཁོད་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང་། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང་དག་འཁོད་པ་དེ་དག་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་དང་། མཐོ་བརྩམ་པའི་ཕྱིར་ཞུགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ཀྱི་ཕྱིར་ཉེ་བར་
གནས་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བརྒྱ་ལམ་ན་ཡང་མི་འཇིགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་བའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཟག་པ་ཟད་པའི་དགྲ་བཅོམ་པ་ནི་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་སོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེ་འམ་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། དེ་དག་ནི་ཀུན་དུ་བསྲུངས་པ་དང། བསྐྱབས་པ་དང་སྦས་པ་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་ཉིད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་མཐོ་འཚམ་བའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་དུག་སྨན་ཟོས་ཏེ་དུག་འཐུངས་ན་དེས་དུག་དེ་ཁ་ཟས་ཀྱི་བྱ་བ་བྱས་ཀྱང་གདུག་པ་མེད་
ཅིང་ལེགས་པར་འཇུའོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་དེ་སྔོན་བྱང་ཆུབ་སེམས་དཔའ་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་སངས་རྒྱས་ཀྱི་ཞིང་དེར་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་མཐོ་འཚམ་པའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོས་པས་ན་ཤཱ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང། ཉན་ཐོས་ཀྱི་དགེ་འདུན་དེ་དག་དང་། བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་བལྟ་བར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་དང་བཅས་པ་དེ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་། ཉན་ཐོས་ཀྱི་དགེ་འདུན་དེ་དང་། བྱང་ཆུབ་སེམས་
དཔའི་ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་མཐོང་ངམ། གསོལ་པ་བཙུན་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་འདི་ལྟར་ལྷ་དེ་དག་དང་མི་དེ་དག་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དང་། རྩེ་བ་དང་། དགའ་བས་བྱེ་བྲག་གམ། ཐ་དད་དུ་བྱ་བ་ཅི་ཡང་མཐོང་ངམ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་འདི་ལྟར་ལྷ་དེ་དག་དང་། མི་དེ་དག་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དང་། རྩེ་བ་དང་། དགའ་བས་བྱེ་བྲག་གམ། ཐ་དད་དུ་བགྱི་བ་ཅི་ཡང་མ་མཐོང་ལགས་སོ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ན་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་ཐམས་ཅད་ལྷ་རྫས་ཉིད་ལགས་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཕྱོགས་བཅུ་ཀུན་དུ་སྣང་བར་མཛད་ཅིང་གསེར་གྱི་མཆོད་སྡོང་ལྟར་གཟི་བརྗིད་གསལ་ཞིང་ཤིས་པ་དང་། དཔལ་འབར་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་བཅུས་གཟུགས་རྣམ་པར་སྤྲས་ལ་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་ཆོས་སྟོན་ཅིང་བཞུགས་པར་གདའ་བའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པ་ན་ཤར་ཕྱོགས་སུ་ཞུགས་ཤིང་དམ་རི་ཡང་མི་མཐོང་ཞིང་ལྷོ་ཕྱོགས་སུ་མ་ལགས། ནུབ་ཕྱོགས་སུ་མ་ལགས་ཏེ། བྱང་ཕྱོགས་སུ་ཞུགས་ཤིང་དམ་རི་ཡང་མི་མཐོང་པ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་དུ་མཆིས་ན་ཉན་ཐོས་ཀྱི་མཐའ་མ་ཤར་ཕྱོགས་ན་མི་གདའ། ཉན་ཐོས་ཀྱི་མཐའ་མ་
ལྷོ་ཕྱོགས་ན་ཡང་མི་གདའ། ནུབ་ཕྱོགས་ན་ཡང་མི་གདའ། བྱང་ཕྱོགས་ན་ཡང་མི་གདའ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཡང་དེ་དག་ཇི་ལྟར་སྙོམས་པར་ཞུགས་བ་དེ་ལྟར་ལུས་མི་གཡོ་མི་འགུལ་བར་ཆོས་ཉན་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ན་དགྲ་བཅོམ་པ་བསམ་གཏན་པ་སྙོམས་པར་ཞུགས་པའི་ལུས་ནི་གཡོ་བར་ཡང་འགྱུར་ལགས་ཀྱི་ཉན་ཐོས་དེ་དག་ནི་ཆོས་ཉན་པ་ན་ལུས་གཡོ་བ་མ་མཆིས་ཏེ། བཙུན་པ་བཅོམ་ལྡན་འདས་དེ་དག་ནི་ཇི་ལྟར་སྙོགས་པར་ཞུགས་པ་དེ་ལྟར་ལུས་མི་གཡོ། །མི་འགུལ་བར་ཆོས་ཉན་བར་བགྱིད་པ་ལགས་སོ།། །།བམ་པོ་བཞི་པ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སྦྱིན་བསྩལ་ཅིང་ཡོངས་སུ་བཏང་ལ་ཡོངས་སུ་བཏང་བས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན་བཙུན་པ་བཅོམ་ལྡན་འདས་ལེགས་པར་སྩལ་ཅིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་ཞིང་དེར་ལེགས་པར་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་ཐོབ་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་བཀའ་ཁྲིམས་བཙན་པོའི་འཕར་མ་པའི་མི་ཞིག་རྒྱལ་པོའི་རྒྱས་བཏབ་པའི་སྤྲིང་ཡིག་ཐོགས་ཏེ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ཕྱོགས་གང་ཡང་རུང་བ་ཞིག་ཏུ་སོང་སྟེ། འགྲོ་བ་ན་དེ་ལ་ལ་གཅན་པ་རྣམས་སམ། ཤོ་གམ་པ་རྣམས་སམ། གྲུ་ག་རྣམས་སམ། གྲོང་བ་རྣམས་སམ། གྲོང་ཁྱེར་བ་རྣམས་སམ། ལམ་པ་རྣམས་སམ། རྒྱལ་པོའི་མི་འམ། ལམ་དུ་ཞུགས་པའམ། འགྲོན་པོ་འམ། དེ་ལས་གཞན་པ་ཡང་རུང་སྟེ། སེམས་
ཅན་འགའ་ཡང་དེ་འགྲོ་བའི་བར་ཆད་མི་བྱེད་ཅིང་མཐོ་མི་འཚམ་སྟེ། དེ་འགྲོ་བ་དང། འོང་པའི་ལམ་ལ་བགེགས་མེད་པ་ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རྒྱལ་པོའི་རྒྱས་བཏབ་པའི་ཕྱིར་དེ་འགྲོ་བ་ལ་བགེགས་མེད་པར་འགྲོ་བར་བལྟའོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བདེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བྱེད་པར་འགྱུར་པ་དང། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོས་བར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང། མི་འབྲལ་བར་འགྱུར་བ་དང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་དུ་ཞུགས་པ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་འདི་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་དུ་ཞུགས་པ་དེས་ལོག་པར་ལྟུང་བ་རྒྱུན་བཅད་པ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བདེ་དག་ཐམས་ཅད་ཀྱང་ལོག་པར་ལྟུང་བ་རྒྱུན་ཆད་པ་ལགས་པར་བལྟ་བ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ཐམས་ཅད་རྒྱུན་ཆད་པ་ལགས་པར་བལྟ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བདེ་དག་ཐམས་ཅད་ནི་ལོག་པར་ལྟུང་བ་རྒྱུན་ཆད་པ་ཡིན་པར་བལྟ་བ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ཐམས་ཅད་རྒྱུན་ཆད་པ་ཡིན་པར་བལྟ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པ་དག་མཉེས་པར་འགྱུར་པ་དང་། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་འདི་
ལྟ་སྟེ། དཔེར་ན་རྒྱུན་དུ་ཞུགས་པ་ནི་ལོག་པར་ལྟུང་བའི་ཆོས་སུ་མི་འགྱུར་ཞིང་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་ལོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བདེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་པ་དང་། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་ལན་ཅིག་ཕྱིར་འོང་བ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚུངས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་ཕྱིར་མི་འོང་པའི་འབྲས་བུ་ལ་གནས་པའི་ཕྱིར་མི་འོང་བ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་པ་ལགས་སོ། བཙུན་པ་བཅོམ་ལྡན་འདས་གང་འདི་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པའི་དགྲ་བཅོམ་པ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དཱ་ཏིའི་བུ་ཁྱོད་དེ་སྐད་མ་ཟེར་ཅིག། ཤཱ་ར་དཱ་ཏིའི་བུ་ཁྱོད་ཡང་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དཱ་ཏིའི་བུ་གང་འདི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དི་མཚུངས་ལ། གང་འདི་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་པའི་ཕྱིར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་གང་འདི་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དཱ་ཏིའི་བུ་གང་དག་པ་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྟེན་པ་ཡིན་བར་རིག་པར་བྱ་བ་དང་། དེ་དག་ནི་བདུད་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་རྫེ་བར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སར་མཚམས་སྦྱོར་པ་ཆད་པར་རིག ་པར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་པ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། འདི་ལ་གནས་བརྟན་རབ་འབྱོར་གྱི་སྤོབས་པ་ཅི་འདྲ་བ་བདག་གིས་གནས་བརྟན་རབ་འབྱོར་ལ་སད་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་
བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེ་བལྟ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང་། སངས་རྒྱས་ཀྱི་ཞིང་དེ་ལྟའམ། སྨྲས་པ། གནས་བརྟན་རབ་འབྱོར་བདག་ཅག་གིས་བལྟའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གནམ་དུ་ལྟོས་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གནམ་དུ་བལྟས་སོ། །བལྟས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་བདག་གིས་གནམ་དུ་བལྟས་ན། སྟེང་གི་ནམ་མཁའ་ཐམས་ཅད་དབེན་བར་མཐོང་ངོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཇི་ལྟར་ཁྱོད་ཀྱིས་སྟེང་གི་ནམ་མཁའ་ཐམས་ཅད་དབེན་བར་མཐོང་བ་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང་། སངས་རྒྱས་ཀྱི་ཞིང་དེ་ཡང་དེ་ལྟར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གང་འདི་ན་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དང་། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་སོ། །ཞེས་བཀའ་སྩལ་ལགས་ན་བཙུན་པ་བཅོམ་ལྡན་འདས་དེ་མཉམ་པ་ཉིད་གང་ཞིག་གིས་མཚུངས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དཱ་ཏིའི་བུ་དེ་ནི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མཚུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས་ལེའུ་བཞི་པའོ།། །།