འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམས་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་བརྒྱད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པ།། །།བམ་པོ་དང་པོ།། །།རྒྱ་གར་སྐད་དུ། ཨཱརྻ་སརྦ་བུད་དྷ་མ་ཧཱ་ར་ཧ་ཀྵྼཽ་པཱ་ཡ་ཀཽ་ཤ་ལྱ་ཛྙྱཱ་ནོད་ཏ་ར་བོ་དྷི་ས་ཏྭ་པ་རི་པྲྀཙྪ་པ་རི་བརྟ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། །བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །།སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན། སློབ་པ་དང་མི་སློབ་པའི་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་དྲུག་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པ་གཟུངས་ཐོབ་པ། སྤོབས་པ་ཐོག་པ་མེད་པ། མངོན་པར་ཤེས་པ་སྒྲུབ་པ་མཁས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ཡོན་ཏན་འབུམ་ཕྲག་དུ་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། །དེས་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རིང་པོ་མ་ལོན་པར་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། །ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། །མ་དྲེས་པ། ཡོངས་སུ་རྫོགས་པ། །ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་འགྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་
གསོལ་ཏོ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱི་བདག་ལ་སྐབས་དབྱེ་བར་གནང་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་ཐབས་ལ་མཁས་ཞེས་བགྱི་ན་ཐབས་ལ་མཁས་པ་དེ་གང་ལགས། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ལ་མཁས་པ་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལོགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། །སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བ་དང་། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་པ་རྗེས་སུ་བཟུང་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ཏེ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡོངས་སུ་དྲི་བར་སེམས་པ་ནི་རིགས་ཀྱི་བུ་ཡང་ཁྱོད་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུང་ཤིག་དང་། ངས་བྱང་ཆུབ་
སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་ཁྱོད་ལ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་ཟན་ཁམས་གཅིག་ཙམ་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གང་གི་ཚེ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམས་གཅིག་ཙམ་ཡང་སྦྱིན་པར་བྱེད་ན་དེ་ཡང་ཐམས་ཅན་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཡོ་ངས་སུ་བསྔོ་བའི་ཕྱིར་རོ། །དེ་རྒྱུ་གཉིས་ཀྱིས་ན་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱེད་དེ། གཉིས་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཀྱིས་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གཞན་གྱི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་། རྗེས་སུ་ཡང་རང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་བཏང་སྟེ་ཡོངས་སུ་བསྔོ་བར་ཡང་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དེས་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སྦྱིན་པ་པོ་དང་། སྦྱིན་བདག་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་ལ་ལེན་པ་པོ་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་དེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་།
སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གིར་མ་བྱས་ཤིང་ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྡུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། ཡོངས་སུ་བཏང་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གི་དང་བཅས་ཤིང་ཡོངས་སུ་བཟུང་བ་དང་། བཅས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་དྲི་རླུང་གིས་བཏབ་པའི་ངད་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བ་རྩ་བ་དེ་ཡང་བདག་དང་། སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དེས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་འགྲོལ་བ་དང་། རྣམ་པར་འགྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་བསྡུས་ཏེ་འཆགས་པར་བྱེད་ཅིང་། འདི་ལྟར་སེམས་དེ་དག་གི་སྡུག་བསྔལ་གྱི་ཚོར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་གི་ལུས་ལ་འབབ་བར་འགྱུར་ཞིང་སེམས་ཅན་དེ་དག་བདེ་བར་གྱུར་ཅིག་ཅེས་གོ་ཆ་གྱོན་པར་ཡང་བྱེད་དོ། །ཕྱོགས་བཅུ་ཀུན་གྱིས་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་བདེ་བའི་ཚོར་བ་མྱོང་བར་གྱུར་བ་གང་དག་ཡིན་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་
པས་དེ་དག་ཡང་དག་པར་བསྡུས་ཏེ་རྗེས་སུ་ཡི་རང་བར་བྱེད་ཅིང་། རྗེས་སུ་ཡི་རང་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་བསྐྱེད་པ་སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་དགེ་བའི་རྩ་བ་དེས་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་རྣམས་འཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས། བསྙེན་བཀུར་བྱས་ནས་འདི་ལྟར་སོ་སོར་རྟོག་པར་བྱེད་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་གཅིག་ལས་ངེས་པར་བྱུང་བ་དང་། ཚུལ་ཁྲིམས་གཅིག་པ་དང་། ཏིང་ངེ་འཛིན་གཅིག་དང་། ཤེས་རབ་གཅིག་པ་དང་། རྣམ་པར་གྲོལ་བ་གཅིག་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་གཅིག་དང་། ཡེ་ཤེས་གཅིག་པ་དང་། རིག་པ་གཅིག་པ་ཡིན་ནོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་སོ་སོར་བརྟགས་ནས་འདི་ལྟར་ཤེས་པར་བྱེད་དེ། དེ་བཞིན་གཤེགས་པ་གཅིག་ལ་ཕྱག་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། བསྙེན་བཀུར་བྱས་པས་ནི་བཞིན་གཤེགས་པ་ཐམས་ཅད་ཕྱག་བྱས་པ་དང་། བཀུར་སྟི་བྱས་དང་། རི་མོར་བྱས་པ་དང་། མཆོད་པ་བྱས་དང་། བསྙེན་བཀུར་བྱས་པར་འགྱུར་རོ་སྙམ་དུ་ཤེས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཆོད་པར་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་དེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་གང་གི་ཚེ་བློ་ཚེ་རཏལ་བར་གྱུར་ན་ཡང་དེ་
བདག་ཉིད་ཁྱད་དུ་གསོད་པར་མི་བྱེད་ཅིང་། ཞུམ་པར་མི་བྱེད་པར་དེ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ལ་ཡང་འཇུག་པར་བྱེད་ཅིང་དེ་འདི་ལྟར་སོ་སོར་རྟོག་པར་ཡང་བྱེད་དེ། ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་པོ་འདིའི་དོན་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡིན་ནོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཁ་དོན་དུ་བསླབས་ནས་ཞུམ་པ་མེད་པའི་སེམས་ཀྱིས་སྙིང་རྗེས་ཆེན་པོ་བསྐྱེད་དེ། རྙེད་པ་དང་། བཀུར་སྙི་དང་། གྲགས་པ་འདོད་པ་མེད་པས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་སྐྱེ་བོ་མང་པོ་ལ་ཚིག་བཞི་པའི་ཚིགས་སུ་བཅད་པ་དེ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་ཅིང་འདི་ལྟར་སྨོན་ལམ་འདེབས་པར་ཡང་བྱེད་དེ། སེམས་ཅན་གང་སུ་དག་གི་ཚིག་བཞི་པའི་ཚིགས་སུ་བཅད་པ་འདི་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ངེས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་ཡང་བྱེད་དོ། །དེ་དགེ་བའི་རྩ་བ་ཐམས་ཅད་ལ་མཁས་པས་ཡོངས་སུ་ཟིན་པ་དེས་སེམས་ཅན་ཐམས་ཅད་ཀུན་དགའ་བོ་ལྟར་མང་དུ་ཐོས་པར་འགྱུར་ཞིང་སངས་རྒྱས་ཀྱི་སྤོབས་པ་ཉིད་ཀྱང་འཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་གལ་ཏེ་བརྒྱ་ལ་བརྒྱ་ལམ་ན་དབུལ་པོར་གྱུར་ན་ཡང་དེས་ཐ་ན་གཞན་གྱི་ལས་ཀྱང་བྱས་ཏེ། ཁ་ཟས་ནལ་ཟེ་གང་ཙམ་ཡང་བླངས་ན་ཞུམ་པ་མེད་པའི་སེམས་ཀྱིས་དགེ་འདུན་ནམ། གང་ཟག་ལ་འབུལ་བར་ཡང་བྱེད་དོ། །ཕུལ་ནས་ཀྱང་དེ་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་སེམས་རྒྱ་ཆེན་པོས་བྱིན་ན་སྦྱིན་པ་ཡང་རྒྱ་ཆེན་པོར་འགྱུར་རོ་ཞེས་གསུངས་པས་ན་འདི་ལྟར་བདག་གི་སྦྱིན་པར་བྱ་བའི་ཆོས་འདི་ནི་ཆུང་མོད་ཀྱི། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་བྱིན་པས་དཔག་ཏུ་མེད་པར་འགྱུར་རོ་སྙམ་དུ་སོ་སོར་རྟོག་པར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཚད་མེད་པར་གྱུར་པ་
དེས་ཁ་ཟས་ནལ་ཟེ་གང་ཙམ་པོ་དེ་སྦྱིན་པར་བྱེད་ཅིང་། བདག་གི་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་འདི་ལྟ་སྟེ་དཔེར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟ་བ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་འགྲུབ་པར་འགྱུར་ཞིང་ལག་ན་རིན་པོ་ཆེ་གྲུབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། །དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེས་བྱང་ཆུབ་ཀྱི་སེམས་དང་བྲལ་སེམས་ཅན་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་ཟིལ་གྱིས་གནོན་པར་འགྱུར་ལ། སྐྱེ་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཀྱང་འགྲུབ་པར་འགྱུར། ལག་ན་རིན་ཆེ་ཡང་འགྲུབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གལ་ཏེ་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་ལྷན་ཅིག་གནས་པར་གྱུར་ཀྱང་དེ་དག་ལ་དགའ་བར་མི་བྱེད་ཅིང་། གལ་ཏེ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བསྙེན་བཀུར་ལྷག་པ་དག་ཡོད་ལ། བདག་ལ་དེ་ལྟ་མ་ཡིན་པར་མཐོང་ན་ཡང་དེ་རྒྱུ་གཉིས་ཀྱིས་བདག་ལ་རྟོག་པར་བྱེད་དེ། གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ལས་ངེས་པར་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ངེར་པར་བྱུང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཡིན་ནོ་སྙམ་དུ་བདག་ཉིད་ལ་རྟོག་པར་བྱེད་ཅིང་། དེ་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། འདི་དག་ལ་བསྙེན་བཀུར་བ་ལྷག་པར་དག་ཡོད་མོས་ཀྱི། འོན་ཀྱང་འདིར་ནི་བདག་ཉིད་ཤིན་ཏུ་མཆོག་དང་། ཤིན་ཏུ་གཙོ་ཡིན་གྱི་འདི་དག་ནི་མ་ཡིན་ནོ། །དེ་དག་ནི་བདག་གི་ཕའི་ནོར་གྱི་ཕུང་པོ་ལ་ཡོངས་སུ་སྦྱོང་བར་བྱེད་པ་མ་ཡིན་པས་བདག་གིས་འདི་དག་ལ་དགའ་བར་ཡང་མི་བྱ་ལ། འདི་དག་ལ་ཕྲག་
དོག་ཀྱང་མི་བྱའོ་སྙམ་དུ་སོ་སོར་རྟོག་པར་བྱེད་དོ། །དེས་ལྷག་པའི་བསམ་པས་སེམས་བསྐྱེད་པ་དེས་གང་གིས་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ཀྱང་ཁེངས་པ་མི་འགྱུར་ལ། བསྙེན་བཀུར་མ་བྱས་ཀྱང་ཞུམ་པར་མི་འགྱུར་ཞིང་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པ་ཀུན་དུ་འཛིན་པར་མཛད་པ་ལྟ་བུའི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པ་འཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི་སྦྱིན་པ་སྦྱིན་པས་ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གང་གི་ཚེ་སློངས་མོ་པ་མཐོང་བ་ན་དེ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ཏེ། སེར་སྣའི་སེམས་ཚར་གཅོད་པར་བྱེད་ཅིང་གཏོང་བ་ཆེན་པོ་ཡང་སྤེལ་བར་བྱེད་ལ། སྦྱིན་ནོ་སྙམ་པའི་སེམས་ཀྱང་སྐྱེད་པ་གང་ཡིན་པ་དེ་ནི་དེའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པ་སྦྱིན་པར་བྱེད་པ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་པ་གང་དག་ཡིན་པ་དེ་དག་ཚུལ་ཁྲིམས་ལ་འགོད་བར་བྱེད་ཅིང་སྦྱིན་པ་སྦྱིན་ནས་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །བྱམས་པའི་སེམས་དང་། ཕན་པའི་སེམས་དང་། མ་འདྲེས་པའི་སེམས་དང་། མ་འཁྲུགས་པའི་སེམས་དང་། ལེ་ལོ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་བཟོད་པའི་ཕ་རོལ་་ཏུ་ཕྱིན་པ་ཡིན་ནོ། །བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བལྡག་པ་དང་། མྱང་བ་དག་ལ་མངོན་པར་གུས་པ་ཡང་དག་པར་སྒྲུབ་པར་བྱེད་ཅིང་རྩོལ་བར་བྱེད་པ་དང་། ལུས་ཀྱིས་ཞལ་ཏ་བྱེད་དང་། སེམས་ཀྱིས་ཞལ་ཏ་བྱེད་དང་། ལྡང་བ་དང་། འགྲོ་བ་དང་། འོང་བར་བྱེད་པ་གང་
ཡིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །སྦྱིན་པ་གང་ཡིན་པ་དེ་སེམས་རྩེ་གཅིག་པ་དང་། དགའ་བ་དང་། ཡིད་བདེ་བ་དང་། མཆོག་ཏུ་དགའ་བའི་སེམས་པ་དང་། རྣམ་པར་གཡེང་བ་མེད་པ་གང་ཡིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། བྱིན་པ་བྱིན་ནས་ཆོས་ཉིད་ཀྱི་རྗེས་སུ་ཡང་དག་པར་གཞོལ་བར་བྱེད་དེ། སུས་བྱིན། སུ་ལ་བྱིན། ཅི་ཞིག་བྱིན། འདིའི་རྣམ་པར་སྨིན་པ་སུས་མྱོང་བར་འགྱུར་ཞེས་ཆོས་ཉིད་ཀྱི་རྗེས་སུ་ཡང་དག་པར་གཞོལ་བར་བྱེད་ཅིང་དེས་དེ་ལྟར་ཡོངས་སུ་བཙལ་ནས་ཀྱང་གང་གིས་བྱིན་པ་དང་། གང་ལ་བྱིན་དང་། ཅི་ཞིག་བྱིན་པ་དང་། དེའི་རྣམ་པར་སྨིན་པ་མྱོང་བར་བྱེད་པ་གང་ཡིན་པའི་ཆོས་འགའ་ཡང་མི་དམིགས་པ་གང་ཡིན་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་སྦྱིན་པ་སྦྱིན་པས་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་སྦྱིན་པ་གང་གིས་སེམས་ཅན་རྣམས་ཀྱང་འཁོར་བ་ལས་ཡོངས་སུ་འཛིན་པར་བགྱིད་ལ། སྦྱིན་པ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་འཛིན་པར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་ཐབས་ལ་མཁས་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་ཆུང་ངུ་ཡང་ཆེན་པོར་བྱེད་ལ། ཆེན་པོ་ནི་དཔག་ཏུ་མེད་པ་དང་། གྲངས་མེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ། །རིགས་
ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གལ་ཏེ་བརྒྱ་ལ་བརྒྱ་ལམ་ན་སྡིག་པའི་གྲོགས་པོའི་དབང་ངམ། སེམས་ཀུན་དུ་རྨོངས་པས་ཉེས་པ་བྱུང་ན་ཡང་དེ་འདི་ལྟར་སོ་སོར་སློབ་སྟེ། གལ་ཏེ་བདག་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ནི་དེ་ལྟ་ན་བདག་གིས་ཡོངས་སུ་གདུང་བར་བྱ་དགོས་པར་འགྱུར་བས་བདག་གིས་འདི་ལྟར་གོ་ཆ་བགོ་བར་བྱ་སྟེ། བདག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱི་བའི་ཕྱིར་མའི་མཐའི་མུའི་བར་དུ་འཁོར་བར་འཁོར་བར་བྱ་བ་ལ་བདག་གིས་སེམས་ཞུམ་པར་མི་བྱ། འཇིགས་པར་མི་བྱ། སེམས་སྐྲག་པར་མི་བྱ། ཡོངས་སུ་གདུང་བར་མི་བྱ་ཞིང་། ཇི་ལྟ་ཇི་ལྟ་འཁོར་བ་ན་འཁོར་བར་འགྱུ་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཉེས་པ་འདི་ཡང་ཆོས་བཞིན་དུ་ཕྱིར་བྱ་ཞིང་ཕྱིན་ཆད་ཉེས་པ་མི་འབྱུང་བར་བྱ་བ་དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱང་ཉེས་པ་ལས་དབྱུང་བའི་ཕྱིར་ཆོས་བསྟན་པར་བྱའོ་ཞེས་གོ་ཆ་གྱོན་པར་བྱེད་དོ། །རིགས་ཀྱི་བུ་ཡོངས་སུ་བརྟག་པ་ཉེ་བར་བཟུང་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་གལ་ཏེ་རྩ་བའི་ཉེས་པ་བཞི་པོ་ཐམས་ཅད་བྱུང་བར་གྱུར་ན་ཡང་ཐབས་ལ་མཁས་པ་དེས་སེལ་བར་བྱེད་ན། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའ་ལ་ཉེས་པ་མེད་ཅེས་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ནོངས་པ་དང་བཅས་པ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱིས་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་ལ་སློབ་པར་བྱེད་ན་བསྐལ་པ་འབུམ་གྱི་བར་དུ་རྩ་བ་དང་འབྲས་བུ་ཟ་བར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་སོ་ཅོག་བཟོད་པར་བྱེད་དུ་ཟིན་ཀྱང་། ཉོན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གནས་པར་གྱུར་ན། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ཉེས་པ་ལྕི་
བ་ཞེས་བྱའོ། །རིགས་ཀྱི་བུ་འདི་སྟེ་དཔེར་ན་ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྩ་བའི་ཉེས་པ་བྱུང་བར་གྱུར་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་བའི་སྐལ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་འབྱེད་པ་དག་མ་གཤགས་མ་སྤངས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་བའི་སྐལ་པ་མེད་ཅིང་སངས་རྒྱས་ཀྱི་ས་འཐོབ་པར་འགྱུར་བའི་སྐལ་པ་མེད་དེ་དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ལགས་ཏེ། མི་མཁྱེན་པ་འམ། མ་གཟིགས་པ་འམ། ཐུགས་སུ་མ་ཆུད་པ་འམ། མངོན་གསུམ་དུ་མ་མཛད་པ་ཅུང་ཟད་མི་མངའ་ལགས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་འདི་སྐད་ཅེས་དགེ་སློང་གིས་ཉེས་པ་བྱུང་བ་མཐོང་ན་བཅད་པར་མི་བྱ་བར་ཚངས་མཚུངས་པར་སྤྱོད་པ་གཞན་དག་གམ། དེ་བཞིན་གཤེགས་པའི་སྤྱན་སྔར་སྨྲོས་ཤིག་ཅེས་བཀའ་སྩལ་པས། བཙུན་པ་བཅོམ་ལྡན་འདས་བདག་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཐར་ཆགས་སུ་བསོད་སྙོམས་ཀྱི་སླད་དུ་མཆི་བ་ན། གྲོང་ཁྱེར་གཞན་ཞིག་ན་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་ཞེས་བགྱི་བ་ཁྲིའི་སྟེང་ན་བུད་མེད་ཞིག་དང་ལྷན་ཅིག་མཆིས་པ་མཐོང་བ་དེ་དག་བྱམས་པ་དང་ལྡན་པ་དང་། ནོངས་པ་མ་མཆིས་པའི་སེམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་འདི་སྐད་ཅེས་གསོལ་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལས་ཆེན་པོ་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སེང་གེ་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་ཏེ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས།
ཉེས་པའི་ཆོས་དང་ལྡན་པ་བར་སྣང་ལ་འདུག་པར་ནུས་སྙམ་འམ། ཀུན་དགའ་བོས་སྨྲས་པ། རིགས་ཀྱི་བུ་དེ་ནི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་འོན་ཀྱང་དེ་བཞིན་གཤེགས་པ་མངོན་དུ་གྱུར་པ་འདི་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉེས་པའི་ཆོས་དང་ལྡན་པ་དྲིས་ཤིག །དེ་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་ཡུལ་པོར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་གཙོ་བོ་ཆེན་པོ་འདི་ལྟ་བུ་ནོངས་པ་ཡོངས་སུ་གླེངས་པ་གང་ལགས་པའི་ནོངས་པ་ལ་ནོངས་པར་འཆགས་ཤིང་མཆིས་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ནོངས་པ་ལ་ནོངས་པར་གཤགས་པ་གང་ལགས་པ་དེ་ནོངས་པ་ལ་ནོངས་པར་ཡོངས་སུ་གཟུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་དག་ལ་ཉེས་པའི་འདུ་ཤེས་མ་སྐྱེད་ཅིག །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གཅིག་པུ་ཟླ་མེད་པར་ཞི་གནས་ཀྱི་གནས་པས་གནས་པར་བྱེད་པ་ནི་ཟག་པ་ཟད་པ་མངོན་སུམ་དུ་བྱ་བ་ལ་བར་ཆད་མེད་པར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ་བུ་མེད་ཀྱི་འཁོར་དམ་པའི་ནང་ན་འདུག་ཅིང་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་བར་དུ་གཅོད་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་དཀོན་མཆོག་གསུམ་མོ། གསུམ་གང་ཞེ་ན། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་བཀོད་པའི་གཡོག་འཁོར་གང་ཡིན་པ་དེ་མི་འཛིན་པའི་ཕྱིར་རོ། །ཀུན་དགའ་བོ་གང་གི་ཚེ་ཁྱོད་ཀྱིས་བྱང་ཆུབ་
སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་མཐོང་ན་ཀུན་དགའ་བོ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་ནི་དེ་བཞིན་གཤེགས་པ་ལྟ་བུའི་དབང་པོ་ལྔ་དང་ལྡན་ཞིང་གནས་པ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་ཁྲི་གཅིག་གི་སྟེང་ན་བུད་མེད་དང་ལྷན་ཅིག་འདུག་པར་གྱུར་པ་ཡང་ཉོན་ཅིག །ཀུན་དགའ་བོ་བུད་མེད་ནི་འདས་པའི་དུས་ན་ཚེ་རབས་ལྔ་བརྒྱ་ན་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོའི་ཆུང་མར་གྱུར་ཏེ། དེ་སྔོན་གྱི་ཚུལ་བཞིན་མ་ཡིན་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དེ་ལ་ལྷག་པར་སེམས་ཀྱིས་འབྲལ་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་དེའི་དཔལ་དང་། གཟི་བརྗིད་དང་། ཚུལ་ཁྲིམས་ཀྱི་སྟོབས་བསྐྱེད་པ་མཐོང་ནས། གནས་ངན་ལེན་གྱི་ཚིག་བརྗོད་པར་མ་ནུས་ནས་དེ་གཅིག་པུ་དབེན་པར་འདུག་པ་ན་འདི་ལྟ་བུའི་སེམས་སྐྱེས་པར་གྱུར་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་བདག་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་ན་འདུག་པར་གྱུར་ན་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་བར་བྱའོ་སྙམ་མོ། དེ་ནས་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོས་སྲིད་མོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་ཡོད་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་མཉན་ཡོད་ཀྱི་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་སྲིང་མོ་དེའི་ཁྱིམ་ག་ལ་བ་དེར་ཞུགས་ནས་ནང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྱི་སའི་ཁམས་གང་ཡིན་པའི་སའི་ཁམས་དེ་དག་ནི་གཅིག་པ་ཡིན་པའི་ཆོས་ཀྱི་སྒོ་འདིས་སེམས་དང་མཉམ་བའི་སེམས་ཀྱིས་ལག་གཡས་པས་སྲིང་མོ་དེ་བཟུང་སྟེ་ཁྲི་གཅིག་ལ་འཁོད་དོ། །འཁོད་མ་ཐག་ཏུ་ངས་དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །
སངས་རྒྱས་འདོད་པ་བསྔགས་མི་མཛད། །དེ་ནི་བྱིས་པའི་སྤྱོད་ཡུལ་མིན། །འདོད་ལ་སྲེད་པ་སྤངས་བྱས་ན། །མི་མཆོག་སངས་རྒྱས་རྣམས་སུ་འགྱུར། །ཀུན་དགའ་བོ་དེ་ན་སྲིང་མོ་དེས་ཚིགས་སུ་བཅད་པ་དེ་ཐོས་ནས་དགའ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། ཁྲི་དེ་ལས་བབས་ནས་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་དའི་སྐད་ཅེས་སྨྲས་སོ། །འདོད་གང་སངས་རྒྱས་སྨད་པ་དག །སླན་ཆད་དོན་དུ་གཉེར་མི་བགྱིད། །འདོད་ལ་སྲེད་པ་སྤང་བགྱིས་ནས། །མི་མཆོག་སངས་རྒྱས་གྲུབ་གྱུར་ཅིག །བདག་གི་སེམས་ཀྱིས་པང༈༈༈་བསམས་པའི། །ནོངས་པ་དེ་ནི་ཁྱོད་ལ་འཆགས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །བདག་ནི་བྱང་ཆུབ་འདུན་པ་སྐྱེད། །ཀུན་དགའ་བོ་དེ་ལྟར་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོས་ཐབས་ལ་མཁས་པ་དེས་སྲིང་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། །ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་རབ་ཏུ་བཞག་ནས་སྟན་ལས་ལངས་ཏེ་སོང་ངོ། ཀུན་དགའ་བོ་དེའི་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། །ཀུན་དགའ་བོ་ང་ནི་སྲིང་མོ་དེ་འདི་ནས་ཤི་འཕོས་ནས་བུ་མེད་ཀྱི་ལུས་བསྒྱུར་ཏེ་བསྐལ་པ་གྲངས་མེད་པ་འབུམ་ཕྲག་དགུ་བཅུ་རྩ་དགུ་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་ལྡང་བ་དང་བྲལ་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང་དེས་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་མི་དགེ་བའི་ཀུན་ནས་ལྡང་བའི་སེམས་དང་ལྡན་པ་དགའ་ཡང་འབྱུང་བར་མི་འགྱུར་བར་ལུང་སྟོན་ཏོ། །ཀུན་དགའ་བོ་རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་འཁོར་གང་བཟུང་ན་ལོག་པར་ལྟུང་བའི་ཆོས་སུ་འགྱུར་བ་དེ་འཛིན་པར་མི་བྱེད་པར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་པར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔས་ནི་ཐབས་ལ་མཁས་པ་དང་སྙིང་རྗེས་ཆེན་པོ་ལ་གནས་པར་བགྱི་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་འདིས་བདག་ནི་འདི་སྙམ་དུ་གལ་ཏེ་བྱང་ཆུབ་སེམས་དཔས་ནི་སེམས་ཅན་གཅིག་གི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་སླད་དུ་འདི་ལྟ་བུའི་ནོངས་པ་འབྱུང་བར་འགྱུར་ཞིང་ནོངས་པ་ཇི་ལྟ་བུ་བྱུང་བས་བསྐལ་པ་འབུམ་གྱི་བར་དུ་སེམས་ཅན་དམྱལ་བ་ཆེན་པོར་སྲེག་པར་འགྱུར་ཡང་། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་པས་ནི་ནོངས་པ་འབྱུང་བ་དེ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བར་བགྱི་ལགས་ཀྱི། སེམས་ཅན་གཅིག་པོ་དེའི་དགེ་བའི་རྩ་བ་ཡོངས་སུ་གཏང་བ་ལ་ནི་མ་ལགས་སོ། ། སྙམ་དུ་སེམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་རྒྱལ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེ་བུ་དམ་པ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་སྙིང་རྗེས་ཆེན་པོ་དེ་ལྟ་བུ་དང་ལྡན་པ་ནི་ཉེས་པའི་ཆོས་དང་ལྡན་པ་ཡང་མི་འགྱུར་ལ། ཉེས་པ་ཐམས་ཅད་སྤོང་བར་ཡང་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངས་མངོན་པར་ཤེས་པའི་ཕྱིར་ཏེ། འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེ་བ། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྐར་མ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ནགས་འདབ་དག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་བྱས་ནས་དེས་ལོ་བཞི་ཁྲི་ཉིས་སྟོང་པོ་དེ་དག་འདས་པ་དང་རྒྱལ་པོའི་ཕོ་བྲང་ལེགས་འབྱོར་ཅེས་བྱ་བར་ཞུགས་སོ། །དེས་གྲོང་ཁྱེར་ཆེན་པོ་དེར་ཞུགས་པ་ན་ཚོང་དཔོན་གྱི་བུ་མོ་ཞིག་གིས་བྲམ་ཟེའི་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་དེ་མཐོང་ནས་དེ་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་བྲམ་ཟེའི་ཁྱེའུ་དེའི་མདུན་དུ་རབ་ཏུ་བརྒྱུགས་ཏེ་རྐང་པ་ལ་གཏུགས་སོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྐར་མ་དེས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཁྱོད་ཅི་འདོད་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་
ཁྱེའུ་ཁོ་མོ་ནི་ཁྱོད་འཚལ་ལོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཁོ་བོ་ནི་འདོད་པ་རྣམས་དོན་དུ་གཉེར་བ་མ་ཡིན་གྱི། ཁོ་བོ་ནི་ཚངས་པར་སྤྱོད་པ་ཡིན་ནོ། །དེས་དེ་ལ་དི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་གལ་ཏེ་ཁྱོད་དང་ལྷན་ཅིག་ཏུ་འགྲོགས་པར་མི་འགྱུར་བ་ལྟ་ན་བདག་འགུམ་པར་འགྱུར་ལགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་སྐར་མ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གིས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་དེང་བརཏལ་བཞུགས་གཞིག་པ་འདི་ནི་བདག་གི་ཚུལ་དང་འཐུན་པ་མ་ཡིན་ནོ་སྙམ་ནས། དེས་བུ་མོ་དེ་མཐུས་སྤངས་ཏེ་བོར་ནས་གོམ་པར་བདུན་བོར་བ་དང་། དེའི་གོམ་པ་བདུན་པ་ལ་གནས་པའི་ཚེ་སྙིང་རྗེ་སྐྱེས་པར་གྱུར་ནས་འདི་ལྟར་བདག་གི་བརཏལ་བཞུགས་ཤིག་སྟེ་སེམས་ཅན་དམྱལ་བར་འགྲོ་བར་གྱུར་ཀྱང་བདག་གིས་སེམས་ཅན་དམྱལ་བའི་སྡུ་བསྔལ་མྱོང་བར་འགྱུར་དེ་བཟོད་པར་བྱ་ཞིག་བུ་མོ་འདི་བོར་བར་འགྱུར་བ་དང་། འཆི་བའི་དུས་བྱེད་པར་མི་འགྱུར་བར་བྱ་གོར་མ་ཆགས་སྙམ་མོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་སྐར་མ་དེ་དེ་ནས་ཕྱིར་ལོག་སྟེ། ལག་པ་གཡས་པས་བུ་མོ་དེ་བཟུང་སྟེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ལོངས་ཤིག་དང་ཁོ་བོས་ཁྱོད་ཅིས་འདོད་པ་བཞིན་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུ་སྐར་མ་དེ་ལོ་བཅུ་གཉིས་ཀྱི་བར་དུ་དེའི་ཁྱིམ་ན་གནས་ནས་ཡང་མངོན་པར་བྱུང་སྟེ། ཚངས་པའི་གནས་པ་བཞི་བསྐྱེད་ནས་དེ་ནས་ཤི་འཕོས་མ་ཐག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྐར་མ་ཞེས་བར་གྱུར་པ་དེ་གཞན་ཡིན་སྙམ་དུ་ཁྱོད་ཡིད་གཉིས་དང་ཐེ་ཚོམ་ཟ་བར་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྐར་མ་ཞེས་བྱ་བ་དེར་གྱུར་ཏོ། །ཤཱཀྱའི་བུ་མོས་འཚོ་མ་ནི་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་མོར་གྱུར་ཏོ། །རིགས་ཀྱི་བུ་ངས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་བསྐྱེད་པ་དེས་ཅུང་ཟད་ཙམ་ཞིག་འདོད་པ་དང་ལྡན་པར་བྱས་བས་ཀྱང་བསྐལ་པ་ཁྲིར་འཁོར་བ་བསྙིལ་ཅིང་སྤངས་པར་འགྱུར་རོ། །རིགས་ཀྱི་བུ་སེམས་ཅན་གཞན་དག་གི་སེམས་ཅན་དམྱལ་
བར་འགྲོ་བར་འགྱུར་བའི་ལས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ལ་ལྟོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གལ་ཏེ་དགེ་སློང་ཤཱ་རིའི་བུ་དང་། མཽ་དགའ་གལ་གྱི་བུ་དག་ཐབས་ལ་མཁས་པ་ཡིན་པར་གྱུར་ན་ནི་དགེ་སློང་ཀོ་ཀ་ལི་ཀ་ཡང་སེམས་ཅན་དམྱལ་པར་འགྲོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངས་མངོན་པར་ཤེས་པའི་ཕྱིར་ཏེ། སྔོན་འདུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་གསུང་རབ་ལ་དགེ་སློང་དྲི་མེད་ཅེས་བྱ་བ་ཆོས་སྨྲ་བ་ཞིག་བྱུང་བར་གྱུར་ཏོ། །དེ་དགོན་པའི་ཕུག་ཞིག་ན་གནས་སོ། དེ་དང་ཧ་ཅང་ཡང་མི་རིང་བར་བ་ན་དྲང་སྲོང་ལྔ་བརྒྱ་ཞིག་ཀྱང་གནས་ཏེ། དེའི་ཚེ་ན་དུས་མ་ཡིན་བར་སྤྲིན་ཆེན་པོ་འདུས་ཤིང་ཆར་ཆེན་པོ་བབས་པར་འགྱུར་ཏོ། །དེ་ནས་བུ་མེད་གཉིས་ཤིག་གྲོད་པར་གྱི་ལམ་ན་འདུག་པ་དེ་གཉིས་ཆར་པ་དེ་བསྐྱབ་པའི་ཕྱིར་དགེ་སློང་དྲི་མེད་གནས་པའི་ཕུག་ཏུ་ཞུགས་ཏེ། ཕུག་དེ་ནས་ཕྱིར་བྱུང་བ་དང་། དྲང་སྲོང་ལྔ་བརྒྱ་ཙམ་པོ་དེ་དག་གིས་བུད་མེད་དེ་གཉིས་དགེ་སློང་དྲི་མེད་ཀྱི་ཕུག་ནས་ཕྱིར་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་དྲང་སྲོང་ལྔ་བརྒྱ་ཙམ་པོ་དེ་དག་འདི་སྙམ་དུ་ཨེ་མའོ་དགེ་སློང་དྲི་མེད་འདི་ནི་སྡིག་པ་འདོད་པ་མི་ཚངས་པར་སྤྱོད་པ་ཡིན་ནོ་སྙམ་ནས་ཐབ་དང་ཞེ་སྡང་གི་འདུ་ཤེས་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་དྲི་མེད་ཀྱིས་དྲང་སྲོང་ལྔ་བརྒྱ་ཙམ་པོ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་དེའི་ཚེ་སྟེང་གི་བར་སྣང་གི་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ཏེ་འདུག་པ་དྲང་སྲོང་དེ་དག་གི་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་བསྟན་བཅོས་དག་ལས་མི་ཚངས་པར་སྤྱོད་པས་ནི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པ་མི་ནུས་ཞེས་འབྱུང་སྙམ་ནས། དེ་དག་གི་དེའི་མོད་ལ་དགེ་སློང་དྲི་མེད་ཀྱི་རྐང་པ་ལ་ཡན་ལག་ལྔས་གཏུགས་ཏེ་ཉེས་པ་ལ་ཉེས་
པར་བཤགས་སོ། །རིགས་ཀྱི་བུ་གལ་ཏེ་དགེ་སློང་དྲི་མེད་དེ་དེའི་ཚེ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པར་མ་གྱུར་ན་ནི་དྲང་སྲོང་ལྔ་བརྒྱ་ཙམ་པོ་དེ་དག་རང་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་པར་ཆེན་པོར་ལྷུང་བར་འགྱུར་རོ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེའི་དེའི་དུས་ན་དགེ་སློང་དྲི་མེད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་ཡིད་གཉིས་དང་ཐེ་ཚོམ་ཟ་བར་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་འདི་དེའི་ཚེ་དེའི་དུས་ན་དགེ་སློང་དྲི་མེད་ཅེས་བྱ་བ་དེར་གྱུར་ཏོ། །རིགས་ཀྱི་བུ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་གལ་ཏེ་དགེ་སློང་ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་གཉིས་དེའི་ཚེ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པར་གྱུར་ན་ནི་དགེ་སློང་ཀོ་ཀ་ལི་ཀ་ཡང་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་བར་རིགས་པར་བྱའོ། །རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་ཁྱེད་ཀྱིས་འདི་ལྟར་གང་དུ་བྱང་ཆུབ་སེམས་དཔའ་ཐམས་ལ་མཁས་པའི་ཡེ་ཤེས་འཇུག་པར་འགྱུར་བ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་འདི་སྟེ་དཔེར་ན་སྨད་འཚོང་མ་སྒྱུ་རྩལ་དྲུག་བཅུ་བཞིའི་བྱ་བ་ཤེས་ཤིང་ལེགས་པར་ལོབས་པ་ནི་དེའི་འོག་ཏུ་ནོར་འདོད་པའི་ཕྱིར་སྐྱེ་བུ་གཞན་གྱི་དྲུང་དུ་ཅི་ནས་ཀྱང་བདག་ཉིད་ཡོངས་སུ་གཏང་ཞིང་དགའ་བ་སྟོན་པ་དང་། ཇི་སྲིད་དུ་སྐྱེ་བུ་དེ་ལས་དོན་ཐམས་ཅད་མ་བསྒྲུབས་ཀྱི་བར་དུ་དེ་ལ་ཡོད་བྱད་ཐམས་ཅད་ཀྱང་སྲི་བར་མི་བྱེད་པ་དེ་ལྟར་གནས་པར་བྱེད་དོ། །དེ་ནས་དོན་བསྒྲུབས་ཟིན་པའི་འོག་ཏུ་ནི་དེ་ལ་མི་ལྟ་མི་སེམས་པར་སྤོང་བར་བྱེད་ཅིང་དེ་བཞིན་དེ་ལས་འགྱོད་པའི་སེམས་གཅིག་ཙམ་ཡང་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་ཐབས་ལ་མཁས་པ་དེས་སེམས་ཅན་འདི་དག་ཡོངས་སུ་སྨིན་པར་བྱའོ་ཞེས་བྱ་བར་ཤེས་ཏེ། རྣམ་གྲངས་དེས་སེམས་ཅན་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་དྲུང་དུ་སྦྱོར་བར་བྱེད་ཅིང་དེ་དག་ལ་ཡོད་ཐམས་ཅད་མི་སྲི་བར་བྱེད་དོ། །སེམས་ཅན་རྣམས་ཀྱི་དགེ་བ་ལ་དགའ་
བས་བདག་ཉིད་ཀྱང་ཡོངས་སུ་གཏོང་བར་བྱེད་ཀྱི་ཡོད་བྱད་དགའ་བས་ནི་མ་ཡིན་ནོ། །གང་གི་ཚེ་ཀྱེ་མ་སེམས་ཅན་འདི་དག་ནི་དགེ་བའི་རྩ་བ་བྱས་པར་གྱུར་བ་དག་སྟེ། འདི་དག་གིས་ཕྱིས་ཡོངས་སུ་ཉམས་པར་བྱེད་མི་ནུས་པར་ཤེས་ན་ནི་དེའི་འོག་ཏུ་འདོད་པའི་དགའ་བ་དང་རྩེད་མོ་ཐམས་ཅད་ལ་མི་ལྟ་བར་སྤངས་ཏེ་འགྲོ་ཞིང་དེ་དང་འབྲེལ་པའི་སེམས་ལ་གནས་པར་མི་བྱེད་དོ། །རིགས་ཀྱི་བུ་འདི་སྟེ་དཔེར་ན་མེས་ཡོངས་སུ་གདུངས་པའི་ས་བོན་རྣམས་ནི་ཁ་དོག་ཡོངས་སུ་ཉམས་མེད་པ་ལ་མྱུ་གུ་འབྱུང་པའི་སྐལ་པ་མེད་པ་བཞིན་དུ་རིགས་ཀྱི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་ཀྱང་སྟོང་པ་ཉིད་དང་། མཚན་པ་མེད་པ་དང་། སྨོན་པ་མེད་པ་དང་། བདག་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་གདུངས་ན་དེ་འདོད་པའི་དགའ་བ་ཐམས་ཅད་ལ་ཡོངས་སུ་སྤྱོད་པར་བྱེད་ཀྱང་། ལོག་པར་ལྟུང་པར་འགྲོ་བའི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་པར་མི་བྱེད་ལ། སངས་རྒྱས་ཀྱི་ཁ་དོག་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དུད་འགྲོ་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བུང་བ་ནི་མེ་ཏོག་ཐམས་ཅད་ལས་དྲི་བསྣོམ་ཞིང་རོ་མྱང་བར་བྱེད་ཀྱང་གང་ལ་ཡང་རྟག་པའི་འདུ་ཤེས་སྒོམ་པར་མི་བྱེད། གནས་ཀྱི་སྲེད་པ་སྐྱེ་བར་མི་བྱེད་ཅིང་དེ་དག་ལས་དྲི་དང་། འདབ་མ་དང་། སྡོང་བུ་དང་། མེ་ཏོག་འཕྲོག་པར་མི་བྱེད་པ་དེ་བཞིན་དུ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་དགའ་བ་དང་རྩེད་མོ་ཐམས་ཅད་ལ་ཡོངས་སུ་ལོངས་སྤྱོད་པ་བྱེད་ཀྱང་དེ་དག་ལ་རྟག་པའི་འདུ་ཤེས་སྒོམ་པར་ཡང་མི་བྱེད། གནས་ཀྱི་སྲེད་པ་སྐྱེད་པ་ཡང་མི་བྱེད་ལ། བདག་ཀྱང་རྨས་པར་མི་འགྱུར། གཞན་ཡང་རྨས་པར་མི་འགྱུར་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉ་པ་ཤིན་དུ་ལེགས་པར་བསླབས་པ་ནི་སྲང་བུ་གཅིག་ལ་གཟན་མ་བཏགས་ཏེ་མཆིལ་པ་བྱས་ནས་མཚོ་ཆེན་པོའི་ནང་དུ་འདོར་རོ། །དེ་སྲང་བུ་ལེགས་པར་བསྲུངས་པ་གཅིག་པོ་དེས་གང་གི་ཚེ་འདོད་པ་དེའི་ཚེ་ན་མཚོ་
ཆེན་པོ་ནས་མཆིལ་པ་དེ་འདྲེན་པར་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བདག་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སེམས་ཐམས་ཅད་མཁྱེན་པ་ཉིད་ལ་བརྟན་པར་གཏད་པས་འདོད་པའི་འདམ་ཆེན་པོར་འཇུག་པར་བྱེད་ཀྱང་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལེགས་པར་བསྒོམ་པ་དེས་གང་གི་ཚེ་འདོད་པ་དེའི་ཚེ་ན་འདོད་པའི་ཁམས་སྤངས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེ་བུ་རིགས་སྔགས་དང་། གསང་སྔགས་འཆང་བ་ནི་རྒྱལ་པོའི་མི་རྣམས་ཀྱིས་བཟུང་སྟེ་ཞགས་པ་ལྔའི་ཆིངས་མམ་བཅིངས་པར་གྱུར་ཀྱང་དེ་ནི་གང་ཚེ་འགྲོ་བར་འདོད་པ་དེའི་ཚེ་རིགས་སྔགས་དང་། གསང་སྔགས་ཀྱི་སྟོབས་བསྐྱེད་པ་གཅིག་གིས་ཆིངས་མ་དེ་དག་ཐམས་ཅད་བཅད་ནས་གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གང་གི་ཚེ་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གི་དགའ་མྱོང་བར་བྱེད་ཅིང་དེ་དག་དང་འདྲེས་པར་གནས་པར་བྱེད་ཀྱང་དེ་གང་གི་ཚེ་འདོད་པ་དེའི་ཚེ་ཤེས་རབ་ཀྱི་རིག་སྔགས་དང་། གསང་སྔགས་ཀྱི་སྟོབས་བསྐྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལེགས་པར་བསྲུངས་པ་གཅིག་གིས་འདོད་པའི་ཡོན་ཏན་ལྔའི་ཆིངས་མ་དེ་དག་ཐམས་ཅད་རབ་ཏུ་བཅད་དེ། དེ་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ལེགས་པར་བསླབས་ཞིག་རལ་གྲི་རྣོན་པོ་རས་བཅོས་བུས་དཀྲིས་པ་ཞིག་ཐོགས་ཏེ་འདྲོན་པ་མང་པོ་སྒྲོལ་པར་བྱེད་པ་ན་སེམས་ཅན་མི་མཁས་པ་འཕོང་གི་ཤེས་པ་གང་ཤེས་པ་གང་དག་ཡིན་པ་དེ་དག་ནི་འཕོང་གི་སློབ་དཔོན་དེ་ལ་སྙིང་རྗེ་བ་དང་བརྙས་པའི་འདུ་ཤེས་སྐྱེད་བར་བྱེད་ཅིང་། ཚིག་འདི་སྐད་ཅེས་གཞུ་མེད། རལ་གྲི་ཡང་མེད། དོད་པ་ཡང་མེད། འཁོར་ཀྱང་མེད་པ་འདིས་ནི་འདྲོན་པ་འདི་དག་བསྒྲལ་བར་མི་ནུས་
ཏེ། །འདིས་ནི་བདག་ཉིད་ཀྱང་ཐར་བར་བྱེད་མི་ནུས་ན་འགྲོན་པ་ཐམས་ཅད་བསྒྲལ་བ་དང་། ཆོམ་རྐུན་པའི་སྡེ་ཕམ་པར་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་པས་འདི་ནི་ཚུལ་མ་ཡིན་པས་འཆི་བར་འགྱུར་རོ་ཞེས་ཀྱང་ཟེར་བར་འགྱུར་ལ། དེ་ནས་འཕོང་གི་སློབ་དཔོན་དེ་འབྲོག་དགོན་པར་སོང་ཏེ་ཆོམ་རྐུན་པའི་ཚོགས་ལྷགས་པར་གྱུར་པ་ན། མདའ་གཞུ་ཐོགས་ཏེ་གོ་ཆ་སྲ་བ་བགོས་ནས་མཚོན་ཆ་དེ་གཟས་ཏེ་ཆོམ་རྐུན་པ་རྣམས་ལ་འདེབས་པར་བྱེད་ཅིང་། དེས་ཆོས་རྐུན་པ་དེ་དག་ཐམས་ཅད་སྲོག་དང་ཕྲལ་ནས་ཡང་མཚོན་ཆ་ལག་ཏུ་ལེན་པར་བྱེད་པ་དེ་བཞིན་དུ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚོན་ཆ་ལེགས་པར་ཐོགས་ཏེ། ཐབས་མཁས་པས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་ན་ཉན་ཐོས་ཀྱི་ཐེག་པ་པ་གང་དག་དེའི་ཐབས་ལ་མཁས་པའི་ཤེས་པ་དེ་ཁོང་དུ་མ་ཆུད་པ་དེ་དག་གིས་དེ་མཐོང་བའི་ཚེ་དེ་དག་དེ་ལ་མ་དད་པ་དང་། སྙིང་རྗེ་སྐྱེད་པར་བྱེད་ཅིང་ཚིག་འདི་སྐད་ཅེས་འདི་ལྟར་བག་མེད་པའི་གནས་པས་གནས་པ་འདིས་ནི་བདག་ཉིད་ཐར་པར་བྱེད་མི་ནུས་ན་སེམས་ཅན་ཐམས་ཅད་བསྒྲལ་བ་ལྟ་ཅི་སྨོས་ཤིང་བདུད་ཀྱི་སྡེ་ཕམ་པར་བྱེད་པར་ལྟ་ག་ལ་འགྱུར་ཏེ། དེ་ནི་གནས་མེད་པས་འདི་ནི་ཚུལ་མ་ཡིན་པས་འཆི་བར་འགྱུར་རོ་ཞེས་ཀྱང་ཟེར་མོད་ཀྱི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱིས་ལེགས་པར་ཡོངས་སུ་ཟིན་པ་ནི་གང་གི་ཚེ་འདོད་པ་དེའི་ཤེས་རབ་ཀྱི་མཚོན་དེས་ཉོན་མོངས་པའི་འདྲ་བ་ཐམས་ཅད་དྲལ་ཅིང་རབ་ཏུ་གཏུབས་ནས་ཤེས་རབ་དང་ལྷན་གཅིག་ཏུ་སངས་རྒྱས་ཀྱི་ཞིང་བུད་མེད་དང་བྲལ་བ་དང་། འཁྲིག་པ་དང་བྲལ་ཤིན་ཏུ་ཡོངས་སུ་དག་པ་དག་ཏུ་འགྲོ་བར་བྱེད་དོ། །གཏམ་འདི་བརྗོད་པར་གྱུར་པ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་ཅེས་བྱ་བ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་བར་གྱུར་ཏེ། དེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་སྤྱོད་པ་ན་ཚོང་དཔོན་ཞིག་གི་
ཁྱིམ་དུ་ཕྱིན་པ་དང་ཚོང་དཔོན་དེ་ལ་བུ་མོ་དཔལ་ཡོན་ཅན་གྱི་མཆོག་ཅེས་བྱ་བ་ཕྱུག་ཆུང་ཞིག་ཡོད་པར་གྱུར་པ་ཁང་བཟང་ཀྱི་སྟེང་ན་འདུག་པ་དེས་དགེ་སློང་དེའི་སྐད་ཐོས་ནས་བསོད་སྙོམས་མ་ཐོགས་ཏེ་བྱང་ཆུབ་སེམས་དཔའ་དགའ་བྱེད་ག་ལ་བ་དེར་སོང་ངོ་། །དེས་ནས་བུ་མོ་དཔལ་ཡོན་ཅན་གྱི་མཆོག་གིས་བྱང་ཆུབ་སེམས་དཔའ་དགའ་བྱེད་མཐོང་མ་ཐག་ཏུ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་དཔེ་བྱེད་ལས་བྱད་བཞིན་དང་སྒྲ་སྐད་དང་། ཁ་དོག་གི་མཚན་མ་གཟུང་བ་དང་། དེ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་དང་། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སེམས་དང་། འདོད་ཆགས་ཀྱིས་ཡོངས་སུ་གཏུགས་པའི་སེམས་དང་། འདོད་ཆགས་ཀྱིས་ཡོངས་སུ་གདུངས་བའི་སེམས་ཀྱིས་བསྲེགས་པས་ལུས་རྔུལ་བར་གྱུར་ནས་འགྲེང་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཀྱང་བུ་མོ་དཔལ་ཡོན་ཏན་ཀྱི་མཆོག་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་འདི་ལྟ་སྟེ། འདོད་ཆགས་དང་བཅས་པའི་སེམས་སྐྱེས་པར་གྱུར་ནས་ཡུད་ཙམ་ཞིག་ན་དེ་ལ་དྲན་པ་འདི་ལྟ་བུ་སྐྱེས་པར་གྱུར་ཏེ། ཆོས་གང་ལ་ཆགས་པར་གྱུར་པའི་ཆོས་དེ་གང་ཡིན། ཅི་མིག་མིག་ལ་ཆགས་སམ། མིག་ནི་ཆགས་པ་མི་ཡིན་ཏེ། གཡོ་བ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པ། འདུས་བྱས་པ། རིམ་པ་བདུན་པ། ཤའི་རི་ལུ་ཡིན་ཏེ། མིག་དེ་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་སེམས་པར་མི་བྱེད། ཚོར་བར་མི་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ལྤགས་པ་དང་། མདོག་དང་། ཤ་ཡང་དེ་དང་འདྲ་སྟེ། དེས་རྐང་མཐིལ་ཡན་ཆད་གླད་པ་མན་ཆད་ཀྱི་བར་ལ་སོ་སོར་བརྟགས་ན་ནང་དང་ཕྱི་རོལ་ན་གང་ཆགས་པར་འགྱུར་བའམ། སྡང་བར་འགྱུར་པའམ། རྨོངས་པར་འགྱུར་བའི་ཆོས་གང་ཡང་མ་དམིགས་སོ། །དེས་མ་དམིགས་ནས་འདོད་ཆགས་ཀྱི་སེམས་དང་བྲལ་བར་གྱུར་ཅིང་། དེས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པས་ཆོས་ཐམས་ཅད་མ་སྐྱེས་པར་རིག་ནས་མི་སྐྱེ་བའི་ཆོས་ལ་
བཟོད་དང་ཐོབ་པར་འགྱུར་རོ། །དེ་དགའ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ཏེ། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ལ་ལན་བདུན་བསྐོར་བ་བྱས་ནས་ནམ་མཁའ་དེ་ཉིད་ལས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། །།བག་པོ་གཉིས་པ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་སྟེང་གི་བར་སྣང་ལས་ངང་བའི་རྒྱལ་པོ་ལྟར་ཆགས་པ་མེད་པར་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་སྟེང་གི་བར་སྣང་ལས་ངང་བའི་རྒྱལ་ལྟར་ཆགས་པ་མེད་པར་འོང་པ་མཐོང་ངམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་འདིས་ནི་འདོད་ཆགས་ཀྱི་སེམས་ལ་བརྟེན་ཏེ། ཆོས་ཐམས་ཅད་ཡོངས་སུ་བཙལ་བས་བདུད་ཀྱི་སྡེ་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏོ། །དེ་ནས་བུ་མོ་དཔལ་ཡོན་ཅན་གྱི་མཆོག་འཆི་བའི་དུས་བྱས་ནས་བུད་མེད་ཀྱི་ལུས་སྤངས་ཏེ། མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པའི་ལུས་ཐོབ་ཅིང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །སྐྱེས་མ་ཐག་ཏུ་དེ་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཞལ་མེད་ཁང་དཔག་ཚད་བཅུ་གཉིས་པ་ཡང་བྱུང་གྱུར། དེའི་རིམ་གྲོ་བྱེད་པའི་བསྙེན་བཀུར་མ་ལྷའི་བུ་མོ་ཁྲི་བཞི་སྟོང་ཡང་ཉེ་བར་གནས་པར་གྱུར་ཏོ། །དེའི་མོད་ལ་དེས་བདག་གིས་ལས་ཅི་ཞིག་བྱས་ཤིང་བསགས་པས་འདི་སྐྱེས་པར་གྱུར་སྙམ་དུ་བསམས་པ་དང་། དེ་འདི་སྙམ་དུ་གྱུར་ཏེ། བདག་ནི་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཚོང་དཔོན་བུ་མོར་གྱུར་པ་ལས་དེ་ན་བདག་གིས་ཀུན་དུ་ཆགས་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་ལ་བལྟས་པ་དང་། བདག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་
དཀྲིས་པའི་སེམས་ཀྱིས་འཆི་བའི་དུས་བྱས་ན་བུད་མེད་ཀྱིས་ལུས་རྗེས་ཏེ། བདག་གིས་འདིར་སྐྱེས་པའི་ལུས་ཐོབ་ཅིང་བདག་ལ་འབྱོར་བ་དཔག་ཏུ་མེད་པ་འདི་ལྟ་བུ་དག་ཀྱང་བྱུང་བར་འགྱུར་ཏོ་སྙམ་ནས་སྔོན་གྱི་ལས་རྗེས་སུ་དྲན་པའི་ཤེས་པ་ཡང་སྐྱེས་པར་གྱུར་ཏོ། །དེ་ནས་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། འདོད་ཆགས་ཀྱི་སེམས་ལས་ཀྱང་རྣམ་པར་སྨིན་པ་འདི་ལྟ་བུ་འབྱུང་བར་འགྱུར་ན། བདག་གི་དད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་ལ་ཕྱག་བྱས་ཤིང་། བསྙེན་བཀུར་བྱས་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་འདོད་པས་དགའ་བ་དང་རྩེ་བ་དང་། དགའ་མགུར་སྤྱོད་ཅིང་བག་མེད་པའི་གནས་པས་གནས་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ཞིང་མི་རིགས་ཀྱི། བདག་བཅོམ་ལྡན་འདས་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་ག་ལ་བ་དེར་འགྲོ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ལྷའི་བུ་དེ་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷའི་མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དག་ཐོགས་ཏེ། བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་ག་ལ་བ་དེར་སོང་ནས་ཁ་དོག་ཤིན་དུ་འཕགས་པ་ཤིན་དུ་འཕགས་པའི་སྣང་བ་ཆེན་པོས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་སྣང་བར་བྱེད་བར་བྱེད་ཏེ། ལྷའི་མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་སློང་གི་དགེ་འདུན་གྱི་རྐང་པ་ལ་ཡང་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་པུག་པུག་པོར་སྦྱར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་མི་མཆོག་རྣམས་ནི་བསམ་མི་ཁྱབ། །བྱང་ཆུབ་མཆོག་ལ་ཞུགས་རྣམས་བསམ་མི་ཁྱབ། །བདེ་གཤེགས་རྣམས་ཀྱི་ཆོས་ཀྱང་བསམ་མི་ཁྱབ། །བྲགས་ཆེན་རྣམས་ཀྱི་སྤྱོད་པའང་བསམ་མི་ཁྱབ། །
མཉན་ཡོད་དུ་ནི་བདག་སྔོན་བུ་མོར་གྱུར། །ཚོང་དཔོན་བུ་མོ་དཔལ་ཡོན་མཆོག་ཅེས་བགྱི། །མཛེས་ཤིང་ཐོག་མར་ཕྱུག་ཆུང་གྱུར་པ་ལགས། །ཕ་མའི་གློ་བར་མཆི་ཞིང་རབ་ཏུ་བྱམས། །སངས་རྒྱས་སྲས་པོ་སྨད་པར་མ་གྱུར་པ། །མཐུ་ཆེན་དགའ་བྱེད་ཅེས་བགྱིད་གང་ལགས་པ། བསོད་སྙོམས་སྤྱོད་ཅིང་མཉན་ཡོད་རྒྱུ་བའི་ཚེ། །དེ་ནི་བདག་གི་ཕ་ཡི་ཁྱིམ་དུ་མཆིས། །སྐད་སྙན་ཡིད་དུ་མཆི་བ་ཐོས་གྱུར་ནས། །བདག་ཅག་སེམས་ཀྱིས་བསོད་སྙོམས་ཐོགས་ནས་ནི། །དེ་བཞིན་གཤེགས་པའི་སྲས་པོ་གང་ལགས་པ། །དགའ་བྱེད་མཐུ་ཆེན་ག་ལ་མཆིས་པར་མཆིས། །མཐོང་མ་ཐག་ཏུ་བདག་ནི་འདོད་ཆགས་དང་། །ལྡན་པ་ཚུལ་བཞིན་མ་ལགས་སེམས་སྐྱེས་ཏེ། །གལ་ཏེ་ཇི་ལྟར་བསམས་བཞིན་མ་འཇལ་ན། སྲོག་ལ་མི་ལྟ་འགུམ་པའི་དུས་བགྱི་སྙམ། །ཚུལ་བཞིན་མ་ལགས་འདོད་པས་རབ་གདུངས་ནས། །དེ་ལ་བཀའ་མཆིད་བརྡོད་པར་བགྱི་བ་དང་། །བསོད་སྙོམས་སྩོལ་བའི་རྔོ་ཡང་མ་ཐོགས་ནས། །རྔུལ་བྱུང་དེར་ནི་འགྲེང་བཞིན་གུམ་པར་གྱུར། །བཅོམ་ལྡན་བདག་ནི་འཆི་འཕོ་གྱུར་པའི་ཚེ། །སྐད་ཅིག་དེ་ལ་བུད་མེད་ལུས་སྤངས་ཏེ། །ཤི་འཕོས་མཐོ་རིས་འཇི་རྟེན་སྐྱེས་གྱུར་ནས། །བདག་གི་འོད་གསལ་སྐྱེས་པ་ཉིད་འདི་ཐོབ། །རིན་ཆེན་སྣ་ཚོགས་བལྟ་ན་སྡུག་པ་ཡི། །གཞལ་མེད་ཁང་མཆོག་མཛེས་པ་གྲུབ་གྱུར་ཅིང་། །བདག་གིས་ཡོག་འཁོར་ལྷའི་བུ་མོ་ནི། །ཁྲི་དང་བཞི་སྟོང་ཚང་བ་བྱུང་བར་གྱུར། །བདག་ལ་སེམས་བཟང་བྱུང་བར་གྱུར་བ་ནི། །སུག་ལས་གང་གི་རྣམ་སྨིན་འདི་འདྲ་བ། །རྗེས་སུ་དྲན་ནས་བདག་ནི་འདི་སྙམ་བགྱིད། །ཆགས་བཅས་སེམས་ཀྱི་རྣམ་སྨིན་འདི་འདྲ་སྟེ། དགའ་བྱེད་ཡིད་དགའ་འོད་གསལ་མཁས་པ་ལ། །ཆགས་བཅས་སེམས་ཀྱིས་བདག་གིས་བལྟས་གྱུར་པས། །སུག་ལས་དེ་ཡི་རྣམ་སྨིན་བཟང་པོ་དེས། །བདག་ནི་གཟི་བརྗིད་མཐུ་སྟོབས་འདི་འདྲ་བས། །ཆགས་བཅས་སེམས་ཀྱི་རྣམ་སྨིན་འདི་འདྲ་ན། །གང་གིས་དེ་ལ་མཆོད་བགྱིས་ཅི་སྨོས་ཏེ། །གང་ལ་བདེ་གཤེགས་མཁྱེན་པ་འཇུག་འགྱུར་པ། །དེ་ནི་ཉན་ཐོས་རང་རྒྱལ་ས་མ་ལགས། །
བདག་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་ནི། །སངས་རྒྱས་ཡེ་ཤེས་མཆོག་རབ་བསྒྲུབ་པ་དང་། །བསྐལ་པ་གང་གཱའི་བྱེ་སྙེད་སྤྱད་བགྱི་བར། །བདག་གི་དམ་བཅས་འདི་ནི་སྤང་མི་བགྱི། །དགེ་བའི་ཤེས་གཉེན་དགའ་འབྱེད་དམ་པ་ལ། །ཆོས་ཀྱི་མཆོད་པ་མཆོག་གིས་མཆོད་པར་བགྱི། །གང་དག་བྱང་ཆུབ་འཚལ་བ་མ་གཏོགས་པར། །གཞན་གྱིས་འདི་ལ་འདྲེན་རྣམས་མཆོད་མི་འགྱུར། །བུད་མེད་གང་དག་འདོད་ཆགས་སེམས་ཀྱིས་ནི། །བདག་ལ་རྟོག་པ་བུད་མེད་ལུས་བསྒྱུར་ནས། །དེ་ཀུན་འཇིགས་མེད་སྐྱེས་པ་འཐོབ་འགྱུར་བར། །བྱང་ཆུབ་སྤྱོད་མཆོག་དམ་པ་སྤྱད་པར་བགྱི། །ལུས་རྔུལ་ཤི་བར་གྱུར་བ་མཐོང་ནས་ནི། །བུ་མོའི་ཕ་མཚོ་དེས་འདེབས་བྱེད་ཅིང་། །དགེ་སློང་དེ་ཡིས་བྱད་སྟེམ་བྱས་སྙམ་སྟེ། །ངུ་ཞིང་དགེ་སློང་རྣམས་ལ་མི་སྙན་བརྗོད། །སངས་རྒྱས་མཐུ་ཡིས་ལྷ་ཡི་བུ་དེ་ནི། །སོང་ནས་ཕ་མ་དག་ལ་ཚིགས་སྨྲས་པ། །དགེ་སློང་ལ་ནི་ཞེ་སྡང་ཁྲོ་མ་བྱེད། །ཡུན་རིང་སྡུག་བསྔལ་འགྱུར་བར་མ་བྱེད་ཅིག །བུ་མོ་དཔལ་ཡོན་ཤི་འཕོས་གང་ཡིན་དེ། །སུམ་བཅུ་རྩ་གསུམ་སྐལ་བ་མཉམ་གྱུར་ཅིང་། །དེས་ནི་བུ་མེད་ལུས་ཀྱང་སྤངས་བྱས་ཏེ། །དེ་ནི་ལྷའི་བུ་ཕོ་འོད་གསལ་གྱུར། །བདེ་བར་གཤེགས་ཀྱི་སྤྱན་སྔར་ཁྱེད་དེང་ལ། །ཁྲོ་བའི་སེམས་ཀྱི་ཉེས་པ་འདི་ཤོགས་ཤིག །སངས་རྒྱས་མི་མཆོག་རྣམས་ནི་མ་གཏོགས་པར། །སེམས་ཅན་རྣམས་ཀྱི་དཔུང་གཉེན་གནས་གཞན་མེད། །འཇིགས་མེད་དེ་ཡིས་ལེགས་པར་བསྐུལ་བྱས་པས། །ཕ་མ་གཉིས་ཀྱིས་སངས་རྒྱས་སྒྲ་ཐོས་ནས། །ཉེ་དུའི་ཚོགས་དང་ལྷན་ཅིག་འགྲོགས་གྱུར་ཏེ། །ཤཱཀྱ་ཐུབ་པའི་སྤྱན་སྔར་དོང་བར་གྱུར། །མི་མཆོག་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཁྲོ་བའི་སེམས་ཀྱི་ཉེས་པ་བཤགས་བྱས་ནས། །དེ་བཞིན་གཤེགས་ལ་གུས་དང་བཅས་བྱས་ཏེ། །བདེ་གཤེགས་རང་བྱུང་ལ་ནི་ཞུ་ཞུས་པ། །ཇི་ཙམ་གྱིས་ན་འདྲེན་པ་མཆོད་པར་འགྱུར། །ཆོས་དང་དགེ་འདུན་ཇི་ལྟར་མཆོད་པ་ལགས། །ཞུས་པ་དེ་ཡི་ལན་ནི་སྩལ་དུ་གསོལ། །ཐོས་ནས་དེ་བཞིན་གནས་བགྱི་གཞན་མ་ལགས། །རྒྱལ་བས་དེ་དག་བསམ་པ་དག་མཁྱེན་ནས། །
འཇིག་རྟེན་མགོན་པོས་འདི་སྐད་བཀའ་སྩལ་ཏོ། །གང་ཞིག་སངས་རྒྱས་ཐམས་ཅད་མཆོད་འདོད་པ། །དེ་ཡིས་བརྟན་པར་བྱང་ཆུབ་སེམས་སྐྱེད་ཅིག །བུ་མོའི་ཕ་དང་མ་དང་ཉེ་དུ་ནི། །ལྔ་བརྒྱ་ཚང་བ་ཉུང་བ་མ་ཡིན་པས། །སྐྱེ་བུ་ཁྱུ་མཆོག་དེ་ཡི་གསུང་ཐོས་ནས། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བརྟན་པར་བསྐྱེད། །རྒྱལ་བས་ཀུན་དགའ་བཟང་ལ་བཀའ་སྩལ་པ། །ཀུན་དགའ་ཇི་ལྟར་བཤད་པ་འདི་ཉོན་ཅིག། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་ཡས་ཏེ། །ཤེས་རབ་ཐབས་ལ་མཁས་པའང་དེ་བཞིན་ནོ། །དགའ་བྱེད་སྨོན་ལམ་ཡང་དང་ཡང་འདེབས་པ། །བུ་མེད་གང་དག་ཆགས་པའི་སེམས་ཀྱིས་ནི། བདག་ལ་རྟོག་པ་བུད་མེད་ལུས་སྤངས་ནས། །དེ་དག་མྱུར་དུ་སྐྱེས་བུ་འཇིག་མེད་ཤོག། །བུ་མེད་གཅིག་མིན་གཉིས་དང་གསུམ་མི་ཏེ། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་རྣམས། །གང་དག་དགའ་བྱེད་ལ་ན་ཆགས་གྱུར་པ། །དེ་དག་ཐམས་ཅད་ཤི་འཕོས་སྐྱེས་པར་གྱུར། །ཀུན་དགའ་འདོད་ཆགས་བསྐྱེད་པ་གང་གིས་ནི། །སེམས་ཅན་གཞན་དག་སེམས་དམྱལ་འགྲོ་འགྱུར་བ། །དེ་ཡིས་དཔའ་རྣམས་མཐོ་རིས་འགྲོ་འགྱུར་ཞིང་། །སྐྱེས་པར་འགྱུར་བའི་ཡོན་ཏན་དེ་འདྲ་ལྟོས། །ལྷའི་བུ་གང་གིས་ང་ལ་མཆོད་བྱས་ཏེ། །གུས་དང་བཅས་པས་བྱང་ཆུབ་མཆོག་ཞུགས་པ། །དེས་ནི་སངས་རྒྱས་བྱེ་མང་མཆོད་བྱས་ནས། །རྒྱལ་བ་བལྟ་ན་མཛེས་ཞེས་བྱ་བར་འགྱུར། །ལྔ་བརྒྱ་གང་དག་བྱང་ཆུབ་ཞུགས་གྱུར་པ། །དེ་དག་མི་མཆོག་རྣམས་སུ་འབྱུང་གྱུར་བ། །གང་ལ་དད་བྱས་བདེ་བ་བསམ་ཡས་པའི། འཇིག་རྟེན་མགོན་ལ་སུ་ཞིག་གུས་མི་བྱེད། །གང་དག་ཉོན་མོངས་རྣམས་ཀྱང་བདེ་སྦྱིན་ན། །གང་དག་གུས་བྱེད་དེ་ལ་ཅི་སྨོས་པ། །གྲགས་ཆེན་སྨན་གྱི་རྒྱལ་པོ་ལྟ་བུ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་སུ་སྡང་སྐྱེད། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་སེམས་ཅན་རབ་ཏུ་སྡང་བའི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པའམ། ཆགས་པའི་སེམས་
དང་ལྡན་པའམ། ཆོས་ཀྱི་བར་གཅོད་པའི་སེམས་དང་ལྡན་པ་གང་ལ་ལ་དག་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་མཆིས་ན་དེ་དག་ཐམས་ཅད་འདི་ལྟ་སྟེ། །གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་བ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་སེམས་ཅན་རབ་ཏུ་སྡང་བའི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་ན་པའམ། ཆགས་པའི་སེམས་དང་ལྡན་པའམ་ཆོས་ཀྱི་བར་དུ་གཅོད་པའི་སེམས་དང་ལྡན་པ་གང་དག་ལ་ལ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་དུ་མཆིས་ན་ཡང་དེ་དག་ཐམས་ཅད་འདི་ལྟ་སྟེ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཁ་དོག་ཏུ་སེམས་གཅིག་ཏུ་འགྱུར་ལགས་པས། བཙུན་པ་བཅོམ་ལྡན་འདས་བདག་ནི་དེང་སླན་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་རིའི་རྒྱལ་པོ་རི་རབ་དང་འདྲ་བར་འཛིན་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་སྨན་གྱི་རིགས་ཆེན་པོ་བལྟ་མཛེས་ཞེས་བགྱི་བ་མཆིས་ཏེ། སེམས་ཅན་རབ་ཏུ་སྡང་བའི་སེམས་དང་ལྡན་པའམ། །དང་བའི་སེམས་དང་ལྡན་པའི་སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ཐེབས་པ་གང་ལ་ལ་དག་གིས་དེ་མཐོང་ན་དེ་དག་ཐམས་ཅད་ཀྱི་བྲོ་ནད་རྣམས་རབ་ཏུ་ཞི་བར་འགྱུར་བ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་དག་རབ་ཏུ་སྡང་བའི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་དུ་མཆིས་ན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ཉོན་མོངས་པའི་བྲོ་ནད་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཚེ་དང་ལྡན་པ་འོང་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཞི་བའི་ཏིང་ངེ་འཛིན་ཀྱི་གནས་པ་དག་གིས་ཀྱང་གནས་པར་བགྱིད་ལ། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་འདོད་པའི་ཁམས་ན་ཡང་ཀུན་དུ་གདའ་བ་དང་། སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་
དང་། སྨོན་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པའི་ཆོས་རྣམས་ཀྱིས་ཀྱང་གནས་པར་བགྱིད་པ་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་རེག་པར་མི་བགྱིད་པ་དང་། སྙིང་རྗེ་ཆེན་པོ་ཡང་ཀུན་དུ་སྐྱེད་པར་བགྱིད་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་ཡང་འཇུག་པར་བགྱིད་པ་དེ་ནི་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་ལགས་ཏེ། བདེ་བར་གཤེགས་པ་དེ་ནི་མཆོག་ཏུ་ངོ་མཚར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཆགས་པ་ཐམས་ཅད་སྲུང་བར་བགྱིད་ཅིང་འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་རོ་དང་རེག་བྱའི་ཆགས་པ་དག་ལ་སྤྱོད་པར་བགྱིད་ཀྱང་དེ་དག་ལ་ཆགས་པར་ཡང་མི་འགྱུར་བ་དེ་དག་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ། དཔེ་འགའ་ཞིག་རྗོད་པར་སྤོབས་ལགས་སོ། །བདེ་བར་གཤེགས་པ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་སྤོབས་པར་གྱིས་ཤིག །འོད་སྲུང་ཆེན་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་འབྲོག་དགོན་པ་ཆེན་པོ་ཞིག་མཆིས་པར་གྱུར་ལ། འབྲོག་དགོན་པ་ཆེན་པོ་དེ་ལ་ཡང་སྲིད་པའི་རྩེ་མོ་དང་མཉམ་པའི་ར་བ་མཆིས་པར་གྱུར་ཅིང་། འབྲོག་དགོན་པ་ཆེན་པོ་དེར་ཡང་སྲོག་ཆགས་འབུམ་ཕྲག་དུ་མ་ཞིག་ཞུགས་པར་གྱུར་ལ། འབྲོག་དགོན་པ་ཆེན་པོ་དེ་ལ་ཡང་ཆབ་སྒོ་ནི་གཅིག་ཅིག་མཆིས་པར་གྱུར་ཅིང་། འབྲོག་དགོན་པ་ཆེན་པོ་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་གི་གྲོང་ཁྱེར་ཆེན་པོ་འབྱོར་པ་རྒྱས་པ། གསང་ལོ་ལེགས་པ། །སྐྱེ་བོ་དང་མི་མང་པོས་ཀུན་དུ་གཏམ་པ་ཉམས་དགའ་བ་ཞིག་ཀྱང་མཆིས་པར་གྱུར་ལ། གྲོང་
ཁྱེར་ཆེན་པོ་དེ་ལ་ཡང་ཆབ་སྒོ་ནི་གཅིག་ཅིག་མཆིས་པར་གྱུར་ཅིང་། གང་དག་གྲོང་ཁྱེར་ཆེན་པོ་དེར་ཞུགས་པར་གྱུར་པ་དེ་དག་གི་ནི་དགའ་བ་དང་། འགུམ་པ་མ་མཆིས་པར་འགྱུར་ལ། གྲོང་ཁྱེར་ཆེན་པོ་དེ་ན་ཡང་མཐོ་གང་ཙམ་གྱི་ཚད་ཀྱི་ཤུལ་ཤིན་ དུ་དོག་ཅིང་ཉམ་ང་བ་ཞིག་ཀྱང་མཆིས་ཤིང་དེའི་གཡས་གཡོན ་ན་ཁྲུ་འབུམ་ཙམ་མཆིས་པའི་གཡང་ས་ཆེན་པོ་དག་ཀྱང་མཆིས་པར་གྱུར་ལ། དེ་ནས་འབྲོག་དགོན་པ་ཆེན་པོ་དེའི་དབུས་ནས་སེམས་ཅན་མཁས་པ་ཞི་བ་གློ་བ་གཞུངས་པ། སེམས་ཅན་ཐམས་ཅད་ལ་དོན་དུ་འགྱུར་བ་འཚལ་བ་བདེ་བར་འཚལ་བ། གྲུབ་དང་བདེ་བར་འཚལ་བ། སྨན་པར་འཚལ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་གཅིག་ཅིག་བྱུང་བར་གྱུར་ནས་དེས་འབྲོག་དགོན་པ་ཆེན་པོ་དེར་འདི་སྐད་ཅེས་ཀྱེ་གྲོགས་པོ་དག་ཁོ་བོ་ནི་ཁྱེད་ཅག་གི་ཡོངས་སུ་སྐྱོབ་པ་ཡིན་ཏེ། འབྲོག་དགོན་པ་ཆེན་པོ་འདི་ནས་ཧ་ཅང་ཡང་མི་རིང་བ་ན་གྲོང་ཁྱེར་ཆེན་པོ་འབྱོར་པ། རྒྱས་པ། བདེ་བ་ལོ་ལེགས་པ། ཉམས་དགའ་བ་ཞིག་ཡོད་དེ། གང་དག་དེར་ཞུགས་པར་གྱུར་བ་དེ་དག་ནི་རྒ་བ་མེད་པ་དང་། འཆི་བ་མེད་པར་འགྱུར་ཞིང་སེམས་ཅན་དཔག་ཏུ་མེད་པ་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པར་ཡང་འགྱུར་བས་སེམས་ཅན་ཤེས་པ་དང་ལྡན་པ་ཚུར་ཤོག །གྲོང་ཁྱེར་ཆེན་པོ་དེར་འདོང་ངོ་ཞེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་གོ་བར་བགྱིས་པར་གྱུར་ན། དེ་ན་སེམས་ཅན་དམན་པ་ལ་མོས་ཤིང་ངེས་པར་འབྱུང་བའི་བསམ་པ་ཅན་གང་དག་ལགས་དེ་དག་ནི་འདི་སྐད་ཅེས་བདག་ཅག་འདི་ནས་ཀྱང་མི་གཡོ་བར་གདམས་ཤིང་རྗེས་སུ་བསྟན་པ་དེ་ཡང་འཚལ་ལ་བདག་ཅག་འདི་ན་གནས་བཞིན་དུ་གྲོང་ཁྱེར་དེ་ན་མཆིས་པའི་ཡོན་ཏན་དེ་དག་ཀྱང་འབྱུང་བར་གྱུར་ཅིག་ཅེས་མཆི་ལགས་སོ། །སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་གང་དག་ལགས་པ་དེ་དག་ནི་འདི་སྐད་ཅེས་བདག་ཅག་ནི་ཁྱོད་ཇི་ལྟ་བ་དེ་བཞིན་དུ་གྲོང་ཁྱེར་དེར་མཆིའོ་ཞེས་མཆི་ལགས་སོ། །སེམས་ཅན་བསོད་ནམས་ཆུང་བ་གང་དག་ལགས་པ་དེ་དག་ནི་སྒྲ་དེ་ཉན་ཅིང་ཐོས་ནས་ཀྱང་དང་བར་མི་བགྱིད་ཅིང་སྐྱེས་བུ་མཁས་པའི་རང་བཞིན་ཅན་དེའི་སླད་བཞིན་དུ་མཆི་བར་མི་བགྱིད་ལགས་ཏེ། དེ་ནས་སྐྱེས་བུ་མཁས་པའི་རང་བཞིན་ཅན་དེ་འབྲོག་དགོན་པ་ཆེན་པོ་དེ་ནས་སླར་བྱུང་བ་དང་།
དེས་ཤུལ་དེ་ཡང་མཐོང་བར་གྱུར། དེས་མཐོ་གང་ཙམ་གྱི་ཤུལ་ཤིན་ དུ་དོག་ཅིང་ཉམ་ང་བ་དེ་ཡང་མཐོང་བར་གྱུར། ཤུལ་དེའི་གཡས་གཡོན ་ན་ཁྲུ་འབུམ་ཙམ་མཆིས་པའི་གཡང་ས་ཆེན་པོ་དག་ཀྱང་མཐོང་བར་གྱུར་ནས་དེ་གཡས་གཡོན་ཀྱི་གཡང་ས་དེ་དག་རྩིག་པ་དང་སྤང་ལེབ་ཀྱིས་བཀུམ་སྟེ། རྐང་ལག་བཞིས་འཕྱེ་ཞིང་ཤུལ་དེ་ལས་འདའ་བར་བགྱིད་ལ། གཡས་ གཡོན་དུ ་ཡང་མི་ལྟ་བར་སླད་བཞིན་དུ་ཕྱིར་རྒོལ་བ་སྐྲ་འབྱིན་ཅིང་འཇིགས་པ་སྟོན་པ་དག་མཆི་ཡང་སླར་ཡང་མི་ལྟ་ལ། སྐྱོ་ཞིང་ཡིད་བྱུང་བ་ཡང་མ་མཆིས་པར་ཤུལ་དེར་མཆི་བར་འགྱུར་བ་དང་། ཇི་ལྟ་ཇི་ལྟར་མཆིས་བར་འགྱུར་བ་དེ་ལྟ་དེ་ལྟར་གྲོང་ཁྱེར་དེ་མཐོང་བར་ཡང་འགྱུར་ལ་དེ་ལྟ་ཇི་ལྟར་མཐོང་བ་དེ་ལྟ་དེ་ལྟར་དེའི་འཇིགས་སུ་རུང་བ་ཐམས་ཅད་ཀྱང་མ་མཆིས་པར་འགྱུར་ཞིང་གྲོང་ཁྱེར་དེར་ཞུགས་ན་རྒ་བ་དང་། འགུམ་པ་དང་། བྲོ་ནད་མ་མཆིས་པར་གྱུར་ལ། སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་དོན་བགྱིད་ཅིང་སྐྱེ་བ་དང་། རྒ་བ་དང་། བྲོ་འཚལ་བ་དང་། འགུམ་པ་ལས་ཡང་དག་པར་བཟླ་བའི་སླད་དུ་ཆོས་སྟོན་པར་ཡང་བགྱིད་པ་ཞིག་མཆིས་ན། བཙུན་པ་བཅོམ་ལྡན་འདས་དེ་ལ་འབྲོག་དགོན་པ་ཆེན་པོ་ཞེས་བགྱི་བ་དེ་ནི་འཁོར་བའི་དགོན་པའི་ཚིག་བླ་དགས་ལགས་སོ། །སྲིད་པའི་རྩེ་མོ་དང་མཉམ་པའི་ར་བ་ཞེས་བགྱི་བ་དེ་ནི་མ་རིག་པ་དང་སྲེད་པའི་སྲིད་པའི་ཚིག་བླ་དགས་ལགས་སོ། །འབྲོག་དགོན་པ་ཆེན་པོ་དེར་ཡང་སྲོག་ཆགས་འབུམ་ཕྲག་དུ་མ་ཞུགས་པར་གྱུར་ལ་ཞེས་བགྱི་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཚིག་བླ་དགས་ལགས་སོ། །འབྲོག་དགོན་པ་ཆེན་པོ་དེ་ལ་ཡང་ཆབ་སྒོ་ནི་གཅིག་ཅིག་མཆིས་པར་གྱུར་ཅིང་ཞེས་བགྱི་བ་དེ་ཇི་ལྟ་བ་དེ་བཞིན་དུ་ནི་བགྲོད་པ་གཅིག་པའི་ཤུལ་བལྟ་བར་བགྱི་ལགས་སོ། །སྐྱེ་བུ་མཁས་པའི་རང་བཞིན་ཅན་ཞེས་བགྱི་བ་ཇི་ལྟ་བ་དེ་བཞིན་དུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བལྟ་བར་བགྱི་ལགས་སོ། །སེམས་ཅན་དམན་པ་ལ་མོས་ཤིང་ངེས་པར་འབྱུང་བའི་བསམ་པ་ཅན་གནས་དེ་ལས་ཀྱང་མི་གཡོ་ལ་གྲོང་ཁྱེར་གྱི་ཡོན་
ཏན་ཡང་འཚལ་བ་དེ་དག་ཇི་ལྟ་བ་དེ་བཞིན་དུ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་བལྟ་བར་བགྱི་ལགས་སོ། །སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་ཚིག་འདི་སྐད་ཅེས་བདག་ཅག་ནི་ཁྱོད་ཇི་ལྟར་བ་བཞིན་དུ་གྲོང་ཁྱེར་དེར་མཆི་ལགས་སོ་ཞེས་མཆི་བ་དེ་དག་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་བལྟ་བར་བགྱི་ལགས་སོ། །སེམས་ཅན་བསོད་ཉམས་ཆུང་ངུ་སྒྲ་དེ་ཉན་ཅིང་ཐོས་ནས་ཀྱང་དད་པར་མི་བགྱིད་པ་གང་ལགས་པ་དེ་དག་ནི་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་དུ་རྒྱུ་དག་གི་ཚིག་བླ་དགས་ལགས་སོ། །འབྲོག་དགོན་པ་ཆེན་པོ་དེ་ནས་སླར་བྱུང་བ་ཞེས་བགྱི་བ་ཇི་ལྟ་བ་བཞིན་དུ་ནི་ཐམས་ཅན་མཁྱེན་པ་ཉིད་དུ་ངེས་པར་བསྔོས་པའི་སེམས་ཀྱིས་བརྩོན་འགྲུས་བརྩམས་པ་བལྟ་བར་བགྱི་ལགས་སོ། །མཐོ་གང་ཙམ་གྱི་ཚད་ཀྱི་ཤུལ་ཞེས་བགྱི་བར་དེ་ཇི་ལྟ་བ་བཞིན་ དུ་ནི་ཆོས་དབྱིངས་བལྟ་བར་བགྱི་ལགས་སོ། །དེའི་གཡས་གཡོན ་ན་ཁྲུ་འབུམ་ཙམ་མཆིས་པའི་གཡང་ས་ཆེན་པོ་ཞེས་བགྱི་བ་ཇི་ལྟ་བ་དེ་བཞིན་ དུ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་རྣམས་བལྟ་བར་བགྱི་ལགས་སོ། །གཡས་གཡོན ་ཀྱི་གཡང་ས་དེ་དག་རྩིག་པ་དང་སྤང་ལེབ་ཀྱིས་བཀུམ་སྟེ་ཞེས་བགྱི་བ་དེ་ཇི་ལྟ་བ་བཞིན་དུ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པ་བལྟ་བར་བགྱི་ལགས་སོ། །རྐང་ལག་བཞིས་འཕྱེ་ཞིང་ཤུལ་དེ་ལས་ཡང་དག་པར་འདའ་བར་བགྱིད་ལ་ཞེས་བགྱི་བ་དེ་བཞིན་དུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་སྡུད་ཅིང་ཡང་དག་པར་འདའ་བར་བགྱིད་པ་དག་ལྟ་བར་བགྱི་ལགས་སོ། །སླད་བཞིན་དུ་ཕྱི་རྒོལ་བ་སྒྲ་འབྱིན་ཅིང་འཇིགས་པ་སྟོན་པ་དག་མཆི་ཡང་ཞེས་་བགྱི་བ་དེ་ཇི་ལྟ་བ་བཞིན་དུ་ནི་བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱང་བལྟ་བར་བགྱི་ལ། དེ་བཞིན་དུ་སེམས་ཅན་སྡིག་པ་ལ་མངོན་པར་ཞེན་པ་ཡོངས་སུ་ཉོན་མོངས་པ་ཅན་གྱི་ལས་ཀུན་དུ་སྤྱོད་པར་བགྱིད་པ་གང་དག་བྱང་ཆུབ་དཔའ་དེ་དག་ལ་འཕྱ་བ་དང་། སྨོད་པར་བགྱིད་པ་དག་ཀྱང་བལྟ་བར་བགྱི་ལགས་སོ། །སླར་
ཡང་མི་ལྟ་ལ་ཞེས་བགྱི་བ་དེ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ལྷག་པའི་བསམ་བས་སེམས་བསྐྱེད་པའི་ཚིག་བླ་དགས་ལགས་སོ། །གཡས་ གཡོན་དུ ་ཡང་མི་ལྟ་བར་ཞེས་བགྱི་བ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མི་དགའ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ལགས་སོ། །གྲོང་ཁྱེར་ཆེན་པོ་ཞེས་བགྱི་བ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་གྱི་ཚིག་བླ་དགས་ལགས་སོ། །ཇི་ལྟ་ཇི་ལྟར་མཆེ་བར་འགྱུར་བ་དེ་ལྟ་དེ་ལྟར་གྲོང་ཁྱེར་དེ་མཐོང་པར་ཡང་འགྱུར་ལ་ཞེས་བགྱི་བ་དེ་ནི་དེ་བཞིན་གཤེགས་པ་བསྙེངས་པ་ཐམས་དང་བྲལ་བའི་ཚིག་བླ་དགས་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡོན་ཏན་མཐོང་དང་། སངས་རྒྱས་ཀྱི་སྤྱོད་པ་དང་། ཡེ་ཤེས་ལ་ངེས་པར་རྟོག་པར་བགྱིད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་དང་། །ཐབས་ལ་མཁས་པ་ལ་ཤིན་དུ་ལེགས་པར་སློབ་པའི་ཚིག་བླ་དགས་ལགས་སོ། །ཇི་ལྟ་ཇི་ལྟར་མཐོང་བ་དེ་ལྟ་དེ་ལྟར་དེའི་འཇིགས་པ་དང་། འཇིག་སུ་རུང་བ་ཐམས་ཅད་ཀྱང་མཆིས་པར་འགྱུར་ཞིང་ཞེས་བགྱི་བ་དེ་ནི་སེམས་ཅན་ཐམས་ཅད་འཇིགས་པ་མཆིས་པ་ཤིང་ཐེ་ཚོམ་དང་བྲལ་བར་འགྱུར་བའི་ཚིག་བླ་དགས་ལགས་སོ། །གྲོང་ཁྱེར་དེར་ཞུགས་ན་རྒ་བ་དང་། འགུམ་པ་དང་བྲོ་ནད་མ་མཆིས་པར་འགྱུར་ཞིང་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་དོན་བགྱིད་ལ། སྐྱེ་བ་དང་། རྒ་བ་དང་། བྲོ་ནད་དང་། འགུམ་པ་ལས་ཡང་དག་པར་བཟླ་བའི་སླད་དུ་ཆོས་སྟོན་པར་ཡང་བགྱིད་ཅེས་བགྱི་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཡེ་ཤེས་དང་ལྡན་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་འོང་སྲུང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འོད་སྲུང་ལེགས་སོ་ལེགས་སོ། །འོད་སྲུང་ཁྱོད་ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྤྲོ་བ་སྐྱེད་པ་ནི་ཡང་ཁྱོད་ལེགས་ཏེ། འོད་སྲུང་ཁྱོད་ཀྱི་དཔེ་བརྗོད་པ་དེས་ལྷ་དང་མི་རྣམས་
ཀྱི་སྐྱེ་དགུ་ལས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འོད་སྲུང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་ལ་མཁས་པ་ལེགས་པར་བསླབས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། འོད་སྲུང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གིས་བདག་ལ་གནོད་པར་འགྱུར་བ་འམ། གཞན་ལ་གནོད་པར་འགྱུར་པ་དེ་ལྟ་བུའི་ལས་མི་བྱེད་ཅིང་། ཚིག་གང་གིས་བདག་གཞན་ལ་གདུང་བར་འགྱུར་བ་དེ་ལྟ་བུའི་ཚིག་ཀྱང་མི་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བྱང་ཆུབ་སེམས་དཔའ་ནི་ཚིག་གང་གིས་བདག་དང་གཞན་ལ་གདུང་བར་འགྱུར་བ་དེ་ལྟ་བུའི་ཚིག་མི་སྨྲའོ་ཞེས་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་འོ་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ཞེས་བགྱི་བར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་གསུངས་ན། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དེ་ཅི་ལས་དགོངས་ཏེ་དེ་སྐད་གསུངས་པ་ལགས་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚད་རབ་ཏུ་རྣམ་པར་དབྱེ་བས་ཁྱོད་ལ་ཅི་ཞིག་བྱ་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་དང་ལྡན་པས་སྐྱེས་བུ་དམ་པ་དེ་དག་ནི་ཇི་ལྟ་ཇི་ལྟར་སེམས་ཅད་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟར་གནས་པར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལྟ་མོད་ཀྱི་འོན་ཀྱང་
ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུངས་ཤིག་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཚུན་ཆད་དུ་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་བསྟན་པ་གང་ཡིན་པ་དེ་དག་ལས་ཕྱོགས་ཙམ་ཞིག་བསྟན་པར་བྱ་སྟེ། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བར་དེར་བྱང་ཆུབ་སེམས་དཔའ་ནི་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བརྗེད་པ་མེད་པ་དང་། སེམས་རྣམ་པར་གཡེངས་བ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་ཡིན་ཏེ། རིགས་ཀྱི་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཞག་བདུན་གྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར། འདོད་ན་བསྐལ་པས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདོད་ན་བསྐལ་བ་བརྒྱས་ཀྱང་བྱང་ཆུབ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར། འདོད་ན་བསྐལ་བ་སྟོང་གིས་ཀྱང་བྱང་ཆུབ་མངོན་བར་རྫོགས་པར་འཚང་རྒྱ་བར་འགྱུར། འདོད་ན་བསྐལ་པ་འབུམ་གྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་ན་བསམས་བཞིན་དུ་སྲིད་པ་ལེན་ཅིང་འགྲོ་བར་ཡང་བྱེད་དོ། །དེ་ནི་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པས་གང་གི་ཚེ་འདོད་པ་དེའི་ཚེ་ན་བླ་ན་མེད་པར་ཡང་དག་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཅིང་། འདོད་ན་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་བརྒྱ་ཕྲག་མང་པོར་ཡང་ཡིད་ཡོངས་སུ་སྐྱོ་བ་པ་མེད་པར་གནས་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་ཉན་ཐོས་ཀྱང་ཞི་བའི་ཏིང་ངེ་འཛིན་དག་ལ་སྙོམས་པར་འཇུག་ལ། བྱང་ཆུབ་སེམས་དཔའ་
ཡང་ཞི་བའི་ཏིང་ངེ་འཛིན་དག་ལ་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་མོད་ཀྱི་དེའི་ལུས་གཡོ་བར་ཡང་མི་འགྱུར། སེམས་གཡོ་བར་ཡང་མི་འགྱུར་རོ། །ཉན་ཐོས་ནི་བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནར་ཤེས་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཞི་བའི་ཏིང་ངེ་འཛིན་དག་ལ་སྙོམས་པར་འཇུག་ཀྱང་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུ་བའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་ཕ་རོལ་དུ་ཕྱིན་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱེད་ལ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ན་སྙིང་རྗེ་ཆེན་པོ་སྐྱེད་པར་ཡང་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདོད་ན་དགའ་ལྡན་གྱིས་གནས་ན་འདུག་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་སྐོར་བར་ཡང་ནུས་མོད་ཀྱི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འཛམ་བུའི་གླིང་པའི་མི་རྣམས་ཀྱིས་ནི་ཆོས་མཉན་པའི་ཕྱིར་དགའ་ལྡན་གྱིས་གནས་སུ་འཛེག་པར་མི་ནུས་ལ། ལྷ་རྣམས་ཀྱིས་ནི་ཆོས་མཉན་པའི་ཕྱིར་འཛམ་བུའི་གླིང་དུ་འབབ་བར་ནུས་སོ། །སྙམ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདོད་ན་དགའ་ལྡན་གྱི་གནས་ནས་ཤི་འཕོས་ནས་མའི་མངལ་དུ་མ་ཞུགས་ཤིང་མངལ་གྱི་དྲི་མས་མ་རེག་པ་ཁོ་ནར་དེའི་སྐད་ཅིག་དེ་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་སྐོར་བར་ཡང་ནུས་མོད་ཀྱི། དེ་ལ་སེམས་ཅན་ཁ་ཅིག་འདི་སྙམ་དུ་འདི་ལྷའམ་ཀླུ་འམ། གནོད་སྦྱིན་ནམ། དྲི་ཟའམ། སྤྲུལ་པ་ཞིག་གམ། འདི་ག་ལས་འོངས་པ་ཞིག་སྙན་དུ་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་སྐྱེ་བར་འགྱུར་ཏེ། དེ་དག་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་སྐྱེས་པར་གྱུར་ན། ཉོན་མོངས་པ་ཡོངས་སུ་ཟད་པར་བྱ་བའི་ཕྱིར་ཆོས་ཉན་པར་མི་བྱེད། ཤེས་པར་མི་བྱེད། བརྩོན་འགྲུས་རྩོམ་པར་མི་བྱེད་པས་བྱང་ཆུབ་སེམས་དཔས་མངལ་ན་གནས་པ་
བསྟན་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་མངལ་གྱི་གནས་སུ་ཞུགས་སོ། །སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཞུགས་བཞིན་དུ་དེ་ལ་སྙོམས་པར་ཞུགས་ཤིང་ཡོངས་སུ་བསྟེན་ནས་ཏིང་ངེ་འཛིན་དེ་ལས་མ་ལངས་བཞིན་དུ་དགའ་ལྡན་གྱི་གནས་ཉིད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་མོད་ཀྱི་དགའ་ལྡན་ལྷ་རྣམས་ཀྱིས་དེ་ན་དེ་མ་མཐོང་བས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་ལངས་སོ། །སྙམ་དུ་ཤེས་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ནི་དགའ་ལྡན་གྱི་གནས་ནས་མི་གཡོ་བཞིན་དུ་སྤྲུལ་པ་དག་གིས་འཕོ་བ་དང་། སྐྱེ་བ་དང་མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པའི་བྱ་བ་ཐམས་ཅད་ཀུན་དུ་སྟོན་པར་བྱེད་དེ། དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་སྤྲུལ་པ་དག་གིས་ཀུན་ཏུ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ཀུན་དུ་སྤྱོད་པ་གཙང་བ་ཡིན་པས་ཕྱིར་མངལ་གྱིས་གནས་སུ་མི་འགྲོ་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་ཐལ་ཀར་དུ་བསྒྱུར་ཏེ་མའི་མངལ་དུ་འཇུག་པ་སྟོན་པར་བྱེད་ཅེ་ན། དེ་ནི་དཀར་པོའི་ཕྱོགས་ཀྱི་ཚིག་བླ་དགས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ན་དེས་ནི་ཅི་ནས་ཀྱང་ལྷའམ་མི་གཞན་གང་ལ་ཡང་མེད་པ་དེ་ལྟ་བུ་ཁོ་ནས་མངལ་དུ་འཇུག་པ་བསྟན་པར་བྱ་དགོས་པའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་མའི་མངལ་ན་གནས་ཤིང་དགུར་མ་ཡིན་ཞེ་ན། སེམས་ཅན་གང་དག་འདི་སྙམ་དུ་ཀྱེ་མ་གཞོན་ནུ་འདི་ནི་མངལ་ན་གནས་པའི་དུས་ཡོངས་སུ་མ་རྫོགས་པས་དབང་པོ་མ་ཚང་བར་འགྱུར་ཏོ། །སྙམ་དུ་སེམས་པའི་སེམས་ཅན་དེ་དག་གི་ཐེ་ཚོམ་བཅད་པ་དང་། མངལ་གྱི་དུས་དང་། དབང་པོ་ཡོངས་སུ་རྫོགས་པ་ཀུན་དུ་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་མའི་མངལ་ན་གནས་ཀྱི་དགུར་ནི་མ་ཡིན་ནོ། །བྱང་ཆུབ་
སེམས་དཔའ་ཟླ་བ་བཅུར་མའི་མངལ་ན་གནས་པ་ན་ཡང་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འོང་བར་འགྱུར་ཞིང་དེ་དག་གིས་བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པའི་ཚེ་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རིན་པོ་ཆེ་བཀོད་པའི་ཁང་པ་བརྩེགས་པ་ལྷའི་ལོངས་སྤྱོད་ཐམས་ཅད་ལས་ཡང་དག་པར་འདས་པ་མཐོང་ནས་ལྷའི་བུ་ས་ཡ་ཕྲག་གཉིས་དང་། བཞི་འབུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་ཡང་བྱང་ཆུབ་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མའི་མཆན་བརྟོལ་ཏེ་མངལ་གྱི་གནས་ནས་འབྱུང་བ་ཀུན་དུ་སྟོན་པར་བྱེད་ཅེ་ན། སེམས་ཅན་གང་དག་འདི་སྙམ་དུ་སེམས་བྱང་ཆུབ་སེམས་དཔའ་ནི་ཕ་དང་མའི་མེར་མེར་པོ་ལས་སྐྱེས་པ་མ་ཡིན་གྱི་རྫུས་ཏེ་སྐྱེས་པ་ཡིན་ནོ་སྙམ་དུ་སེམས་པའི་སེམས་ཅན་དེ་དག་གི་ཐེ་ཚོམ་བཅད་པའི་ཕྱིར་མའི་མཆན་བརྟོལ་ཏེ་མངལ་གྱི་གནས་ནས་འབྱུང་བར་བ་ཀུན་ཏུ་བསྟན་ཏོ། །བྱུང་མ་ཐག་ཏུ་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱིས་ལུས་ལ་ཡང་རྨ་མེད་ཅིང་སྒྲོས་མེད་ལ། བྱང་ཆུབ་སེམས་དཔའ་མངལ་ན་གནས་པའི་ཚེ་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱིས་བདེ་བ་མྱོང་བར་གྱུར་བ་གང་ཡིན་པ་དེ་ལྟ་བུའི་བདེ་བ་ནི་སྔོན་ནམ་ཡང་མ་རེག་ཅིང་སྔོན་ནམ་ཡང་མ་མྱོང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་བཙས་ཤིང་གྲོང་དུ་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་དགོན་པའི་བསྔགས་པ་བརྗོད་པ་དང་། དབེན་པ་ལ་དགའ་བ་དང་། ཀུན་སྤྱོད་པ་གཙང་བ་དང་། གྲོང་དུ་བཙས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་རྣམས་ཀྱང་ལྷའི་ཕྱེ་མ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། མེ་ཏོག་དག་གིས་ཤིན་ཏུ་འཕགས་པའི་མཆོད་པ་བྱེད་པར་མི་འགྱུར་བ་དང་། སེར་སྐྱེའི་གནས་ཀྱི་གྲོང་ཁྱེར་ནག་ན་གནས་པའི་མི་རྣམས་ཀྱང་རྒྱགས་པ་དང་། བག་མེད་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་བཙས་ཤིང་གྲོང་དུ་མ་ཡིན་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་གྱིས་ཤིང་པླགཤའི་ཡལ་ག་ལ་བཟུང་སྟེ་བང་མལ་མ་བྱས་པར་བྱང་ཆུབ་སེམས་
དཔའ་བཙས་པར་བྱས་ཤེ་ན། སེམས་ཅན་གང་དག་འདི་སྙམ་དུ་ཡུམ་ལྷ་མོ་སྒྱུ་འཕྲུལ་ནི་ཇི་ལྟར་བུད་མེད་གཞན་དག་བཞིན་དུ་སྡུག་བསྔལ་གྱི་ཚོར་བས་རེག་ཅིང་བྱང་ཆུབ་དཔའ་བཙས་སོ་སྙམ་དུ་སེམས་པའི་སེམས་ཅན་དེ་དག་གི་ཐེ་ཚོམ་བཅད་པ་དང་། བདེ་བར་བཙས་བར་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱིས་ཤིང་པླགཤའི་ཡལ་ག་བཟུང་སྟེ་བང་མལ་མ་བྱས་པར་བྱང་ཆུབ་སེམས་དཔའ་བཙས་པར་བྱས་སོ། །ཅིའི་ཕྱིར་སེམས་དཔའ་མའི་མཆན་གཡས་པ་བརྟོལ་ཏེ། དྲན་པ་དང་ཤེས་བཞིན་གྱིས་མངལ་གྱི་གནས་ནས་བྱུང་ཞིང་སྐྱེ་གནས་ནས་ཀྱང་མ་ཡིན། ལུས་ཀྱི་ཕྱོགས་གཞན་ནས་ཀྱང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཀུན་སྤྱོད་བ་གཙང་བ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་འཕགས་པ་དང་། འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་དེས་ནི་ཇི་ལྟར་སེམས་ཅན་དམན་པ་གཞན་དག་བཞིན་དུ་མའི་མངལ་དུ་རྟེན་ཅིང་གནས་པ་མ་ཡིན་པ་དང་། མི་གཙང་བ་མ་ཡིན་པ་དེ་ལྟར་སྐྱེ་བ་བསྟན་པར་བྱ་དགོས་པའི་ཕྱིར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་མའི་མཆན་གཡས་པ་བརྟོལ་ཏེ། དྲན་པ་དང་ཤེས་བཞིན་གྱིས་མངལ་གྱིས་གནས་ནས་བྱུང་ཞིང་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་མཆན་ཡང་རྨ་མེད་ཅིང་སྒྲོས་མེད་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་དཔའ་བཙས་མ་ཐག་ཏུ་ལྷའི་དབང་པོ་རྒྱ་བྱིན་གྱིས་བཟུང་ལ་མིར་གྱུར་པ་གཞན་དག་གིས་མ་ཡིན་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འབར་བས་ལྷ་རྣམས་འདུན་པར་བྱས་པས་ལྷའི་དབང་པོ་རྒྱ་བྱིན་གྱིས་བདག་གིས་བྱང་ཆུབ་སེམས་དཔའ་བཙས་མ་ཐག་དུ་གོས་རིན་པོ་ཆེས་བཟུང་བར་བྱའོ། ཞེས་སྔོན་སྨོན་ལམ་བཏབ་པའི་ཕྱིར་དེས་ན་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་རྒྱ་ཆེན་པོ་ལ་བརྩོན་པར་བྱེད་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་ཡོངས་སུ་མ་བཟུང་བར་གོམ་པ་བདུན་འདོར་བར་བྱེད་ལ་དྲུག་ཀྱང་མ་ཡིན། བརྒྱད་ཀྱང་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔས་ནི་ཇི་ལྟར་གཞན་སུས་ཀྱང་སྔོན་མ་
བསྟན་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་སྟོབས་ཀྱི་བརྩོན་འགྲུས་ཆེན་པོ་དང་། སྐྱེ་བུ་དམ་པའི་རྩལ་གདོན་མི་ཟ་བར་ཀུན་ཏུ་བསྟན་པར་བྱ་དགོས་དང་། གོམ་པ་བདུན་བོར་བས་སེམས་ཅན་གང་དག་གི་དོན་བྱ་དགོས་པ་དེ་དག་གི་དོན་གོམ་པ་དྲུག་གིས་ཀྱང་མི་ཆོག་ལ་བརྒྱད་ནི་ལྷག་པར་འགྱུར་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་ཡོངས་སུ་མ་བཟུང་བར་གོམ་པ་བདུན་འདོར་བར་བྱེད་ལ་དྲུག་ཀྱང་མ་ཡིན། བརྒྱད་ཀྱང་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གོམ་པ་བདུན་འདོར་བ་ན་ཚིག་འདི་སྐད་ཅེས་ང་ནི་འཇིག་རྟེན་ན་ཐུབ་བོ་ཡིན་ནོ། །ང་ནི་འཇིག་རྟེན་ན་གཙོ་བོ་ཡིན་ཏེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མཐར་དབྱུང་བར་བྱའོ་ཞེས་རྗོད་པར་བྱེད་ཅེ་ན། རིགས་ཀྱི་བུ་འཁོར་དེ་ན་བརྒྱ་བྱིན་དང་། ཚངས་པ་དང་། ལྷའི་བུ་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་དག་འདུས་པར་གྱུར་ཏེ་འཁོད་ལ་ང་རྒྱལ་གྱིས་ཁེངས་པ་དེ་དག་འདི་སྙམ་དུ་བདག་ཅག་ནི་ཆེས་བླ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་འདི་ནི་དེ་ལྟ་མ་ཡིན་ནོ། །སྙམ་དུ་སེམས་ཤིང་འདུད་པར་མི་བྱེད། རབ་ཏུ་འདུད་པར་མི་བྱེད། ཕྱག་འཚལ་བར་མི་བྱེད། རབ་ཏུ་ཕྱག་འཚལ་བར་མི་བྱེད་པས་ན་དེ་ན་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། ལྷའི་བུ་འདི་དག་ཡུན་རིང་པོར་དོན་མེད་དང་། གནོད་པ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་པར་འགྱུར་རོ། །སྙམ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔས་ཚིག་འདི་སྐད་ཅེས་ང་ནི་འཇིག་རྟེན་ན་ཐུ་བོ་ཡིན་ནོ། །ང་ནི་འཇིག་རྟེན་ན་གཙོ་བོ་ཡིན་ཏེ། སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བ་མཐར་དབྱུང་བར་བྱའོ་ཞེས་སྨྲས་ཏེ། ཚིག་གི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གོ་བར་གྱུར་ནས་ལྷའི་བུ་གང་དག་དེར་མ་ལྷགས་པ་དེ་དག་ཀྱང་སྒྲ་དེ་ཐོས་ནས་ལྷགས་པར་གྱུར་ཅིང་། དེ་ནས་ལྷའི་བུ་དེ་དག་དང་བརྒྱ་བྱིན་དང་། ཚངས་པ་དག་ཡིད་བྱུང་བ་སྐྱེ་ཤིང་ངོ་ཚར་དུ་འཛིན་པར་གྱུར་ནས་གུས་པ་དང་བཅས་པས་ཐལ་མོ་པུག་པུག་པོར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་མངོན་པར་འདུད་ཅིང་ཕྱང་འཚལ་བར་བྱེད་དེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཚིག་འདི་སྐད་ཅེས་ང་ནི་འཇིག་རྟེན་ན་གཙོ་བོ་ཡིན་
ཏེ། སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བ་མཐར་དབྱུང་བར་བྱའོ། །ཞེས་སྨྲས་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཚིག་དེ་ནི་ཡང་དག་པར་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་གད་མོ་ཆེར་གོད་པར་བྱེད་ཅེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལ་ནི་འདོད་ཆགས་དང་ལྷན་ཅིག་སྐྱེས་པའམ། ཞེ་སྡང་ལྷན་ཅིག་སྐྱེས་པའམ། གཏི་མུག་དང་ལྷན་ཅིག་སྐྱེས་པ་རྒོད་པའི་གད་མོ་ཡང་མེད། རྟ་གད་དུ་དགོད་པ་ཡང་མེད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་འདི་དག་གིས་ནི་བདག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་བསྐྱེད་པ་ལས་བདག་གིས་ནི་བྱང་ཆུབ་ཐོབ་པར་གྱུར་གྱི། སེམས་ཅན་འདི་དག་ནི་ལེ་ལོའི་དབང་གི་འཁོར་བ་ཐིབ་པོར་གནས་པར་གྱུར་བས་ཀྱེ་མ་སེམས་ཅན་འདི་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཐོར་པར་བྱ་བའི་ཕྱིར་སྙིང་རྗེས་བགྲོད་པར་བྱ་བའི་ཆོས་ཐམས་ཅད་ལ་བརྩོན་འགྲུས་རྩོམ་པར་མི་བྱེད་པ་ཡིན་ནོ་ཞེས་དེ་ལྟར་སྙིང་རྗེ་ཆེན་པོ་བསྐྱེད་པ་ན། སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་ནི་བསམ་པ་ཡོངས་སུ་རྫོགས་པ་ཡིན་པར་རིག་ལ། བདག་ཅིག་ནི་དམན་པ་དང་། བག་མེད་པ་ཡིན་པར་རིག་ནས་དེ་དག་ད་བདག་ལ་ཕྱག་འཚལ་བར་འགྱུར་རོ། །སྙམ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་གད་མོ་ཆེར་གད་པར་བྱེད་དེ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་བཙས་མ་ཐག་ཏུ་བརྒྱ་བྱིན་དང་། ཚངས་པ་དག་གིས་འཁྲུ་བར་བྱེད་ཅེ་ན། རིགས་ཀྱི་བུ་དེ་ནི་བརྒྱ་བྱིན་དང་། ཚངས་པ་དག་མཆོད་པའི་ལས་བྱེད་ཡང་ཡིན་ལ། འཇིག་རྟེན་ན་ཡང་ཁྱེའུ་དག་བཙས་མ་ཐག་ཏུ་གདོན་མི་ཟ་བར་ཁྲུས་བྱེད་པ་དག་ཡོད་པས་བྱང་ཆུབ་སེམས་དཔས་ཀྱང་འཇིག་རྟེན་ཤེས་པའི་རྗེས་སུ་གདོན་མི་ཟ་བར་འཇུག་པར་བྱ་དགོས་པས་ན་དོན་གྱི་དབང་དེ་མཐོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་བརྒྱ་བྱིན་དང་ཚངས་པ་དག་གིས་འཁྲུ་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་བཙས་
མ་ཐག་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོར་མི་འགྲོ་བར་ཅིའི་ཕྱིར་གྲོང་ཁྱེར་དུ་འཇུག་ཅེ་ན། དབང་པོ་རྣམས་ཡོངས་སུ་སྨིན་པར་ཀུན་དུ་བསྟན་དང་། བཙུན་མོའི་འཁོར་གྱི་བྱ་བ་ཀུན་དུ་བསྟན་པ་དང་། དགའ་བ་དང་། རྩེད་མོ་དེ་དག་ཀུན་དུ་བསྟན་ནས་ཀྱང་གླིང་ཆེན་པོ་བཞི་ལ་མི་ལྟ་བར་སྤངས་ཏེ་མངོན་བར་འབྱུང་བ་ཀུན་དུ་བསྟན་པར་བྱ་བ་དང་། འདི་ལྟར་སེམས་ཅན་གཞན་དག་ཀྱང་བདག་གི་རྗེས་སུ་སློབ་པ་ན་འདོད་པའི་དགའ་དང་། རྩེད་མོ་དང་། ལོངས་སྤྱོད་དང་། འཁོར་རྒྱ་ཆེན་པོ་དག་སྤངས་ཏེ་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་འབྱུང་བར་འགྱུར་བར་བྱ་བའི་ཕྱིར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་བཙས་མ་ཐག་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོར་མི་འགྲོ་བར་གྲོང་ཁྱེར་དུ་ཞུགས་ནས་མངོན་པར་འབྱུང་བར་བྱེད་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་ནས་ཞག་བདུན་ལོན་པ་ན། ཡུམ་ལྷ་མོ་སྒྱུ་འཕྲུལ་འཆི་བའི་དུས་བྱེད་པར་གྱུར་ཅེ་ན། དེ་ལ་ནི་བྱང་ཆུབ་སེམས་དཔའ་བཙས་པའི་ཉེས་པ་མེད་དེ། ཡུམ་ལྷ་མོ་སྒྱུ་འཕྲུལ་ཉིད་ཚེ་ཟད་ནས་དུས་ལས་འདས་པ་ཡིན་གྱི་བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་གནས་པ་ཉིད་ཀྱི་ཚེ་ན་ལྷའི་མིག་རྣམ་པར་དག་པས་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་ཚེ་ལ་སོ་སོར་བརྟགས་ན་བྱང་ཆུབ་སེམས་དཔའི་ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་ཚེའི་ལྷག་མ་ནི་ཟླ་བ་བཅུ་དང་ཞག་བདུན་ལས་མ་ལུས་པར་ཤེས་ནས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ནས་ཤི་འཕོས་ཏེ་མའི་མངལ་དུ་ཞུགས་པ་ཡིན་པས་རིགས་ཀྱི་བུ་རྣམས་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཡུམ་ལྷ་མོ་སྒྱུ་འཕྲུལ་ཉིད་ཚེ་ཟད་ནས་འཆི་བའི་དུས་བྱས་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་བཙས་པའི་ཉེས་པ་ནི་མ་ཡིན་པར་རིགས་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་པས་ཡི་གེ་དང་། ལག་རྩིས་དང་། བསྟན་བཅོས་དང་། གྲངས་དང་རྩིས་དང་། རལ་གྲིའི་ཐབས་དང་། མདའ་གཞུའི་ཐབས་དང་། འགྱེད་སྟོབས་དང་། གྱད་ཀྱི་འཛིན་སྟངས་དང་། སྐར་མའི་དཔྱད་དང་། དགའ་བ་དང་། རྩེད་མོ་དག་ལེགས་པར་བསླབས་ཤེས་ན། འཇིག་རྟེན་དང་རྗེས་སུ་འཐུན་བྱ་བའི་ཕྱིར་ཏེ། འདི་ལྟར་
བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་གང་ལ་ལེགས་པར་བསླབས་པར་མ་བྱས་པའི་བཟོ་འམ། གསང་སྔགས་སམ། རིགས་སྔགས་སམ། བསྟན་བཅོས་སམ། བྲོ་གར་རམ་གླུ་འམ། རོལ་མོའི་སྒྲ་འམ། བཞད་གད་དང་། འཇོ་སྒེག་གམ། དགའ་བ་འམ། རྩེད་མོ་ཀུན་དུ་བསྟན་པར་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འགའ་ཡང་མི་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་ལ་ནི་བཙས་མ་ཐག་ཁོ་ནར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཟོ་དང་། ལས་ཀྱི་གནས་ཐམས་ཅད་མངོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྔོ་མ་ཤིན་དུ་ལེགས་པར་བསླབས་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་དབང་གི་སྟོབས་བསྐྱེད་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བཙུན་མོ་དང་། སླས་དང་། གཡོག་འཁོར་ལེན་པར་བྱེད་ཅེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་གནས་སྐབས་ན་སྐྱེ་བུ་དམ་པ་ནི་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པས་ནི་བཙུན་མོ་དང་། སླས་དང་བུའི་འཁོར་གདོན་མི་ཟ་བར་བསྟན་པར་བྱ་དགོས་ཏེ་སེམས་ཅན་གང་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བུ་དམ་པ་མ་ཡིན་གྱི་ཟ་མའི་རིགས་ཤིག་ཡིན་ནོ་སྙམ་དུ་སེམས་པར་གྱུར་ན། །དེ་དག་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་བས་སེམས་ཅན་དེ་དག་གི་ཐེ་ཚོམ་བཅད་པ་དང་། འདི་ལྟ་སྟེ་སྲས་སྒྲ་གཅན་ཟིན་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་ཤཱཀྱའི་བུ་མོ་ས་འཚོ་མ་བླངས་སོ། །གང་དག་འདི་སྙམ་དུ་སྲས་སྒྲ་གཅན་ཟིན་ནི་ཡབ་དང་ཡུམ་གྱི་མེར་མེར་པོ་ལས་སྐྱེས་པ་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་ལྟར་འོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན་འདི་ནི་སྔོན་འདི་སྐད་དུ་བདག་སྲིད་པ་ཐ་མ་པའི་བུར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བས་ན་སྒྲ་གཅན་ཟིན་ནི་ལྷ་ཡུལ་ནས་ཤི་འཕོས་ནས་འདིར་རྫུས་ཏེ་སྐྱེས་པ་ཡིན་གྱི། ཕ་དང་མའི་མེར་མེར་པོ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །ཤཱཀྱའི་བུ་མོ་ས་འཚོ་མ་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་བླངས་པ་ཡིན་ཏེ། དེས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་སྤྱན་སྔར་བྲམ་ཟའི་ཁྱེའུ་ཁྱོད་སྲིད་པ་ཐ་མ་བར་
གྱུར་པ་ན་བདག་གི་ཁྱིམ་ཐབ་ཏུ་གྱུར་ལ། བདག་ཀྱང་ཁྱོད་ཀྱི་བཙུན་མོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔས་ཀྱང་འདི་སྐད་ཅེས་བཟང་མོ་ང་ནི་འདོད་པ་རྣམས་དོན་དུ་གཉེར་བ་མ་ཡིན་མོད་ཀྱི། འོན་ཀྱང་ཁྱོད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་ཨུད་པ་ལའི་ཕྱིར་ཁས་བླངས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་དགེ་བའི་རྩ་བ་བསྐྱེད་པ་དེ་ནི་མི་སླུ་བ་ཡིན་པས་ན་བྱང་ཆུབ་སེམས་དཔས་ཤཱཀྱའི་བུ་མོ་ས་འཚོ་མ་བླངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པས་ནི་བཙུན་པོའི་འཁོར་དང་། གཡོག་འཁོར་གདོན་མི་ཟ་བར་ཀུན་དུ་བསྟན་པར་བྱ་དགོས་ཏེ། འདི་ལྟར་ཤཱཀྱའི་བུ་མོ་ས་འཚོ་མས་ཀྱང་བྱང་ཆུབ་སེམས་དཔའི་གཟུགས་ཕུན་སུམ་ཚོགས་པ་དང་། ལྷའི་ན་ཚོད་པ་ཕུན་སུམ་ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་མཐོང་ནས་འདི་སྐད་དུ་ཀྱེ་མ་བདག་ཀྱང་ཡོན་ཏན་གྱི་ཆོས་འདི་ལྟ་བུ་དང་ལྡན་བར་གྱུར་ཅིག་ཅེས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་བའི་ཕྱིར་ཏེ། དེ་ལྟར་ན་ཤཱཀྱའི་བུ་མོ་ས་འཚོ་མ་བྱང་ཆུབ་ཀྱི་སེམས་བརྟན་པར་སྐྱེ་དུ་བཞག་པའི་ཕྱིར་ཡང་བྱང་ཆུབ་དཔས་ཤཱཀྱའི་བུ་མོ་ས་འཚོ་མ་བླངས་སོ། །གཞན་ཡང་སེམས་ཅན་གང་དག་འདོད་པ་དང་། བྲན་དང་། ཆུང་མ་དང་། ལས་ཀྱི་མཐའ་དང་། ཁང་ཁྱི་དང་། ནོར་རྫས་ཀྱི་འདུ་འཛིས་སྦགས་ནས་ཡོངས་སུ་འཛིན་པ་སྤངས་ཏེ་རབ་ཏུ་འབྱུང་བར་མི་ནུས་པའི་སེམས་ཅན་དེ་དག་ལ་འདོད་པའི་སྲེད་པ་དང་། ལོངས་སྤྱོད་དང་། ནོར་རྫས་དང་། ཆུང་མ་ལ་མི་ལྟ་བ་ཀུན་དུ་བསྟན་པར་བྱ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤཱཀྱའི་བུ་མོ་ས་འཚོ་མ་བླངས་ནི་ཁང་ཁྱིམ་དང་ནོར་རྫས་དང་། ཆུང་མ་དང་། འཁོར་རྣམས་ལ་མི་ལྟ་བར་སྤངས་ཏེ་མངོན་པར་བྱུང་ན། སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་གཞོན་ནུར་དོན་ཐམས་ཅད་གྲུབ་པའི་ང་ཡང་དེ་ལྟར་བཙུན་མོ་དང་། ནོར་རྫས་དང་། འཁོར་དང་། ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་མི་ལྟ་བར་སྤངས་ཏེ་རབ་ཏུ་བྱུང་ན་དེའི་ཕྱིར་བདག་ཅག་ཀྱང་ཅིའི་ཕྱིར་རབ་ཏུ་འབྱུང་བར་མི་བྱ་སྙམ་དུ་སེམས་པར་བྱ་བའི་ཕྱིར་རོ།། །།
བམ་པོ་གསུམ་པ། གཞན་ཡང་བྱང་ཆུབ་སེམས་དཔས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པར་སྤྱོད་པ་ན་བུ་མེད་གཞོན་ནུ་བསྙེན་བཀུར་མ་གང་དག་དགེ་བའི་ཆོས་རྣམས་ཀྱི་ཡོངས་སུ་སྨིན་པར་བྱས་ཤིང་ཡིད་གཅུགས་པར་འགྱུར་པ་དེ་དག་གིས་འདི་སྐད་ཅེས་བདག་ཅག་ཁྱོད་སྲིད་པ་ཐ་མ་པར་གྱུར་པའི་བར་ཚུན་ཆད་ཀྱི་བཙུན་མོར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས་ན་དེ་དག་གི་དཀར་པོའི་ཆོས་རྒྱ་ཆེར་སྨྱིན་པར་བྱ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་འཁོར་རྣམས་བླངས་ཏེ། དེ་ན་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་དུ་གནས་པའི་བུད་མེད་བཞི་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ལྷག་མ་རྣམས་ནི་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་བྱས་ཏེ། རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔས་འཁོར་རྣམས་བླངས་སོ། །གཞན་ཡང་བུད་མེད་གང་དག་འདོད་ཆགས་ཀྱི་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུངས་པར་གྱུར་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་མཐོང་མ་ཐག་ཏུ་བདག་ཉིད་འདོད་ཆགས་དང་བྲལ་བར་ཀུན་ཤེས་པར་བྱ་བའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔས་བདག་ཉིད་ཀྱི་ཆུ་ཞེང་དང་། ཁ་དོག་དང་། དབྱིབས་ཅི་འདྲ་བ་དེ་འདྲ་བའི་སྤྲུལ་པ་མངོན་པར་སྤྲུལ་ནས། སྤྲུལ་པ་དེ་དང་བུ་མེད་དེ་ལྷན་ཅིག་དགའ་བ་དང་རྩེ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་ན་དེ་དག་སོ་སོ་ནས་འདི་སྙམ་དུ་བདག་ནི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པར་བྱེད་དོ་སྙམ་དུ་སེམས་པར་ཟད་ཀྱི་བྱང་ཆུབ་སེམས་དཔའ་ནི་བསམ་གཏན་གྱི་དགའ་བའི་གནས་པས་གནས་པར་བྱེད་དོ། །སྤྲུལ་པའི་འདོད་པའི་ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཚུད་ཆད་ནས། བྱང་ཆུབ་སེམས་དཔའི་འདོད་པའི་ལོངས་སྤྱོད་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ཤཱཀྱའི་བུ་འདུན་པ་དང་། རྟ་བསྔགས་ལྡན་གཉིས་ཀྱང་དེ་གཉིས་ཀྱི་སྔོན་གྱི་སྨོན་ལམ་ཉིད་ཡིན་པར་བལྟ་བར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་
ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེ་ན་གནས་པས་ལྷ་བྱེ་བ་ཕྲག་བདུན་བཅུ་གདུལ་བར་དང་ཡབ་དང་ཡུམ་དག་ཡང་དག་པར་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་བདག་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་འབྱུང་བ་དང་། ཤེས་རབ་ཆེ་བ་ཉིད་གདོན་མི་ཟ་བར་ཀུན་ཏུ་བསྟན་པར་བྱ་དགོས་པ་དང་། ཤིང་འཛམ་བུའི་གྲིབ་མས་མ་བཏང་བ་ཉིད་ཀྱང་ཀུན་དུ་བསྟན་པར་བྱ་བའི་ཕྱིར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བྱེད་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དགའ་དང་། རྩེད་མོ་ཐམས་ཅད་དོན་དུ་མི་གཉེར་བ་ཅིའི་ཕྱིར་བསྐྱེད་མོས་ཚལ་གྱི་སར་བྱུང་ཞེ་ན། རྒན་པོ་དང་། ནད་པ་དང་། ཤི་བ་ཀུན་དུ་བསྟན་པར་བྱ་བ་དང་། ཉེ་དུ་རྣམས་ཀྱིས་འདི་ལྟར་བྱང་ཆུབ་དཔའ་ནི་ཉེ་དུ་རྣམས་མི་འདོད་པ་མ་ཡིན་གྱི། རྒ་བ་དང་། ན་བ་དང་། འཆི་བས་འཇིགས་ཤིང་སྐྲག་པ་དང་། ཁྱིམ་ན་གནས་པ་ནི་ཉེས་པ་མང་པོའི་སྐྱོན་ཆགས་པས་གནས་མ་ཡིན་པར་རིག་ནས་མངོན་པར་བྱུང་བ་ཡིན་ནོ་ཞེས་ཤེས་པར་འགྱུར་བ་ཀུན་དུ་བསྟན་པར་བྱ་བ་དང་སེམས་ཅན་ཐམས་ཅད་ཀྱང་རྒ་བ་དང་། ན་བ་དང་། འཆི་བས་འཇིགས་པ་ཀུན་དུ་བསྟན་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དགའ་དང་། རྩེད་མོ་དོན་གཉེར་བ་ཡང་བསྐྱེད་མོས་ཚལ་གྱིས་སར་བྱུང་སྟེ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་མངོན་པར་བྱུང་ལ་ཉིན་མོ་མ་ཡིན་ཞེ་ན་སེམས་ཅན་རྣམས་གང་ལ་གནས་ན། དགེ་བའི་རྩ་བ་འཕེལ་བར་འགྱུར་བའི་དགེ་བའི་རྩ་བ་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་ཏེ། དཀར་པོའི་ཆོས་དོན་དུ་གཉེར་བའི་རིགས་ཀྱི་བུས་ནི་བདེ་བ་རྒྱ་ཆེན་པོ་ཇི་སྙེད་པ་ཡང་ཡོངས་སུ་སྤངས་ཏེ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་ན་མ་དྲིས་མི་ལྟོས་པར་མངོན་པར་འབྱུང་བར་བྱ་བ་དང་བདེ་བའི་ཡོད་བྱད་ཇི་སྙེད་པ་དག་ཀྱང་ཡོངས་སུ་སྤང་བར་བྱ་བ་དང་། དཀར་པོའི་ཕྱོགས་ཡོངས་སུ་ཉམས་པར་མི་བྱ་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །
ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེ་བོ་རྣམས་གཉིད་ཀྱི་ལོག་པར་བྱས་ཏེ་མངོན་པར་བྱུང་ཞེ་ན། སྐྱེ་བོ་རྣམས་ནི་ལྷ་རྣམས་ཀྱི་གཉིད་ལོག་པར་བྱས་པས་ལྷ་རྣམས་ཀྱིས་ཉེས་པར་ཀུན་དུ་བསྟན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ལ་ཉེ་དུ་རྣམས་དང་། སྐྱེ་བོ་རྣམས་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པར་གྱུར་ན་དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་གྱི། དེ་དག་གི་སྐྱེ་བོ་རྣམས་ལྷ་རྣམས་ཀྱིས་གཉིད་ལོག་པར་བྱས་ཤིང་ལྷ་རྣམས་ཀྱིས་སྒོ་ཕྱེ་སྟེ། བར་སྣང་ལ་ཁྱེར་བས་དེ་ན་བྱང་ཆུབ་སེམས་དཔས་མཉེས་སོ་ཞེས་ཤེས་པར་གྱུར་ན། དེ་དག་བྱང་ཆུབ་སེམས་དཔལ་ལ་དང་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་བས་དོན་གྱིས་དབང་དེ་མཐོང་བའི་ཕྱིར་སྐྱེ་བོ་རྣམས་གཉིད་ལོག་པར་བྱས་ནས་མངོན་པར་བྱུང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་རྟ་དང་རྒྱན་རྣམས་ཤཱཀྱའི་བུ་འདུན་པ་ལ་ཕྱིར་བསྐུར་ཞེ་ན། འདི་ལྟ་སྟེ་ཆོག་ཤེས་པ་ཀུན་དུ་བསྟན་པ་བྱ་བའི་ཕྱིར་ཏེ། གཞན་དག་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་ནི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་རབ་ཏུ་བྱུང་བས་ན་གསེར་དང་། དངུལ་དག་དོན་དུ་གཉེར་བ་མ་ཡིན་ནོ། །ཞེས་བརྗོད་པར་བྱ་བ་དང་གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱི་མའི་སྐྱེ་བོ་དག་རྗེས་སུ་སློབ་ཏུ་གཞུག་པར་བྱ་བའི་ཕྱིར་ཏེ། འདི་ལྟར་གང་དག་བསྟན་པ་འདི་ལ་རབ་ཏུ་བྱུང་བར་འགྱུར་བ་དེ་དག་གིས་ནི་ངའི་རྗེས་སུ་བསླབ་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འཕགས་པའི་རིགས་བཞི་ལ་བརྟེན་ནས་རབ་ཏུ་འབྱུང་བར་བྱ་སྟེ། རབ་ཏུ་འབྱུང་བས་ནི་དང་པོ་ཁོ་ན་ནས་འཚོ་བ་ལ་ལྟོས་ཤིང་རབ་ཏུ་འབྱུང་བར་མི་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་རལ་གྲིས་སྐྲ་བྲེགས་ཏེ། རབ་ཏུ་བྱུང་ཞེ་ན་རིགས་ཀྱི་བུ་འདི་ལྟར་གང་གིས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་ཟིལ་གྱིས་མནན་ཏེ། སྐྲ་འདྲེག་པར་བཟོད་པའི་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ་མི་འམ། མི་མ་ཡིན་པ་ནི་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འགའ་ཡང་མེད་པ་དང་། བྱང་ཆུབ་སེམས་དཔའ་དེ་ཉིད་རབ་ཏུ་འབྱུང་བ་དོན་དུ་གཉེར་བས་ན་དད་པ་དད་ལྡན་པ་ཡིན་ནོ་ཞེས་ཀུན་དུ་བསྟན་པ་དང་། བདག་ཉིད་ཀྱིས་སྐྲ་བྲེགས་ཏེ་རབ་ཏུ་བྱུང་ན་རྒྱལ་པོ་ཟས་གཙང་ཡང་སུས་ངའི་བུའི་སྐྲ་བྲེགས་དེ་ཆད་པས་གཅོད་དོ། །ཞེས་མི་དགའ་བར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་རང་གི་རལ་གྲིས་སྐྲ་བྲེགས་སོ་ཞེས་རྒྱལ་པོ་ཟས་གཙང་གིས་ཐོས་ནས་ཅང་མི་ཟེར་བར་འགྱུར་བར་བྱ་བའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པ་ལ་བཀའ་སྩལ་བ། རིགས་ཀྱིས་བུ་གཞན་ཡང་གང་གི་ཕྱིར་བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་སྤྱད་པ་ཡང་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་མི་དགེ་བའི་ལས་ཀྱི་བྱ་བ་དག་ལ་ངེས་པར་སྐྱོ་བར་བྱ་ཞིང་འདུན་པར་བྱ་བའི་ཕྱིར་ཏེ། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སློང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དང་། ལྡེམ་པོའི་ངག་ཡིན་པར་བལྟ་བར་བྱ་སྟེ། ལས་ཀྱི་སྒྲིབ་པ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱོད་དོ། །བྱང་ཆུབ་སེམས་དཔས་ཅི་ལས་བསམས་ཏེ་ཚིག་དེ་སྐད་ཅེས་སྨྲས་ཤེ་ན། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེ་ལ་ནེའུ་ལྡངས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ལྔ་ཞིག་ཡོད་པ་དེ་དག་སྡིག་པའི་གྲོགས་པོའི་དབང་དང་། སྡིག་པའི་གྲོགས་པོ་དང་ཕྲད་པས་བྱང་ཆུབ་སེམས་དག་བརྗེད་པར་གྱུར་ནས་དེའི་ཚེ་རིགས་ཀྱི་བུ་ལྔ་པོ་དེ་དག་མུ་སྟེགས་ཅན་གྱི་བརཏལ་ཞུགས་སྤྱོད་པར་གྱུར་ཅིང་སངས་རྒྱས་ཀྱི་བརཏལ་ཞུགས་མི་སྤྱོད་པ་དང་། མུ་སྟེགས་
ཅན་གྱི་གསང་སྔགས་ལ་བརྩོན་ཞིང་སངས་རྒྱས་ཀྱི་གསང་སྔགས་ལ་མི་བརྩོན་པ་དང་། མུ་སྟེགས་ཅན་ལ་མོས་ཤིང་མུ་སྟེགས་ཅན་གྱི་དབང་གིས་བྱང་ཆུབ་ནི་བདག་ཅག་ལ་ཡོད་དེ། བདག་ཅག་ཀྱང་སངས་རྒྱས་ཡིན་ནོ་ཞེས་བདག་ཉིད་སྟོན་པ་ཡིན་པར་ཁས་འཆི་བར་བྱེད་དོ། །བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གིས་རིགས་ཀྱི་བུ་དེ་དག་སྣོད་ཡིན་པར་རིག་ནས་ཐབས་ལ་མཁས་པས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ལྔ་པོ་དེ་དག་རིམ་གྱིས་མུ་སྟེགས་ཅན་དེ་དག་གི་དྲུང་ནས་ཕྱིར་བཟློག་པར་འདོད་པས་དེ་ཐབས་ལ་མཁས་པས་རྫ་མཁན་བུམ་བྱེད་ལ་ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་ཏེ། རིགས་ཀྱི་བུ་དེའི་ཚེ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེ་ཕུགས་གཞན་ཞིག་ཏུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་འཁོད་དོ། །དེ་ནས་རྫ་མཁན་བུམ་བྱེད་དེ་ས་ཕྱོགས་ག་ལ་བ་དེར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་བསྔགས་པ་བརྗོད་ནས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་འོད་ཟེར་ཕྲེང་ཚུར་ཤོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་འདོང་ངོ་། །རིགས་ཀྱི་བུ་དེ་ནས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྲམ་ཟེའི་ཁྱེའུ་འདི་དག་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ཡིན་པས་གལ་ཏེ་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། བྱང་ཆུབ་ཀྱི་བསྔགས་པ་བརྗོད་ཅིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པར་བརྗོད་པར་གྱུར་ན་རིགས་ཀྱི་བུ་འདི་དག་ཡོངས་སུ་དོགས་པར་གྱུར་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་འགྲོ་བར་མི་འགྱུར་བའི་གནས་དེ་ལྟ་བུ་ཡོད་དོ་སྙམ་ནས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེ་སྔར་དམ་བཅས་པ་དེ་ཉིད་རྗེས་སུ་སྲུང་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པའི་ཐབས་ལ་མཁས་པས་ཚིགས་འདི་སྐད་ཅེས་དགེ་
སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་སོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྒྱུ་འཐུན་པའི་ཐབས་ལ་མཁས་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ནི་བྱང་ཆུབ་ཀྱི་འདུ་ཤེས་ཀྱང་མེད། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མེད། སངས་རྒྱས་ཤེས་བྱ་བའི་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བྱང་ཆུབ་ནི་ནང་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ནི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ནི་ནང་དང་ཕྱི་རོལ་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་མ་སྐྱེས་མི་དམིགས་པའི་ཕྱིར་བྱང་ཆུབ་ནི་གཏན་སྟོང་པ་ཉིད་ཡིན་པས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པའི་ཐབས་ལ་མཁས་པ་དེས་ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་ན་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེ་ནེའུ་ལྡངས་ལྔ་པོ་དེ་དག་ཆུ་འགྲམ་ཞིག་ན་འཁོད་པར་གྱུར་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱིས་བུ་ལྔ་པོ་དེ་དག་གདུལ་བའི་དབང་གི་ཕྱིར་རྫ་མཁན་བུམ་བྱེད་ཆུ་འགྲམ་དེ་ག་ལ་བ་དེར་སོང་སྟེ་བྲམ་ཟེའི་ཁྱེའུ་ཟེར་ཕྲེང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་འོད་ཟེར་ཕྲེང་ཚུར་ཤོག །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་གྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་
བྱི་བའི་ཕྱིར་འདོང་ངོ་། །བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གིས་སྨྲས་པ། དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་སྨྲས་ཏེ། བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེས་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོར་མ་གཏུབ་པ་དང་། དེ་ནས་རྫ་མ་མཁན་བུམ་བྱེད་དེས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གི་ཐོར་ཏོ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་ཁྲིད་དེ་སོང་ངོ་། བྲམ་ཟེའི་ཁྱེའུ་ལྔ་པོ་དེ་དག་གིས་ཀྱང་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ལ་ཡོངས་སུ་བསྐོར་ཏེ་ཡིན་འདུན་པར་བྱས་ནས་དེ་བཞིན་གཤེགས་པ་ཡང་དག་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་ངོ་། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ལོག་པར་ལྟ་བའི་ཁྱིམ་དུ་སྐྱེས་པ་ལྔ་པོ་དེ་དག་ཆེར་འདུན་པར་གྱུར་ནས། འདི་སྙམ་དུ་འདི་ལྟར་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལྟ་བ་དང་། བསྙེན་བཀུར་བྱ་བ་དང་། དྲུང་དུ་འགྲོ་བ་དང་། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྫ་མཁན་བུམ་བྱེད་འདིས་ཐོར་ཏོ་ནས་བཟུང་བཞིན་དུ་ཡང་བདག་ཉིད་ཀྱི་སྲོག་ཡོངས་སུ་བཏང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་འགྲོ་བར་འགྱུར་བའི་སངས་རྒྱས་དེ་ནི་ཅི་འདྲ་བ་ཞིག་ཡིན། སངས་རྒྱས་ཀྱི་ཆོས་དེ་ནི་ཅི་འདྲ་བ་ཞིག་ཡིན་སྙམ་ནས། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ལྔ་པོ་དེ་དག་གིས་འདུན་པ་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལྟ་བའི་ཕྱིར་དེ་བཞིན་གཤེགས་པ་འོད་སྲུང་གི་ཐད་དུ་དོང་ངོ་། དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་བས་དད་པ་ཐོབ་པར་གྱུར་ཏོ། །དེ་དག་གིས་དད་པ་ཐོབ་ནས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ལ་སྨྲས་པ། སྟོན་པའི་ཡོན་ཏན་འདི་ལྟ་བུ་དག་ཁྱོད་ཀྱིས་སྔོན་ཆད་ཁོ་བོ་ཅག་ལ་མ་སྨྲས་སོ་ཞེས་སྨྱོས་སོ། །རིགས་ཀྱིས་བུ་དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ལྔ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔལ་
དང་གཟི་བརྗིད་ཀྱང་མཐོང་། སྤོབས་པ་ཡང་ཐོས། ཚངས་པའི་སྒྲ་དབྱངས་བསྒྲགས་པ་ཡང་ཐོས་ལྷག་པའི་བསམ་པས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རིགས་ཀྱི་བུ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་རྣམས་གྲངས་ཕྱིར་མི་ལྡོག་པའི་འཁོར་ལོའི་གཟུངས་རྡོ་རྗེའི་ཚིག་ཆོས་ཐམས་ཅད་སྐྱེ་བ་མྱོང་བ་ཞེས་བྱ་བ་དེ་ལྟ་དེ་ལྟ་ཡང་དག་པར་བསྟན་པར་མཛད་དེ། དེས་རིགས་ཀྱི་བུ་ལྔ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་ད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོགས་པ་མི་མངའ་བས་ཁྱེད་ཅག་ལ་གལ་ཏེ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་དེས་རིགས་ཀྱི་བུ་དེ་དག་གི་མདུན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པར་གྱུར་ན་དེས་ནི་རིགས་ཀྱི་བུ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་འགྲོ་བའི་གནས་དང་སྐབས་ཀྱང་མེད་དད་པ་འཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྒྱུ་འཐུན་པའི་ཐབས་ལ་མཁས་པའི་ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པར་ཟད་ཀྱི། རིགས་ཀྱི་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ལ་ནེམ་ནུར་མེད་ཅིང་བྱང་ཆུབ་ལ་ཡང་སོམ་ཉི་མེད། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་སོམ་ཉི་མེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་
དེ་དག་ཡོངས་སུ་སྨིན་པར་བྱས་ཤིང་ལས་ཀྱི་རྣམ་པར་སྨྱིན་པ་བསྟན་པ་གང་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ཀྱང་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་པ་སྤྱོད་པར་གྱུར་བས་སེམས་ཅན་མི་ཤེས་པ་སྤྱོད་པ་གཞན་དག་གིས་ནི་དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་བདག་ལ་བཟློག་ནས་ཚིག་རྩུབ་པོ་སྨྲས་ལ། དེ་དག་གིས་ཤེས་ཀྱང་རུང་ཤིང་མི་ཤེས་ཀྱང་རུང་། ཤེས་པ་དང་ལྡན་པ་ཡང་རུང་། ཤེས་པ་དང་མི་ལྡན་ཡང་རུང་སྟེ། བརྗོད་པར་གྱུར་ན་དེ་དག་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་བས་ན་སེམས་ཅན་དེ་དག་ལ་ལས་ཀྱི་བྱ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་དེ་ལ་དེའི་ལས་ཀུན་དུ་སྟོན་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་སེམས་ཅན་གང་དག་དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་དག་ལ་ཚིག་རྩུབ་པོ་སྨྲས་ནས། བདག་ནི་ཐར་པའི་སྐལ་པ་མེད་དོ་སྙམ་ནས་འགྱོད་པ་ལ་གནས་ཤིང་ཕྱིན་ཆད་རྩོལ་བར་མི་བྱེད་པའི་སེམས་ཅན་དེ་དག་གི་འགྱོད་པ་བསལ་བར་བྱ་བའི་ཕྱིར་ཡང་ལས་དེ་ཀུན་དུ་བསྟན་ཏེ། དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་འོད་སྲུང་གི་གསུང་རབ་ལ་ཚིག་འདི་སྐད་ཅེས་བྱང་ཆུབ་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་ཀྱང་དེ་ལ་རྣམ་པར་གྲོལ་བའི་སྐལ་པ་ཡོད་པར་གྱུར་ན། བདག་ཅག་མི་ཤེས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་ཤིང་དེ་དག་སྡིག་པའི་ལས་ཀྱི་ཉེས་པ་དེ་ཡང་འཆགས་ལ་གཞན་དག་ཀྱང་མངོན་པར་འདུ་མི་བྱེད་པར་འགྱུར་བའི་ཕྱིར་རོ་། །རིགས་ཀྱི་བུ་གཞན་ཡང་མུ་སྟེགས་ཅན་དག་གདུལ་བའི་ཕྱིར་བྱང་ཆུབ་སེམས་པས་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་ཀུན་ཏུ་བསྟན་གྱི་ལས་ཀྱི་སྒྲིབ་པའི་རྒྱུས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་རྒྱ་ཤུག་དང་ཏིལ་དང་འབྲས་འབྲུ་ཅིག་ཙམ་ཟ་ཞིང་ཟས་གཞན་མི་ཟ་བས་རྣམ་པར་དག་འགྱུར་བར་འདོད་པ་དག་ཡོད་པས་དེ་དག་ཚར་གཅོད་པའི་ཕྱིར་བྱང་ཆུབ་སེམས་
དཔས་འཕགས་པའི་ལམ་ལ་མ་བརྟེན་པར་རྒྱ་ཤུག་དང་ཏིལ་དང་འབྲས་འབྲུ་གཅིག་ཙམ་གྱི་ཟས་ངན་པ་ཟ་བས་རྣམ་པར་དག་པར་མི་ནུས་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཚིག་འདི་སྐད་ཅེས་བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དགའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་བའི་རྒྱུ་ནི་དེ་ཡིན་རྐྱེན་ནི་དེ་ཡིན་ཏེ། ལས་ཀྱི་བྱ་བ་དེ་ལ་དམིགས་ནས་ལོ་དྲུག་དུ་དཀའ་བ་སྤྱད་པ་བསྟན་ཏོ་བྱང་ཆུབ་སེམས་དཔའ་ལོ་དྲུག་དུ་དཀའ་བ་སྤྱད་པ་བསྟན་པས་ལྷ་དང་ཕྱི་རོལ་པའི་དྲང་སྲོང་ངན་པ་ལ་མོས་པ་ས་ཡ་ཕྲག་བཞི་དང་ཉིས་འབུམ་ཡང་ཁ་ཟས་ངན་པ་དེས་བཏུལ་ནས་དེ་དག་གིས་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་ཟས་ལ་ཡོངས་སུ་ལོངས་སྤྱད་དེ། ལུས་ཀྱི་སྟོབས་དང་། ཤུགས་དང་མཐུ་ཡང་དག་པར་བསྐྱེད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་གི །ལུས་ཉམས་པ་དང་ལུས་ཉམ་ཆུང་བཞིན་དུ་མ་སོང་ཞེ་ན། བྱང་ཆུབ་སེམས་དཔས་ནི་ཟས་མ་ཟོས་ཤིང་ལུས་ཉམས་པ་དང་། ལུས་ཉམ་ཆུང་བས་ཀྱང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ན་ཟས་ངན་པ་ཟོས་པས་ལྟ་ཅི་སྨོས་ཏེ། འོན་ཀྱང་སྐྱེ་བོ་ཕྱི་མ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ཟས་མི་ཟ་བས་བྱང་ཆུབ་ཡོངས་སུ་བཙལ་པར་སེམས་པ་དེ་དག་བཀྲེས་པས་ཡོངས་སུ་གདུང་བས་ཡེ་ཤེས་བསྒྲུབ་པར་མི་ནུས་པ་དེ་དག་ལ་སྙིང་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔས་ཟས་ལ་ཡོངས་སུ་ལོངས་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་བ་རྣམས་ཀྱིས་ནི་མི་ནུས་པས་ངས་སེམས་ཅན་དེ་དག་ལ་བདེ་བའི་ཡེ་ཤེས་རྟོགས་པ་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་ཏེ། ཇི་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་གྲོང་མིའི་བུ་མོ་ཟས་ལ་ཡོངས་སུ་ལོངས་སྤྱད་ནས་ཟས་ཀྱི་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་བོ་ཞེས་སེམས་ཅན་རྣམས་དེའི་རྗེས་སུ་སློབ་པར་འགྱུར་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔས་གྲོང་མིའི་བུ་མོ་ལེགས་སྐྱེས་མའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། སྐྱེ་
བོ་ཕྱི་མ་རྣམས་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔས་དེའི་ཁ་ཟས་ཡོངས་སུ་ལོངས་སྤྱད་ནས་བྱང་ཆུབ་ཐོབ་པར་ཀུན་དུ་བསྟན་པར་ཟད་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་བསམ་གཏན་དང་ཏིང་ངེ་འཛིན་གྱི་དགའ་བ་དང་། མཆོག་ཏུ་དགའ་བ་གཅིག་གིས་ཀྱང་བསྐལ་པ་འབུམ་ཕྲ་མང་པོར་ཁ་ཟས་མེད་པར་གནས་པར་ནུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྩྭ་དག་སློང་བར་བྱེད་ཅེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ཀྱང་རྩྭའི་གདིང་བ་ལ་མོས་ཤིང་གདན་ལ་གདུབ་མ་ཡིན་པས་ཆོག་ཤེས་པ་ཉིད་ཀྱི་ཕྱིར་དང་། རྩྭ་འཚོང་བཀྲ་ཤིས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱའི་ཕྱིར་རོ། །དེས་ཀྱང་བྱང་ཆུབ་སེམས་དཔའ་ལ་རྩྭ་དག་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན། དེ་ཡང་མ་འོངས་པའི་དུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་ཞེས་བྱ་བར་འགྱུར་རོ་ཞེས་དེས་ལུང་བསྟེན་ཏེ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་དུ་འདུག་ནས་བདུད་སྡིག་ཅན་མ་འོངས་པར་མྱུར་བ་མྱུར་བར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་ཅེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་སྐབས་མ་ཕྱེ་བར་བདུད་སྡིག་ཅན་བྱང་ཆུབ་ཀྱི་ཤིང་དྲུང་དུ་འོང་བ་ནི་གནས་མེད་ཅིང་སྐབས་མེད་དེ། དེ་ནི་གནས་མེད་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་ན་འདི་སྙམ་དུ་སེམས་ཏེ་གླིང་ཆེན་པོ་བཞི་པའི་འདོད་པའི་ཁམས་འདི་ན་དབང་ཕྱུག་ནི་སུ་ཡིན། སེམས་ཅན་འདི་དག་ནི་སུའི་དབང་དུ་སོང་སྙམ་དང་། དེ་འདི་སྙམ་དུ་སེམས་ཏེ། དེ་ནི་བདུད་སྡིག་ཅན་ཡིན་ཏེ། དེའི་དབང་དུ་སོང་ངོ་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་བདུད་སྡིག་ཅན་དང་གཡུལ་སྤྲད་དེ་དེ་ལས་རྒྱལ་བར་བྱས་ན་འདོད་པའི་ཁམས་ཐམས་ཅན་ལས་ཀྱང་རྒྱལ་བར་འགྱུར་ལ། བདུད་ཀྱི་འཁོར་མང་པོ་
ཡང་འདུ་བར་འགྱུར། གནོད་སྦྱིན་གྱི་འཁོར་དང་། སྲིན་པོའི་འཁོར་དང་། དྲི་ཟའི་འཁོར་དང་། ལྷ་མ་ཡིན་གྱི་འཁོར་ཀྱང་འདུ་བར་འགྱུར་ཞིང་འཁོར་མང་པོ་འདུས་པ་དག་གིས་བྱང་ཆུབ་སེམས་དཔའི་སེང་གེའི་རྣམ་པར་རྩེ་བར་མཐོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་སྨོན་ལམ་འདེབ་པར་ཡང་འགྱུར་ལ་གཞན་གང་དག་གིས་མཐོང་བ་དེ་དག་ལ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་འགྱུར་རོ་སྙམ་སྟེ། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པས་མཛོད་སྤུ་ནས་འོད་རབ་ཏུ་བཀྱེའོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་ཤིང་ཉི་མ་དང་ཟླ་བ་དག་གི་འོད་ཀྱང་ཡོངས་སུ་གཏུགས་ཏེ་བདུད་ཀྱི་གནས་ཐམས་ཅད་སྤ་བཀོང་ནས་འོད་དེ་ལས་སྒྲ་འདི་ལྟ་བུ་བྱུང་ངོ་། ཤཱཀྱའི་སྲས་པོ་དེ་ཤཱཀྱའི་ཁབ་ནས་མངོན་པར་བྱུང་སྟེ། དེ་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་འདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་ཞིང་སེམས་ཅན་རྒྱ་སྟོང་དཔག་ཏུ་མེད་པ་གཞན་དག་ཀྱང་བདུད་ཡུལ་ལས་ཡང་དག་པར་འདའ་བར་བྱེད་པར་འགྱུར་བས་བདུད་ཀྱི་ཕྱོགས་ཉུང་བ་དང་བདུད་ཀྱི་འཁོར་ཉུང་བར་འགྱུར་གྱིས། ཁྱོད་སོང་ལ་དེ་དང་གཡུལ་སྤྲོད་ཅིག །རིགས་ཀྱི་བུ་དེ་ནས་འོད་དེས་བདུད་སྡིག་ཅན་ལ་ཡང་དག་པར་བསྐུལ་བ་ན་དེ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་གཟི་བར་གྱུར་ཏེ། ཁྲོ་ཞིང་རྔམ་བཞིན་དུ་དེའི་མོད་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་བཤམས་ཤིང་བསྡུས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་སོང་སྟེ་། བྱང་ཆུབ་སེམས་དཔའ་ལ་བགེགས་བྱ་བའི་ཕྱིར་དཔག་ཚད་སུམ་བཅུ་རྩ་གཉིས་ཀྱི་ཁོར་ཡུག་ཏུ་འདུད་ཀྱི་དམག་གི་གང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་གནས་ནས་ཤེས་རབ་རིན་པོ་ཆེ་ལས་ངེས་པར་བྱུང་བའི་ཕྱག་གསེར་གྱི་ཁ་དོག་ལྟ་བུས་ས་གཞི་ཆེན་པོ་ལ་བརྡབས་ཏེ་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་སྡེ་ཐམས་ཅད་ཕམ་པར་མཛད་དོ། །བདུད་ཀྱི་སྡེ་ཕམ་པར་མཛད་མ་ཐག་ཏུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་དང་། གྲུལ་བུམ་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞིས་བྱང་ཆུབ་སེམས་དཔའི་དཔལ་དང་། གཟི་བརྗིད་དང་། སྐུ་མདོག་དང་། གཟུགས་དང་། དབྱིབས་ཀྱང་མཐོང་། སྟོབས་དང་། ཤུགས་དང་། མཐུ་དང་། སེང་གེའི་རྣམ་པར་རྩེ་བ་ཡང་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཞག་བདུན་དུ་སྐྱིལ་མོ་དཀྲུང་མི་འཇིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམས་པར་གཟིགས་ཤེ་ན། དེ་ན་གཟུགས་ན་སྤྱོད་པའི་ལྷའི་བུ་རབ་ཏུ་ཞི་བར་སྤྱོད་པ་དག་ཀྱང་འཁོད་ལ། དེ་དག་གི་དེ་བཞིན་གཤེགས་པ་སྐྱིལ་མོ་དཀྲུང་གིས་གཞུགས་པ་མཐོང་ནས་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཤིང་། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་སྐྱེས་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་དགེ་གཽ་ཏ་མའི། སེམས་ཅན་ཅི་ལ་བརྟེན་པ་དེས་པར་བརྟག་པར་བྱའོ། །སྙམ་ནས་དེ་དག་གིས་ཞག་བདུན་དུ་སེམས་གཅིག་ཏུ་བསྡུས་ཏེ་བརྟགས་ཀྱང་། དེ་བཞིན་གཤེགས་པའི་ཐུགས་ཅི་ལ་བརྟེན་པ་མ་རྟོགས་ནས། དེ་དག་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེས་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བདག་ཅག་ཀྱང་མ་འོངས་པའི་དུས་ན་འདི་ལྟར་རབ་ཏུ་ཞི་བའི་སྤྱོད་པས། བྱང་ཆུབ་ཀྱི་ཤིང་ལ་རྟོག་པར་གྱུར་ཅིག་ཅེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཞག་བདུན་དུ། སྐྱིལ་མོ་དཀྲུང་མི་འཇིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམས་པར་གཟིགས་པའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ་དེ་ནི། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་ནས་རྣམ་པར་ཐར་པའི་སྒོས། སེམས་ཅན་ཐམས་ཅད་དབུགས་ཕྱུང་ཞིང་འགྲོན་དུ་གཉེར་ནས་ཚངས་པས་གསོལ་བ་མ་བཏམ་པར་ཆོས་སྟོན་པར་མི་མཛད་ཅེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་
གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་མིར་བཅས་པའི་འཇིག་རྟེན་ནི་ཕལ་ཆེར་ཚངས་པ་ལ་བརྟེན་ཅིང་། ཚངས་པ་གཙོ་བོར་འཛིན་པ་ཡིན་པས་དེ་དག་འདི་སྙམ་དུ་བདག་ཅག་ནི་ཚངས་པས་སྤྲུལ་ཏོ། །བདག་ཅག་ནི་ཚངས་པ་ལས་སྐྱེས་ཏེ། ཚངས་པ་མ་གཏོགས་པར་འཇིག་རྟེན་གྱི་བྱེད་པ་པོ་གཞན་ཡང་མེད་ལ། སྟོན་པ་ཡང་གཞན་མེད་དོ་སྙམ་དུ་སེམས་པས་དེས་ན། དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། བདག་གིས་ཚངས་པ་འོང་བར་བྱས་ཤིང་ཚངས་པ་ལ་བསྡད་དེ། ཚངས་པས་ཕྱག་བྱས་ན་ཚངས་པ་ལ་བརྟེན་པ་ལྷ་དང་བཅས་པའི་འཇིག་རྟེན་ཡང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་འགྱུར་ལ། ཚངས་པས་གསོལ་བ་བཏབ་པ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་ཀྱི། མ་གསོལ་བར་བསྟན་ན་དེ་དག་ངའི་ཆོས་ཀྱང་འཇིག་དུ་མ་ངེས་སོ་སྙམ་དུ་དགོས་པའི་ཕྱིར་ཏེ། ཚངས་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་མཐུས་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པའི་ཕྱིར་འོངས་པར་ཟད་ཀྱི། ཚངས་པ་ཉིད་ལ་ནི་བདག་གིས་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པར་བྱའོ། །ཞེས་ཡིད་ལ་བྱེད་པའི་སེམས་པ་གཅིག་ཙམ་ཡང་མེད་དོ། །དེ་ལྟར་ན་ཚངས་པ་ལ་རྟེན་པའི་སེམས་ཅན་རྣམས་ཀྱི་ཚངས་པ་ལ་ངེས་པ་སྤང་བའི་ཕྱིར། དེ་བཞིན་གཤེགས་པས་ཚངས་པ་འོང་བར་མཛད་ཅིང་ཚངས་པ་གཞེས་ཏེ། གང་གི་ཚེ་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར། དེ་བཞིན་གཤེགས་བ་ལ་གསོལ་བ་བཏབ་པ་དེའི་ཚེ་ན་ཚངས་པ་དྲུག་ཁྲི་བརྒྱད་སྟོང་གིས་སངས་རྒྱས་བཅོམ་ལྡན་འདས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཡིན་ནོ། །འདི་ནི་གཙོ་བོ་ཡིན་ནོ། །འདི་ནི་རབ་མཆོག་ཡིན་ཏེ། བདག་ཅག་ཀྱང་ཡེ་ཤེས་འདི་ལྟ་བུ་དང་། ཡོན་ཏན་འདི་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་
ལས་ཀྱི་རྒྱུད་བཅུ་པོ་འདི་དག་བསྟན་པ་དེ་ཡང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པས་ཐབས་ལ་མཁས་པ་ཡིན་པར་ཡང་བལྟ་བར་བྱ། ལྡེམ་པོའི་ངག་ཡིན་པར་ཡང་བལྟ་བར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ནི་མི་དགེ་བ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་དུ་ཕྲ་བ་འགའ་དང་ལྡན་ན་ཡང་བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་གནས་མེད། སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དགེ་བའི་ཆོས་ཐམས་ཅད་ལྡན་ཞིང་མི་དགེ་བའི་ཆོས་སྤངས་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་སྡིག་པའི་ལས་མངོན་པར་འདུ་བྱ་བའི་ལྷག་མ་སྤངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཙམ་ཡང་མི་མངའ་ན་ལས་ཀྱི་སྒྲིབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་གང་དག་ལས་ཀྱི་རྣམ་པར་སྨིན་པ་ཆུད་གསོན་ཅིང་ལས་ཀྱི་རྣམ་པར་སྨིན་པ་ལ་མ་དད་པའི་སེམས་ཅན་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པར་མི་འགྱུར་བར་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ལས་ཀྱི་རྒྱུད་ཀུན་དུ་སྟོན་པར་ཡང་མཛད་དེ། ཆོས་ཀྱི་བདག་པོ་དེ་ལ་ཡང་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ན། ཁྱེད་ཅག་ལ་ལྟ་ཅིའི་ཕྱིར་ལས་རྣམ་པར་སྨིན་པར་མི་འགྱུར་ཞེས་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པར་ཀུན་དུ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་སྟོན་པར་མཛད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མི་མངའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཡི་གེ་དང་། གྲངས་དང་། ལག་རྩིས་དང་ལེགས་པར་བསླབས་པའི་སློབ་དཔོན་ནི་བྱིས་པ་རྣམས་བསླབ་པའི་དོན་དུ་བྱིས་པ་རྣམས་བོད་པའི་ཚུལ་གྱིས་ཡི་གེའི་ཕྱི་མོ་དག་ཀློག་ཏུ་འཇུག་པར་ཟད་དེ། དེ་ནི་དེ་ལ་མ་ཤེས་པ་དང་སྒྲིབ་པ་མེད་མོད་ཀྱི། འོན་ཀྱང་བྱིས་པ་རྣམས་ཀྱིས་བདག་ལས་ཐོས་ནས་ཅི་ནས་ཀྱང་ཡེ་གེ་དང་། གྲངས་དང་ལག་རྩིས་དང་། བགྲངས་བདག་གི་རྗེས་སུ་
སློབ་ཅིང་བྱང་བར་བྱ་བ་དེའི་ཆེད་དུ་ཡེ་གེའི་ཕྱི་མོ་དག་ཀློག་ཏུ་འཇུག་པ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་ལེགས་པར་བསླབས་པ་དེ་ཡང་ཇི་ལྟ་ཇི་ལྟར་སེམས་ཅན་གཞན་དག་གི་ལས་ཡོངས་སུ་དག་པར་འགྱུར་བ། དེ་ལྟ་དེ་ལྟར་གསུང་ཞིང་དེ་ལྟ་དེ་ལྟར་ལས་ཉེ་བར་སྟོན་པར་ཡང་མཛད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྨན་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ལེགས་པར་བསླབས་པ་ནི་ནད་མེད་བཞིན་དུ་སེམས་ཅན་རྣམས་ཀྱི་མདུན་དུ་སྨན་ཚ་བ་དག་གི་རོ་མྱང་བར་བྱེད་ཅིང་བསྔགས་པ་བརྗོད་པར་ཡང་བྱེད། རབ་ཏུ་བསྔགས་པ་བརྗོད་པར་ཡང་བྱེད་དེ། ནད་པ་རྣམས་ཀྱིས་དེ་མཐོང་ནས་སྨན་ཚ་བ་དེ་དག་འཐུང་བར་བྱེད། ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་དེ་དག་ནད་དེ་དག་ལས་ཡོངས་སུ་ཐར་བར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ། དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་ཆེན་པོ་ཉོན་མོངས་པའི་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ཆོས་ཐམས་ཅད་ལ་སྒྲིབ་པ་མི་མངའ་བ་བརྙེས་པ་ཡང་ལས་དགེ་བ་དང་མི་དགེ་བ་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་ལས་ཀུན་དུ་སྟོན་པར་མཛད་ཅིང་། ཇི་ལྟར་ན་སེམས་ཅན་རྣམས་ལས་ཀྱི་སྒྲིབ་པས་འཇིགས་ཤིང་སྐྲག་པ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་འགྱུར་སྙམ་ནས་བསམས་བཞིན་དུ་ལས་ཀུན་དུ་སྟོན་པར་ཡང་མཛད་དོ། རིགས་ཀྱི་བུ་དེ་ལྟ་སྟེ་དཔེར་ན་ཚོང་དཔོན་བུའམ་ཁྱིམ་བདག་གི་བུ་བཙས་ནས་རིང་པོར་མ་ལོན་པ་ཞིག་ལ་ཕ་མ་དག་གིས་མ་མ་ཞིག་བྱིན་པར་གྱུར་ན། མ་མ་དེ་ནད་མེད་པར་གྱུར་བཞིན་དུ་འདི་ལྟ་སྟེ། ཁྱིའུ་དེའི་འོ་མ་ཡོངས་སུ་དག་པར་སྙམ་ནས་སྨན་ཁ་བ་དང་། བསྐ་བ་དག་སོ་སོར་བརྟགས་ཤིང་འཐུང་བར་བྱེད་པ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་ཡབ་ཀྱང་སྙུན་མི་མངའ་བ་བརྙེས་བཞིན་དུ་ལས་ཀྱི་བྱ་བ་ཆུད་གསོན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལས་ཀུན་དུ་སྟན་པར་མཛད་དེ། ལས་ཆེ་གེ་མོ་ཞིག་གི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་ཐོས་ནས་སེམས་
ཅན་དེ་དག་ཡིད་བྱུང་བ་འཐོབ་པར་འགྱུར་ཞིང་དེ་དག་ཡིད་བྱུང་ན་སྡིག་པའི་ལས་མངོན་པར་འདུ་བྱེད་པར་མི་འགྱུར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཡང་ཆེས་ཕ་རོལ་ན་ཚོང་པ་ནོར་འདོད་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཆེན་པོར་ཞུགས་པ་དང་། དེའི་ཚེ་ན་འདྲོན་པ་དེ་དག་ཉིད་ཀྱི་ནང་ན་མི་ལས་ནག་བྱེད་པ། སྡིག་པའི་ལས་བྱེད་པ། འཕོང་རྩལ་གྱི་རིགས་པ་ལེགས་པར་བསླབས་པ། ཚོམ་རྐུན་བྱེད་པ། ཚོང་པའི་ཆ་ལུགས་ཀྱི་གཞན་གྱི་ནོར་འཕྲོག་པ་ཞིག་ཀྱང་གྲུ་བོ་ཆེ་དེ་ཉིད་ཀྱི་ནང་དུ་ཞུགས་པར་གྱུར་ཏོ། དེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་གང་གི་ཚོང་དཔོན་དེ་དག་དོན་གྲུབ་ཅིང་བྱ་བ་བྱས་པ་དེའི་ཚེ་ན་ཚོང་པ་འདི་དག་ཐམས ཅད་སྲོག་དང་ཕྲལ་ལ་ནོར་རྫས་ཀྱི་རྣམ་པ་ཐམས་ཅད་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་སོ། །རིགས་ཀྱི་དེ་ནས་ཚོང་དཔོན་དེ་དག་དོན་གྲུབ་སྟེ་ཕ་རོལ་དུ་འགྲོ་འདོད་པར་གྱུར་པ་དང་། དེ་ནས་མི་ གཡོན་ཅན་གྱི་རང་བཞིན་ཅན་དེ་འདི་སྙམ་དུ ་སེམས་ཏེ། ད་ནི་བདག་གི་ཚོང་པ་འདི་དག་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་རྫས་ཀྱི་རྣམ་པ་འདི་དག་ཐམས་ཅད་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོ་བའི་དུས་ལ་བབ་བོ་སྙམ་པ་དང་། དེའི་ཚེ་ན་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ཞིག་ཀྱང་གྲུ་བོ་ཆེ་དེ་ཉིད་ཀྱི་ནང་དུ་ཞུགས་པར་གྱུར་ཏེ། དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་དེ་གཉིད་ལོག་སྟེ་རྨི་ལམ་རྨི་བ་ན་རྒྱ་མཚོ་ཆེན་པོ་དེ་ཉིད་ན་གནས་པའི་ལྷ་གང་ཡིན་པ་དེས་དེའི་རྨི་ལམ་དུ་བསྟན་པ། འདྲོན་པ་འདི་ཉིད་ཀྱི་ནང་ན་མིའི་མིང་ནི་འདི་ཞེས་བྱ། གཟུགས་ནི་འདི་འདྲ། ཆ་བྱད་དང་། ཁ་དོག་དང་། དབྱིབས་ནི་འདི་འདྲ་བ་ཆོམ་རྐུན་པ། འཁུ་བ། གཞན་གྱི་ནོར་འཕྲོག་པ་ཞིག་འདུག་པ་དེས་འདི་ལྟར་སེམས་བསྐྱེད་དེ།
བདག་གིས་ཚོང་དཔོན་དེ་དག་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་རྫས་ཀྱི་རྣམ་པ་འདི་དག་ཐམས་ཅད་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་པས། གལ་ཏེ་མི་འདིས་ཚོང་པ་འདི་དག་སྲོག་དང་ཕྲལ་བར་གྱུར་ན་ནི་དེའི་ཚེ་སྡིག་པའི་ལས་དམ་པོ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚོང་པ་ལྔ་བརྒྱ་ཙམ་པོ་འདི་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཤིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་ཡིན་པའི་ཕྱིར་ཏེ། གལ་ཏེ་མི་འདིས་བྱང་ཆུབ་སེམས་དཔའ་འདི་དག་བསད་པར་གྱུར་ན་དེ་ལས་ཀྱི་སྒྲིབ་པའི་ཉེས་པ་དེས་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་གཅིག་གིས་ཡུན་རིང་པོར་ཇི་སྲིད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པར་འགྱུར་བའི་ཡུན་རིང་པོ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྲེག་པར་འགྱུར་བས། དེ་ལ་དེད་དཔོན་ཁྱོད་ཀྱིས་དེ་ལྟ་བུ་ལས་བརྟེན་ཏེ། ཅི་ནས་ཀྱང་མི་འདིས་ཚོང་པ་ལྔ་བརྒྱ་ཙམ་པོ་འདི་དག་བསད་པར་མི་འགྱུར་བ་དང་། འདི་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་གྲོ་བར་མི་འགྱུར་བ་དེ་ལྟ་བུའི་ཐབས་ལ་མཁས་པ་བསམ་པར་གྱིས་ཤིག་ཅེས་བསྟན་ཏོ། །རིགས་ཀྱི་བུ་དེ་ནི་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ནས་འདི་སྙམ་དུ་སེམས་ཏེ། མི་འདིས་ཚོང་པ་ལྔ་བརྒྱ་པོ་འདི་དག་ཀྱང་བསད་པར་མི་འགྱུར་ལ། འདི་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་ནས་དེ་ཞག་བདུན་གྱི་བར་དུ་འཛམ་བུའི་གླིང་དུ་འགྲོ་བ་དང་མི་མཐུན་པའི་རླུང་ལངས་ཏེ་སྡོད་པའི་ཚེ། ཞག་བདུན་དུ་སུ་ལ་ཡང་མི་སྨྲ་བར་སེམས་པ་ལ་ཞུགས་པར་གྱུར་པ་ན་དེ་འདི་སྙམ་དུ་སེམས་ཏེ། འདི་ལ་ཚོང་པ་འདི་དག་ཀྱང་བསད་པར་མི་འགྱུར་ལ། མི་འདི་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་མི་འགྱུར་བའི་ཐབས་ནི་མི་འདི་ཉིད་སྲོག་དང་དབྲལ་བར་བྱ་བ་མ་གཏོགས་པར་གཞན་མེད་དོ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གི་དོན་འདི་ཚོང་པ་ཐམས་
ཅད་ལ་བསྒྲགས་པར་གྱུར་ན་ནི་འདི་དག་གི་རབ་ཏུ་སྡང་བའི་སེམས་ཀྱི་མི་འདི་ཡང་སྲོག་དང་ཕྲལ་ཞིང་བསད་པར་འགྱུར་ལ་འདི་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་འགྱུར་རོ་སྙམ་ནས་དེ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་མི་འདི་སྲོག་དང་ཕྲལ་ན་གཞི་དེས་བདག་བསྐལ་པ་འབུམ་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྲེག་པར་འགྱུར་ཡང་བདག་གིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་མྱོང་བར་འགྱུར་བ་དེ་ལ་སྤྲོ་བར་བྱའི། ཚོང་པ་ལྔ་བརྒྱ་ཙམ་པོ་འདི་དག་སྲོག་དང་ཕྲལ་བར་གྱུར་ན་ཡང་མི་རུང་ན། མི་འདི་ལ་སྡིག་པའི་ལས་དེ་སྙེད་ཅིག་རབ་ཏུ་འཕེལ་བར་གྱུར་ན་ཡང་མི་རུང་བས་བདག་རང་གིས་མི་འདི་སྲོག་དང་འབྲལ་བར་བྱའོ་སྙམ་ནས། རིགས་ཀྱི་བུ་དེ་ལྟར་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཚོང་པ་ལྔ་བརྒྱ་ཙམ་པོ་དེ་དག་ཀུན་དུ་བསྲུང་བ་དང་། མི་དེ་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བ་ལས་ཀུན་དུ་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་དེ་དང་ཐབས་ལ་མཁས་པ་དེས་བསམས་བཞིན་དུ་ཆོམ་རྐུན་པའི་མི་དེ་མདུང་ཐུང་གིས་བཏབ་སྟེ། སྲོག་དང་ཕྲལ་ནས་འདྲོན་པ་ཐམས་ཅད་ཀྱང་དོན་གྲུབ་ཅིང་རང་རང་གི་གྲོང་ཁྱེར་དུ་ཕྱིན་པར་གྱུར་རོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བར་གྱུར་བ་དེ་དག་གཞན་ཞིག་ཡིན་སྙམ་དུ་ཁྱོད་ཡིད་གཉིས་དང་ཐེ་ཚོམ་ཟ་བར་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་དེར་གྱུར་པའི་ཕྱིར་རོ། །ཚོང་པ་ལྔ་བརྒྱ་ཙམ་པོ་གང་དག་གྲུ་བོ་ཆེ་དེ་ཉིད་དུ་ཞུགས་པར་གྱུར་བ་དེ་དག་ནི་གང་དག་བསྐལ་པ་བཟང་པོ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཡིན་ནོ། །རིགས་ཀྱི་བུ་ངས་ཐབས་ལ་མཁས་པ་དེ་དང་། སྙིང་རྗེ་ཆེན་པོ་དེས་བསྐལ་པ་འབུམ་དུ་འཁོར་བ་བསྙིལ་ཏེ་བོར་བར་གྱུར་ཏོ། །ཆོམ་རྐུན་པ་དེ་ཡང་དེ་ནས་ཤི་འཕོས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་
སྐྱེས་སོ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། གང་གི་ཕྱིར་ཐམས་ལ་མཁས་པ་དེ་དང་། སྙིང་རྗེ་ཆེན་པོ་དེས་བསྐལ་པ་འབུམ་གྱི་འཁོར་བ་བསྙིལ་ཏེ་བོར་བར་གྱུར་པའི་དོན་དེ་བྱང་ཆུབ་སེམས་དཔའི་ལས་ཀྱི་སྒྲིབ་པ་ཡིན་པར་བལྟ་འམ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ནི་ཐབས་ལ་མཁས་པ་ཉིད་ཡིན་པར་བལྟ་བར་བྱའོ།། །།བམ་པོ་བཞི་པ་སྟེ་ཐ་མ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་ལས་ཀྱི་བྱ་བ་ལ་གཟུང་པའི་ཕྱིར་ཐབས་ལ་མཁས་པས་སེང་ལྡེང་གི་ཚལ་པ་ཞབས་ལ་ཟུག་པར་བསྟན་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་མཐུ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་མཁྲེགས་པ་ལྟར་མི་ཤིགས་པའི་སྐུ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་འོན་ཀྱང་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་སྲིད་པ་ཐ་མ་པའི་མི་ཉི་ཤུ་དང་། མི་ཉི་ཤུ་པོ་དེ་དག་ཉིད་ཀྱི་དགྲ་བོ་མི་ཉི་ཤུ་ཞིག་ཀྱང་ཡོད་པར་གྱུར་ཏེ། དེ་ནས་མི་དགྲ་བོ་ཉི་ཤུ་པོ་དེ་དག་རང་རང་གི་སྒྱུ་དག་གིས་འདི་ལྟ་བུའི་རྣམ་པར་རྟོག་པ་སྐྱེས་པར་འགྱུར་ཏེ། བདག་ཅག་གིས་མཛའ་བཤེས་ལྟར་བཅོས་ཏེ། རང་རང་གི་དགྲ་བོ་རྣམས་ཀྱི་ཁྱིམ་དུ་ཞུགས་ལ་དེ་དག་སྲོག་དང་དབྲལ་བར་བྱའོ་སྙམ་དུ་བསམས་ཏེ། གཅིག་ལ་གཅིག་ཚིག་ཏུ་ནི་མ་སྨྲ་སོ། །རིགས་ཀྱི་བུ་དེ་ནས་སངས་རྒྱས་ཀྱི་མཐུས་སྲིད་པ་ཐ་མ་པའི་མི་ཉི་ཤུ་པོ་གང་དག་ཡིན་པ་དེ་དག་དང་། མི་དེ་དག་གི་དགྲ་བོ་གསོད་པ་པོའི་མི་ཉི་ཤུ་པོ་གང་དག་ཡིན་པ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་དོང་ངོ་། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མི་བཞི་བཅུ་པོ་དེ་དག་གདུལ་བའི་དབང་གི་ཕྱིར་དང་། སྐྱེ་བོ་ཕལ་པོ་ཆེ་གཞན་དག་ཀྱང་གདུལ་བའི་དབང་གི་ཕྱིར་གནས་བརྟན་མཽང་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽང་གལ་གྱི་བུ་ཆེན་པོ་ད་ས་ཕྱོགས་འདི་ནས་སེང་ལྡེང་གི་ཚལ་བ་ཞིག་འབྱུང་པར་འགྱུར་ཏེ། དེས་དེ་
བཞིན་གཤེགས་པའི་ཞབས་གཡས་པའི་མཐིལ་དུ་ཟུག་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ། ས་ཕྱོགས་འདི་ཉིད་ནས་སེང་ལྡེང་གི་ཚལ་པ་རྣོན་པོ་མཐོ་གང་ཙམ་གྱི་ཚད་ཅིག་བྱུང་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་མཽང་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སེང་ལྡེང་གི་ཚལ་པ་འདི་འཇིག་རྟེན་གྱི་ཁམས་གཞན་དུ་དོར་བར་བགྱི་ལགས་སོ། །ངས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽང་གལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་སེང་ལྡེང་གི་ཚལ་པ་འདི་ས་ཕྱོགས་འདི་ནས་གཞན་དུ་དོར་བར་མི་ནུས་སོ། །རིགས་ཀྱི་བུ་དེ་ནས་གནས་བརྟན་མཽང་གལ་གྱི་བུ་ཆེན་པོས་སྟོབས་ཀྱི་ཤུགས་ཀྱིས་སེང་ལྡེང་གི་ཚལ་པ་དེ་བཟུང་བ་དང་། འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་འདི་ཁ་གྱེན་དུ་བལྟས་ཏེ་རབ་ཏུ་གཡོས་པར་གྱུར་ཀྱང་སེང་ལྡེང་གི་ཚལ་པ་དེ་ནི་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མི་འགུལ་ལོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་གནས་སུ་གཤེགས་པ་དང་། སེང་ལྡེང་གི་ཚལ་པ་དེ་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་གནས་སུ་འོངས་སོ། །དེ་ནས་དེ་བཞིན་གཤེགས་པ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་སུ་རི་རབ་ཀྱི་སྟེང་དུ་གཤེགས་པ་དང་སེང་ལྡེང་གི་ཚལ་པ་དེ་ཡང་རི་རབ་ཀྱི་སྟེང་དུ་འོངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་སུ་ཡང་གཤེགས་ཚངས་པའི་འཇིག་རྟེན་གྱི་བར་ཏུ་ཡང་གཤེགས་པ་དང་། སེང་ལྡེང་གི་ཚལ་པ་དེ་ཡང་ཚངས་པའི་འཇིག་རྟེན་གྱི་བར་ཏུ་འོངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་འཇིག་རྟེན་ནས་བབས་ཏེ་གདན་ལ་བཞུགས་པ་དང་སེང་ལྡེང་གི་ཚལ་པ་དེ་ཡང་ཚངས་པའི་འཇིག་རྟེན་ནས་བབས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དུ་འདུག་གོ །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞབས་
གཡས་པ་བཟུང་སྟེ་སེང་ལྡེང་གི་ཚལ་པ་རྩེ་མོ་ཡ་གཅིག་ས་ལ་ཟུག་ལ་རྩེ་མོ་ཡ་གཅིག་ས་ལས་གྱེན་དུ་ལྟ་བ་དེའི་སྟེང་དུ་ཞབས་བཞག་གོ །བཅོམ་ལྡན་འདས་ཀྱིས་སེང་ལྡེང་གི་ཚལ་པའི་སྟེང་དུ་ཞབས་བཞག་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་ང་ལ་གནས་བརྟན་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་སྔོན་ཕྲིན་ལས་ཀྱི་སྒྲིབ་པ་ཅི་ཞིག་མཛད་ལགས་ན། དེའི་རྣམ་པར་སྨིན་པ་འདི་ལྟ་བུར་གྱུར་ལགས། ངས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ང་སྔོན་རྒྱ་མཚོ་ཆེན་པོའི་ནང་ དུ་སོང་བ་ན་ཚོང་པ་གཡོན ་ཅན་ཞིག་མདུང་ཐུང་གིས་བཏབ་སྟེ་སྲོག་དང་ཕྲལ་བར་གྱུར་པས་འདི་ནི་དེའི་ལྷག་མ་ཡིན་ནོ། །རིགས་ཀྱི་བུ་དེ་ནས་མི་ཉི་ཤུ་པོ་དེ་དག་གསོད་པར་འདོད་པའི་མི་མཛའ་བཤེས་ལྟར་བཅོས་པ་ཉི་ཤུ་པོ་གང་དག་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ལ་ཡང་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ན། བདག་ཅག་ལྟ་ལ་ཅིའི་ཕྱིར་རྣམ་པར་སྨིན་པར་མི་འགྱུར་སྙམ་ནས་དེ་དག་གིས་དེའི་མོད་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་སྲོག་ཆགས་འགུམས་པ་དང་། རྗེས་སུ་འགུམས་པར་འཚལ་བ་ལགས་ཏེ། བདག་ཅག་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ནོངས་པ་དེ་དག་ནོངས་པར་འཆགས་ཤིང་མཆིས་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གིས་ནོངས་པར་བཤགས་པ་དེ་དག་རྗེས་སུ་གཟུང་དུ་གསོལ། ཞེས་ཉེས་པ་ལ་ཉེས་པར་བཤགས་སོ། །དེ་བཞིན་གཤེགས་པས་དེ་དག་ལ་ལས་ཀྱི་བྱ་བ་དང་། ལས་ཟད་པར་འགྱུར་བ་ལས་བརྩམས་ཏེ་དེ་ལྟར་ཆོས་བསྟན་པས་མི་བཞི་བཅུ་པོ་གང་དག་ཡིན་པ་དེ་དག་གིས་ནི་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །སྲོག་ཆགས་གཞན་བཞི་ཁྲིས་ནི་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་
ཞབས་ལ་སེང་ལྡེང་གི་ཚལ་པས་ཟུག་པར་གྱུར་བའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་སྙུན་དང་བྲལ་བ་སྨན་པའི་རྒྱལ་པོ་འཚོ་བྱེད་ལས་བཀྲུ་སྨན་ཨུད་པ་ལ་ཧསྟ་གཎདྷ་བསླངས་ཏེ་གསོལ་བར་མཛད་ཅེ་ན། རིགས་ཀྱི་བུ་དེའི་ཚེ་ན་སོ་སོར་ཐར་པའི་བསླབ་པ་བཅས་ནས་རིང་པོ་མ་ལོན་པ་ཞིག་ན་དགེ་སློང་རྣམ་པར་གྲོལ་བར་འགྱུར་བའི་སྲིང་པ་ཐ་མ་པ་ལྔ་བརྒྱ་ཞིག་ནགས་ཁྲོད་ཅིག་ན་གནས་པ་དེ་དག་ལ་འདི་ལྟར་སྨན་བསྐུས་ཏེ་བོར་བས་འཚོ་བར་མི་ནུས་པ་དེ་ལྟ་བུའི་ནད་བྱུང་བར་གྱུར་ནས་དེ་དག་དེ་བཞིན་གཤེགས་པ་ལ་གུས་པས་སྨན་གཞན་སྟེན་པར་མི་བྱེད། ཚོལ་བར་མི་བྱེད་དོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ངས་དགེ་སློང་དེ་དག་སྨན་གཞན་ཚོལ་ཞིང་སྟེན་པར་རྗེས་སུ་གནང་བར་གྱུར་བའི་ཐབས་ནི་ཅི་ཡོད། རྣམ་གྲངས་ནི་ཅི་ཡོད་སྙམ་ཏུ་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་དེ་བཞིན་གཤེགས་པས་དགེ་སློང་རྣམས་ལ་སྨན་གཞན་དག་རྗེས་སུ་མ་གནང་ན། ཕྱི་མའི་དུས་ཀྱི་དགེ་སློང་རྣམས་འཕགས་པའི་རིགས་ཀྱི་རྗེས་སུ་འཇུག་པར་མི་འགྱུར་ཞིང་འཕགས་པའི་རིགས་འདྲལ་བར་འགྱུར་བའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་ཐབས་ལ་མཁས་པས་སྨན་པའི་རྒྱལ་པོ་འཚོ་བྱེད་ལས་བཀྲུ་སྨན་ཨུད་པ་ལ་ཧསྟ་གཎ་དྷ་བསླངས་ཏེ་གསོལ་པ་དང་། དེ་ནས་གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་སྨན་གཞན་དག་ཚོལ་ལ་འཆི་བའི་དུས་བྱེད་པར་མི་འགྱུར་བར་གྱིས་ཤིག །དགེ་སློང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཁོ་བོ་ཅག་དེ་བཞིན་གཤེགས་པའི་བསླབ་པ་ལས་ཡང་དག་པར་འདའ་བའི་མཐུ་མེད་ཅིང་དབང་མེད་པས་ཡིན་ཤི་བར་གྱུར་ཀྱང་ཁོ་བོ་ནི་དེ་བཞིན་གཤེགས་པའི་བསླབ་པ་ལས་ཡང་དག་པར་འདའ་བར་མི་བྱེད་དོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དེ་དག་
ལ་འདི་སྐད་ཅེས་སྨྲས་སོ། ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་ཆོས་བདག་པོ་དེ་ཉིད་ཀྱིས་ཀྱང་སྨན་བསྐུས་ཏེ་བོར་བ་སྤངས་ནས་སྨན་གཞན་བཙལ་ཀྱིས་ཁྱེད་ཅག་ཀྱང་སྨན་གཞན་ཚོལ་ཅིག །དེ་ནས་དགེ་སློང་དེ་དག་འགྱོད་པ་དང་བྲལ་ནས་སྨན་གཞན་བཙལ་ཏེ་སྟེན་པ་དང་། དེ་དག་ནད་དེ་ལས་ཡོངས་སུ་ཐར་ནས་ནད་དང་བྲལ་བ་དེ་དག་གིས་ཞག་བདུན་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་སྨན་གཞན་བཙལ་བར་མ་མཛད་དུ་ཟིན་ན་དགེ་སློང་དེ་དག་ཀྱང་སྨན་གཞན་ཚོལ་བར་མི་བྱེད་པས་དེ་དག་ནད་དེ་ལས་ཐར་པ་དང་། ཉོན་མོངས་པ་རྣམས་ལས་གྲོལ་ཞིང་དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བའི་གནས་མེད་ལ། སྐབས་མ་ཡིན་ཞིང་དེ་ནི་གནས་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་བསོད་ནམས་ཐམས་ཅད་དང་ལྡན་པ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་ཡང་བྱུང་བར་གྱུར་ཅེ་ན། རིགས་ཀྱི་བུ་དེ་ལ་དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་ནི་སྐྱེ་བོ་ཕྱི་མ་རྣམས་ལ་ཐུགས་བརྩེ་བ་དང་། རྗེས་སུ་བསྲུང་བར་བྱ་དགོས་ཏེ། དགེ་སློང་བསོད་སྙོམས་པ་གང་ལ་ལ་དག་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན་དེ་དག་བདག་ཉིད་བསོད་ནམས་ཆུང་བས་བསོད་སྙོམས་མི་རྙེད་པ་དེའི་ཚེ་ན་དེ་དག་དེ་བཞིན་གཤེགས་པ་ཡིད་བྱེད་པར་གྱུར་ཏེ། དེ་བཞིན་གཤེགས་པ་བསོད་ནམས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་མངོན་པར་འཕགས་པ་དེ་ཉིད་ཀྱང་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་བསོད་སྙོམས་མ་བརྙེས་པས་ཕྱིར་བྱུང་བར་གྱུར་ན་བདག་ཅག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་བདག་ཅག་བསོད་སྙོམས་མ་རྙེད་པ་ཡི་ཆད་པ་བསྐྱེད་པར་མི་བྱའོ། །སྙམ་དུ་སེམས་པར་འགྱུར་བའི་ཕྱིར་
ཏེ། དོན་གྱི་དབང་དེ་གཟིགས་པས་ན་དེ་བཞིན་གཤེགས་པ་བསོད་སྙོམས་ཀྱི་ཕྱིར་ཇི་ལྟར་ལྷུང་བཟེད་བཀྲུས་པས་གྲོང་དུ་ཞུགས་པ་བཞིན་དུ་ཕྱིར་ཡང་བྱུང་བར་གྱུར་ཏོ། །གཞན་ཡང་གང་ལ་ལ་དག་འདི་སྐད་ཅེས་གང་དག་གིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་མ་ཕུལ་བའི་བྲམ་ཟེ་དང་ཁྱིམ་བདག་དེ་དག་ནི་བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་སོ། །ཞེས་སྨྲ་ན་རིགས་ཀྱི་བུ་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བདུད་སྡིག་ཅན་གྱིས་ནི་དེ་བཞིན་གཤེགས་པ་ལ་བར་ཆད་བྱ་བར་མི་ནུས་པའི་ཕྱིར་ཏེ། གཞན་དུ་ན་དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་སྡིག་ཅན་གྱིས་བྲམ་ཟེ་དང་། ཁྱིམ་བདག་དེ་དག་བྱིན་གྱིས་བརླབས་པར་ཟད་ཀྱི་རང་གི་བློས་ནི་མ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མི་མངའ་མོད་ཀྱི། སེམས་ཅན་དེ་དག་ཉིད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཇི་ལྟར་ལྷུང་བཟེད་བཀྲུས་པས་གྲོང་དུ་ཞུགས་པ་བཞིན་དུ་ཕྱིར་ཡང་བྱུང་བར་གྱུར་ཏོ། །ཞལ་ཟས་བཅད་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་དང་། དགེ་སློང་གི་དགེ་འདུན་ལ་ཡིད་མི་བདེ་བ་མེད་ཅིང་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་ཏེ། མཐོ་བ་མེད། དམའ་བ་མེད་པར་གྱུར་ཏོ། །དེ་ནས་དེའི་མོད་ལ་ལྷའི་བུ་བདུན་ཁྲིས་དད་པ་ཐོབ་པར་གྱུར་ནས་དེ་བཞིན་གཤེགས་པ་ལ་རབ་ཏུ་བཏུད་པ་དང་། དེ་བཞིན་གཤེགས་པས་ཀྱང་དེ་དག་ལ་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །བྲམ་ཟེ་དང་ཁྱིམ་བདག་གིས་ཀྱང་དུས་གཞན་ཞིག་གི་ཚེ་ན་སྟོན་པ་བཅོམ་ལྡ་འདས་ཀྱི་ཡོན་ཏན་དང་། ཆོག་ཤེས་པ་དག་མཐོང་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་ཉེས་པ་ལ་ཉེས་པར་བཤགས་པ་དང་། དེ་བཞིན་གཤེགས་པས་ཀྱང་དེ་དག་ལ་འཕགས་པའི་བདེན་པ་བཞིའི་གཏམ་ཡང་དག་པར་བསྟན་པ་མཛད་པས་དེ་ནས་ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་
ཆགས་ཉི་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་བྲམ་ཟེའི་གྲོང་ཤིང་སཱ་ལ་ཆེན་པོ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་བྱུང་བའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་བྲམ་ཟེའི་བུ་མོ་དྲེགས་མས་ཤིང་གི་གཞོང་བུ་ལྟོ་བར་བཅིངས་ཏེ། དགེ་སློང་ཁྱོད་ཀྱིས་ཁོ་མོ་སྦྲུམ་བར་བྱས་ཀྱིས། ཁོ་མོ་ལ་ཟས་དང་གོས་བྱིན་ཅིག་ཅེས་དེ་བཞིན་གཤེགས་པ་ལ་སྐུར་བ་བཏབ་པར་གྱུར་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མི་མངའ་སྟེ། དེ་བཞིན་གཤེགས་པས་བྲམ་ཟེའི་བུ་མོ་དྲེགས་མ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དུ་འཕང་བར་ཡང་སྤྱོད་མོད་ཀྱི། དེ་བཞིན་གཤེགས་པ་དེས་མཁྱེན་བཞིན་དུ་བཏང་སྙོམས་མཛད་ཅིང་ཐབས་ལ་མཁས་པས་ལས་ཀྱི་བྱ་བ་ཀུན་དུ་བསྟན་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་མའི་འདུས་ན་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། དེ་དག་ལ་ཡང་དག་པ་མ་ཡིན་པའི་སྐུར་བ་བཏབ་པས་དེ་དག་འགྱོད་པ་དང་། སེམས་ཞུམ་པར་འགྱུར་ཞིང་དེ་དག་ལ་མངོན་པར་མི་དགའ་བ་དང་། ཉམས་པ་ལ་འཇུག་པར་འགྱུར་བས་དེ་དག་སྐུར་བ་བཏབ་པའི་ཚེ་ན་འདི་སྐད་དུ་དེ་བཞིན་གཤེགས་པ་དཀར་པོའི་ཆོས་ཐམས་ཅད་དང་ལྡན་པ་དེ་ཉིད་ཀྱིས་ཀྱང་སྐུར་བ་བརྙེས་པར་གྱུར་བདག་ཅག་གིས་ལྟ་ཅིའི་ཕྱིར་མི་རྙེད་ཅེས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་བྱེད་ཅིང་། དེ་དག་དེའི་ཚེ་ན་སྐུར་བ་དེ་ཟིལ་ཀྱིས་མནན་ནས་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བར་སྤྱོད་པར་འགྱུར་བ་དང་། ཉམས་པ་ལ་འཇུག་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །བྲམ་ཟེའི་བུ་མོ་དྲེགས་མ་ནི་རེ་ཤིག་སྡིག་པའི་ལས་ཀུན་ཏུ་རྒྱས་པ་དང་། རང་བཞིན་གྱིས་མ་དད་པ་མང་
བ་ཡིན་པས་དེ་ལྟར་ལས་ཀྱི་སྒྲིབ་པས་བསྒྲིབས་པ་དེས་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་གཉིད་ཀྱིས་བསྟན་པ་འདི་ལ་གདོན་མི་ཟ་བར་རྨ་འབྱིན་པར་བྱེད་པ་ཡིན་ཏེ། དེ་སྡིག་པའི་ལས་ཀུན་དུ་རྒྱས་པ་དེས་གལ་ཏེ་རྨི་ལམ་ན་དེ་བཞིན་གཤེགས་པ་ལ་སྐུར་བ་བཏབ་པར་གྱུར་ན་ཡང་དེ་ཉིད་ཀྱིས་སད་པའི་ཚེ་ན་དྲི་མར་ཡང་འགྱུར་རོ། །རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་ཐབས་ལ་འགའ་ཞིག་གིས་དེ་མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་དེ་ལས་ཟློག་པར་སྤྱོད་ན་ནི་ཟློག་པར་ཡང་མཛད་ལ། དེ་བཞིན་གཤེགས་པས་བསྲུང་བར་སྤྱོད་ན་སྲུང་བར་ཡང་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སེམས་ཅན་འགའ་ཡང་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་ཀུན་དུ་རྒྱུ་མཛེས་མ་ཀུན་དུ་རྒྱུ་དག་གིས་སྲོག་དང་ཕྲལ་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་འོབས་ཀྱི་ནང་དུ་བོར་བ་བཏང་སྙོམས་སུ་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཐོགས་པ་མི་མངའ་བའི་ཡེ་ཤེས་གཟིགས་པ་དང་ལྡན་པ་ཡིན་པས་དེ་བཞིན་གཤེགས་པ་དེ་དེ་ལྟར་འགྱུར་པར་མཁྱེན་ཅིང་དེ་བཞིན་གཤེགས་པས་དེ་ལྟ་བུའི་བྱིན་གྱིས་རློབ་པར་ཡང་སྤྱོད་མོད་ཀྱི། ཀུན་དུ་རྒྱུ་མཛེས་མ་ཉིད་ཚེའི་ཚད་ཟད་ཅིང་གདོན་མི་ཟ་བར་གཞན་གྱི་གནོད་པས་ཚུལ་མ་ཡིན་པས་འཆི་བའི་དུས་བྱེད་པར་འགྱུར་བའི་ཕྱིར་ཏེ། རྣམ་གྲངས་དེས་ན་གཞན་མུ་སྟེགས་ཅན་དག །འདི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བ་དག །དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་བ་དང་། ཇི་ལྟ་ཇི་ལྟར་དེ་ལ་གཞག་པར་བྱ་བ་དེ་ལྟ་དེ་ལྟ་དེ་ལ་འཇོག་པར་མཛད་དོ་ཞེས་བདག་ཉིད་ཀྱི་རང་གི་ཉེས་པས་ཤིན་དུ་ཚར་གཅོད་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཞག་བདུན་གྱི་བར་དུ་གྲོང་ཁྱེར་དུ་མ་ཞུགས་
པར་ལྷ་བྱེ་བ་ཕྲག་དྲུག་བཅུ་བཏུལ་ནས་ཞག་བདུན་པོ་དེ་འདས་པ་དང་། བཅོམ་ལྡན་འདས་ཀྱི་ཐད་དུ་འཁོར་བཞི་པོ་དག་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དག་ཡེ་ཤེས་མཐོང་བ་སྐྱེས་པར་གྱུར་བ་དེ་ལྟར་དེ་ལྟར་དེ་དག་ལ་ཆོས་བསྟན་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཉོན་མོངས་མེད་ཀྱི་ལྗོངས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པ་ན་ཟླ་བ་གསུམ་དུ་སྐྱེ་བོ་རྣམས་ལ་བག་ཕབ་སྟེ། བྲམ་ཟེ་ཉོན་མོངས་མེད་ཀྱི་རྟ་ཆས་ཀྱི་ནས་དག་གསོལ་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་ཁྱིམ་བདག་དེས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་དྲངས་ནས་རི་མོ་མི་བྱེད་པར་ཡང་མཁྱེན་མོད་ཀྱི། དེས་མཁྱེན་བཞིན་དུ་དང་དུ་བླངས་ཤིང་བཏང་སྙོམས་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་དབྱར་ཟླ་བ་གསུམ་དུ་གང་དག་གི་ཆས་ཀྱི་ནས་དག་གསོལ་བའི་རྟ་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཤ་སྟག་ཡིན་ཏེ། དེ་དག་སྡིག་པའི་གྲོགས་པོའི་དབང་གིས་སྡིག་པའི་ལས་དང་། ལས་དམན་པ་བྱས་ཤིང་མངོན་པར་འདུས་བྱས་པས་ལས་དེས་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཏེ། རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་གཅིག་ཡོད་པ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་སྨོན་ལམ་གྱི་དབང་གིས་བསམས་བཞིན་དུ་དེར་སྐྱེས་པ་ཡིན་ལ། རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་སྔོན་མིར་གྱུར་པ་ན་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་དེ་ཉིད་ཀྱི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་པས་དེ་དེ་དག་ཡོངས་སུ་ཐར་བར་བྱ་བ་དང་། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེར་སྐྱེས་ཏེ། རྟ་ཅང་ཤེས་དེ་
ཡིད་ཀྱི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཅིང་དེ་དག་གི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་བའི་ཕྱིར་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་རྟར་གྱུར་བ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དེ་དག་གི་དོན་དུ་དབྱར་ཟླ་བ་གསུམ་དེར་གནས་པར་ཞལ་གྱི་བཞེས་སོ། དེ་ན་རྟ་ལྔ་བརྒྱ་པོ་དག་གིས་ཆས་ཀྱི་ནས་གང་དག་ཡིན་པ་དེ་དག་ལས་ཕྱེད་ཕྱེད་ནི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལ་འབུལ་ལོ། །རྟ་ཅང་ཤེས་ཀྱི་ཆས་ཀྱི་ནས་གང་དག་ཡིན་པ་དེ་དག་ལས་ཕྱེད་ནི་དེ་བཞིན་གཤེགས་པ་ལ་འབུལ་ལོ། །ཕྱེད་ནི་རྟ་ཅང་ཤེས་དེ་ཉིད་ཟ་ཞིང་རྟ་ཅང་ཤེས་དེས་རྟའི་སྐད་ཀྱིས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་སྡིག་པ་འཆགས་སུ་བཅུག་ཅིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་ལ་ཕྱག་འཚལ་དུ་ཡང་བཅུག་གོ །རྟ་ཅང་ཤེས་དེས་རྟ་ལྔ་བརྒྱ་པོ་དེ་དག་ལ་འདི་སྐད་ཅེས་ཁྱེད་ཅག་གི་ཆས་ཀྱིས་ནས་དག་ལས་ཕྱེད་ཕྱེད་དེ་བཞིན་གཤེགས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོལ་ཏོ་ཞེས་གོ་བར་ཡང་བྱས་སོ། །དེ་ལྟར་ལྔ་བརྒྱ་པོ་དེ་དག་གིས་སྡིག་པ་གཤགས་ཤིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དད་པ་བསྐྱེད་ནས་ཟླ་བ་གསུམ་པོ་དེ་དག་འདས་པའི་འོག་ཏུ་དུས་གཞན་གྱི་ཚེ་ན་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་ལྷར་གྱུར་པ་དེ་དག་གིས་ཡང་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཕུལ་ཞིང་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་པ་དང་། དེ་བཞིན་གཤེགས་པས་ཀྱང་དེ་དག་ལ་ཅི་ནས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། རྟ་ལྔ་བརྒྱ་པོ་དེ་དག་འདུལ་ཞིང་འཚོ་པར་བྱེད་པའི་རྟ་རྫི་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རང་སངས་རྒྱས་
རབ་ཏུ་སེམས་དུལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་བཞིན་གཤེགས་པས་རྟ་ཅང་ཤེས་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་ལ་མཆོད་པ་བྱས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་སེམས་དུལ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ལྟ་མོད་ཀྱི་མིའི་ཁ་ཟས་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མི་བསོད་པ་ཅུང་ཟད་ཀྱང་མེད་དེ། རིགས་ཀྱི་བུ་ཡོངས་སུ་བརྟག་པ་ཉེ་བར་བཟུང་ན་གལ་ཏེ་དེ་བཞིན་གཤེགས་པས་ཤིང་དང་། བོང་པ་དང་། གསེག་མ་དང་། གྱོད་མོ་དག་ཞལ་ཟས་ཀྱི་ཕྱིར་ཡོངས་སུ་ལོངས་སྤྱད་པར་གྱུར་ན་ཡང་ཤིང་དང་། བོང་བ་དང་། གསེག་མ་དང་། གྱོ་མོ་ལ་སོགས་པ་དེ་དག་གི་རོ་དེ་ལྟ་བུ་དང་། རོ་བྲོ་བའི་མཆོག་གི་ཁྱད་པར་གང་དག་ཡིན་པ་དེ་ལྟ་བུ་དག་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡང་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་དེ་བཞིན་གཤེགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་དང་ལྡན་པ་ཡིན་པས་ན་དེ་བཞིན་གཤེགས་པའི་སྐུ་ལ་ཞལ་ཟས་མི་བསོད་པ་ཐམས་ཅད་གསོལ་མ་ཐག་ཏུ་ཡང་ལྷའི་ཁ་ཟས་ལས་ཡང་དག་པར་འདས་པའི་རོ་དང་ལྡན་པར་འགྱུར་བའི་ཕྱིར་ཏེ། རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་ནི་བསོད་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་དེའི་ཚེ་ན་དགེ་སློང་ཀུན་དགའ་བོ་འདི་སྙམ་དུ་དེ་བཞིན་གཤེགས་པ་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་ནས་ང་རྟ་ཆས་ཀྱི་ནས་དག་གསོལ་པར་མཛད་པ་ལྟ་ཞེས་ཡིད་མི་བདེ་བར་གྱུར་པ་དང་། དེ་བཞིན་གཤེགས་པས་དེའི་སེམས་ལ་རྣམ་པར་གཟིགས་ནས། ཀུན་དགའ་བོ་འདི་
ཅིའི་རོ་ཡིན་ཤེས་སམ་ཞེས་ནས་ཀྱི་འབྲུ་གཅིག་བྱིན་པ་དང་། དེས་དེ་ཟོས་ནས་ངོ་མཚར་དུ་འཛིན་པར་གྱུར་ཏེ། ང་ལ་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཁྱིམ་དུ་སྐྱེས་ཤིང་རྒྱལ་པོའི་ཁྱིམ་དུ་ལེགས་པར་རྒྱས་པ་ལགས་ན། བཅོམ་ལྡན་འདས་བདག་གིས་རོའི་མཆོག་འདི་ལྟ་བུ་ནི་སྔོན་ཆད་མ་འཚལ་མ་མྱོང་ལགས་སོ་ཞེས་ཟེར་ཏེ། །དེའི་བྱིན་གྱིས་དགེ་སློང་ཀུན་དགའ་བོ་ཟས་གཞན་མི་ཟ་བར་དགའ་བ་དང་། བདེ་བས་ཞག་བདུན་འདས་པར་གྱུར་ཏོ། །རིགས་ཀྱི་བུ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་དེ་ནི་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་གྱིས། ལས་ཀྱི་སྒྲིབ་པ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་སེམས་ཅན་གང་དག་དགེ་སློང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་དག་འགྲོན་དུ་གཉེར་ལ་སེམས་རྣམ་པར་གཡེངས་པས་རི་མོ་མི་བྱེད་པའི་སེམས་ཅད་དེ་དག་ལ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཉིད་ཀུན་དུ་བསྟན་པར་བྱ་བའི་ཕྱིར་ལས་ཀྱི་རྒྱུད་དེ་ལྟ་བུ་དག་ཀུན་དུ་སྟོན་པར་མཛད་དོ། །རིགས་ཀྱི་བུ་གང་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ། རི་མོ་མ་བྱས་པ་དེ་ཡང་དེ་བཞིན་གཤེགས་པས་ལོག་པར་ལྟུང་བར་མི་འགྱུར་བའི་ཆོས་སུ་ལུང་བསྟན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཆོས་ཉིད་ལ་ལྟོས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དང་ཐབས་གཅིག་ཏུ་དབྱར་ཟླ་བ་གསུམ་གནས་པར་ཁས་བླངས་པའི་དགེ་སློང་ལྔ་བརྒྱ་པོ་གང་དག་གིས་རྟ་ཆས་ཀྱི་ནས་དེ་དག་ཟོས་པ་དེ་དག་ལས་དགེ་སློང་བཞི་བཅུ་ནི་འདོད་ཆགས་སྤྱོད་པ་དང་། སྡུག་པའི་མཚན་མ་སྤྱོད་པ་ཡིན་པས་གལ་ཏེ་དེའི་ཚེ་དེ་དག་གིས་ཟས་བསོད་པ་དག་ཟོས་པར་གྱུར་ན་དེ་དག་གིས་འདོད་ཆགས་དང་ལྡན་པའི་རྣམ་པར་རྟོག་པ་ཤིན་དུ་ཤས་ཆེན་པོ་དག་སྐྱེ་བར་འགྱུར་བ་ཞིག་ན་དེ་དག་གིས་ཟས་ངན་པ་ཟོས་པ་དེས་འདོད་ཆགས་ཀྱི་ཀུན་ནས་ལྡང་བ་དེ་དག་སྲབས་ཤིང་མེད་པར་འགྱུར་ཏེ། དེ་དག་གིས་འདོད་ཆགས་
ཀྱི་ཀུན་ནས་ལྡང་བ་དག་རྣམ་པར་བསལ་ནས་དེ་དག་ཐམས་ཅད་གྱིས་ཟླ་བ་གསུམ་པོ་དེ་དག་འདས་ནས་ཞག་བདུན་གྱིས་དགྲ་བཅོམ་པ་ཉིད་ཐོབ་གྱུར་ཏོ། རིགས་ཀྱི་བུ་དེ་ལྟ་བས་ན་དགེ་སློང་ལྔ་བརྒྱ་པོ་དེ་དག་གདུལ་བའི་དབང་གི་ཕྱིར་དང་། བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐབས་ལ་མཁས་པ་དེས་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་དག་གསོལ་བར་ཟད་ཀྱི། ལས་ཀྱི་སྒྲིབ་པའི་ཉེས་པ་ནི་མ་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་གསོ་སྦྱོང་ལ་ཞུགས་པ་ན་འོད་སྲུང་ང་ནི་རོ་རྒྱབ་ནས་ཁྱོད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་དག་ཤོད་ཅིག་ཅེས་བཀའ་སྩལ་ཅེ་ན། རིགས་ཀྱི་བུ་དེའི་ཚེ་ན་ལྷའི་བུ་ཉན་ཐོས་ཀྱིས་འདུལ་བ་གང་དག་སྔོན་དགེ་སློང་འོད་སྲུང་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བག་ཡོད་པའི་བྱ་བ་དག་ལ་ཡང་དང་ཡང་དུ་དད་པ་བསྐྱེད་ཅིང་ཡང་དག་པར་འཛིན་དུ་བཅུག་པ་བརྒྱད་སྟོང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པས་ལྷའི་བུ་དེ་དག་གིས་སྔོན་ཡང་བྱང་ཆུབ་ཀྱི་ཡན་ལག་གིས་གཏམ་དག་ཐོས་ལ། ལྷའི་བུ་དེ་དག་ལ་དགེ་སློང་འོད་སྲུང་མ་གཏོགས་པར་གལ་ཏེ་སངས་རྒྱས་འབུམ་གྱིས་ཆོས་བསྟན་པར་གྱུར་ཀྱང་། དེ་དག་གིས་ཆོས་བསྟན་པ་ཀུན་ཤེས་པར་མི་འགྱུར་བས་ན་དེའི་ཕྱིར་དགེ་སློང་འོད་སྲུང་གིས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་པས་ལྷའི་བུ་བརྒྱད་སྟོང་པོ་དེ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་དེ་ཡང་བྱང་ཆུབ་སེམས་ཅན་གང་ལ་ལ་དག་ནད་ཀྱིས་གནོད་པར་གྱུར་ཅིང་ནད་པར་གྱུར་ནས་ཆོས་ཉན་དུ་མ་འོངས་ཤིང་ཆོས་མི་ཉན་པའི་སེམས་ཅན་ཆོས་མ་ཐོས་པ་དེ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་དག་གསན་ནས་སྙུན་ནད་ལས་ཡོངས་སུ་ཐར་པར་གྱུར་ན་བདག་ཅག་གིས་ཅིའི་ཕྱིར་ཆོས་མཉན་པར་མི་བྱ། སྙམ་དུ་སེམས་
པར་ཡང་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་ལྷའི་བུ་དེ་དག་གདུལ་བའི་དབང་གི་ཕྱིར་དང་། སེམས་ཅན་ནད་པ་ཆོས་ལ་གུས་པ་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཚིག་འདི་སྐད་ཅེས། འོད་སྲུང་ང་ནི་རོ་རྒྱབ་ནས་ཁྱོད་ཀྱི་བྱང་ཆུབ་ཀྱི་ཡན་ལག་དག་ཤོད་ཅེས་གསུངས་པར་ཟད་ཀྱི། དེ་བཞིན་གཤེགས་པའི་སྐུ་ལ་སྙུན་མངའ་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པའི་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དེ་དག་ལས་འབྱུང་པའི་ལུས་རགས་པ་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་ཤཱཀྱ་རྣམས་རབ་ཏུ་རྣམ་པར་འཇིག་པར་གྱུར་ན་ཚིག་འདི་སྐད་ཅེས། ཀུན་དགའ་བོ་ང་ཀླད་པ་ན་ཞིང་མི་བདེའོ་ཞེས་གསུངས་ཞེ་ན། རིགས་ཀྱི་བུ་དེ་ནི་སེམས་ཅན་གང་ལ་ལ་དག་དེ་བཞིན་གཤེགས་པས་ཉེ་དུ་རྣམས་ཀྱི་སྲིད་པའི་རྩེ་མོའི་བར་གྱི་སྡུག་བསྔལ་གྱི་ཕུང་པོའི་མཐར་མཛད་པ་མི་ཤེས་པའི་སེམས་ཅན་དེ་དག་གི་ཕྱིར་དེ་བཞིན་གཤེགས་པ་འཇིག་རྟེན་ལ་ཕན་པའི་ཕྱིར་རབ་ཏུ་བྱུང་ནས་རྒྱལ་པོའི་གདུང་རྒྱུད་ཐམས་ཅད་ཆུད་ཟོས་ཀྱང་དེས་ཉེ་དུ་རྣམས་ཡོངས་སུ་མ་བསྐྱབས་པ་ལས་ན། དེ་བཞིན་གཤེགས་པ་ནི་ཉེ་དུ་རྣམས་ལ་ཕན་པར་བཞེད་པ་ཡང་མ་ཡིན། དོན་དུ་བཞེད་པ་ཡང་མ་ཡིན། བདེ་བར་བཞེད་པ་ཡང་མ་ཡིན། གྲུབ་པ་དང་བདེ་བར་བཞེད་པ་ཡང་མ་ཡིན་ནོ། །སྙམ་དུ་སེམས་པར་མི་འགྱུར་བར་སེམས་ཅན་དེ་དག་གི་སེམས་བཟུང་བའི་ཕྱིར་དེ་བཞིན་གཤེགས་པས་གནས་བརྟན་ཀུན་དགའ་བོ་ལ་ཚིག་འདི་སྐད་ཅེས་ཀུན་དགའ་བོ་ང་ཀླད་པ་ན་ཞིང་མི་བདེའོ་ཞེས་གསུངས་སོ། །རིགས་ཀྱི་བུ་གང་གི་ཚེ་དེ་བཞིན་གཤེགས་པས་གནས་བརྟན་ཀུན་དགའ་བོ་ལ་ཚིག་འདི་སྐད་ཅེས། ཀུན་དགའ་བོ་ང་ཀླ་པ་ན་ཞིང་མི་བདེའོ། །
ཞེས་གསུངས་པ་དེའི་ཚེ་ན་ལྷའི་བུ་ཆད་པར་སྨྲ་པ་སུམ་སྟོང་འདུས་པར་གྱུར་པ་དང་། སེམས་ཅན་སྲོག་གཅོད་པ་རབ་ཏུ་མང་པོ་དག་ཀྱང་འདུས་པར་གྱུར་པས་དེ་ན་སེམས་ཅན་ཆད་པར་སྨྲ་བ་དེ་དག་དང་། སེམས་ཅན་སྲོག་གཅོད་པ་དེ་དག་ལས་ཀྱི་བྱ་བ་ལ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པས་སྲོག་གཅོད་པའི་དབང་གིས་དེ་བཞིན་གཤེགས་པའི་དབུ་སྙུང་ཞིང་མི་བདེའོ་ཞེས་ལས་ཀྱི་རྒྱུད་དེ་ཀུན་དུ་བསྟན་ཏོ། དེ་ན་དེ་བཞིན་གཤེགས་པས་གསུང་གི་ཕྲིན་ལས་བརྗོད་པ་དེ་བསྟན་པ་ན་ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོགས་ཆགས་ཁྲི་བཏུལ་བར་གྱུར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་བྲམ་ཟེ་བྷ་ར་དྭ་ཛས་སྤྱོ་བ་རྣམ་པ་བརྒྱས་སྤྱོས་པ་ན་དེ་བཞིན་གཤེགས་པ་སྤྱོས་པ་དེ་དག་དང་དུ་ལེན་པར་མཛད་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་བྲམ་ཟེ་བྷ་ར་དྭ་ཛ་སྤྱོ་བར་བྱེད་པ་ལ་ཕྱིར་སྤྱོ་བར་འམ། ཡང་ན་དེ་ཕྱོགས་གཞན་དུ་འཕང་བ་འམ། ཡང་ན་དེ་དེ་བཞིན་གཤེགས་པ་ལ་ཚིག་གཅིག་ཙམ་གྱིས་སྤྱོ་བར་ཡང་མི་སྤོབས་པ་དེ་ལྟར་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་པར་ཡང་སྤྱོད་མོད་ཀྱི། འོན་ཀྱང་འཁོར་དེར་ལྷ་དང་མི་མང་པོ་འདུས་བར་གྱུར་པ་དེ་དག་གིས་དེ་བཞིན་གཤེགས་པའི་མ་ཞུམ་པ་དང་། མ་ཁེངས་པ་དང་། ཐུགས་མཉམ་པ་དང་། ཕན་པའི་དངོས་པོ་དང་། མཉེན་པ་དང་། ངེས་པ་དང་། སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བས་བཟོད་པའི་སྟོབས་བསྐྱེད་པ་མཐོང་ནས་སྲོགས་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་པས་ན་བྲམ་ཟེ་བྷ་ར་དྭ་ཛ་སྤྱོས་པ་བཏང་སྙོམས་སུ་བཞག་གོ །དེས་ཀྱང་སྤྱོ་བར་བྱེད་པ་བྲམ་ཟེ་བྷ་ར་དྭ་ཛ་དེ་བཞིན་གཤེགས་པ་ལ་སེམས་དད་པར་གྱུར་ནས། སངས་རྒྱས་ལ་སྐྱབས་སུ་སོང་ཞིང་
ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་ས་བོན་བསྐྱེད་པར་གྱུར་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱེ་བ་ཐམས་ཅད་དང་། སྲིད་པ་ཐམས་ཅད་དུ་ལྷས་བྱིན་ཡང་དང་ཡང་དུ་རྗེས་སུ་འབྲང་བར་གྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷས་བྱིན་ལ་བརྟེན་ནས་ང་ཕ་རོལ་དུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་ཤིང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་ཀྱང་བྱས་པའི་ཕྱིར་རོ། །རྣམ་གྲངས་གང་གིས་ཤེ་ན་རིགས་ཀྱི་བུ་འདི་ལ་གང་གི་ཚེ་སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིང་། གང་གི་ཚེ་སྦྱིན་བདེ་ཡང་མི་ཤེས། ལེན་པ་པོ་ཡང་མི་ཤེས་པ་དེའི་ཚེ་ན། ལྷ་བྱིན་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ཏེ། བུ་དག་ཀྱང་སློང་བར་བྱེད། ཆུང་མ་དག་ཀྱང་དག་ཀྱང་སློང་བར་བྱེད། རྒྱལ་སྲིད་དག་ཀྱང་སློང་བར་བྱེད། ལག་པ་དང་རྐང་པ་དང་། མིག་དང་མགོ་ཡང་སློང་བར་བྱེད་ཅིང་དེ་དག་ལ་སོགས་པ་དགའ་བ་དང་། སེམས་ཅན་རྣམས་ལ་བདེ་བ་སྐྱེད་པར་བྱེད་པ་གཞན་གང་ཡང་རུང་བདག་ཀྱང་སློང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཞུམ་པ་མེད་པར་དེ་དག་སྦྱིན་པར་བྱེད་པ་དེ་སེམས་ཅན་དཔག་ཏུ་མེད་པ་དག་གིས་མཐོང་ནས་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་སྐྱེས་ཏེ། སྤྲོ་བ་བསྐྱེད་ནས་འདི་ཇི་ལྟ་བ་བཞིན་དུ་བདག་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་དེ་དག་སྦྱིན་པ་ལ་མོས་ཤིང་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་ཡང་བྱེད་དོ། །གཞན་ཡང་ལྷས་བྱིན་དང་སེམས་ཅན་དཔག་ཏུ་མེད་པ་གང་དག་ཚུལ་ཁྲིམས་འདྲལ་བར་འདོད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མི་འདྲལ་བ་མཐོང་ནས་དེ་དག་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་པ་དང་། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པ་ན་བཟོད་པ་ཕུན་སུམ་ཚོགས་པ་དེ་མཐོང་ནས། དེ་དག་སྤྱོས་སམ། བརྒྱད་བཀག་གམ། བརྡེགས་
ནས་ཡང་འཁྲུག་པར་མི་འགྱུར་ཞིང་བཟོད་པ་ཡོངས་སུ་རྫོགས་པར་གྱུར་ཏེ། རྣམ་གྲངས་དེས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱས་པ་ཡིན་ནོ། །གང་གི་ཚེ་ལྷས་བྱིན་གྱིས་དེ་བཞིན་གཤེགས་པ་བགྲོངས་པའི་ཕྱིར་གཤེད་མ་བའི་མི་དག་སྤང་པ་དང་། དེ་བཞིན་གཤེགས་པ་བགྲོངས་པའི་ཕྱིར་གླང་པོ་ཆེ་གདུག་པ་ནོར་སྐྱོང་སྤང་པ་དང་། དེ་བཞིན་གཤེགས་པ་བགྲོངས་པའི་ཕྱིར་དེ་བཞིན་གཤེགས་པ་ལ་རྡོ་འཕངས་པ་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་པར་བལྟ་བར་བྱའི། ལས་ཀྱི་སྒྲིབ་པའི་ཉེས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པ་དེ་ལ་བརྟེན་ནས་སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་མཛད་པའི་ཕྱིར་ཏེ། རིགས་ཀྱི་བུ་མདོར་ན་ལྷས་བྱིན་དེ་ནི་ངའི་སྟོན་པ་ཕན་པར་འདོད་པ་ཡིན་ནོ། །ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ཡིན་པར་བྱའི། ལས་ཀྱི་སྒྲིབ་པའི་ཉེས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལས་ཀྱི་བྱ་བ་དང་། རྣམ་པར་སྨིན་པ་ཆུད་གཟོན་པ་རྣམས་ལས་ཀྱི་བྱ་བ་དང་། རྣམ་པར་སྨིན་པ་ལ་འཇུག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ལས་ཆེ་གེ་མོ་ཞིག་གི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ། །ལས་ཆེ་གེ་མོ་ཞིག་གི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་ལས་ཀྱི་རྒྱུད་ཀུན་དུ་བསྟན་ཏེ། དེ་ཐོས་ནས་སེམས་ཅན་རྣམས་མི་དགེ་བའི་ལས་ཀྱི་སྒྲིབ་པ་དང་། དགེ་བའི་ལས་ཀྱི་སྒྲིབ་པ་དང་། དགེ་བའི་ལས་མངོན་པར་འདུ་བྱ་བ་ལ་མི་གཡེལ་བར་སྤྱོད་པར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་ཐབས་ལ་མཁས་པ་བསྟན་པ་བཤད་པ་འདི་ནི་གསང་བར་བྱ་བ་ཡིན་ཏེ། སེམས་ཅན་དམན་པ་དགེ་བའི་རྩ་བ་ཆུང་ངུ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ། བསྟན་པར་མི་བྱ། བཤད་པར་མི་བྱ། བཀླག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡང་མ་ཡིན་
ན་བྱིས་པ་སོ་སོའི་སྐྱེ་བོ་དམན་པ་ལ་མོས་པ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཐབས་ལ་མཁས་པའི་འདི་ལ་མ་བསླབས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདིས་དོན་དུ་འགྱུར་བ་མེད་དེ། ཐབས་ལ་མཁས་པ་བསྟན་པ་འདིའི་སྣོད་དུ་འགྱུར་བ་དང་། གང་དག་གིས་བསྟན་པ་འདི་ལ་བསླབ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་གཞན་འགའ་ཡང་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མཚན་མོ་མུན་པ་མུན་གནག་ནང་དུ་འབྲུ་མར་གྱི་མར་མེ་བྱུང་ན་ཁྱིམ་གྱི་སྣོད་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཀྱང་ཐབས་ལ་མཁས་པ་བསྟན་པ་འདི་ཐོས་ན་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མཐོང་ཞིང་བདག་གིས་ཀྱང་འདི་ལ་བསླབ་བར་བྱས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་ལ་འཇུག་ཅིང་འགྲོ་བར་འགྱུར་ཏེ། དེ་ནི་ལེགས་པར་ཡང་དག་པར་བརྩོན་པས་སླའོ་སྙམ་དུ་སེམས་པ་དང་། དེ་ཐབས་ལ་མཁས་པ་དེ་དག་ལ་ལེགས་པར་བསླབས་པ་དང་། སེམས་ཅན་རྣམས་སྨིན་པར་མི་བྱེད་པ་དེ་ལྟ་བུའི་མིང་དུ་ཡང་འགྱུར་རོ། །རིགས་ཀྱི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་དོན་དུ་གཉེར་བས་ནི་གང་ནས་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་རྣ་ལམ་དུ་གྲག་པར་འགྱུར་བའི་དཔག་ཚད་འབུམ་དུ་ཡང་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཐབས་ལ་མཁས་པ་བསྟན་པ་འདི་ཐོས་ནས་སྣང་བ་ཐོབ་པར་འགྱུར་ཞིང་ཐེ་ཚོམ་དང་བྲལ་པ་དང་། ནེམ་ནུར་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེ་ནས་ལྷ་དང་བཅས་པའི་འཇིག་རྟེན་དང་། འཁོར་བཞི་པོ་གང་དག་ཆོས་ཀྱི་རྣམ་གྲངས་འདིའི་སྣོད་དུ་གྱུར་པ་འཁོར་དེར་འདུས་པར་གྱུར་པ་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་གྱུར་ཏོ། །གང་དག་སྣོད་དུ་མ་གྱུར་ཅིང་མི་ཤེས་
པ་འཁོར་དེར་འདུས་པར་གྱུར་པ་དེ་དག་ལ་ནི་ཆོས་ཀྱི་རྣམ་གྲངས་འདི་རྣ་ལམ་དུ་གྲག་པར་ཡང་མ་གྱུར་ཏོ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོགས་ཆགས་བདུན་ཁྲི་ཉིས་སྟོང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག །ཐབས་ལ་མཁས་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །ཐབས་ལ་མཁས་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་དང་། ཉན་ཐོས་ཀྱི་ཐེག་པ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་མི་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་བརྒྱད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ཀརྨ་ཝརྨ་དང་ཞུ་ཆེན་གྱི་ལོ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ཤོ་ལོ་ཀ་སྟོང་ཉིས་བརྒྱ་སུམ་བཅུ་མཆིས། །