འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དང་པོ། གླེང་གཞིའི་ལེའུ།
རྒྱ་གར་སྐད་དུ། ཨཱཪྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། མངོན་པར་ཤེས་པས་མངོན་པར་ཤེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ནས་འདུས་པ། གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་བརྗོད་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི་ཕ་
རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་རྣམ་པར་གཞག་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་རབ་ཏུ་བཀུར་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱ་བའི་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ལ་མཆོད་པའི་ལས་ཡང་དག་པར་སྒྲུབ་པ་ཤེས་པ་ལ་མཁས་པ། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱིས་མི་གོས་པ། ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ། བསྐལ་པ་གྲངས་མེད་པར་ཡིད་མི་སྐྱོ་བར་བརྩོན་འགྲུས་ཆེ་བ། སེང་གེའི་སྒྲ་ཆེན་པོ་སྒྲོག་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབང་བསྐུར་བ་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་དང་རབ་ཏུ་ལྷུན་པོ་དང་ལྷུན་པོའི་རྩེ་མོ་འཛིན་དང་ལྷུན་པོ་མར་མེའི་རྒྱལ་པོ་དང་ལྷུན་པོ་བརྩེགས་པ་དང་ལྷུན་པོའི་རྒྱལ་མཚན་དང་ལྷུན་པོའི་རྒྱལ་པོ་དང་ལྷུན་པོའི་རྩེ་མོ་ཀུན་གཡོ་བར་བྱེད་པའི་རྒྱལ་པོ་དང་ལྷུན་པོའི་དབྱངས་དང་། སྤྲིན་གྱི་རྒྱལ་པོ་དང་རྔ་དབྱངས་དང་རིན་པོ་ཆེའི་འབྱུང་གནས་དང་རིན་པོ་ཆེའི་ཏོག་དང་རིན་པོ་ཆེའི་རྩེ་མོ་དང་རིན་པོ་ཆེ་འབྱུང་བ་དང་། རིན་པོ་ཆེ་སྣང་བ་དང་རིན་པོ་ཆེའི་འཁར་བ་དང་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་རིན་པོ་ཆེའི་བཀོད་པ་དང་རིན་པོ་ཆེའི་དྲ་བ་དང་རིན་པོ་ཆེའི་འོད་དང་རིན་པོ་ཆེའི་
གླིང་དང་། དགའ་བར་བྱེད་པ་དང་ཆོས་བཀོད་པ་དང་བཀོད་པའི་རྒྱལ་པོ་དང་མཚན་གྱིས་ཀུན་ཏུ་བརྒྱན་པ་དང་དབྱངས་བཀོད་པ་དང་དབྱངས་རྣམ་པར་དག་པའི་འོད་དང་རིན་པོ་ཆེ་བརྩེགས་པ་དང་ཉི་མ་མེའི་འོད་འཕྲོ་ཅན་དང་སྐར་མ་ལ་དགའ་བ་དང་ཟླ་བའི་འོད་ཟེར་དང་། སེམས་བསྐྱེད་མ་ཐག་ ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་གསེར་བཟང ་པོ་རྣམ་པར་དག་པའི་འོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ ཏུ་མི་འཇིགས་སྦྱིན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་མི་ཕམ་པ་ལ་སོགས་པ་བསྐལ་པ་བཟང ་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། ཚངས་པ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་ཀྱི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་མ་ཡིན་པ་གཞན་ཡང་དབང་ཆེ་བ་དང་དབང་ཆེ་བར་གྲགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་རྒྱ་ཆེ་ཞིང་རླབས་ཆེ་བ་དག་དང་ཐབས་ཅིག་གོ །བཅོམ་ལྡན་འདས་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། རྗེད་པར་བྱས། གསོལ་བར་བྱས་ཏེ། འཁོར་བཞི་དང་ལྷར་བཅས་པའི་འཇིག་རྟེན་གྱིས་ཀྱང་ཕྱག་བྱ་བ། མཆོད་པར་བྱ་བ། བཀུར་སྟིར་བྱ་བ། བླ་མར་བྱ་བ། རི་མོར་བྱ་བ། རྗེད་པར་བྱ་བ། གསོལ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་འཁོར་ཚོགས་པ་དེ་ཉིད་དུ་ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སྐྱེ་བ་དྲན་པ། སྤོབས་པ་ཐོབ་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྙིང་རྗེ་ཆེན་པོ་ལ་བརྩོན་པ་ཞིག་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་
པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཞོན་ནུ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་དྲི་བ་དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །གཞོན་ནུ་ང་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཆོས་ཐམས་ཅད་ལ་སྟོབས་དང་མི་འཇིགས་པས་ཁྱུ་མཆོག་ཏུ་གྱུར་པ་རྗེས་སུ་ཐོབ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་དང་ལྡན་པ་སྟེ། གཞོན་ནུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་དེ་བཞིན་གཤེགས་པ་ལ་མི་མཁྱེན་པའམ། མི་གཟིགས་པའམ། མི་གསན་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅིའང་མེད་དེ། གཞོན་ནུ་དེ་བཞིན་གཤེགས་པ་ལ་དྲི་བ་དང་ཡོངས་སུ་དྲི་བའི་ཕྱིར་ཁྱོད་ལ་རྟག་ཏུ་སྐབས་ཕྱེས། དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་། ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །འོད་མཛད་ཇི་ལྟར་སྤྱད་པ་ཡིས། །བསམ་གྱིས་མི་ཁྱབ་ཡེ་ཤེས་འཐོབ། །ཕན་མཛད་ལུང་ཡང་བསྟན་དུ་གསོལ། །མི་ཡི་ཁྱུ་མཆོག་མི་དང་ལྷས་མཆོད་པ། །མི་དབང་བདེན་གསུངས་ཇི་ལྟར་སྤྱད་པ་ཡིས། །ཐེག་མཆོག་དམ་པ་གཞལ་མེད་ཐོབ་པར་འགྱུར། །མགོན་པོ་གསུང་མཆོག་ཞུས་པ་ལུང་བསྟན་གསོལ། །བདག་ལ་གཡོ་ནི་མ་མཆིས་ཏེ། །ལྷག་པའི་བསམ་པས་ཞུ་བ་ལགས། །སྐྱེས་བུ་དམ་པ་མ་གཏོགས་པར། །བདག་གི་
དབང་ནི་གཞན་མ་མཆིས། །འདུན་དང་སྨོན་ལམ་རྒྱ་ཆེ་བདག་ལ་མཆིས། །བདག་གི་སྤྱོད་པ་ཤཱཀྱ་སེང་གེས་མཁྱེན། །བདག་ནི་ཚིག་ལ་གཙོར་འཛིན་མ་ལགས་ཀྱིས། །མི་དབང་སྒྲུབ་པ་བདག་ལ་མྱུར་དུ་གསུངས། །སངས་རྒྱས་ཐེག་པར་གཅེས་སྤྲས་བགྱིད། །ཡོངས་སུ་སྡུད་པའི་ཆོས་རྣམས་གང་། །ཆོས་རྣམས་ཀུན་གྱི་མཐར་ཕྱིན་པ། །དཔའ་བོ་ཆེན་པོ་ལུང་བསྟན་གསོལ། །ཅི་ནས་མིས་བསྟེན་ཤེས་རབ་རྣོར་འགྱུར་ཞིང་། །མི་བཟད་འཇིགས་དང་བྲལ་ཏེ་མི་སྐྲག་པས། །ཚུལ་ཁྲིམས་ཕུང་པོ་གཏོང་བར་མི་བགྱིད་ཅིང་། །རྒྱགས་དང་ཞེ་སྡང་གཏི་མུག་ཆགས་བྲལ་ཏེ། །ཉེས་པ་ཀུན་ཞི་སྤྱད་པ་སྤྱོད་པ་ཡི། །ཕན་པར་བགྱིད་པའི་ཆོས་རྣམས་བདག་ལ་གསུངས། །ཇི་ལྟར་ཚུལ་ཁྲིམས་མི་གཏོང་ཞིང་། །ཇི་ལྟར་བསམ་གཏན་འདོར་མི་འགྱུར། །དགོན་པ་ལ་ནི་ཇི་ལྟར་བསྟེན། །ཤེས་རབ་དག་གིས་ཇི་ལྟར་འཕེལ། །ཇི་ལྟར་སྟོབས་བཅུའི་བསྟན་པ་རྒྱ་ཆེ་ལ། །ཚུལ་ཁྲིམས་སྲུང་ཞིང་མངོན་དགའ་རྙེད་པར་འགྱུར། །ཇི་ལྟར་ཚུལ་ཁྲིམས་ཕུང་པོ་སྐྱོན་མེད་འགྱུར། །ཇི་ལྟར་འདུས་བྱས་རང་བཞིན་འཇལ་བར་འགྱུར། །ཇི་ལྟར་ལུས་དང་ངག་གིས་ཀྱང་། །མཁས་པ་རྣམ་པར་དག་པར་འགྱུར། །ཀུན་ནས་ཉོན་མོངས་མེད་སེམས་ཀྱིས། །སངས་རྒྱས་ཡེ་ཤེས་ཚོལ་བར་འགྱུར། །ལུས་ཀྱི་ལས་ནི་ཇི་ལྟར་རྣམ་དག་འགྱུར། །ཚིག་གི་སྐྱོན་ནི་ཇི་ལྟར་སྤངས་པར་འགྱུར། །ཇི་ལྟར་སེམས་ལ་ཉོན་མོངས་མེད་པར་འགྱུར། །སྐྱེས་མཆོག་ཞུས་པ་བདག་ལ་ལུང་བསྟན་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན། ཕན་པའི་སེམས་དང་ཁོང་ཁྲོ་བ་མེད་པའི་སེམས་དང་མི་མཉམ་པ་མེད་པའི་སེམས་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་འདི་དང་
ལྡན་ན་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་གསུངས་པ། ཆོས་གཅིག་ཡང་དག་བླངས་ནས་ནི། །བྱང་ཆུབ་སེམས་དཔའ་གང་གནས་པ། །ཡོན་ཏན་འདི་དག་ངེས་ཐོབ་སྟེ། །མྱུར་དུ་བྱང་ཆུབ་འཚང་ཡང་རྒྱ། །དེ་ཡི་སེམས་ནི་གང་ལའང་ཞེ་མི་སྡང་། །ཞེ་སྡང་མེད་སེམས་བྱང་ཆུབ་སེམས་དཔའ་གང་། །ཐ་བ་མི་སྐྱེད་ཞེ་སྡང་མེད་པ་དག །ཁྱད་པར་ཇི་སྐད་བརྗོད་པ་ཐོབ་པར་འགྱུར། །མཉམ་པའི་སེམས་ལ་བསྟེན་པ་ཡིས། །རྣམ་པར་སྨིན་པ་མཉམ་པར་འགྱུར། །རྐང་པའི་མཐིལ་ཡང་མཉམ་པ་དང་། །ཆོ་ག་སྤྱོད་ཡུལ་མཉམ་པར་འགྱུར། །མཉམ་ཞིང་མི་མཉམ་མ་ཡིན་སེམས་བསྒོམས་ནས། །ཐ་བའི་སྐྱོན་བྲལ་ནེམ་ནུར་རབ་སྤངས་ན། །དེ་ཡི་རྐང་ལག་མཐིལ་ཡང་མཉམ་འགྱུར་ཏེ། །མཆོག་ཏུ་འོད་གསལ་དག་ཅིང་བལྟ་ན་སྡུག །བྱང་ཆུབ་སེམས་དཔའ་ཕྱོགས་བཅུར་ལྷང་ངེར་སྣང་། །སངས་རྒྱས་ཞིང་དུ་དཔལ་དང་འོད་ཀྱིས་ཁྱབ། །ནམ་དེས་ཞི་བའི་ས་ནི་ཐོབ་པའི་ཚེ། །སངས་རྒྱས་མཁྱེན་ལ་སེམས་ཅན་མང་པོ་འགོད། །གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཕན་པར་སེམས་པ་དང་། སེམས་ཁོང་ཁྲོ་བ་མེད་པ་དང་སེམས་མི་མཉམ་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གཞོན་ནུ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་དང་ངག་གི་སྡོམ་པ་དང་ཡིད་ཀྱི་སྡོམ་པ་དང་ལས་ཡོངས་སུ་དག་པ་དང་དམིགས་པ་ལས་ཡང་དག་པར་འདའ་བ་དང་ཕུང་པོ་ཡོངས་སུ་ཤེས་པ་དང་། ཁམས་མཉམ་པ་ཉིད་དང་སྐྱེ་མཆེད་སེལ་བ་དང་སྲེད་པ་སྤོང་བ་དང་མི་སྐྱེ་བ་མངོན་སུམ་དུ་བྱེད་པ་ལ་འཇུག་པ་དང་རྒྱུ་གསལ་བར་བྱེད་པ་དང་ལས་ཀྱི་འབྲས་བུ་ཆུད་མི་གསོན་པ་དང་ཆོས་མཐོང་བ་དང་ལམ་སྒོམ་པ་དང་དེ་བཞིན་གཤེགས་པ་ལ་སྟེན་པ་དང་ཤེས་རབ་རྣོ་བ་དང་བདེན་པའི་རྗེས་སུ་འཇུག་པ་དང་ཆོས་ཤེས་པ་དང་སོ་སོ་ཡང་དག་
པར་རིག་པ་ལ་འཇུག་པ་ཤེས་པ་དང་ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་དང་དངོས་པོ་རྣམས་ལས་ཡང་དག་པར་འདའ་བ་དང་། སྒྲ་ཡོངས་སུ་ཤེས་པ་དང་དགའ་བ་རབ་ཏུ་ཐོབ་པ་དང་ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་དང་དྲང་བ་དང་། མཉེན་པ་དང་ཤུགས་དྲང་བ་དང་གྱ་གྱུ་མེད་པ་དང་ཁྲོ་གཉེར་དང་བྲལ་བ་དང་དེས་པ་དང་ངང་ཚུལ་དགེ་བ་དང་བྱམས་པར་འཛིན་པ་དང་འཇམ་པ་དང་བཞིན་འཛུམ་པ་དང་གསོང་པོར་སྨྲ་བ་དང་ལེགས་པར་འོངས་སོ། །ཚུར་ཤོག་ཅེས་སྨྲ་བ་དང་ལེ་ལོ་མེད་པ་དང་བླ་མ་ལ་གུས་པ་དང་བླ་མ་ལ་སྲི་ཞུ་ཆེ་བ་དང་སྐྱེ་བས་ཆོག་ཤེས་པ་དང་ཆོས་དཀར་པོས་མི་ངོམས་པ་དང་འཚོ་བ་རྣམ་པར་དག་པ་དང་དགོན་པ་ལ་གནས་པ་མི་གཏོང་བ་དང་ས་རྣམ་པར་བཞག་པ་ཤེས་པ་དང་དྲན་པ་ཆུད་མི་གཟོན་པ་དང་། ཕུང་པོ་ལ་མཁས་པ་དང་ཁམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཇུག་པ་དང་། ཉོན་མོངས་པ་སེལ་བ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་དང་། ཁྱད་པར་དུ་འགྲོ་བ་དང་བསྒོམ་པའི་རྒྱུ་འཐུན་པ་དང་ཉེས་པ་ལས་དབྱུང་བ་ལ་མཁས་པ་དང་ཀུན་ནས་ལྡང་བ་གནོན་པ་དང་བག་ལ་ཉལ་སྤོང་བ་དང་སྲིད་པ་ལས་ཡང་དག་པར་འདའ་བ་དང་སྐྱེ་བ་དྲན་པ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་དང་ཆོས་སེམས་པ་དང་ཐོས་པ་ཚོལ་བ་དང་། ཡེ་ཤེས་རྣོ་བ་དང་ཡེ་ཤེས་ལ་སྲེད་པ་དང་ཡེ་ཤེས་རྗེས་སུ་རྟོགས་པ་དང་ཅང་ཤེས་ཀྱི་ས་དང་སེམས་རི་ལྟ་བུ་དང་མི་སྒུལ་བ་དང་མི་གཡོ་བ་དང་ཕྱིར་མི་ལྡོག་པའི་ས་རྣམ་པར་གཞག་པ་ཤེས་པ་དང་། དགེ་བའི་ཆོས་ཀྱི་རྒྱུ་འཐུན་པ་དང་སྡིག་པའི་ཆོས་ལ་སྨོད་པ་དང་ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་དང་བསླབ་པ་ཡོངས་སུ་མི་གཏོང་བ་དང་། ཏིང་ངེ་འཛིན་རྣམ་པར་འཇོག་པ་དང་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པ་དང་། སྐྱེ་བའི་ཁྱད་པར་ཤེས་པ་དང་མཉམ་པ་ཉིད་ཤེས་པ་དང་ཚིག་གི་མཚམས་སྦྱར་བ་ཤེས་པ་དང་ཁྱིམ་ན་གནས་པ་ཡོངས་སུ་གཏོང་བ་དང་། ཁམས་གསུམ་ལ་མངོན་པར་མི་དགའ་བ་དང་སེམས་ཞུམ་པ་མེད་པ་དང་ཆོས་ལ་མངོན་པར་ཞེན་པ་མེད་པ་དང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་ཆོས་སྲུང་བ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་འདུལ་བ་ལ་མཁས་
པ་དང་རྩོད་པའི་གཞི་ཞི་བར་བྱེད་པ་དང་འགྱེད་པ་མེད་པ་དང་རྩོད་པ་མེད་པ་དང་བཟོད་པའི་ས་དང་བཟོད་པ་ཡང་དག་པར་འཛིན་པ་དང་འགྲོ་བ་མཉམ་པ་དང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་དང་ཆོས་གཏན་ལ་དབབ་པ་ལ་མཁས་པ་དང་ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཤེས་པ་དང་ཆོས་ཀྱི་ཚིག་ངེས་པར་དགོད་པ་ལ་མཁས་པ་དང་། སྔོན་གྱི་མཐའ་ཤེས་པ་དང་ཕྱི་མའི་མཐའ་ཤེས་པ་དང་ད་ལྟར་བྱུང་བ་ཤེས་པ་དང་དུས་གསུམ་མཉམ་པ་ཉིད་ཤེས་པ་དང་འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་དང་། ལུས་གནས་པ་ཤེས་པ་དང་སེམས་གནས་པ་ཤེས་པ་དང་སྤྱོད་ལམ་སྲུང་བ་དང་སྤྱོད་ལམ་མི་འཁྲུགས་པ་དང་སྤྱོད་ལམ་མི་འཆོས་པ་དང་སྤྱོད་ལམ་མཛེས་པ་དང་དོན་དང་དོན་མ་ཡིན་པ་ལ་མཁས་ཤིང་ཤེས་པ་དང་རིགས་པར་སྨྲ་བ་དང་། འཇིག་རྟེན་ཤེས་པ་དང་ལྷུག་པར་གཏོང་བ་དང་ལག་བརྐྱང་བ་དང་སེམས་ཀྱིས་འཛིན་པ་མེད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་། མི་དགེ་བའི་སེམས་ལ་སྨོད་པ་དང་སྦྱངས་པའི་ཡོན་ཏན་མི་གཏོང་བ་དང་ཆོ་ག་ཡང་དག་པར་འཛིན་པ་དང་དགའ་བར་སྤྱོད་པ་དང་བླ་མ་ལ་ལྡང་ཞིང་སྟན་འདིང་བ་དང་ང་རྒྱལ་ཚར་གཅོད་པ་དང་སེམས་ཡང་དག་པར་རབ་ཏུ་འཛིན་པ་དང་སེམས་སྐྱེ་བ་ཤེས་པ་དང་དོན་རྟོགས་པར་ཤེས་པ་དང་ཡེ་ཤེས་རྗེས་སུ་རྟོགས་པ་དང་། མི་ཤེས་པ་མེད་པར་གྱུར་པ་དང་སེམས་ལ་འཇུག་པ་ཤེས་པ་དང་སེམས་ཀྱི་རང་བཞིན་རྗེས་སུ་རྟོགས་པ་ཤེས་པ་དང་། སྒྲུབ་པ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤེས་པ་དང་སྒྲ་སྐད་ཐམས་ཅད་ཤེས་པ་དང་ངེས་པའི་ཚིག་རྣམ་པར་གཞག་པ་ཤེས་པ་དང་དོན་གཏན་ལ་དབབ་པར་ཤེས་པ་དང་གནོད་པ་རྣམ་པར་སྤོང་བ་དང་། སྐྱེས་བུ་དམ་པ་དང་འགྲོགས་པ་དང་སྐྱེས་བུ་ངན་པ་རྣམ་པར་སྤོང་བ་དང་བསམ་གཏན་རྣམས་སྒྲུབ་ཅིང་དེ་ལ་རོ་མྱོང་བར་མི་བྱེད་པ་དང་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་དང་། མིང་དང་བརྡ་དང་གདགས་པའི་ངོ་བོ་ཉིད་ལ་འཇུག་པ་ཤེས་པ་དང་། བཏགས་པ་ཡང་དག་པར་འཇོམས་པ་དང་འདུ་བྱེད་རྣམས་ལ་སྐྱོ་བ་དང་བཀུར་སྟི་མི་འདོད་པ་དང་བཀུར་སྟི་མེད་པ་ལ་བཏང་སྙོམས་སུ་བྱེད་པ་དང་རྙེད་པ་ལ་དོན་དུ་མི་གཉེར་བ་དང་རྙེད་པ་མེད་པ་ལ་ཞུམ་པ་མེད་པ་དང་སྙན་པ་མི་འདོད་པ་དང་མི་སྙན་པ་ལ་ཁོང་ཁྲོ་བ་མེད་
པ་དང་བསྟོད་པ་ལ་དགའ་བ་མེད་པ་དང་སྨད་པ་ལ་མི་དགའ་བ་མེད་པ་དང་བདེ་བ་ལ་མངོན་པར་མ་ཆགས་པ་དང་སྡུག་བསྔལ་ལ་ཡིད་འབྱུང་བར་མི་བྱེད་པ་དང་འདུ་བྱེད་རྣམས་ལེན་པར་མི་བྱེད་པ་དང་བསྔགས་པ་ཡང་དག་པ་ལ་མ་ཆགས་པ་དང་བསྔགས་པ་ཡང་དག་པ་མ་ཡིན་པ་ལ་མི་མཇེད་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་མི་སྟེན་པ་དང་། སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་དང་སྤྱོད་ཡུལ་དུ་རྒྱུ་བ་དང་སྤྱོད་པ་ཕུན་སུམ་ཚོགས་པ་དང་སྤྱོད་པ་མ་ཡིན་པ་རྣམ་པར་སྤོང་བ་དང་། རིགས་སུན་པར་མི་བྱེད་པ་དང་བསྟན་པ་སྲུང་བ་དང་སྨྲ་བ་ཉུང་ཞིང་མཉེན་པ་དང་དལ་གྱིས་སྨྲ་བ་དང་། ཚིག་གི་ལན་བླན་པ་ལ་མཁས་པ་དང་ཕྱིར་རྒོལ་བ་ཚར་གཅོད་པ་དང་དུས་སུ་འགྲོ་བར་བྱེད་པ་དང་སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་དང་སྡུག་བསྔལ་བ་རྣམས་ཁྱད་དུ་གསོད་པར་མི་བྱེད་ཅིང་དེ་དག་ལ་ནོར་སྦྱིན་པ་དང་། དབུལ་པོ་རྣམས་ལ་བརྙས་པར་མི་བྱེད་པ་དང་ཚུལ་ཁྲིམས་འཆལ་པ་ལ་སྙིང་རྗེ་བ་དང་ཕན་པའི་དངོས་པོ་དང་སྙིང་བརྩེ་བའི་བློ་དང་ཆོས་ཀྱིས་ཕན་འདོགས་པ་དང་ཟང་ཟིང་ཡོངས་སུ་གཏོང་བ་དང་། མི་སྩོགས་པར་གནས་པ་དང་ཚུལ་ཁྲིམས་ལ་སྟོད་ཅིང་འཆལ་པའི་ཚུལ་ཁྲིམས་ལ་སྨོད་པ་དང་ཚུལ་ཁྲིམས་དང་ལྡན་པ་ལ་གཡོ་མེད་པར་སྟེན་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་ལྷག་པའི་བསམ་པས་གཉེར་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་རྒྱུན་མི་ཆད་པར་སྦྱོར་བ་དང་གུས་པར་བྱས་ཏེ་དགའ་བ་མྱོང་བར་བྱེད་པ་དང་། དཔེ་ཤེས་པ་དང་སྔོན་བྱུང་བ་ལ་མཁས་པ་དང་དགེ་བའི་རྩ་བ་སྔོན་དུ་འགྲོ་བ་དང་ཐབས་ལ་མཁས་པ་དང་མཚན་མ་སྤོང་བ་དང་འདུ་ཤེས་ཟློག་པ་དང་དངོས་པོ་རྣམས་ཡོངས་སུ་ཤེས་པ་དང་། མདོ་སྡེ་མངོན་པར་སྒྲུབ་པ་དང་འདུལ་བ་ལ་མཁས་པ་དང་བདེན་པ་གཏན་ལ་འབེབས་པ་དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བ་ལ་འཇུག་པ་དང་། ཚིག་མགོ་གཅིག་ཏུ་སྨྲ་བ་དང་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་མི་གཏོང་བ་དང་། ནེམ་ནུར་མེད་པའི་ཚིག་དང་སྟོང་པ་ཉིད་ལ་སྟེན་པ་དང་མཚན་མ་མེད་པ་ལ་སྟེན་པ་དང་སྨོན་པ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་པ་དང་མི་འཇིགས་པ་ཐོབ་པ་དང་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་དང་ཚུལ་ཁྲིམས་དམ་པ་དང་། སྙོམས་པར་འཇུག་པ་ལ་གཞོལ་བ་དང་། གཅིག་པུར་དགའ་བ་དང་།
བདག་ཤེས་པ་དང་ཤེས་ཀྱི་ཁེ་ཉུང་ངུས་ཆོག་ཤེས་པ་དང་སེམས་ལ་རྙོག་པ་མེད་པ་དང་ལྟ་བར་གྱུར་པ་རྣམ་པར་སྤོང་བ་དང་། གཟུངས་ཐོབ་པ་དང་ཡེ་ཤེས་ལ་འཇུག་པ་དང་གནས་དང་གནས་མ་ཡིན་པ་དང་། འཇུག་པ་དང་སྒྲུབ་པ་ཤེས་པ་དང་གཏན་ཚིགས་དང་། རིགས་པ་དང་ཚུལ་དང་སྒོ་དང་རྒྱུ་དང་ལམ་དང་ནན་ཏན་དང་སྒྲུབ་པ་དང་ཕྲིན་དང་གདམས་པ་དང་བསྟེན་པ་ལ་སྤྱོད་པ་དང་། རྗེས་སུ་འཐུན་པའི་བཟོད་པ་དང་བཟོད་པའི་ས་དང་མི་བཟོད་པ་དང་བྲལ་བ་དང་ཡེ་ཤེས་ཀྱི་ས་དང་མི་ཤེས་པ་སྤོང་བ་དང་ཤེས་པ་ལ་གནས་པ་དང་རྣལ་འབྱོར་སྤྱོད་པའི་ས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་། སྐྱེས་བུ་དམ་པ་ལ་བསྟེན་པ་དང་སྐྱེས་བུ་དམ་པ་མ་ཡིན་པ་སྤོང་བ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་ཤེས་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་སངས་རྒྱས་ཀྱི་ས་དང་མཁས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང་བྱིས་པ་རྣམས་ཀྱིས་སྤངས་པ་དང་ཉན་ཐོས་རྣམས་ཀྱིས་ཤེས་པར་དཀའ་བ་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་པ་དང་མུ་སྟེགས་ཅན་གྱི་ས་མ་ཡིན་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གཟུང་བ་དང་སྟོབས་བཅུ་དག་གིས་རྗེས་སུ་རྟོགས་པ་དང་། ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་ཚངས་པས་ཕྱག་བྱ་བ་དང་བརྒྱ་བྱིན་རྣམས་ཀྱིས་སྔོན་དུ་འགྲོ་བར་བྱ་བ་དང་། ཀླུ་རྣམས་ཀྱིས་ཕྱག་བྱ་བ་དང་། གནོད་སྦྱིན་རྣམས་ཀྱིས་རྗེས་སུ་ཡི་རང་བར་བྱ་བ་དང་། མིའམ་ཅི་རྣམས་ཀྱིས་བསྟོད་པར་བྱ་བ་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བསྔགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བ་དང་། མཁས་པ་རྣམས་ཀྱིས་ཀུན་ཆུབ་པར་བྱ་བ་དང་། བླ་ན་མེད་པའི་ནོར་དུ་གྱུར་པ་དང་། ཟང་ཟིང་མེད་པའི་སྦྱིན་པ་དང་། ནད་པ་རྣམས་ཀྱི་སྨན་དུ་གྱུར་པ་དང་། ཡེ་ཤེས་ཀྱི་མཛོད་དུ་གྱུར་པ་དང་། སྤོབས་པ་མི་ཟད་པ་དང་། མདོ་སྡེ་རྣམས་ཀྱི་ཚུལ་དུ་གྱུར་པ་དང་། དཔའ་བོ་དག་གི་གཡུལ་དུ་གྱུར་པ་དང་། ཁམས་གསུམ་ཡོངས་སུ་ཤེས་པ་དང་། ཕ་རོལ་ཏུ་འགྲོ་བ་དག་ལ་གཟིངས་ལྟ་བུ་དང་། ཆུ་བོའི་ནང་དུ་ཞུགས་པ་དག་ལ་གྲུ་ལྟ་བུ་དང་། གྲགས་པ་འདོད་པ་དག་གི་གྲགས་པ་དང་། སངས་རྒྱས་རྣམས་
ཀྱིས་བསྟོད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པ་དང་། སྟོབས་བཅུ་རྣམས་ཀྱིས་བསྟོད་པ་དང་། བྱང་ཆུབ་སེམས་དཔའ་དག་གི་ཡོན་ཏན་དང་། སྙིང་རྗེ་ཅན་དག་གི་བཏང་སྙོམས་དང་། ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་དང་། ཐེག་པ་ཆེན་པོ་དག་གི་དབུགས་འབྱིན་པ་དང་། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་ནན་ཏན་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་དུ་གྱུར་པ་དང་། བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པ་དང་། བདེ་བར་འགྲོ་བ་རྣམས་ཀྱི་རིག་པ་དང་། དོན་སྒྲུབ་པ་རྣམས་ཀྱི་དོན་དང་། དགྲའི་ནང་དུ་སོང་བ་དག་གི་སྐྱབས་དང་། ཕྱིར་རྒོལ་བ་རྣམས་ཆོས་དང་འཐུན་པས་ཚར་གཅོད་པ་དང་། མི་འཇིགས་པ་རྣམས་ཀྱི་བདེན་པའི་རྣམ་པ་དང་། སྟོབས་རྣམས་ཡང་དག་པར་ཚོལ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་སུ་གྱུར་པ་དང་། ཆོས་ཀྱི་སྐུའི་རྒྱན་དང་སྤྱོད་པ་རྣམས་ཀྱི་རྒྱུ་འཐུན་པ་དང་། སངས་རྒྱས་ཀྱི་སྲས་རྣམས་ཀྱི་རྒྱན་དང་། ཐར་པ་འདོད་པ་རྣམས་ཀྱི་དགའ་བ་དང་། སྲས་ཐུ་བོ་རྣམས་ཀྱི་དགའ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་དང་། སེམས་རྣམ་པར་དག་པ་དང་། ལུས་ཡོངས་སུ་དག་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀུན་ནས་ཉོན་མོངས་པ་མེད་པ་དང་། འདོད་ཆགས་འབྱུང་བ་མེད་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་གི་ས་མ་ཡིན་པ་དང་། ཡེ་ཤེས་འབྱུང་བ་དང་། རིག་པ་སྐྱེ་བ་དང་། མ་རིག་པ་སྤོང་བ་དང་། རྣམ་པར་གྲོལ་བ་སྙིང་པོར་བྱེད་པ་རྣམས་ཀྱི་ཚིམ་པ་དང་། ཏིང་ངེ་འཛིན་སྙིང་པོར་བྱེད་པ་རྣམས་ཀྱི་དགའ་བ་དང་། ལྟ་འདོད་པ་རྣམས་ཀྱི་མིག་ཏུ་གྱུར་པ་དང་། རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་དང་། མངོན་པར་སྒྲུབ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་དང་ཐོས་པ་དོན་དུ་གཉེར་བ་རྣམས་ཀྱི་གཟུངས་དང་། དྲན་པ་མི་བརྗེད་པ་དང་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་
དང་། འདྲེན་པ་རྣམས་ཀྱི་ཐབས་མཁས་པ་དང་། མི་བརྩོན་པ་རྣམས་ཀྱི་ཕྲ་བ་དང་། ཤེས་པར་དཀའ་བ་དང་མ་གྲོལ་བ་དག་གིས་མི་ཤེས་པ་དང་། ཡི་གེ་རྣམས་ལྡོག་པ་དང་། སྒྲ་ཤེས་པར་དཀའ་བ་དང་། རྟོགས་པ་རྣམས་ཀྱིས་ཀུན་ཤེས་པ་དང་། དེས་པ་རྣམས་ཀྱིས་ཤེས་པ་དང་། འདོད་པ་ཆུང་བ་རྣམས་ཀྱིས་རབ་ཏུ་རྟོགས་པ་དང་། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་དང་། དྲན་པ་དང་ལྡན་པ་རྣམས་ཀྱིས་བཅངས་པ་དང་། སྡུག་བསྔལ་ཟད་པ་དང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་སྲིད་པའི་འགྲོ་བ་དང་སྐྱེ་བའི་གནས་ཐམས་ཅད་གཅིག་ཏུ་ངེས་པར་བསྟན་པ་སྟེ། གཞོན་ནུ་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་སྔོན་ཡོངས་སུ་སྦྱང་བ་བྱས་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་གིས་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གསུམ་གྱིས་སྒྲའི་རྗེས་སུ་འབྲང་བའི་བཟོད་པ་ཐོབ་པར་གྱུར་ཏོ། །དགེ་སློང་སྟོང་དུ་ཚང་བ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་མིའི་སྐྱེ་དགུ་ལས་སྲོག་ཆགས་སྟོང་ཕྲག་དྲུག་ཅུས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་མ་བརྒྱད་ཁྲི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་ལྔ་བརྒྱས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །དགེ་བསྙེན་མ་དྲུག་སྟོང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་ཏེ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ།
ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་སྟེ། ཚད་མེད་པའི་སྣང་བ་འཇིག་རྟེན་དུ་བྱུང་ནས་འཇིག་རྟེན་གྱི་བར་མུན་ནག་སྨག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་ཏོ། །སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གཅིག་གིས་གཅིག་ཤེས་པར་གྱུར་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པར་གྱུར་ཏོ་ཞེས་འཛེར་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་བར་དུ་ཡང་དེ་བཞིན་ནོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།