འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
རྒྱ་གར་སྐད་དུ། ཨཱཪྱ་བི་མ་ལ་ཀཱིར་ཏི་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་འདས་པ་དང་། ད་ལྟར་གྱི་དང་། མ་བྱོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན་ཨ་མྲ་སྲུང་བའི་ཚལ་ན། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་སྟེ། མངོན་པར་ཤེས་པ་མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱངས་པ་ལས་ངེས་པར་བྱུང་བ། སངས་རྒྱས་ཀྱིས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཀྱི་གྲོང་ཁྱེར་སྲུང་བ། དམ་པའི་ཆོས་ཡོངས་སུ་འཛིན་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཕྱོགས་བཅུར་སྒྲ་ཤིན་ཏུ་བསྒྲགས་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱེད་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ། སྒྲིབ་པ་དང་ཀུན་ནས་སྡང་བ་ཐམས་ཅད་དང་བྲལ་བ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་གནས་པ། སྤོབས་པ་རྒྱུན་མི་འཆད་པ་སྦྱིན་པ་དང་། དུལ་བ་དང་། མི་འགྱུར་བ་དང་། ཡང་
དག་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ། མི་དམིགས་པ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ། མཚན་ཉིད་མེད་པའི་ཕྱག་རྒྱས་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཤེས་པ་ལ་མཁས་པ། འཁོར་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པའི་མི་འཇིགས་པས་རྣམ་པར་གནོན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་ཀྱིས་ལུས་ཤིན་ཏུ་བརྒྱན་པ། གཟུགས་དམ་པ་འཛིན་པ། རྒྱན་དང་བྲལ་བ། རི་རབ་ཀྱི་རྩེ་མོ་མཐོ་བ་བཞིན་དུ་སྙན་པ་དང་གྲགས་པས་མངོན་པར་འཕགས་པ། ལྷག་པའི་བསམ་པ་རྡོ་རྗེ་ལྟར་སྲ་བས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་ཕྱེད་པའི་དད་པ་རྙེད་པ། ཆོས་རིན་པོ་ཆེའི་འོད་ཟེར་ལས་བདུད་རྩིའི་ཆར་ཤིན་ཏུ་འབེབས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་དང་། སྨྲ་བ་དང་། དབྱངས་ཀྱི་ཡན་ལག་དང་། སྒྲ་རྣམ་པར་དག་པའི་དབྱངས་དང་ལྡན་པ། ཆོས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་ཅིང་མཐའ་དང་། མཐའ་མེད་པར་ལྟ་བའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཀུན་གཅོད་པ་དང་། སེང་གེ་ལྟར་འཇིགས་པ་མེད་ཅིང་སྒྲ་མངོན་པར་སྒྲོགས་པ། ཆོས་ཆེན་པོའི་འབྲུག་སྒྲ་སྒྲོགས་པ། མཚུངས་པ་དང་མི་མཚུངས་པའི་ཆོས་ལས་ཡང་དག་པར་འདས་པ། ཆོས་རིན་པོ་ཆེའི་ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ཡང་དག་པར་སྒྲུབ་པའི་དེད་དཔོན་ཆེན་པོ་དྲང་བ་དང་། ཞི་བ་དང་། ཕྲ་བ་དང་། འཇམ་པ་དང་། བལྟ་དཀའ་བ་དང་། རྟོགས་པར་དཀའ་བའི་ཆོས་ཀྱི་ཚུལ་ལ་མཁས་པ། སེམས་ཅན་རྣམས་ཀྱི་འོང་བ་དང་། འགྲོ་བ་དང་། སེམས་ཅན་གྱི་བསམ་པ་རྟོགས་པའི་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། མི་མཉམ་པ་དང་མཉམ་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་བསྐུར་བས་དབང་བསྐུར་བ། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་མ་འདྲེས་པ་ལ་ལྷག་པའི་བསམ་པས་ཞུགས་པ། ངན་སོང་གི་འཇིགས་པ་དང་། ངན་འགྲོའི་ལོག་པར་ལྟུང་བའི་འཇིགས་པའི་
འོབས་ཐམས་ཅད་ལས་རྒལ་བས་བསམས་བཞིན་དུ་སྲིད་པའི་འགྲོ་བར་སྐྱེ་བ་སྟོན་པ། སྨན་པའི་རྒྱལ་པོ་ཆེན་པོ། སེམས་ཅན་ཐམས་ཅད་འདུལ་བའི་ཆོ་ག་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་རྟོགས་པ། ཅི་རིགས་པར་ཆོས་ཀྱི་སྨན་སྦྱར་བ་རབ་ཏུ་སྦྱོར་བ། ཡོན་ཏན་མཐའ་ཡས་པའི་འབྱུང་གནས་དང་ལྡན་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་ཡོན་ཏན་བཀོད་པས་ལེགས་པར་བརྒྱན་པ་མཐོང་བ་དང་། ཐོས་པ་འབྲས་བུ་ཡོད་པ། གོམ་པ་འདོར་བ་འབྲས་བུ་ཡོད་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཡོན་ཏན་ཡོངས་སུ་བརྗོད་ཀྱང་ཡོན་ཏན་གྱི་ཆུ་བོ་མཐའ་ཡས་པར་རྟོགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཉམ་པར་ལྟ་བ་ཞེས་བྱ་དང་། མཉམ་མི་མཉམ་ལྟ་བ་དང་། ཏིང་ངེ་འཛིན་རྣམ་པར་སྤྲུལ་པའི་རྒྱལ་པོ་དང་། ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་ཏོག་དང་། འོད་ཀྱི་ཏོག་དང་། འོད་བཀོད་པ་དང་། རིན་པོ་ཆེ་བཀོད་པ་དང་། བཀོད་པ་ཆེན་པོ་དང་། སྤོབས་པ་བརྩེགས་པ་དང་། རིན་པོ་ཆེ་བརྩེགས་པ་དང་། ལག་ན་རིན་པོ་ཆེ་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། རྟག་ཏུ་ལག་བརྐྱང་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་གདུང་དང་། རྟག་ཏུ་དགའ་དགོད་དབང་པོ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། ལྷའི་རྒྱལ་པོ་དང་། སྨོན་ལམ་ལ་ཞུགས་པས་ཕྱིན་པ་དང་། སོ་སོ་ཡང་དག་པར་རིག་པ་རབ་ཏུ་བསྒྲུབ་པ་ཐོབ་དང་། ནམ་མཁའི་མཛོད་དང་། རིན་ཆེན་སྒྲོན་མ་འཛིན་དང་། རིན་ཆེན་དཔའ་དང་། རིན་ཆེན་དགའ་བ་དང་། རིན་ཆེན་དཔལ་དང་། མིག་འཕྲུལ་ཅན་དང་། དྲ་བ་ཅན་གྱི་འོད་དང་། དམིགས་པ་མེད་པའི་བསམ་གཏན་དང་། ཤེས་རབ་བརྩེགས་དང་། རིན་ཆེན་གཏོང་དང་། བདུད་འཇོམས་དང་། གློག་གི་ལྷ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། མཚན་བརྩེགས་ཡང་དག་འདས་དང་། སེང་གེའི་ང་རོ་མངོན་པར་བསྒྲགས་པའི་དབྱངས་དང་། རིའི་རྩེ་མོ་ཀུན་ཏུ་འཇོམས་པའི་རྒྱལ་པོ་དང་། སྤོས་ཀྱི་གླང་པོ་ཆེ་དང་། སྤོས་ཀྱི་བ་གླང་གླང་པོ་ཆེ་དང་། རྟག་ཏུ་འབད་དང་། བརྩོན་པ་མི་འདོར་བ་དང་། རབ་ཀྱི་བློ་གྲོས་དང་། མཛེས་པར་སྐྱེས་དང་།
པད་མོའི་དཔལ་གྱི་སྙིང་པོ་དང་། པད་མོ་བཀོད་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ཚངས་པའི་དྲ་བ་ཅན་དང་། རིན་ཆེན་གདན་དཀར་ཅན་དང་། བདུད་ལས་རྒྱལ་དང་། ཞིང་སྙོམས་བརྒྱན་དང་། ནོར་བུ་རིན་ཆེན་གདུགས་དང་། གཙུག་ན་གསེར་དང་། གཙུག་ན་ནོར་བུ་དང་། བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ངོ་། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ནས་ཚངས་པ་རལ་པ་ཅན་ལ་སོགས་པ་ཚངས་པ་ཁྲི་བཅོམ་ལྡན་འདས་ལ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་ལྷགས་པ་དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་སོ། །གླིང་ཆེན་པོ་བཞི་པ་སོ་སོ་ནས་ཀྱང་བརྒྱ་བྱིན་ཁྲི་ཉིས་སྟོང་ལྷགས་ཏེ། དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་སོ། །དེ་བཞིན་དུ་གཞན་ཡང་དབང་ཆེ་བ། དབང་ཆེ་བར་གྲགས་པའི་ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །རྒྱ་མཚོའི་ནང་ནས་རིའི་རྒྱལ་པོ་རི་རབ་མངོན་པར་འཕགས་པ་བཞིན་དུ་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ་ལམ་མེ་ལྷན་ནེ་ལྷང་ངེར་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐོགས་ནས་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཨ་མྲ་སྲུང་བའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། རིན་པོ་ཆེའི་གདུགས་ཇི་ལྟ་བུ་ཐོགས་པ་དེ་དག་གིས་བཅོམ་ལྡན་
འདས་ལ་མངོན་པར་བསྐྱབས་ཏེ། མངོན་པར་བསྐྱབས་ནས་ཕྱོགས་གཅིག་འཁོད་དོ། །རིན་པོ་ཆེའི་གདུགས་དེ་དག་ཕུལ་མ་ཐག་ཏུ་དེའི་མོད་ལ་སངས་རྒྱས་ཀྱི་མཐུས་རིན་པོ་ཆེའི་གདུགས་དེ་དག་གཅིག་ཏུ་གྱུར་ཏེ། རིན་པོ་ཆེའི་གདུགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཁེབས་པར་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཞེང་དེ་དག་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རིའི་རྒྱལ་པོ་རི་རབ་གང་དག་ཡོད་པ་རྣམས་དང་། གངས་རི་དང་། རི་བཏང་བཟུང་དང་། རི་བཏང་བཟུང་ཆེན་པོ་དང་། སྤོས་ཀྱི་ངད་ལྡན་དང་། རིན་པོ་ཆེའི་རི་དང་། རི་ནག་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱ་མཚོ་ཆེན་པོ་གང་དག་ཡོད་པ་རྣམས་དང་། མཚོ་དང་། མཚེའུ་དང་། རྫིང་དང་། འབབ་ཆུ་དང་། ཆུ་བྲན་དང་། ལུ་མ་འབབ་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཉི་མ་དང་ཟླ་བའི་གཞལ་མེད་ཁང་དང་། སྐར་མའི་གཟུགས་དང་། ལྷའི་གནས་དང་། ཀླུའི་གནས་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་དང་། རྒྱལ་པོ་ཆེན་པོ་བཞིའི་གནས་དང་། གྲོང་དང་། གྲོར་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་གཅིག་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་སྟོན་པ་གང་འབྱུང་བ་དེ་ཡང་རིན་པོ་ཆེའི་གདུགས་ཆེན་པོ་གཅིག་པོ་དེ་ལས་འབྱུང་བའི་སྒྲར་གྲག་གོ །དེ་ནས་བཅོམ་ལྡན་འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ནས་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་།
ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ། མིག་མི་འཛུམས་པར་ལྟ་ཞིང་འཁོད་དོ། །དེ་ནས་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་བཅོམ་ལྡན་འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གཙང་ཞིང་མཛེས་པ་པད་མའི་འདབ་ལྟར་ཡངས་པའི་སྤྱན། །དགོངས་པ་དག་ཅིང་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས། །དགེ་བའི་ལས་བསགས་ཡོན་ཏན་རྒྱ་མཚོ་དཔག་མི་ལང་། །དགེ་སྦྱོང་ཞི་བའི་ལམ་བརྟེན་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་འདྲེན་པའི་རྫུ་འཕྲུལ་ཁྱོད་གཟིགས་ཤིག །བདེ་བར་གཤེགས་པའི་ཞིང་མཆོག་རབ་གསལ་ཀུན་ཀྱང་གདའ། །ཁྱོད་ཀྱི་ཆོས་ཀྱི་བཀའ་མཆིད་རྒྱ་ཆེ་འཆི་མེད་འགྲོ། །དེ་དག་ཐམས་ཅད་ནམ་མཁའ་འདི་ཡི་དཀྱིལ་ན་གདའ། །ཁྱོད་ཀྱི་ཆོས་ཀྱི་རྒྱལ་སྲིད་མཆོག་འདི་ཆོས་ཀྱིས་རྒྱལ། །རྒྱལ་བས་འགྲོ་བ་རྣམས་ལ་ཆོས་ཀྱི་ནོར་ཀྱང་སྩལ། །ཆོས་རྣམས་རབ་ཏུ་འབྱེད་མཁས་དོན་དམ་སྟོན་མཛད་པ། །ཆོས་ཀྱི་དབང་ཕྱུག་ཆོས་རྒྱལ་ཁྱོད་ལ་མགོས་ཕྱག་འཚལ། །མཆིས་པ་མ་ལགས་པ་དང་མ་མཆིས་མ་ལགས་དང་། །ཆོས་འདི་ཐམས་ཅད་རྒྱུ་ལས་བརྟེན་ནས་འབྱུང་བ་དང་། །འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཅིང་། །དགེ་སྡིག་ལས་ཅིའང་ཆུད་མི་ཟ་ཞེས་གསུང་གིས་སྟོན། །ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་བརྙེས། །དེ་ལ་ཚོར་མེད་སེམས་དང་ཡིད་ཀྱི་རྒྱུ་བ་མེད། །མུ་སྟེགས་ངན་པའི་ཚོགས་རྣམས་ཀུན་གྱིས་དེ་མི་རྟོགས། །རྨད་བྱུང་ཆོས་ཀྱི་རྒྱལ་པོ་ལྷ་མི་མངོན་སུམ་དུ། །ལན་གསུམ་བཟླས་པ་ཆོས་ཀྱི་འཁོར་ལོ་རྣམ་མང་པོ། །ཤིན་ཏུ་ཞི་བ་རང་བཞིན་རྣམ་དག་རབ་ཏུ་བསྐོར། །དེ་ཚེ་དཀོན་མཆོག་གསུམ་པོ་དག་ཀྱང་ཉེ་བར་བསྟན། །ཁྱོད་ཀྱིས་དཀོན་མཆོག་ཆོས་ཀྱིས་ལེགས་པར་གང་བཏུལ་བ། །དེ་དག་རྟོག་པ་མ་མཆིས་རྟག་པར་རབ་ཏུ་ཞི། །ཁྱོད་ནི་སྐྱེ་རྒ་ན་འཆི་མཐར་འབྱིན་སྨན་པའི་མཆོག །ཡོན་ཏན་རྒྱ་མཚོ་དཔག་མི་ལང་ལ་མགོས་ཕྱག་འཚལ། །བསྟི་སྟང་ལེགས་པར་བགྱིས་
པས་མི་བསྐྱོད་རི་རབ་བཞིན། །ཚུལ་ཁྲིམས་ལྡན་དང་ཚུལ་ཁྲིམས་འཆལ་ལ་མཚུངས་པར་བྱམས། །མཉམ་པ་ཉིད་ལ་བཞུགས་ཤིང་ཐུགས་ཀྱང་ནམ་མཁའ་བཞིན། །སེམས་ཅན་དཀོན་མཆོག་འདི་ལ་སུ་ཞིག་མཆོད་མི་བགྱིད། །ཐུབ་པ་ཆེན་པོ་འཁོར་རྣམས་འདུས་པ་འདི་དག་ནི། །ཁྱོད་ཀྱི་ཞལ་དུ་རབ་ཏུ་དད་པའི་ཡིད་ཀྱིས་ལྟ། །ཐམས་ཅད་ཀྱིས་ཀྱང་རྒྱལ་བ་རང་གི་མདུན་གནས་མཐོང་། །དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ། །བཅོམ་ལྡན་འདས་ཀྱི་གསུང་གཅིག་རབ་ཏུ་ཕྱུང་བ་ཡང་། །འཁོར་རྣམས་ཀྱིས་ནི་གསུང་ལ་ཐ་དད་རྣམ་པར་རིག །འགྲོ་བ་དག་གིས་རང་གི་དོན་བཞིན་རྣམ་རིག་པ། །དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ། །གསུང་གཅིག་རབ་ཏུ་བསྒྲགས་པ་མཛད་པ་དེ་ཡིས་ནི། །ཁ་ཅིག་བག་ཆགས་བསྒོས་ཤིང་ཁ་ཅིག་རྟོགས་པར་བྱས། །སོམ་ཉི་འཚལ་བ་འདྲེན་པས་རབ་ཏུ་ཞི་མཛད་དེ། །དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ། །སྟོབས་བཅུ་འདྲེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་པ་མི་མངའ་འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་པ་ཡི་ཆོས་རྣམས་ངེས་པར་རབ་རྟོགས་པ། །འགྲོ་བ་ཐམས་ཅད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་ཏུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་ནས་སྐམ་ལ་བཞུགས་ལ་ཕྱག་འཚལ་ལོ། །དུབ་པའི་འགྲོ་བ་སྒྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་འགྲོ་བར་མི་གནས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་དང་འགྲོ་བར་ཞུགས་ཤིང་ཀུན་འགྲོགས་ཀྱང་། །འགྲོ་བ་ཐམས་ཅད་ལས་ནི་རྣམ་པར་གྲོལ་བའི་ཐུགས། །པད་མ་དག་ནི་ཆུ་སྐྱེས་ཆུ་ཡིས་ཡོང་མི་གོས། །ཐུབ་པའི་པད་མས་སྟོང་པ་ཉིད་ནི་ངེས་པར་བསྒོམས། །མཚན་མ་ཐམས་ཅད་རྣམ་པ་ཀུན་ཏུ་རབ་ཏུ་བསལ། །ཁྱོད་ནི་ཅི་ལའང་སྨོན་པར་མཛད་པ་ཡོང་མི་མངའ། །སངས་རྒྱས་དག་གི་མཐུ་ཆེན་བསམ་གྱིས་མི་ཁྱབ་སྟེ། །ནམ་མཁའ་ལྟ་བུར་མི་གནས་པ་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ལ་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་པོ་འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ལགས་ཞེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞུ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །གཞོན་ནུ་ཁྱོད་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་འདྲི་བ་ལེགས་སོ། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་། ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སེམས་ཅན་རྣམས་ལ་རྒྱས་པར་བྱེད་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་འཕགས་པ་ལྟ་བུས་དབང་པོ་སྐྱེ་བར་འགྱུར་བ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ནི་སེམས་ཅན་གྱི་དོན་ལས་བྱུང་བའི་ཕྱིར་རོ། །དཀོན་མཆོག་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ཇི་ལྟ་བུར་བྱ་བ་འདོད་པ་དེ་བཞིན་དུ་བྱེད་མོད་ཀྱི་ནམ་མཁའ་ལ་ནི་བྱར་མི་རུང་ཞིང་བརྒྱན་དུ་ཡང་མི་རུང་བ་དེ་བཞིན་དུ།
དཀོན་མཆོག་འབྱུང་གནས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་ཤེས་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུར་བྱ་བར་འདོད་པ་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་བྱེད་མོད་ཀྱི། སངས་རྒྱས་ཀྱི་ཞིང་ནམ་མཁར་ནི་བྱར་མི་རུང་ཞིང་བརྒྱན་དུ་མི་རུང་ངོ་། །དཀོན་མཆོག་འབྱུང་གནས་འོན་ཀྱང་བསམ་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གཡོ་མེད་པ་དང་། སྒྱུ་མེད་པ་རྣམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་ལྷག་པའི་བསམ་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་བསགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །སྦྱོར་བའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་ཆོས་ཐམས་ཅད་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །སྦྱིན་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བསམ་པ་ཐམས་ཅད་དང་ལྡན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྲུང་བའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བཟོད་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་བཟོད་པ་དང་། དུལ་བ་དང་ཞི་གནས་དམ་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་འགྲུས་བརྩམས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བསམ་གཏན་གྱི་
ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དྲན་པ་དང་ཤེས་བཞིན་གྱིས་མཉམ་པར་བཞག་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཚད་མེད་པ་བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་རྣམ་པར་གྲོལ་བ་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཐབས་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཐབས་དང་དཔྱོད་པ་ཐམས་ཅད་ལ་མཁས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་སྒྲུབ་པ་ཤེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཡོངས་སུ་བསྔོ་བའི་སེམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ཡོན་ཏན་ཐམས་ཅད་ཀྱི་རྒྱན་རྣམས་སྣང་བར་འགྱུར་རོ། །མི་ཁོམ་པ་བརྒྱད་རབ་ཏུ་ཞི་བར་བསྟན་པ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་ཐམས་ཅད་ཤིན་ཏུ་ཆད་ཅིང་མི་ཁོམ་པ་བརྒྱད་མེད་པར་འགྱུར་རོ། །བདག་ཉིད་བསླབ་པའི་གཞི་རྣམས་ལ་གནས་ཤིང་ཕ་རོལ་གྱི་ལྟུང་བ་མི་གླེང་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་སྒྲ་ཡང་མི་གྲག་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་
སུ་དག་པ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཚེ་ངེས་པ་དང་། ལོངས་སྤྱོད་ཆེ་བ་དང་། ཚངས་པར་སྤྱོད་པ་དང་། བདེན་པའི་རྗེས་སུ་འཇུག་པའི་ཚིག་གིས་བརྒྱན་པ་དང་། ངག་འཇམ་པ་དང་། འཁོར་མི་ཕྱེད་པ་དང་། བྱེ་བ་སྡུམ་པ་ལ་མཁས་པ་དང་། ཕྲག་དོག་དང་བྲལ་བ་དང་། གནོད་སེམས་ཀྱི་སེམས་མེད་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཅི་འདྲ་བར་བསམ་པ་ཡང་དེ་འདྲའོ། །བསམ་པ་ཅི་འདྲ་བར་སྦྱོར་བ་ཡང་དེ་འདྲའོ། །སྦྱོར་བ་ཇི་སྙེད་པར་ལྷག་པའི་བསམ་པ་ཡང་དེ་སྙེད་དོ། །ལྷག་པའི་བསམ་པ་ཇི་སྙེད་པར་ངེས་པར་སེམས་པ་ཡང་དེ་སྙེད་དོ། །ངེས་པར་སེམས་པ་ཇི་སྙེད་པར་སྒྲུབ་པ་ཡང་དེ་སྙེད་དོ། །སྒྲུབ་པ་ཇི་སྙེད་པར་ཡོངས་སུ་བསྔོ་བ་ཡང་དེ་སྙེད་དོ། །ཡོངས་སུ་བསྔོ་བ་ཇི་སྙེད་པར་ཐབས་རྣམས་ཀྱང་དེ་སྙེད་དོ། །ཐབས་རྣམས་ཇི་སྙེད་པར་ཞིང་ཡོངས་སུ་དག་པ་ཡང་དེ་སྙེད་དེ། ཞིང་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །སེམས་ཅན་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །བསྟན་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྒྲུབས་པ་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །ཡེ་ཤེས་བསྒྲུབས་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་རང་གི་སེམས་ཡོངས་སུ་དག་པ་ཡང་དེ་བཞིན་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་འདོད་པས་རང་གི་སེམས་ཡོངས་སུ་སྦྱང་བ་ལ་ནན་ཏན་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟ་བུར་བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་དག་པ་དེ་འདྲ་བར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཇི་ལྟ་བུར་སེམས་ཡོངས་སུ་དག་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ན།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་སེམས་ཡོངས་སུ་མ་དག་གམ། ཅི་ན་སངས་རྒྱས་ཀྱི་ཞིང་འདི་ལྟ་བུར་ཡོངས་སུ་མ་དག་པར་སྣང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ་ཅི་ན་དམུས་ལོང་དག་གིས་མི་མཐོང་། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ནི་དམུས་ལོང་གིས་ནོངས་ཀྱི་ཉི་མ་དང་ཟླ་བས་ནི་མ་ནོངས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་སེམས་ཅན་ལ་ལས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་མི་མཐོང་བ་དེ་ནི་སེམས་ཅན་རྣམས་ཀྱིས་མི་ཤེས་པས་ཉེས་ཀྱི་དེ་ལ་དེ་བཞིན་གཤེགས་པས་ཉེས་པ་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་མོད་ཀྱི་ཁྱོད་ཀྱིས་དེ་མི་མཐོང་ངོ་། །དེ་ནས་ཚངས་པ་རལ་པ་ཅན་གྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག །བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་སྟེ་དཔེར་ན་བཙུན་པ་ཤཱ་རིའི་བུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱི་བཀོད་པ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པའང་ཁོ་བོས་དེ་འདྲ་བ་མཐོང་ངོ་། །དེ་ནས་གནས་བརྟན་ཤཱ་རིའི་བུས་ཚངས་པ་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་ཁོ་བོས་ནི་ས་ཆེན་པོ་འདི་མཐོན་དམན་དང་། ཚེར་མ་དང་། གཡང་ས་དང་། རིའི་རྩེ་མོ་དང་། ངམ་གྲོག་དང་། འཇིམ་ངན་གྱིས་རབ་ཏུ་གང་བར་མཐོང་ངོ་། །ཚངས་པ་རལ་པ་ཅན་གྱིས་སྨྲས་པ། འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་ཡོངས་སུ་མ་དག་པར་མཐོང་བ་ནི་བཙུན་པ་ཤཱ་རིའི་བུ་སེམས་ལ་མཐོན་དམན་ཡོད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་མ་དག་པར་ངེས་སོ། །གང་དག་བཙུན་པ་ཤཱ་རིའི་བུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་དག་པ་དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་དག་པར་
མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་ཞབས་ཀྱི་མཐེ་བོས་བསྣུན་པ་དང་། བསྣུན་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་དུ་མ་བརྩེགས་པ་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མའི་ཚོགས་དག་རིན་པོ་ཆེ་བརྒྱ་སྟོང་དུ་མ་སོ་སོར་བཀོད་པར་གྱུར་པ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་མཐའ་ཡས་བཀོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིའང་དེ་འདྲའོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེའང་ངོ་མཚར་དུ་གྱུར་ཅིང་བདག་ཉིད་ཀྱང་རིན་པོ་ཆེའི་པད་མ་བཀོད་པའི་སྟན་ལ་འདུག་པ་སྙམ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་མཐོང་ངམ་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །སྔོན་མ་མཐོང་མ་ཐོས་པའི་བཀོད་པ་འདི་དག་གདའོ། །བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་མོད་ཀྱི་སེམས་ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་ཉེས་པ་མང་པོའི་སྐྱོན་ཆགས་པར་སྟོན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་ཏུ་ཟས་ཟ་ཡང་བསོད་ནམས་ཇི་ལྟ་བུ་བསགས་པའི་བྱེ་བྲག་གིས་ལྷའི་ཟས་བདུད་རྩི་ཉེ་བར་གནས་པ་དེ་བཞིན་དུ་ཤཱ་རིའི་བུ་སེམས་ཅན་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་པ་དག་ཀྱང་སེམས་ཅན་ཇི་ལྟར་ཡོངས་སུ་དག་པ་བཞིན་དུ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་འདི་སྣང་བ་ན་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ལིད་ཙ་བི་གཞོན་ནུ་གང་དག་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་ལྷན་ཅིག་ཏུ་ལྷགས་པ་ལྔ་བརྒྱ་པོ་དེ་དག་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་དག་བརྟུལ་བ་དང་། དེ་ནས་ཡང་སངས་རྒྱས་ཀྱི་ཞིང་དེ་ཕྱིར་སྔོན་གྱི་རང་བཞིན་དུ་གྱུར་པར་སྣང་ངོ་། །དེ་ན་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ལྷ་དང་མི་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་
འདུ་བྱེད་འདི་དག་ནི་མི་རྟག་གོ་སྙམ་དུ་རིག་ནས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ལ་མོས་པའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་ཉེ་བར་གཞག་པའི་མཚན་ཉིད་དུ་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཡང་དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཞིག་འདུག་སྟེ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། གཟུངས་ཐོབ་པ། མི་འཇིགས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཆོས་ཀྱི་ཚུལ་ཟབ་མོ་ལ་ཤིན་ཏུ་ཞུགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ། ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། སྤོབས་པ་དང་ལྡན་པ། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་མཁས་པ། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལས་ངེས་པར་བྱུང་བ་སོ་སོ་ཅི་རིགས་པར་ཆོས་སྟོན་པ། ཐེག་པ་ཆེན་པོ་འདི་ལ་བརྩོན་པར་བྱས་ཤིང་ཤེས་པར་བྱས་པ། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ། སངས་རྒྱས་ཀྱི་སྤྱོད་ལམ་ལ་གནས་པ། བློ་དམ་པ་རྒྱ་མཚོ་ལྟ་བུའི་རྗེས་སུ་ཞུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ཏེ་རབ་ཏུ་བསྔགས་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་པ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མཁས་པས་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཏེ། སེམས་ཅན་མགོན་མེད་པ་དང་དབུལ་པོ་རྣམས་བསྡུ་བའི་ཕྱིར་ལོངས་སྤྱོད་ཟད་མི་ཤེས་པ། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་བསྡུ་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ། སེམས་ཅན་སྡང་བ་དང་།
རབ་ཏུ་སྡང་བ་དང་། གནོད་སེམས་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། ཁྲོ་བའི་སེམས་ཅན་རྣམས་བསྡུ་བའི་ཕྱིར་བཟོད་པ་དང་དུལ་བ་ཐོབ་པ། སེམས་ཅན་ལེ་ལོ་ཅན་རྣམས་བསྡུ་བའི་ཕྱིར་བརྩོན་འགྲུས་འབར་བ། སེམས་འཁྲུག་པའི་སེམས་ཅན་རྣམས་བསྡུ་བའི་ཕྱིར་བསམ་གཏན་དང་། དྲན་པ་དང་། ཏིང་ངེ་འཛིན་ལ་གནས་པ། སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་བསྡུ་བའི་ཕྱིར་ཤེས་རབ་རྣམ་པར་ངེས་པ་ཐོབ་པ། གོས་དཀར་པོ་གྱོན་ལ་དགེ་སྦྱོང་གི་སྤྱོད་པས་ཕུན་སུམ་ཚོགས་པ། ཁྱིམ་གྱི་གནས་ན་གནས་ལ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། མ་འདྲེས་པ། བུ་དང་། ཆུང་མ་དང་། སླས་རྣམས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ། གཡོག་བྲན་གྱིས་ཡོངས་སུ་བསྐོར་བར་སྣང་ཡང་རབ་ཏུ་དབེན་པར་སྤྱོད་པ། རྒྱན་གྱིས་བརྒྱན་པར་སྣང་ཡང་རྟག་ཏུ་མཚན་དང་ལྡན་པ། ཟས་སྐོམ་གྱི་ཟས་ཟ་བར་སྣང་བ་ཡང་རྟག་ཏུ་བསམ་གཏན་གྱི་དགའ་བའི་ཟས་ཟ་བ། རྩེད་མོ་དང་། རྒྱན་པོའི་གྲྭ་ཐམས་ཅད་ན་སྣང་ཡང་རྩེད་མོ་དང་རྒྱན་པོ་ལ་ཆགས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་རྟག་ཏུ་དོན་ཡོད་པར་སྤྱོད་པ། ཡ་མཚན་ཅན་ཐམས་ཅད་ཚོལ་ཡང་སངས་རྒྱས་ལ་མི་ཕྱེད་པའི་བསམ་པ་དང་ལྡན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་བསྟན་བཅོས་ཀྱི་རྣམ་པ་ཤེས་ཀྱང་རྟག་ཏུ་ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ། འདུ་འཛི་ཀུན་གྱི་ནང་ན་སྣང་ཡང་ཐམས་ཅད་ཀྱི་ནང་ན་གཙོ་བོར་མཆོད་པ། འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་རྒན་རབས་དང་། བར་མ་དང་། གཞོན་ནུའི་གྲོགས་སུ་གྱུར་ཅིང་ཆོས་བཞིན་དུ་སྨྲ་བ། ཐ་སྙད་ཐམས་ཅད་དུ་འཇུག་ཀྱང་རྙེད་པ་དང་ལོངས་སྤྱོད་ལ་རེ་བ་མེད་པ། སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ལམ་གྱི་བཞི་མདོ་དང་སུམ་མདོ་ཐམས་ཅད་ནའང་སྣང་ལ་སེམས་ཅན་རྣམས་སྲུང་བའི་ཕྱིར་རྒྱལ་པོའི་བྱ་བ་རྣམས་ལ་ཡང་ཞུགས་པ། ཐེག་པ་དམན་པ་ལ་མོས་པ་ཟློག་ཅིང་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་པར་གཟུད་པའི་ཕྱིར་ཆོས་ཉན་པ་དང་། ཡང་དག་པར་བརྗོད་པ་ཐམས་ཅད་
ན་ཡང་སྣང་བ། བྱིས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེའི་གྲྭ་ཁང་ཐམས་ཅད་དུའང་འགྲོ་བ། འདོད་པའི་ཉེས་པ་ཡང་དག་པར་བསྟན་པའི་ཕྱིར་སྨད་འཚོང་གི་ཁྱིམ་ཀུན་དུའང་འཇུག་པ། དྲན་པ་ཡང་དག་པར་གཞག་པའི་ཕྱིར་ཆང་འཚོང་བའི་ཁྱིམ་ཐམས་ཅད་དུའང་འཇུག་པ། ཆོས་ཀྱི་མཆོག་བསྟན་པའི་ཕྱིར་ཚོང་དཔོན་གྱི་ནང་དུ་ཡང་ཚོང་དཔོན་དུ་ཀུན་གྱིས་བཀུར་བ། འཛིན་པ་ཐམས་ཅད་ཀྱི་ལེན་པ་ཡོངས་སུ་གཅད་པའི་ཕྱིར་ཁྱིམ་བདག་གི་ནང་དུའང་ཁྱིམ་བདག་ཏུ་ཀུན་གྱིས་བཀུར་བ། བཟོད་པ་དང་དེས་པ་དང་། སྟོབས་ལ་རབ་ཏུ་དགོད་པའི་ཕྱིར་རྒྱལ་རིགས་ཀྱི་ནང་དུ་ཡང་རྒྱལ་རིགས་སུ་ཀུན་གྱིས་བཀུར་བ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཤིན་ཏུ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུ་ཡང་བྲམ་ཟེར་ཀུན་གྱིས་བཀུར་བ། རྒྱལ་པོའི་བྱ་བ་ཐམས་ཅད་ཆོས་དང་འཐུན་པར་བསྒོ་བའི་ཕྱིར་བློན་པོའི་ནང་དུ་ཡང་བློན་པོར་ཀུན་གྱིས་བཀུར་བ། རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ལ་ཆགས་པ་བཟློག་པའི་ཕྱིར་གཞོན་ནུའི་ནང་དུ་ཡང་གཞོན་ནུར་ཀུན་གྱིས་བཀུར་བ། བུད་མེད་གཞོན་ནུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་དུ་ཡང་ཉུང་རུམ་དུ་ཀུན་གྱིས་བཀུར་བ། ཐ་མལ་བའི་བསོད་ནམས་ཁྱད་པར་དུ་འཕགས་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་པ་དང་ཡང་འཐུན་པར་འཇུག་པ། དབང་ཕྱུག་གི་བདག་པོར་བསྟན་པའི་ཕྱིར་བརྒྱ་བྱིན་གྱི་ནང་དུ་ཡང་བརྒྱ་བྱིན་དུ་ཀུན་གྱིས་བཀུར་བ། ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཚངས་པའི་ནང་དུའང་ཚངས་པར་ཀུན་གྱིས་བཀུར་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་སྐྱོང་བའི་ནང་དུ་ཡང་འཇིག་རྟེན་སྐྱོང་བར་ཀུན་གྱིས་བཀུར་བ་སྟེ། དེ་ལྟར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་ཏེ། ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ །དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས་དེ་ལ་ནད་འདྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་དང་། དབང་པོ་དང་། གཞོན་ནུའི་འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་།
གྲོང་པ་དང་། ཡུལ་གྱི་མི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་བཅང་མི་བཟོད་པ་སྟེ། དབུ་བ་རྡོས་པ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲེད་པ་ལས་བྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ་ཆུ་ཤིང་གི་སྡོང་པོ་ལྟ་བུའོ། །ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་སྦྲེལ་བ་སྟེ་འཁྲུལ་འཁོར་ལྟ་བུའོ། །ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ་སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ་རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ལས་ཀྱིས་གཟུགས་བརྙན་སྣང་བ་སྟེ་གཟུགས་བརྙན་ལྟ་བུའོ། །ལུས་འདི་ནི་རྐྱེན་ལ་རག་ལུས་པའི་ཕྱིར་བྲག་ཅ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་ཉིད་དེ་སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ་གློག་དང་མཚུངས་སོ། །ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ་བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་པའོ། །ལུས་འདི་ནི་བདག་དང་བདག་གི་མེད་པ་སྟེ་སྟོང་པའོ། །ལུས་འདི་ནི་རྩྭ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེམས་པོའོ། །
ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང་མི་གཙང་བ་བསགས་པ་སྟེ་གསོག་གོ །ལུས་འདི་ནི་རྟག་ཏུ་བསྐུ་བ་དང་། མཉེ་བ་དང་། འཇིག་པ་དང་། འགྱེས་པའི་ཆོས་ཅན་ཏེ་གསོབ་བོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ་ཁྲོན་པ་རྙིང་པ་དང་འདྲ་བའོ། །ལུས་འདི་ནི་འཆི་བའི་མཐའ་ཡིན་ཏེ་མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་སྦྲུལ་གདུག་པ་དང་། གྲོང་སྟོང་པ་ལྟ་བུ་སྟེ། ཁྱོད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་ཡིད་བྱུང་བ་དང་སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བགྱིའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་ལས་སྐྱེས་པ། སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་དེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་རིག་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ།
དབེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་སྤང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་དེ་ལྟར་ནད་འདྲི་བའི་ཚོགས་པ་དེ་དག་ལ་ཇི་ནས་སེམས་ཅན་བརྒྱ་སྟོང་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་དེ་ལྟ་བུར་ཆོས་འཆད་དོ། །ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ཏེ། བདག་ནི་ན་ཞིང་མི་བདེ་སྟེ་ཁྲིའི་སྟེང་ན་འདུག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་མ་དགོངས་ཏེ། ཐུགས་མི་བརྩེ་བའི་ཕྱིར་ནད་འདྲི་བ་འགའ་ཡང་མ་བཏང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་སེམས་ཀྱི་རྟོག་པ་དེ་ལྟ་བུ་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཤིང་ཞིག་གི་དྲུང་ན་ནང་དུ་ཡང་དག་བཞག་པར་གྱུར་པ་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཡང་ཤིང་དེའི་དྲུང་ག་ལ་བ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཤཱ་རིའི་བུ་ཇི་ལྟར་ཁྱོད་ཀྱིས་ནང་དུ་ཡང་དག་བཞག་པ་དེ་ལྟ་བུའི་ནང་དུ་ཡང་དག་འཇོག་པ་ལ་ནང་དུ་ཡང་དག་བཞག་པ་མི་བྱའོ། །ཇི་ལྟར་ཁམས་གསུམ་དུ་ལུས་དང་སེམས་མི་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་
པར་གྱིས་ཤིག །ཇི་ལྟར་འགོག་པ་ལས་ཀྱང་མི་ལྡང་ཞིང་སྤྱོད་ལམ་ཀུན་དུ་ཡང་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ཐོབ་པའི་མཚན་ཉིད་ཀྱང་མི་འདོར་ལ་སོ་སོའི་སྐྱེ་བོའི་མཚན་ཉིད་དུ་ཡང་སྣང་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ཁྱོད་ཀྱི་སེམས་ནང་ན་ཡང་མི་འདུག་ལ་ཕྱི་རོལ་གྱི་གཟུགས་ལ་ཡང་མི་རྒྱུ་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ལྟ་བར་གྱུར་པ་ཐམས་ཅད་ལ་ཡང་མི་གཡོ་ཞིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་ཡང་སྣང་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་འཁོར་བ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱང་མི་སྤོང་ལ། མྱ་ངན་ལས་འདས་པ་ལ་ཡང་ཡང་དག་པར་གཞོལ་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །བཙུན་པ་ཤཱ་རིའི་བུ་གང་དག་དེ་ལྟར་ནང་དུ་ཡང་དག་གཞག་པ་ལ་ནང་དུ་ཡང་དག་འཇོག་ན་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ནང་དུ་ཡང་དག་འཇོག་པར་བཀའ་སྩལ་ཏོ་ཞེས་མཆི་ནས། བཅོམ་ལྡན་འདས་བདག་གིས་ཆོས་ཉིད་དེ་ཐོས་ནས་དེ་ལ་སླར་ཚིག་ལན་ལྡོན་པའི་རྔོ་མི་ཐོགས་ཤིང་ཅང་མི་མཆི་བར་འགྱུར་ཏེ། དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽང་གལ་གྱི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །མཽང་གལ་གྱི་བུས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲང་ཞིག་གི་སྒོ་ན་ཁྱིམ་བདག་རྣམས་ལ་བདག་ཆོས་སྟོན་ཅིང་མཆིས་པའི་དྲུང་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མཽང་གལ་གྱི་བུ་ཇི་ལྟར་སྟོན་པ་ལྟར་ནི་ཁྱིམ་པ་གོས་དཀར་པོ་ཅན་རྣམས་ལ་དེ་ལྟར་ཆོས་མི་བསྟན་ཏོ། །བཙུན་པ་མཽང་གལ་གྱི་བུ་ཆོས་དེ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་བྱ་སྟེ། བཙུན་པ་མཽང་གལ་གྱི་བུ་ཆོས་ནི་སེམས་ཅན་མེད་པ་སྟེ་སེམས་ཅན་གྱི་རྡུལ་དང་བྲལ་བ། བདག་མེད་པ་སྟེ་འདོད་ཆགས་ཀྱི་རྡུལ་
དང་བྲལ་བ། སྲོག་མེད་པ་སྟེ་སྐྱེ་བ་དང་འཆི་འཕོ་དང་བྲལ་བ། གང་ཟག་མེད་པ་སྟེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ། ཞི་བ་དང་ཉེ་བར་ཞི་བའི་མཚན་ཉིད་དེ་འདོད་ཆགས་དང་བྲལ་བ། དམིགས་པ་མེད་པར་འགྲོ་བ་སྟེ་ཡི་གེ་མེད་པ། ཚིག་ཐམས་ཅད་ཆད་པ། བརྗོད་དུ་མེད་པ། རླབས་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ་ནམ་མཁའ་དང་མཉམ་ཞིང་མཚུངས་པ། ཁ་དོག་དང་། རྟགས་དང་། དབྱིབས་མེད་པ། རྒྱུ་བ་ཐམས་ཅད་དང་བྲལ་བ། ངའི་བ་མེད་པ། ང་ཡིར་འཛིན་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། གཉེན་པོ་མེད་པའི་ཕྱིར་འདྲ་བ་མེད་པ། རྒྱུ་དང་མི་འཐུན་ཞིང་རྐྱེན་དུ་སྒྲོ་འདོགས་པ་མེད་པ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱིར་ཆོས་ཐམས་ཅད་ནི་མཉམ་པར་གཞག་པ། རྗེས་སུ་མི་འགྲོ་བའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ། ཤིན་ཏུ་མ་གཡོས་པའི་ཕྱིར་ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཡུལ་དྲུག་ལ་མི་རྟེན་པས་མ་གཡོས་པ། མི་གནས་པས་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་རྟོག་པ་དང་སེལ་བ་མེད་པ། དོར་བ་མེད་ཅིང་གཞག་པ་མེད་པ། སྐྱེ་བ་དང་འཇིག་པ་མེད་པ། ཀུན་གཞི་མེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ལམ་ལས་ཡང་དག་པར་འདས་པ། མ་ཁེངས་པ། མ་རུང་བ། གནས་པ། མི་གཡོ་བར་གྱུར་པ། རྒྱུ་བ་ཐམས་ཅད་དང་བྲལ་བ་སྟེ། བཙུན་པ་མཽང་གལ་གྱི་བུ་ཆེན་པོ་དེ་ལྟ་བུའི་ཆོས་ལ་བསྟན་པ་ཇི་ལྟ་བུ་ཞིག་ཡོད། བཙུན་པ་མཽང་གལ་གྱི་བུ་ཆེན་པོ་ཆོས་བསྟན་པ་ཞེས་བྱ་བ་དེ་ཡང་སྒྲོ་བཏགས་པའི་ཚིག་སྟེ། གང་དག་ཉན་པ་དེ་དག་ཀྱང་སྒྲོ་བཏགས་པ་ཉན་ཏོ། །བཙུན་པ་མཽང་གལ་གྱི་བུ་གང་ལ་སྒྲོ་བཏགས་པའི་ཚིག་མེད་པ་དེ་ལ་ཆོས་སྟོན་པ་ཡང་མེད་དེ། ཐོས་པ་ཡང་མེད། ཤེས་པ་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་དག་ལ་ཆོས་བསྟན་པ་བཞིན་ནོ། །དེ་ལྟ་བུར་སེམས་གནས་པས་ཆོས་
བསྟན་པར་བྱའོ། །ཁྱོད་ཀྱིས་སེམས་ཅན་གྱི་དབང་པོ་ལ་མཁས་པར་བྱའོ། །ཤེས་རབ་ཀྱི་མིག་གིས་ལེགས་པར་མཐོང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་དང་། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། བསམ་པ་དག་པ་དང་། ཆོས་ཀྱི་ངེས་པའི་ཚིག་རྣམ་པར་ཤེས་པས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཆོས་བསྟན་པར་བྱའོ་ཞེས་མཆི་སྟེ། བཅོམ་ལྡན་འདས་དེ་ལྟ་དེ་ལྟ་བུར་དེས་ཆོས་བསྟན་པས་ཁྱིམ་བདག་གི་འཁོར་དེ་ལས་ཁྱིམ་བདག་བརྒྱད་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འོད་སྲུང་ཆེན་པོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། དབུལ་པོའི་སྲང་དུ་བསོད་སྙོམས་ལ་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །འདི་ལྟར་སེམས་ཅན་ཆེན་པོའི་ཁྱིམ་བཀོལ་ཏེ་དབུལ་པོའི་ཁྱིམ་རྣམས་སུ་འགྲོ་བ་ནི་བཙུན་པ་འོད་སྲུང་ཆེན་པོའི་བྱམས་པ་ཕྱོགས་གཅིག་པ་ཡིན་གྱི་བཙུན་པ་འོད་སྲུང་ཆེན་པོ་ཆོས་མཉམ་པ་ཉིད་ལ་གནས་པར་བྱའོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ། །ཟས་མེད་པར་ཟས་བཙལ་བར་བྱའོ། །གཞན་གྱི་རིལ་པོར་འཛིན་པ་བཙལ་བའི་ཕྱིར་ཁྱོད་བསོད་སྙོམས་ལ་འགྲོ་བར་བྱའོ། །གྲོང་སྟོང་པར་བྱིན་གྱིས་བརླབས་ཏེ་ཁྱོད་གྲོང་དུ་འཇུག་པར་བྱའོ། །སྐྱེས་པ་དང་བུད་མེད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱོད་གྲོང་ཁྱེར་དུ་འཇུག་པར་བྱའོ། །སངས་རྒྱས་ཀྱི་རིགས་ཀྱིས་ཁྱོད་ཁྱིམ་དུ་འགྲོ་བར་བྱའོ། །མི་ལེན་པས་བསོད་སྙོམས་བླང་བར་བྱའོ། །དམུས་ལོང་དང་མཚུངས་པར་གཟུགས་རྣམས་ལ་བལྟའོ། །བྲག་ཅ་དང་འདྲ་བར་སྒྲ་རྣམས་
མཉན་ཏོ། །རླུང་དང་མཚུངས་པར་དྲི་རྣམས་མནམ་མོ། །རྣམ་པར་རིག་པ་མེད་པས་རོ་རྣམས་མྱང་ངོ་། །ཡེ་ཤེས་ལ་རེག་པ་མེད་པས་རེག་བྱ་རྣམས་ལ་རེག་པར་བྱའོ། །སྒྱུ་མའི་སྐྱེས་བུའི་རྣམ་པར་རིག་པས་ཆོས་རྣམས་ལ་རིག་པར་བྱའོ། །གང་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་མེད་པ་དེ་ནི་མི་འབར་བའོ། །གང་མི་འབར་བ་དེ་ནི་ཞི་བར་མི་འགྱུར་རོ། །གལ་ཏེ་གནས་བརྟན་འོད་སྲུང་ཆེན་པོ་ལོག་པ་ཉིད་བརྒྱད་ལས་ཀྱང་མི་འདའ་ཞིང་རྣམ་པར་ཐར་པ་བརྒྱད་ལའང་སྙོམས་པར་འཇུག་ཅིང་ལོག་པའི་མཉམ་པ་ཉིད་ཀྱིས་ཡང་དག་པའི་མཉམ་པ་ཉིད་ལ་འཇུག་པ་དང་། བསོད་སྙོམས་གཅིག་ཀྱང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་སངས་རྒྱས་ཐམས་ཅད་དང་འཕགས་པ་ཐམས་ཅད་ལ་ཡང་དབུལ་ཏེ། ཕུལ་ནས་གདོད་བདག་གིས་བཟའ་བ་ལྟ་ན་ཇི་ལྟར་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་དང་བྲལ་བ་ཡང་མ་ཡིན་པ་དེ་ལྟར་བཟའོ། །མཉམ་པར་བཞག་པ་ཡང་མ་ཡིན། ལངས་པ་ཡང་མ་ཡིན་པར་བཟའོ། །འཁོར་བ་ལའང་མི་གནས་ལ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པར་བཟའོ། །བཙུན་པ་ཁྱོད་ལ་གང་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་འབྲས་བུ་ཆེ་བར་ཡང་མི་འགྱུར། འབྲས་བུ་ཆུང་བར་ཡང་མི་འགྱུར། འབྲིང་བར་ཡང་མི་འགྱུར། ཁྱད་པར་དུ་ཡང་མི་འགྱུར། སངས་རྒྱས་གཤེགས་པར་ཡང་དག་པར་གཞོལ་བར་བྱའི་ཉན་ཐོས་འགྲོ་བར་ཡང་དག་པར་གཞོལ་བར་མི་བྱའོ། །གནས་བརྟན་འོད་སྲུང་ཆེན་པོ་དེ་ལྟར་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་བཟའོ་ཞེས་མཆི་སྟེ་བཅོམ་ལྡན་འདས་བདག་ཆོས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྱིམ་ན་གནས་པ་ཡང་འདི་ལྟ་བུའི་སྤོབས་པ་དང་ལྡན་ན། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད་སྙམ་ནས་དེ་ཚུན་ཆད་བདག་གིས་སེམས་ཅན་གང་ཡང་ཐེག་པ་ཆེན་པོ་མ་ལགས་པར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སྔོན་ཆད་མ་བཙུད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །རབ་འབྱོར་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་འཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོར་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་བསོད་སྙོམས་ལ་མཆིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བདག་གི་ལྷུང་བཟེད་འཚལ་ནས་ཟས་བཟང་པོས་བཀང་སྟེ་འདི་སྐད་ཅེས་མཆིའོ། །བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་ཟང་ཟིང་གི་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ན་གཟོད་བསོད་སྙོམས་འདི་ལོང་ཤིག །བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་མ་སྤངས་ལ་དེ་དག་དང་ལྷན་ཅིག་ཏུ་ཡང་མི་གནས། གལ་ཏེ་འཇིག་ཚོགས་ལ་ལྟ་བའང་མ་བསྐྱོད་ལ་བགྲོད་པ་གཅིག་པའི་ལམ་དུ་ཡང་སོང་། ཁྱོད་ཀྱིས་མ་རིག་པ་དང་སྲིད་པའི་སྲེད་པ་ཡང་མ་བཅོམ་ལ་རིག་པ་དང་རྣམ་པར་གྲོལ་བ་ཡང་མ་སྐྱེད། མཚམས་མེད་པའི་མཉམ་པ་ཉིད་དང་། ཁྱོད་ཀྱི་རྣམ་པར་གྲོལ་བ་ཡང་མཚུངས། ཁྱོད་གྲོལ་བ་ཡང་མ་ཡིན་ལ་བཅིངས་པ་ཡང་མ་ཡིན། ཁྱོད་ཀྱིས་འཕགས་པའི་བདེན་པ་བཞི་འང་མ་མཐོང་ལ་བདེན་པ་མ་མཐོང་བ་ཡང་མ་ཡིན། འབྲས་བུ་ཐོབ་པའང་མ་ཡིན་ལ་སོ་སོའི་སྐྱེ་བོའང་མ་ཡིན་སོ་སོའི་སྐྱེ་བོའི་ཆོས་ལས་ཀྱང་མ་ལོག །ཁྱོད་འཕགས་པའང་མ་ཡིན་ལ་མ་འཕགས་པའང་མ་ཡིན། ཆོས་ཐམས་ཅད་དང་ཡང་ལྡན་ལ་ཆོས་ཐམས་ཅད་ཀྱི་འདུ་ཤེས་དང་ཡང་བྲལ། ཁྱོད་ཀྱིས་སྟོན་པ་ཡང་མ་མཐོང་། ཆོས་ཀྱང་མ་ཐོས། དགེ་འདུན་ལའང་བསྙེན་བཀུར་མ་བྱས་ཤིང་སྟོན་པ་དྲུག་པོ་གང་ཡིན་པ་དེ་དག་འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ཀཱ་ཏྱའི་བུ་ནོག་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། གཅེར་
བུ་གཉེན་གྱི་བུ་དེ་དག་བཙུན་པའི་སྟོན་པ་ཡིན་ཏེ། དེ་དག་ལ་བརྟེན་ནས་ཁྱོད་རབ་ཏུ་བྱུང་ཞིང་། སྟོན་པ་དྲུག་པོ་དེ་དག་གར་འགྲོ་བར་འཕགས་པ་རབ་འབྱོར་ཡང་འགྲོ་ལ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་ནང་དུ་ཡང་ཁྱོད་ཆུད་ཅིང་མཐའ་དང་དབུས་ཀྱང་མི་རྙེད་དོ། །ཁྱོད་མི་ཁོམ་པ་བརྒྱད་དུ་ཡང་འཇུག་ལ་དལ་བ་ཐོབ་པ་ཡང་མེད། ཁྱོད་ཀུན་ནས་ཉོན་མོངས་པ་དང་ཡང་མཉམ་པར་གྱུར་ལ་རྣམ་པར་བྱང་བ་ཡང་ཁོང་དུ་མ་ཆུད། གང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་མེད་པ་དེ་བཙུན་པའི་ཡང་ཉོན་མོངས་པ་མེད་པ་ཡིན། ཁྱོད་ཀྱི་སྦྱིན་པ་ཡང་རྣམ་པར་མ་སྦྱངས། བཙུན་པ་ཁྱོད་ལ་སུ་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་ལོག་པར་ལྷུང་བར་བྱེད། ཁྱོད་བདུད་ཐམས་ཅད་དང་ཡང་ལྷན་ཅིག །ཉོན་མོངས་པ་ཐམས་ཅད་ཀྱང་ཁྱོད་ཀྱི་གྲོགས་སུ་གྱུར། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བཙུན་པའི་ངོ་བོ་ཉིད་ཀྱང་དེ་ཡིན། སེམས་ཅན་ཐམས་ཅད་ལ་ཡང་ཁྱོད་ཀྱིས་གསད་པའི་སེམས་ཉེ་བར་གཞག །སངས་རྒྱས་ཐམས་ཅད་ལ་ཡང་ཁྱོད་ཀྱིས་སྐུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་མི་སྙན་པར་བྱས། དགེ་འདུན་ལ་ཡང་ཁྱོད་མི་རྟོན་ཅིང་ནམ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ན་གདོད་ཁྱོད་ཀྱིས་བསོད་སྙོམས་འདི་ལོང་ཤིག་ཅེས་མཆི་སྟེ། བསྟན་པ་འདི་དེ་ལས་ཐོས་ནས་བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་སྐད་བཤད། ཇི་སྐད་སྨྲ། ཇི་ལྟར་བགྱི་སྙམ་སྟེ། ཕྱོགས་བཅུ་མུན་པར་གྱུར་ནས་བདག་གིས་ལྷུང་བཟེད་དེ་ཡང་བོར་ཏེ་ཁྱིམ་ནས་སླར་འབྱུང་བར་བགྱིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་རབ་འབྱོར་ཡི་གེ་དག་ལ་མ་འཇིགས་པར་ལྷུང་བཟེད་འདི་ལོང་ཤིག །བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་དེ་སྐད་བྱས་ན་དེ་ཇི་སྐྲག་པར་འགྱུར་རམ་བདག་གིས་དེ་ལ་རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ་ཞེས་བགྱིས་སོ། །དེས་བདག་ལ་སྨྲས་པ། བཙུན་པ་རབ་འབྱོར་སྒྱུ་མ་སྤྲུལ་པའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྐྲག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚིག་དེ་དག་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ། དེ་ལྟར་མཁས་པ་དག་ཡི་གེ་རྣམས་ལ་
ཡང་མི་ཆགས་ཤིང་དེ་དག་ལ་སྐྲག་པར་མི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། རྣམ་པར་གྲོལ་བ་ནི་མ་གཏོགས་སོ། །ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཉིས་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ ། ། ལྷའི་བུ་ལྔ་བརྒྱ་ནི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ནས་དེ་ལ་སླར་ལན་ལྡོན་པའི་རྔོ་མི་ཐོགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །གང་པོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ནགས་ཚལ་ཆེན་པོའི་ས་ཕྱོགས་ཤིག་ན་ལས་དང་པོ་པའི་དགེ་སློང་དག་ལ་ཆོས་སྟོན་ཅིང་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་གང་པོ་སྙོམས་པར་ཞུགས་ཏེ་དགེ་སློང་འདི་དག་གི་སེམས་ལྟོས་ལ་ཆོས་སྟོན་ཅིག །རིན་པོ་ཆེའི་སྣོད་ཆེན་པོར་ཟན་རུལ་མ་བླུགས་ཤིག །དགེ་སློང་འདི་དག་གི་བསམ་པ་ཇི་ལྟ་བུ་ཤེས་པར་གྱིས་ལ་ནོར་བུ་རིན་པོ་ཆེ་བཻ་དཱུཪྱ་མཆིང་བུའི་ནོར་བུ་དང་མཚུངས་པར་མ་བྱེད་ཅིག །བཙུན་པ་གང་པོ་སེམས་ཅན་གྱི་དབང་པོ་དག་ལ་མ་བརྟགས་པར་ཉི་ཚེ་བའི་དབང་པོ་ཉེ་བར་མ་སྒྲུབ་ཤིག །རྨ་མེད་པ་ལ་རྨ་མ་དབྱུང་ཤིག །ལམ་ཆེན་པོར་འཇུག་པར་འདོད་པ་སྲང་དོག་པར་མ་གཟུད་ཅིག །རྒྱ་མཚོ་ཆེན་པོ་བ་ལང་གི་རྨིག་རྗེས་སུ་མ་བླུགས་ཤིག །རི་རབ་ཡུངས་འབྲུའི་ནང་དུ་མ་གཞུག་ཤིག །ཉི་མའི་འོད་སྲིན་བུ་མེ་ཁྱེར་གྱིས་མ་བཟློག་ཤིག །སེང་གེའི་སྒྲ་སྒྲོགས་པར་འདོད་པ་རྣམས་ཝའི་སྒྲ་ལ་མ་གཟུད་ཅིག །བཙུན་པ་གང་པོ་དགེ་སློང་འདི་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་སྟོར་བ་
ཤ་སྟག་སྟེ། བཙུན་པ་གང་པོ་འདི་དག་ལ་ཉན་ཐོས་ཀྱི་ཐེག་པ་མ་བསྟན་ཅིག །ཉན་ཐོས་ཀྱི་ཐེག་པ་ནི་ཡང་དག་པ་མ་ཡིན་ཏེ། སེམས་ཅན་གྱི་དབང་པོའི་རིམ་པ་ཤེས་པ་ལ་ཉན་ཐོས་འདི་དག་ནི་ཁོ་བོས་དམུས་ལོང་དང་འདྲ་བ་སྙམ་བྱེད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེའི་ཚེ་ཇི་ལྟར་དགེ་སློང་དེ་དག་སྔོན་གྱི་གནས་རྣམ་པ་མང་པོ་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་དག་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་དང་ལྡན་པ་སྟེ། དེ་དག་གི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་ནས་དེ་དག་སྐྱེས་བུ་དམ་པ་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བར་གྱུར་པ་དང་། དེས་ཡང་དེ་དག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས། བཅོམ་ལྡན་འདས་བདག་གིས་འདི་སྙམ་དུ་བསམས་སོ། །ཉན་ཐོས་ཀྱིས་ཕ་རོལ་གྱི་སེམས་དང་བསམ་པ་མ་བརྟགས་པར་སུ་ལ་ཡང་ཆོས་མི་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཉན་ཐོས་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ལགས་པ་ལ་མཁས་པ་ཡང་མ་མཆིས། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞིན་དུ་རྟག་ཏུ་མཉམ་པར་བཞག་པ་ཡང་མ་ལགས་སོ་སྙམ་བགྱིད་དེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཱ་ཏྱའི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀཱ་ཏྱའི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཀཱ་ཏྱའི་བུས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདམས་པ་མདོར་བཀའ་སྩལ་ཏེ། མདོ་དེའི་ཚིག་གཏན་ལ་དབབ་པའི་སླད་དུ་བདག་གིས་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་
དོན་དང་། ཞི་བའི་དོན་གྱི་ཆོས་བསྟན་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀཱ་ཏྱའི་བུ་ཆེན་པོ་རྒྱུ་བ་དང་བཅས་པ། སྐྱེ་བ་དང་བཅས་པ་འཇིག་པ་དང་ལྡན་པའི་ཆོས་ཉིད་མ་སྟོན་ཅིག །བཙུན་པ་ཀཱ་ཏྱའི་བུ་ཆེན་པོ་གང་ཤིན་ཏུ་མ་སྐྱེས། མ་བསྐྱེད། སྐྱེད་པར་མི་འགྱུར། མ་འགགས། མི་འགག །འགག་པར་མི་འགྱུར་བ་དེ་ནི་མི་རྟག་པའི་དོན་ཏོ། །གང་ཕུང་པོ་ལྔ་པོ་དག་ལ་སྟོང་པ་ཉིད་དུ་རྟོགས་པས་སྐྱེ་བ་མེད་པ་རྟོག་པའི་དོན་དེ་ནི་སྡུག་བསྔལ་གྱི་དོན་ཏོ། །གང་བདག་དང་བདག་མེད་པ་གཉིས་སུ་མེད་པ་ཉིད་དེ་ནི་བདག་མེད་པའི་དོན་ཏོ། །གང་རང་གི་ངོ་བོ་མེད་པ་དང་། གཞན་གྱི་ངོ་བོ་མེད་པ་དེ་ནི་མི་འབར་ཏེ། གང་མི་འབར་བ་དེ་ནི་ཞི་བར་མི་འགྱུར་ཞིང་། གང་རབ་ཏུ་མ་ཞི་བ་དེ་ནི་ཞི་བའི་དོན་ཏོ། །བསྟན་པ་འདི་བཤད་པ་ན་དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་ནི་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །མ་འགགས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་འཆག་ས་ཞིག་ན་འཆག་པ་དེར་ཚངས་པ་ཆེན་པོ་དགེ་བ་བཀོད་པ་ཞེས་བགྱི་བ་ཚངས་པ་ཁྲི་དང་ལྷན་ཅིག་ཕྱོགས་དེ་སྣང་བར་བགྱིས་ནས་བདག་ག་ལ་བ་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས་ཕྱོགས་གཅིག་ཏུ་འཁོད་དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མ་འགགས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་གྱི་མཆོག་ཏུ་གསུངས་ན། ཚེ་དང་ལྡན་པ་མ་འགགས་པའི་ལྷའི་མིག་གིས་ཇི་སྲིད་ཚུན་ཆད་མཐོང་། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །གྲོགས་པོ་དག་ཁོ་བོས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པའི་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་མཐོང་ངོ་ཞེས་བཀའ་མཆིད་འདི་བགྱིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མ་འགགས་པའི་ལྷའི་མིག་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། འོན་ཏེ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ཡིན། དེ་གལ་ཏེ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ན་ནི་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་མཚུངས་སོ། །ཇི་སྟེ་མངོན་པར་འདུ་མི་བྱེད་པ་ཡིན་ན་ནི་མངོན་པར་འདུ་མི་བྱེད་པ་ནི་འདུས་མ་བྱས་པ་ཡིན་ཏེ། དེས་ནི་མཐོང་བར་མི་ནུས་ན་གནས་བརྟན་གྱིས་ཇི་ལྟར་མཐོང་ཞེས་མཆི་ནས་བདག་ཅང་མི་མཆི་བར་གྱུར་ཏེ། ཚངས་པ་དེ་ཡང་སྐྱེས་བུ་དམ་པ་དེ་ལས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་ལྷའི་མིག་ཅན་གང་ལགས། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ན་ལྷའི་མིག་ཅན་ཏེ། དེ་དག་ནི་མཉམ་པར་གཞག་པའི་གནས་ཀྱང་མི་འདོར་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གཟིགས་ཏེ། གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དེ་ནས་ཚངས་པ་གཡོག་འཁོར་ཁྲིས་བསྟན་པ་འདི་ཐོས་ནས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེས་བདག་དང་སྐྱེས་བུ་དམ་པ་དེ་ལ་ཕྱག་བགྱིས་ཏེ་གུས་པར་སྨྲས་ནས་དེ་ཉིད་དུ་མི་གདའ་བར་གྱུར་ཏེ། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏོ། །དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་བཀའ་སྩལ་པ། ཉེ་བར་འཁོར་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཉེ་བར་འཁོར་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན་དགེ་སློང་གཉིས་ཤིག་ལྟུང་བ་བྱུང་ནས་བཅོམ་ལྡན་འདས་ལ་ངོ་ཚ་སྟེ་བཅོམ་ལྡན་འདས་ཀྱི་དྲུང་དུ་མ་མཆིས་ཀྱི།
དེ་གཉིས་བདག་ག་ལ་བ་དེར་མཆིས་ཏེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཉེ་བར་འཁོར་བདག་ཅག་གཉིས་ལ་ལྟུང་བ་བྱུང་སྟེ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཡང་མ་མཆིས་ན། ཚེ་དང་ལྡན་པ་ཉེ་བར་འཁོར་ཁྱོད་ཀྱིས་བདག་ཅག་གཉིས་ཀྱི་ཐེ་ཙོམ་སོལ་ཏེ་བདག་ཅག་གཉིས་ལྟུང་བ་ལས་ཕྱུང་ཤིག་ཅེས་མཆི་ནས། བཅོམ་ལྡན་འདས་བདག་དགེ་སློང་དེ་གཉིས་ལ་ཆོས་ཀྱི་གཏམ་སྟོན་པའི་ཕྱོགས་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པའང་མཆིས་ནས་དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཉེ་བར་འཁོར་ཁྱོད་ཀྱིས་དགེ་སློང་འདི་གཉིས་ཀྱི་ལྟུང་བ་དེ་ཕྱིར་དམ་དུ་མི་བྱ། རྙོག་པ་ཅན་དུ་མི་བྱ་བར་འདི་གཉིས་ཀྱི་ལྟུང་བའི་འགྱོད་པ་སོལ་ཅིག །བཙུན་པ་ཉེ་བར་འཁོར་ལྟུང་བ་ནི་ནང་ན་ཡང་མི་གནས། ཕྱི་རོལ་དུ་ཡང་མི་འཕོས། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་ཀུན་ནས་ཉོན་མོངས་སོ། །སེམས་རྣམ་པར་བྱང་བས་རྣམ་པར་དག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཏེ། བཙུན་པ་ཉེ་བར་འཁོར་སེམས་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པར་ཡང་མི་དམིགས་སོ། །སེམས་ཇི་ལྟ་བར་ལྟུང་བའང་དེ་བཞིན་ནོ། །ལྟུང་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བཙུན་པ་ཉེ་བར་འཁོར་སེམས་ཀྱི་རང་བཞིན་གང་ཡིན་པ་དང་། སེམས་ཀྱི་རང་བཞིན་གང་གིས་བཙུན་པའི་སེམས་རྣམ་པར་གྲོལ་བའི་སེམས་ཀྱི་རང་བཞིན་དེ་ནམ་ཡང་ཀུན་ནས་ཉོན་མོངས་པར་གྱུར་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་ཉེ་བར་འཁོར་སེམས་ཅན་ཐམས་ཅད་ཀྱི་སེམས་ནི་དེའི་རང་བཞིན་ཏེ། བཙུན་པ་ཉེ་བར་འཁོར་ཀུན་ཏུ་རྟོག་པ་ནི་ཉོན་མོངས་པ་སྟེ་མི་རྟོག །རྣམ་པར་མི་རྟོག་པ་ནི་རང་བཞིན་ནོ། །ཕྱིན་ཅི་ལོག་ནི་ཀུན་ནས་ཉོན་མོངས་པ་སྟེ། ཕྱིན་ཅི་མ་ལོག་པ་ནི་རང་བཞིན་ནོ། །བདག་ཏུ་སྒྲོ་འདོགས་པ་ནི་ཀུན་ནས་ཉོན་མོངས་པ་སྟེ། བདག་མེད་པ་ནི་རང་བཞིན་ནོ། །བཙུན་པ་ཉེ་བར་འཁོར་ཆོས་ཐམས་ཅད་ནི་སྐྱེས་ནས་འཇིག་ཅིང་མི་གནས་པ་སྟེ། སྒྱུ་མ་དང་། སྤྲིན་དང་། གློག་ལྟ་བུའོ། །ཆོས་ཐམས་
ཅད་ནི་མི་སྡོད་པ་སྟེ། སྐད་ཅིག་ཙམ་དུ་ཡང་མི་འདུག་གོ་ཆོས་ཐམས་ཅད་ནི་རྨི་ལམ་དང་སྨིག་རྒྱུ་བ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པ་མཐོང་བའོ། །ཆོས་ཐམས་ཅད་ནི་ཆུ་ཟླ་དང་གཟུགས་བརྙན་དང་འདྲ་སྟེ། སེམས་ཀུན་ཏུ་རྟོག་པ་ལས་བྱུང་བའོ། །གང་དག་གིས་དེ་ལྟར་ཤེས་པ་དེ་དག་ནི་འདུལ་བ་འཛིན་པ་ཞེས་བྱ་སྟེ། གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ལེགས་པར་བཏུལ་བའོ། །དེ་ནས་དགེ་སློང་དེ་གཉིས་འདི་སྐད་ཅེས་མཆིའོ། །ཁྱིམ་བདག་འདི་ནི་ཤིན་ཏུ་ཤེས་རབ་དང་ལྡན་ཏེ། བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གསུངས་པ་བཙུན་པ་ཉེ་བར་འཁོར་འདི་ནི་དེ་ཙམ་མ་ཡིན་ནོ། །དེ་གཉིས་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །དགེ་སློང་ཁྱེད་ཀྱིས་འདི་ལ་ཁྱིམ་བདག་སྙམ་པའི་འདུ་ཤེས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མ་གཏོགས་པར་གང་དག་འདིའི་སྤོབས་པའི་རྒྱུན་གཅོད་ནུས་པའི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་དེ། གང་ཡང་མེད་དེ། འདིའི་ཤེས་རབ་ཀྱི་སྣང་བ་ནི་དེ་དང་འདྲའོ། །དེ་ནས་དགེ་སློང་དེ་གཉིས་ཐེ་ཙོམ་བསལ་ནས་དེ་ཉིད་དུ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་གཉིས་ཀྱིས་སྐྱེས་བུ་དམ་པ་དེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདི་ལྟ་བུའི་སྤོབས་པ་ཐོབ་པར་གྱུར་ཅིག །ཅེས་མཆིའོ། །དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །སྒྲ་གཅན་ཟིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལིད་ཙ་བི་གཞོན་ནུ་མང་ཞིག་བདག་ག་ལ་བ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་ཀྱི་སྲས་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་ན། ཁྱོད་ཀྱིས་གང་ལ་དམིགས་
ནས་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་གང་ལགས་ཞེས་མཆི་ནས། བདག་དེ་དག་ལ་ཅི་རིགས་པར་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་སྟོན་ཅིང་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཡང་བདག་ག་ལ་བ་དེར་མཆིས་པ་དེར་བདག་ལ་ཕྱག་བགྱིས་ནས་འདི་སྐད་ཅེས་མཆིའོ། །བཙུན་པ་སྒྲ་གཅན་ཟིན་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་ཇི་ལྟར་ཁྱོད་སྟོན་པ་དེ་ལྟར་མི་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འབྱུང་བ་ནི་ཡོན་ཏན་མེད་ཅིང་ཕན་ཡོན་མེད་པ་ཡིན་ནོ། །བཙུན་པ་སྒྲ་གཅན་ཟིན་གང་ལ་འདུས་བྱས་འཇུག་པ་དེ་ལ་ཡོན་ཏན་དང་ཕན་ཡོན་ཡོད་མོད་ཀྱི་རབ་ཏུ་བྱུང་བ་ནི་འདུས་མ་བྱས་པར་སྦྱོར་བ་ཡིན་ཏེ། འདུས་མ་བྱས་ལ་ནི་ཡོན་ཏན་དང་ཕན་ཡོན་མེད་དོ། །བཙུན་པ་སྒྲ་གཅན་ཟིན་རབ་ཏུ་འབྱུང་བ་ནི་གཟུགས་ཅན་མ་ཡིན་ཏེ་གཟུགས་དང་བྲལ་བའོ། །ཐོག་མ་དང་ཐ་མའི་མཐར་ལྟ་བ་དང་བྲལ་བའོ། །མྱ་ངན་ལས་འདས་པའི་ལམ་མོ། །མཁས་པ་རྣམས་ཀྱིས་བསྔགས་པའོ། །འཕགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བའོ། །བདུད་ཐམས་ཅད་ཕམ་པར་བྱེད་པའོ། །འགྲོ་བ་ལྔ་ལས་གྲོལ་བའོ། །མིག་ལྔ་རྣམ་པར་སྦྱོང་བའོ། །སྟོབས་ལྔ་འཐོབ་པའོ། །དབང་པོ་ལྔའི་རྟེན་ཏོ། །གཞན་དག་ལ་མི་གནོད་པའོ། །སྡིག་པའི་ཆོས་དང་མ་འདྲེས་པའོ། །ཕ་རོལ་མུ་སྟེགས་ཅན་རབ་ཏུ་འདུལ་བའོ། །གདགས་པ་ལས་ཡང་དག་པར་འདས་པའོ། །འདོད་པའི་འདམ་ལ་ཟབ་པའོ། །ཡོངས་སུ་འཛིན་པ་མེད་པའོ། །ངའི་བ་མེད་ཅིང་ངར་འཛིན་པ་དང་བྲལ་བའོ། །ལེན་པ་མེད་པའོ། །འཁྲུག་པ་མེད་པའོ། །འཁྲུག་པ་སྤངས་པའོ། །རང་གི་སེམས་འདུལ་ཞིང་གཞན་གྱི་སེམས་སྲུང་བའོ། །ཞི་གནས་དང་འཐུན་པའོ། །ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་ནི་རབ་ཏུ་བྱུང་བ་ཞེས་བྱ། གང་དག་དེ་ལྟར་རབ་ཏུ་བྱུང་བ་དེ་དག་ནི་ལེགས་པར་རབ་ཏུ་བྱུང་བའོ། །གཞོན་ནུ་ཁྱོད་ཀྱང་ལེགས་པར་གསུངས་པའི་ཆོས་འདི་ལྟ་བུ་ལ་རབ་ཏུ་ཕྱུང་ཤིག །སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའོ། །དལ་བ་འབྱོར་པ་ཡང་རྙེད་པར་དཀའོ། །མིར་འགྱུར་བ་ཡང་རྙེད་པར་དཀའོ། །གཞོན་ནུ་དེ་དག་གིས་འདི་སྐད་སྨྲས་སོ། །ཁྱིམ་བདག་བདག་ཅག་གིས་ཐོས་ན་
དེ་བཞིན་གཤེགས་པ་ནི་ཕ་མས་མ་བཏང་བར་རབ་ཏུ་མི་འབྱིན་ཅེའོ། །དེས་དེ་དག་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ནན་ཏན་གྱིས་སྒྲུབས་ཤིག་དང་། དེ་ཉིད་ཁྱེད་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡིན་ནོ། །དེ་ནས་ལིད་ཙ་བི་གཞོན་ནུ་སུམ་སྟོང་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཀུན་དགའ་བོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་ནས། དེ་ལ་འོ་མ་ཞིག་འཚལ་ཏེ་བདག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་གི་སྒོ་དྲུང་ན་ལྷུང་བཟེད་ཐོགས་ཤིང་མཆིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ནས་བདག་ལ་ཕྱག་བགྱིས་ཏེ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀུན་དགའ་བོ་ཅིའི་ཕྱིར་ནང་པར་སྔར་ལྷུང་བཟེད་ཐོགས་ནས་ཁྱིམ་གྱི་སྒོ་དྲུང་འདི་ན་འདུག །དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་སྟེ་དེ་ལ་འོ་མ་ཞིག་དགོས་ནས་དེ་ཚོལ་ལོ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀུན་དགའ་བོ་དེ་སྐད་མ་ཟེར་ཅིག །བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟ་བུ་མཁྲེགས་པ་སྟེ། མི་དགེ་བ་ཐམས་ཅད་ཀྱི་བག་ཆགས་ནི་སྤངས་དགེ་བའི་ཆོས་ཐམས་ཅད་དང་ནི་ལྡན་པ་ཡིན་ན་དེ་ལ་སྙུན་ག་ལ་འབྱུང་། དེ་ལ་ཉམ་ང་བ་ག་ལ་ཡོད། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་པར་ཅང་མ་ཟེར་བར་སླར་སོང་ཤིག །གཞན་སུ་ལ་ཡང་དེ་སྐད་མ་སྨྲ་ཤིག །གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཀུན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ས་རེ། བཙུན་པ་ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་
པོ་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལ་ཡང་ནད་མེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་ལྡན་པ་དེ་ལ་སྙུན་ག་ལ་མངའ་སྟེ། དེ་ནི་གནས་མེད་དོ། །བཙུན་པ་ཀུན་དགའ་བོ་ཁོ་བོ་ངོ་ཚ་བར་མ་བྱ་བར་སླར་སོང་ཤིག །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། འཚོ་བ་པ་དག་གིས་ཐོས་ས་རེ། དེ་དག་འདི་སྙམ་དུ་ཀྱེ་མའོ་འདི་དག་གི་སྟོན་པ་ནི་བདག་ཉིད་ཀྱང་ན་བ་ལས་སྐྱོབ་མི་ནུས་ན། སེམས་ཅན་ན་བ་དག་གི་སྐྱབས་ལྟ་ག་ལ་ནུས་སྙམ་དུ་སེམས་ས་རེ། བཙུན་པ་ཀུན་དགའ་བོ་གབ་ཅིང་མི་སྣང་བར་བཞུད་ཅིག །སུས་ཀྱང་ཐོས་ས་རེ། བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་སྟེ། ཁ་ཟས་ཀྱིས་གསོས་པའི་ལུས་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་སྐུ་ཡིན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའོ། །དེ་བཞིན་གཤེགས་པའི་སྐུ་ལ་གནོད་པ་མེད་དེ། ཟག་པ་ཐམས་ཅད་ལས་རྣམ་པར་ལོག་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་འདུས་མ་བྱས་ཏེ། འདུ་བྱེད་ཐམས་ཅད་དང་བྲལ་བའོ། །བཙུན་པ་ཀུན་དགའ་བོ་དེ་ལྟ་བུ་ལ་ནད་ཡོད་པར་འདོད་པ་ནི་མི་རིགས་ཤིང་འདྲ་བ་མ་ཡིན་ནོ། །ཞེས་མཆི་ནས། དེ་ལ་བཅོམ་ལྡན་འདས་ལས་བདག་གིས་ལོག་པར་ཐོས་ཤིང་ལོག་པར་བཟུང་བར་མ་གྱུར་གྲང་སྙམ་སྟེ། བདག་རབ་ཏུ་ངོ་ཚ་བར་གྱུར་ཏོ། །དེ་ནས་བདག་གིས་བར་སྣང་ལས་སྒྲ་ཐོས་པ་ཀུན་དགའ་བོ་ཁྱིམ་བདག་ཇི་ལྟར་སྟོན་པ་དེ་དེ་བཞིན་ཏེ། འོན་ཀྱང་བཅོམ་ལྡན་འདས་སྙིགས་མ་ལྔའི་དུས་ལ་བྱུང་བས་དེའི་ཕྱིར་སེམས་ཅན་རྣམས་དམན་ཞིང་དབུལ་བའི་སྤྱོད་པས་རྣམ་པར་འདུལ་ཏེ། དེ་བས་ན་ཀུན་དགའ་བོ་ངོ་ཚ་བར་མ་བྱེད་པར་འོ་མ་ཁྱེར་ལ་སླར་སོང་ཤིག་ཅེས་མཆིའོ། །བཅོམ་ལྡན་འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དྲིས་པ་ལན་འདེབས་པ་བསྟན་པ་འདི་འདྲི་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་བཞིན་དུ་ཉན་ཐོས་ལྔ་བརྒྱ་ཙམ་མི་སྤྲོ་བར་གྱུར་པ་དེ་དག་གིས་རང་གི་སྤོབས་པ་བཅོམ་ལྡན་འདས་ལ་གསོལ་ཏེ། གང་དག་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་གཏམ་བྱས་པ་དེ་ཐམས་ཅད་ཀྱང་བཅོམ་ལྡན་
འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །བྱམས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལྷའི་བུ་ཡོངས་སུ་དགའ་ལྡན་ལ་སོགས་པ་དགའ་ལྡན་རིགས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ས་ལ་བརྩམས་ཏེ་ཆོས་ཀྱི་བཀའ་མཆིད་མཆི་བའི་ཕྱོགས་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མཆིས་ཏེ། དེ་བདག་ལ་འདི་སྐད་ཅེས་མཆིའོ། །བྱམས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་ལུང་བསྟན་ན། བྱམས་པ་དེ་སྐྱེ་བ་གང་གིས་ལུང་བསྟན། བྱམས་པ་ཅི་འདས་པས་སམ། འོན་ཏེ་མ་འོངས་པས་སམ། འོན་ཏེ་ད་ལྟར་གྱིས་དེ་ལ་གང་འདས་པའི་སྐྱེས་པ་དེ་ནི་ཟད་པའོ། །གང་མ་འོངས་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་གྱི་སྐྱེ་བ་ལ་ནི་གནས་པའང་མེད་དེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་དགེ་སློང་དག་ཁྱོད་ནི་སྐད་ཅིག་གཅིག་ཏུ་སྐྱེའོ། །རྒའོ་འཆིའོ། །འཕོའོ། །འབྱུང་ངོ་ཞེས་གསུངས་སོ། །སྐྱེ་བ་མེད་པ་ལ་ནི་ངེས་པར་གྱུར་པ་ལ་འཇུག་པ་སྟེ། མི་སྐྱེ་བ་ནི་ལུང་བསྟན་པ་ཡང་མེད། མི་སྐྱེ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ན། བྱམས་པ་ཁྱོད་དེ་བཞིན་ཉིད་སྐྱེ་བས་སམ། དེ་བཞིན་ཉིད་འགག་པས་སམ། ཇི་ལྟར་ལུང་བསྟན་པ་དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་ཅིང་སྐྱེ་བར་མི་འགྱུར་ལ་འགག་པར་མི་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། གང་འཕགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་བྱམས་པ་ཁྱོད་ཀྱི་ཡང་དེ་བཞིན་ཉིད་དོ། །གལ་ཏེ་ཁྱོད་དེ་ལྟ་བུར་ལུང་བསྟན་ན་ནི། སེམས་ཅན་ཐམས་ཅད་ཀྱང་ལུང་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ཐ་དད་པས་
རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་ཏེ། བྱམས་པ་ཁྱོད་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་རྟོགས་པ་ནི་བྱང་ཆུབ་ཡིན་པའི་ཕྱིར་རོ། །བྱམས་པ་ཁྱོད་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་དག་གི་སེམས་ཅན་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་ཤིང་མྱ་ངན་ལས་འདས་པའི་རང་བཞིན་ཅན་དུ་མཐོང་བའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན་ལྷའི་བུ་འདི་རྣམས་མ་བྲིད་མ་སླུ་ཤིག །བྱང་ཆུབ་ལ་ནི་སུ་ཡང་མི་གནས་མི་ལྡོག་གི །བྱམས་པ་ལྷའི་བུ་འདི་དག་བྱང་ཆུབ་ལ་ཀུན་ཏུ་རྟོག་པར་ལྟ་བ་དེ་འདོར་དུ་ཆུག་ཤིག །བྱང་ཆུབ་ནི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཀྱིས་ཀྱང་མ་ཡིན་ནོ། །བྱང་ཆུབ་ནི་མཚན་མ་ཐམས་ཅད་རྣམ་པར་ཞི་བའོ། །བྱང་ཆུབ་ནི་དམིགས་པ་ཐམས་ཅད་ཀྱིས་སྒྲོ་བཏགས་པ་མེད་པའོ། །བྱང་ཆུབ་ནི་ཡིད་ལ་བྱེད་པ་ཐམས་ཅད་རྒྱུ་བ་མེད་པའོ། །བྱང་ཆུབ་ནི་ལྟ་བར་གྱུར་པ་ཐམས་ཅད་ཡོངས་སུ་ཆད་པའོ། །བྱང་ཆུབ་ནི་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའོ། །བྱང་ཆུབ་ནི་གཡོ་བ་དང་། སེམས་པ་དང་བསྐྱོད་པ་ཐམས་ཅད་དང་བྲལ་བའོ། །བྱང་ཆུབ་ནི་སྨོན་ལམ་ཐམས་ཅད་ལ་མི་འཇུག་པའོ། །བྱང་ཆུབ་ནི་འཛིན་པ་ཐམས་ཅད་དང་བྲལ་ཞིང་མ་ཆགས་པར་འཇུག་པའོ། །བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་གནས་པའོ། །བྱང་ཆུབ་ནི་དེ་བཞིན་ཉིད་རྗེས་སུ་རྟོགས་པའོ། །བྱང་ཆུབ་ནི་ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པའོ། །བྱང་ཆུབ་ནི་ཡིད་དང་ཆོས་མེད་པས་གཉིས་སུ་མེད་པའོ། །བྱང་ཆུབ་ནི་ནམ་མཁའ་དང་མཉམ་པས་མཉམ་པའོ། །བྱང་ཆུབ་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་མེད་པས་འདུས་མ་བྱས་པའོ། །བྱང་ཆུབ་ནི་སེམས་ཅན་ཐམས་ཅད་ཀྱི་
སེམས་དང་སྤྱོད་པ་དང་། བསམ་པ་ཡོངས་སུ་ཤེས་པའོ། །བྱང་ཆུབ་ནི་སྐྱེ་མཆེད་རྣམས་ཀྱི་སྒོ་མ་ཡིན་པའོ། །བྱང་ཆུབ་ནི་བག་ཆགས་ཐམས་ཅད་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་དང་བྲལ་བས་མ་འདྲེས་པའོ། །བྱང་ཆུབ་ནི་གནས་དང་གནས་མ་ཡིན་པ་དང་བྲལ་བས་ཡུལ་ལ་མི་གནས་ཤིང་ཕྱོགས་ལ་མི་གནས་པའོ། །བྱང་ཆུབ་ནི་ཀུན་ནས་མི་ལྡང་ཞིང་དེ་བཞིན་ཉིད་ལ་མི་གནས་པའོ། །བྱང་ཆུབ་ནི་མིང་ཙམ་སྟེ་མིང་དེ་ཡང་གཡོ་བ་མེད་དོ། །བྱང་ཆུབ་ནི་བླང་བ་དང་དོར་བ་མེད་པས་རླབས་མེད་དོ། །བྱང་ཆུབ་ནི་འཁྲུག་པ་མེད་པ་སྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །བྱང་ཆུབ་ནི་རབ་ཏུ་སྣང་བ་སྟེ་ངོ་བོ་ཉིད་རྣམ་པར་དག་པའོ། །བྱང་ཆུབ་ནི་འཛིན་པ་མེད་པ་སྟེ་ཤིན་ཏུ་དམིགས་པ་མེད་པའོ། །བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་པས་ཐ་དད་པ་མེད་པའོ། །བྱང་ཆུབ་ནི་དཔེ་བསྟན་པ་དང་བྲལ་བས་དཔེ་མེད་པའོ། །བྱང་ཆུབ་ནི་ཤིན་ཏུ་ཁོང་དུ་ཆུད་པར་དཀའ་བའི་ཕྱིར་ཕྲ་བའོ། །བྱང་ཆུབ་ནི་ནམ་མཁའི་རང་བཞིན་པས་ན་ཐམས་ཅད་དུ་སོང་བ་སྟེ། དེ་ནི་ལུས་ཀྱིས་སམ། སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་རྩྭ་དང་ཤིང་དང་། རྩིག་པ་དང་། ལམ་དང་། མིག་ཡོར་ལྟ་བུའོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། རྟེན་མེད་པ། རྣམ་པར་རིག་པ་མེད་པའོ། །བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན་འཁོར་དེ་ནས་ལྷའི་བུ་ཉིས་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་གཞོན་ནུ་འོད་བཀོད་པ་ལ་བཀའ་སྩལ་པ། འོད་བཀོད་པ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འོད་བཀོད་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་བ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ནང་
དུ་མཆི་བ་དང་མཇལ་ཏེ། དེས་བདག་ལ་གུས་པར་སྨྲས་པ་དང་། བདག་གིས་འདི་སྐད་ཅེས་བགྱིས་སོ། །ཁྱིམ་བདག་ཁྱོད་ག་ལས་འོངས་དེས་བདག་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ། །བདག་གིས་དེ་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས། དེས་བདག་ལ་འདི་སྐད་ཅེས་མཆིའོ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་ནི་བཅོས་མ་མ་ཡིན་པའི་ཕྱིར་བསམ་པའི་སྙིང་པོའོ། །རྩོམ་པའི་ལས་སྒྲོལ་བའི་ཕྱིར་དེ་ནི་སྦྱོར་བའི་སྙིང་པོའོ། །ཁྱད་པར་དུ་ཁོང་དུ་ཆུད་པའི་ཕྱིར་དེ་ནི་ལྷག་པའི་བསམ་པའི་སྙིང་པོའོ། །ཡང་དག་པར་མི་བརྗེད་པའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོའོ། །རྣམ་པར་སྨིན་པ་ལ་མི་རེ་བའི་ཕྱིར་དེ་ནི་སྦྱིན་པའི་སྙིང་པོའོ། །སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་དེ་ནི་ཚུལ་ཁྲིམས་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པས་དེ་ནི་བཟོད་པའི་སྙིང་པོའོ། །ཕྱིར་མི་ལྡོག་པའི་ཕྱིར་དེ་ནི་བརྩོན་འགྲུས་ཀྱི་སྙིང་པོའོ། །སེམས་ལས་སུ་རུང་བའི་ཕྱིར་དེ་ནི་བསམ་གཏན་གྱི་སྙིང་པོའོ། །མངོན་སུམ་དུ་མཐོང་བའི་ཕྱིར་དེ་ནི་ཤེས་རབ་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་དེ་ནི་བྱམས་པའི་སྙིང་པོའོ། །གནོད་པ་ཐམས་ཅད་བཟོད་པའི་ཕྱིར་དེ་ནི་སྙིང་རྗེའི་སྙིང་པོའོ། །ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་ཕྱིར་དེ་ནི་དགའ་བའི་སྙིང་པོའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་ཕྱིར་དེ་ནི་བཏང་སྙོམས་ཀྱི་སྙིང་པོའོ། །དྲུག་མངོན་པར་ཤེས་པས་དེ་ནི་མངོན་པར་ཤེས་པའི་སྙིང་པོའོ། །མི་རྟོག་པའི་ཕྱིར་དེ་ནི་རྣམ་པར་ཐར་པའི་སྙིང་པོའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དེ་ནི་ཐབས་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་སྡུད་པའི་ཕྱིར་དེ་ནི་བསྡུ་བའི་དངོས་པོའི་སྙིང་པོའོ། །ནན་ཏན་སྙིང་པོར་བྱེད་པའི་ཕྱིར་དེ་ནི་ཐོས་པའི་སྙིང་པོའོ། །ཚུལ་བཞིན་སོ་སོར་རྟོག་པའི་ཕྱིར་དེ་ནི་ངེས་པར་སེམས་པའི་སྙིང་པོའོ། །འདུས་བྱས་དང་འདུས་མ་བྱས་སྤོང་བའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྙིང་པོའོ། །འཇིག་རྟེན་ཐམས་ཅད་མི་སླུ་བའི་ཕྱིར་དེ་ནི་བདེན་པའི་སྙིང་པོའོ། །མ་རིག་པའི་ཟག་པ་ཟད་པ་ནས་རྒ་ཤིའི་བར་གྱི་ཟག་པ་ཟད་པའི་ཕྱིར་དེ་
ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དེ་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་སྙིང་པོའོ། །སེམས་ཅན་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྙིང་པོའོ། །སྟོང་པ་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར། དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའོ། །མི་གཡོ་བའི་ཕྱིར་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་སྙིང་པོའོ། །འཇུག་པ་དང་བྲལ་བའི་ཕྱིར་དེ་ནི་ཁམས་གསུམ་པའི་སྙིང་པོའོ། །མི་འཇིགས་ཤིང་མི་དངངས་པའི་ཕྱིར་དེ་ནི་སེང་གེའི་སྒྲ་སྒྲོགས་པའི་བརྩོན་འགྲུས་ཀྱི་སྙིང་པོའོ། །ཐམས་ཅད་དུ་མ་སྨད་པའི་ཕྱིར་དེ་ནི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོའོ། །ཉོན་མོངས་པ་མ་ལུས་པའི་ཕྱིར་དེ་ནི་རིག་པ་གསུམ་གྱི་སྙིང་པོའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་གྲུབ་པའི་ཕྱིར་དེ་ནི་སེམས་ཀྱི་སྐད་ཅིག་གཅིག་ལ་ཆོས་ཐམས་ཅད་མ་ལུས་པར་ཁོང་དུ་ཆུད་པའི་སྙིང་པོའོ། །རིགས་ཀྱི་བུ་དེ་ལྟར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་ལྡན་པ་དང་། དགེ་བའི་རྩ་བ་དང་ལྡན་པའི་གོམ་པ་འདོར་བ་དང་། འདེག་པ་དེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ལས་འོངས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་སོ། །བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན། ལྷ་དང་མི་ལྔ་བརྒྱ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཀྱང་དེ་ནས་སྤོབས་པ་མ་མཆིས་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་ལ་བཀའ་སྩལ་པ། འགྲོ་བ་འཛིན་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འགྲོ་བ་འཛིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན་རང་གི་གནས་ན་མཆིས་
པའི་ཚེ་བདུད་སྡིག་ཅན་ལྷའི་བུ་མོ་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་གྱི་ཆ་བྱད་ཀྱིས་སིལ་སྙན་དང་གླུ་དབྱངས་ལེན་ཅིང་བདག་ག་ལ་བ་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་དེ་འཁོར་དང་བཅས་པ་བདག་ལ་མདུན་གྱིས་བལྟས་ཏེ་ཕྱོགས་གཅིག་ཏུ་མཆིས་སོ། །བདག་ནི་དེ་ལ་བརྒྱ་བྱིན་ལྷའི་དབང་པོ་ལགས་སྙམ་བགྱིད་དེ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །ཀཽ་ཤི་ཀ་ཁྱོད་ལེགས་པར་འོངས་སོ། །འདོད་པའི་དགའ་བ་ཐམས་ཅད་ལ་བག་ཡོད་པར་གྱིས་ཤིག །ལུས་དང་། སྲོག་དང་། ལོངས་སྤྱོད་རྣམས་ལས་སྙིང་པོ་བླངས་པ་དང་། མི་རྟག་པར་རྟོག་པ་མང་དུ་གྱིས་ཤིག །དེ་ནས་དེས་བདག་ལ་འདི་སྐད་ཅེས་མཆིའོ། །སྐྱེས་བུ་དམ་པ་ལྷའི་བུ་མོ་ཁྲི་ཉིས་སྟོང་འདི་དག་བདག་ལས་ཁྱོད་ཀྱིས་ལོང་ལ་འདི་དག་ཁྱོད་ཀྱི་གཡོག་གྱིས་ཤིག་ཅེས་མཆི་བ་དང་། དེ་ལ་བདག་གིས་འདི་སྐད་དུ་ཀཽ་ཤི་ཀ་རུང་བ་མ་ཡིན་པའི་དངོས་པོ་དག་དགེ་སྦྱོང་ཤཱཀྱའི་སྲས་ལ་མ་འབུལ་ཅིག །འདི་དག་ནི་ངེད་ལ་རུང་བ་མ་ཡིན་ནོ་ཞེས་བགྱིས་སོ། །བཀའ་མཆིད་དེ་བགྱིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ལ་འདི་སྐད་དུ་རིགས་ཀྱི་བུ་འདི་ལ་བརྒྱ་བྱིན་ཡིན་སྙམ་དུ་འདུ་ཤེས་མ་སྐྱེད་ཅིག །འདི་ནི་བདུད་སྡིག་ཅན་ཏེ། ཁྱོད་ལ་ཅོ་དྲི་བའི་ཕྱིར་འོངས་ཀྱི་བརྒྱ་བྱིན་ནི་མ་ཡིན་ནོ་ཞེས་མཆིའོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བདུད་སྡིག་ཅན་དེ་ལ་འདི་སྐད་དུ་བདུད་སྡིག་ཅན་ལྷའི་བུ་མོ་འདི་རྣམས་དགེ་སྦྱོང་ཤཱཀྱའི་སྲས་ལ་ནི་རུང་བ་མ་ཡིན་གྱིས་ང་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེ་ནས་བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་དགའ་སྟེ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་བདག་ལ་བསླུས་སུ་འོང་ངོ་ཞེས་དེ་མི་སྣང་བར་བགྱི་བར་འཚལ་བ་མ་ནུས་ཏེ། རྫུ་འཕྲུལ་ཐམས་ཅད་བསྟན་ཀྱང་མི་སྣང་བར་མ་ནུས་སོ། །དེ་ནས་བར་སྣང་ལས་སྒྲ་བྱུང་སྟེ། སྡིག་ཅན་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་སྐྱེས་བུ་དམ་པ་འདི་ལ་ཕུལ་ཅིག་དང་། གདོད་བདག་གི་གནས་སུ་འགྲོ་ནུས་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་འཚལ་བཞིན་དུ་ལྷའི་བུ་མོ་དེ་རྣམས་ཕུལ་ལོ། །དེ་ནས་དྲི་མ་མེད་པར་གྲགས་པས་ལྷའི་བུ་མོ་དེ་རྣམས་བླངས་ནས་
ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བདུད་སྡིག་ཅན་གྱིས་ང་ལ་བྱིན་གྱིས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེས་དེ་དག་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བའི་རྗེས་སུ་འཐུན་པའི་གཏམ་བགྱིས་པ་དང་དེ་དག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཡང་དེས་དེ་དག་ལ་ཁྱེད་ཀྱིས་ང་བྱང་ཆུབ་ཏུ་སེམས་བསྐྱེད་ཟིན་གྱིས་ད་ཕན་ཆད་ཁྱེད་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་གྱིས་ལ་འདོད་པ་ལ་དགའ་ཞིང་མོས་པར་མ་བྱེད་ཅིག་ཅེས་བསྒོའོ། །དེ་དག་གིས་སྨྲས་པ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་གང་ལགས། དེས་སྨྲས་པ། སངས་རྒྱས་ལ་མི་ཕྱེད་པར་དད་ཅིང་དགའ་བ་དང་། ཆོས་ཉན་པར་འདོད་ཅིང་དགའ་བ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བར་དགའ་བ་དང་། ང་རྒྱལ་མེད་ཅིང་བླ་མ་དག་ལ་བསྟི་སྟང་བྱེད་པར་དགའ་བ་དང་། ཁམས་ཀུན་ནས་འབྱུང་བར་དགའ་བ་དང་། ཡུལ་རྣམས་ལ་མི་གནས་པར་དགའ་བ་དང་། ཕུང་པོ་རྣམས་ལ་གཤེད་མ་ལྟ་བུར་རྟོག་པ་ལ་དགའ་བ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་རྟོག་པ་ལ་དགའ་བ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་དབེན་པར་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བསྲུང་བར་དགའ་བ་དང་། སེམས་ཅན་ལ་ཕན་པར་བྱེད་པར་དགའ་བ་དང་། སྦྱིན་པ་ལ་བགོ་བཤའ་བྱེད་པར་དགའ་བ་དང་། ཚུལ་ཁྲིམས་ལ་མི་ལྷོད་པར་དགའ་བ་དང་། བཟོད་པ་ལ་བཟོད་ཅིང་དུལ་བར་དགའ་བ་དང་། བརྩོན་འགྲུས་ལ་དགེ་བ་ཡང་དག་པར་བསྒྲུབ་པར་དགའ་བ་དང་། བསམ་གཏན་ལ་ཡོངས་སུ་སྤྱོད་པར་དགའ་བ་དང་། ཤེས་རབ་ལ་ཉོན་མོངས་པའི་སྣང་བ་མེད་པར་དགའ་བ་དང་། བྱང་ཆུབ་ལ་རྒྱ་ཆེར་དགའ་བ་དང་། བདུད་ཚར་གཅོད་པར་དགའ་བ་དང་། ཉོན་མོངས་པ་རྣམས་ངེས་པར་གཞོམ་པར་དགའ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བར་དགའ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་དགེ་བ་ཐམས་ཅད་བསགས་པ་ལ་དགའ་བ་དང་། ཆོས་ཟབ་མོ་ཐོས་པས་མི་སྐྲག་པར་དགའ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འདྲིས་པར་བྱེད་
པའི་དགའ་བ་དང་། མྱ་ངན་ལས་འདས་པའི་དམིགས་པ་ལ་དགའ་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལ་དགའ་བ་དང་། དུས་མ་ཡིན་པར་ཐོབ་པར་མི་བྱེད་པ་ལ་དགའ་བ་དང་། སྐལ་བ་མཉམ་པའི་སྐྱེ་བོ་ལ་བསྟེན་པར་དགའ་བ་དང་། སྐལ་བ་མི་མཉམ་པ་རྣམས་ལ་ཞེ་མི་སྡང་ཞིང་ཁོང་ཁྲོ་བ་མེད་པའི་དགའ་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་དགའ་བ་དང་། སྡིག་པའི་གྲོགས་པོ་དག་རྣམ་པར་སྤང་བར་དགའ་བ་དང་། ཆོས་ལ་མོས་ཤིང་དད་དེ་མཆོག་ཏུ་དགའ་བའི་དགའ་བ་དང་། ཐབས་ལ་སྡུད་པའི་དགའ་བ་དང་། བག་ཡོད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟེན་པ་ལ་དགའ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་ཡིན་ནོ། །དེ་ནས་བདུད་སྡིག་ཅན་གྱིས་ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ད་བདག་ཅག་གི་གནས་སུ་འདོང་གིས་ཚུར་ཤོག །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་བདག་ཅག་ཁྱིམ་བདག་འདི་ལ་ཕུལ་བས་ད་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་བྱའི། འདོད་པ་ལ་ནི་དགའ་ཞིང་མོས་པར་མི་བྱའོ། །དེ་ནས་བདུད་སྡིག་ཅན་གྱིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་འཛིན་པ་མེད་པ་ལགས་ན་ཁྱིམ་བདག་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་དགྱེ་བར་གསོལ། དྲི་མ་མེད་པར་གྲགས་པས་སྨྲས་པ། འདི་རྣམས་བཀྱེ་བ་ཡིན་གྱིས། སྡིག་ཅན་གཡོག་དང་བཅས་ཏེ་དེང་ཤིག །སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་ལྷའི་བུ་མོ་དེ་དག་གིས་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཇི་ལྟར་བདག་ཅག་བདུད་ཀྱི་གནས་ན་གནས་པར་བགྱི། སྨྲས་པ། །སྲིང་མོ་དག་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། དེ་ལ་ནན་ཏན་གྱིས་ཤིག །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྲིང་མོ་དག་སྒྲོན་མ་གཅིག་ལས་སྒྲོན་མ་བརྒྱ་སྟོང་འབར་བར་བྱས་ཀྱང་སྒྲོན་མ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ་སྲིང་མོ་དག་བྱང་ཆུབ་སེམས་དཔའ་གཅིག་
གིས་སེམས་ཅན་བརྒྱ་སྟོང་མང་པོ་རྣམས་བྱང་ཆུབ་ལ་བཀོད་ཀྱང་བྱང་ཆུབ་སེམས་དཔའ་དེའི་སེམས་དྲན་པ་མི་འབྲི། ཡོངས་སུ་མི་འབྲི་བའི་སྟེང་དུ་འཕེལ་ལོ། །དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱང་ཇི་ལྟ་ཇི་ལྟར་གཞན་དག་ལ་བསྒོ་ཞིང་བསྟན་པ་དེ་ལྟ་དེ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱིས་རྣམ་པར་འཕེལ་ཏེ། འདི་ནི་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བདུད་ཀྱི་གནས་དེ་ན་ཁྱོད་གནས་པའི་ཚེ་ལྷའི་བུ་དང་། ལྷའི་བུ་མོ་ཚད་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་ལ་མོས་པར་གྱིས་ཤིག །དེ་ལྟར་ན་ཁྱེད་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བར་ཡང་འགྱུར་རོ། །དེ་ནས་ལྷའི་བུ་མོ་དེ་དག་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་བདུད་དང་ལྷན་ཅིག་སླར་མཆིས་སོ། །བཅོམ་ལྡན་འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་རྣམ་པར་འཕྲུལ་པའི་ཁྱད་པར་དེ་བདག་གིས་མཐོང་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་ལེགས་པར་བྱིན་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ལེགས་པར་བྱིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན་བདག་གི་ཕའི་སྡུམ་པ་ན་མཆོད་སྦྱིན་ཆེན་པོ་བགྱི་བའི་སླད་དུ་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་དང་། དབུལ་པོ་དང་། སྡུག་བསྔལ་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློང་བ་ཐམས་ཅད་ལ་སྦྱིན་པ་སྩལ་ཏེ། གདུགས་བདུན་དུ་མཆོད་སྦྱིན་ཆེན་པོ་བགྱིད་པ་དེར་གདུགས་ཐ་མ་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མཆོད་སྦྱིན་ཆེན་པོའི་ས་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །ཚོང་དཔོན་གྱི་བུ་ཇི་ལྟར་ཁྱོད་མཆོད་སྦྱིན་བྱེད་པ་དེ་ལྟར་མཆོད་སྦྱིན་མི་བྱའི་ཁྱོད་ཀྱིས་ཆོས་ཀྱི་མཆོད་སྦྱིན་བྱའོ། །ཟང་ཟིང་གི་མཆོད་སྦྱིན་གྱིས་ཁྱོད་ལ་ཅི་ཞིག་བྱ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །ཆོས་ཀྱི་མཆོད་སྦྱིན་དེ་ཇི་ལྟར་སྦྱིན་པར་བྱ། དེས་བདག་
ལ་སྨྲས་པ། ཆོས་ཀྱི་མཆོད་སྦྱིན་དེ་གང་གིས་སྔ་ཕྱི་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེ་ནི་ཆོས་ཀྱི་མཆོད་སྦྱིན་ནོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པ་ཆེན་པོ་དང་། དམ་པའི་ཆོས་བསྡུས་པས་མངོན་པར་བསྒྲུབས་པའི་སྙིང་རྗེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བ་ལ་དམིགས་པས་མངོན་པར་བསྒྲུབས་པའི་དགའ་བ་ཆེན་པོ་དང་། ཤེས་པས་བསྡུས་པས་མངོན་པར་བསྒྲུབས་པའི་བཏང་སྙོམས་ཆེན་པོ་དང་། ཞི་བ་དང་དུལ་བས་མངོན་པར་བསྒྲུབས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བདག་མེད་པའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཏུ་རྩོམ་པས་མངོན་པར་བསྒྲུབས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལུས་དང་སེམས་དབེན་པས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་སྟོང་པ་ཉིད་ལ་སྒོམ་པ་དང་། འདུས་བྱས་ཡོངས་སུ་སྦྱོང་བས་མངོན་པར་བསྒྲུབས་པའི་མཚན་མ་མེད་པ་ལ་སྒོམ་པ་དང་། བསམས་བཞིན་དུ་སྐྱེ་བས་མངོན་པར་བསྒྲུབས་པའི་སྨོན་པ་མེད་པ་ལ་སྒོམ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་མངོན་པར་བསྒྲུབས་པའི་སྟོབས་ཀྱིས་རྟུལ་བ་དང་། བསྡུ་བའི་དངོས་པོས་མངོན་པར་བསྒྲུབས་པའི་སྲོག་གི་དབང་པོ་དང་། སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་གྱུར་པས་མངོན་པར་བསྒྲུབས་པའི་ང་རྒྱལ་མེད་པ་དང་། སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་མངོན་པར་བསྒྲུབས་པའི་ལུས་དང་། སྲོག་དང་། ལོངས་སྤྱོད་རྙེད་པ་དང་། རྗེས་སུ་དྲན་པ་དྲུག་གིས་མངོན་པར་བསྒྲུབས་པའི་དྲན་པ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་
བསམ་པ་དང་། ཡང་དག་པའི་ནན་ཏན་གྱིས་མངོན་པར་བསྒྲུབས་པའི་འཚོ་བ་ཡོངས་སུ་དག་པ་དང་། དད་པ་དང་མཆོག་ཏུ་དགའ་བ་ལ་བསྟེན་པས་མངོན་པར་བསྒྲུབས་པའི་འཕགས་པ་ལ་བསྙེན་བཀུར་བྱེད་པ་དང་། འཕགས་པ་མ་ཡིན་པ་ལ་ཁོང་ཁྲོ་བ་མེད་པས་མངོན་པར་བསྒྲུབས་པའི་སེམས་ངེས་པར་སེམས་པ་དང་། རབ་ཏུ་བྱུང་བས་མངོན་པར་བསྒྲུབས་པའི་ལྷག་པའི་བསམ་པ་དང་། ནན་ཏན་གྱིས་མངོན་པར་བསྒྲུབས་པའི་ཐོས་པ་ལ་མཁས་པ་དང་། ཉོན་མོངས་པ་མེད་པའི་ཆོས་རྟོགས་པས་མངོན་པར་བསྒྲུབས་པའི་དགོན་པ་ལ་གནས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འཐོབ་པར་བྱེད་པས་མངོན་པར་བསྒྲུབས་པའི་ནང་དུ་ཡང་དག་འཇོག་པ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་རྣལ་འབྱོར་གྱིས་མངོན་པར་བསྒྲུབས་པའི་རྣལ་འབྱོར་སྤྱོད་པའི་ས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་བསོད་ནམས་ཀྱི་ཚོགས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་ཅི་རིགས་པར་ཆོས་སྟོན་པས་མངོན་པར་བསྒྲུབས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཐམས་ཅད་ལ་བླང་བ་མེད་པ་དང་། དོར་བ་མེད་པ་ཚུལ་གཅིག་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཚོགས་དང་། ཉོན་མོངས་པ་ཐམས་ཅད་དང་། བསྒྲིབས་པ་ཐམས་ཅད་དང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང་། དགེ་བའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བ་དེ་ནི་རིགས་ཀྱི་བུ་ཆོས་ཀྱི་མཆོད་སྦྱིན་ཏེ་ཆོས་ཀྱི་མཆོད་སྦྱིན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཆོད་སྦྱིན་བྱིན་པ་མཆོད་སྦྱིན་ཤིན་ཏུ་བྱེད་པ་ཡིན་ཏེ། ལྷ་དང་བཅས་པ་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བུར་ཁྱིམ་བདག་དེས་བསྟན་པ་འདི་བཤད་པའི་ཚེ་བྲམ་ཟེའི་འཁོར་དེ་ནས་བྲམ་ཟེ་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་སྐྱེས་སོ། །བདག་ཀྱང་དད་ཅིང་ངོ་མཚར་དུ་གྱུར་ཏེ། སྐྱེས་བུ་དམ་པ་དེའི་རྐང་པ་ལ་ཕྱག་བགྱིས་ནས་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བདག་གི་མགུལ་ནས་བཀྲོལ་ཏེ་སྩལ་ན། དེ་མུ་ཏིག་གི་དོ་ཤལ་དེ་ལེན་དུ་མ་བཏུབ་ནས་དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །འདི་ལོང་ལ་གང་ལ་མོས་པ་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེར་མུ་ཏིག་གི་དོ་ཤལ་བླངས་ཏེ་དུམ་བུ་གཉིས་སུ་བགྱིས་ན། ཆ་གཅིག་ནི་མཆོད་སྦྱིན་གྱི་གནས་དེ་ན་འཇིག་རྟེན་ཐམས་ཅད་ཀྱིས་སྨད་པ་གྲོང་ཁྱེར་གྱི་ནང་ན་དབུལ་པོ་ལ་སྩལ་ཏོ། །ཆ་གཅིག་ནི་དེ་བཞིན་གཤེགས་པ་བཟོད་པར་དཀའ་བ་ལ་ཕུལ་ཏེ། ཇི་ལྟར་འཁོར་དེ་དག་ཐམས་ཅད་ཀྱིས་སྨིག་རྒྱུའི་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་གཤེགས་པ་བཟོད་པར་དཀའ་བ་དེ་ཡང་མཐོང་ཞིང་མུ་ཏིག་གི་དོ་ཤལ་དེ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སྤྱི་བོའི་སྟེང་ན་མུ་ཏིག་གི་དོ་ཤལ་གྱི་ཁང་པ་བརྩེགས་པ་བཀྲ་བ་བལྟ་ན་སྡུག་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ངོས་མཉམ་ཞིང་རབ་ཏུ་རྣམ་པར་ཕྱེ་བ་ཕྱུང་བ་མཐོང་བ་དེས་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །སྦྱིན་པ་པོ་སྦྱིན་བདག་གང་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྦྱིན་གནས་སུ་འདུ་ཤེས་པ་དེ་འདྲ་བར་གྲོང་ཁྱེར་གྱི་དབུལ་པོ་དང་ཐ་དད་པ་མེད་པར་མཉམ་ཞིང་སྙིང་རྗེ་ཆེན་པོའི་སེམས་དང་། རྣམ་པར་སྨིན་པ་ལ་མི་རེ་བས་ཡོངས་སུ་གཏོང་བ་དེ་ནི་ཆོས་ཀྱི་མཆོད་སྦྱིན་ཡོངས་སུ་རྫོགས་པའོ་ཞེས་བགྱིས་པ་དང་། དེ་ན་གྲོང་ཁྱེར་གྱི་དབུལ་པོ་དེས་ཆོ་འཕྲུལ་དེ་མཐོང་། ཆོས་བསྟན་པ་དེ་ཡང་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་གང་སྐྱེས་བུ་དམ་པ་དེ་དང་། སྐབས་སུ་གཏམ་གང་དག་བརྗོད་པ་སོ་སོའི་བསྟན་པ་བཤད་དེ་འགྲོ་བར་མི་སྤྲོའོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཏང་བར་རྨས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ལིད་
ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འཇམ་དཔལ་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ནི་བསྙེན་པར་དཀའ་ཞིང་ཟབ་མོའི་ཚུལ་ལ་སྤོབས་པ་རབ་ཏུ་ཞུགས་པ། ཚིག་སྣྲེལ་ཞི་དང་རྫོགས་པའི་ཚིག་བསྒྲུབ་པ་ལ་མཁས་པ། སྤོབས་པ་རྒྱུན་མི་འཆད་པ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་པའི་བློ་དང་ལྡན་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་གནས་ལ་ཤིན་ཏུ་ཞུགས་པ། བདུད་ཐམས་ཅད་ཀྱི་གནས་རྣམ་པར་བཟློག་པ་ལ་མཁས་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། ཐབས་དང་ཤེས་རབ་ལས་ངེས་པར་འབྱུང་བ། ཆོས་ཀྱི་དབྱིངས་སུ་གཉིས་སུ་མ་མཆིས་ཤིང་དབྱེར་མ་མཆིས་པའི་སྤྱོད་ཡུལ་གྱི་དམ་པའི་མཆོག་ཐོབ་པ་ཆོས་ཀྱི་དབྱིངས་བཀོད་པ་གཅིག་པ་རྣམ་པ་མཐའ་ཡས་པའི་བཀོད་པར་ཆོས་སྟོན་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཀོད་པ་འཐོབ་པར་བགྱིད་པ་འཚལ་བ་ལ་མཁས་པ། ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། དྲིས་པ་གཏན་ལ་འབེབས་པ་ཐོབ་པ་སྟེ། དེ་ནི་གོ་ཆ་ཆུང་ངུས་མགུ་བར་མི་ནུས་ཀྱི། འོན་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེར་མཆིས་ཏེ་ཡང་དག་པ་ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་བཞིན་དུ་བཤད་པར་འཚལ་ལོ། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་དང་། ལྷའི་བུ་མོ་དེ་དག་འདི་སྙམ་དུ་སེམས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་དེ་གཉིས་སྨྲ་བ་ལས། དེར་ནི་ཆོས་བསྒྲགས་པའི་གཏམ་ཆེན་པོ་གདོན་མི་ཟ་བར་འབྱུང་ངོ་སྙམ་སྟེ་དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་། ཉན་ཐོས་ལྔ་བརྒྱ་ཙམ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཤིན་ཏུ་མང་བ་དང་། ལྷའི་བུ་བརྒྱ་སྟོང་ཕྲག་ཤིན་ཏུ་མང་པོ་རྣམས་ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་
བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་མང་པོ་དང་འོང་གིས་བདག་གི་ཁྱིམ་འདི་སྟོང་པར་བྱིན་གྱིས་བརླབ་པོ་སྙམ་སྟེ། དེས་ཁྱིམ་དེ་སྟོང་པར་བྱིན་གྱིས་བརླབས་ནས་དེ་ན་སྒོ་བ་འང་མེད་དོ། །ཁྲི་གང་ལ་དྲི་མ་མེད་པར་གྲགས་པ་ན་བ་ཉལ་ཞིང་འདུག་པའི་ཁྲི་གཅིག་པོ་དེ་མ་གཏོགས་པར་དེ་ན་ཁྲི་འམ་ཁྲིའུ་འམ། སྟན་གང་ཡང་མི་སྣང་ངོ་། །དེ་ནས་འཇམ་དཔལ་འཁོར་དང་བཅས་པ་དྲི་མ་མེད་པར་གྲགས་པའི་གནས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ནང་དུ་འོངས་པ་དང་ཁྱིམ་དེ་སྟོང་པར་མཐོང་སྟེ། དེ་ན་སྒོ་བའང་མེད། དྲི་མ་མེད་པར་གྲགས་པ་ཉལ་ཞིང་འདུག་པའི་ཁྲི་གཅིག་པུ་དེ་ལས་གཞན་ཁྲི་འམ་ཁྲིའུ་འམ། སྟན་མ་མཐོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་སྟེ། མཐོང་ནས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལེགས་པར་འོངས་སོ། །འཇམ་དཔལ་ཤིན་ཏུ་ལེགས་པར་འོངས་སོ། །སྔོན་མ་འོངས། མ་མཐོང་། མ་ཐོས་པ་མཐོང་ངོ་། །འཇམ་དཔལ་གྱིས་སྨྲས་པ་ཁྱིམ་བདག་ཇི་སྐད་ཟེར་བ་དེ་བཞིན་ཏེ། གང་འོངས་པ་དེ་ནི་ཕྱིས་མི་འོང་ངོ་། །གང་སོང་བ་དེ་ཡང་ཕྱིས་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། མ་འོངས་པ་ལ་འོང་བར་ཤེས་པ་ཡང་མེད་ཅིང་སོང་བ་ལ་ཡང་འགྲོ་བར་ཤེས་པ་མེད་པ་ལ། གང་མཐོང་བ་དེ་ནི་ཕྱིར་ཡང་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྐྱེས་བུ་དམ་པ་ཁྱོད་བཟོད་དམ། འཚོ་འམ། ཁྱོད་ཀྱི་ཁམས་རྣམས་མི་འཁྲུག་གམ། ཁྱོད་ཀྱི་ནད་དེ་འབྱུང་ངམ། མི་སྐྱེ་འམ། བཅོམ་ལྡན་འདས་ཀྱང་ཁྱོད་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། ན་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་བ་དང་། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་དང་། བདེ་བར་རེག་པ་ལ་གནས་སམ་ཞེས་གསུང་ངོ་། །ཁྱིམ་བདག་ཁྱོད་ཀྱི་ནད་འདི་ཅི་ལས་བྱུང་། བྱུང་ནས་ཅི་སྲིད་ལོན།
ཇི་ལྟར་གནས། ཅི་ཙམ་ན་ཞི་བར་འགྱུར། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་མ་རིག་པ་དང་། སྲིད་པའི་སྲེད་པ་ཇི་སྲིད་པར་ཁོ་བོའི་ནད་འདི་འང་དེ་སྲིད་དོ། །སེམས་ཅན་ཐམས་ཅད་ཀྱི་ནད་ཇི་སྲིད་པར་ཁོ་བོའི་ནད་ཀྱང་དེ་སྲིད་དོ། །ནམ་སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན་ཁོ་བོའི་ནད་ཀྱང་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའི་འཁོར་བའི་གནས་ནི་སེམས་ཅན་ཏེ། ནད་ནི་འཁོར་བ་ལ་གནས་སོ། །ནམ་སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན་བྱང་ཆུབ་སེམས་དཔའ་ཡང་ནད་མེད་པར་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་གྱི་བུ་གཅིག་པ་ན་བར་གྱུར་ན་དེ་ན་བའི་ཕྱིར་ཕ་མ་གཉིས་ཀྱང་ན་བར་འགྱུར་རོ། །ཇི་སྲིད་དུ་བུ་གཅིག་པ་དེ་ནད་མེད་པར་མ་གྱུར་པ་དེ་སྲིད་དུ་ཕ་མ་གཉིས་ཀྱང་སྡུག་བསྔལ་བར་འགྱུར་ཏེ་འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ན་བས་དེ་ཡང་ན་བར་འགྱུར། སེམས་ཅན་ལ་ནད་མེད་ན་དེ་ཡང་ན་བ་མེད་དོ། །གང་འཇམ་དཔལ་ཁྱོད་ནད་འདི་ཅི་ལས་བྱུང་ཞེས་ཟེར་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་སྙིང་རྗེ་ཆེན་པོ་ལས་འབྱུང་ངོ་། །འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ཁྱིམ་འདི་སྟོང་ན་ཁྱོད་ལ་གཡོག་འགའ་ཡང་མེད་དམ། སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་སྟོང་ངོ་། །སྨྲས་པ་ཅིས་སྟོང་། སྨྲས་པ། སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྨྲས་པ། སྟོང་པ་ཉིད་ལ་སྟོང་པ་ཅི་ཞིག་ཡོད། སྨྲས་པ། ཀུན་ཏུ་རྟོག་པ་ནི། སྟོང་པ་ཉིད་ཀྱིས་སྟོང་པའོ། །སྨྲས་པ། སྟོང་པ་ཉིད་ཀུན་ཏུ་བརྟག་པར་ནུས་སམ། སྨྲས་པ། ཡོངས་སུ་རྟོག་པ་དེ་ཡང་སྟོང་པ་སྟེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མི་རྟོག་གོ །སྨྲས་པ། ཁྱིམ་བདག་སྟོང་པ་ཉིད་གང་དུ་བཙལ། སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་བཙལ་ལོ། །སྨྲས་པ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་གང་ལས་བཙལ། སྨྲས་པ། དེ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་
བ་ལས་བཙལ་ལོ། །སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའང་གང་ལས་བཙལ། སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་པོ་སྤྱོད་པ་ལས་བཙལ་ལོ། །འཇམ་དཔལ་གང་ཁྱོད་ལ་གཡོག་ཀྱང་མེད་དམ་ཞེས་ཟེར་བ་ནི་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདུད་རྣམས་ནི་འཁོར་བའི་བསྔགས་པ་སྨྲ་བ་སྟེ། འཁོར་བ་ནི་བྱང་ཆུབ་སེམས་དཔའི་གཡོག་གོ །ཕས་ཀྱི་རྒོལ་བ་རྣམས་ནི་ལྟ་བར་གྱུར་པ་རྣམས་ཀྱི་བསྔགས་པ་སྨྲ་བ་སྟེ། བྱང་ཆུབ་སེམས་དཔའ་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་མི་གཡོའོ། །དེ་བས་ན་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་གོ །འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ནད་ཅི་འདྲ། སྨྲས་པ། གཟུགས་མེད་ཅིང་བསྟན་དུ་མེད་དོ། །སྨྲས་པ། ནད་དེ་ལུས་དང་ལྡན་ནམ། འོན་ཏེ་སེམས་དང་ལྡན། སྨྲས་པ། ལུས་དབེན་པས་ན་ལུས་དང་ལྡན་པ་ཡང་མ་ཡིན། སེམས་སྒྱུ་མའི་ཆོས་ཉིད་པས་ན་སེམས་དང་ཡང་མི་ལྡན་ནོ། །སྨྲས་པ། ཁྱིམ་བདག་འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ཁམས་འདི་བཞི་ལས་ཁམས་གང་གནོད་པར་འགྱུར། སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་ནད་ཁམས་དེ་ལྟ་བུ་གང་ཡིན་པ་དེས་ཁོ་བོ་ཡང་ནའོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་དགའ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལུས་ཀྱི་མི་རྟག་པ་སྟེ། ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། །ལུས་སྡུག་བསྔལ་བ་སྟེ། མྱ་ངན་ལས་འདས་པ་ལ་དགའ་བས་ནི་མ་ཡིན་ནོ། །ལུས་བདག་མེད་པ་སྟེ། འོན་ཀྱང་སེམས་ཅན་སྨིན་པར་བྱ་བས་སོ། །ལུས་ཞི་བ་ཉིད་ཀྱིས་ཏེ། ཤིན་ཏུ་ཞི་བས་ནི་མ་ཡིན་ནོ། །ཉེས་པར་སྤྱོད་པ་ཐམས་ཅད་བསྟན་པ་སྟེ། འཕོ་བས་ནི་མ་ཡིན་ནོ། །བདག་ན་བས་སེམས་ཅན་གཞན་ན་བ་ལ་སྙིང་རྗེ་བ་དང་། སྔོན་གྱི་མཐའི་མུའི་སྡུག་བསྔལ་རྗེས་སུ་དྲན་པ་དང་། སེམས་
ཅན་གྱི་དོན་བྱ་བ་རྗེས་སུ་དྲན་པ་དང་། དགེ་བའི་རྩ་བ་མངོན་དུ་བྱ་བ་དང་། གཟོད་མ་ནས་རྣམ་པར་དག་པ་དང་། སྲེད་པ་མེད་པ་དང་། རྟག་ཏུ་བརྩོན་འགྲུས་བརྩམས་པས་ནད་ཐམས་ཅད་མེད་པར་བྱེད་པའི་སྨན་པའི་རྒྱལ་པོར་འགྱུར་རོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་དགའ་བར་བྱའོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ན་བས་ཇི་ལྟར་རང་གི་སེམས་ངེས་པར་བསམ་པར་བྱ། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ན་བས་ནི་བདག་གི་སེམས་ལ་འདི་ལྟར་ངེས་པར་བསམ་པར་བྱའོ། །ནད་ནི་སྔོན་གྱི་མཐའ་ནས་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་གི་ལས་ཀུན་ནས་ལྡང་བ་ལས་བྱུང་ངོ་། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་ཉོན་མོངས་པ་ལས་བྱུང་སྟེ། དོན་དམ་པར་ནི་འདི་ལ་གང་གི་ན་བ་ཞེས་བྱ་བའི་ཆོས་དེ་གང་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་ཁམས་འདི་དག་ལ་བདག་པོ་གང་ཡང་མེད་དེ་བསྐྱེད་པའང་མེད་དོ། །ལུས་འདི་ལ་བདག་མེད་དེ། བདག་ཏུ་མངོན་པར་ཞེན་པ་མ་གཏོགས་པར་འདི་ལ་དོན་དམ་པར་ན་གང་ནད་ཅེས་བྱ་བ་དེ་མི་དམིགས་ཏེ། དེ་བས་ན་བདག་ནི་མངོན་པར་ཞེན་པ་མེད་ཅིང་། ནད་ཀྱི་རྩ་བ་ཀུན་ཤེས་པ་ལ་གནས་པར་བྱའོ། །ཞེས་དེས་བདག་ཏུ་འདུ་ཤེས་པ་རྒྱུན་བཅད་དེ་ཆོས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ལུས་འདི་ནི་ཆོས་མང་པོ་འདུས་པ་སྟེ་སྐྱེ་བ་ན་ཡང་ཆོས་ཁོ་ན་སྐྱེ། འགག་པ་ན་ཡང་ཆོས་ཁོ་ན་འགག་སྟེ། ཆོས་དེ་དག་ནི་ཕན་ཚུན་དུ་མི་ཚོར་མི་ཤེས་ཏེ། ཆོས་དེ་དག་སྐྱེ་བ་ན་ཡང་འདི་སྙམ་དུ་བདག་སྐྱེའོ་སྙམ་དུ་མི་སེམས་སོ། །འགག་པ་ན་ཡང་འདི་སྙམ་དུ་བདག་འགག་གོ་སྙམ་དུ་མི་སེམས་སོ། །དེས་ཆོས་ཀྱི་འདུ་ཤེས་ཀུན་ཤེས་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་འདི་ལྟར་ཆོས་སུ་འདུ་ཤེས་པ་དེ་ཡང་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་ནི་ནད་ཆེན་པོའོ། །བདག་ནི་ནད་དང་བྲལ་བར་བྱ་སྟེ། ནད་རབ་ཏུ་སྤང་བའི་ཕྱིར་བརྩོན་པར་བྱའོ། །དེ་ལ་ནད་སྤང་བ་དེ་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་
འཛིན་པ་སྤང་བའོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤང་བ་དེ་གང་ཞེ་ན། འདི་ལྟ་སྟེ། གཉིས་དང་བྲལ་བའོ། །དེ་ལ་གཉིས་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ། ནང་དང་ཕྱི་རོལ་ཏུ་ཀུན་ཏུ་སྤྱོད་པ་མེད་པའོ། །དེ་ལ་ནང་དང་ཕྱི་རོལ་ཏུ་ཀུན་ཏུ་སྤྱོད་པ་མེད་པ་དེ་གང་ཞེ་ན། འདི་ལྟ་སྟེ། མཉམ་པ་ཉིད་ལས་མི་གཡོ་བ། རབ་ཏུ་མི་གཡོ་བ། རྣམ་པར་མི་གཡོ་བའོ། །མཉམ་པ་ཉིད་གང་ཞེ་ན། བདག་མཉམ་པ་ཉིད་ནས་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བདག་དང་མྱ་ངན་ལས་འདས་པ་གཉི་གའང་སྟོང་པའི་ཕྱིར་རོ། །དེ་གཉི་ག་ཅིས་སྟོང་ཞེ་ན། མིང་དུ་བརྗོད་པ་དེ་གཉིས་སྟོང་སྟེ། དེ་དག་ཀྱང་ཡོངས་སུ་མ་གྲུབ་པའོ། །དེ་ལྟར་མཉམ་པ་ཉིད་མཐོང་བ་དེས་ནད་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་དུ་མི་བྱེད་དེ། ནད་ཉིད་སྟོང་པ་ཉིད་དོ། །ཚོར་བ་དེ་ནི་ཚོར་བ་མེད་པར་རིག་པར་བྱ་སྟེ། དེས་ཚོར་བ་འགོག་པ་ཡང་མངོན་སུམ་དུ་མི་བྱའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ལ་ཚོར་བ་གཉི་ག་དོར་མོད་ཀྱི་ངན་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པའང་མ་ཡིན་ནོ། །ཇི་ལྟར་སེམས་ཅན་འདི་དག་ལ་ཚུལ་བཞིན་ངེས་པར་སེམས་པས་ནད་སེལ་བར་འགྱུར་བ་དེ་ལྟར་བྱའོ། །འདི་དག་ལ་ཆོས་གང་ཡང་ཉེ་བར་སྦྱར་བར་ཡང་མི་བྱ། བསལ་བར་ཡང་མི་བྱ་སྟེ། དེ་གཞི་གང་ལས་ནད་བྱུང་བ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བཤད་པར་བྱའོ། །གཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་གཞིའོ། །ལྷག་པར་དམིགས་པའི་གཞི་ལ་ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་གཞིའོ། །ཅི་ལ་ལྷག་པར་དམིགས་ཤེ་ན། ཁམས་གསུམ་ལ་ལྷག་པར་དམིགས་སོ། །ལྷག་པར་དམིགས་པའི་གཞི་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དམིགས་པ་མེད་ཅིང་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་ལྷག་པར་མི་དམིགས་པའོ། །ཅི་མི་དམིགས་ཤེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། ཕ་རོལ་ཏུ་ལྟ་བ་དང་། ལྟ་བ་གཉིས་སུ་མི་དམིགས་ཏེ། དེས་ན་མི་དམིགས་པ་ཞེས་བྱའོ། །འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ན་བས་རྒ་བ་དང་།
ན་བ་དང་། འཆི་བ་དང་། སྐྱེ་བ་སྤང་བའི་ཕྱིར་བདག་གི་སེམས་ལ་ངེས་པར་བསམ་པར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་དེ་ལྟ་བུ་ཡིན་ཏེ། གལ་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན། འབད་པ་དོན་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་བྱ་ན་ཕྱིར་རྒོལ་བ་བཅོམ་པས་དཔའ་བོ་ཞེས་བྱ་བ་དེ་བཞིན་དུ་རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ཞི་བར་བྱེད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ན་བ་དེས་འདི་སྙམ་དུ་ཇི་ལྟར་བདག་གི་ནད་ཡང་དག་པ་མ་ཡིན་ཞིང་ཡོད་པ་མ་ཡིན་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ནད་ཀྱང་ཡང་དག་པ་མ་ཡིན་ཞིང་ཡོད་པ་མ་ཡིན་ནོ་ཞེས་བརྟག་པར་བྱ་སྟེ། དེ་དེ་ལྟར་རྟོག་པ་ན་ཕན་ཡོན་དུ་ལྟ་བར་མི་ལྟུང་ཞིང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་སྟེ། བློ་བུར་གྱི་ཉོན་མོངས་པ་སྤང་བའི་ཕྱིར་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་སེམས་ཅན་རྣམས་ལ་སྐྱེ་བ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕན་ཡོན་དུ་ལྟ་བར་ལྟུང་བའི་སྙིང་རྗེ་ཆེན་པོས་ནི་སྐྱེ་བ་རྣམས་སུ་བྱང་ཆུབ་སེམས་དཔའ་སྐྱོ་བར་འགྱུར་རོ། །ཕན་ཡོན་དུ་ལྟ་བའི་ཀུན་ནས་ལྡང་བ་དང་བྲལ་བའི་སྙིང་རྗེ་ཆེན་པོས་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམས་སུ་སྐྱོ་བར་མི་འགྱུར་རོ། །ལྟ་བ་ཀུན་ནས་ལྡང་བ་ཀུན་ཏུ་ལྡང་ཞིང་མི་སྐྱེ་སྟེ། དེ་སེམས་ཀུན་ནས་ལྡང་བ་མེད་པར་སྐྱེ་བས་དེ་གྲོལ་བཞིན་དུ་སྐྱེ། དེ་གྲོལ་བཞིན་དུ་འབྱུང་ངོ་། །གྲོལ་བཞིན་དུ་སྐྱེ་ཞིང་གྲོལ་བཞིན་དུ་འབྱུང་བས་སེམས་ཅན་བཅིངས་པ་རྣམས་བཅིངས་པ་ལས་གྲོལ་བའི་ཆོས་སྟོན་པར་ནུས་ཤིང་མཐུ་ཡོད་དོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་བདག་ཉིད་བཅིངས་པས་ཕ་རོལ་བཅིངས་པ་ལས་འགྲོལ་བ་དེ་ནི་གནས་མེད་དེ། བདག་གྲོལ་བས་ཕ་རོལ་བཅིངས་པ་ལས་འགྲོལ་བ་དེ་ནི་གནས་ཡོད་དོ་ཞེས་གསུངས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་གྲོལ་བར་བྱའི། བཅིངས་པར་ནི་མི་བྱའོ། །དེ་ལ་བཅིངས་པ་གང་། གྲོལ་བ་གང་ཞེ་ན། ཐབས་མེད་པར་སྲིད་པའི་གྲོལ་བ་ཡོངས་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའི་བཅིངས་པའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འཇུག་པ་ནི་གྲོལ་བའོ། །ཐབས་མེད་
པས་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རོ་མྱང་བ་ནི་བྱང་ཆུབ་སེམས་དཔའི་བཅིངས་པའོ། །ཐབས་ཀྱིས་བསམ་གཏན་དང་། ཏིང་ངེ་འཛིན་གྱི་རོ་མྱང་བ་ནི་གྲོལ་བའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་བཅིངས་པའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་གྲོལ་བའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་བཅིངས་པའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་གྲོལ་བའོ། །དེ་ལ་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་སེམས་ཤིང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་སེམས་པ་ནི་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། །དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ངེས་པར་སེམས་ཤིང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། །དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་གནས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་སྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ། །དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་དེས་ཀྱང་མི་སྙེམས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་ན་བས་དེ་ལྟར་ཆོས་དེ་དག་ལ་ངེས་པར་བསམ་པར་བྱ་སྟེ། གང་ལུས་དང་སེམས་དང་། ནད་ལ་མི་རྟག་པ་དང་། སྡུག་བསྔལ་
བ་དང་། སྟོང་པ་དང་། བདག་མེད་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ། །གང་ཡང་ལུས་ཀྱི་ནད་ཡོངས་སུ་སྤོང་བས་མི་སྐྱོ་སྟེ། འཁོར་བའི་རྒྱུན་མི་གཅོད་ཅིང་སེམས་ཅན་གྱི་དོན་སྦྱོར་བ་ལ་རྗེས་སུ་སྦྱོར་བ་འདི་ན་དེའི་ཐབས་སོ། །གཞན་ཡང་གང་ལུས་དང་། སེམས་དང་། ནད་རྣམས་ཕན་ཚུན་དུ་གཅིག་ནས་གཅིག་ཏུ་གསར་པ་ཡང་མ་ཡིན། རྙིང་པ་ཡང་མ་ཡིན་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ། །གང་ཡང་ལུས་དང་། སེམས་དང་། ནད་རྣམས་ཤིན་ཏུ་ཞི་བ་དང་འགོག་པ་མི་སྐྱེད་པ་དེ་ནི་དེའི་ཐབས་སོ། །འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ན་བས་རང་གི་སེམས་ངེས་པར་བསམ་པར་བྱ་མོད་ཀྱི་དེས་ངེས་པར་སེམས་པ་དང་། ངེས་པར་མི་སེམས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ངེས་པར་སེམས་པ་ལ་གནས་ན་དེ་ནི་བྱིས་པའི་ཆོས་སོ། །ཅི་སྟེ་ངེས་པར་མི་སེམས་པ་ལ་གནས་ན་དེ་ནི་ཉན་ཐོས་ཀྱི་ཆོས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ངེས་པར་སེམས་པ་དང་། མི་སེམས་པ་ལ་གནས་པར་མི་བྱའོ། །གང་དེ་ལ་མི་གནས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཏེ། གང་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་འཁོར་བའང་སྤྱོད་ཡུལ་ལ་ཉོན་མོངས་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མྱ་ངན་ལས་འདས་པར་རྟོག་པར་ཡང་སྤྱོད་ཡུལ་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བདུད་བཞི་སྟོན་པ་ཡང་སྤྱོད་ཡུལ་ལ་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་ཡང་སྤྱོད་ཡུལ་ལ་དུས་མ་ཡིན་པར་ཡེ་ཤེས་འཐོབ་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བདེན་པ་བཞི་ཤེས་པ་ཡང་སྤྱོད་ཡུལ་ལ་དུས་མ་ཡིན་པར་བདེན་པ་རྟོགས་པར་བྱེད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ནང་དུ་སོ་སོར་རྟོག་པ་ཡང་སྤྱོད་ཡུལ་ལ་བསམས་
བཞིན་དུ་སྲིད་པར་སྐྱེ་བར་ཡོངས་སུ་འཛིན་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མི་སྐྱེ་བར་སོ་སོར་རྟོག་པའང་སྤྱོད་ཡུལ་ལ་ངེས་པར་གྱུར་པ་ལ་འཇུག་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྤྱོད་ཡུལ་ལ་ལྟ་བ་ཐམས་ཅད་ཀྱི་ཡུལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ་ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དབེན་པ་ཡང་སྤྱོད་ཡུལ་ལ་ལུས་དང་སེམས་ཟད་པའི་གནས་ཀྱང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཁམས་གསུམ་ཡང་སྤྱོད་ཡུལ་ལ་ཆོས་ཀྱི་དབྱིངས་དབྱེ་བར་བྱ་བའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཚོལ་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མཚན་མ་མེད་པའང་སྤྱོད་ཡུལ་ལ་སེམས་ཅན་རབ་ཏུ་གྲོལ་བར་བྱ་བ་ལ་དམིགས་ཤིང་རྟོག་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སྨོན་པ་མེད་པའང་སྤྱོད་ཡུལ་ལ་བསམས་བཞིན་དུ་སྲིད་པའི་འགྲོ་བར་སྟོན་པར་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མངོན་པར་འདུ་མི་བྱེད་པའང་སྤྱོད་ཡུལ་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྤྱོད་ཡུལ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་ཕ་རོལ་ཏུ་འགྲོ་བར་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མངོན་པར་ཤེས་པ་དྲུག་ཀྱང་སྤྱོད་ཡུལ་ལ་ཟག་པ་ཟད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དམ་པའི་ཆོས་ལ་གནས་པ་ཡང་སྤྱོད་ཡུལ་ལ་ལམ་ངན་པ་ལ་མི་དམིགས་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་
ཚད་མེད་པ་བཞི་ལའང་སྤྱོད་ཡུལ་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་མི་རིག་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྗེས་སུ་དྲན་པ་དྲུག་ཀྱང་སྤྱོད་ཡུལ་ལ་ཟག་པ་ཐམས་ཅད་ཀྱང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའང་སྤྱོད་ཡུལ་ལ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དྲན་པ་ཉེ་བར་གཞག་པའང་སྤྱོད་ཡུལ་ལ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱང་ཤིན་ཏུ་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཡང་དག་པར་སྤོང་བའང་སྤྱོད་ཡུལ་ལ་དགེ་བ་དང་མི་དགེ་བ་གཉིས་སུ་དམིགས་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྫུ་འཕྲུལ་གྱི་རྐང་པ་སྒྲུབ་པའང་སྤྱོད་ཡུལ་ལ་ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་གྱི་རྐང་པ་ལ་དབང་སྒྱུར་བའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དབང་པོ་ལྔའི་ཡང་སྤྱོད་ཡུལ་ལ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སྟོབས་ལྔ་ལ་གནས་པའང་སྤྱོད་ཡུལ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་དགའ་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་གྲུབ་པའང་སྤྱོད་ཡུལ་ལ་བློ་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ལམ་ལ་གནས་པའང་སྤྱོད་ཡུལ་ལ་ལམ་ངན་པ་ལ་མི་དམིགས་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཞི་གནས་དང་། ལྷག་མཐོང་གི་ཚོགས་ཚོལ་བ་ཡང་སྤྱོད་ཡུལ་ལ་ཤིན་ཏུ་ཞི་བར་མི་ལྟུང་བ་ཡང་སྤྱོད་ཡུལ་བ་དེ་
ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཆོས་ཐམས་ཅད་སྐྱེད་པ་མེད་པའི་མཚན་ཉིད་དུ་རྟོག་པ་ཡང་སྤྱོད་ཡུལ་ལ་མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་སྐུ་དང་རྒྱན་ཡོངས་སུ་སྒྲུབ་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་སྟོན་པ་ཡང་སྤྱོད་ཡུལ་ལ་སངས་རྒྱས་ཀྱི་ཆོས་ལས་མི་ཉམས་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རང་བཞིན་རབ་ཏུ་རྣམ་པར་དག་པར་གྱུར་པའི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའང་སྤྱོད་ཡུལ་ལ་སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་སྤྱོད་ལམ་སྟོན་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཤིན་ཏུ་འཇིག་པ་དང་། འཆགས་པ་མེད་པ་ནམ་མཁའི་རང་བཞིན་དུ་རྟོག་པ་ཡང་སྤྱོད་ཡུལ་ལ་སྣ་ཚོགས་སུ་བཀོད་པ་དང་། དུ་མར་བཀོད་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྟོན་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ཡང་སྤྱོད་ཡུལ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་གཏོང་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །བསྟན་པ་འདི་བཤད་པ་ན་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་ལྷགས་པའི་ལྷའི་བུ་དེ་དག་ལས་ལྷའི་བུ་བརྒྱད་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ན་བ་ཡང་དག་པར་དགའ་བར་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཁྱིམ་འདི་ན་སྟན་དག་ཀྱང་མེད་ན་བྱང་ཆུབ་སེམས་དཔའ་འདི་དག་དང་། ཉན་ཐོས་ཆེན་པོ་འདི་དག་ཅི་ལ་འཁོད་སྙམ་མོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཅི་ཆོས་འདོད་དེ་འོངས་སམ། འོན་ཏེ་སྟན་འདོད། སྨྲས་པ། ཁོ་བོ་ནི་ཆོས་འདོད་དེ་འོངས་ཀྱི། སྟན་འདོད་པ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བས་ན་གང་ཆོས་འདོད་པ་དེ་ནི་བདག་གི་ལུས་ཀྱང་འདོད་པ་མ་ཡིན་ན། སྟན་འདོད་པར་ལྟ་ག་ལ་འགྱུར། བཙུན་པ་ཤཱ་རིའི་བུ་གང་ཆོས་འདོད་པ་དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདོད་པ་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདོད་པ་མ་ཡིན་ནོ། །གང་ཆོས་འདོད་པ་དེ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་
ཁམས་འདོད་པ་མ་ཡིན་ནོ། །གང་ཆོས་འདོད་པ་དེ་ནི་སངས་རྒྱས་ལ་མངོན་པར་ཞེན་པ་འདོད་པ་མ་ཡིན། ཆོས་དང་། དགེ་འདུན་ལ་མངོན་པར་ཞེན་པ་འདོད་པ་མ་ཡིན་ནོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་ཆོས་འདོད་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་འདོད་པ་མ་ཡིན། ཀུན་འབྱུང་བ་སྤང་བར་འདོད་པ་མ་ཡིན། འགོག་པ་མངོན་དུ་བྱ་བར་འདོད་པ་མ་ཡིན། ལམ་བསྒོམ་པར་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སྤྲོས་པ་མེད་པ། ཡི་གེ་མེད་པ་སྟེ། དེ་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་བ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་གང་འཕྲོས་པར་བྱེད་པ་དེ་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་ནི་སྤྲོས་པ་འདོད་པའོ། །བཙུན་པ་ཤཱ་རིའི་བུ་ཆོས་ནི་ཉེ་བར་ཞི་ཞིང་རབ་ཏུ་ཞི་བ་སྟེ། དེ་ལ་གང་དག་སྐྱེ་བ་དང་འཇིག་པ་ལ་སྤྱོད་པ་དེ་དག་ནི་ཆོས་འདོད་པ་མ་ཡིན། དབེན་པ་འདོད་པ་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་འཇིག་པ་འདོད་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ནི་རྡུལ་མེད་ཅིང་རྡུལ་དང་བྲལ་བ་སྟེ། དེ་ལ་གང་དག་ཆོས་གང་ལ་ཆགས་ན་ཐ་ན་མྱ་ངན་ལས་འདས་པ་ལ་ཡང་རུང་སྟེ། དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་འདོད་ཆགས་ཀྱི་རྡུལ་འདོད་པའོ། །ཆོས་ནི་ཡུལ་མ་ཡིན་ཏེ། གང་དག་ཡུལ་འགྲང་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ཡུལ་འདོད་པའོ། །ཆོས་ནི་བླང་བ་མེད་པ། དོར་བ་མེད་པ་སྟེ། གང་དག་ཆོས་གང་ལ་འཛིན་པ་དང་། གཏོང་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་འཛིན་པ་དང་གཏོང་བ་འདོད་པའོ། །ཆོས་ནི་ཀུན་གཞི་མེད་པ་སྟེ། གང་ཀུན་གཞི་ལ་དགའ་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ ཀུན་གཞི་འདོད་པའོ། །ཆོས་ནི་མཚན་མ་མེད་པ་སྟོང་པ་སྟེ། གང་དག་གི་རྣམ་པར་ཤེས ་པ་མཚན་མའི་རྗེས་སུ་འཇུག་པ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་མཚན་མ་འདོད་པའོ། །ཆོས་ནི་ལྷན་ཅིག་གནས་པ་མ་ཡིན་ཏེ། གང་སུ་དག་ཆོས་དང་ལྷན་ཅིག་གནས་པ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་གནས་པ་འདོད་པའོ། །ཆོས་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་
པ་མ་ཡིན་ཏེ། གང་དག་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་ལ་སྤྱོད་པ་དེ་དག་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་འདོད་པ་ཡིན་གྱི་དེ་དག་ནི་ཆོས་འདོད་པ་མ་ཡིན་ནོ། །བཙུན་པ་ཤཱ་རིའི་བུ་ཆོས་ནི་འདུས་བྱས་དང་འདུས་མ་བྱས་མེད་པ་སྟེ། གང་དག་འདུས་བྱས་སྤྱོད་ཡུལ་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི་དེ་དག་ནི་འདུས་བྱས་སུ་འཛིན་པ་འདོད་པའོ། །བཙུན་པ་ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ཆོས་འདོད་པར་བྱ་ན་ཁྱོད་ཀྱིས་ཆོས་ཐམས་ཅད་མི་འདོད་པར་བྱའོ། །ཆོས་བསྟན་པ་འདི་བཤད་པ་ན་ལྷའི་བུ་ལྔ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གྲངས་མེད་པ་དག་ཏུ་སངས་རྒྱས་ཀྱི་ཞིང་རྒྱུ་ཞིང་འགྲོ་བ་ན་སངས་རྒྱས་ཀྱི་ཞིང་གང་ན་སེང་གེའི་ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་ཐམས་ཅད་དང་ལྡན་པ་དག་མཐོང་། དེ་སྐད་ཅེས་སྨྲས་པ་དང་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་སོ། །དེ་བཞིན་གཤེགས་པ་དེའི་སྐུ་ནི་དཔག་ཚད་འབུམ་ཕྲག་བརྒྱད་ཅུ་རྩ་བཞིའོ། །བཅོམ་ལྡན་འདས་དེའི་སེང་གེའི་ཁྲིའི་ཚད་ནི་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱང་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་སོ། །བྱང་ཆུབ་སེམས་དཔའ་དེ་དག་གི་སེང་གེའི་ཁྲི་ཡང་དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་བཞི་ཡོད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ན་སེང་གེའི་ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་ཐམས་ཅད་དང་ལྡན་པ་དག་ཡོད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་དེའི་ཚེ་དེ་ལྟ་བུའི་བསམ་པ་ཀུན་བསམས་ཤིང་། འདི་ལྟ་བུའི་རྫུ་འཕྲུལ་འདི་མངོན་པར་འདུ་བྱེད་པ་
མངོན་པར་བྱས་ཏེ། གང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེས་སེང་གེའི་ཁྲི་སུམ་ཁྲི་ཉིས་སྟོང་བསྐུར་ཏེ། དེ་ཙམ་དུ་འཕང་མཐོ་བ། དེ་ཙམ་དུ་ཡངས་པ། དེ་ཙམ་དུ་བལྟ་ན་སྡུག་པ། གང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་གིས་སྔོན་མ་མཐོང་བ་དེ་དག་སྟེང་གི་ནམ་མཁའ་ལས་འོངས་ཏེ། ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་སོ་སོར་གནས་སོ། །སེང་གེའི་ཁྲི་སྣ་ཚོགས་སུམ་ཁྲི་ཉིས་སྟོང་མ་འདོམ་པར་ཤོང་སྟེ། ཁྱིམ་དེ་ཡང་དེ་ཙམ་དུ་ཡངས་པར་སྣང་ངོ་། །ཡངས་པའི་གྲོང་ཁྱེར་ཆེན་པོ་ཡང་བསྒྲིབས་པར་གྱུར་པ་མེད། འཛམ་བུའི་གླིང་དང་གླིང་བཞི་པ་ཡང་བསྒྲིབས་པ་མེད་དེ། དེ་དག་ཐམས་ཅད་ཀྱང་སྔོན་ཇི་ལྟ་བ་བཞིན་དུ་སྣང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སེང་གེའི་ཁྲི་དང་འཚམ་པའི་ལུས་སུ་བྱིན་གྱིས་རློབས་ལ་བྱང་ཆུབ་སེམས་དཔའ་འདི་དག་དང་སེང་གེའི་ཁྲི་ལ་འདུག་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་གང་མངོན་པར་ཤེས་པ་ཐོབ་པ་དེ་དག་ནི་བདག་གི་ལུས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་པར་བྱིན་གྱིས་བརླབས་ཏེ་སེང་གེའི་ཁྲི་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་གང་དག་ལས་དང་པོ་པ་དེ་དག་ནི་སེང་གེའི་ཁྲི་དེ་དག་ལ་འདུག་མ་ནུས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་ཤེས་པ་ལྔ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་བསྟན་ཏེ། དེ་དག་གིས་མངོན་པར་ཤེས་པ་ཐོབ་ནས་ལུས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་པར་མངོན་པར་སྤྲུལ་ཏེ་སེང་གེའི་ཁྲི་དེ་དག་ལ་འཁོད་དོ། །ཉན་ཐོས་ཆེན་པོ་དེ་དག་ཀྱང་སེང་གེའི་ཁྲི་དེ་དག་ལ་འཁོད་མ་ནུས་ཏེ། དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་རིའི་བུ་སེང་གེའི་ཁྲི་ལ་འདུག་ཤིག །སྨྲས་པ། སྐྱེས་བུ་དམ་པ་སེང་གེའི་ཁྲི་འདི་དག་མཐོ་ཞིང་ཆེ་
བས་འདུག་མི་ནུས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེ་ལ་ཕྱག་གྱིས་ཤིག་དང་། འདུག་ནུས་པར་འགྱུར་རོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེ་ལ་ཕྱག་འཚལ་ནས་གདོད་དེ་དག་སེང་གེའི་ཁྲི་ལ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱིམ་ཆུང་ངུའི་ནང་དུ་སེང་གེའི་ཁྲི་འདི་ལྟ་བུར་མཐོ་ཞིང་ཆེ་བ་སྣ་ཚོགས་འདི་ལྟ་བུ་སྟོང་ཕྲག་འདི་སྙེད་ཆུད་པ་དང་། འདི་དག་གིས་ཡངས་པའི་གྲོང་ཁྱེར་ཆེན་པོ་ཡང་བསྒྲིབས་པར་མ་གྱུར། འཛམ་བུའི་གླིང་གི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་འཁོར་དང་། གླིང་ཆེན་པོ་བཞི་ལའང་ཅུང་ཟད་ཀྱང་མ་བསྒྲིབས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀྱང་བསྒྲིབས་པར་མ་གྱུར་ཏེ། སྔོན་ཅི་འདྲ་བ་ཕྱིས་ཀྱང་དེ་བཞིན་དུ་སྣང་བ་ནི་ངོ་མཚར་ཏོ། །ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་དེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་མཐོ་བ། དེ་ཙམ་དུ་ཆེ་བ། དེ་ཙམ་དུ་འཕགས་པ། དེ་ཙམ་དུ་ཡངས་པ་ཡང་ཡུངས་འབྲུའི་ནང་དུ་འཇུག་སྟེ། ཡུངས་འབྲུ་དེ་ཡང་སྐྱེས་པ་ཡང་མེད། རི་རབ་ཀྱང་གང་བའང་མེད་ལ་བྱ་བ་དེ་ཡང་སྟོན་ཏོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་བདག་ཅག་གང་དུ་བཅུག་མི་ཤེས་སོ། །རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་གཞན་དག་གིས་ནི་རིའི་རྒྱལ་པོ་རི་རབ་དེ་ཡུངས་འབྲུའི་ནང་དུ་བཅུག་པར་ཤེས་ཤིང་མཐོང་ངོ་། །དེ་ནི་བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་
པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་རྣམས་བ་སྤུའི་ཁུང་བུ་གཅིག་ཏུ་བླུགས་ཏེ། ཉ་དང་། རུས་སྦལ་དང་། ཆུ་སྲིན་བྱིས་པ་གསོད་དང་། སྦལ་པ་དང་། ཆུ་ལས་སྐྱེས་པའི་སྲོག་ཆགས་གཞན་དག་ལ་ཡང་གནོད་པར་གྱུར་པ་མེད། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་རྣམས་ཀྱང་འདི་སྙམ་དུ་བདག་ཅག་གར་བཙུད་སྙམ་ཡང་མི་སེམས་ལ། བྱ་བ་དེ་ཡང་སྣང་ཞིང་སེམས་ཅན་དེ་དག་ལ་གནོད་ཅིང་འཁྲུག་པར་གྱུར་པ་ཡང་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྫ་མཁན་གྱི་འཁོར་ལོ་བཞིན་ལག་པ་གཡས་པས་བླངས་ཏེ་བསྐོར་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕངས་ཀྱང་སེམས་ཅན་རྣམས་བདག་ཅག་གང་དུ་ཕྱུང་གང་ནས་འོངས་མི་ཤེས་སོ། །སླར་ཡང་བླངས་ནས་གནས་བཞིན་དུ་བཞག་ཀྱང་འོང་བ་དང་འགྲོ་བར་མི་ཤེས་མོད་ཀྱི་བྱ་བ་དེ་ཡང་ཀུན་ཏུ་སྣང་ངོ་། །བཙུན་པ་ཤཱ་རིའི་བུ་གཞན་ཡང་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། འཁོར་བ་བསྟུང་བས་འདུལ་བ་དག་ཀྱང་ཡོད་དེ། དེ་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་ཞག་བདུན་ཡང་བསྐལ་པ་འདས་པར་སྟོན་ཏེ། འཁོར་བ་བསྟུང་བས་འདུལ་བའི་སེམས་ཅན་རྣམས་ལ་ནི་བསྐལ་པ་ཡང་ཞག་བདུན་གྱིས་འདས་པར་སྟོན་ཏོ། །དེ་ལ་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་ནི་ཞག་བདུན་ལ་ཡང་བསྐལ་པ་འདས་པ་སྙམ་དུ་ཤེས་སོ། །གང་འཁོར་བ་བསྟུང་བས་འདུལ་བའི་སེམས་ཅན་དེ་དག་ནི་བསྐལ་པ་ཡང་ཞག་བདུན་གྱིས་འདས་པར་ཤེས་སོ། །དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རྣམས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱང་ལག་པ་གཡས་པའི་མཐིལ་དུ་བཞག་སྟེ། སེམས་ཀྱི་མགྱོགས་པའི་རྫུ་འཕྲུལ་གྱིས་འགྲོ་ཞིང་སངས་རྒྱས་
ཀྱི་ཞིང་ཀུན་ཏུ་སྟོན་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མ་གཡོས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ། །ཕྱོགས་བཅུ་ན་ཟླ་བ་དང་། ཉི་མ་དང་། སྐར་མའི་གཟུགས་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ། །ཕྱོགས་བཅུ་ན་རླུང་གི་དཀྱིལ་འཁོར་ལྡང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁའི་ནང་དུ་བརྔུབས་ཀྱང་དེའི་ལུས་ཞིག་པའང་མེད་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་གི་རྩྭ་དང་ནགས་ཚལ་རྣམས་ཉལ་བའང་མེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་བསྲེགས་པའི་བསྐལ་པས་ཚིག་པའི་མེའི་ཕུང་པོ་དེ་ཀུན་རང་གི་ལྟོར་བཅུག་ཀྱང་གང་དེས་ལས་བྱ་བ་དེའང་བྱེད་དོ། །འོག་ཏུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ནས་སངས་རྒྱས་ཀྱི་ཞིང་དེ་སྟེང་དུ་བྱུང་སྟེ་བཏེག་ནས། གྱེན་དུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པར་སྟེང་དུ་འཇོག་སྟེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མཐུ་ཆེན་པོ་ཞིག་གིས་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་ལ་བཙུགས་ཏེ་བཏེག་པ་བཞིན་ནོ། །དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་གཟུགས་སུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བའི་གཟུགས་སུ་བྱིན་གྱིས་རློབ་བོ། །བརྒྱ་བྱིན་གྱི་གཟུགས་སུ་བྱིན་གྱིས་རློབ་བོ། །ཚངས་པའི་གཟུགས་སུ་བྱིན་གྱིས་རློབ་བོ། །ཉན་ཐོས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །རང་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །བྱང་ཆུབ་སེམས་དཔའི་གཟུགས་སུ་བྱིན་གྱིས་རློབ་བོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །ཕྱོགས་བཅུ་ན་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་སྒྲར་གྲགས་པ་དང་། སྒྲར་བཏགས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་གསུང་དབྱངས་དང་། སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲར་བྱིན་གྱིས་རློབ་སྟེ། སྒྲ་དབྱངས་དེ་ལས་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་དབྱངས་འབྱུང་
བར་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམ་པ་ཇི་སྙེད་དུ་བསྟན་པས་ཆོས་སྟོན་པ་དེ་དག་ཐམས་ཅད་སྒྲ་དང་དབྱངས་དེ་དག་ལས་འབྱུང་བར་བྱེད་དོ། །བཙུན་པ་ཤཱ་རིའི་བུ་འདི་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་དེ། བཙུན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་བསྟན་པ་ནི་བསྐལ་པ་ལས་ལྷག་པའམ། དེ་ལས་འདས་པ་ཡང་ཁོ་བོས་བཤད་དོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་མི་དམུས་ལོང་གི་མདུན་དུ་ལ་ལས་གཟུགས་སུ་གྱུར་པ་ཐམས་ཅད་བསྟན་ཀྱང་དམུས་ལོང་དེས་གཟུགས་གཅིག་ཀྱང་མི་མཐོང་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་སྒོ་འདི་བསྟན་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དམུས་ལོང་དང་འདྲ་བར་མིག་མེད་དེ། བསམ་གྱིས་མི་ཁྱབ་པའི་རྒྱུ་གཅིག་ཙམ་ཡང་མངོན་སུམ་དུ་མ་གྱུར་ན། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ནས་མཁས་པ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དབང་པོ་ཤིན་ཏུ་ཉམས་པ་ས་བོན་ཚིག་པ་དང་རུལ་བ་ལྟར་ཐེག་པ་ཆེན་པོ་འདི་ལ་སྣོད་དུ་མ་གྱུར་ན་ད་ཇི་ལྟར་བྱ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་འདི་ཐོས་ནས་ཆོ་ངེས་བཏབ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ན་རྒྱལ་བུ་གཞོན་ནུས་ཅོད་པན་བླང་བ་བཞིན་དུ་རབ་ཏུ་དགའ་བས་སྤྱི་བོར་བླང་ཞིང་འདི་ལ་མོས་པའི་སྟོབས་ཤིན་ཏུ་བསྐྱེད་པར་བྱའོ། །གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ལ་མོས་པ་དེ་ལ་བདུད་
ཐམས་ཅད་ཀྱང་ཅི་ཞིག་བྱེད་པར་འགྱུར། གནས་བརྟན་འོད་སྲུང་ཆེན་པོས་བསྟན་པ་འདི་བཤད་པ་ན་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་བདུད་ཇི་སྙེད་བདུད་བྱེད་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་བྱེད་དོ། །བཙུན་པ་འོད་སྲུང་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་བྱང་ཆུབ་སེམས་དཔའ་ལ་སློང་བ་གང་དག་གིས་ལག་པའམ། རྐང་པའམ། རྣ་བའམ། སྣའམ། ཁྲག་གམ། རྒྱུས་པའམ། རུས་པའམ། རྐང་པའམ། མིག་གམ། རོ་སྟོད་དམ། མགོའམ། ཡན་ལག་དང་། ཉིང་ལག་གམ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་རམ། ལྗོངས་སམ། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། བཻ་དཱུཪྱ་དང་། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང་། བཟའ་བ་དང་། བཏུང་བ་དང་། བྲོ་བ་རྣམས་སམ། གོས་རྣམས་ཀྱང་རུང་། ཉམ་ང་བར་བྱས་ཏེ་སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་ལ་མཁས་པས་ལྷག་པའི་བསམ་པ་བརྟན་པ་འདི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་ཐུབ་དྲག་པས་ན་དེ་ལྟ་བུར་སྟོན་ཏེ། གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་པའི་མཐུ་སྐྱེ་བོ་ཕལ་པོ་ཆེ་ལ་མེད་དོ། །གོ་སྐབས་མ་ཕྱེ་བར་གསད་པའམ་བསླང་བར་ཡང་མི་ནུས་སོ། །བཙུན་པ་འོད་སྲུང་འདི་ལྟ་སྟེ། དཔེར་ན་སྲིན་བུ་མེ་ཁྱེར་གྱིས་ཉི་མའི་དཀྱིལ་འཁོར་
གྱི་འོད་ཟིལ་གྱིས་མནན་པར་མི་ནུས་པ་དེ་བཞིན་དུ་བཙུན་པ་འོད་སྲུང་གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའི་ཐད་དུ་འགྲོ་བ་འམ་བསླང་བར་མི་ནུས་སོ། །བཙུན་པ་འོད་སྲུང་ཆེན་པོ་འདི་ལྟ་སྟེ། དཔེར་ན་བལ་གླང་གླང་པོ་ཆེ་ལ་བརྡེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ། དེ་བཞིན་དུ་བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་མི་ནུས་ཀྱི་བྱང་ཆུབ་སེམས་དཔའ་ཉིད་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་དེ། བྱང་ཆུབ་སེམས་དཔས་ཉམ་ང་བར་བྱས་པ་བྱང་ཆུབ་སེམས་དཔས་བཟོད་དོ། །བཙུན་པ་འོད་སྲུང་ཆེན་པོ་དེ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཤེས་པའི་སྟོབས་ལ་འཇུག་པའོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བལྟ་བར་བྱ། སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མཁས་པ་ཆུ་ཟླ་ལ་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་དག་སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ལ་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྨིག་རྒྱུའི་ཆུ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་བྲག་ཅའི་སྒྲ་སྐད་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན།
དབུ་བ་རྡོས་པའི་སྔོན་གྱི་མཐའ་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཆུའི་ཆུ་བུར་འབྱུང་བ་དང་འཇིག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཆུ་ཤིང་ལ་སྙིང་པོ་ལྟ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་གློག་གི་འཕོ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཁམས་ལྔ་པོ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྐྱེ་མཆེད་བདུན་པོ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་གཟུགས་མེད་པ་དག་ལ་གཟུགས་སུ་སྣང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ས་བོན་བརྔོས་པ་ལས་མྱུ་གུ་འགྲུབ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྦལ་པའི་སྤུའི་གོས་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཤི་བ་འདོད་པའི་རྩེད་མོ་ལ་དགའ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་རྒྱུན་དུ་ཞུགས་པའི་འཇིག་ཚོགས་ལ་ལྟ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ལན་ཅིག་ཕྱིར་འོང་བ་ལ་སྲིད་པ་གསུམ་པོ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཕྱིར་མི་འོང་བ་ལ་མངལ་དུ་འཇུག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དགྲ་བཅོམ་པ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་
བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་སེམས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་ལ་བག་ཆགས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མི་དམུས་ལོང་གིས་གཟུགས་མཐོང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འགོག་པ་ལ་སྙོམས་པར་ཞུགས་པའི་དབུགས་འབྱུང་བ་དང་རྔུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་བྱའི་རྗེས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མ་ནིང་ལ་ཕོ་མཚན་སྐྱེ་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མོ་གཤམ་གྱི་བུ་རྙེད་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་ཉོན་མོངས་པའི་མ་སྐྱེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་སྣང་བ་སད་ན་མཐོང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཀུན་ཏུ་མི་རྟོག་པ་ལ་ཉོན་མོངས་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱུ་མེད་པ་ལས་མེ་འབྱུང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཡོངས་སུ་མྱ་ངན་ལས་འདས་པའི་ཉིང་མཚམས་སྦྱོར་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་
ཅད་ལ་སོ་སོར་བརྟག་གོ །འཇམ་དཔལ་དེ་ལྟ་བུར་ཡང་དག་པ་ཉིད་བདག་མེད་པར་རབ་ཏུ་རྟོགས་པས་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ །སྨྲས་པ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུར་སོ་སོར་བརྟག་ན་ཇི་ལྟར་ན་དེ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་སྐྱེ་བར་འགྱུར། སྨྲས་པ། འཇམ་དཔལ་ནམ་བྱང་ཆུབ་སེམས་དཔའ་དེ་ལྟར་སོ་སོར་རྟོག་པ་ན་དེ་ལྟར་ཆོས་ཡོངས་སུ་ཤེས་ནས་སེམས་ཅན་འདི་དག་ལའང་བདག་གིས་ཆོས་བསྟན་ཏོ་སྙམ་སྟེ། དེ་བས་ན་དེ་སེམས་ཅན་ཐམས་ཅད་ལ་ཡང་དག་པའི་སྐྱབས་ཀྱི་བྱམས་པ་སྐྱེ་སྟེ། ལེན་པ་མེད་པའི་ཕྱིར་ཉེ་བར་ཞི་བའི་བྱམས་པའོ། །ཉོན་མོངས་པ་མེད་པས་གདུང་བ་མེད་པའི་བྱམས་པའོ། །དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཅི་བཞིན་པ་ཉིད་ཀྱི་བྱམས་པའོ། །ཀུན་ནས་ལྡང་བ་མེད་པའི་ཕྱིར་འགལ་བ་མེད་པའི་བྱམས་པའོ། །ཕྱི་ནང་མ་འདྲེས་པའི་ཕྱིར་གཉིས་སུ་མེད་པའི་བྱམས་པའོ། །ཤིན་ཏུ་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའི་བྱམས་པའོ། །བསམ་པ་རྡོ་རྗེ་ལྟ་བུར་མི་ཕྱེད་པའི་ཕྱིར་བརྟན་པའི་བྱམས་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡོངས་སུ་དག་པའི་བྱམས་པའོ། །བསམ་པ་མཉམ་པའི་ཕྱིར་མཉམ་པའི་བྱམས་པའོ། །དགྲ་བཅོམ་པའི་ཕྱིར་དགྲ་བཅོམ་པའི་བྱམས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བྱམས་པའོ། །ཡང་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའི་བྱམས་པའོ། །སེམས་ཅན་གཉིད་ཀྱིས་ལོག་པ་རབ་ཏུ་སད་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱི་བྱམས་པའོ། །རང་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རང་བྱུང་གི་བྱམས་པའོ། །རོ་མཚུངས་པའི་ཕྱིར་བྱང་ཆུབ་ཀྱི་བྱམས་པའོ། །རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་ཕྱིར་སྒྲོ་བཏགས་པ་མེད་པའི་བྱམས་པའོ། །ཐེག་པ་ཆེན་པོ་ཡོངས་སུ་སྣང་བར་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོའི་བྱམས་པའོ། །སྟོང་པ་དང་བདག་མེད་པར་སོ་སོར་རྟོག་པའི་ཕྱིར་ཡོངས་སུ་མི་སྐྱོ་བའི་བྱམས་པའོ། །སློབ་དཔོན་དཔེ་མཁྱུད་
མེད་པའི་ཕྱིར་ཆོས་ཀྱི་སྦྱིན་པའི་བྱམས་པའོ། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་ལ་ལྟ་བའི་ཕྱིར་ཚུལ་ཁྲིམས་ཀྱི་བྱམས་པའོ། །བདག་དང་ཕ་རོལ་སྲུང་བའི་ཕྱིར་བཟོད་པའི་བྱམས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་ཕྱིར་བརྩོན་འགྲུས་ཀྱི་བྱམས་པའོ། །རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་བྱམས་པའོ། །དུས་སུ་ཐོབ་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་བྱམས་པའོ། །ཐམས་ཅད་དུ་སྒོ་སྟོན་པའི་ཕྱིར་ཐབས་ཀྱི་བྱམས་པའོ། །བསམ་པ་རྣམ་པར་དག་པའི་ཕྱིར་ཚུལ་འཆོས་པ་མེད་པའི་བྱམས་པའོ། །བསམ་པ་ཐག་པ་ནས་བྱེད་པའི་ཕྱིར་གཡོ་མེད་པའི་བྱམས་པའོ། །ཉོན་མོངས་པ་མེད་པའི་ཕྱིར་ལྷག་པའི་བསམ་པའི་བྱམས་པའོ། །བཅོས་མ་མ་ཡིན་པའི་ཕྱིར་སྒྱུ་མེད་པའི་བྱམས་པའོ། །སངས་རྒྱས་ཀྱི་བདེ་བ་ལ་འགོད་པའི་ཕྱིར་བདེ་བའི་བྱམས་པ་སྟེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོའོ། །སྨྲས་པ། དེའི་སྙིང་རྗེ་ཆེན་པོ་གང་ཡིན། སྨྲས་པ། དགེ་བའི་རྩ་བ་ཅི་བྱས་པ་སེམས་ཅན་ཐམས་ཅད་ལ་གཏོང་བའོ། །སྨྲས་པ། དེའི་དགའ་བ་ཆེན་པོ་གང་ཡིན། སྨྲས་པ། གང་བྱིན་ནས་ཡིད་དགའ་བར་འགྱུར་ཏེ་མི་འགྱོད་པའོ། །སྨྲས་པ། དེའི་བཏང་སྙོམས་གང་ཡིན། སྨྲས་པ། གང་གཉི་གའི་དོན་དུ་འགྱུར་བའོ། །སྨྲས་པ། འཁོར་བའི་འཇིགས་པས་སྐྲག་པ་གང་ལ་བརྟེན་པར་བྱ། སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འཁོར་བའི་འཇིགས་པས་སྐྲག་པ་ནི་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟེན་པར་བྱའོ། །སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་གང་ལ་གནས་པར་བྱ། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་བྱའོ། །སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་འདོད་པས་གང་ལ་གནས་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་འདོད་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་གནས་པར་བྱའོ། །སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བར་འདོད་པས་ཇི་ལྟ་བུར་བྱ།
སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བར་འདོད་པས་ཉོན་མོངས་པ་ལས་རབ་ཏུ་ཐར་བར་བྱའོ། །སྨྲས་པ། ཉོན་མོངས་པ་སྤང་བར་འདོད་པས། ཇི་ལྟར་རབ་ཏུ་སྦྱར་བར་བྱ། སྨྲས་པ། ཉོན་མོངས་པ་སྤང་བར་འདོད་པས་ཚུལ་བཞིན་རབ་ཏུ་སྦྱར་བར་བྱའོ། །སྨྲས་པ། ཇི་ལྟ་བུར་རབ་ཏུ་སྦྱར་ན། ཚུལ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན། སྨྲས་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་རབ་ཏུ་སྦྱོར་བ་ནི་ཚུལ་བཞིན་དུ། རབ་ཏུ་སྦྱོར་བ་ཡིན་ནོ། །སྨྲས་པ། ཅི་མི་སྐྱེད། ཅི་མི་འགོག །སྨྲས་པ། མི་དགེ་བ་རྣམས་མི་སྐྱེད་ཅིང་། དགེ་བ་རྣམས་མི་འགོག་གོ །སྨྲས་པ། དགེ་བ་དང་མི་དགེ་བའི་རྩ་བ་གང་། སྨྲས་པ། འཇིག་ཚོགས་ནི་རྩ་བའོ། །སྨྲས་པ། འཇིག་ཚོགས་ཀྱི་རྩ་བ་གང་། སྨྲས་པ། འཇིག་ཚོགས་ཀྱི་རྩ་བ་ནི་འདོད་པ་དང་ཆགས་པའོ། །སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་གང་། སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྩ་བ་གང་། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་གང་། སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་མེད་པའོ། །སྨྲས་པ། རྟེན་མེད་པའི་རྩ་བ་གང་། སྨྲས་པ། འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་ཅི་ཞིག་ཡོད་དེ། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ། །དེ་ནས་ཁྱིམ་དེ་ན་གང་གནས་པའི་ལྷ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཆོས་བསྟན་པ་འདི་ཐོས་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། བདག་གི་ལུས་རགས་པ་བསྟན་ནས་ལྷའི་མེ་ཏོག་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་མངོན་པར་གཏོར་ཏེ། གཏོར་བ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་ས་ལ་ལྷུང་ངོ་། །ཉན་ཐོས་ཆེན་པོ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་དེ་ཉིད་དུ་ཆགས་ནས་ས་ལ་མ་ལྷུང་ངོ་། །དེ་
ནས་ཉན་ཐོས་ཆེན་པོ་དེ་དག་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མེ་ཏོག་དེ་དག་སྤྲུགས་ཀྱང་མ་ལྷུང་ངོ་། །དེ་ནས་ལྷ་མོ་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་མེ་ཏོག་འདི་དག་སྤྲུགས་ཏེ་ཅི་བྱ། སྨྲས་པ་ལྷ་མོ་མེ་ཏོག་འདི་དག་ནི་རུང་བ་མ་ཡིན་པས་ན་བདག་མེ་ཏོག་འདི་དག་འདོར་རོ། །ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་སྐད་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་འདི་དག་ནི་རུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མེ་ཏོག་དེ་དག་ནི་མི་རྟོག །རྣམ་པར་མི་རྟོག་པ་སྟེ། གནས་བརྟན་ཤཱ་རིའི་བུ་ཉིད་རྟོག་ཅིང་རྣམ་པར་རྟོག་གོ །བཙུན་པ་ཤཱ་རིའི་བུ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་རྟོག་པ་དང་རྣམ་པར་རྟོག་པ་དེ་དག་ནི་རུང་བ་མ་ཡིན་པའོ། །གནས་བརྟན་ནི་རྟོག་ཅིང་རྣམ་པར་རྟོག་སྟེ། གང་དག་མི་རྟོག་པ་དེ་དག་ནི་རུང་བའོ། །བཙུན་པ་ཤཱ་རིའི་བུ་འདི་ལྟར་རྟོག་པ་དང་རྣམ་པར་རྟོག་པ་སྤངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གི་ལུས་ལ་མེ་ཏོག་མི་ཆགས་པ་ལ་ལྟོས། འདི་ལྟ་སྟེ། དཔེར་ན་འཇིགས་པའི་རང་བཞིན་ཅན་གྱི་མི་ལ་ནི་མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་དོ། །དེ་བཞིན་དུ་འཁོར་བའི་འཇིགས་པས་སྐྲག་པ་རྣམས་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་གླགས་རྙེད་པར་འགྱུར་རོ། །གང་དག་འདུ་བྱེད་ཐམས་ཅད་ཀྱི་ཉོན་མོངས་པའི་འཇིགས་པ་དང་བྲལ་བ་དེ་དག་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་ཅི་ཞིག་བྱར་ཡོད། གང་དག་བག་ཆགས་མ་སྤངས་པ་དེ་དག་ལ་ནི་མེ་ཏོག་ཀྱང་འཆགས་ཀྱི། གང་དག་བག་ཆགས་སྤངས་པ་དེ་དག་གི་ལུས་ལ་མེ་ཏོག་མི་ཆགས་ཏེ། དེ་བས་ན་བག་ཆགས་ཐམས་ཅད་སྤངས་པ་རྣམས་ཀྱི་ལུས་ལ་མེ་ཏོག་མི་ཆགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་ཁྱིམ་འདིའི་ནང་དུ་ཞུགས་ནས་ཡུན་ཇི་སྲིད་ཅིག་ལོན། ལྷ་མོས་སྨྲས་པ། གནས་བརྟན་གྱིས་རྣམ་པར་གྲོལ་བ་ལ་ཞུགས་ནས་ཡུན་ཇི་སྲིད་པའོ། །སྨྲས་པ། ལྷ་མོ་ཁྱོད་ཁྱིམ་འདིར་གནས་ནས་རིང་པོ་མ་ལོན་པ་
ལྟ་ཞིག །སྨྲས་པ། གནས་བརྟན་གྱིས་རྣམ་པར་གྲོལ་བ་ལ་ཞུགས་ནས་ཇི་སྲིད་ལོན། དེ་ནས་གནས་བརྟན་ཅང་མི་ཟེར་བར་གྱུར་ཏོ། །སྨྲས་པ། གནས་བརྟན་ཤེས་རབ་ཆེན་པོ་དང་ལྡན་པའི་མཆོག་ནི་ཅིའི་ཕྱིར་མི་སྨྲ་ཞིང་། ད་དུས་ལ་བབ་ན་དྲིས་པའི་ལན་མི་བླན། སྨྲས་པ། ལྷ་མོ་རྣམ་པར་གྲོལ་བ་ནི་བརྗོད་དུ་མེད་ན་དེ་ཇི་སྐད་དུ་བརྗོད་མི་ཤེས་སོ། །སྨྲས་པ། གནས་བརྟན་གྱིས་གང་ཡི་གེར་བརྗོད་པ་དེ་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་ཡི་གེ་དེ་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་ལྟ་བས་ན་བཙུན་པ་ཤཱ་རིའི་བུ་ཡི་གེ་བསལ་བས་རྣམ་པར་གྲོལ་བ་མ་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ནི་འཕགས་པའི་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །སྨྲས་པ། ལྷ་མོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བའི་ཕྱིར་རྣམ་པར་གྲོལ་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བས་རྣམ་པར་གྲོལ་བའོ་ཞེས་བྱ་བ་འདི་ནི་མངོན་པའི་ང་རྒྱལ་ཅན་རྣམས་ལ་བསྟན་པ་སྟེ། གང་དག་མངོན་པའི་ང་རྒྱལ་མེད་པ་དེ་དག་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །ལྷ་མོ་ཁྱོད་ཀྱིས་ཅི་ཐོབ་ཅིང་ཅི་ལ་མངོན་དུ་བྱས་ནས་ཁྱོད་དེ་ལྟ་བུའི་སྤོབས་པ་དང་ལྡན། སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་ནི་ཅིའང་ཐོབ་པའང་མེད། མངོན་སུམ་དུ་བྱས་པའང་མེད་དེ། དེས་ན་བདག་གི་སྤོབས་པ་འདི་འདྲའོ། །གང་དག་འདི་སྙམ་དུ་བདག་གིས་ཐོབ་ཅིང་མངོན་སུམ་དུ་བྱས་སོ་སྙམ་པ་དེ་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ང་རྒྱལ་ཅན་ཞེས་བྱའོ། །སྨྲས་པ། ལྷ་མོ་ཁྱོད་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། ཐེག་པ་ཆེན་པོ་པའམ། སྨྲས་པ། བདག་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པས་ན་ཉན་ཐོས་ཀྱི་ཐེག་པ་ཅན་ནོ། །བདག་
ནི་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་པས་ན་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནོ། །བདག་ནི་སྙིང་རྗེ་ཆེན་པོ་མི་གཏོང་བས་ན་ཐེག་པ་ཆེན་པོ་པ་ཡིན་མོད་ཀྱི་འོན་ཀྱང་བཙུན་པ་ཤཱ་རིའི་བུ་དཔེར་ན་ཙམ་པ་ཀའི་ཚལ་དུ་ཞུགས་ན་ཨེ་རན་ཏའི་དྲི་ལ་མི་སྣོམ་གྱི། ཙམ་པ་ཀའི་ཚལ་དུ་ཞུགས་ན་ཙམ་པ་ཀ་ཉིད་ཀྱི་དྲི་ལ་སྣོམ་པ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་དྲི་དང་ལྡན་པ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲི་ལ་མི་སྣོམ་མོ། །བཙུན་པ་ཤཱ་རིའི་བུ་ཁྱིམ་འདིར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་ཁྱིམ་འདིར་གནས་པ་དེ་དག་ཀྱང་སྐྱེས་བུ་དམ་པ་འདིའི་ཆོས་ཐོས་པས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་དྲིས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་དོང་ངོ་། །བཙུན་པ་ཤཱ་རིའི་བུ་བདག་ཁྱིམ་འདི་ན་ལོ་བཅུ་གཉིས་ལོན་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོར་ལྡན་པ་དང་། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་དང་ལྡན་པ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་གཏམ་སྔོན་མ་ཐོས་སོ། །བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་བརྒྱད་རྟག་ཏུ་རྒྱུན་མི་འཆད་པར་སྣང་ངོ་། །བརྒྱད་པོ་གང་ཞེ་ན། ཁྱིམ་འདི་ན་གསེར་གྱི་ཁ་དོག་གི་འོད་རྟག་ཏུ་རྒྱུན་མི་འཆད་པས་ན་མཚན་མོའམ། ཉིན་བར་དུ་ཡང་མི་མངོན། ཁྱིམ་འདིར་ཟླ་བ་དང་ཉི་མ་འང་མི་མངོན་མི་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་དང་པོའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་དག་ཁྱིམ་འདིར་ཞུགས་པ་དེ་དག་ཞུགས་མ་ཐག་ཏུ་ཉོན་མོངས་པས་གཙེ་བ་མེད་དེ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རྟག་ཏུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གསུམ་པའོ། །གཞན་ཡང་བཙུན་པ་
ཤཱ་རིའི་བུ་ཁྱིམ་འདི་ན་རྟག་ཏུ་རྒྱུན་མི་འཆད་པར་ཆོས་བསྒྲགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་དང་། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ། །གཞན་ཡང་བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་རྟག་ཏུ་ལྷ་དང་། མིའི་རྔ་དང་། གླུའི་དབྱངས་དང་། རོལ་མོ་བྱེད་དེ། རྔ་དེ་དག་ལས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་བསྒྲུབ་པའི་སྒྲ་དུས་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རིན་པོ་ཆེ་ཐམས་ཅད་ཀྱིས་གང་བ་ཟད་མི་ཤེས་པའི་གཏེར་ཆེན་པོ་བཞི་ཡོད་དེ། དེའི་མཐུས་སེམས་ཅན་དབུལ་ཞིང་ཕོངས་པ་ཐམས་ཅད་ཀྱིས་ཁྱེར་ཏེ་དོང་ཡང་ཟད་མི་ཤེས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། སྣང་བ་མཐའ་ཡས་དང་། མི་འཁྲུགས་པ་དང་། དཀོན་མཆོག་དཔལ་དང་། དཀོན་མཆོག་འོད་འཕྲོ་དང་། དཀོན་མཆོག་ཟླ་བ་དང་། དཀོན་མཆོག་བཀོད་པ་དང་། བཟོད་དཀའ་དང་། དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་མང་དང་། སེང་གེ་བསྒྲགས་པ་དང་། སེང་གེའི་སྒྲ་དེ་བཞིན་གཤེགས་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཚད་མེད་པ་རྣམས་སྐྱེས་བུ་དམ་པ་འདིས་བསམས་མ་ཐག་ཏུ་ཀུན་གཤེགས་ཏེ། གཤེགས་ནས་ཀྱང་དེ་བཞིན་གཤེགས་པའི་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ལ་འཇུག་པ་བསྟན་ནས་སླར་གཤེགས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བདུན་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་ལྷ་ཐམས་ཅད་ཀྱི་གནས་ཀྱི་བཀོད་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཐམས་ཅད་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པའོ། །བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པོ་དེ་དག་སྣང་སྟེ། འདི་ལྟ་བུ་བསམ་གྱིས་མི་ཁྱབ་པའི་ཆོས་མཐོང་ན་ཉན་ཐོས་ཀྱི་ཆོས་ལ་སུ་ཞིག་འདོད་པར་འགྱུར། སྨྲས་པ། ལྷ་མོ་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས། སྨྲས་པ། བདག་གི་ལོ་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་དངོས་པོ་བཙལ་
ནའང་ད་དུང་མ་རྙེད་དོ། །བཙུན་པ་ཤཱ་རིའི་བུ་སྒྱུ་མ་མཁན་གྱིས་བུད་མེད་སྤྲུལ་པ་དེ་ལ་འདི་ལྟར་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་ཞེས་བྱས་ན་དེ་ཇི་སྐད་ཟེར་བར་འགྱུར། སྨྲས་པ། དེ་ལ་ཡང་དག་པ་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་སྟེ། སྒྱུ་མས་སྤྲུལ་པའི་ངོ་བོ་ཉིད་ལ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་ཞེས་ཁྱོད་དེ་སྙམ་དུ་སེམས། དེ་ནས་ལྷ་མོ་དེས་འདི་ལྟ་བུར་བྱིན་གྱི་བརླབ་པས་བྱིན་གྱིས་བརླབས་ནས་ཇི་ལྟ་བུར་གནས་བརྟན་ཤཱ་རིའི་བུ་ལྷ་མོ་དེ་ཅི་འདྲ་བ་དེ་འདྲ་བར་སྣང་སྟེ། ལྷ་མོ་དེ་ཡང་གནས་བརྟན་ཤཱ་རིའི་བུ་ཅི་འདྲ་བ་དེ་འདྲ་བར་སྣང་ངོ་། །དེ་ནས་ལྷ་མོ་ཤཱ་རིའི་བུའི་གཟུགས་སུ་གྱུར་པ་དེས་ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པ་དེ་ལ་འདི་ལྟར་བཙུན་པ་ཤཱ་རིའི་བུ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་ཞེས་དྲིས་སོ། །ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་སྐྱེས་པའི་གཟུགས་ནི་མི་སྣང་བར་གྱུར་ཏེ། ཁོ་བོ་བུད་མེད་ཀྱི་ལུས་སུ་གྱུར་ནས་གང་བསྒྱུར་མི་ཤེས་སོ། །སྨྲས་པ། གལ་ཏེ་གནས་བརྟན་གྱིས་བུད་མེད་ཀྱི་གཟུགས་ལས་སླར་བསྒྱུར་ནུས་ན་ནི་བུད་མེད་ཐམས་ཅད་ཀྱང་བུད་མེད་ཀྱི་དངོས་པོ་ལས་འགྱུར་རོ། །ཇི་ལྟར་གནས་བརྟན་བུད་མེད་དུ་སྣང་བ་དེ་བཞིན་དུ་བུད་མེད་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་སུ་སྣང་སྟེ། བུད་མེད་མ་ཡིན་པ་ལས་བུད་མེད་ཀྱི་གཟུགས་སུ་སྣང་ངོ་། །དེ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བུད་མེད་ཀྱང་མ་ཡིན། སྐྱེས་པའང་མ་ཡིན་ཞེས་གསུངས་སོ། །དེ་ནས་ལྷ་མོ་དེས་བྱིན་གྱིས་བརླབས་དེ་བཏང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཡང་བདག་གི་གཟུགས་དང་ལྡན་པར་གྱུར་ཏོ། །དེ་ནས་ལྷ་མོ་དེས་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བུད་མེད་ཀྱི་གཟུགས་སུ་བྱས་པ་དེ་ག་རེ། སྨྲས་པ། བདག་གིས་བྱས་པའང་མེད་བསྒྱུར་བའང་མེད་དོ། །སྨྲས་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱས་པའང་མེད། བསྒྱུར་བའང་མེད་དོ། །གང་མ་བྱས་ཤིང་བསྒྱུར་བ་མེད་པ་དེ་ནི་སངས་རྒྱས་ཀྱི་བཀའོ། །སྨྲས་པ། ལྷ་མོ་ཁྱོད་
འདི་ནས་ཤི་འཕོས་ནས་གང་དུ་སྐྱེ། སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་དེ་གར་སྐྱེ་བར་བདག་ཀྱང་དེར་སྐྱེའོ། །སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་ལ་ནི་འཆི་འཕོ་བ་ཡང་མེད། སྐྱེ་བ་ཡང་མེད་དོ། སྨྲས་པ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། འཆི་འཕོ་མེད་ཅིང་སྐྱེ་བ་མེད་དོ། །སྨྲས་པ། ལྷ་མོ་ཁྱོད་ཅི་སྲིད་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། གང་གི་ཚེ་གནས་བརྟན་ཁྱོད་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ། ལྷ་མོ་ཁོ་བོ་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་གནས་མ་ཡིན་པ་ལ་གནས་པའི་ཕྱིར་ཏེ། དེ་ལྟ་བས་ན་གནས་མ་ཡིན་པ་ལ་ནི་སུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །གནས་བརྟན་ཤཱ་རིའི་བུས་སྨྲས་པ། དེ་བཞིན་གཤེགས་པས་གསུངས་པ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ། །ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཞེས་བྱ་བ་དེ་ནི་ཡི་གེ་བགྲང་བའི་བརྡའི་ཚིག་བླ་དགས་ཏེ། སངས་རྒྱས་རྣམས་ནི་འདས་པའམ་མ་འོངས་པའམ། ད་ལྟར་བྱུང་བ་མ་ཡིན་ཏེ། བྱང་ཆུབ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གནས་བརྟན་གྱིས་དགྲ་བཅོམ་པ་ཐོབ་བམ། སྨྲས་པ། ཐོབ་པ་མེད་པའི་རྒྱུས་ཐོབ་བོ། །སྨྲས་པ། དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པའི་རྒྱུས་མངོན་པར་རྫོགས་པར་བྱང་ཆུབ་བོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ལྷ་མོ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ལ་བསྙེན་བཀུར་བྱས་ཏེ། མངོན་པར་ཤེས་པའི་ཡེ་ཤེས་ལ་རྣམ་པར་རྩེ་བ། སྨོན་
ལམ་ལས་ཡང་དག་པར་བྱུང་བ། བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པ་ལ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་དེ་བཞིན་དུ་གནས་སོ། །ལྷ་མོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན། སྨྲས་པ། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འགྲོ་བ་མ་ཡིན་པར་འགྲོ་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན་ནོ། །སྨྲས་པ། བྱང་ཆུབ་སེམས་དཔའི་འགྲོ་བ་མ་ཡིན་པར་འགྲོ་བ་གང་། སྨྲས་པ། གང་གི་ཚེ་མཚམས་མེད་པ་ལྔའི་འགྲོ་བར་འགྲོ་ཡང་གནོད་སེམས་དང་། རྣམ་པར་འཚེ་བ་དང་། རབ་ཏུ་སྡང་བར་མི་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བར་འགྲོ་ཡང་ཉོན་མོངས་པའི་རྡུལ་ཐམས་ཅད་དང་བྲལ་བ་ཡིན། དུད་འགྲོའི་འགྲོ་བར་འགྲོ་ཡང་གླེན་པའི་མུན་པ་མུན་གནག་དང་བྲལ་བ་ཡིན། ལྷ་མ་ཡིན་དུ་འགྲོ་བར་འགྲོ་ཡང་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་མེད་པ་ཡིན། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྲོ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བླངས་པ་ཡིན། མི་གཡོ་བ་དང་གཟུགས་མེད་པའི་འགྲོ་བར་འགྲོ་ཡང་དེའི་འགྲོ་བ་ལ་ཡང་དག་པར་འཇུག་པ་མ་ཡིན། འདོད་ཆགས་ཀྱི་འགྲོ་བར་འགྲོ་ཡང་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཡིན། ཞེ་སྡང་གི་འགྲོ་བར་འགྲོ་ཡང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་ཡིན། གཏི་མུག་གི་འགྲོ་བར་འགྲོ་ཡང་ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་ངེས་པར་རྟོགས་པའི་སེམས་དང་ལྡན་པ་ཡིན། སེར་སྣའི་འགྲོ་བར་འགྲོ་ཡང་ལུས་དང་སྲོག་ལ་མི་ལྟ་བས་ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཡིན། ཚུལ་ཁྲིམས་འཆལ་པའི་འགྲོ་བར་འགྲོ་ཡང་ཁ་ན་མ་ཐོ་བ་ཅུང་ཟད་ལའང་འཇིགས་པར་ལྟ་ཞིང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ལ་གནས་པ་ཡིན། གནོད་སེམས་ཀྱི་ཐ་བ་དང་ཁོང་ཁྲོ་
བའི་འགྲོ་བར་འགྲོ་ཡང་ཤིན་ཏུ་གནོད་སེམས་མེད་ཅིང་བྱམས་པ་ལ་གནས་པ་ཡིན། ལེ་ལོའི་འགྲོ་བར་འགྲོ་ཡང་བརྩོན་འགྲུས་རྩོམ་པ་རྒྱུན་མི་འཆད་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན། དབང་པོ་འཁྲུལ་པའི་འགྲོ་བར་འགྲོ་ཡང་རང་བཞིན་གྱིས་སྙོམས་པར་ཞུགས་ཤིང་བསམ་གཏན་དོན་ཡོད་པ་ཡིན། འཆལ་པའི་ཤེས་རབ་ཀྱི་འགྲོ་བར་འགྲོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲོ་བར་སོང་ཞིང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཡིན། ཚུལ་འཆོས་པ་དང་ཁ་གསག་བྱེད་པའི་འགྲོ་བར་འགྲོ་ཡང་ལྡེམ་པོ་ངག་ལ་མཁས་ཤིང་ཐབས་མཁས་པའི་སྤྱོད་པ་ཚར་ཕྱིན་པ་ཡང་ཡིན། ང་རྒྱལ་གྱི་འགྲོ་བའང་སྟོན་ལ་འཇིག་རྟེན་ཐམས་ཅད་ཀྱི་ཟམ་པ་དང་སྟེགས་བུར་འགྱུར་བ་ཡང་ཡིན། ཉོན་མོངས་པའི་འགྲོ་བར་འགྲོ་ཡང་ཤིན་ཏུ་ཀུན་ནས་ཉོན་མོངས་པ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་ཡིན། བདུད་ཀྱི་འགྲོ་བར་འགྲོ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པ་ཡང་ཡིན། ཉན་ཐོས་ཀྱི་འགྲོ་བར་འགྲོ་ཡང་སེམས་ཅན་རྣམས་ལ་མ་ཐོས་པའི་ཆོས་ཐོས་པར་བྱེད་པ་ཡང་ཡིན། རང་སངས་རྒྱས་ཀྱི་འགྲོ་བར་འགྲོ་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལས་བྱུང་བ་ཡང་ཡིན། དབུལ་པོའི་འགྲོ་བར་འགྲོ་ཡང་ལོངས་སྤྱོད་ཟད་མི་ཤེས་པའི་རིན་པོ་ཆེ་ལག་ན་ཐོགས་པ་ཡང་ཡིན། དབང་པོ་ཉམས་པའི་འགྲོ་བར་འགྲོ་ཡང་གཟུགས་བཟང་ཞིང་མཚན་གྱིས་ལེགས་པར་བརྒྱན་པ་ཡང་ཡིན། རིགས་ངན་པར་སྐྱེ་བའི་འགྲོ་བར་འགྲོ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་དེ་བཞིན་གཤེགས་པའི་གདུང་རབ་ཏུ་སྐྱེ་བར་འགྱུར་བ་ཡང་ཡིན། ཉམ་ཆུང་ཞིང་མདོག་ངན་པ་གཞན་པའི་འགྲོ་བར་འགྲོ་ཡང་བལྟ་ན་སྡུག་པ་དང་།སྲེད་མེད་ཀྱི་བུའི་ལུས་ལྟ་བུ་ཐོབ་པ་ཡང་ཡིན། སེམས་ཅན་ཐམས་ཅད་ལ་ན་བ་དང་། མི་བདེ་བའི་སྤྱོད་པའང་སྟོན་ལ་འཆི་བའི་འཇིགས་པ་ལས་ཤིན་ཏུ་འདས་ཤིང་རབ་ཏུ་ཆོམས་པ་ཡང་ཡིན། ལོངས་སྤྱོད་ཀྱི་འགྲོ་བར་འགྲོ་ཡང་བཙལ་བ་
ཐམས་ཅད་མེད་ཅིང་མི་རྟག་པའི་འདུ་ཤེས་ལ་སོ་སོར་རྟོག་པ་མང་བ་ཡང་ཡིན། བྱང་ཆུབ་སེམས་དཔས་སླས་དང་གར་ཐབས་མང་པོ་སྟོན་ཀྱང་དབེན་པར་སྤྱོད་ཅིང་འདོད་པའི་འདམ་ལས་རྒལ་བ་ཡང་ཡིན། ཁམས་དང་སྐྱེ་མཆེད་ཀྱི་འགྲོ་བར་འགྲོ་ཡང་གཟུངས་ཐོབ་ཅིང་སྤོབས་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡང་ཡིན། མུ་སྟེགས་ཅན་གྱི་འགྲོ་བར་འགྲོ་ཡང་མུ་སྟེགས་སུ་གྱུར་པ་ཡང་མ་ཡིན། འཇིག་རྟེན་ཐམས་ཅད་ཀྱི་འགྲོ་བར་འགྲོ་ཡང་འགྲོ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ཡང་ཡིན། མྱ་ངན་ལས་འདས་པའི་འགྲོ་བར་འགྲོ་ཡང་འཁོར་བའི་རྒྱུན་ཀྱང་མི་གཏོང་བ་ཡིན་ཏེ་འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་མ་ཡིན་པར་འགྲོ་བ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན་ནོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་གང་ཡིན། སྨྲས་པ། རིགས་ཀྱི་བུ་འཇིག་ཚོགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། །མ་རིག་པ་དང་། སྲིད་པའི་སྲེད་པ་ནི་རིགས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་རིགས་སོ། །ཕྱིན་ཅི་ལོག་བཞི་ནི་རིགས་སོ། །སྒྲིབ་པ་ལྔ་ནི་རིགས་སོ། །སྐྱེ་མཆེད་དྲུག་ནི་རིགས་སོ། །རྣམ་པར་ཤེས་པ་ལ་གནས་པ་བདུན་ནི་རིགས་སོ། །ལོག་པ་བརྒྱད་ནི་རིགས་སོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་རིགས་སོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་རིགས་སོ། །རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ་རིགས་ཀྱི་བུ་མདོར་ན་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། །སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། རིགས་ཀྱི་བུ་འདུས་མ་བྱས་མཐོང་བ་ངེས་པར་འཇུག་པ་ལ་གནས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་སོ། །ཉོན་མོངས་པའི་འབྱུང་གནས་འདུས་བྱས་ལ་གནས་པ་བདེན་པ་མ་མཐོང་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དགོན་དུང་གིས་ཕྱོགས་སུ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་
དྲི་མཆོག་རྣམས་མི་སྐྱེ་སྟེ། འདམ་དང་ཆུ་གླིང་དུ་བསྐྱེད་ན་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་རྣམས་སྐྱེའོ། །རིགས་ཀྱི་བུ་དེ་བཞིན་དུ་འདུས་མ་བྱས་ངེས་པ་ཐོབ་པའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་མི་སྐྱེའོ། །ཉོན་མོངས་པའི་འདམ་དང་། ཆུ་གླིང་དུ་གྱུར་པའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ས་བོན་མི་སྐྱེའི། ས་ལ་གནས་ཤིང་སྐྱེ་བ་དེ་བཞིན་དུ་འདུས་མ་བྱས་ངེས་པ་ཐོབ་པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་མི་སྐྱེའི། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་ནས་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཉོན་མོངས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་མ་ཞུགས་པར་རིན་ཐང་མེད་པའི་རིན་པོ་ཆེར་ཕྱིན་པར་མི་ནུས་སོ། །དེ་བཞིན་དུ་ཉོན་མོངས་པའི་རྒྱ་མཚོར་མ་ཞུགས་པར་ནི་ཐམས་ཅད་མཁྱེན་པ་ཉིད་དེ་ལས་སྐྱེད་པར་མི་ནུས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་ཚིག་འདི་ནི་ལེགས་པར་སྨྲས་པ་འདི་ནི་ཡང་དག་གོ །ཉོན་མོངས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ། བདག་ཅག་ལྟ་བུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའམ། སངས་རྒྱས་ཀྱི་ཆོས་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་ག་ལ་ནུས། མཚམས་མེད་པ་ལྔ་དང་ལྡན་པས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་ཡང་ནུས། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དབང་པོ་མ་ཚང་བ་ལ་འདོད་པའི་ཡོན་ཏན་ལྔ་ནི་ཡོན་ཏན་མེད་ཅིང་ནུས་པ་མེད་པ་སྟེ། དེ་བཞིན་དུ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པའི་ཉན་ཐོས་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོན་ཏན་མེད་ཅིང་ནུས་པ་མེད་དེ། དེ་ལ་ཕྱིར་དམིགས་པར་མི་ནུས་སོ། །འཇམ་དཔལ་དེ་ལྟ་བས་ན་སོ་སོའི་སྐྱེ་བོ་རྣམས་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོའི། ཉན་ཐོས་རྣམས་ནི་བྱས་པ་གཟོ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
སོ་སོའི་སྐྱེ་བོས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ལ། ཉན་ཐོས་ཀྱིས་ནི་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་རྣམས་ཐོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བ་འཁོར་དེར་འདུས་ཏེ་འདུག་པ་དེས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱི་ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ག་རེ། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ག་རེ། གཡོག་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་རྣམས་ག་རེ། དེ་སྐད་ཅེས་སྨྲས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱང་ཆུབ་སེམས་དཔའ་རྣམས་དག་གི །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །འདྲེན་པ་རྣམས་ནི་དེ་ལས་སྐྱེས། །ཆོས་ལ་དགའ་བ་ཆུང་མ་སྟེ། །བྱམས་དང་སྙིང་རྗེ་བུ་མོ་ཡིན། །ཆོས་དང་བདེན་གཉིས་བུ་ཕོ་ཡིན། །སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །དེ་བཞིན་ཉོན་མོངས་ཐམས་ཅད་ནི། །ཅི་དགར་དབང་བྱེད་སློབ་མའོ། །མཛའ་བཤེས་བྱང་ཆུབ་ཡན་ལག་སྟེ། །དེས་ནི་བྱང་ཆུབ་མཆོག་རིག་འགྱུར། །དེ་གྲོགས་རྟག་ཏུ་འགྲོགས་པ་ནི། །ཕ་རོལ་ཕྱིན་པ་དྲུག་རྣམས་སོ། །བསྡུ་བ་དེ་ཡི་བུད་མེད་ཁྱིམ། །གླུ་དབྱངས་ཆོས་རྣམས་སྟོན་པ་པོ། །གཟུགས་རྣམས་དེ་ཡི་སྐྱེད་མོས་ཚལ། །བྱང་ཆུབ་ཡན་ལག་མེ་ཏོག་རྒྱས། །འབྲས་བུ་རྣམ་གྲོལ་ཡེ་ཤེས་ཏེ། །ཆོས་ཀྱི་ནོར་ཆེན་སྟོང་པའོ། །རྣམ་པར་ཐར་པ་རྫིང་ཡིན་ཏེ། །ཏིང་ངེ་འཛིན་གྱི་ཆུ་ཡིས་བཀང་། །རྣམ་དག་པད་མས་ཀུན་ཁེབས་པ། །དེ་ལ་འཁྲུ་བ་དྲི་མ་མེད། །མངོན་ཤེས་དེ་ཡི་བཞོན་པ་སྟེ། །ཐེག་པ་ཆེན་པོ་བླ་ན་མེད། །ཁ་ལོ་སྒྱུར་བ་བྱང་ཆུབ་སེམས། །
ལམ་ནི་ཞི་བ་ཡན་ལག་བརྒྱད། །དེ་ཡི་རྒྱན་ནི་མཚན་རྣམས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུའོ། །བསམ་པ་དགེ་བ་དེ་དག་གི། །གོས་ནི་ཁྲེལ་ཡོད་ངོ་ཚ་ཤེས། །དེ་དག་དམ་ཆོས་ནོར་དང་ལྡན། །རབ་ཏུ་སྦྱོར་བ་ཆོས་སྟོན་པ། །ནན་ཏན་དག་ནི་རྙེད་ཆེན་ཏེ། །ཡོངས་སུ་བསྔོ་བ་བྱང་ཆུབ་ཕྱིར། །མལ་ནི་བསམ་གཏན་བཞི་རྣམས་ཏེ། །འཚོ་བ་དག་པས་ཀུན་ཏུ་བཏིང་། །དེ་དག་སད་པ་ཡེ་ཤེས་ཏེ། །རྟག་ཏུ་ཐོས་པ་མཉམ་པར་གཞག །དེ་དག་ཟས་ནི་བདུད་རྩི་སྟེ། །རྣམ་གྲོལ་ཁུ་བ་བཏུང་བ་ཡིན། །བསམ་པ་རྣམ་དག་ཁྲུས་ཡིན་ཏེ། །སྤོས་ཀྱིས་བསྐུ་བ་ཚུལ་ཁྲིམས་སོ། །ཉོན་མོངས་དགྲ་རྣམས་བཅོམ་པས་ན། །དེ་དག་དཔའ་བོ་མི་ཕམ་པ། །བདུད་བཞི་དག་ཀྱང་རབ་ཏུ་བཏུལ། །བྱང་ཆུབ་དཀྱིལ་འཁོར་རྒྱལ་མཚན་བསྒྲེང་། །བསམས་བཞིན་སྐྱེ་བ་སྟོན་མོད་ཀྱི། །སྐྱེ་བ་མེད་ཅིང་འབྱུང་བ་མེད། །ཞིང་ཀུན་ཏུ་ཡང་སྣང་བ་ནི། །ཉི་མ་ཤར་བ་བཞིན་དུའོ། །འདྲེན་ལ་མཆོད་པ་ཐམས་ཅད་ཀྱིས། །སངས་རྒྱས་བྱེ་བ་མཆོད་ནས་ཀྱང་། །བདག་དང་སངས་རྒྱས་རྣམས་ལ་ནི། །ནམས་ཀྱང་གནས་པར་ཡོང་མི་བྱེད། །ཇི་ལྟར་སེམས་ཅན་ཕན་པར་ཡང་། །སངས་རྒྱས་ཞིང་རྣམས་སྤྱོད་མོད་ཀྱི། །ནམ་མཁའ་ལྟ་བུར་ཞིང་རྣམས་གྱུར། །སེམས་ཅན་སེམས་ཅན་འདུ་ཤེས་མེད། །སེམས་ཅན་ཀུན་གྱི་གཟུགས་རྣམས་དང་། །སྒྲ་སྐད་གང་རྣམས་འབྱིན་པ་དང་། །འཇིགས་མེད་བྱང་ཆུབ་སེམས་དཔའ་རྣམས། །སྐད་ཅིག་གཅིག་གིས་སྟོན་པར་བྱེད། །བདུད་ཀྱི་ལས་རྣམས་ཤེས་མོད་ཀྱི། །བདུད་རྣམས་ཀྱི་ཡང་རྗེས་སུ་འཇུག །ཐབས་ཀྱི་ཕ་རོལ་ཕྱིན་པ་དག །དེ་ཡི་བྱ་བ་ཀུན་ཀྱང་སྟོན། །སྒྱུ་མའི་ཆོས་ཀྱིས་རྣམ་རྩེན་པས། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །རྒ་བ་དང་ནི་ན་བར་གྱུར། །བདག་ཉིད་ཤི་བར་རབ་ཏུ་སྟོན། །ས་རྣམས་རབ་ཏུ་ཚིག་པ་ནི། །བསྐལ་པས་སྲེག་པར་ཀུན་སྟོན་ཏེ། །སེམས་ཅན་རྟག་པར་འདུ་ཤེས་པ། །མི་རྟག་པར་ནི་རབ་བསྟན་ཏོ། །སེམས་ཅན་བྱེ་བ་སྟོང་རྣམས་ཀྱང་། །ཡུལ་གཅིག་ཏུ་ནི་མགྲོན་དུ་གཉེར། །ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །སྔགས་དང་རིག་པ་ཅི་ཡོད་དང་། །
བཟོ་གནས་རྣམ་པ་མང་པོ་དག །ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། །སེམས་ཅན་ཐམས་ཅད་བདེ་ཐོབ་བྱེད། །འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་ཏུ་རབ་བྱུང་ནས། །ལྟ་བ་ཐ་དད་གྱུར་པ་ཡི། །སེམས་ཅན་རྣམས་ནི་ཡོངས་སུ་འགྲེལ། །ཟླ་བའམ་ཉི་མར་དེ་གྱུར་ཏེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང་། །ཆུ་དང་མེར་ཀྱང་རབ་གྱུར་ཏེ། །ས་དང་རླུང་དུའང་དེ་བཞིན་ནོ། །ནད་ཀྱི་བསྐལ་པ་བར་མ་ལ། །དེ་ནི་རྩི་མཆོག་དམ་པར་གྱུར། །དེས་ནི་སེམས་ཅན་རྣམ་གྲོལ་ཞིང་། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །མུ་གེའི་བསྐལ་པ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་སུ། །བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །མཚོན་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་སྒོམ་གྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། །གཡུལ་ཆེན་འདྲེན་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །སངས་རྒྱས་ཞིང་ནི་ཇི་སྙེད་པ། །བསམ་གྱིས་མི་ཁྱབ་དམྱལ་བར་ཡང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བསམས་བཞིན་དུ་ནི་དེར་འགྲོའོ། །ཇི་སྙེད་དུད་འགྲོའི་སྐྱེ་གནས་ཀྱི། །འགྲོ་བར་རབ་ཏུ་བསྟན་པ་ནི། །ཐམས་ཅད་དུ་ཡང་ཆོས་སྟོན་ཏོ། །དེ་ཕྱིར་རྣམ་པར་འདྲེན་ཅེས་བྱ། །འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན། །བསམ་གཏན་པ་ལ་བསམ་གཏན་སྟོན། །བདུད་རྣམས་རབ་ཏུ་འཇོམས་བྱེད་ཅིང་། །དེ་དག་གླགས་རྙེད་འགྱུར་མི་བྱེད། །མེ་དབུས་ནས་ནི་པད་མ་ལྟར། །ཡང་དག་མ་ཡིན་དེ་སྟོན་ཏེ། །དེ་བཞིན་འདོད་དང་བསམ་གཏན་ཡང་། །ཡང་དག་མ་ཡིན་དེ་སྟོན་ཏོ། །བསམས་བཞིན་སྨད་འཚོང་རྣམས་སུ་སྒྱུར། །སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་བརྗོད་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གྲོང་མི་དང་ནི་དེད་དཔོན་དང་། །མདུན་ན་འདོན་དང་བློན་པོ་དང་། །བློན་པོ་ཆེན་པོར་རྟག་ཏུ་གྱུར། །སེམས་ཅན་དབུལ་པོ་རྣམས་ལ་ནི། །ཟད་མི་ཤེས་པའི་གཏེར་དུ་གྱུར། །གང་ལ་སྦྱིན་པ་བྱིན་པ་ཡང་། །
དེ་དག་བྱང་ཆུབ་སེམས་བསྐྱེད་བཙུད། །ང་རྒྱལ་ཁེངས་པའི་སེམས་ཅན་ལ། །དེ་དག་ཚན་ཆེན་མཆོག་གྱུར་ཏེ། །ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཚོལ་དུ་བཙུད། །འཇིགས་སྐྲག་སེམས་ཅན་རྣམས་ལ་ནི། །རྟག་ཏུ་དེ་ཡི་མདུན་ན་འདུག །དེ་དག་མི་འཇིགས་བྱིན་ནས་ཀྱང་། །བྱང་ཆུབ་ཏུ་ནི་སྨིན་པར་བྱེད། །དེ་དག་ལྔ་མངོན་ཤེས་པ་ཡི། །དྲང་སྲོང་ཚངས་པར་སྤྱོད་གྱུར་ཏེ། །བཟོད་དང་དེས་པ་ཚུལ་ཁྲིམས་དང་། །སྡོམ་པ་ལ་ནི་སེམས་ཅན་འགོད། །རིམ་གྲོ་ལྷུར་བྱེད་སེམས་ཅན་རྣམས། །འཇིགས་པ་མེད་པས་འདིར་མཐོང་ན། །བྲན་དང་གཡོག་ཏུ་ཤིན་ཏུ་གྱུར། །སློབ་མར་ཡང་ནི་ཉེ་བར་འགྲོ། །ཡན་ལག་གང་དང་གང་རྣམས་ཀྱིས། །སེམས་ཅན་ཆོས་ལ་དགར་གྱུར་པ། །ཐབས་ཆེན་ཤིན་ཏུ་བསླབས་པ་དང་། །བྱ་བ་དག་ནི་ཐམས་ཅད་སྟོན། །དེ་དག་སློབ་པ་མཐའ་ཡས་ཤིང་། །སྤྱོད་ཡུལ་རྣམས་ཀྱང་མཐའ་ཡས་ཏེ། །ཡེ་ཤེས་མཐའ་ཡས་རྫོགས་པས་ན། །སྲོག་ཆགས་མཐའ་ཡས་གྲོལ་བར་བྱེད། །བསྐལ་པ་དག་ནི་བྱེ་བ་དང་། །བསྐལ་པ་བྱེ་བ་ཕྲག་བརྒྱར་ནི། །བཅོམ་ལྡན་སངས་རྒྱས་རྣམས་ཀྱིས་ཀྱང་། །དེ་ཡི་ཡོན་ཏན་མཐའ་བརྗོད་དཀའ། །གང་རྣམས་ཤེས་རབ་མེད་པ་ཡི། །སེམས་ཅན་དམན་པ་མ་གཏོགས་པར། །མཁས་པས་ཆོས་འདི་ཐོས་གྱུར་ནས། །བྱང་ཆུབ་མཆོག་ལ་སུ་མི་སྨོན། །དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པ་གང་ཡིན། སྤོབས་པར་གྱིས་ཤིག །བྱང་ཆུབ་སེམས་དཔའ་ཆོས་རྣམ་པར་འཕྲུལ་པ་ཞེས་བྱ་བ་དེར་འདུས་པ་དེས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྐྱེ་བ་དང་འཇིག་པ་ནི་གཉིས་ཏེ། གང་མ་སྐྱེས་མ་བྱུང་བ་དེ་ལ་འཇིག་པ་གང་ཡང་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་སྨྲས་པ། ང་དང་ང་འོ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདག་ཏུ་སྒྲོ་བཏགས་པ་མེད་ན་ངའི་བར་མི་འགྱུར་ཏེ། གང་སྒྲོ་བཏགས་པ་མེད་པ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་
དཔལ་བརྩེགས་ཀྱིས་སྨྲས་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་ནས་རྣམ་པར་བྱང་བ་ལ་རློམ་སེམས་སུ་མི་འགྱུར་ཞིང་རློམ་སེམས་ཐམས་ཅད་ལེགས་པར་འཇོམས་པ་དང་། འཐུན་པར་འགྲོ་བའི་ལམ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྐར་བཟངས་ཀྱིས་སྨྲས་པ། གཡོ་བ་དང་རློམ་སེམས་དེ་ནི་གཉིས་ཏེ། གང་གཡོ་བ་མེད་ཅིང་རློམ་སེམས་སུ་མི་བྱེད། ཡིད་ལ་མི་བྱེད། ལྷག་པར་བྱ་བ་མེད་པ། ལྷག་པར་བྱ་བ་དང་བྲལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ལག་བཟངས་ཀྱིས་སྨྲས་པ། བྱང་ཆུབ་ཀྱི་སེམས་དང་། ཉན་ཐོས་ཀྱི་སེམས་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་སྒྱུ་མའི་སེམས་དང་མཚུངས་པར་མཐོང་བ་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱང་མེད། ཉན་ཐོས་ཀྱི་སེམས་ཀྱང་མེད་དེ། གང་སེམས་ཀྱི་མཚན་ཉིད་མཚུངས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མིག་མི་འཛུམས་ཀྱིས་སྨྲས་པ། ལེན་པ་དང་མི་ལེན་པ་དེ་ནི་གཉིས་ཏེ། གང་མི་ལེན་པ་དེ་མི་དམིགས་པ་སྟེ། གང་མི་དམིགས་པ་དེ་ལ་རྟོག་པ་དང་བསལ་བར་མི་བྱེད། ཆོས་ཐམས་ཅད་མི་བྱེད་མི་སྤྱོད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མིག་བཟངས་ཀྱིས་སྨྲས་པ། མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་ཞེས་བྱ་བ་དེ་ནི་གཉིས་སོ། །གང་རྟོག་པར་མི་བྱེད། ཀུན་ཏུ་རྟོག་པར་མི་བྱེད། མཚན་ཉིད་གཅིག་པར་མི་བྱེད། མཚན་ཉིད་མེད་པར་མི་བྱེད་དོ། །གང་མཚན་ཉིད་དང་མཚན་ཉིད་མི་འདྲ་བ་ལ་མཚན་ཉིད་མཚུངས་པར་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྐར་རྒྱལ་གྱིས་སྨྲས་པ། དགེ་བ་དང་མི་དགེ་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་དགེ་བ་དང་མི་དགེ་བ་མི་སློང་ཞིང་མཚན་མ་དང་མཚན་མ་མེད་པ་ལ་གཉིས་སུ་མེད་པར་རྟོག་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སེང་གེས་སྨྲས་པ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་གིས་རྡོ་རྗེ་ལྟར་རབ་ཏུ་འབིགས་པའི་ཡེ་ཤེས་ཀྱིས་མི་འཆིང་མི་འགྲོལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་
དཔའ་སེང་གེ་བློ་གྲོས་ཀྱིས་སྨྲས་པ། འདི་ནི་ཟག་པ་དང་བཅས་པ། འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མཉམ་པ་ཉིད་ཀྱི་ཆོས་ཐོབ་པས་ཟག་པ་དང་ཟག་པ་མེད་པའི་འདུ་ཤེས་སུ་མི་བྱེད་འདུ་ཤེས་མེད་པར་གྱུར་པའང་མ་ཡིན། མཉམ་པ་ཉིད་ལ་མཉམ་པ་ཉིད་ཐོབ་པའང་མེད་ཅིང་འདུ་ཤེས་ཀྱི་མདུད་པ་མེད་པ་དེ་ལྟར་གང་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེ་མོས་ཀྱིས་སྨྲས་པ། འདི་ནི་བདེ་བ། འདི་ནི་མི་བདེ་བའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གྲངས་ཐམས་ཅད་དང་བྲལ་ཞིང་བློ་ནམ་མཁའ་དང་མཚུངས་པར་མི་ཆགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་འཇིག་རྟེན་གྱི་རང་བཞིན་སྟོང་པ་དེ་ལ་ཅུང་ཟད་ཀྱང་རྒལ་བ་ཡང་མེད། འཇུག་པ་ཡང་མེད། འགྲོ་བའང་མེད། མི་འགྲོ་བའང་མེད་དེ། གང་ལ་མི་རྒལ། མི་འཇུག །འགྲོ་བའང་མེད། མི་འགྲོ་བའང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དུལ་བའི་བློ་གྲོས་ཀྱིས་སྨྲས་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཁོར་བའི་ངོ་བོ་ཉིད་མཐོང་བས་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་དེ་ལྟར་རྟོགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མངོན་སུམ་མཐོང་གིས་སྨྲས་པ། ཟད་པ་དང་མི་ཟད་པ་ཞེས་བྱ་བ་དེ་ནི་གཉིས་སོ། །ཟད་པ་ནི་ཤིན་ཏུ་ཟད་པ་སྟེ། གང་ཤིན་ཏུ་ཟད་པ་དེ་ལ་ཟད་པར་བྱ་བ་མ་ཡིན་པས་ན་དེའི་ཕྱིར་མི་ཟད་པ་ཞེས་བྱའོ། །གང་མི་ཟད་པ་དེ་ནི་སྐད་ཅིག་པ་སྟེ། སྐད་ཅིག་པ་ལ་ཟད་པ་མེད་དོ། །དེ་ལྟ་བུར་རབ་ཏུ་ཞུགས་པ་དེ་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ནས་སྦས་ཀྱིས་སྨྲས་པ། བདག་དང་བདག་མེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ།
གང་བདག་གི་དངོས་པོ་མི་དམིགས་པ་དེ་ཅི་ཞིག་བདག་མེད་པར་བྱེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མཐོང་བས་གཉིས་སུ་མེད་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་གློག་གི་ལྷས་སྨྲས་པ། རིག་པ་དང་མ་རིག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ་མ་རིག་པའི་རང་བཞིན་ལྟར་རིག་པའང་དེ་བཞིན་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ། བགྲང་དུ་མེད་པ་བགྲང་བའི་ལམ་ལས་འདས་པའོ། །གང་འདི་ལ་མངོན་པར་རྟོགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིག་པ་ལས་སྟོང་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་ནི་སྟོང་པ་སྟེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སོ། །རྣམ་པར་ཤེས་པ་ཉིད་ནི་སྟོང་པ་ཉིད་དེ། རྣམ་པར་ཤེས་པ་བཤིག་པས་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པའི་རང་བཞིན་ནི་སྟོང་པ་ཉིད་དོ། །འདི་ལ་གང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དེ་བཞིན་དུ་ཤེས་ཤིང་དེ་ལྟ་བུར་ཡེ་ཤེས་ཀྱིས་རིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་གིས་སྨྲས་པ། ཁམས་བཞི་པོ་ཡང་གཞན་ལ་ནམ་མཁའི་ཁམས་ཀྱང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཁམས་བཞི་པོ་ནི་ནམ་མཁའི་རང་བཞིན་ནོ། །སྔོན་གྱི་མཐའ་ཡང་ནམ་མཁའི་རང་བཞིན་ནོ། །ཕྱི་མའི་མཐའ་ཡང་ནམ་མཁའི་རང་བཞིན་ནོ། །དེ་བཞིན་དུ་ད་ལྟར་ཡང་ནམ་མཁའི་རང་བཞིན་ཏེ། གང་དེ་ལྟར་ཁམས་ལ་འཇུག་པའི་ཡེ་ཤེས་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་རབ་ཀྱི་བློ་གྲོས་ཀྱིས་སྨྲས་པ། མིག་དང་གཟུགས་སོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མིག་ཡོངས་སུ་ཤེས་པས་གཟུགས་ལ་མི་ཆགས། མི་སྡང་མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་སྒྲ། སྣ་དང་དྲི། ལྕེ་དང་རོ། ལུས་དང་རེག །ཡིད་དང་ཆོས་དེ་དག་ནི་གཉིས་སོ། །གང་ཡང་ཡིད་ཡོངས་སུ་ཤེས་ནས་ཆོས་ལ་མི་ཆགས། མི་སྡང་། མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ། །དེ་ལྟར་ཞི་བ་ལ་གནས་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སྨྲས་པ། སྦྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་ཏེ། སྦྱིན་པའི་ངོ་བོ་ཉིད་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་ནི་ཡོངས་སུ་བསྔོ་བའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐམས་ཅད་མཁྱེན་
པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་སོ། །ཐམས་ཅད་མཁྱེན་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཡོངས་སུ་བསྔོ་བ་ཡང་ཐམས་ཅད་མཁྱེན་པའི་རང་བཞིན་ཏེ། གང་ཚུལ་གཅིག་པ་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བློ་ཟབ་ཀྱིས་སྨྲས་པ། སྟོང་པ་ཉིད་ཀྱང་གཞན་ལ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སྟོང་པ་གང་ཡིན་པ་དེ་ལ་མཚན་མ་གང་ཡང་མེད་དོ། །མཚན་མ་མེད་པ་ལ་སྨོན་པ་མེད། སྨོན་པ་མེད་པ་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་རྒྱུ་བ་མེད་དེ། གང་རྣམ་པར་ཐར་པ་གཅིག་གི་སྒོ་དེ་ལ་རྣམ་པར་ཐར་པ་ཐམས་ཅད་ཀྱི་སྒོ་རྣམས་སུ་བལྟ་བར་བྱ་བ་དེ་ནི་གཉིས་སུ་མེད་པའི་སྒོར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དབང་པོ་ཞི་བས་སྨྲས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ། །ཆོས་ཀྱི་རང་བཞིན་ནི་དགེ་འདུན་ཏེ། དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་པའོ། །འདུས་མ་བྱས་ནི་ནམ་མཁའོ། །ཆོས་ཐམས་ཅད་ཀྱི་ཚུལ་ནི་ནམ་མཁའ་དང་མཚུངས་ཏེ། གང་དེ་ལྟར་རྗེས་སུ་འགྲོ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་མིག་གིས་སྨྲས་པ། འཇིག་ཚོགས་དང་འཇིག་ཚོགས་འགོག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཇིག་ཚོགས་ཉིད་ནི་འགོག་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཚོགས་སུ་ལྟ་བ་མི་སྐྱེ་བ་མེད་ཅིང་གང་ལྟ་བ་དེས་འཇིག་ཚོགས་སོ་ཞེའམ། འཇིག་ཚོགས་འགོག་ཅེས་མི་རྟོག་སྟེ། དེ་མི་རྟོག །རྣམ་པར་མི་རྟོག །ཤིན་ཏུ་མི་རྟོག་པས་འགོག་པའི་རང་བཞིན་དུ་གྱུར་ཏེ། མི་འབྱུང་མི་འཇིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་དུལ་བས་སྨྲས་པ། ལུས་དང་། ངག་དང་། ཡིད་ཀྱི་སྡོམ་པ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། ལུས་ཀྱི་མངོན་པར་འདུ་མི་བྱེད་པ་གང་ཡིན་པ་ངག་གི་མངོན་པར་འདུ་མི་བྱེད་པའང་དེའི་མཚན་ཉིད་དོ། །ཡིད་ཀྱི་མངོན་པར་འདུ་མི་བྱེད་པའང་དེའི་མཚན་ཉིད་དེ། གང་ཆོས་ཐམས་ཅད་ཀྱི་མངོན་པར་འདུ་མི་བྱེད་པ་དེ་ཡིན་པར་ཤེས་པར་བྱ། རྗེས་སུ་རིག་པར་བྱ་སྟེ།
གང་འདི་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཞིང་གིས་སྨྲས་པ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་མི་བྱེད་པ་དེ་ནི་གཉིས་སུ་མེད་པའོ། །བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་སྟེ། དེ་ལ་བསོད་ནམས་ཀྱང་མེད། བསོད་ནམས་མ་ཡིན་པ་ཡང་མེད། མི་གཡོ་བ་ཡང་མེད། མངོན་པར་འདུ་བྱེད་པའང་མེད་དེ། གང་དེ་ལྟར་མི་སྒྲུབ་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་པད་མ་བཀོད་པས་སྨྲས་པ། བདག་ཀུན་ནས་ལྡང་བ་ལས་སྐྱེས་པ་དེ་ནི་གཉིས་ཏེ། བདག་ཡོངས་སུ་ཤེས་པ་དེ་ནི་གཉིས་མི་སློང་ངོ་། །དེ་ལྟར་གཉིས་སུ་མེད་པར་གནས་པ་ལ་རྣམ་པར་རིག་པ་མེད་པས་རྣམ་པར་རིག་པ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོས་སྨྲས་པ། དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་གཉིས་སོ། །གང་མི་དམིགས་པ་དེ་ནི་གཉིས་སུ་མེད་པ་སྟེ། དེའི་ཕྱིར་གང་ལེན་པ་མེད་ཅིང་འདོར་བ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མས་སྨྲས་པ། མུན་པ་དང་སྣང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། མུན་པའང་མེད། སྣང་བའང་མེད་པ་དེ་ནི་གཉིས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འགོག་པར་སྙོམས་པར་ཞུགས་པ་ལ་མུན་པ་ཡང་མེད། སྣང་བ་ཡང་མེད་དེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ཏེ། གང་མཉམ་པ་ཉིད་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེས་སྨྲས་པ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་བ་ལ་མི་དགའ་བ་དེ་ནི་གཉིས་ཏེ། གང་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མེད་པ། འཁོར་བ་ལ་ཡང་མི་དགའ་བ་མེད་པ་དེ་ནི་གཉིས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་བཅིངས་པ་ལས་ནི་གྲོལ་བར་བསྟན་གྱི། གང་
ཤིན་ཏུ་མ་བཅིངས་པ་དེ་ཐར་པ་ག་ལ་ཚོལ། མ་བཅིངས་མ་གྲོལ་བའི་དགེ་སློང་གིས་ནི་དགའ་བ་དང་མི་དགའ་བ་ཡང་མི་རྙེད་དེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ནོར་བུ་བརྩེགས་པའི་རྒྱལ་པོས་སྨྲས་པ། ལམ་དང་ལམ་ངན་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ལམ་དུ་ཞུགས་པ་ལ་ནི་ལམ་ངན་པ་མི་སྤྱོད་དོ། །མི་སྤྱོད་པ་ལ་གནས་པ་ནི་ལམ་གྱི་འདུ་ཤེས་སམ། ལམ་མ་ཡིན་པའི་འདུ་ཤེས་སུ་མི་འགྱུར་རོ། །འདུ་ཤེས་ཡོངས་སུ་རིག་པ་ནི་བློ་གཉིས་སུ་མི་འཇུག་སྟེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེན་དགས་སྨྲས་པ། བདེན་པ་དང་བརྫུན་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདེན་པ་མཐོང་བས་ཀྱང་བདེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ན་བརྫུན་པ་ལྟ་ག་ལ་མཐོང་། དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་གིས་མི་མཐོང་གི་ཤེས་རབ་ཀྱི་མིག་གིས་མཐོང་སྟེ། ཇི་ལྟར་མི་མཐོང་ན་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ་། །གང་ལ་མཐོང་བ་ཡང་མེད། རྣམ་པར་མཐོང་བ་ཡང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་བསྟན་པ་བཤད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པར་འཇུག་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་ཀུན་གྱིས་ཀྱང་ལེགས་པར་སྨྲས་མོད་ཀྱི་ཁྱེད་ཀྱིས་བཤད་པ་དེ་ཐམས་ཅད་ནི་གཉིས་སོ། །བསྟན་པ་གཅིག་ནི་མ་གཏོགས་ཏེ་བརྗོད་དུ་མེད་པ། སྨྲར་མེད་པ། བཤད་དུ་མེད་པ། བསྒྲག་ཏུ་མེད་པ། བསྟན་དུ་མེད་པར་གདགས་སུ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན་རིགས་ཀྱི་བུ་ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་གྱིས་ཤིག །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ནི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པར་འཇུག་པ་ཡིན་ཏེ། དེ་ལ་ཡི་གེ་དང་། སྒྲ་དང་། རྣམ་པར་རིག་པའི་རྒྱུ་བ་མེད་དོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྙམ་དུ་བསམས་ཏེ། གདུགས་ཚོད་ལའང་བབ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་དག་ནི་མི་ལྡང་ན་འདི་དག་ཟན་གར་ཟ་སྙམ་མོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་བརྒྱད་པོ་གང་དག་གསུངས་པའི་རྣམ་པར་ཐར་པ་དེ་དག་ལ་གནས་པར་གྱིས་ལ་ཟང་ཟིང་དང་འདྲེས་པའི་རྒྱུད་ཀྱིས་ཆོས་མ་ཉན་ཅིག །བཙུན་པ་ཤཱ་རིའི་བུ་ཡུད་ཙམ་ཞིག་སྡོད་ཅིག་དང་། སྔོན་མ་མྱོང་བའི་ཁ་ཟས་ཟ་བར་འགྱུར་རོ། །དེ་ནས་དེའི་ཚེ་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། །གང་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་བསྟན་ཏོ། །དེ་ན་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མི་དང་ལྷའི་དྲིའི་བྱུང་བ་དེ་བས་འཇིག་རྟེན་གྱི་ཁམས་དེའི་ཤིང་ལས་ཆེས་ཁྱད་དུ་འཕགས་པ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་ན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་འབའ་ཞིག་གི་ཚོགས་འདུས་པ་དེ་དག་ལ་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེ་ཆོས་སྟོན་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་ཁང་པ་བརྩེགས་པ་ཐམས་ཅད་
ཀྱང་སྤོས་ལས་བྱས། འཆག་ས་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་ཐམས་ཅད་ཀྱང་སྤོས་ལས་བྱས་སོ། །གང་བྱང་ཆུབ་སེམས་དཔའ་དེ་དག་ཟས་ཟ་བའི་ཟས་དེའི་དྲིས་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཁྱབ་བོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་ཅིག་ཏུ་བཤོས་གསོལ་བའི་ཕྱིར་ཞུགས་ཏེ། དེ་ན་ལྷའི་བུ་སྤོས་བཀོད་པའི་ཟས་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་རིམ་གྲོ་དང་བསྙེན་བཀུར་བྱེད་པར་བརྩོན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་བཤོས་ལ་བཀོད་དེ་བཞུགས་པ་མཐོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱེད་ཀྱི་ནང་ན་སངས་རྒྱས་ཀྱི་ཞིང་དེ་ནས་ཟས་ལེན་པར་སུ་སྤྲོ། དེ་ན་འཇམ་དཔལ་གྱི་བྱིན་གྱི་རླབས་ཀྱིས་སུ་ཡང་སྤྲོ་བ་མེད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་འཁོར་འདི་འདྲ་ལ་ངོ་མི་ཚའམ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་མ་བསླབས་པ་ལ་བརྙས་པར་མི་བྱའོ་ཞེས་མ་གསུངས་སམ། དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མལ་དེ་ནས་མ་ལངས་པར་བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་དུ་སྤྲུལ་པའི་བྱང་ཆུབ་སེམས་དཔའི་ལུས་གསེར་གྱི་ཁ་དོག་ལྟ་བུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྤྲུལ་ཏེ། གང་གིས་འཁོར་དེ་དག་ཐམས་ཅད་མོག་མོག་པོར་བྱས་པར་འགྱུར་བ་དེ་ལྟ་བུའི་གཟུགས་སུ་སྣང་བར་གྱུར་ཏོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་སྟེང་གི་ཕྱོགས་སུ་སོང་ལ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཤོས་གསོལ་བའི་ཕྱིར་བཞུགས་པ་དེར་སོང་ལ་དེ་བཞིན་གཤེགས་
པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཅིག ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མི་མངའ་ཞིང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་འདི་སྐད་ཅེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་གསོལ་བའི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ། །དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་རྒྱ་ཆེན་པོ་ལ་དད་པར་བགྱིད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་མཚན་ཀྱང་རྒྱས་པར་བགྱིད་པར་འགྱུར་རོ། །ཞེས་གསོལ་ཅིག །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱས་ནས་དེ་མཉན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་ནས་བཞིན་གྱེན་དུ་བལྟས་ཏེ་སོང་ན། བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་འགྲོ་བར་མ་མཐོང་ངོ་། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མི་མངའ་ཞིང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ། །དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསོལ་བའི་ཞལ་ཟས་ཀྱི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ། །དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་བློ་གྲོས་མོས་པར་
བགྱིད་ཅིང་སངས་རྒྱས་ཀྱི་མཚན་ཀྱང་རྒྱས་པར་བགྱིད་པར་འགྱུར་རོ་ཞེས་མཆིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཆེན་པོ་འདི་ལྟ་བུ་ག་ལ་མཆིས། འཇིག་རྟེན་གྱི་ཁམས་མི་མཇེད་དེ་གང་ན་མཆིས། དམན་པ་ལ་མོས་པ་ཞེས་བགྱི་བ་དེ་ཅི་ལགས་ཞེས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་སྐད་ཅེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འོག་གི་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་ན་དམན་པ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། དེས་ངའི་མིང་ཡོངས་སུ་བསྒྲགས་པ་དང་འཇིག་རྟེན་གྱི་ཁམས་འདིའི་བསྔགས་པ་རབ་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ཤིན་ཏུ་འབར་བར་བྱ་བའི་ཕྱིར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེའི་ཆེ་བ་ཇི་ཙམ་ན་དེའི་སྤྲུལ་པ་འདི་ཡང་རྫུ་འཕྲུལ་དང་། སྟོབས་དང་། མི་འཇིགས་པ་འདི་ལྟ་བུར་གྱུར། བཅོམ་ལྡན་འདས་དེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དེའི་ཆེ་བ་ནི་འདི་འདྲ་སྟེ། དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲུལ་པ་འགྱེད་དེ། སྤྲུལ་པ་དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པས་དྲི་ཐམས་ཅད་དང་ལྡན་པའི་སྣོད་དུ་དྲི་ཐམས་ཅད་བསྒོས་པའི་ཟས་བླུགས་ཏེ། དེ་
སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱིན་ནོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་ཡང་དེར་འགྲོ་བར་ཆས་ཏེ། བཅོམ་ལྡན་འདས་བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། དྲི་མ་མེད་པར་གྲགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག །རིགས་ཀྱི་བུ་དག་སེམས་ཅན་དེ་དག་མྱོས་ཤིང་བག་མེད་པར་གྱུར་ཏ་རེ། དྲི་རྣམས་མེད་པར་གྱིས་ལ་དེང་ཤིག །འཇིག་རྟེན་གྱི་ཁམས་མི་མཇེད་དེའི་སེམས་ཅན་དེ་དག་སྤ་གོང་བར་འགྱུར་དུ་འོང་གིས་རང་གི་གཟུགས་ཀྱང་སྒྱུར་ཅིག །འཇིག་རྟེན་གྱི་ཁམས་དེ་ལའང་ངན་པར་འདུ་ཤེས་བསྐྱེད་ནས་ཁོང་ཁྲོ་བའི་འདུ་ཤེས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ནི་ནམ་མཁའི་ཞིང་སྟེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཡུལ་ཐམས་ཅད་མི་སྟོན་ཏོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་དེ་ཐོགས་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་མཐུ་དང་དྲི་མ་མེད་པར་གྲགས་པའི་བྱིན་གྱི་རླབས་ཀྱིས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེ་ནས་མི་སྣང་བར་གྱུར་ཏེ། ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་ན་འདུག་གོ །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སེང་གེའི་ཁྲི་སྔ་མ་ཅི་འདྲ་བ་དེ་ལྟ་བུའི་སེང་གེའི་ཁྲི་བརྒྱ་སྟོང་ཕྲག་དགུ་བཅུར་བྱིན་གྱིས་བརླབས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་འཁོད་དོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་ཀྱིས་བཀང་བའི་སྣོད་དེ་དྲི་མ་མེད་པར་གྲགས་པ་ལ་བྱིན་ནོ། །དེ་ནས་ཞལ་ཟས་དེའི་དྲིས་ཡངས་པའི་གྲོང་ཁྱེར་ཆེན་པོར་འདུག་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་སྟོང་གི་བར་དུ་དྲི་ཞིམ་པོ་མནམ་པར་གྱུར་ཏོ། །གང་ཡངས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལིད་ཙ་བི་རྣམས་ཀྱི་དབང་པོ་ལིད་ཙ་བི་ཟླ་གདུགས་ཀྱིས་དྲི་དེ་མནམས་ནས། ངོ་མཚར་དུ་གྱུར་
རྨད་དུ་གྱུར་ཏེ། ལུས་དང་སེམས་དང་བར་གྱུར་ནས་ལིད་ཙ་བི་བརྒྱད་ཁྲི་བཞི་སྟོང་ཚང་བ་དང་ལྷན་ཅིག་ཏུ་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་ཞུགས་སོ། །དེ་དག་གི་ཁྱིམ་དེ་ན་བྱང་ཆུབ་སེམས་དཔས་གང་དག་སེང་གེའི་ཁྲི་དེ་ཙམ་དུ་མཐོ་བ་དེ་ཙམ་དུ་ཆེ་ཞིང་ཡངས་པ་ལ་འཁོད་པ་མཐོང་སྟེ། མཐོང་ནས་དེ་དག་ཤིན་ཏུ་མོས་ཤིང་རབ་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དག་ཐམས་ཅད་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ས་ལ་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་དྲི་དེས་བསྐུལ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་ལྷགས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་གནས་བརྟན་ཤཱ་རིའི་བུ་དང་། ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རྣམས་དེ་བཞིན་གཤེགས་པའི་ཞལ་ཟས་བདུད་རྩི་ཐུགས་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཟོ་ལ་ཉི་ཚེ་བའི་སྤྱོད་པ་ལ་སེམས་ཉེ་བར་མ་འདོགས་ཤིག །སྦྱིན་པ་སྤྱོད་མ་ནུས་ས་རེ། དེ་ན་ཉན་ཐོས་ཁ་ཅིག་འདི་སྙམ་དུ་སེམས་སོ། །ཞལ་ཟས་ཉུང་ངུ་འདི་ལ་འདི་ལྟ་བུའི་འཁོར་འདིས་ཇི་ལྟར་བཟའོ་སྙམ་མོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཉན་ཐོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་རང་གི་ཤེས་རབ་དང་བསོད་ནམས་དང་། དེ་བཞིན་གཤེགས་པའི་ཤེས་རབ་དང་བསོད་ནམས་སུ་མ་སྙོམ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ནི་ཟད་ཀྱང་སྲིད་ཀྱི་ཞལ་ཟས་འདི་ལ་ཟད་པ་ཅུང་ཟད་ཀྱང་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ཞལ་ཟས་འདི་ཁམ་རི་རབ་ཙམ་དུ་བསྐལ་པར་ཟོས་ཀྱང་འདི་ཟད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་། ཤེས་རབ་དང་། ཏིང་ངེ་འཛིན་མི་ཟད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ལུས་པ་འདི་ཟད་པར་མི་ནུས་སོ། །དེ་ནས་ཞལ་ཟས་དེས་འཁོར་ཐམས་ཅད་ལ་ཚིམ་པར་བྱས་ཀྱང་ཞལ་ཟས་དེ་ཟད་པར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། སེམས་ཅན་
གཞན་དག་གིས་ཞལ་ཟས་ཟོས་པ་པ་དེ་དག་ཀྱང་ཇི་ལྟར་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་ཅི་འདྲ་བ་དེ་ལྟ་བུའི་བདེ་བ་ལུས་ལས་སྐྱེས་སོ། །དེ་དག་གི་སྤུའི་ཁུང་བུ་ནས་ཀྱང་འདི་ལྟ་བུའི་དྲི་འབྱུང་བ་ནི་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེ་ན་ཤིང་རྣམས་ལས་དྲི་འབྱུང་བ་བཞིན་ནོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཤེས་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེའི་ཆོས་སྟོན་པ་ཅི་འདྲ། དེ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་དེ་ནི་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། དྲི་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འདུལ་བར་གྱུར་ཏེ། སྤོས་ཀྱི་ཤིང་གང་དང་གང་གི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་དག་འདུག་པ་དེ་དང་དེ་དག་ལས་འདི་འདྲ་བའི་དྲི་བྱུང་སྟེ། གང་དྲི་དེ་མནམས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་སྐྱེའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་བསྟན་པ་ཇི་ལྟ་བུ་རབ་ཏུ་སྟོན་པར་མཛད། སྨྲས་པ། སྐྱེས་བུ་དམ་པ་རྣམས་སེམས་ཅན་འདི་དག་ནི་གདུལ་དཀའ་སྟེ། སེམས་ཅན་དམུ་རྒོད་གདུལ་དཀའ་བ་འདི་རྣམས་ལ་དམུ་རྒོད་དང་གདུལ་དཀའ་བ་གདུལ་བའི་གཏམ་རྣམས་རབ་ཏུ་སྟོན་ཏོ། །དམུ་རྒོད་གདུལ་དཀའ་བ་རྣམས་གདུལ་བ་གང་། དམུ་རྒོད་གདུལ་དཀའ་བ་གདུལ་བའི་གཏམ་དེ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་དུད་འགྲོའི་སྐྱེ་གནས་སོ། །འདི་ནི་གཤིན་རྗེའི་འཇིག་རྟེན་ནོ། །འདི་ནི་མི་ཁོམ་པའོ། །འདི་ནི་དབང་པོ་ཉམས་པར་སྐྱེ་བའོ། །འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པའོ། །འདི་ནི་ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་
པའོ། །འདི་ནི་ངག་གི་ཉེས་པར་སྤྱོད་པའོ། །འདི་ནི་ངག་གིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ཉེས་པར་སྤྱོད་པའོ། །འདི་ནི་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་སྲོག་གཅོད་པའོ། །འདི་ནི་མ་བྱིན་པར་ལེན་པའོ། །འདི་ནི་འདོད་པས་ལོག་པར་གཡེམ་པའོ། །འདི་ནི་བརྫུན་དུ་སྨྲ་བའོ། །འདི་ནི་ཕྲ་མའོ། །འདི་ནི་ངག་རྩུབ་པོའོ། །འདི་ནི་ཚིག་ཀྱལ་པའོ། །འདི་ནི་བརྣབ་སེམས་སོ། །འདི་ནི་གནོད་སེམས་སོ། །འདི་ནི་ལོག་པར་ལྟ་བའོ། །འདི་ནི་དེ་དག་གི་རྣམ་པར་སྨིན་པའོ། །འདི་ནི་སེར་སྣའོ། །འདི་ནི་སེར་སྣའི་འབྲས་བུའོ། །འདི་ནི་འཆལ་པའི་ཚུལ་ཁྲིམས་སོ། །འདི་ནི་ཁྲོ་བའོ། །འདི་ནི་ལེ་ལོའོ། །འདི་ནི་ལེ་ལོའི་འབྲས་བུའོ། །འདི་ནི་འཆལ་པའི་ཤེས་རབ་བོ། །འདི་ནི་འཆལ་པའི་ཤེས་རབ་ཀྱི་འབྲས་བུའོ། །འདི་ནི་བསླབ་པའི་གཞི་ལས་འདས་པའོ། །འདི་ནི་སོ་སོར་ཐར་པའོ། །འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ། །འདི་ནི་རྣམ་པར་འབྱོར་པའོ། །འདི་ནི་སྒྲིབ་པའོ། །འདི་ནི་སྒྲིབ་པ་མེད་པའོ། །འདི་ནི་ལྟུང་བའོ། །འདི་ནི་ལྟུང་བ་ལས་བྱུང་བའོ། །འདི་ནི་ལམ་མོ། །འདི་ནི་ལམ་ངན་པའོ། །འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདི་ནི་ཁ་ན་མ་ཐོ་བ་མེད་པའོ། །འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ་ཞེས་དེ་ལྟ་བུར་ཆོས་རྣམ་པ་དུ་མར་བཤད་པས་རྟ་དམུ་རྒོད་ལྟ་བུའི་སེམས་རབ་ཏུ་གནས་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན་རྟའམ་བལ་གླང་དམུ་རྒོད་གནད་དུ་བརྡབ་པ་ཚུན་ཆད་ཀྱིས་དུལ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་དམུ་རྒོད་གདུལ་དཀའ་བ་རྣམས་ཀྱང་སྡུག་བསྔལ་ཐམས་ཅད་སྨོས་པའི་གཏམ་གྱིས་དུལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ཆེ་བ་བཞག་སྟེ། ངན་ཅིང་དབུལ་བ་སེམས་ཅན་དམུ་རྒོད་རྣམས་འདུལ་བ་ནི་ངོ་མཚར་ཏོ། །བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡང་བ་ན་འཁོད་པ་དེ་དག་གི་སྙིང་རྗེ་ཆེན་པོ་འང་བསམ་གྱིས་མི་ཁྱབ་བོ། །དེ་ནས་ལིད་ཙ་བི་དྲི་མ་མེད་
པར་གྲགས་པས་སྨྲས་པ། སྐྱེས་བུ་དམ་པ་དག་དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་དེ་བཞིན་ནོ། །གང་འདིར་སྐྱེས་པའི་བྱང་ཆུབ་སེམས་དཔའ་འདི་དག་གི་སྙིང་རྗེ་ཆེན་པོ་ཤིན་ཏུ་བརྟན་ནོ། །དེ་དག་འཇིག་རྟེན་གྱི་ཁམས་འདིར་ཚེ་གཅིག་ལ་སེམས་ཅན་གྱི་དོན་ཤིན་ཏུ་མང་དུ་བྱེད་དེ། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་བསྐལ་པ་བརྒྱ་སྟོང་གིས་ཀྱང་སེམས་ཅན་གྱི་དོན་དེ་ལྟར་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གང་དེ་དག་ཡོངས་སུ་འཛིན་པར་འགྱུར་བའི་དགེ་བ་བསགས་པ་ཆོས་བཅུ་ཡོད་དེ། དེ་དག་ནི་སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དབུལ་པོ་རྣམས་ལ་ནི་སྦྱིན་པས་སྡུད་དོ། །ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱིས་སྡུད་དོ། །ཁོང་ཁྲོ་བ་རྣམས་ལ་ནི་བཟོད་པས་སྡུད་དོ། །ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱིས་སྡུད་དོ། །སེམས་གཡེང་བ་རྣམས་ལ་ནི་བསམ་གཏན་གྱིས་སྡུད་དོ། །ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱིས་སྡུད་དོ། །མི་ཁོམ་པར་གྱུར་པ་རྣམས་ལ་ནི་མི་ཁོམ་པ་བརྒྱད་ལས་འདའ་བ་སྟོན་ཏོ། །ཉི་ཚེ་བར་སྤྱོད་པ་རྣམས་ལ་ནི་ཐེག་པ་ཆེན་པོ་སྟོན་ཏོ། །དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ལ་ནི་དགེ་བའི་རྩ་བས་སྡུད་དོ། །བསྡུ་བའི་དངོས་པོ་བཞིས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དགེ་བ་བསགས་པའི་ཆོས་བཅུ་པོ་འདི་དག་རབ་ཏུ་འཛིན་པར་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར། སྨྲས་པ། ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། །བརྒྱད་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་པར་བྱ་སྟེ། འདི་དག་ལས་ནི་ཕན་པ་ཆུང་ཟད་ཀྱང་མི་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་སེམས་
ཅན་ཐམས་ཅད་ལ་གཏང་བར་བྱའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟ་བུར་དགའ་བ་དང་། ཐོས་པ་དང་མ་ཐོས་པའི་ཆོས་རྣམས་ཐོས་ན་མི་སྤོང་བ་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་ཅིང་བདག་གི་རྙེད་པས་མི་སྙེམས་ཤིང་སེམས་ངེས་པར་སེམས་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་གཞན་གྱི་ཉེས་པ་མི་གླེང་བ་དང་། བག་ཡོད་པ་ལ་དགའ་ཞིང་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་འཁོར་དེར་འདུས་པ་ལ་དེ་ལྟར་ཆོས་བསྟན་པས་འདི་ལྟར་སྲོག་ཆགས་འབུམ་ཚང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྤྲུལ་པས་ཞལ་ཟས་བླངས་པའི་ལེའུ་སྟེ་དགུ་པའོ།། །།ཡང་དེའི་ཚེ་བཅོམ་ལྡན་འདས་ཨ་མྲ་སྲུང་བའི་ཚལ་ན་ཆོས་སྟོན་པའི་འཁོར་གྱི་ཁྱམས་དེ་ཡང་རྒྱ་ཆེ་ཞིང་ཡངས་པར་གྱུར་ཏོ། །འཁོར་དེ་ཡང་གསེར་གྱི་ཁ་དོག་ལྟ་བུར་འདུག་གོ །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཨ་མྲ་སྲུང་བའི་ཚལ་འདི་རྒྱ་ཆེ་ཞིང་ཡངས་པར་གྱུར་པ་དང་། འཁོར་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་གཉིས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འོང་བའི་སྔ་ལྟས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སེམས་ཅན་ཆེན་པོ་འདི་དག་ཀྱང་དེ་བཞིན་གཤེགས་པ་མཐོང་ཞིང་ཕྱག་འཚལ་བར་
འགྱུར་གྱིས་ཡུ་བུ་ཅག་བཅོམ་ལྡན་འདས་ཀྱི་དྲུང་དུ་འདོང་ངོ་། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་འདོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་པས་ཇི་ལྟར་འཁོར་ཐམས་ཅད་སེང་གེའི་ཁྲི་དེ་དག་དང་བཅས་ཏེ་ལག་པ་གཡས་པའི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་དེར་ཕྱིན་པ་དང་། དེ་དག་ས་ལ་བཞག་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་དུ་བསྐོར་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སེང་གེའི་ཁྲི་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱང་སེང་གེའི་ཁྲི་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་བཞིན་དུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་རང་རང་གི་སེང་གེའི་ཁྲི་ལ་འཁོད་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དེ་དག་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་སེམས་ཅན་གྱི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཁྱོད་ཀྱི་འདུ་ཤེས་ཇི་ལྟ་བུར་སྐྱེས། གསོལ་པ། བཅོམ་ལྡན་འདས་བདག་དེ་ལ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་སྐྱེས་ལགས་སོ། །ཇི་ལྟར་བསམ་པ་དང་། གཞལ་བ་དང་།
བགྲང་བར་མི་ནུས་པ་དེ་ལྟ་བུར་དེ་དག་གི་བགྱིད་པ་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་མ་མནམས་པའི་དྲི་ཞིག་གདའ་ན་འདི་ལྟ་བུ་སུའི་དྲི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་གིས་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་བྱུང་བ་ཡིན་ནོ། །ཤཱ་རིའི་བུས་ཀྱང་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁོ་བོ་ཅག་གི་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འདི་ལྟ་བུའི་དྲི་བྱུང་ངོ་། །སྨྲས་པ། དྲི་ཅི་ལས་བྱུང་སྨྲས་པ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ནས་ཞལ་ཟས་བླངས་ཏེ། ཟོས་སོ་ཅོག་ཐམས་ཅད་ཀྱི་ལུས་ལས་འདི་ལྟ་བུའི་དྲི་བྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །དྲི་འདི་ཇི་སྲིད་ཀྱི་བར་དུ་ཆགས་པར་འགྱུར། སྨྲས་པ། ཇི་སྲིད་ཟས་མ་ཞུ་བའི་བར་དུའོ། །ཀུན་དགའ་བོས་སྨྲས་པ། ཟས་དེ་ཡུན་ཇི་སྲིད་ན་ཞུ་བར་གྱུར། སྨྲས་པ། ཞག་བདུན་ཕྲག་བདུན་གྱིས་ཞུ་བར་འགྱུར་ཏེ། དེ་ནས་ཡང་ཞག་བདུན་གྱི་བར་དུ་དེས་མདངས་རྒྱས་པར་འགྱུར་རོ། །མ་ཞུ་བའི་གནོད་པར་ཡང་མི་འགྱུར་རོ། །བཙུན་པ་ཀུན་དགའ་བོ་དགེ་སློང་གང་ངེས་པ་ལ་མ་ཞུགས་པས་ཟས་འདི་ཟོས་ན་དེ་དག་ངེས་པ་ལ་ཞུགས་ན་དེ་འཇུ་བར་འགྱུར་རོ། །ངེས་པ་ལ་ཞུགས་པ་གང་གིས་ཞལ་ཟས་འདི་ཟོས་པ་དེ་དག་སེམས་ཡོངས་སུ་མ་གྲོལ་གྱི་བར་དུ་མི་འཇུའོ། །སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་གང་དག་གིས་དེ་ཟོས་པ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་འཇུ་བར་འགྱུར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་དག་གིས་ཟོས་པ་དེ་དག་བཟོད་པ་མ་ཐོབ་ཀྱི་བར་དུ་མི་འཇུའོ། །བཟོད་པ་ཐོབ་པ་གང་དག་གིས་ཟོས་པ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་ན་འཇུ་བར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སྨན་བྲོ་ལྡན་ཞེས་བྱ་བ་ལྟོར་སོང་ན་དུག་ཐམས་ཅད་མེད་པར་མ་གྱུར་གྱི་བར་དུ་མི་འཇུ་སྟེ་སྨན་དེ་ཕྱིས་འཇུ་བར་འགྱུར་རོ། །དེ་བཞིན་དུ་བཙུན་པ་ཀུན་དགའ་བོ་ཉོན་མོངས་པ་
ཐམས་ཅད་ཀྱི་དུག་མེད་པར་མ་གྱུར་གྱི་བར་དུ་ཟས་དེ་འཇུ་བར་མི་འགྱུར་ཏེ། ཟས་དེ་ཕྱིས་གདོད་འཇུ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞལ་ཟས་འདི་ནི་སངས་རྒྱས་ཀྱི་མཛད་པ་བགྱིད་དོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །ཀུན་དགའ་བོ་གང་དག་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་འོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་བྱང་ཆུབ་ཀྱི་ཤིང་གིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་དེ་བཞིན་གཤེགས་པའི་མཚན་དང་གཟུགས་མཐོང་བས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་ཆོས་གོས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །དེ་བཞིན་དུ་ཞལ་ཟས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་། དེ་བཞིན་དུ་ཆུ་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དག་ཀྱང་ཡོད་དོ། །ཀུན་དགའ་བོ་གང་དག་ན་སྤྲུལ་པས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །ཀུན་དགའ་བོ་ནམ་མཁས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ། །དེ་བཞིན་དུ་ནམ་མཁའ་དང་བར་སྣང་དག་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དེ་ལྟ་བུས་སེམས་ཅན་དེ་དག་འདུལ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་རྨི་ལམ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། བྲག་ཅ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དཔེར་བསྟན་པ་དང་། ཡི་གེ་དང་། ངེས་པའི་ཚིག་སྟོན་པ་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དག་ཀྱང་ཡོད་དོ། །གང་དག་ན་ཡི་གེ་རྣམ་པར་རིག་པར་བྱེད་པས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ། །ཀུན་དགའ་བོ་གང་ན་སྨྲ་བ་མེད་པ་དང་། བརྗོད་པ་མེད་པ་དང་། མི་བསྟན་པ་དང་། མི་བརྗོད་པས་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་
དེ། དེ་ལྟ་བུར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པས་སེམས་ཅན་རྣམས་འདུལ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་བྱེད་པ་ནི་གང་ཡང་མེད་དོ། །ཀུན་དགའ་བོ་བདུད་བཞི་པོ་དེ་དག་དང་། ཉོན་མོངས་པའི་སྒོ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །ཀུན་དགའ་བོ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། ཆོས་ཀྱི་སྒོ་འདིར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཡོན་ཏན་རྒྱ་ཆེན་པོ་བཀོད་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་ཞུམ་པའང་མེད། གོང་བའང་མེད། ཡོན་ཏན་རྒྱ་ཆེན་པོ་བཀོད་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་དགའ་བ་ཡང་མེད། སྙེམས་པ་ཡང་མེད་དེ། དེ་བཞིན་གཤེགས་པ་རྣམས་ལ་ཡང་རབ་ཏུ་རི་མོར་སྐྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་པ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྟོན་པ་དེ་ནི་ངོ་མཚར་ཏོ། །ཀུན་དགའ་བོ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་གཞན་དང་གཞན་དུ་སྣ་ཚོགས་སུ་འགྱུར་ཡང་བྱ་ལམ་གྱིས་ཁེབས་པའི་སངས་རྒྱས་ཀྱི་ཞིང་དང་ནམ་མཁའ་ལ་ཐ་དད་པ་མེད་པ་དེ་བཞིན་དུ་ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཐ་དད་དུ་འགྱུར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མེད་པའི་ཡེ་ཤེས་ནི་ཐ་དད་པ་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྐུ་དང་། མཚན་དང་། རིགས་བཙུན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕན་པར་དགོངས་པ་དང་། སྤྱོད་ལམ་དང་། སྤྱོད་པ་དང་། ལམ་དང་། ཚེའི་ཚད་དང་། ཆོས་སྟོན་པ་
དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་རྣམ་པར་གྲོལ་བ་དང་། ཞིང་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མཚུངས་ཏེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱའོ། །སངས་རྒྱས་ཞེས་བྱའོ། །ཀུན་དགའ་བོ་ཚིག་དེ་གསུམ་གྱི་དོན་རྒྱས་པ་དང་། ཚིག་རྣམ་པར་དབྱེ་བ་གང་ཡིན་པ་དེ་ནི་ཁྱོད་ཚེའི་ཚད་བསྐལ་པར་འདུག་ཀྱང་བདེ་བར་ཀུན་ཆུབ་པར་སླ་བ་མ་ཡིན་ནོ། །སྟོང་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་ཀུན་དགའ་བོ་ཁྱོད་འདྲ་བར་མང་དུ་ཐོས་པ་དང་། དྲན་པ་དང་། གཟུངས་ཐོབ་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ལ། ཀུན་དགའ་བོ་དང་འདྲ་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བའི་ཚིག་དེ་གསུམ་གྱི་དོན་གདོན་མི་ཟ་བར་བསྟན་པ་ནི་བསྐལ་པར་ཡང་ཀུན་ཆུབ་པར་མི་ནུས་སོ། །ཀུན་དགའ་བོ་དེ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ནི་ཚད་མེད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་དང་སྤོབས་པ་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་བདག་མང་དུ་ཐོས་པའི་མཆོག་གོ་ཞེས་དམ་མི་འཆའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཞུམ་པའི་སེམས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཁྱོད་ཉན་ཐོས་རྣམས་ལ་དགོངས་ཏེ་མང་དུ་ཐོས་པའི་མཆོག་གོ་ཞེས་ངས་བསྟན་གྱི་བྱང་ཆུབ་སེམས་དཔའི་ནང་ན་ནི་མ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ལྟ་ཞོག་གི །དེ་དག་ནི་མཁས་པ་དག་གིས་ཚོད་གཟུང་བར་བྱ་བ་མ་ཡིན་ཏེ། ཀུན་དགའ་བོ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་ཚད་གཟུང་བར་ནུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་དང་། སྤོབས་པའི་གཏིང་ནི་ཚོད་གཟུང་མི་ནུས་སོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་ཁྱོད་བཏང་སྙོམས་སུ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་སྔ་དྲོ་
གཅིག་ལ་བཀོད་པ་བསྟན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྫུ་འཕྲུལ་ཐོབ་པ་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་བརྒྱ་སྟོང་དུའང་རྫུ་འཕྲུལ་དང་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་ཀྱིས་སྟོན་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལ་ངན་པར་འདུ་ཤེས་བསྐྱེད་པ་ཡིད་ལ་བགྱིས་པ་རྣམས་སྤང་བར་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་དང་། ཐབས་མཁས་པ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། ཇི་ལྟ་ཇི་ལྟ་བུར་བཞེད་པ་དེ་ལྟར་དེ་ལྟ་བུར་ཞིང་བཀོད་པ་སྟོན་ཏོ། །བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་མཆིས་ཀྱང་བཅོམ་ལྡན་འདས་རྗེས་སུ་དྲན་པར་འགྱུར་བའི་ཆོས་ཀྱི་རྫོངས་ཤིག་བདག་ཅག་ལ་སྩལ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཟད་པ་དང་། མི་ཟད་པ་ཞེས་བྱ་བ་ཡོད་དོ། །དེ་ལ་ཁྱེད་ཀྱིས་བསླབ་པར་བྱ་སྟེ། དེ་ཡང་གང་ཞེ་ན། ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ། །མི་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱ། འདུས་མ་བྱས་ལའང་གནས་པར་མི་བྱའོ། །དེ་ལ་འདུས་བྱས་མི་ཟད་པ་ནི་འདི་ལྟ་སྟེ། བྱམས་པ་ཆེན་པོ་ལས་མ་ཉམས་པའོ། །སྙིང་རྗེ་ཆེན་པོ་མ་བཏང་བའོ། །ལྷག་པའི་བསམ་པས་ཡང་དག་པར་བཙུད་པའི་ཐམས་ཅད་མཁྱེན་པའི་སེམས་མི་བརྗེད་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མི་སྐྱོ་བའོ། །བསྡུ་བའི་དངོས་པོ་མི་གཏོང་བའོ། །དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་འདོར་བའོ། །དགེ་བའི་རྩ་བ་དག་ལ་ཆོག་མི་ཤེས་པའོ། །ཡོངས་སུ་བསྔོ་བར་མཁས་པ་ལ་འགོད་པའོ། །ཆོས་ཚོལ་བ་ལ་ལེ་ལོ་མེད་
པའོ། །ཆོས་བསྟན་པ་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པའོ། །དེ་བཞིན་གཤེགས་པ་ལ་བལྟ་བ་དང་། མཆོད་པའི་དངོས་པོ་ལ་བརྩོན་པའོ། །བསམས་བཞིན་དུ་སྐྱེ་བས་མི་སྐྲག་པའོ། །ཕུན་སུམ་ཚོགས་པ་དང་རྒུད་པ་དག་ལ་མ་ཁེངས་མི་འདུད་པའོ། །མ་བསླབ་པ་རྣམས་ལ་མི་བརྙས་ཤིང་ལོབས་པ་རྣམས་ལ་སྟོན་པ་ལྟར་ཕངས་པར་སེམས་པའོ། །ཉོན་མོངས་པ་རྒྱས་པ་རྣམས་ལ་ཚུལ་བཞིན་ཉེ་བར་སྦྱོར་བའོ། །དབེན་པ་ལ་དགའ་ཞིང་དེ་ལ་མ་ཆགས་པའོ། །བདག་གི་བདེ་བ་ལ་མ་ཞེན་ཅིང་ཕ་རོལ་བདེ་བ་ལ་ཞེན་པའོ། །བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མནར་མེད་པ་ལྟར་འདུ་ཤེས་པའོ། །འཁོར་བ་ལ་སྐྱེད་མོས་ཚལ་དང་མྱ་ངན་ལས་འདས་པ་ལྟ་བུར་འདུ་ཤེས་པའོ། །སློང་བ་རྣམས་ལ་དག་པའི་བཤེས་གཉེན་དུ་འདུ་ཤེས་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱེད་པར་འདུ་ཤེས་པའོ། །ཚུལ་ཁྲིམས་འཆལ་པ་རྣམས་ལ་བསྐྱབ་པར་འདུ་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཕ་མར་འདུ་ཤེས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བདག་པོ་གཡོག་ཏུ་འདུ་ཤེས་པའོ། །དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱིས་ཆོག་མི་ཤེས་ཤིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བདག་གི་ཞིང་དུ་སྒྲུབ་པའོ། །མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྐང་བའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་ཡོངས་སུ་གཏོང་བའོ། །སྡིག་པ་ཐམས་ཅད་མི་བྱེད་པས་ལུས་དང་། ངག་དང་། སེམས་བརྒྱན་པའོ། །ལུས་དང་ངག་ཡོངས་སུ་དག་ཅིང་སེམས་ཡོངས་སུ་དག་པས་བསྐལ་པ་གྲངས་མེད་པར་འཁོར་བའོ། །སེམས་དཔའ་བས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ཐོས་ཀྱང་ཞུམ་པར་མི་འགྱུར་བའོ། །ཉོན་མོངས་པའི་དགྲ་ཚར་གཅད་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་མཚོན་རྣོན་པོ་ཐོགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀུན་ཤེས་པའོ། །བདུད་ཀྱི་སྡེ་གཞོམ་པའི་ཕྱིར་བརྩོན་འགྲུས་འབར་བའོ། །ང་རྒྱལ་མེད་པའི་ཕྱིར་ཡེ་ཤེས་ཚོལ་བའོ། །ཆོས་གཟུང་བའི་ཕྱིར་འདོད་པ་ཉུང་ཞིང་ཆོག་ཤེས་པའོ། །
འཇིག་རྟེན་ཐམས་ཅད་དགའ་བར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་པའོ། །འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་ལས་མ་ཉམས་པའོ། །བྱ་བ་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། མངོན་པར་ཤེས་པ་བསྐྱེད་པའོ། །ཐོས་པ་ཐམས་ཅད་གཟུང་བའི་ཕྱིར། གཟུངས་དང་། དྲན་པ་དང་། ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །ཆོས་བསྟན་པའི་ཕྱིར་བྱིན་གྱི་རླབས་ཐོགས་པ་མེད་པའོ། །སྤོབས་པ་འཐོབ་པ་རབ་ཏུ་རྙེད་པས་སྤོབས་པ་ཐོགས་པ་མེད་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བའོ། །ཚད་མེད་པ་བཞི་རབ་ཏུ་བསྐྱེད་པས་ཚངས་པའི་ལམ་དུ་འགོད་པའོ། །ཆོས་བསྟན་པར་གསོལ་བ་དང་རྗེས་སུ་ཡི་རང་ཞིང་ལེགས་སོ་ཞེས་བྱ་བ་བྱིན་པས་སངས་རྒྱས་ཀྱི་དབྱངས་རབ་ཏུ་ཐོབ་པའོ། །ལུས་དང་། ངག་དང་། ཡིད་སྡོམ་པས་ཁྱད་པར་དུ་འགྲོ་བ་དང་། ཆོས་ཐམས་ཅད་ལ་མ་ཆགས་པས་སངས་རྒྱས་ཀྱི་སྤྱོད་ལམ་རབ་ཏུ་ཐོབ་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་སྡུད་པས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛུད་པའོ། །ཡོན་ཏན་ཐམས་ཅད་ཆུད་མི་ཟ་བས་བག་ཡོད་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་བརྩོན་ཞིང་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱེད་དོ། །ཇི་ལྟར་ན་འདུས་མ་བྱས་ལ་མི་གནས་ཤེ་ན། གང་གི་ཚེ་སྟོང་པ་ཉིད་ལ་བྱང་བར་བྱེད་ཅིང་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བྱེད། མཚན་མ་མེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་མཚན་མ་མེད་པ་མངོན་སུམ་དུ་ཡང་མི་བྱེད། སྨོན་པ་མེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་སྨོན་པ་མེད་པ་མངོན་སུམ་དུ་ཡང་མི་བྱེད། མངོན་པར་འདུ་མི་བྱེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་མངོན་པར་འདུ་མི་བྱེད་པ་མངོན་སུམ་དུ་ཡང་མི་བྱེད། མི་རྟག་པར་སོ་སོར་རྟོག་ཀྱང་དགེ་བའི་རྩ་བས་ཆོག་མི་ཤེས། སྡུག་བསྔལ་བར་སོ་སོར་རྟོག་ཀྱང་བསམས་བཞིན་དུ་སྐྱེ། བདག་མེད་པར་སོ་སོར་རྟོག་ཀྱང་བདག་ཡོངས་སུ་འདོར་
བའང་མ་ཡིན། ཞི་བར་སོ་སོར་རྟོག་ཀྱང་ཤིན་ཏུ་ཞི་བའང་མི་སྐྱེད། དབེན་པར་སོ་སོར་རྟོག་ཀྱང་ལུས་དང་སེམས་ཀྱིས་ཀྱང་འབད། གནས་མེད་པར་སོ་སོར་རྟོག་ཀྱང་དཀར་པོའི་ཆོས་ཀྱི་གནས་སྤོང་བའང་མ་ཡིན། འབྱུང་བ་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་རྣམས་ཀྱི་ཁུར་བླངས་པ་ཡང་ཐོགས། ཟག་པ་མེད་པར་སོ་སོར་རྟོག་ཀྱང་འཁོར་བའི་རྒྱུན་ལ་སློང་བར་ཡང་བྱེད། རྒྱུ་བ་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱུ་བར་ཡང་འགྱུར་བདག་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེན་པོ་མི་འདོར། མི་སྐྱེ་བར་སོ་སོར་རྟོག་ཀྱང་ཉན་ཐོས་ཀྱི་ངེས་པར་ཡང་མི་ལྟུང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། བདག་པོ་མེད་པ་དང་། གནས་མེད་པར་སོ་སོར་རྟོག་ཀྱང་བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། བརྣགས་པ་ཡོངས་སུ་རྫོགས་ཤིང་རང་བྱུང་བའི་ཡེ་ཤེས་སུ་དབང་བསྐུར་བ་དང་། རང་བྱུང་གི་ཡེ་ཤེས་ལ་བརྩོན་པ་དང་། ངེས་པའི་དོན་སངས་རྒྱས་ཀྱི་རིགས་ལ་རབ་ཏུ་གནས་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་དེ་ལྟ་བུའི་ཆོས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་འདུས་མ་བྱས་ལ་མི་གནས་ཤིང་འདུས་བྱས་ཀྱང་ཟད་པར་མི་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བསོད་ནམས་ཀྱི་ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སངས་རྒྱས་ཀྱི་མཚན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཐབས་ལ་མཁས་པའི་ཕྱིར་འདུས་མ་བྱས་ལ་མི་གནས་
སོ། །ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སེམས་ཅན་གྱི་དོན་མྱོང་བའི་ཕྱིར་འདུས་བྱས་ལ་མི་གནས་སོ། །ཆོས་ཀྱི་དོན་ཡང་དག་པར་བསྟན་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །དགེ་བའི་རྩ་བའི་ཚོགས་ཀྱི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །དགེ་བའི་རྩ་བའི་བག་ཆགས་ཀྱི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སྨོན་པ་མེད་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དྲུག་གི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་བསྐང་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །དུས་ཡོངས་སུ་རྫོགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་ནོར་ཀུན་བསྡུ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཉི་ཚེ་བའི་ཆོས་མི་འདོད་པས་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་སྨན་ཀུན་སྡུད་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཅི་རིགས་པར་ཆོས་ཀྱི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །དམ་བཅས་པ་ལ་བརྟན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་རྩི་ཐམས་ཅད་སྒྲུབ་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །འདི་ལྟར་ཆོས་ཆུང་ངུའི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །དེ་ཉོན་མོངས་པའི་ནད་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ནད་ཐམས་ཅད་ཞི་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱེད་ཅིང་འདུས་མ་བྱས་ལ་མི་གནས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པའི་ཟད་པ་དང་མི་ཟད་པ་ཞེས་བྱ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་ཀྱང་དེ་ལ་བརྩོན་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ།
བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཕྱེ་མ་དང་། སྤོས་དང་། བདུག་པ་མང་པོ་ཐམས་ཅད་དང་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུའང་མངོན་པར་བཀྲམ་པ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་ཆེད་དུ་རྗོད་པ་བརྗོད་ཅིང་། དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་མཆོག་དེར་འཁོད་དོ། །ཟད་པ་དང་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་རྫོངས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་དེ་བཞིན་གཤེགས་པ་ལ་ལྟ་འདོད་པར་གྱུར་པ་དེའི་ཚེ་ཁྱོད་དེ་བཞིན་གཤེགས་པ་ལ་ཇི་ལྟར་ལྟ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བདག་དེ་བཞིན་གཤེགས་པ་ལ་ལྟ་འཚལ་བ་དེའི་ཚེ་དེ་བཞིན་གཤེགས་པ་མི་མཐོང་བས་ལྟ་བ་ལགས་སོ། །སྔོན་གྱི་མཐའ་ནས་མ་སྐྱེས་པ་དང་། ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་གྱི་དུས་ལའང་མི་གནས་པར་བལྟ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། གཟུགས་མ་མཆིས་པའོ། །ཚོར་བའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། ཚོར་བ་མ་མཆིས་པའོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་ཤེས་མ་མཆིས་པའོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་བྱེད་མ་མཆིས་པའོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། རྣམ་པར་ཤེས་པ་མ་མཆིས་པའོ། །ཁམས་བཞི་ནི་མི་གནས་པ་སྟེ། ནམ་མཁའི་ཁམས་དང་མཚུངས་པའོ། །སྐྱེ་མཆེད་དྲུག་ནི་མ་སྐྱེས་པ་སྟེ། མིག་གི་ལམ་ལས་ཤིན་ཏུ་འདས་པ། རྣ་བའི་ལམ་ལས་ཤིན་ཏུ་འདས་པ། སྣའི་ལམ་ལས་ཤིན་ཏུ་འདས་པ། ལྕེའི་ལམ་ལས་ཤིན་ཏུ་འདས་པ། ལུས་ཀྱི་ལམ་ལས་ཤིན་ཏུ་འདས་པ། ཡིད་ཀྱི་ལམ་
ལས་ཤིན་ཏུ་འདས་པ། ཁམས་གསུམ་པ་དང་མ་འདྲེས་པ། དྲི་མ་གསུམ་དང་བྲལ་བ། རྣམ་པར་ཐར་པ་གསུམ་གྱི་རྗེས་སུ་མཆིས་པ། རིག་པ་གསུམ་ཐོབ་པ། མ་ཐོབ་པ་ཡང་དག་པར་ཐོབ་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ། ཡང་དག་པ་ཉིད་ཀྱི་མཐའ་མ་མཆིས་པ། དེ་བཞིན་ཉིད་ལ་རབ་ཏུ་གནས་པ་དེ་ཕན་ཚུན་དུ་བྲལ་བ། རྒྱུས་མ་བསྐྱེད་པ། རྐྱེན་ལ་རག་མ་ལས་པ། མཚན་ཉིད་མ་མཆིས་པ། མཚན་ཉིད་དང་བཅས་པ་མ་ལགས་པ། མཚན་ཉིད་གཅིག་པའང་མ་ལགས་པ། མཚན་ཉིད་ཐ་དད་པའང་མ་ལགས་པ། རྟོགས་པར་འགྱུར་བའང་མ་ལགས་པ། ཀུན་ཏུ་རྟོགས་པར་འགྱུར་བའང་མ་ལགས་པ། རྣམ་པར་རྟོགས་པར་གྱུར་པའང་མ་ལགས་པ། ཕ་རོལ་ནའང་མ་ལགས་པ། ཚུ་རོལ་ནའང་མ་ལགས་པ། དབུས་ན་ཡང་མ་ལགས་པ། འདི་ན་ཡང་མ་ལགས་པ། ཕ་བི་ན་ཡང་མ་ལགས་པ། དེ་ན་ཡང་མ་ལགས་པ། གཞན་ན་ཡང་མ་ལགས་པ། རྣམ་པར་ཤེས་པས་འཚལ་བར་བགྱི་བའང་མ་ལགས་པ། རྣམ་པར་ཤེས་པ་ལ་གནས་པའང་མ་ལགས་པ། མུན་པ་ཡང་མ་ལགས་པ། སྣང་བ་ཡང་མ་ལགས་པ། མིང་མ་མཆིས་པ། མཚན་མ་མ་མཆིས་པ། ཉམ་ཆུང་བ་ཡང་མ་ལགས་པ། སྟོབས་དང་ལྡན་པ་ཡང་མ་ལགས་པ། ཡུལ་ལ་མི་གནས་ཤིང་ཕྱོགས་ལ་མི་གནས་པ་དགེ་བའང་མ་ལགས་པ། མི་དགེ་བའང་མ་ལགས་པ། འདུས་བྱས་ཀྱང་མ་ལགས་པ། འདུས་མ་བྱས་ཀྱང་མ་ལགས་པ། གང་གི་དོན་དུའང་བརྗོད་པ་མ་ལགས་པ། སྦྱིན་པར་ཡང་མ་ལགས་པ། སེར་སྣར་ཡང་མ་ལགས་པ། ཚུལ་ཁྲིམས་སུའང་མ་ལགས་པ། འཆལ་བའི་ཚུལ་ཁྲིམས་སུའང་མ་ལགས་པ། བཟོད་པར་ཡང་མ་ལགས་པ། གནོད་སེམས་སུ་ཡང་མ་ལགས་པ། བརྩོན་འགྲུས་སུའང་མ་ལགས་པ། ལེ་ལོར་ཡང་མ་ལགས་པ། བསམ་གཏན་དུའང་མ་ལགས་པ། གཡེང་བར་ཡང་མ་ལགས་པ། ཤེས་རབ་ཏུ་ཡང་མ་ལགས་པ། འཆལ་པའི་ཤེས་རབ་ཏུ་འང་བརྗོད་པའང་མ་ལགས་པ། བདེན་པར་ཡང་མ་ལགས་པ། བརྫུན་པར་ཡང་མ་ལགས་པ། ངེས་པར་འབྱིན་པ་ཡང་མ་ལགས་པ། ངེས་པར་མི་འབྱིན་པའང་མ་ལགས་པ། འགྲོ་བར་བགྱི་བ་ཡང་མ་ལགས་པ། འགྲོ་བར་མི་བགྱི་བ་ཡང་མ་ལགས་པ། སྨྲ་
བ་དང་སྤྱོད་པ་ཐམས་ཅད་ཤིན་ཏུ་ཆད་པ་སྟེ། ཞིང་དུ་གྱུར་པའང་མ་ལགས་པ། ཞིང་དུ་མ་གྱུར་པ་ཡང་མ་ལགས་པ། སྦྱིན་པར་འོས་པ་ཡང་མ་ལགས་པ། སྦྱིན་པ་མི་སྦྱོང་བའང་མ་ལགས་པ། གཟུང་བར་བགྱི་བའང་མ་ལགས་པ། རེག་པར་བགྱི་བའང་མ་ལགས་པ། མཚན་མ་མ་མཆིས་པ། འདུས་མ་བགྱིས་པ། གྲངས་དང་བྲལ་བ། མཉམ་པ་ཉིད་ཀྱིས་མཉམ་པ། ཆོས་ཉིད་ཀྱིས་མཚུངས་པ། མཚུངས་པ་མ་མཆིས་པ། བརྩོན་འགྲུས་མཚུངས་པ་མ་མཆིས་པ། གཞལ་བ་ལས་ཤིན་ཏུ་འདས་པ། སོང་བའང་མ་ལགས་པ། ཞུགས་པའང་མ་ལགས་པ། ཤིན་ཏུ་འདས་པའང་མ་ལགས་པ། མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པའང་མ་ལགས་པ། མདུད་པ་ཐམས་ཅད་མ་མཆིས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཚུངས་པ་ཐོབ་པ། ཆོས་ཐམས་ཅད་ལ་སྙོམས་ཤིང་ཆོས་ཐམས་ཅད་ལ་བྱེ་བྲག་མ་མཆིས་པ་ཐོབ་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མ་མཆིས་པ། ཅི་ཡང་མ་མཆིས་པ། སྙིགས་མ་མ་མཆིས་པ། མི་རྟོག་པ། རྣམ་པར་མི་རྟོག་པ། མ་བགྱིས་པ། མ་སྐྱེས་པ། མ་འཐོན་པ། མ་བྱུང་བ། ཀུན་ནས་མ་བྱུང་བ། འབྱུང་བར་འགྱུར་བ་ཡང་མ་ལགས་པ། འབྱུང་བར་མི་འགྱུར་བའང་མ་ལགས་པ། འཇིག་པ་མ་མཆིས་པ། ཀུན་གཞི་མ་མཆིས་པ། མྱ་ངན་མ་མཆིས་པ། དགའ་བ་མ་མཆིས་པ། རླབས་མ་མཆིས་པ། ཐ་སྙད་དུ་བསྟན་པ་ཐམས་ཅད་ཀྱིས་བརྗོད་པར་བགྱི་བ་མ་ལགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ནི་འདི་འདྲ་སྟེ། དེ་ལ་དེ་ལྟར་བལྟ་ལགས་སོ། །གང་གིས་དེ་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བ་ལགས་སོ། །གང་གིས་རྣམ་པ་གཞན་དུ་མཐོང་བ་དེ་ནི་ལོག་པར་མཐོང་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དྲི་མ་མེད་པར་གྲགས་པ་དེ་སངས་རྒྱས་ཀྱི་ཞིང་གང་ནས་ཤི་འཕོས་ཏེ་སངས་རྒྱས་ཀྱི་ཞིང་འདིར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་སྐྱེས་བུ་དམ་པ་འདི་ལ་ཁྱོད་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་ཞེས་དྲིས་ཤིག །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་གང་ནས་ཤི་འཕོས་ཏེ་
འདིར་སྐྱེས། དྲི་མ་མེད་པར་གྲགས་པས་སྨྲས་པ། གནས་བརྟན་གྱིས་ཆོས་གང་མངོན་དུ་བྱས་པའི་ཆོས་དེ་ལ་འཆི་འཕོ་དང་། སྐྱེ་བ་གང་ཡང་ཡོད་དམ། སྨྲས་པ། ཆོས་དེ་ལ་འཆི་འཕོ་འམ་སྐྱེ་བ་གང་ཡང་མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་འཆི་འཕོ་མེད་ཅིང་སྐྱེ་བ་མེད་ན་ཅིའི་ཕྱིར་ན་དེ་ལྟ་བུར་ཁྱོད་གང་ནས་ཤི་འཕོས་ཤིང་འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་གང་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་དམ་སྐྱེས་པ་ལ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་ཞེས་དྲིས་ན་དེའི་ལན་ཅི་སྐད་ཅེས་འདེབས། སྨྲས་པ། རིགས་ཀྱི་བུ་སྤྲུལ་པ་ལ་འཆི་འཕོ་ཡང་མེད། སྐྱེ་བའང་མེད་ན་དེ་ཅི་ཞིག་ལན་ལྡོན། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྤྲུལ་པའི་རང་བཞིན་ནོ་ཞེས་དེ་བཞིན་གཤེགས་པས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་སྤྲུལ་པའི་རང་བཞིན་ལྟ་བུ་ལ་ཅིའི་ཕྱིར་ཁྱོད་འདི་སྙམ་དུ་ཁྱོད་ག་ལས་ཤི་འཕོས་ཏེ་འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་འཆི་འཕོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ། །སྐྱེ་བ་ཞེས་བྱ་བ་དེ་ནི་ང་མངོན་པར་འདུ་བྱེད་པའི་རྒྱུན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་འཆི་འཕོ་ཡང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཟད་པར་མི་བྱེད་དོ། །དེ་སྐྱེ་ཡང་མི་དགེ་བའི་རྒྱུན་འབྲེལ་བར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་རིགས་ཀྱི་བུ་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་དྲུང་ནས་འདིར་འོངས་སོ། །གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་སངས་རྒྱས་ཀྱི་ཞིང་དེ་ཙམ་དུ་རྣམ་པར་དག་པ་ནས་མཆིས་ཏེ། སངས་རྒྱས་ཀྱི་ཞིང་ནོངས་པ་མང་པོའི་སྐྱོན་ཆགས་པ་ལ་མངོན་པར་དགའ་བ་ནི་ངོ་མཚར་ཏོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སྨྲས་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མའི་འོད་རྣམས་མུན་པ་དང་ལྷན་ཅིག་འགྲོགས་སམ། སྨྲས་པ། དེ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དེ་གཉིས་མི་འགྲོགས་སམ། སྨྲས་པ། རིགས་ཀྱི་བུ་དེ་གཉིས་མི་འགྲོགས་ཏེ། ཉི་མའི་དཀྱིལ་འཁོར་ཤར་མ་ཐག་ཏུ་མུན་པ་ཐམས་ཅད་མེད་པར་འགྱུར་རོ། །སྨྲས་པ། ཅིའི་ཕྱིར་ན་འཛམ་བུའི་གླིང་དུ་
ཉི་མ་འཆར། སྨྲས་པ། དེ་ནི་སྣང་བར་བྱ་བ་དང་མུན་པ་བསལ་བའི་ཕྱིར་རོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཡོངས་སུ་སྦྱང་བ་དང་། ཡེ་ཤེས་ཀྱི་སྣང་བར་བྱ་བ་དང་། མུན་པ་ཆེན་པོ་བསལ་བའི་ཕྱིར་བསམས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་རྣམས་སུ་སྐྱེ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མུན་པ་ཡང་རྣམ་པར་སེལ་ཏོ། །དེ་ནས་འཁོར་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་བདག་ཅག་གིས་བལྟའོ་སྙམ་དུ་སྐོམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཁོར་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་མཐོང་བར་འདོད་ཀྱིས་འཁོར་འདི་ལ་ཁྱོད་ཀྱིས་སྟོན་ཅིག །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འདི་སྙམ་དུ་བསམས་ཏེ། བདག་སེང་གེའི་ཁྲི་འདི་ལས་མ་ལངས་པར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་གནས་པ་ཁོ་ར་ཁོར་ཡུག་གི་རིས་བསྐོར་བ་དང་བཅས་པ་དང་། འབབ་ཆུ་དང་། མཚེའུ་དང་། ཆུ་མིག་དང་། མཚོ་དང་། རྒྱ་མཚོའི་འོབས་དང་བཅས་པ་དང་། རི་རབ་དང་། རི་བོ་དང་། དེའུ་དང་། བོག་རིར་བཅས་པ་དང་། ཟླ་བ་དང་། ཉི་མ་དང་། སྐར་མར་བཅས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་སུ་བཅས་པ་དང་། ཚངས་པའི་གནས་དང་འཁོར་དུ་བཅས་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། མིར་བཅས་པ། བུད་མེད་དང་། ཁྱིམ་དུ་བཅས་པ་དང་། བྱང་ཆུབ་སེམས་དཔར་བཅས་པ་དང་། ཉན་ཐོས་ཀྱི་འཁོར་དང་བཅས་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་ཀྱི་ཤིང་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་ཡང་འཁོར་རྒྱ་མཚོ་སྙེད་ཀྱི་ནང་ན་
བཞུགས་ཤིང་ཆོས་འཆད་པ་དང་། གང་པད་མ་གང་དག་ཕྱོགས་བཅུ་ན་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དེ་དག་དང་། རིན་པོ་ཆེའི་སྐས་གསུམ་འཛམ་བུའི་གླིང་ནས་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་བར་དུ་མངོན་པར་འཕགས་པའི་སྐས་དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཛམ་བུའི་གླིང་དུ་འབབ། འཛམ་བུའི་གླིང་གི་མི་རྣམས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བལྟ་བའི་ཕྱིར་སུམ་ཅུ་རྩ་གསུམ་པའི་གནས་སུ་འཛེག་པ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་ཚོགས་པ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཆུའི་ཕུང་པོ་ནས་བཟུང་སྟེ། འོག་མིན་གྱི་གནས་ཀྱི་བར་དུ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཉི་ཙེ་བར་བཅད་དེ། ལག་པ་གཡས་པས་བླངས་ནས་མེ་ཏོག་གི་ཕྲེང་བ་བཞིན་དུ་ཐོགས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་གོ །བཅུག་ནས་ཀྱང་འཁོར་འདི་ཐམས་ཅད་ལ་བསྟན་པར་བྱའོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེ་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉི་ཚེ་བར་བཅད་ནས་ལག་པ་གཡས་པས་བླངས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་གོ །དེར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་གང་དག་ལྷའི་མིག་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་གིས་སྐད་ཆེར་བོས་པ། བཅོམ་ལྡན་འདས་བདག་ཅག་འཚལ་ཏོ། །བདེ་བར་གཤེགས་པ་བདག་ཅག་འཚལ་ཏོ། །དེ་བཞིན་གཤེགས་པ་བདག་ཅག་གི་སྐྱབས་མཛོད་ཅིག་ཅེས་གསོལ་པ་དང་། འདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པས་ཁྱེར་བ་དེ་ནི་ངའི་ཡུལ་མ་ཡིན་ནོ། །དེ་ན་ལྷ་དང་མི་ལ་སོགས་པ་གཞན་དག་གིས་ནི་བདག་ཅག་གར་ཁྱེར་མི་ཤེས་མི་མཐོང་ངོ་། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་ཀྱང་འཇིག་རྟེན་གྱི་ཁམས་འདི་གང་བའམ། བྲི་བར་ཡང་མི་མངོན་ཏེ། དོག་ཅིང་གཅེར་བའང་མེད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཡང་བྲི་བ་མེད་དེ་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་
དེ་བཞིན་དུ་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། སངས་རྒྱས་ཀྱི་ཞིང་བཀོད་པ་དང་། ཉན་ཐོས་བཀོད་པ་དང་། བྱང་ཆུབ་སེམས་དཔའ་བཀོད་པ་འདི་དག་ལ་ལྟོས་ཤིག །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་འདྲ་བ་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་ཀྱི་རྗེས་སུ་བསླབ་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བསྟན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ལྷ་དང་མིའི་སྐྱེ་དགུ་ལས་ཁྲི་ཕྲག་བཅུ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཀུན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་སྐྱེ་བར་ལུང་བསྟན་ཏོ། །དེ་ལྟར་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྨིན་པར་བྱས་ནས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་སླར་གནས་ཇི་ལྟ་བ་བཞིན་དུ་བཞག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ལགས་སོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་འདྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་རིགས་ཀྱི་བུ་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཇི་ལྟ་བུ་དེ་འདྲ་བའི་རྫུ་འཕྲུལ་དང་ལྡན་པར་གྱུར་ཅིག །བདག་ཅག་ཀྱང་སྐྱེས་བུ་དམ་པ་འདི་ལྟ་བུ་མཐོང་བ་ཐོབ་པ་ནི་རྙེད་པ་ལེགས་པར་ལགས་ཏེ། གང་དག་ཐ་ན་ད་ལྟར་གྱི་དེ་བཞིན་གཤེགས་པའམ། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཀྱི་
རྣམ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་རབ་ཏུ་རྙེད་པར་འགྱུར་ན། གང་དག་ཐོས་ནས་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། མོས་ནས་སྟོན་པ་དང་། རབ་ཏུ་འདོན་པ་དང་། གཞན་དག་ལའང་འཆད་པ་དང་། སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་སུག་པར་ཐོབ་པར་གྱུར་པ་དེ་དག་ཀྱང་ཆོས་རིན་པོ་ཆེའི་གཏེར་རྙེད་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཁ་ཏོན་དུ་བགྱིད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་གྲོགས་སུ་གྱུར་པ་ལགས་སོ། །གང་དག་ཆོས་འདི་ལ་མོས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་བགྱིད་པ་དེ་དག་ནི་ཆོས་ཡང་དག་པར་སྲུང་བ་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྲིས་ཏེ་འཆང་བ་དང་རི་མོར་བགྱིད་པ་དེ་དག་གི་ཁྱིམ་ན་དེ་བཞིན་གཤེགས་པ་བཞུགས་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་རྗེས་སུ་ཡི་རང་བ་དེ་དག་ནི་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བ་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་དང་། སྡོམ་པའི་ཚིག་ཙམ་ཡང་གཞན་དག་ལ་སྟོན་པ་དེ་དག་ནི་ཆོས་ཀྱི་མཆོད་སྦྱིན་ཆེན་པོ་བགྱིད་པ་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་དང་། འདུན་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་དང་། མོས་པ་དག་ནི་དེ་ཉིད་དེ་དག་ལ་ལུང་བསྟན་པ་ལགས་སོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བླངས་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྔོན་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་མང་པོ་ཐོས་ཀྱང་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་འཇུག་པ་རབ་ཏུ་བསྟན་པ་འདི་ལྟ་བུ་ནི་སྔོན་ནམ་ཡང་མ་ཐོས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ཀྱང་ཐེ་ཙོམ་མ་མཆིས་པར་འདི་ལྟ་བུའི་ཆོས་ཀྱི་སྣོད་
དུ་འགྱུར་ན། གང་དག་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་རྣམས་ལ་སྨོས་ཀྱང་ཅི་འཚལ་ཏེ། དེ་དག་གིས་ངན་སོང་ཐམས་ཅད་ནི་བཅད། དེ་དག་གིས་བདེ་འགྲོའི་ལམ་ཐམས་ཅད་ནི་ཕྱེ། དེ་དག་སངས་རྒྱས་ཐམས་ཅད་ཀྱིས་ནི་གཟིགས། དེ་དག་གིས་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་བཅོམ། དེ་དག་གིས་བདུད་ཐམས་ཅད་ནི་ཤིན་ཏུ་ཕམ་པར་བགྱིས། དེ་དག་གིས་བྱང་ཆུབ་སེམས་དཔའི་ལམ་ནི་རྣམ་པར་སྦྱངས། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ནི་གནས། དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ནི་ཡང་དག་པར་འཇུག་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དེ་དག་ལ་བདག་འཁོར་ཐམས་ཅད་དང་བཅས་པས་རིམ་གྲོ་དང་གཡོག་བགྱིའོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དང་། འཆང་བ་དང་། རབ་ཏུ་སྟོན་པ་དེར་ཆོས་ཉན་པའི་སླད་དུ་བདག་གཡོག་དང་བཅས་ཏེ་མཆིའོ། །རིགས་ཀྱི་བུ་མ་དད་པ་རྣམས་ནི་དད་པ་བསྐྱེད་པར་བགྱི། དད་པ་རྣམས་ནི་ཆོས་དང་ལྡན་པས་བསྲུང་ཞིང་བསྐྱབ་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ལྷའི་དབང་པོ་ཁྱོད་ཀྱིས་ལེགས་པར་སྨྲས་པ་དེ་ལ་དེ་བཞིན་གཤེགས་པ་ཡང་རྗེས་སུ་ཡི་རང་ངོ་། །ལྷའི་དབང་པོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དེ་ནི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྟན་ཏོ། །ལྷའི་དབང་པོ་དེ་བས་ན་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཐ་ན་གླེགས་བམ་ལ་འདྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་འགྱུར་རོ། །ལྷའི་དབང་པོ་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ། ཏིལ་གྱི་ཞིང་ངམ།
སེང་ལྡེང་གི་ཚལ་བཞིན་དུ་རབ་ཏུ་གང་བ་རྣམས་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པ་ཐམས་ཅད་དང་བདེ་བའི་ཡོ་བྱད་ཀྱིས་མཆོད་པ་དང་། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མཆོད་པའི་ཕྱིར་གཅིག་ཏུ་མཁྲེགས་པ་མ་ཞིག་པའི་སྐུ་གདུང་གི་མཆོད་རྟེན་རིན་པོ་ཆེ་ཐམས་ཅད་ལས་བྱས་པ་རྒྱར་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཚད་ཙམ། འཕང་དུ་ནི་ཚངས་པའི་འཇིག་རྟེན་དུ་ཕྱིན་པ། གདུགས་དང་། བ་དན་དང་། སྲོག་ཤིང་བསྒྲེངས་པས་མཛེས་པར་རབ་ཏུ་བྱས་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་རྟེན་སོ་སོར་བྱས་ནས་དེས་དེ་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་། བ་དན་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་རྔ་དང་སིལ་སྙན་རྣམས་བརྡུངས་ཏེ་མཆོད་ན་ལྷའི་དབང་པོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། བསྐལ་པ་བྱེ་བ་བརྒྱ་སྟོང་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་དེའི་མཐར་ཕྱིན་པར་མི་ནུས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་བྱུང་སྟེ། དེ་ཆོས་ཀྱིས་མཆོད་པར་ནུས་ཀྱི་ཟང་ཟིང་གིས་ནི་མ་ཡིན་པའི་ཕྱིར་རོ། །ལྷའི་དབང་པོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེ་བ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་དུས་དེའི་ཚེ་ན་བསྐལ་པ་རྣམ་པར་སྦྱོང་བ་ལ་འཇིག་རྟེན་གྱི་ཁམས་ཆེར་བཀོད་པར་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དོ། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་གདུགས་ཞེས་བྱ་བ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་དུ་ཚང་བ་ཡོད་དོ། །རྒྱལ་པོ་རིན་ཆེན་གདུགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རི་མོར་བྱས་སོ། །ལྷའི་དབང་པོ་བར་གྱི་བསྐལ་པ་ལྔ་པོ་དེ་དག་འདས་ནས་རྒྱལ་པོ་རིན་ཆེན་གདུགས་ཀྱིས་བུ་སྟོང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱེད་ཤེས་པར་གྱིས་ཤིག །ངས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱིས་ད་ཁྱེད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པར་གྱིས་ཤིག །དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་ཕ་རྒྱལ་པོ་རིན་ཆེན་གདུགས་ལ་ལེགས་སོ་ཞེས་སྨྲས་ནས་དེ་མཉན་ཏེ། དེ་དང་ལྷན་ཅིག་ཚོགས་ནས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་བསྐལ་པ་བར་མ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སོ། །དེའི་ནང་ནས་རྒྱལ་བུ་ཟླ་གདུགས་ཞེས་བྱ་བ་དེ་གཅིག་པུ་དབེན་པར་སོང་ནས་འདི་སྙམ་དུ་སེམས་ཏེ། མཆོད་པ་དེ་བས་མཆོད་པ་གཞན་ཆེས་ཁྱད་པར་དུ་འཕགས་ཤིང་རྒྱ་ཆེ་བ་ཡོད་དམ་སྙམ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བར་སྣང་དེ་ལས་ལྷ་དག་འདི་སྐད་ཅེས་ཟེར་རོ། །སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ །དེས་སྨྲས་པ། ཆོས་ཀྱི་མཆོད་པ་དེ་གང་ཡིན། ལྷས་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དྲུང་དུ་སོང་ལ་
ཆོས་ཀྱི་མཆོད་པ་དེ་གང་ལགས་ཞེས་ཞུས་ཤིག་དང་། བཅོམ་ལྡན་འདས་དེ་ཁྱོད་ལ་ལུང་སྟོན་ཏོ། །དེ་ནས་ལྷའི་དབང་པོ་རྒྱལ་བུ་ཟླ་གདུགས་གཞོན་ནུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་བུ་ཟླ་གདུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་མཆོད་པ་ཆོས་ཀྱི་མཆོད་པ་ཞེས་བགྱི་བའི་ཆོས་ཀྱི་མཆོད་པ་དེ་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་མཆོད་པ་ནི་གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་ཟབ་མོར་སྣང་བ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། རྟོགས་པར་དཀའ་བ། མངོན་པར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། ཕྲ་བ་ཞིབ་པ། མི་དམིགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་དུ་གཏོགས་པ། གཟུངས་དང་མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ། ཕྱིར་མི་ལྡོག་པའི་འཁོར་ལོ་སྟོན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བྱུང་བ། འཛིན་པ་རྣམས་ཡོངས་སུ་བཟུང་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་བསྒྲུབ་པར་གཏོགས་པ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཇུག་པ། བྱམས་པ་ཆེན་པོ་སྟོན་པ། བདུད་ཀྱི་ལྟ་བར་གྱུར་པ་ཐམས་ཅད་མེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་ལྡན་པ། བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱིས་རབ་ཏུ་བསྟོད་ཅིང་བསྔགས་པ། དམ་པའི་ཆོས་ཀྱི་རིགས་རྒྱུན་མི་གཅོད་པ། ཆོས་ཀྱི་མཛོད་འཛིན་པ། ཆོས་ཀྱི་མཆོད་པའི་མཆོག་ལ་ཞུགས་པ། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པ། ཡང་དག་པའི་དོན་གྱི་ཆོས་སོ་སོར་
ཡང་དག་པར་རིག་པ་ལ་འཇུག་པ། ཆོས་ཀྱི་མདོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་ལས་ངེས་པར་བྱུང་བ། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཅན་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་སྤ་འགོང་བ། ཕས་ཀྱི་རྒོལ་བ་དང་། ལྟ་བ་ངན་པ་དང་། དམིགས་པ་ལ་མངོན་པར་ཞེན་པ་ཐམས་ཅད་སྡངས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། འཁོར་བའི་ཕྱོགས་ཀྱི་གཉེན་པོ། མྱ་ངན་ལས་འདས་པའི་བདེ་བ་ཡང་དག་པར་སྟོན་པ་དེ་ལྟ་བུའི་མདོ་སྡེ་རྣམས་གང་ཡང་དག་པར་སྟོན་པ་དང་། འཆང་བ་དང་། སོ་སོར་རྟོག་པ་དང་། དམ་པའི་ཆོས་ཀུན་སྡུད་པ་དེ་ནི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་ཀྱི་མཆོད་པ་ནི་གང་ཆོས་ལ་ཆོས་སུ་ངེས་པར་སེམས་པ། ཆོས་ལ་ཆོས་བཞིན་ནན་ཏན་བྱེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་འཐུན་པ། མཐར་ལྟ་བ་ཐམས་ཅད་དང་བྲལ་བ། སྐྱེ་བ་མེད་པ། འབྱུང་བ་མེད་པ་ལ་བཟོད་པ། བདག་མེད་པ་སེམས་ཅན་མེད་པར་འཇུག་པ། རྒྱུ་དང་རྐྱེན་དང་མི་འགལ་བ་དང་། འཐབ་པ་མེད་པ། རྩོད་པ་མེད་པ། ང་ཡི་བ་མེད་པ། ངར་འཛིན་པ་དང་བྲལ་བ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་ཀུན་རྫོབ་ལ་མངོན་པར་མ་ཞེན་པ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ཏུ་ལྟ་བ་དམིགས་པར་འཛིན་པ་ལ་མངོན་པར་མ་ཞེན་པ། སངས་རྒྱས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། ཀུན་གཞི་མེད་པར་འཇུག་པ། ཀུན་གཞི་ཡང་དག་པར་འཇོམས་པ། མ་རིག་པ་རྣམ་པར་ཞི་བ་ནས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་བར་དུ་རྣམ་པར་ཞི་ཞིང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་འདི་ལྟ་སྟེ། སེམས་ཅན་ལ་ལྟ་བ་ཟད་མི་ཤེས་པར་མངོན་པར་བསྒྲུབས་པས་མངོན་པར་སྒྲུབ་ཅིང་ལྟ་བ་རྣམས་ལ་མི་ལྟ་བ་འདི་ནི་རིགས་ཀྱི་བུ་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །ལྷའི་དབང་པོ་དེ་ལྟར་རྒྱལ་བུ་ཟླ་གདུགས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལས་ཆོས་ཀྱི་མཆོད་པ་དེ་ལྟ་བུ་ཐོས་པ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ། །གོས་དང་རྒྱན་ཅི་ཐོགས་པ་རྣམས་བཅོམ་ལྡན་འདས་
དེ་ལ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ལ་མཆོད་པ་བགྱི་བའི་སླད་དུ་བདག་དམ་པའི་ཆོས་ཡོངས་སུ་བསྲུང་བར་སྤྲོའོ། །བཅོམ་ལྡན་འདས་ཇི་ལྟར་བདག་གིས་བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་ནས་བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟར་དེ་བཞིན་གཤེགས་པས་བྱིན་གྱི་བརླབ་པར་གསོལ། དེ་བཞིན་གཤེགས་པས་དེའི་བསམ་པ་མཁྱེན་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་ཞིང་སྲུང་བ་དང་། ཡོངས་སུ་འཛིན་པར་འགྱུར་བར་ལུང་བསྟན་ཏོ། །ལྷའི་དབང་པོ་དེ་ནས་རྒྱལ་བུ་ཟླ་གདུགས་དེ་དེ་བཞིན་གཤེགས་པ་དེ་བཞུགས་བཞིན་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགེ་བའི་ཆོས་ལ་བརྩོན་འགྲུས་བརྩམས་ནས་གནས་སོ། །དེ་བརྩོན་འགྲུས་བརྩམས་ཤིང་དགེ་བའི་ཆོས་ལ་རབ་ཏུ་གནས་ནས་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་དེ། གཟུངས་རྣམས་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏོ། །དེ་སྤོབས་པ་རྒྱུན་མི་ཆད་པ་ཐོབ་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མངོན་པར་ཤེས་པ་དང་། གཟུངས་ཀྱི་སྟོབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བཞིན་དུ་བར་གྱི་བསྐལ་པ་བཅུའི་བར་དུ་རྗེས་སུ་བསྐོར་ཏོ། །ལྷའི་དབང་པོ་དེ་ལྟར་དགེ་སློང་ཟླ་གདུགས་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་མངོན་པར་བརྩོན་པས་སེམས་ཅན་བྱེ་བ་བརྒྱ་ཕྲག་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་པར་གྱུར་ཏོ། །སྲོག་ཆགས་ཁྲག་ཁྲིག་ཕྲག་བཅུ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་བཏུལ་ལོ། །སེམས་ཅན་ཚད་མེད་པ་རྣམས་ནི་མཐོ་རིས་སུ་སྐྱེ་བར་བྱས་སོ། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན་ལྷའི་དབང་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིན་ཆེན་འོད་འཕྲོ་དེ་བཞིན་གཤེགས་པ་དེ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །རྒྱལ་པོ་རིན་ཆེན་གདུགས་དེའི་བུ་སྟོང་ཡོད་པ་དེ་དག་ནི་ད་ལྟར་གྱི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་དག་ཡིན་
ཏེ། གང་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ཚང་བར་འབྱུང་བའོ། །དེ་ལས་བཞི་ནི་སངས་རྒྱས་ལོག་པར་དད་སེལ་ལ་སོགས་པ་སྔོན་དུ་བྱུང་སྟེ། ལྷག་མ་རྣམས་ཀྱང་འབྱུང་བར་འགྱུར་རོ། །འཁོར་བ་འཇིག་ལ་སོགས་པ་སྣང་མཛད་ལ་ཐུག་པའི་བར་དུ་སྟེ། ཐ་མར་ནི་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བ་འབྱུང་ངོ་། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དམ་པའི་ཆོས་ཡོངས་སུ་བཟུང་བ། རྒྱལ་བུ་ཟླ་གདུགས་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ང་དེའི་ཚེ་དེའི་དུས་ན་རྒྱལ་བུ་ཟླ་གདུགས་ཞེས་བྱ་བར་གྱུར་ཏོ། །ལྷའི་དབང་པོ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ལྷའི་དབང་པོ་ཇི་ཙམ་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ནང་ན་ཆོས་ཀྱི་མཆོད་པ་ནི་མཆོག་ཅེས་བྱའོ། །མཆོག་དང་། དམ་པ་དང་། མཆོག་རབ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་ཞེས་བྱའོ། །ལྷའི་དབང་པོ་དེ་ལྟ་བས་ན་ང་ལ་ཟང་ཟིང་གིས་མ་མཆོད་པར་ཆོས་ཀྱི་མཆོད་པས་མཆོད་ཅིག །ང་ལ་ཟང་ཟིང་གིས་བསྟི་སྟང་མ་བྱེད་ཆོས་ཀྱི་བསྟི་སྟང་གིས་རི་མོར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་གྲངས་མེད་པར་ཡང་དག་པར་བསྒྲུབས་པ་འདི་ཁྱོད་ལ་གཏད་དོ། །ཅི་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཁྱོད་ཀྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་བཟུང་བས་འཛམ་བུའི་གླིང་དུ་རྒྱས་པར་འགྱུར་ཞིང་མ་ནུབ་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་མ་འོངས་པའི་དུས་ན་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དགེ་བའི་རྩ་བ་བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པས་ཉམས་པར་གྱུར་ཏ་རེ། འདི་ལྟ་བུའི་མདོ་སྡེ་ཐོས་ནས་ཤིན་ཏུ་དགའ་ཞིང་དད་པ་རྙེད་པར་འགྱུར་བ་དང་། སྤྱི་བོས་ལེན་པར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བསྲུང་བའི་ཕྱིར། བྱམས་པ་ཁྱོད་ཀྱིས་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་རྒྱས་པར་གྱིས་ཤིག །བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། ཚིག་
དང་ཚིག་འབྲུ་སྣ་ཚོགས་ལ་དད་པའི་ཕྱག་རྒྱ་དང་། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་། ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱག་རྒྱ་དང་། བྱམས་པ་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ། །བྱམས་པ་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་ཚིག་དང་ཚིག་འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་ལེན་པ་དེ་དག་ནི་ལས་དང་པོ་པ་ཡིན་ཏེ། ཚངས་པར་སྤྱད་ནས་རིང་པོ་མ་ལོན་པར་རིག་པར་བྱའོ། །བྱམས་པ་གང་དག་མདོ་སྡེ་ཟབ་མོ་མ་གོས་པ་ཕྲུགས་པ་དང་། སྣྲེལ་ཞིའི་རྒྱུད་ཀྱི་ཚིག་དང་། རིམ་པ་རབ་ཏུ་དབྱེ་བ་འདི་འདོན་པ་དང་། ཉན་པ་དང་། མོས་པ་དང་། སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དག་ནི་རིང་དུ་ཚངས་པར་སྤྱོད་པར་རིག་པར་བྱའོ། །བྱམས་པ་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱིས་བདག་ལ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉིས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཙོམ་དུ་གྱུར་ནས་རྗེས་སུ་ཡི་རང་བར་མི་བྱེད་ཅིང་། འདི་ལྟ་བུར་བདག་ཅག་གིས་སྔོན་མ་ཐོས་ན་དེ་གང་ནས་འོངས་ཞེས་སྤོང་བར་བྱེད་དོ། །རིགས་ཀྱི་བུ་གང་དག་མདོ་སྡེ་ཟབ་མོ་འཛིན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་སྟེན། མི་འགྲོགས། བསྙེན་བཀུར་མི་བྱེད་ཅིང་། དེ་དག་ལ་བསྟི་སྟང་མི་བྱེད་པར་གྱུར་ཏེ་བར་བར་དུ་དེ་དག་ལ་མི་སྙན་པར་ཡང་བརྗོད་དོ། །རྒྱུ་དེ་གཉིས་ཀྱིས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ་ཆོས་ཟབ་མོ་ལ་ངེས་པར་མི་རྟོག་པའོ། །རྒྱུ་གཉིས་ཀྱིས་ཟབ་མོ་ལ་མི་མོས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། མ་སྐྱེས་པའི་ཆོས་ལ་ཡང་བཟོད་པ་ཐོབ་པར་མི་འགྱུར་རོ། །གཉིས་གང་ཞེ་ན། ལས་དང་པོ་པ་སྤྱད་ནས་རིང་པོ་མ་ལོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་པ་དེ་འཛིན་དུ་མི་འཇུག །མི་འབྱེད། མི་སྟོན་པ་དང་། གང་ཟབ་མོ་ལ་ཤིན་ཏུ་མ་དད་པས་བསླབ་པ་ལ་རི་མོ་མི་བྱེད་ཅིང་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པས་ནི་སེམས་ཅན་ལ་ཕན་འདོགས་ཤིང་ཆོས་ཀྱི་སྦྱིན་པས་མ་ཡིན་ཏེ། བྱམས་པ་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྒྱུ་འདི་གཉིས་ཀྱིས་བདག་ཉིད་ལ་རྨ་འབྱིན་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པའང་མྱུར་དུ་ཐོབ་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བཅོམ་ལྡན་འདས་ལེགས་སོ། །བཅོམ་ལྡན་འདས་བདག་གིས་ད་སླན་ཆད་ནོངས་པ་འདི་དག་སྤང་བར་བགྱིའོ། །དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་ནས་ཡང་དག་པར་བསྒྲུབས་པ་འདི་བསྲུང་བར་བགྱིའོ། །གཟུང་བར་བགྱིའོ། །མ་འོངས་པའི་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་སྣོད་དུ་གྱུར་པ་དེ་དག་ལ་མདོ་སྡེ་འདི་ལྟ་བུ་ལག་ཏུ་སོན་པར་བགྱིའོ། །དྲན་པ་གང་གིས་འདི་འདྲ་བའི་མདོ་སྡེ་འདི་ལྟ་བུ་ལ་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཛུད་པ་དང་། ཡི་གེར་འདྲི་བ་དང་། གཞན་དག་ལའང་རྒྱ་ཆེར་འཆད་པར་འགྱུར་བའི་དྲན་པ་ཉེ་བར་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་དེ་དག་བརྟན་པར་བགྱིའོ། །བཅོམ་ལྡན་འདས་དེའི་དུས་ན་འདི་ལྟ་བུའི་མདོ་སྡེ་འདི་ལ་མོས་པ་དང་། རབ་ཏུ་འཇུག་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་ལགས་པར་རིག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །བྱམས་པ་ཁྱོད་ཀྱི་ཚིག་དེ་ནི་ལེགས་པར་སྨྲས་ཏེ། དེ་བཞིན་གཤེགས་པའང་ཁྱོད་ཀྱིས་ལེགས་པར་སྨྲས་པ་དེ་ལ་རྗེས་སུ་ཡི་རང་བ་གནང་བ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དབྱངས་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཞིང་སོ་སོ་ནས་མཆིས་ཏེ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་རྒྱས་པར་བགྱིའོ། །རིགས་ཀྱི་བུ་དེ་དག་ཀྱང་མོས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་སྤྱོད་པ་དང་། འཆད་པ་དང་། ཡང་དག་པར་སྟོན་པ་དེ་དང་། དེ་དག་ཏུ་བཅོམ་ལྡན་འདས་བདག་ཅག་
རྒྱལ་པོ་ཆེན་པོ་བཞི་ཡང་དཔུང་དང་བཅས་པ་དང་། བཞོན་པ་དང་བཅས་པ་འཁོར་དང་བཅས་ཏེ། དེར་ཆོས་ཉན་པའི་སླད་དུ་མཆིའོ། །ཆོས་སྨྲ་བ་དེའི་དཔག་ཚད་ཁོར་ཡུག་ཏུ་ཅི་ནས་ཀྱང་ཆོས་སྨྲ་བ་དེ་ལ་གླགས་ལྟ་བ་དང་། ཀླན་ཀ་ཚོལ་བ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །གསོལ་པ། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དྲི་མ་མེད་པར་གྲགས་པས་བསྟན་པ་དང་། ཕྲུགས་སུ་སྦྱར་བ་སྣྲེལ་ཞིར་མངོན་པར་བསྒྲུབས་པ་དང་། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ལེའུ་ཞེས་ཀྱང་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སྔོན་གྱི་སྦྱོར་བ་དང་། དམ་པའི་ཆོས་གཏད་པའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།། །།འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཤུ་ལོ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག་གོ །ལོ་ཙྪ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།