Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་ལྔ་པ།

3 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


 
འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
  
  
 
  
 
  
  
  
  
  


3 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
no previousའཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next

འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG065_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་དྷརྨ་སང་གཱི་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཁང་པ་བརྩེགས་པ་དཔེ་མེད་པ། ནམ་མཁའི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་ཐ་མི་དད་པ་ཀུན་ནས་ཡངས་པ་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྫུ་འཕྲུལ་གྱིས་སྤྲུལ་པ། གནས་གསུམ་གྱི་མངོན་པར་འདུ་བྱེད་པ་དང་མི་འདྲ་བ། དཔེ་ཐམས་ཅད་ལས་ཤིན་ཏུ་འདས་པ། དེ་བཞིན་གཤེགས་པའི་རྣམ་པར་སྨིན་པ། བསམ་གྱིས་མི་ཁྱབ་པ་ལས་བྱུང་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ཆེར་དགྲ་བཅོམ་པ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་


DKG065_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་དག་པ། ཏིང་ངེ་འཛིན་ལ་རྟག་ཏུ་སྤྱོད་ཡུལ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང་སྤྱོད་ཡུལ་ལ་གནས་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་དམ་པའི་ཕ་རོལ་དུ་ཕྱིན་པ། བྱང་ཆུབ་སེམས་དཔའི་བརྣག་པ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཤིན་ཏུ་རྟོགས་པར་ཁོང་དུ་ཆུད་པ། མཐར་ཐུག་པའི་གནས་བཅུ་ཐོབ་པ། ཡོན་ཏན་གྱི་རྒྱན་དཔག་ཏུ་མེད་པས་བརྒྱན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། གཟུངས་དང་བཟོད་པ་དང་སོ་སོ་ཡང་དག་པར་རིག་པ་རྟོགས་པར་ཁོང་དུ་ཆུད་པ་ཤ་སྟག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཟི་བརྗིད་ཆེ་བ་བརྒྱ་སྟོང་དང་། གཡོག་བརྒྱ་སྟོང་དུ་མ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གོ་རིམས་ཀྱི་ཚུལ་གྱི་སྒོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་སྟོན་ཏོ། །འདི་ལྟ་སྟེ། འཕགས་པ་རྣམས་མཐོང་བས་དད་པ་ཐོབ་པར་འགྱུར་རོ། །དད་པ་ཐོབ་པས་དགེ་བའི་ཆོས་ལ་འདུན་པ་ཐོབ་པར་འགྱུར་རོ། །དགེ་བའི་ཆོས་ལ་འདུན་པས་རྒྱུན་དུ་ཆུད་པ་ཐོབ་པར་འགྱུར་རོ། །རྒྱུན་དུ་ཆུད་པ་ཐོབ་པས་དོན་རྙེད་པར་འགྱུར་རོ། །དོན་རྙེད་པས་བདག་པོ་ཐོབ་པར་འགྱུར་རོ། །བདག་པོ་ཐོབ་པས་སྦྱིན་པ་ཐོབ་པར་འགྱུར་རོ། །སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ཀྱིས་མཐོ་རིས་ཐོབ་པར་འགྱུར་རོ། །བཟོད་པས་ཀུན་ཏུ་མཛེས་པར་འགྱུར་རོ། །བརྩོན་འགྲུས་ཀྱིས་


DKG065_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་མྱུར་བར་འགྱུར་རོ། །བསམ་གཏན་གྱིས་སེམས་ལས་སུ་རུང་བར་འགྱུར་རོ། །ཤེས་རབ་ཀྱིས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། །ཐབས་ཀྱིས་ཐམས་ཅད་ལས་འབྱུང་བར་འགྱུར་རོ། །སྨོན་ལམ་གྱིས་ཚེགས་མེད་པར་འགྱུར་རོ། །སྟོབས་ཀྱིས་མི་ཚུགས་པར་འགྱུར་རོ། །ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་སྟོན་པར་འགྱུར་རོ། །མངོན་པར་འབྱུང་བས་འཕགས་པ་ཉིད་ཐོབ་པར་འགྱུར་རོ། །རབ་ཏུ་བྱུང་བས་གནོད་སེམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །བསོད་སྙོམས་སྤྱོད་པས་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དགོན་པ་ལ་གནས་པས་འཇིགས་པ་མེད་པར་འགྱུར་རོ། །ནང་དུ་ཡང་དག་འཇོག་པས་བསམ་གཏན་དང་། མངོན་པར་ཤེས་པ་དང་། ཚངས་པའི་གནས་པ་ཐོབ་པར་འགྱུར་རོ། །ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་རྟོག་པ་དང་། ཡང་དག་པར་རབ་ཏུ་སྟོན་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པར་འགྱུར་རོ། །དྲན་པ་ལ་མཁས་པས་གཟུངས་ཐོབ་པར་འགྱུར་རོ། །སྤོབས་པ་ལ་མཁས་པས་ཁྱད་པར་ལུང་སྟོན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །བློ་གྲོས་ལ་མཁས་པས་ཆོས་དང་དོན་རབ་ཏུ་དབྱེ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ། །མོས་པ་ལ་མཁས་པས་མི་འཇིགས་པ་ཐོབ་པར་འགྱུར་རོ། །ཕུང་པོ་ལ་མཁས་པས་ཤེས་རབ་རབ་ཏུ་དབྱེ་བར་འགྱུར་རོ། །ཁམས་ལ་མཁས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྲ་མོ་ཤེས་པས་རབ་ཏུ་འབྱེད་པར་འགྱུར་རོ། །སྐྱེ་མཆེད་ལ་མཁས་པས་ཕྱི་ནང་ལ་ཤིན་ཏུ་རྨོངས་པ་སྤོང་བར་འགྱུར་རོ། །བདེན་པ་ལ་མཁས་པས་སེམས་ཅན་ཐམས་ཅད་ལ་མི་སླུ་བར་འགྱུར་རོ། །ཡིད་ལ་བྱེད་པ་ལ་མཁས་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་འགྱུར་རོ། །ཞི་གནས་ལ་མཁས་པས་སེམས་ཞི་བར་འགྱུར་རོ། །ལྷག་མཐོང་ལ་མཁས་པས་སེམས་དུལ་བར་འགྱུར་རོ། །ང་རྒྱལ་མེད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཁེངས་པ་མེད་པས་ཡིད་རྟོན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་མི་སླུ་བས་དབང་གཅིག་པར་འགྱུར་རོ། །དམ་བཅས་པ་ལ་


DKG065_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པས་ལྷ་དང་མི་མགུ་བར་བྱེད་པར་འགྱུར་རོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པས་སྐྱེས་བུ་དམ་པའི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །ནང་དུ་སེམས་པས་བདེ་བར་ཁོང་དུ་ཆུད་པར་འགྱུར་རོ། །སེམས་འཆོས་པས་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ལུས་བསྲུང་བ་དང་ལུས་ལ་མི་བལྟ་བས་སངས་རྒྱས་ཀྱི་སྐུ་ཐོབ་པར་འགྱུར་རོ། །འཇམ་ཞིང་སྙན་ལ་ཕན་པར་སྨྲ་བས་ཚངས་པའི་སྒྲ་སྐད་སྒྲོགས་པའི་དབྱངས་ཐོབ་པར་འགྱུར་རོ། །དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་ལེགས་པར་བྱ་བའི་ལས་བྱེད་པས་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་ཡེ་ཤེས་ཀྱི་ལམ་ལ་སྦྱོར་བ་དང་། ཕ་རོལ་མི་ཤེས་པ་ལ་མི་བརྙས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཕྲ་བ་ཁོང་དུ་ཆུད་པས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་འཛུད་པ་དང་། མོས་པར་བྱེད་པས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་སྤྱོད་ལམ་རྣམ་པར་མི་འཁྲུགས་པ་དང་། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཆོས་སྟོན་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་བསམ་གཏན་གྱི་ལམ་ལ་སྦྱོར་བས་བསམ་གཏན་དང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་དང་། ལྡང་བ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་ལམ་སྟོར་བ་རྣམས་ལ་ལམ་ཉེ་བར་སྟོན་པས་ལྷའི་མིག་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་དྲན་པ་རབ་ཏུ་སྦྱིན་པས་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་རྣམ་པར་བྱང་བའི་ལམ་ཉེ་བར་སྟོན་པས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །སེམས་ཅན་མང་དུ་ཐོས་པ་ལ་སྦྱོར་བས་མི་


DKG065_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཐོབ་པར་འགྱུར་རོ། །སེམས་ཅན་ཐེག་པ་ཆེན་པོ་ལ་སྦྱོར་བས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་འགྱུར་རོ། །སྟོང་པ་ཉིད་སྒོམ་པས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བར་འགྱུར་རོ། །མཚན་མ་མེད་པ་སྒོམ་པས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །སྨོན་པ་མེད་པ་སྒོམ་པས་ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་དེ་ལྟར་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གོ་རིམས་ཀྱི་སྒོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་སྟོན་ཏོ། །འཁོར་དེ་ན་བྱང་ཆུབ་སེམས་དཔའ་གཉིས་ཁང་པ་བརྩེགས་པའི་ནང་ན་གཡོག་མང་པོ་དང་གནས་ཤིང་འཁོད་དེ། གཅིག་ནི་རྩོམ་པ་མེད་ཅེས་བྱ། གཅིག་ནི་བློ་གྲོས་རྣམ་པར་གནོན་ཅེས་བྱའོ། །དེ་གཉིས་དེར་འདུས་ནས་བློ་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པ་བློ་གྲོས་ཡངས་པ་ཞེས་བྱ་བ་ཡོད་དེ། བདག་ཅག་གིས་ཡང་དག་པར་བརྗོད་པར་བྱའོ་ཞེས་སྨྲས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱུང་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་བཞིན་གཤེགས་པ་རྣམས་ཀྱི་གཞན་གྱི་རྐྱེན་གྱིས་འབྱུང་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཇི་ལྟར་ཁོང་དུ་ཆུད་པར་བྱ། འཇུག་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དཔེ་དང་འདྲ་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། རིགས་ཀྱི་བུ་ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་


DKG065_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དུ་ཡོད་པར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐ་སྙད་དུ་སྟོན་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ཇི་ལྟར་ཁོང་དུ་ཆུད་པར་བྱ། སྟོང་པ་ཉིད་ཀྱི་མི་འཐུན་པའི་ཕྱོགས་ཇི་ལྟར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔས་སྟོང་པ་ཉིད་སྨྲ་བར་ཇི་ལྟར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔས་ཆོས་སྨྲ་བ་པོ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་རྣམས་ཀྱིས་ཆོས་སྨྲ་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་འགྲོགས་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའི་དབང་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཟག་པ་མེད་པའི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཐོབ་པའི་དབང་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པ་ཡང་དག་ཕུལ་འདི་དྲིས་པ་འདི་ལྟ་སྟེ། ཆོས་ཡང་དག་པར་བརྗོད་པ་བློ་གྲོས་རྒྱ་ཆེན་པོ་འདི་ནི་ཡང་དག་ཕུལ་གྱི་གཏམ་མོ། །རིགས་ཀྱི་བུ་ཉོན་ཅིག་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཡང་དག་པར་བརྗོད་པ་བློ་གྲོས་ཆེན་པོ་འདི་བཤད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱུང་བ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྩོམ་པའི་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཆད་པའི་སྐྱེ་བར་འཇུག་པ་དང་། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ཐམས་ཅད་འཇུག་པ་དང་། སྐྱེ་བ་དང་། འཇིག་པ་ལས་ཕྱིར་ལྡོག་པའི་སྐྱེ་བ་དང་འཇིག་པ་འཇུག་པ་


DKG065_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔོན་གྱི་མངོན་པར་འདུ་བྱེད་པའི་གནོད་པས་ནོན་པའི་རྣམ་པར་སྨིན་པ་ཐམས་ཅད་འཇུག་པ་དང་། ཆོས་ཀྱི་དབྱིངས་ཆགས་པ་མེད་པ་ཡོངས་སུ་སྦྱོང་བ་བསགས་པའི་བསོགས་པ་ཐམས་ཅད་དང་། སྨོན་ལམ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུས་བསྟན་པའི་སྟོན་པ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའི་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཇི་ལྟར་ཡོངས་སུ་སྨིན་པར་བྱས་པའི་དགེ་བའི་རྩ་བའི་ཤུགས་ཀྱིས་འཕངས་པའི་འཕེན་པ་ཐམས་ཅད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྒྱུ་འཐུན་པ་ཤིན་ཏུ་རྒྱས་པ་དང་། དུས་དང་གནས་དང་། སེམས་ཅན་གྱི་བསམ་པ་དང་དགེ་བ་ཡང་དག་པར་འདོད་པ་ཇི་ལྟ་བ་དང་། ལྷག་པའི་བསམ་པའི་དབང་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐ་དད་པར་འབྱུང་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་དབྱེར་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དང་། ཐམས་ཅད་དུ་སོང་བའི་ཕྱིར་ཡང་དག་པའི་མཐའི་ངོ་བོ་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོ་ཉིད་དང་། གཞན་གྱི་རྐྱེན་གྱི་དབང་གིས་ཞུགས་པའི་ཕྱིར་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་དང་སྤྲུལ་པ་དང་བྲག་ཅ་དང་དྲི་ཟའི་གྲོང་ཁྱེར་དང་མགལ་མེ་བསྐོར་བའི་ངོ་བོ་ཉིད་དང་། རྫས་མེད་པའི་ཕྱིར་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་ངོ་བོ་ཉིད་དང་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དང་། རྒྱུན་མ་ཆད་པའི་ཕྱིར་སྔོན་གྱི་མཐར་མ་བྱུང་བ་དང་ལུས་མེད་པའི་ཕྱིར་ཕྱི་མའི་མཐར་མི་འཕོ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པས་ད་ལྟར་བྱུང་བ་ལ་མི་


DKG065_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སྟེ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཞན་གྱི་རྐྱེན་གྱིས་འབྱུང་བ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་འབྲས་བུའི་ཕྱིར་བག་ཡོད་པའི་ས་བོན་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཤེས་རབ་དང་ཐབས་ཀྱིས་བསྐྱེད་པ་དང་། ལེགས་པར་འགྲོ་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྐང་པ་དང་། བདུད་རྩིའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་འཚོ་བའི་དབང་པོ་དང་། ལས་ལེགས་པར་བྱེད་པའི་ཕྱིར་ཞི་གནས་དང་ལྷག་མཐོང་གི་ལག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་འཇུག་པའི་མིག་དང་། ལེགས་པར་ཞུགས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྒྲུབ་པའི་ལྟེ་བ་དང་། ནན་ཏན་སྙིང་པོར་བྱེད་པའི་ཕྱིར་བསྡུ་བའི་དངོས་པོའི་སྒལ་ཚིགས་དང་། རྣམ་པར་མི་རྟོག་པའི་ཕྱིར་སྟོང་པ་ཉིད་སྒོམ་པའི་ཡན་ལག་གི་དམ་པ་མགོ་དང་། སེམས་ཅན་ཐམས་ཅད་ཀྱི་བྱའོ་ཅོག་མི་འདོར་བའི་ཕྱིར་ཡིད་མ་བསད་ཅིང་སྐྲག་པ་མེད་ལ་སྤྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཞན་གྱི་རྐྱེན་གྱིས་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གནས་པ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་གནོད་སེམས་དང་ཞེ་སྡང་ཐམས་ཅད་དང་བྲལ་བ་དང་། རྩི་སྨན་ལྟ་བུའི་ཕྱིར་སེམས་ཅན་ཐམས་ཅད་རྟག་ཏུ་ཉེ་བར་འཚོ་བ་དང་། སྔོན་དམ་བཅས་པ་ལས་མ་ཉམས་པའི་ཕྱིར་བདེན་པ་ཡོངས་སུ་སྐྱོང་བ་


DKG065_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱངས་པའི་ཕྱིར་སེམས་ཅན་ལ་ལྟ་བ་དང་། སེམས་ཅན་གྱི་དོན་འབའ་ཞིག་ལ་བརྩོན་པའི་ཕྱིར་དེ་འབའ་ཞིག་གིས་བསམ་པ་དང་། གཞན་གྱི་སྡུག་བསྔལ་གྱིས་གནོད་པའི་ཕྱིར་བདག་གི་བདེ་བ་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པའི་ཕྱིར་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་དང་བྲལ་བ་དང་། ལྷུན་གྱིས་གྲུབ་པས་བྱ་བ་བྱེད་པ་བསལ་བའི་ཕྱིར་ཡོངས་སུ་མི་སྐྱོ་བའི་མཚན་ཉིད་དང་། ཤའི་ལུས་མེད་པའི་ཕྱིར་ཚོལ་བ་ཐམས་ཅད་དང་བྲལ་བ་དང་། ཐམས་ཅད་དུ་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པའི་ཕྱིར་ཐོགས་པ་མེད་པའི་མཚན་ཉིད་དེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གནས་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤང་བའི་མཐར་འགྲོ་བ་དང་། གང་ཟག་དང་ཆོས་དང་ཡུལ་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་སྐྱེ་བ་དང་ཆོས་ཀྱི་གནས་གྱུར་པ་རྙེད་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་ལྷུན་གྱིས་གྲུབ་པ་རྒྱུན་མ་བཅད་པའི་ཡེ་ཤེས་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་པ་ཐོབ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པ་གཉིས་སུ་བསམ་པ་དང་བྲལ་བ་དང་། ཆོས་ཐམས་ཅད་ཀྱི་རྩ་བ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེའི་དངོས་པོ་བསྒོམས་པ་དང་། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པ་དང་ཆོས་ཐམས་ཅད་ཀྱི་རང་བཞིན་དང་། མྱ་ངན་ལས་འདས་པའི་རང་བཞིན་མཉམ་པའི་ཡེ་ཤེས་ཐོབ་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་


DKG065_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་སྨོན་པ་ཡིན་ཏེ། སྨོན་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པ་ལ་ནི་སྨོན་པ་མེད་དེ། སྨོན་པ་དང་བྲལ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྨོན་པ་མེད་པས་དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་མི་ལེན་ཏོ། །མི་ལེན་པས་མི་འཇུག་མི་ལྡོག་སྟེ། ལེན་པ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་འཇུག་པ་དང་ལྡོག་པ་ཡང་དག་པར་ཆད་པ་དེ་ནི་ཆོས་ཀྱི་སྐུ་སྟེ། མི་སྐྱེ་མི་འགག་གོ །སྐྱེ་བ་དང་འགག་པ་དང་བྲལ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། བརྗོད་པར་བྱ་བ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདག་དང་སེམས་ཅན་མེད་དེ་ཆོས་ཙམ་འདི་སྐྱེ་ཞིང་འགག་པས་ཆོས་ཀྱི་གནས་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་གློ་བུར་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་འོང་བ་མེད་ཅིང་འགྲོ་བ་མེད་པས་དེ་གློ་བུར་ཡང་མ་ཡིན་གནས་པ་ཡང་མ་ཡིན་ཏེ། ཆོས་ཀྱི་དབྱིངས་མཉམ་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་རྣམས་ནི་བརྫུན་པའོ། །བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པའི་


DKG065_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ནི་སྤྲོས་པ་མེད་པ། ཆོས་གཞན་ནི་སྤྲོས་པའི་ངོ་བོ་ཉིད་དེ། ཡང་དག་པའི་མཐའ་མཉམ་པའི་ཕྱིར་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྐྱེ་བ་མེད་པ་ནི་བདེན་པ་སྟེ། སྐྱེ་བ་ལ་སོགས་པའི་ཆོས་གཞན་རྣམས་ནི་མི་བདེན་པ་ལོག་པ་བརྫུན་པ་སླུ་བའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་བརྫུན་པ་སླུ་བའི་ཆོས་ཅན་མ་ཡིན་ཏེ། བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ནི་མངོན་པར་འདུ་བྱེད་དེ། ཡང་དག་པ་ལ་ནི་མངོན་པར་འདུ་བྱ་བ་མེད་དོ། །ཡང་དག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། འདུས་མ་བྱས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་སྦྱིན་པའི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། སྦྱིན་པ་དང་སྦྱིན་པའི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཟོད་པ་དང་བཟོད་པའི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བཟོད་པ་དང་བཟོད་པའི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །


DKG065_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། སེམས་ཅན་དུ་འདུ་ཤེས་པའི་ཕྱིན་ཅི་ལོག་དང་བྲལ་ཞིང་ཆོས་སུ་འདུ་ཤེས་པའི་ཕྱིན་ཅི་ལོག་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་བདག་ལ་སྡུག་པར་འགྱུར་བ་དེ་ནི་ཚོལ་བར་འགྱུར་རོ། །ཚོལ་བ་ལ་བརྩོན་པ་དེ་ནི་ཉོན་མོངས་སོ། །བདག་ལ་སྡུག་པ་དང་བྲལ་ཞིང་ཚོལ་བ་ཐམས་ཅད་དང་བྲལ་བ་ནི་ཕྱིར་ཉོན་མི་མོངས་ཏེ། ཉོན་མོངས་པ་མེད་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །འདུས་བྱས་ནི་ཚད་དང་ལྡན་པ་ཡིན་ཏེ། འདུས་མ་བྱས་ནི་ཚད་མེད་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལས་རྣམ་པར་གྲོལ་ཞིང་འདུས་མ་བྱས་ཀྱི་ཆོས་ཉིད་ཐོབ་པ་ཚད་མེད་པའི་ཆོས་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་ནི་གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བའི་ཆོས་སམ། སེམས་ཅན་གང་ཡང་མ་གཟིགས་ཏེ། སྟོང་པ་ཉིད་ནི་ཆོས་སོ། །ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ།


DKG065_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཇུག་པ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་གནས་ལ་གནས་པ་དང་། རང་གིས་དམ་བཅས་པ་ཉམས་སུ་ལེན་པའི་ཕྱིར་སྙིང་སྟོབས་ཆེ་བའི་གནས་ལ་གནས་པ་དང་། དོན་མཚུངས་པའི་ཕྱིར་བདག་དང་གཞན་གྱི་དོན་རོ་གཅིག་པ་དང་། རྣམ་པར་མི་རྟོག་པའི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེལ་གྱི་ནོར་བུ་ལྟར་རྣམ་པར་མི་རྟོག་པ་དང་གནོད་པ་བསལ་བའི་ཕྱིར་བདེ་བ་ཐོབ་པ་དང་། ཉོན་མོངས་པའི་དགྲ་རབ་ཏུ་བཅོམ་པའི་ཕྱིར་འཇིགས་པ་མེད་པ་ཐོབ་པ་དང་། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ཕྱིར་མི་འཇིགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པས་ཕྱིར་རྒོལ་བ་བཅོམ་པ་དང་། མཐུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྤྲུལ་པ་བརྒྱ་སྟོང་དུ་མ་འགྱེད་པ་ལ་མཁས་པ་དང་། ནམ་མཁའ་ལྟར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྒྲིབ་པ་མེད་པར་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་མཁས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཇུག་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཇུག་པ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་འདི་སྙམ་དུ་འཁོར་བ་ནི་ཉེས་པ་མང་པོའོ། །སྐྱོན་ཆགས་པས་མྱ་ངན་ལས་འདས་པ་ནི་ཡོན་ཏན་དང་ལྡན་པའོ་སྙམ་དུ་མི་དགོངས་ཏེ། གཞན་དུ་ན་འཁོར་བ་དང་མྱ་ངན་ལས་འདས་པ་


DKG065_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་བརྙེས་པས་དེ་བཞིན་གཤེགས་པ་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་ལ་སེམས་ཅན་གྱི་དོན་ལ་མི་ཕྱོགས་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་འདི་སྙམ་དུ་སེམས་ཅན་འདི་དག་གི་བློ་ནི་ཕྱིན་ཅི་ལོག་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་སྟེ། དེ་དག་ངས་དགྲོལ་བར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི། གཞན་དུ་ན་སྔོན་སྒྲོ་བཏགས་པས་འཕངས་པའི་དབང་གིས། སེམས་ཅན་དེ་དང་དེ་དག་གི་ཁམས་དང་དབང་པོ་དང་། མོས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་མཛད་པ་དེ་དང་དེ་དག་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་འཇུག་གོ །དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་མདོའི་སྡེའམ། དབྱངས་ཀྱིས་བསྙད་པའི་སྡེའམ། ལུང་དུ་བསྟན་པའི་སྡེའམ། ཚིགས་སུ་བཅད་པའི་སྡེའམ། ཆེད་དུ་བརྗོད་པའི་སྡེའམ། གླེང་གཞིའི་སྡེའམ། རྟོགས་པ་བརྗོད་པའི་སྡེའམ། དེ་ལྟ་བུ་བྱུང་བའི་སྡེའམ། སྐྱེས་པ་རབས་ཀྱི་སྡེའམ། ཤིན་ཏུ་རྒྱས་པའི་སྡེའམ། རྨད་དུ་བྱུང་བའི་སྡེ་དང་། རྣམ་པར་གཏན་ལ་ཕབ་པའི་ཆོས་ཀྱི་སྡེ་འདི་བསྟན་ཏོ་སྙམ་དུ་མི་དགོངས་མོད་ཀྱི། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་དེ་དང་དེ་དག་ལ་དེ་བཞིན་གཤེགས་པའི་ཆོས་སྟོན་པ་འཇུག་གོ །དེ་བཞིན་གཤེགས་པ་འདི་སྙམ་དུ་ང་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཚོང་འདུས་འདིར་བསོད་སྙོམས་ཀྱི་ཕྱིར་འཇུག་གོ་སྙམ་མམ། རྒྱལ་རིགས་སམ། བྲམ་ཟེའི་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། རྒྱལ་པོའམ། རྒྱལ་བུའམ། རྒྱལ་པོའི་བློན་པོའམ། སེམས་ཅན་གང་ཡང་རུང་བའི་གན་དུ་གཤེགས་སོ་སྙམ་དུ་མི་དགོངས་མོད་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་སྐུ་དང་གསུང་དང་། ཐུགས་ཀྱི་ཕྲིན་ལས་དེ་དག་དེ་བཞིན་དུ་འཇུག་གོ །དེ་བཞིན་གཤེགས་པ་ལ་སྦྲིབས་པ་དང་སྐྱེམས་པ་མི་མངའ། བཤང་གཅི་མི་མངའ། སྐུ་ཉམ་ཆུང་བ་མ་ཡིན་མོད་ཀྱི། བསོད་སྙོམས་སྤྱོད་དེ། ཞལ་ཟས་ཀྱང་གསོལ་ལ། ཡོངས་སུ་གསོལ་བ་ཡང་མི་མངའ་སྟེ། ཐམས་ཅད་དུ་ལྷུན་གྱིས་གྲུབ་


DKG065_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྣམ་པར་མི་རྟོག་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཛད་པ་ཡང་མི་གཏོང་ངོ་། །དེ་བཞིན་གཤེགས་པ་འདི་སྙམ་དུ་སེམས་ཅན་འདི་ནི་ཐ་མ། འདི་ནི་འབྲིང་། འདི་ནི་རབ་སྟེ། འདི་ལ་ནི་ཐ་མ། འདི་ལ་ནི་འབྲིང་། འདི་ལ་ནི་རབ་ཀྱི་གཏམ་མཛད་དོ་སྙམ་དུ་མི་དགོངས་མོད་ཀྱི། རྣམ་པར་མི་རྟོག་པར་སྣོད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པ་དེ་ལྷག་ཆད་མེད་པར་འཇུག་གོ །དེ་བཞིན་གཤེགས་པ་འདི་སྙམ་དུ་སེམས་ཅན་འདིས་ང་ལ་བསྟི་སྟང་དུ་མ་བྱས། མཆོད་པ་མ་བྱས་ཏེ་མི་སྙན་པ་བྱས་ཀྱིས། ང་འདི་དང་ལྷན་ཅིག་ཏུ་ཅུང་ཟད་ཀྱང་སྨྲ་བར་མི་བྱའི། འདིས་ནི་ང་ལ་བསྟི་སྟང་དུ་བྱས། མཆོད་ཅིང་རི་མོར་བྱས། བསྟོད་ཅིང་བསྔགས་ཀྱིས་ང་འདི་དང་ལྷན་ཅིག་སྨྲ་བར་བྱའོ་སྙམ་དུ་མི་དགོངས་ཏེ། དེ་བཞིན་གཤེགས་པ་ནི་དགྲ་ཟིན་ལ་ཐུགས་སྙོམས་པར་འཇུག་གོ །དེ་བཞིན་གཤེགས་པ་ནི་རྒྱགས་པ་མ་ཡིན། བག་མེད་པ་མ་ཡིན། རྗེས་སུ་ཆགས་པ་མ་ཡིན། ཁོང་ཁྲོ་བ་མ་ཡིན། བརྐམ་པ་མ་ཡིན། བརྐམ་པར་འགྱུར་བ་མ་ཡིན། ཞེན་པ་མ་ཡིན། བསྟེན་པར་མཛད་པ་མ་ཡིན། ཉེ་བའི་ཉོན་མོངས་པ་མ་ཡིན་མོད་ཀྱི། སྤྱོད་ཡུལ་དབེན་པ། འདོད་པ་རྣམས་ལས་དབེན་པ། དབེན་པ་ལ་མངོན་པར་དགའ་བ་རྣམས་ཀྱི་བསྔགས་པ་ཡང་གསུང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པས། དེ་བཞིན་གཤེགས་པ་ནི་ཤེས་བྱ་ཐམས་ཅད་ལ་མི་མཁྱེན་པའམ། མི་རིག་པའམ། ཐུགས་སུ་མ་ཆུད་པ་གང་ཡང་མེད་དེ། བྱ་བ་དང་མི་བྱ་བ་དག་གཟིགས་ནས་སེམས་ཅན་དེ་དང་དེ་དག་ལ་དེ་བཞིན་དུ་འཇུག་གོ །དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཡང་དགྱེས་པར་མི་འགྱུར། མ་འབྱོར་བ་ལ་ཡང་མི་དགྱེས་པར་མི་འགྱུར་ཏེ། ཡང་དག་པར་ཞུགས་པ་རྣམས་ལ་ནི་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་འཇུག །ལོག་པར་ཞུགས་པ་རྣམས་ལ་ནི་སྒྲིབ་པ་མེད་པའི་ཐུགས་རྗེ་ཆེན་པོ་འཇུག་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་


DKG065_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་རྣམས་ཀྱི་འཇུག་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དཔེ་དང་འདྲ་བ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་ཉི་མ་ནི་སེམས་ཅན་ཐ་མ་དང་། འབྲིང་དང་མཆོག་དང་དད་པ་དང་མ་དད་པ་ཐམས་ཅད་ལ་མཚུངས་པར་འཆར་ཞིང་མཚུངས་པར་སྣང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་ཐ་མ་དང་འབྲིང་དང་མཆོག་དང་དད་པ་དང་། མ་དད་པ་ཐམས་ཅད་ལ་མཚུངས་པར་འཆར་ཞིང་མཚུངས་པར་ཡེ་ཤེས་སྣང་བར་མཛད་དོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་མི་སྒྲིབ་པའི་ངོ་བོ་ཉིད་དེ། གཞན་དུ་ན་གློ་བུར་གྱི་དུ་བ་དང་། སྤྲིན་དང་རྡུལ་དང་ཁུག་རྣ་དག་གིས་སྒྲིབ་པ་དང་བཅས་པར་ཀུན་ཏུ་སྣང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ནམ་མཁའ་ལྟར་སེམས་ཅན་ཐམས་ཅད་ལ་མི་སྒྲིབ་པའི་ངོ་བོ་ཉིད་དེ། གཞན་དུ་ན་གློ་བུར་གྱི་དུ་བ་དང་སྤྲིན་དང་རྡུལ་དང་ཁུག་རྣ་ལྟ་བུའི་ངར་འཛིན་པ་དང་། ང་ཡིར་འཛིན་པས་བསྒྲིབས་པར་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་ཞིང་མྱོང་བར་མི་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་མེ་ནི་ཤིང་ཐམས་ཅད་ལ་ཡོད་མོད་ཀྱི། རྐྱེན་དང་རྩོལ་བ་མ་ཚང་ན་མི་འབར་ཞིང་རང་གི་དགོས་པ་རྣམས་མི་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤེས་བྱ་ཐམས་ཅད་ལ་གནས་མོད་ཀྱི། དད་པ་ལ་སོགས་པའི་རྐྱེན་དང་རྩོལ་བ་མ་ཚང་ན་མི་འབྱུང་སྟེ། སངས་རྒྱས་ཀྱི་བྱ་བ་རྣམས་ཀྱང་མི་མཛད་དོ། །འདི་ལྟ་སྟེ། དཔེར་ན་ཚོན་ཐ་དད་པ་སྣོད་གཅིག་གི་ནང་དུ་བླུགས་ཏེ། ཚོན་མང་པོ་དེའི་ནང་དུ་རས་ཐ་གུ་ཐ་དད་པས་ཕུར་ཏེ་བཅུག་ན་ཕུར་མའི་དབང་ཇི་ལྟ་བ་བཞིན་དུ་ཚོན་ཆགས་ཀྱང་ཚོན་དེ་དག་མི་རྟོག །རྣམ་པར་མི་རྟོག་གོ །དེ་བཞིན་དུ་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་སྣ་ཚོགས་ཀྱི་ཚོགས་མང་པོ་ཡང་མོས་པའི་ཐ་གུས་ཇི་ལྟར་ཕུར་བ་བཞིན་དུ་


DKG065_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ཡང་ལེན་པར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་ཆུས་གང་བའི་ཀླུང་ནི་བསྟོད་ཀྱང་དམའ་བར་འབབ་བོ། །ཞེ་སྡང་ཞིང་ངན་དུ་སྨྲས་ཀྱང་དམའ་བར་འབབ་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བསྟོད་དམ་ངན་དུ་སྨྲས་ཀྱང་ཡེ་ཤེས་ཀྱིས་གཤེགས་པ་ཡིན་གྱི། ང་རྒྱལ་གྱིས་གཤེགས་པ་ནི་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གཏུབས་གཤགས་ལ་གཏུབས་གཤགས་ནས་འཆས་ཀྱང་མངར་བའི་རོ་དེ་མི་འདོར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མཆོད་ཀྱང་རུང་མ་མཆོད་ཀྱང་རུང་སྟེ། བསྙེན་པ་ན་རྣམ་པར་གྲོལ་བའི་མངར་བའི་རོ་དེ་མི་འདོར་རོ། །འདི་ལྟ་སྟེ། དཔེར་ན་ས་ནི་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ། དེ་ལ་ཁེ་འདོད་པ་གང་དག་གིས་རྨོས་ནས་ཡོངས་སུ་སྦྱང་བ་བྱས་ཏེ་ས་བོན་བཏབ་པ་དེ་དག་གི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །གང་དག་མི་རྨོད། ཡོངས་སུ་སྦྱང་བ་མི་བྱེད། ས་བོན་མི་འདེབས་པ་དེ་དག་གི་ལོ་ཏོག་ནི་ཕུན་སུམ་ཚོགས་པར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ས་ལྟར་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ། དེ་ལ་ཡོན་ཏན་འདོད་པ་གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་། གུས་པ་བསྐྱེད་པ་དེ་དག་གི་ཡོན་ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་། གུས་པ་མི་སྐྱེད་པ་དེ་དག་གི་ཡོན་ཏན་གྱི་ལོ་ཏོག་ནི་ཕུན་སུམ་ཚོགས་པར་མི་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་ཙན་དན་དང་། ག་པུར་ལ་མི་སྙན་པ་བྱས་ཏེ་ངན་དུ་བརྗོད་ནས་རང་གི་ལུས་ལ་བསྐུས་ཀྱང་། དེ་ལ་ཙན་དན་དང་ག་པུར་དེ་དྲི་ཞིམ་པར་བྱེད་ཀྱི་དྲི་ང་བར་མི་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ངན་དུ་སྨྲ་སྟེ་མི་སྙན་པར་བརྗོད་ནས་བསྙེན་ཅིང་བསྟེན་ཏེ་བསྙེན་བཀུར་བྱེད་པ་དེ་དག་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡོན་ཏན་གྱི་དྲི་དང་ལྡན་པར་མཛད་དོ། །འདི་ལྟ་སྟེ། དཔེར་ན་ཟམ་པ་དང་།


DKG065_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་དང་། ཁྲི་ལམ་ནི་སེམས་ཅན་ཐ་མ་དང་། འབྲིང་དང་མཆོག་ཐམས་ཅད་ལ་མི་ཐོགས་པ་དང་། བདེ་བར་འགྲོ་བར་བྱེད་པས་མཚུངས་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐ་མ་དང་འབྲིང་དང་མཆོག་ཐམས་ཅད་ལ་མི་མཉམ་པ་མེད་ཅིང་སྒྲིབ་པ་མེད་པ་དང་། བདེ་བར་འགྲོ་བས་མཚུངས་པར་འཇུག་གོ །འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་གངས་རི་ལ་རྩིའི་རྒྱལ་པོ་མཐོང་ན་མཛེས་པ་ཞེས་བྱ་བ་ཡོད་དེ། དེ་མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་མེད་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་སེལ་བར་འགྱུར་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དཔེ་དང་འདྲ་བ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་འཐུན་པའི་སངས་རྒྱས་དང་། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ངོ་བོ་ཉིད་ཀྱི་སངས་རྒྱས་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། བཏགས་པའི་སངས་རྒྱས་དང་། མདུན་དུ་གཞག་པའི་སངས་རྒྱས་སོ། །དེ་ལ་རྒྱུ་འཐུན་པའི་སངས་རྒྱས་གང་ཞེ་ན། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་འཐུན་པ་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ཏེ། འདི་གཉིས་ལས་གང་གྲུབ་པ་དེ་ནི་སྒྲུབ་པའི་སངས་རྒྱས་ཏེ། དེའི་ཕྱིར་རྒྱུ་འཐུན་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་གང་ཞེ་ན་རྒྱུ་འཐུན་པ་གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ། རྣམ་པར་སྨིན་པ་དེ་ལས་གང་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་གཟུགས་སུ་འབྱུང་ངོ་། །དེ་ཡང་སེམས་ཅན་གྱི་བྱིན་གྱི་རླབས་དང་


DKG065_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བྱིན་གྱི་རླབས་ཀྱི་ཕྱིར་འབྱུང་སྟེ། འདི་ནི་རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་སངས་རྒྱས་གང་ཞེ་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་ཅིང་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ནས་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མི་མངའ་བར་སངས་རྒྱས་བརྒྱ་སྟོང་འབྱུང་སྟེ། ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་དེས་ཏིང་ངེ་འཛིན་ལས་བྱུང་བས་ན་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱ་སྟེ། འདི་ནི་ཏེང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱའོ། །དེ་ལ་སྨོན་ལམ་གྱི་སངས་རྒྱས་གང་ཞེ་ན། བྱང་ཆུབ་སེམས་དཔས་གང་སེམས་ཅན་གང་དང་གང་གཟུགས་དང་ཁ་དོག་དང་སྤྱོད་ལམ་ཇི་ལྟ་ཇི་ལྟ་བུ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་ལ་དེ་ལྟ་བུའི་གཟུགས་དང་ཁ་དོག་དང་སྤྱོད་ལམ་གྱིས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། དེ་སངས་རྒྱས་ཀྱིས་འདུལ་བ་རྣམས་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་ཏེ། སྨོན་ལམ་དེ་ལས་བྱུང་བས་སྨོན་ལམ་གྱི་སངས་རྒྱས་ཞེས་བྱ་སྟེ། འདི་ནི་སྨོན་ལམ་གྱི་སངས་རྒྱས་ཞེས་བྱའོ། །དེ་ལ་སེམས་ཀྱི་སངས་རྒྱས་གང་ཞེ་ན། གང་བྱང་ཆུབ་སེམས་དཔས་སེམས་ལ་དབང་རབ་ཏུ་ཐོབ་ནས། དེ་སེམས་ལ་དབང་བ་དེས་གང་དང་གང་བསམས་པ་དེ་དང་དེ་བཞིན་དུ་འགྱུར་ཏེ། དེ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་མཐོང་ནས་བདག་སངས་རྒྱས་ཀྱི་གཟུགས་སུ་གྱུར་ཅིག་ཅེས་མོས་པར་བྱེད་དེ། དེ་སེམས་ལས་བྱུང་བས་ན་སེམས་ཀྱི་སངས་རྒྱས་ཡིན་ཏེ། འདུལ་བ་དེ་དག་ཀྱང་རང་གི་སེམས་ཡོངས་སུ་དག་པས་སངས་རྒྱས་མཐོང་ཞིང་ཤེས་ཏེ། འདི་ནི་སེམས་ཀྱི་སངས་རྒྱས་ཞེས་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སངས་རྒྱས་གང་ཞེ་ན། ངོ་བོ་ཉིད་ཀྱི་སངས་རྒྱས་ནི་གནས་ངན་ལེན་གྱི་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ་གཟུགས་སྣ་ཚོགས་ཅན། ཆོས་ཀྱི་དབྱིངས་རྣམ་པ་ཐ་དད་པ། གཟུགས་དང་བྱད་དང་དབྱིབས་སྣ་ཚོགས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་སྣང་བ་འདི་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཞེས་བྱའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་གང་ཞེ་ན།


DKG065_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱང་ཆུབ་སེམས་དཔའ་རྣམས་དང་ལོངས་སྤྱོད་དང་། ཀུན་ཏུ་སྤྱོད་པ་མཚུངས་པ་དང་རྣམ་པ་དང་ཟས་དང་སྨྲ་བ་དང་ཆོ་ག་དང་སྤྱོད་པ་མཚུངས་ ་འདི་ནི་ལོངསསྤྱོདརྫོགས next hit་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་སྤྲུལ་པའི་སངས་རྒྱས་གང་ཞེ་ན། འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་ཐོབ་པ་དེ་དག་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། དབང་ཐོབ་ཅིང་སྙིང་རྗེ་ཆེན་པོས་བསྐུལ་བས་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་འདུལ་བ་འདི་ནི་སྤྲུལ་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་བཏགས་པའི་སངས་རྒྱས་གང་ཞེ་ན། འདི་ལ་ལ་ལ་ཞིག་སློབ་དཔོན་ནམ་མཁན་པོ་ལ་སངས་རྒྱས་བཞིན་དུ་བལྟ། སངས་རྒྱས་བཞིན་དུ་བསྙེན་བཀུར་བྱེད་དེ། དེ་སློབ་དཔོན་དང་། མཁན་པོ་དེ་ལ་སངས་རྒྱས་བཞིན་དུ་བལྟ་ཞིང་སངས་རྒྱས་བཞིན་དུ་བསྙེན་བཀུར་བྱས་པས་དེ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་འཛིན་ལ་ཡོངས་སུ་རྫོགས་པར་བྱེད་དེ། ཡོངས་སུ་བསྒྲུབ་པ་འདི་ནི་བཏགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་མདུན་དུ་གཞག་པའི་སངས་རྒྱས་གང་ཞེ་ན། འདི་ལ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་སྐུ་གཟུགས་བྱས་སམ། བྱེད་དུ་བཅུག་སྟེ། མཆོད་ཅིང་རིམ་གྲོ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་། དེ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་འཛིན་ལ་ཡོངས་སུ་རྫོགས་པར་བྱེད་དེ། ཡོངས་སུ་སྒྲུབ་པ་འདི་ནི་མདུན་དུ་གཞག་པའི་སངས་རྒྱས་ཞེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐ་སྙད་དུ་སྟོན་པ་རྣམ་པ་བཅུ་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་སྟོན་པ་དང་། ཁམས་སྟོན་པ་དང་། སྐྱེ་མཆེད་སྟོན་པ་དང་། སེམས་ཅན་སྟོན་པ་དང་། ལས་སྟོན་པ་དང་། སྐྱེ་བ་སྟོན་པ་དང་། རྒ་བ་སྟོན་པ་དང་། འཆི་བ་སྟོན་པ་དང་། ཤི་བའི་ཉིང་མཚམས་སྦྱོར་བ་སྟོན་


DKG065_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་རབ་ཏུ་ཞི་བར་འགྱུར་བའི་མྱ་ངན་ལས་འདས་པ་སྟོན་པའོ། །དེ་ལ་ཇི་ལྟར་ན་ཕུང་པོ་སྟོན་པ་ཐ་སྙད་དུ་སྟོན་ཅེ་ན། གཟུགས་ཀྱི་ཕུང་པོ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་གཟུགས་ཀྱི་ཕུང་པོ་དོན་དམ་པར་ཡོད་དུ་ཟིན་ན་ནི་དེ་ཡོངས་སུ་བཏང་བས་སྲིད་པ་འཆད་པར་འགྱུར་ཏེ། གང་ཡོངས་སུ་བཏང་ནས་གྲོལ་བ་དེ་ལ་གནས་པའམ། འགྲོ་བ་ཡོད་པར་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་གཟུགས་ཀྱི་ཕུང་པོ་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་སྟོན་པ་དང་། འདུ་ཤེས་ཀྱི་ཕུང་པོ་སྟོན་པ་དང་། འདུ་བྱེད་ཀྱི་ཕུང་པོ་སྟོན་པ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཏེ། རྣམ་པར་ཤེས་པའི་ཕུང་པོ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཕུང་པོ་དོན་དམ་པར་ཡོད་དུ་ཟིན་ན་ནི་དེ་ཡོངས་སུ་བཏང་བས་སྲིད་པ་འཆད་པར་འགྱུར་ཏེ། གང་ཡོངས་སུ་བཏང་ནས་གྲོལ་བ་དེ་ལ་གནས་པ་འམ། འགྲོ་བ་ཡོད་པར་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་བཞིན་དུ་ཁམས་སྟོན་པ་དང་སྐྱེ་མཆེད་སྟོན་པ་ནི་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་སེམས་ཅན་དུ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། སེམས་ཅན་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ནི་ཆོས་ཙམ་དུ་ཟད་པས་སེམས་ཅན་མེད་དོ། །གལ་ཏེ་སེམས་ཅན་ཡོད་དུ་ཟིན་ན་ནི་ཕུང་པོ་འགགས་པས་ནམ་མཁའ་བཞིན་དུ་སེམས་ཅན་ཕུང་པོ་མེད་པར་འགྱུར་ལ། ཕུང་པོ་བཞིན་དུ་སེམས་ཅན་ཡང་འདུས་བྱས་སུ་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་སེམས་ཅན་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་ལས་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། ལས་རྣམས་བྱེད་པ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ། །གལ་ཏེ་ལས་རྣམས་བྱེད་པ་ཞིག་ཡོད་དུ་ཟིན་ན་ནི་ལས་རྣམས་བྱེད་པ་ནམ་མཁའ་བཞིན་དུ་མ་བྱས་པར་འགྱུར་ལ། ཕུང་པོ་བཞིན་དུ་འདུས་བྱས་སུ་ཡང་འགྱུར་བ་ཞིག་ན། མ་བྱས་པ་ནི་ནམ་མཁའ་དང་མཚུངས་ཏེ། མ་བྱས་པ་རྣམས་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་ལས་གང་ལ་ཡང་བྱེད་པ་མེད་དོ། །དེ་མེད་པས་ན་ལས་ཡོད་པར་ག་ལ་


DKG065_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེའི་ཕྱིར་ལས་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་སྐྱེ་བ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། སྐྱེ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེ་བ་དོན་དམ་པར་ཡོད་དུ་ཟིན་ན་ནི་རྟག་པར་འགྱུར་ཏེ། དེ་ལྟར་ན་སྐྱེ་བ་ནི་སྐྱེ་བ་མེད་པར་འགྱུར་རོ། །གང་སྐྱེ་བས་སྐྱེ་བ་དང་། སྐྱེས་པས་གཟིར་བར་གྱུར་པ་དེ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་རྒ་བ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། རྒ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་རྒ་བ་དོན་དམ་པར་ཡོད་དུ་ཟིན་ན་ནི་གང་ཡང་རྒས་པར་མི་འགྱུར་ཏེ། གང་རྒས་པ་དེ་ནི་གཞོན་ནུ་ཡང་མ་ཡིན། རྒན་པོ་ཡང་མ་ཡིན། རྙིང་པ་ཡང་མ་ཡིན་ལ། བྱིས་པ་ལ་ཡང་རྒ་བ་མེད་དེ། དེའི་ཕྱིར་བྱིས་པ་ནི་རྒ་བར་མི་འགྱུར་རོ། །རྒ་བ་མེད་ན་ཇི་ལྟར་ན་རྒ་བར་འགྱུར། དེ་ལྟར་མ་རྒས་པ་ནི་རྒ་བར་མི་འགྱུར་རོ། །གལ་ཏེ་རྒས་པ་རྒ་བར་འགྱུར་ན་རྒ་བ་གཞོན་ནུར་ཡང་ཇི་སྟེ་མི་འགྱུར། དེའི་ཕྱིར་རྒ་བ་སྟོན་པ་ཡང་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་འཆི་བ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། འཆི་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་འཆི་བ་དོན་དམ་པར་ཡོད་དུ་ཟིན་ན་ནི་གཟུང་བར་འགྱུར་ཏེ། གཅིག་གིས་བཟུང་བས་སྲོག་ཆགས་གཞན་ཐམས་ཅད་མི་འཆི་བར་འགྱུར་བའི་རིགས་ན། མི་འཆི་བར་ཡང་མི་འགྱུར་ཏེ། འཆི་བ་ནི་ག་ལས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་བས་འཆི་བ་ནི་སྟོན་པ་སྟེ། དེའི་ཕྱིར་འཆི་བ་སྟོན་པ་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་ཤི་བའི་ཉིང་མཚམས་སྦྱོར་བ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། ཤི་བའི་ཉིང་མཚམས་སྦྱོར་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་ཤི་བའི་ཉིང་མཚམས་སྦྱོར་བ་དོན་དམ་པར་ཡོད་དུ་ཟིན་ན་ནི་གང་འཆི་བ་དེ་ཉིད་སྐྱེ་བར་འགྱུར་རོ། །དེ་ལྟར་ཤི་བ་ཉིད་སྐྱེ་བར་འགྱུར་ན་ནི་གང་ཉིང་མཚམས་སྦྱོར་བ་དང་། གང་དུ་ཉིང་མཚམས་སྦྱོར་བའི་ལུས་གཉིས་སུ་འགྱུར་རོ། །གལ་ཏེ་ཉིང་མཚམས་སྦྱོར་བ་ཞིག་ཡོད་དུ་ཟིན་ན་ནི་ཕུང་པོ་ལྔ་རྣམས་ཀྱང་ཡོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་ལས་རྣམ་པར་གྲོལ་བའི་རྣམ་པར་ཤེས་པ་


DKG065_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མེད་དེ། གཟུགས་ལ་ཉེ་བར་འགྲོ་ཞིང་རྣམ་པར་ཤེས་པ་འཇུག་གོ །རྣམ་པར་ཤེས་པ་ནི་ཚོར་བ་ལ་ཉེ་བར་འགྲོ། འདུ་ཤེས་ལ་ཉེ་བར་འགྲོ། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་དེ་ལ་རྟེན། དེ་ལ་དམིགས་ཏེ་རྣམ་པར་ཤེས་པ་འཇུག་གོ །མི་རྟེན་པའི་རྣམ་པར་ཤེས་པ་ནི་སྐད་ཅིག་ཙམ་ཡང་འཇུག་པ་མེད་དོ། །ཇི་ལྟར་ཆོས་གནས་པ་བཞིན་དུ་ས་བོན་དང་མྱུ་གུ་ལྟར་འབྱུང་བས་དེའི་ཕྱིར་ཤི་བའི་ཉིང་མཚམས་སྦྱོར་བ་སྟོན་པ་ནི་ཐ་སྙད་དུ་སྟོན་པའོ། །དེ་ལ་ཇི་ལྟར་ན་དེ་ཞི་བར་འགྱུར་བའི་མྱ་ངན་ལས་འདས་པ་སྟོན་པ་ཐ་སྙད་དུ་སྟོན་པ་ཡིན་ཞེ་ན། མྱ་ངན་ལས་འདས་པ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། འཁོར་བ་ཉེ་བར་ཞི་བ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡང་མ་ཡིན་ལ། འཁོར་བ་ལས་མྱ་ངན་ལས་འདས་པ་ཐ་དད་དུ་གྱུར་པ་ཡང་མ་ཡིན་ཏེ། འཁོར་བ་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་སྟེ། ཡོད་པས་ཀྱང་མ་ཡིན། མེད་པས་ཀྱང་མ་ཡིན། ཡོད་མེད་དུ་གྱུར་པས་ཀྱང་མི་འབྱུང་ངོ་། །ཇི་ལྟར་དེ་ཡོད་པས་ཀྱང་མ་ཡིན། མེད་པས་ཀྱང་མ་ཡིན། ཡོད་མེད་དུ་གྱུར་པས་ཀྱང་མི་འབྱུང་བ་དེ་བཞིན་དུ། ཡོད་པས་ཀྱང་མ་ཡིན། མེད་པས་ཀྱང་མ་ཡིན། ཡོད་མེད་དུ་གྱུར་པས་ཀྱང་མི་ལྡོག་སྟེ། གཞན་དུ་ན་འདུ་ཤེས་དང་ཚོར་བ་འགོག་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །འདུ་ཤེས་དེ་ནི་སྨིག་རྒྱུ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །སྨིག་རྒྱུ་དང་། ཆུའི་ཆུ་བུར་གྱི་འབྱུང་བ་དང་ལྡོག་པ་ཇི་ལྟ་བར་འཁོར་བ་དང་། མྱ་ངན་ལས་འདས་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་དེ་ཞི་བར་འགྱུར་བའི་མྱ་ངན་ལས་འདས་པ་སྟོན་པ་ནི་ཐ་སྙད་དུ་སྟོན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐ་སྙད་དུ་སྟོན་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། རྗེ་མེད་པ་དང་། སྐྱེ་བ་མེད་པ་དང་། འགགས་པ་


DKG065_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། བྱེད་པ་མེད་པ་དང་། བདག་པོ་མེད་པའོ། །དེ་ལ་ཇི་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་སྟོང་པ་ཉིད་དངོས་པོ་ཡིན་དུ་ཟིན་ན་ནི་སྟོང་པ་ཉིད་འདུས་བྱས་དང་མི་རྟག་པར་འགྱུར་རོ། །ཅི་སྟེ་སྟོང་པ་ཉིད་དངོས་པོ་མེད་པ་ཡིན་དུ་ཟིན་ན་ནི་སྟོང་པ་མི་སྟོང་པར་འགྱུར་ཏེ། དེའི་ཕྱིར་སྟོང་པ་ཉིད་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་སེམས་ཅན་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སེམས་ཅན་ནི་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་ནོ། །གལ་ཏེ་སེམས་ཅན་སྟོང་པ་ཡིན་ན་ནི་སྲོག་གཅོད་པ་བྱས་ཀྱང་སྡིག་པར་མི་འགྱུར་རོ། །འོན་ཏེ་སྟོང་པ་མ་ཡིན་ན་ནི་རྟག་པར་འགྱུར་རོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཞེས་གསུངས་ཏེ། དེ་ལྟར་ན་སེམས་ཅན་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་སྲོག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་འཚོ་མི་འཆིའོ། །དེ་ལ་མིག་ནི་བདག་དང་བདག་གིས་སྟོང་ངོ་། །གང་བདག་དང་བདག་གིས་སྟོང་པ་དེ་ནི་མི་འཚོ་མི་འཆིའོ། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་ངོ་། །གང་བདག་དང་བདག་གིས་སྟོང་པ་དེ་ནི་མི་འཚོ་མི་འཆི་བ་སྟེ། དེ་ལྟར་ན་སྲོག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་གང་ཟག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་གང་ཟག་ཏུ་བགྲང་བ་མ་ཡིན། སྟོང་པ་ཉིད་ནི་ཆོས་སུ་བགྲང་བ་མ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་སྟོང་པ་ཡིན་ཏེ། དེ་དག་བཟུང་ནས་གང་ཟག་ཅེས་བཏགས་སོ། །གང་བཟུང་ནས་བཏགས་པ་དེ་ནི་ཡོད་པ་དང་མེད་པ་ཞེས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལྟར་གང་ཟག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་


DKG065_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཇི་ལྟར་ན་རྗེ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མེད་པས་གང་སྟོང་པ་ཉིད་ཀྱི་རྗེར་འགྱུར་བའི་ཆོས་གང་ཡང་མེད་དེ། དེ་ལྟར་རྗེ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་སྐྱེ་བ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་སྐྱེ་སྟེ། གལ་ཏེ་སྟོང་པ་ཉིད་སྐྱེ་ན་ནི་སྟོང་པ་ཉིད་དུ་མི་འགྱུར་ཏེ། དེ་ལྟར་ན་སྟོང་པ་ནི་སྟོང་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་སྐྱེས་པ་མི་སྟོང་སྟེ། སྟོང་པ་ཉིད་བདག་ཉིད་ཀྱིས་སྐྱེ་ན་ནི་མ་སྐྱེས་པ་དེ་མི་སྟོང་པར་མི་འགྱུར་ཏེ། དེ་ལྟར་སྐྱེ་བ་མེད་པས་སྟོང་པ་ཉིད་སྐྱེ་ན་ནི་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་འགག་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། གང་སྐྱེ་བ་དེ་ནི་འགག་སྟེ། སྟོང་པ་ཉིད་ནི་སྐྱེ་བ་མ་ཡིན་ནོ། །གང་མི་སྐྱེ་བ་དེ་ཇི་ལྟར་འགག་པར་འགྱུར་ཏེ། དེ་ལྟར་འགག་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་མངོན་པར་འདུ་མི་བྱེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་བྱ་མི་བྱེད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་སྟོང་པ་ཡིན་ཏེ། དེ་དག་བཟུང་ནས་སྟོང་པ་ཉིད་དུ་འདོགས་སོ། །དེ་ལྟར་མངོན་པར་འདུ་མི་བྱེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་བྱེད་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་གང་གིས་ཀྱང་འདི་ལྟ་འདི་ལྟ་བུར་གྱིས་ཤིག་ཅེས་བྱེད་དུ་གཞུག་པ་མ་ཡིན་ཏེ། དེ་ལྟར་བྱེད་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་བདག་པོ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་ཡུལ་མ་ཡིན་ཞིང་ཡུལ་མེད་པས། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་ལྟར་བདག་པོ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སྟོང་པ་ཉིད་ཀྱི་མི་འཐུན་པའི་ཕྱོགས་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་མི་འཐུནཔའི་ཕྱོགས་དང་།


DKG065_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པ་མི་འཐུན་པའི་ཕྱོགས་དང་། ལས་མི་འཐུན་པའི་ཕྱོགས་དང་། རྣམ་པར་ཤེས་པ་མི་འཐུན་པའི་ཕྱོགས་དང་། ལེན་པ་མི་འཐུན་པའི་ཕྱོགས་དང་། ལྟ་བ་མི་འཐུན་པའི་ཕྱོགས་དང་། ཐེ་ཚོམ་མི་འཐུན་པའི་ཕྱོགས་དང་། མཆོག་ཏུ་འཛིན་པ་མི་འཐུན་པའི་ཕྱོགས་དང་། ང་རྒྱལ་མི་འཐུན་པའི་ཕྱོགས་དང་རྒོད་པ་མི་འཐུན་པའི་ཕྱོགས་ཏེ། རྣམ་པ་བཅུ་པོ་དེ་དག་ནི་སྟོང་པ་ཉིད་ཀྱི་མི་འཐུན་པའི་ཕྱོགས་སོ། །དེ་ལ་མ་རིག་པ་ནི་གཉིས་སུ་བགྲང་བ་དང་། རྣམ་པ་བཞིའོ། །གཉིས་སུ་བགྲང་བ་གང་ཞེ་ན། ཉོན་མོངས་པའི་སྒྲིབ་པར་བགྲང་བ་དང་། ཤེས་བྱའི་སྒྲིབ་པར་བགྲང་བའོ། །དེ་ལ་རྣམ་པ་བཞི་གང་ཞེ་ན། འདོད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ་དང་། གཟུགས་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ་དང་། གཟུགས་མེད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ་དང་། དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བའོ། །དེ་ལ་སྲེད་པ་ནི་གཞི་གཉིས་དང་། རྣམ་པ་བཞི་སྟེ། གཞི་གཉིས་གང་ཞེ་ན། སྲིད་པའི་གཞི་དང་། ལོངས་སྤྱོད་ཀྱི་གཞིའོ། །རྣམ་པ་བཞི་གང་ཞེ་ན། འདོད་པ་ལ་སྲེད་པ་དང་། གཟུགས་ལ་སྲེད་པ་དང་། གཟུགས་མེད་པ་ལ་སྲེད་པ་དང་། དངོས་པོ་མེད་པ་ལ་སྲེད་པའོ། །དེ་ལ་ལས་ནི་ལྡང་བ་གཅིག་དང་། རྣམ་པ་གསུམ་དང་། རྣམ་པར་སྨིན་པ་གསུམ་སྟེ། དེ་ལ་ལྡང་བ་གཅིག་གང་ཞེ་ན། ཡིད་ཀྱི་ལས་སོ། །རྣམ་པ་གསུམ་གང་ཞེ་ན། ལུས་ལས་བྱུང་བ་དང་། ངག་ལས་བྱུང་བ་དང་། སེམས་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པ་གསུམ་གང་ཞེ་ན། གནག་ལ་རྣམ་པར་སྨིན་པ་གནག་པ་དང་། དཀར་ལ་རྣམ་པར་སྨིན་པ་དཀར་བ་དང་། དཀར་གནག་འདྲེན་མ་ལ་རྣམ་པར་སྨིན་པ་དཀར་གནག་འདྲེན་མའོ། །དེ་ལ་རྣམ་པར་ཤེས་པ་ནི་རྣམ་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པ་དྲུག་པོ་དེ་དག་ནི་རྣམ་པར་ཤེས་པ་སྟེ། ཕྱིན་ཅི་ལོག་


DKG065_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་དང་། ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་ཕྱིན་ཅི་ལོག་ལ་དམིགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་གཡེངས་པ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་རྒྱུ་ལས་བྱུང་བའོ། །ཕྱིན་ཅི་མ་ལོག་པ་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའོ། །དེ་གཉི་ག་ལས་རྣམ་པར་གྲོལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་མེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུར་འགྱུར་བའོ། །དེ་ལ་ལེན་པ་ནི་སྲིད་པའི་རྒྱུ་རྣམ་པ་བཞི་སྟེ། འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པའོ། །དེ་ལ་ལྟ་བ་ནི་རྣམ་པ་གཉིས་ཏེ། ལོག་པའི་ཤེས་པ་ཅན་དང་། དམིགས་པ་ཅན་ནོ། །དེ་ལ་ལོག་པའི་ཤེས་པ་ཅན་ནི་ལོག་པར་ལྟ་བའོ། །དམིགས་པ་ཅན་ནི་ཐ་ན་མྱ་ངན་ལས་འདས་པ་ལ་ཡང་དམིགས་ཤིང་མངོན་པར་དགའ་བ་སྟེ། འདི་ནི་དམིགས་པ་ཅན་སངས་རྒྱས་རྣམས་ཀྱིས་སྨད་པའོ། །དེ་ལ་ཐེ་ཚོམ་ནི་རྣམ་པ་གཉིས་ཏེ། ཐེག་པའི་བར་དུ་གཅོད་པ་དང་། ངེས་པར་གྱུར་པའི་བར་དུ་གཅོད་པའོ། །དེ་ལ་ཐེག་པའི་བར་དུ་གཅོད་པའི་ཐེ་ཚོམ་ནི་ཐེ་ཚོམ་གང་གིས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཐེ་ཚོམ་ཟ་བ་སྟེ། ཧ་ཅང་ཡང་ཡུན་རིང་པོར་བསྡད་པ་འདིས་ཅི་ཞིག་བྱས། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པར་མྱུར་བ་མྱུར་བར་སྡུག་བསྔལ་མཐར་དབྱུང་ངོ་སྙམ་ནས་ཐེག་པ་ཆེན་པོ་སྤོང་བ་འདི་ནི་ཐེག་པའི་བར་དུ་གཅོད་པའི་ཐེ་ཚོམ་མོ། །དེ་ལ་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་གང་ཞེ་ན། ཐེ་ཚོམ་གང་གིས་ངེས་པར་གྱུར་པ་ལ་མི་འཇུག་པ་སྟེ། ངེས་པའི་ས་ཁོང་དུ་ཆུད་པར་མི་འགྱུར་བ་འདི་ནི་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་སྟེ། འདི་ནི་ཐེ་ཚོམ་རྣམ་པ་གཉིས་སོ། །དེ་ལ་མཆོག་ཏུ་འཛིན་པ་ནི་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱད་པ་རྣམས་ལ་འབྲས་བུ་ལ་སྨོན་པ་སྟེ། བདག་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་འདི་དག་གིས་ལྷ་


DKG065_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འམ་ལྷ་ལ་ལ་ཞིག་ཏུ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་ལོག་པར་སྨོན་པ་སྟེ། འདི་ནི་མཆོག་ཏུ་འཛིན་པ་ཞེས་བྱའོ། །དེ་ལ་ང་རྒྱལ་ཞེས་བྱ་བ་ནི་སྙེམས་པས་ང་རྒྱལ་ཞེས་བྱ་སྟེ། འདི་ནི་ངན་ནོ། །བདག་ནི་བཙུན་ནོ། །བདག་ནི་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། སྙེམས་པ་ནི་ང་རྒྱལ་ཞེས་བྱའོ། །དེ་ལ་རྒོད་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་སྐྱེད་པ་དང་ཤིན་ཏུ་སྙེམས་པའོ། །དེ་ལ་ཉོན་མོངས་པ་སྐྱེད་པ་ནི་གཟུགས་ལ་གཙང་བར་ཡོངས་སུ་བརྟགས་ནས་ལུས་དང་ངག་དང་ཡིད་ཀྱིས་འགལ་བར་སྤྱོད་པ་སྟེ། གང་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། །དེ་ལ་ཤིན་ཏུ་སྙེམས་པ་ནི་ངེས་པར་འབྱིན་པའི་ལམ་དེ་ཉིད་ལ་ཤིན་ཏུ་སྙེམས་པ་དང་། ཤིན་ཏུ་རྒྱུག་པ་དང་། བདག་ཉིད་སྙེམས་པ་སྟེ། འདི་ནི་རྒོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སྟོང་པ་ཉིད་ཀྱི་མི་འཐུན་པའི་ཕྱོགས་ཁོང་དུ་ཆུད་པར་བྱའོ།། །། བམ་པོ་གཉིས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་འཕྲོགས་པ་དང་རྣམ་པར་མི་འགྲོ་བ་དང་། ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མ་ཡིན་པ་དང་། འཇུག་པ་མེད་ཅིང་ལྡོག་པ་མེད་པ་དང་། འཐབ་པ་མེད་ཅིང་རྩོད་པ་མེད་པ་དང་བྲི་བ་མེད་ཅིང་གང་བ་མེད་པ་དང་། འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགགས་པར་བཟོད་པ་དང་། ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད། སངས་རྒྱས་རྣམས་ཀྱིས་མ་བཀག་གོ་ཞེས་ཐོས་ན་མི་སྐྲག་པ་དང་། འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་དེ་དག་མཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བ་དང་། དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ། ཆོས་རྣམས་ནི་མི་ཟད་པའོ་ཞེས་ཐོས་ན་འཇུག་པའོ། །དེ་ལ་ཇི་ལྟར་ན་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ཏེ། རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་བ་ཡང་མེད།


DKG065_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་ཡི་སོས་པ་ཡང་མེད། མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད། སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བ་ཡང་མེད་དེ། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་རྣམ་པར་མི་འགྲོ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་གང་ནས་ཀྱང་རྣམ་པར་མི་འགྲོ། གང་དུ་ཡང་རྣམ་པར་མི་འགྲོ། དེ་གང་ནས་རྣམ་པར་འགྲོ་བ་དང་། གང་དུ་རྣམ་པར་འགྲོ་བ་དེ་སྟོང་པ་ཉིད་དུ་མཐོང་། སྟོང་པ་ཉིད་དུ་ཤེས་སོ། །གང་མི་འགྲོ་རྣམ་པར་མི་འགྲོ་བ་དེ་ཡང་སྟོང་པ་ཉིད་དུ་ཤེས་ཏེ། དེ་ལྟར་རྣམ་པར་མི་འགྲོ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མ་ཡིན་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ། མི་ཆགས་པ་མེད་དེ། དེ་གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང་ཞིང་། གང་ཆོས་གང་ལ་ཆགས་པ་དང་། ཆགས་པ་མེད་པ་དེ་ཡང་སྟོང་པ་ཉིད་དུ་ཤེས་ཏེ། དེ་ལྟར་ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མ་ཡིན་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་འཇུག་པ་མེད་ཅིང་ལྡོག་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་མི་འཇུག །གང་ནས་ཀྱང་མི་ལྡོག་སྟེ། དེ་གང་ལ་འཇུག་པ་དང་། གང་ནས་ཀྱང་ལྡོག་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང་ཡང་བྱང་ཆུབ་ཀྱི་ཚོགས་རྣམས་ལ་མི་འཇུག་པ་ཡང་མ་ཡིན་ཏེ། གང་དེ་ལྟར་འཇུག་པ་དེ་ནི་སྟོང་པ་ཉིད་ཤེས་པ་ཡིན་ཏེ། དེ་ལྟར་འཇུག་པ་མེད་ཅིང་ལྡོག་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འཐབ་པ་མེད་ཅིང་རྩོད་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་ལ་ལ་འཐབ་ཅིང་རྩོད་པར་བྱེད་པ་དེས་ནི་སྟོང་


DKG065_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་མི་ཤེས་ཏེ། དེ་གང་དང་འཐབ་ཅིང་རྩོད་པར་བྱེད་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང་སྟེ། དེ་ལྟར་འཐབ་པ་མེད་ཅིང་རྩོད་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་བྲི་བ་མེད་ཅིང་གང་བ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་ཆོས་གང་ཡང་བྲི་བའམ་གང་བར་མི་མཐོང་སྟེ། དེས་ཆོས་གང་སྟོང་པ་དེ་བྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སུ་ཆོས་གང་འབྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ཏེ། དེ་ལྟར་བྲི་བ་མེད་ཅིང་གང་བ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགགས་པར་བཟོད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་ཆོས་ཡང་དག་པའམ། ཡང་དག་པ་མ་ཡིན་པར་ཡང་རྗེས་སུ་མི་མཐོང་ངོ་། །གང་ཡང་དག་པ་ཡང་མ་ཡིན། ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་འགགས་པའོ། །གང་ངོ་བོ་ཉིད་ཀྱིས་འགགས་པ་དེ་ནི་རང་བཞིན་གྱིས་འགགས་པ་ཞེས་བྱའོ། །སྟོང་པ་ཉིད་སྨྲ་བ་ནི་ཆོས་གང་ཡང་སྐྱེ་བའམ། འགགས་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགགས་པར་བཟོད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད། སངས་རྒྱས་རྣམས་ཀྱིས་མ་བཀག་ཅེས་ཐོས་ན་མི་སྐྲག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་འདི་ལྟར་འདི་དག་ནི་སོ་སོའི་སྐྱེ་བོ་འདི་དག་ནི་སངས་རྒྱས་སོ་སྙམ་དུ་མི་སེམས་མོད་ཀྱི། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་མཉམ་པ་ཉིད་དུ་ཤེས་སོ། །གང་སོ་སོའི་སྐྱེ་བོའི་ཆོས་ནི་ཐ་མ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྒྱ་ཆེ་བར་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ཏེ། དེ་ལྟར་ཆོས་གང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད། སངས་རྒྱས་རྣམས་ཀྱིས་མ་བཀག་ཅེས་ཐོས་ན་མི་སྐྲག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་དེ་དག་མཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བས་སྟོང་པ་ཉིད་


DKG065_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་ཐ་དད་པར་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཁོར་བའི་དེ་བཞིན་ཉིད་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དེ་གཉི་ག་ཡང་འདུས་མ་བྱས་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་སྟེ། གང་འདི་ལྟར་འཁོར་བའི་དེ་བཞིན་ཉིད་དང་། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་ནི་ཐེ་ཚོམ་མི་ཟ་སྟེ། དེ་ལྟར་འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་དེ་དག་མཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་རྣམས་ནི་མི་ཟད་པའོ་ཞེས་ཐོས་ན་འཇུག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་མི་ཟད་པ་ཞེས་ཐོས་ན་མི་འཇུག་པ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་ཉིད་དང་སྟོང་པ་ཉིད་དོ། །གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྐུ་མ་ཡིན་ནོ། །གང་དེ་དེ་ལྟར་ཤེས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ། ཆོས་རྣམས་ནི་མི་ཟད་པ་ཞེས་ཐོས་ན་འཇུག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པ་དང་། ཐོས་པ་འཛིན་པ་དང་། ཐོས་པ་རྒྱ་མཚོ་དང་། ཐོས་པ་བསགས་པ་ཡང་ཡིན་ལ་ཐོས་པ་དེས་མཐོ་བར་ཡང་མི་སེམས། དམའ་བར་ཡང་མི་སེམས་པ་དང་། དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་ཕུན་སུམ་ཚོགས་པ་ཡང་ཡིན་ལ་ཐོས་པ་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། སྨན་ཤེས་པ་དང་། ཆོས་ཤེས་པ་དང་། དོན་ཤེས་པ་ཡང་ཡིན་ལ་རྒན་པ་རྣམས་ལ་བསྟེན་པར་ཡང་མི་འདོར་བ་དང་།


DKG065_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ཤེས་པ་དང་དེ་ཁོ་ན་ཤེས་པ་དང་། འདུལ་བ་ཤེས་པ་ཡང་ཡིན་ལ་གཞན་ལ་འདྲི་བའི་སྦྱོར་བ་ཡང་མི་གཏོང་བ་དང་མགུ་སླ་བ་དང་གསོ་སླ་བ་དང་། ཆོ་ག་དང་སྤྱོད་པ་མཛེས་པ་ཕུན་སུམ་ཚོགས་པ་ཡང་ཡིན་ལ། བླ་མ་ལ་རིམ་གྲོ་བྱེད་པའི་སྤྱོད་པ་ཡང་མི་གཏོང་བ་དང་། དུལ་བ་དང་། ཞི་བ་དང་། བྱང་བ་དང་། མི་འཇིགས་པ་ཡང་ཡིན་ལ་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པའི་སྦྱོར་བ་ཡང་མི་གཏོང་བ་དང་། ཟབ་པ་དང་གཏིང་དཔག་དཀའ་བའི་དོན་ལ་མཁས་པ་ཡང་ཡིན་ལ་འཇིག་རྟེན་གྱི་འཇུག་པ་རགས་ཤིང་སླ་བ་ལ་ཡང་འཇུག་པ་དང་། སེམས་ཅན་དང་འཐུན་པར་བྱ་བའི་ཕྱིར་རང་བཞིན་གྱིས་དྲང་བ་དང་། མཉེན་པ་དང་འགྲོགས་ན་བདེ་བ་ཡང་ཡིན་ལ་སེམས་ཅན་སྡང་བ་དང་རབ་ཏུ་སྡང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་དང་ལྷན་ཅིག་ཏུ་ཡང་མི་གནས་པ་དང་སྦྱིན་པ་དང་དུལ་བ་དང་མི་འགྱུར་བ་དང་། དེས་པ་དང་ཆོ་ག་དང་། གནས་པ་ལ་མངོན་པར་དགའ་བ་ཡང་ཡིན་ལ་ཐམས་ཅད་དུ་ཡང་ཡིད་མི་གནས་པ་དང་སྤྱོད་ཡུལ་ཡང་རྣམ་པར་མི་རྟོག་པ་དང་བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་དང་མདུད་པ་དང་། ཟུག་རྔུ་འབྱིན་པ་ཡང་ཡིན་ལ་སེམས་ཅན་གཞན་གྱི་ཉོན་མོངས་པ་དག་སྤོང་བའི་བརྩོན་འགྲུས་ཀྱང་མི་གཏོང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འདོད་པ་ཐམས་ཅད་དང་བྲལ་བ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། ཆོས་རྣམས་མི་འཕོ་བར་ཡང་ཤེས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། མི་ཟད་པའི་ཆོས་མངོན་སུམ་དུ་གྱུར་པ་ཡང་ཡིན་ལ་བཟོད་པ་དང་དེས་པ་ཡང་ཉམས་པར་མི་བྱེད་པ་དང་། རྟག་ཏུ་ཏིང་ངེ་འཛིན་སྤྱོད་ཡུལ་བ་ཡང་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་དགེ་བ་བྱ་བའི་རྩོམ་པ་ཡང་ཉམས་པར་མི་བྱེད་པ་དང་། ཞི་བ་དང་ཉེ་བར་ཞི་


DKG065_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྤྱོད་ཡུལ་བ་ཡང་ཡིན་ལ་རྣམ་པར་གཡེངས་ཏེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རབ་ཏུ་བརྩོན་པ་ཡང་ཉམས་པར་མི་བྱེད་པ་དང་། གཟུངས་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡང་ཡིན་ལ་ཐོས་པ་ཚོལ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། ཆོས་ཀྱི་གཏེར་ཡང་ཡིན་ལ་ལེགས་པར་བརྗོད་པ་གཅིག་གི་ཕྱིར་དཔག་ཚད་བརྒྱ་སྟོང་དུ་འགྲོ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པ་ཡང་ཡིན་ལ་སློབ་དཔོན་དང་བླ་མ་ཚོལ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། ཆོས་ཐམས་ཅད་མ་སྐྱེས་མ་འགགས་པ་ལ་ཐེ་ཚོམ་མེད་པ་ཡང་ཡིན་ལ་དམ་པའི་ཆོས་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། སེམས་ཅན་དང་སེམས་ཅན་དུ་བཏགས་པ་ཡང་མི་དམིགས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པར་བྱེད་པས་དེའི་ཚིག་གཟུང་བ་ཡིན། བྱམས་པ་ཆེན་པོས་བསྐྱེད་པས་དེའི་ཚིག་འཇམ་པ་ཡིན། དབེན་པའི་རྗེས་སུ་འཐུན་ཞིང་འདོད་ཆགས་མེད་པའི་རྗེས་སུ་འཐུན་ལ་ཐར་པའི་རྗེས་སུ་འཐུན་པས་དེའི་ཚིག་རྗེས་སུ་འཐུན་པ་ཡིན། ཞི་གནས་དང་འཐུན་ཞིང་ལྷག་མཐོང་དང་འཐུན་ལ་ལམ་དང་འཐུན་པས་དེའི་ཚིག་འཐུན་པ་ཡིན། གསང་བ་རྣམ་པར་འབྱེད་པས་དེའི་ཚིག་གསལ་བ་ཡིན། སྒྲ་ངན་པ་མེད་པ་དང་དོན་རྫོགས་པས་དེའི་ཚིག་གི་དོན་དང་ཡི་གེ་མི་འདོར་བ་དང་ལྡན་པ་ཡིན། གཏི་མུག་གི་མུན་པ་དང་འཁྲུལ་པ་རྣམ་པར་འཇོམས་པས་དེའི་ཚིག་གཡོ་དང་སྒྱུ་མེད་པ་ཡིན། ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་རྒྱུ་ལས་བྱུང་བས་དེའི་ཚིག་ཐེ་ཚོམ་མེད་པ་ཡིན། ཉོན་མོངས་པ་དང་ཉེ་


DKG065_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་རྒྱུ་ལས་བྱུང་བས་དེའི་ཚིག་བག་ལ་ཉལ་མེད་པ་ཡིན། དྲི་མ་མེད་ཅིང་རྩོམ་པ་མེད་པས་དེའི་ཚིག་ཀུན་ནས་ལྡང་བ་མེད་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེའི་ཆོས་སྟོན་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་རྟེན་པ་ཡིན་གྱི། རྙེད་པ་དང་བཀུར་སྟི་ལ་རྟེན་པ་མ་ཡིན་པ་དང་། དེའི་ཆོས་སྟོན་པ་སངས་རྒྱས་ཐམས་ཅད་ལ་རྟེན་པ་ཡིན་གྱི། རང་དགའ་ལ་རྟེན་པ་མ་ཡིན་པ་དང་། དེའི་ཆོས་སྟོན་པ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཡིན་གྱི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྩ་བ་ཅན་མ་ཡིན་པ་དང་། དེའི་ཆོས་སྟོན་པ་སོ་སོའི་སྐྱེ་བོའི་རྒྱུན་གཅོད་པ་ཡིན་གྱི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཚུལ་གཅོད་པ་མ་ཡིན་པ་དང་། དེའི་ཆོས་སྟོན་པ་སྙིང་རྗེ་ཆེན་པོའི་རླན་གྱིས་བརླན་པ་ཡིན་གྱི། བདག་བདེ་བའི་རླན་གྱིས་བརླན་པ་མ་ཡིན་པ་དང་། དེའི་ཆོས་སྟོན་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་ངེས་པར་རྟོགས་པས་ཟབ་པ་དང་། དེའི་ཆོས་སྟོན་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་འཐུན་པས་སྐྱེ་བོ་དགེ་བ་རྣམས་དང་འཐུན་པ་དང་། དེའི་ཆོས་སྟོན་པ་ཕུང་པོ་དང་འཆི་བདག་དང་། ཉོན་མོངས་པ་དང་ལྷའི་བུ་ཚར་གཅོད་པས་བདུད་ཐམས་ཅད་རྣམ་པར་འཇོམས་པ་དང་། དེའི་ཆོས་སྟོན་པ་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འོས་པས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། དེའི་ཆོས་སྟོན་པ་སྟོབས་དང་། མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱེད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚངས་པར་


DKG065_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཡོ་བྱད་ལ་དགའ་བ་ཡིན་གྱི། འཇིག་རྟེན་པའི་ཡོ་བྱད་ལ་དགའ་བ་མ་ཡིན་པ་དང་། འཕགས་པའི་སྐྱེ་བོའི་ཚུལ་ལ་མངོན་པར་དགའ་བ་ཡིན་གྱི། འཕགས་པ་མ་ཡིན་པའི་སྐྱེ་བོའི་ཚུལ་ལ་དགའ་བ་མ་ཡིན་པ་དང་། འཕགས་པ་མ་ཡིན་པའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱ་བ་ལ་དགའ་བ་ཡིན་གྱི། བྱ་བ་མ་ཡིན་པ་དང་། བྱ་བ་ངན་པ་ལ་དགའ་བ་མ་ཡིན་པ་དང་། ཆོས་ཀྱི་ཟས་ལ་མངོན་པར་དགའ་བ་ཡིན་གྱི། ཟང་ཟིང་གི་ཟས་ལ་མངོན་པར་དགའ་བ་མ་ཡིན་པ་དང་། དགོན་པ་དང་བས་མཐའ་ལ་མངོན་པར་དགའ་བ་ཡིན་གྱི། གྲོང་དང་གྲོང་ཁྱེར་དང་ཚོང་འདུས་ཀྱི་སྤྱོད་ཡུལ་ལ་མངོན་པར་དགའ་བ་མ་ཡིན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་མངོན་པར་དགའ་བ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་མངོན་པར་དགའ་བ་མ་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བ་ལ་མངོན་པར་དགའ་བ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ཙམ་ལ་མངོན་པར་དགའ་བ་མ་ཡིན་པ་དང་མཚན་དང་དཔེ་བྱད་བཟང་པོ་དང་། གཟུགས་ཀྱི་ལུས་མངོན་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། ཆོས་ཀྱི་སྐུ་མངོན་པར་རྟོགས་པ་ཙམ་ལ་དགའ་བ་མ་ཡིན་པ་དང་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། འཕགས་པའི་བདེན་པ་མངོན་པར་རྟོགས་པ་ཙམ་ལ་མངོན་པར་དགའ་བ་མ་ཡིན་པ་དང་། སེམས་ཅན་ཕ་རོལ་གྱི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་མ་ཡིན་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བ་ལ་མངོན་པར་དགའ་བ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ཙམ་ལ་མངོན་པར་དགའ་བ་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་དཔེ་དང་ལྡན་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་


DKG065_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བར་གྱུར་ཀྱང་སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཆོས་སྨྲ་བ་ཡང་ས་ལྟར་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་ཆུ་ནི་རང་གི་ཡོན་ཏན་རྣམས་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་བྱེད་ཀྱང་སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་རང་གི་ཡོན་ཏན་རྣམས་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་བྱེད་དེ། སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་མེའི་ཁམས་ནི་རང་གི་ཡོན་ཏན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ཀྱང་སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་རང་གི་ཤེས་རབ་ཀྱི་ཡོན་ཏན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་དགེ་བའི་རྩ་བའི་ལོ་ཏོག་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་རླུང་གི་ཁམས་ནི་རྩྭ་དང་། ཤིང་གེལ་བ་དང་། སྨན་གྱི་ཚོགས་དང་། སེམས་ཅན་གྱི་རྒྱུད་རྣམས་རྣམ་པར་སྐྱེད་ཀྱང་རྣམ་པར་མི་རྟོག་ཅིང་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཆོས་སྨྲ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་ལུས་དང་། ཆོས་ཀྱི་སྐུ་རྣམ་པར་སྐྱེད་ཀྱང་སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་མཐའ་ཡས་ཤིང་མུ་མེད་ལ་སྒྲིབ་པ་མེད་པའི་རང་བཞིན་ཏེ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་དེ་གང་ལ་ཡང་མི་ཆགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་ཡོན་ཏན་མཐའ་ཡས་ཤིང་མུ་མེད་ལ་ཐམས་ཅད་དུ་སྒྲིབ་པ་མེད་པའི་རང་བཞིན་ཏེ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་དེ། གང་ལ་ཡང་མི་ཆགས་སོ། །འདི་ལྟ་སྟེ་དཔེར་ན་ཟླ་བ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་


DKG065_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟག་ཏུ་ངེས་པར་སྣང་ཞིང་འཇིག་རྟེན་སྐྱོང་ཡང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་རྟག་ཏུ་ངེས་པར་སྣང་ཞིང་འཇིག་རྟེན་སྐྱོང་ཡང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་སོ། །འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་བས་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཏེ། དེའི་འོད་ཀྱིས་སྣང་བར་བྱས་ནས་སེམས་ཅན་དག་རང་རང་གི་ལས་རྣམས་བྱེད་ཀྱང་ཉི་མ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་མུན་ནག་མེད་པར་གྱུར་ཏེ། དེའི་འོད་ཀྱིས་སྣང་བར་བྱས་ནས་སེམས་ཅན་དག་རང་རང་གི་དགེ་བའི་རྩ་བ་རྣམས་བྱེད་ཀྱང་ཆོས་སྨྲ་བ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། སུ་ལས་ཀྱང་ལན་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་གྲུ་སྲ་ཞིང་བརྟན་པ་ལེགས་པར་སྦྱར་བ་ནི་མི་ཞིག་པར་ཆུ་བོ་ཆེན་པོ་ལས་སེམས་ཅན་རྣམས་སྒྲོལ་ནུས་ཏེ། སུ་ལས་ཀྱང་གྲུ་བཙས་ཅུང་ཟད་ཀྱང་མི་ཚོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་ཤེས་རབ་བརྟན་ཅིང་ཕ་རོལ་ཏུ་ཕྱིན་པ་སྲ་བ་སྙིང་རྗེ་ཆེན་པོས་ལེགས་པར་སྦྱར་བའི་ཆོས་ཅན་ཡང་སེམས་ཅན་རྣམས་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་ནུས་ཏེ། མི་ཞིག་ཀྱང་སུ་ལ་ཡང་གྲུ་བཙས་ཅུང་ཟད་ཀྱང་མི་ཚོལ་ལོ། །འདི་ལྟ་སྟེ། དཔེར་ན་འབབ་ཆུ་དྲག་པོ་འཇིགས་པ་ལ་ཟམ་པ་དང་། སྟེགས་ནི་སེམས་ཅན་ཐ་མ་དང་འབྲིང་དང་། མཆོག་རྣམས་ལ་མཚུངས་པར་བདེ་བར་བྱ་བའི་ཕྱིར་གནས་པ་ཡིན་ཏེ། དེ་གང་ལ་ཡང་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་འཁོར་བ་རྒལ་དཀའ་བ་མི་བཟད་པ། མ་རུངས་པ་ངན་སོང་དུ་གཞོལ་བར་འབབ་པ་ལ་སྟེགས་དང་། ཟམ་པ་ཆེན་པོར་གྱུར་ཅིང་སེམས་ཅན་ཐ་མ་དང་། འབྲིང་དང་མཆོག་རྣམས་ལ་མཚུངས་པར་བདེ་བར་བྱ་བའི་ཕྱིར་གནས་པ་ཡིན་ཏེ། དེ་གང་ལ་ཡང་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དོ། །འདི་ལྟ་སྟེ། དཔེར་ན་སྒྲོན་མ་ནི་མུན་ནག་གི་ནང་ན་སེམས་ཅན་ཐ་མ་དང་།


DKG065_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་མཆོག་རྣམས་ལ་མཚུངས་པར་སྣང་བར་བྱེད་དེ། དེ་གང་ལ་ཡང་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་མ་རིག་པའི་མུན་ནག་འཁོར་བའི་ཁྱིམ་གྱི་ནང་དུ་ཤེས་རབ་ཀྱི་སྒྲོན་མ་ཕྱུང་ནས་སེམས་ཅན་ཐ་མ་དང་འབྲིང་དང་། མཆོག་རྣམས་ལ་མཚུངས་པར་སྣང་བར་བྱེད་ཀྱང་། དེ་གང་ལ་ཡང་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དེ། བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་དཔེ་དང་ལྡན་པ་བཅུ་པོ་དེ་དག་གིས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་འགྲོགས་པ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དམན་པ་ལ་སེམས་པ་དང་། དམན་པ་ལ་སྨོན་པའི་སེམས་ཅན་དམན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། སེམས་ཅན་མི་བརྩོན་པ། མི་འགྲུས་པ། ལེ་ལོ་ཅན་བརྩོན་འགྲུས་མེད་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་ངའོ་སྙམ་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། ང་རྒྱལ་གྱིས་ཁེངས་པའི་སེམས་ཅན་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་ལེ་ལོ་དང་རྣམ་པར་གཡེངས་པ་དང་། འཆལ་པའི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་སེམས་ཅན་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། རྟོག་པ་དང་རྣམ་པར་རྟོག་པ་དང་ཀུན་ཏུ་རྟོག་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་སྒྲིབ་པ་དང་། ཆོད་པ་དང་ཀུན་ནས་དཀྲིས་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་།


DKG065_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མངོན་པར་དགའ་བའི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་། ངར་འཛིན་པ་དང་ང་ཡིར་འཛིན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་སྟེ། ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་འགྲོགས་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཡལ་བར་འདོར་བ་བཅུ་དང་ལྷན་ཅིག་མི་འགྲོགས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །དམ་པའི་ཆོས་ཉན་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །དམ་པའི་ཆོས་ཀྱི་སྦྱིན་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །བླ་མ་ཐམས་ཅད་ལ་རིམ་གྲོ་བྱ་བ་ལ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །བདུད་ཀྱི་ལས་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །མུ་སྟེགས་ཅན་དཀྲུག་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །ཕ་རོལ་ཏུ་ཕྱིན་པ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་སོ། །ཕུང་པོ་གསུམ་པའི་ཡོངས་སུ་བསྔོ་བ་ཡལ་བར་འདོར་བ་དང་ལྷན་ཅིག་མི་འགྲོགས་ཏེ། བྱང་ཆུབ་སེམས་དཔའ་ནི་ཡལ་བར་འདོར་བ་བཅུ་པོ་དེ་དག་དང་ལྷན་ཅིག་མི་འགྲོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་རྣམ་པ་བཅུར་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྒྱུར་བར་འཕྲུལ་པ་དང་། བརྒྱ་བྱིན་དུ་འཕྲུལ་པ་དང་། ཚངས་པར་འཕྲུལ་པ་དང་། ཉན་ཐོས་སུ་འཕྲུལ་པ་དང་། རང་སངས་རྒྱས་སུ་འཕྲུལ་པ་དང་། བྱང་ཆུབ་སེམས་དཔར་འཕྲུལ་པ་དང་། སངས་རྒྱས་སུ་འཕྲུལ་པ་དང་། སངས་རྒྱས་ཀྱི་ཞིང་དུ་འཕྲུལ་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འཕྲུལ་པ་དང་། འཁོར་ཆེན་པོར་འཕྲུལ་པ་སྟེ། བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་འདི་དག་ཐམས་ཅད་ནི་གཞན་གྱི་བསམ་པ་ལས་གྱུར་པར་


DKG065_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །དེ་ལ་ནམ་འཇིག་རྟེན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཙོ་བོར་བྱེད་ཅིང་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། སྤྱོད་པ་གཙོ་བོར་བྱེད་པ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོས་སྒྱུར་བའི་བཀོད་པ་རྣམས་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་དོ། །དེ་ལ་འཁོར་ལོ་རིན་པོ་ཆེ་ནི་རྩིབས་སྟོང་ཡོད་ལ། ལྷ་དང་མིའི་ལས་ཤིན་ཏུ་འདས་པ། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། མགར་བས་མ་བརྡུངས་པ། རང་གི་སྨོན་ལམ་དང་བསོད་ནམས་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ་བལྟ་བས་མི་ངོམས་པའི་གཟུགས་ཅན་ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །གླང་པོ་རིན་པོ་ཆེ་ནི་ཆུ་ཞེང་ཕུན་སུམ་ཚོགས་པ། ཐལ་ཀར་མཆེ་བ་དྲུག་ཡོད་པ། བལྟ་བས་མི་ངོམས་པའི་གཟུགས་ཅན། ནམ་མཁའ་ལ་འགྲོ་བ། མགྱོགས་པའི་ཤུགས་ཕུན་སུམ་ཚོགས་པ། ས་སྲུང་གི་བུ་དང་ནམ་མཁའ་ལྡིང་ལྟར་མགྱོགས་པ། ལེགས་པར་སྤྱད་པའི་ལས་ཀྱི་མཐུ་ལས་བྱུང་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །རྟ་རིན་པོ་ཆེ་ནི་ཐམས་ཅད་སྔོ་བ། ཅང་ཤེས་པ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དང་མཚུངས་པ། རླུང་ལྟར་མགྱོགས་པ། ཡིད་བཞིན་གྱི་ནོར་བུ་ལྟར་བསམས་པ་ཙམ་གྱིས་ཕྱིན་པར་བྱེད་པ་ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །ནོར་བུ་རིན་པོ་ཆེ་ནི་ཟུར་བརྒྱད་པ། མཁན་བཟོས་མ་བྱས་པ། འོད་ཕུན་སུམ་ཚོགས་པ། མེ་དང་ཉི་མའི་འོད་ཟིལ་གྱིས་ནོན་པ། གང་དགའ་དགུར་འགྲོ་བ། ཕུན་སུམ་ཚོགས་པ་འདོད་དགུ་ཕུན་སུམ་ཚོགས་པར་སྦྱིན་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །བུད་མེད་རིན་པོ་ཆེ་ནི་ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་། ཧ་ཅང་ཡང་མི་སྐེམ། ཧ་ཅང་ཡང་མི་སྦོམ་པ། འདུལ་བའི་ཆོ་ག་ཕུན་སུམ་ཚོགས་པ། བསྟན་བཅོས་དང་། བཟོ་དང་། སྙན་དངགས་དང་། སྒྱུ་རྩལ་སྣ་ཚོགས་


DKG065_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ། མཉེན་ཞིང་ཟབ་ལ་སྙན་པའི་སྨྲ་བ་ཕུན་སུམ་ཚོགས་པ། ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ། འཛུམ་པ་དང་ཚུལ་ཕུན་སུམ་ཚོགས་པ། ཆོས་སྤྱོད་པ་ལ་དགའ་བ། མཚུངས་པ་མེད་པའི་གཟུགས་ཅན་ཏེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །ཁྱིམ་བདག་རིན་པོ་ཆེ་ནི་ལག་ན་རྡོ་རྗེ་དང་འདྲ་བ། ཆུ་ཞེང་རྣམ་ཐོས་ཀྱི་བུ་དང་སྲེད་མེད་ཀྱི་བུ་དང་འདྲ་བ། རྟག་ཏུ་མཉེན་ཞིང་སྙན་ལ་འཇམ་ཞིང་ཡིད་དུ་འོང་བའི་ཚིག་འབྱིན་པ། ཤའི་མིག་སྒྲིབ་པ་མེད་པ་དང་ལྡན་པ། བྱམས་པ་དང་སྙིང་རྗེ་མང་བ། ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུར་འཛུད་པ། མིག་རིན་པོ་ཆེ་དགེ་བའི་རྩ་བ་སྐལ་བ་མཉམ་པས་གྲུབ་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །བློན་པོ་རིན་པོ་ཆེ་ནི་རིན་པོ་ཆེ་རིགས་མ་ལྟ་བུ། དགེ་བའི་རྩ་བ་རྣམས་ཀྱི་གཟུགས་བརྙན་དུ་གྱུར་པ། སྔར་ལྡང་ཞིང་བསམ་པ་དགེ་བ། བལྟས་པ་དང་མིག་རིག་རིག་བྱས་པས་དོན་གོ་བ། ལས་བཟང་པོ་དང་རྒྱས་པ་དང་རྫོགས་པ་དང་མ་སྨད་པ་བྱེད་པ། ནམ་མཁའ་ལ་འགྲོ་བ། འདོད་དགུར་འགྲོ་བ་འབྱོར་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །དེ་ལ་སོགས་པ་འཁོར་ལོས་སྒྱུར་བའི་རིན་པོ་ཆེ་བཀོད་པ་ཐམས་ཅད་སྤྲུལ་ནས་བྱང་ཆུབ་སེམས་དཔའ་སེམས་ལ་དབང་བ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ཅན། མི་རིན་པོ་ཆེ་ཁ་ན་མ་ཐོ་བ་མེད་པའི་ལས་ཟབ་པ། སྣུམ་པ། ཕན་པའི་ལྷག་པའི་བསམ་པ་དམ་པ། ཆོས་ཆེན་པོ་ལ་གཞོལ་བ། འཁོར་ལོས་སྒྱུར་བ་ཆེན་པོ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བསྟེན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་འཁོར་ལོས་སྒྱུར་བར་འཕྲུལ་པ་ཆེན་པོ་ཞེས་བྱའོ། །ནམ་འཇིག་རྟེན་ན་བརྒྱ་བྱིན་གཙོ་བོར་བྱེད་པ་དེ་ན་བརྒྱ་བྱིན་གྱི་གཟུགས་སུ་སྤྲུལ་ནས་སུམ་ཅུ་རྩ་གསུམ་གྱི་ཁང་པར་ཞུགས་ཏེ་བག་ཡོད་པའི་གཏམ་གྱིས་ལྷ་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ནམ་འཇིག་རྟེན་ན་ཚངས་པ་གཙོ་བོར་བྱེད་པ་དེ་ན་ཚངས་པའི་གཟུགས་སུ་སྤྲུལ་ནས་རབ་


DKG065_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞི་བའི་བསམ་གཏན་དང་། ཚད་མེད་པའི་བསམ་གཏན་རྣམས་ཀྱིས་ཚངས་པའི་རིས་ཀྱི་ལྷ་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་ཉན་ཐོས་ཀྱིས་འདུལ་བ་ཡིན་གྱི། རང་སངས་རྒྱས་ཀྱིས་འདུལ་བ་མ་ཡིན། སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་ཉན་ཐོས་ཀྱི་གཟུགས་སུ་སྤྲུལ་ནས་སྡུག་བསྔལ་ཟད་པར་བྱ་བ་དང་། མྱ་ངན་འདས་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ནམ་སེམས་ཅན་རྣམས་རང་སངས་རྒྱས་ཀྱིས་འདུལ་བ་ཡིན་གྱི། ཉན་ཐོས་ཀྱིས་འདུལ་བ་མ་ཡིན། སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་ཏེ། དབེན་པའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་རྐང་པའི་གཏམ་དང་། སྦྱིན་གནས་ཆེན་པོར་དབང་སྐུར་བའི་གཏམ་དང་། རྟེན་པའི་གཏམ་དང་། རྣམ་པར་ཐར་པའི་ཚུལ་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་བྱང་ཆུབ་སེམས་དཔས་འདུལ་བར་འགྱུར་བ་དེ་ན་རང་གི་གཟུགས་སུ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱིན་གྱི་རླབས་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། གཟུངས་དང་། དབང་དང་། བཟོད་པ་དང་། སའི་གཏམ་གྱིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་དབང་པོ་དང་། ཁམས་རྒྱ་ཆེ་ཞིང་རྒྱས་པར་གྱུར་པ་དེ་ན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ནས་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་གཏམ་རྣམས་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་རྣམས་ཀྱིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ། འཇམ་པ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་བཻ་དཱུཪྱ་སྔོན་པོར་གྱུར་ལ། ཤེལ་


DKG065_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ། ཙན་དན་སྦྲུལ་གྱི་སྙིང་པོར་གྱུར་པ། འཛམ་བུ་ཆུ་བོའི་གསེར་དུ་གྱུར་པ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། མཐོ་དམའ་མེད་པ། ངན་སོང་ལོག་པར་ལྟུང་བ་མེད་པ། བུད་མེད་རྒྱུ་བ་མེད་པ། རི་ནག་པོ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་རྣམས་ཀྱིས་མཛེས་པར་བྱས་པ། ཚེར་མ་དང་ངམ་གྲོག་དང་གཡང་ས་མེད་པ་དང་། རིན་པོ་ཆེའི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་བྱང་ཆུབ་ཀྱི་སྙིང་པོ་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་བྱང་ཆུབ་ཀྱི་ཤིང་དཔག་ཚད་བཅུ་གཉིས་ཀྱི་ཚད་དུ་མངོན་པར་སྤྲུལ་ཏེ། རྩ་བ་ཤིན་ཏུ་ཟུག་པ། སྡོང་པོ་ནི་འཛམ་བུའི་ཆུ་བོའི་གསེར། ཡལ་ག་ནི་གསེར་དང་དངུལ་དང་བཻ་དཱུཪྱ་དང་ཤེལ་དང་རིན་པོ་ཆེ་ཐ་དད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ལོ་མས་མཛེས་པར་བྱས་པ། ལྷའི་བུ་མོ་བརྒྱ་སྟོང་དུ་མ་གནས་པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་འཁོར་རྒྱ་ཆེན་པོས་འདུལ་བར་གྱུར་པ་དེ་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྤྲུལ། ཉན་ཐོས་སོ་སོ་ཡང་དག་པར་རིག་པ་ཐོབ་པ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་ཆོས་ཀྱི་ཚུལ་ལ་འཇུག་པ་དང་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའི་དབང་བ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་ཆུ་ཟླ་ནི་ནམ་མཁའི་ཟླ་བའི་གཟུགས་བརྙན་ཡིན་མོད་ཀྱི། ཆུ་ཟླ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དགེ་བ་མངོན་པར་འདུ་བྱེད་པའི་རྐྱེན་ལས་རྣམ་པར་སྨིན་པ་དགེ་བ་སྣ་ཚོགས་ཡིད་དུ་འོང་བ་འབྱུང་སྟེ། ཇི་ལྟར་ནམ་མཁའི་ཟླ་བ་ཆུའི་


DKG065_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་མི་འཕོ་བ་དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་འདུ་བྱེད་རྣམས་ཀྱང་སྲིད་པ་འདུ་བྱེད་རྣམས་སུ་འཕོ་བ་ཡང་མ་ཡིན་ལ། ལས་ཀྱི་སྲིད་པའི་རྐྱེན་ལས་ཀྱང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་རྨ་བྱའི་མདོངས་གཅིག་ལས་སྲོག་ཆགས་རྣམས་ལ་གཟུགས་དུ་མར་སྣང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བ་མངོན་པར་འདུ་བྱ་བ་གཅིག་ལས་རྣམ་པར་སྨིན་པ་རྣམ་པ་དུ་མར་སྣང་སྟེ། ལས་ཀྱི་སྲིད་པའི་འདུ་བྱེད་དེ་དག་རྨ་བྱའི་མདོངས་སུ་མི་འཕོ་མོད་ཀྱི། དེའི་རྐྱེན་ལས་རྨ་བྱའི་མདོངས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་བསགས་པ་ཡང་སྲིད་པར་འཕོ་བ་མ་ཡིན་ཡང་། དགེ་བའི་ལས་ཀྱི་སྲིད་པ་ལ་བརྟེན་ནས་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་དགེ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་པས་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་ཅིང་མེ་ཏོག་དེ་དག་གཟུགས་དང་དྲི་ལ་སོགས་པར་དབང་བ་ཉིད་དུ་འགྱུར་ཡང་། གང་དགེ་བའི་རྩ་བ་ངོ་མཚར་རྨད་དུ་བྱུང་བ་བྱས་པ་དེ་དག་ནམ་མཁའི་མེ་ཏོག་དེ་དག་ཏུ་མི་འཕོ་སྟེ། ངོ་མཚར་རྨད་དུ་བྱུང་བའི་མཚན་ཉིད་ཀྱང་གཞན་ལ། མེ་ཏོག་དེ་དག་གི་མཚན་ཉིད་ཀྱང་གཞན་ནོ། །དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་ཡང་ཡང་སྲིད་པའི་དགེ་བར་འཕོ་བ་ཡང་མ་ཡིན་ལ། དགེ་བའི་ལས་ཀྱི་སྲིད་པའི་ལས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་ཤིན་ཏུ་ཆོས་སྤྱོད་པ་རྣམས་ལ་སིལ་སྙན་རྣམས་མ་བསྐྱོད་པར་མཆོད་པའི་ལས་ཀྱི་ཕྱིར་རང་སྒྲ་འབྱུང་ཡང་ཆོས་སྤྱོད་པ་དེ་སིལ་སྙན་རྣམས་སུ་འཕོ་བ་མ་ཡིན་ཏེ། ཆོས་སྤྱོད་པའི་མཚན་ཉིད་ཀྱང་གཞན་ལ། སིལ་སྙན་དེ་དག་གི་མཚན་ཉིད་ཀྱང་གཞན་མོད་ཀྱི། ཆོས་སྤྱོད་པའི་རྐྱེན་གྱིས་སིལ་སྙན་རྣམས་མ་བསྐྱོད་པར་རང་སྒྲ་འབྱུང་ངོ་། །དེ་བཞིན་དུ་རབ་ཏུ་བྱས་པའི་དགེ་བའི་ལས་ཀྱི་སྲིད་པའི་འདུ་བྱེད་རྣམས་ཡང་སྲིད་པའི་འདུ་བྱེད་རྣམས་སུ་འཕོ་བ་མ་ཡིན་ཏེ། རབ་ཏུ་ཆོས་སྤྱོད་པའི་རྐྱེན་གྱིས་རབ་ཏུ་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །


DKG065_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། དཔེར་ན་འབྱུང་བ་ཆེན་པོའི་དབང་གིས་ནམ་མཁའ་ལ་འཇའ་འབྱུང་ཡང་དེར་འབྱུང་བ་ཆེན་པོ་རྣམས་འཕོ་བ་ཡང་མ་ཡིན་ལ། འབྱུང་བ་ཆེན་པོའི་རྐྱེན་གྱིས་འཇའི་གཟུགས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་སྟེ། དེ་ལ་གང་ཁ་དོག་སྐྱ་བོར་སྣང་བ་དེ་ནི་སའི་ཁམས་ཀྱི་དབང་ངོ་། །དེ་ལ་གང་ཁ་དོག་སྔོན་པོར་སྣང་བ་དེ་ནི་ཆུའི་ཁམས་ཀྱི་དབང་ངོ་། །དེ་ལ་གང་ཁ་དོག་དམར་པོར་སྣང་བ་དེ་ནི་མེའི་ཁམས་ཀྱི་དབང་ངོ་། །གང་གཞུའི་དབྱིབས་ལྟར་འདུག་པའམ། ཟླུམ་པོར་འདུག་པ་དེ་ནི་རླུང་གི་ཁམས་ཀྱི་དབང་ངོ་། །དེ་བཞིན་དུ་དགེ་བའི་ལས་ཀྱི་འདུ་བྱེད་བྱས་པ་རྣམས་ཀྱི་དགེ་བའི་ལས་ཀྱི་སྲིད་པའི་དབང་གིས་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་སྡོམ་པའི་རྐྱེན་གྱིས་རིན་པོ་ཆེ་སྣ་བདུན་དང་འབྲས་ས་བོན་མ་བཏབ་མ་རྨོས་པར་འབྱུང་ཡང་། དགེ་བ་བཅུའི་ལས་ཀྱི་ལམ་གྱི་སྡོམ་པ་རྐྱེན་དུ་གྱུར་པ་དེ་རིན་པོ་ཆེ་དེ་རྣམས་དང་འབྲས་རྣམས་སུ་འཕོས་པ་ཡང་མ་ཡིན་ལ། དགེ་བ་བཅུའི་ལས་ཀྱི་ལམ་གྱི་སྡོམ་པའི་རྐྱེན་གྱིས་འཁོར་ལོས་སྒྱུར་བའི་དབང་བ་ཉིད་ཀྱང་འབྱུང་ངོ་། །དེ་བཞིན་དུ་དགེ་བ་ལེགས་པར་བྱས་པ་ཤིན་ཏུ་མཐར་ཕྱིན་པ་ལེགས་པར་བརྩམས་པ་ལས་ཡང་སྲིད་པའི་དགེ་བའི་རྣམ་པར་སྨིན་པ་འབྱུང་ཡང་ལས་ཀྱི་སྲིད་པ་ཡང་སྲིད་པར་འཕོ་བ་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པ་མི་འདྲ་བ་ཞེས་བྱའོ། །འདི་ལྟ་སྟེ། དཔེར་ན་ལྷ་རབ་ཏུ་དགེ་བ་དང་ལྡན་པ་རྣམས་ཀྱི་མེ་ཏོག་མན་དཱ་ར་བ་བསྐྱེད་མི་དགོས་པ་དང་གཞལ་མེད་ཁང་བྱ་མི་དགོས་པ་དང་། བདུད་རྩིའི་ཟས་བསྒྲུབ་མི་དགོས་པར་འབྱུང་ཡང་དགེ་བའི་འདུ་བྱེད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་དེ་དག་འཕོ་བ་མ་ཡིན་ཏེ། དགེ་བའི་འདུ་བྱེད་ཀྱི་རྐྱེན་གྱིས་ལྷའི་རྣམ་པར་སྨིན་པའི་དབང་བ་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་རྫུ་འཕྲུལ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྒྲིབ་པ་མེད་པར་དབང་བ་ཉིད་འབྱུང་ཡང་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་སྒྲིབ་པ་མེད་པར་འཕོ་བ་ཡང་མ་ཡིན་ལ། རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་སྒྲིབ་པ་མེད་པ་ཡང་འབྱུང་སྟེ། རི་ལ་སོགས་པ་འཕོ་བ་


DKG065_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན། བསམས་པ་ཙམ་གྱིས་སྒྲིབ་པ་མེད་པར་འབྱུང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་བག་ཡོད་པ་རྣམས་ཀྱི་དགེ་བ་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་འབྱུང་ངོ་། །འདི་ལྟ་སྟེ། དཔེར་ན་རླུང་གི་རྐྱེན་གྱིས་མེ་འབྱུང་གི །དེ་མེད་ན་མི་འབྱུང་སྟེ། མེ་བྱུང་ནས་ཚོས་པར་བྱ་བར་སྣང་བ་ལ་སོགས་པར་རྣམ་པར་སྨིན་པའི་དབང་བ་ཉིད་འབྱུང་ཡང་། མེའི་དབང་བ་དེ་རླུང་དང་ཤིང་རྣམས་ལ་མི་འཕོ་ལ། མེ་ལ་མེའི་དབང་བ་ཉིད་ཡོད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་ཐམས་ཅད་ལས་སྐྱེས་པའི་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡང་སོ་སོར་ཁོང་དུ་ཆུད་པར་བྱའོ། །འདི་ལྟ་སྟེ། དཔེར་ན་རྣལ་འབྱོར་སྤྱོད་པའི་དགེ་སློང་དགེ་བ་ཟད་པ་མེད་པའི་ཚོགས་རྣམ་པར་དག་པ། དབང་རབ་ཏུ་ཐོབ་པས་ཟད་པར་ནམ་མཁའ་བསམས་པ་ཙམ་གྱིས་དེ་བཞིན་དུ་འགྱུར་ཏེ། སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བ་རྣམས་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱི་སྒྲིབ་པ་མེད་པར་འགྱུར་ཡང་། སེམས་ཀྱི་སྒྲིབ་པ་མེད་པ་ནམ་མཁའི་སྒྲིབ་པ་མེད་པར་འཕོ་བ་ཡང་མ་ཡིན། བསམས་པ་ཙམ་གྱིས་སྒྲིབ་པ་མེད་པར་འགྱུར་བ་ཡང་མ་ཡིན། སེམས་ཀྱི་སྒྲིབ་པ་མེད་པ་དེ་དང་མི་ལྡན་པར་སྲ་བ་ལ་སོགས་པའི་སྒྲིབ་པ་མེད་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་ལས་བྱུང་བའི་དགེ་བ་དང་མི་དགེ་བ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་ཟག་པ་མེད་པའི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་འཐོབ་པའི་དབང་བ་ཉིད་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དྲུག་དང་། རིག་པ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། དབང་བཅུ་དང་། བདེན་པ་བཅུ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོབས་བཅུ་དང་། ཤེས་པ་བཅུའོ། །


DKG065_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་གོ །དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་མིག་གང་ཞེ་ན། དགེ་བའི་ཚོགས་ཐམས་ཅད་བསགས་པ་མ་ཉམས་པ། ཆགས་པ་མེད་པ། ཚད་མེད་པ། སྒྲིབ་པ་མེད་པ། གནས་པ་མེད་པ། རྨ་མེད་པ། འཁྲུལ་པ་མེད་པ། བསྟན་དུ་མེད་པ། ཁ་ན་མ་ཐོ་བ་མེད་པ། འཇིག་རྟེན་ཐམས་ཅད་དང་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ། ཕྱད་པར་མཐོང་བ། ཕྱད་པར་ལུང་སྟོན་པ་སྟེ། ལྷའི་མིག་དེས་སེམས་ཅན་རྣམས་མཐོང་སྟེ། འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། ཐ་མ་དང་། མཆོག་དང་། ལས་ཉེ་བར་འགྲོ་བ་ཇི་ལྟ་བ་དང་། རྒྱུ་དང་བཅས་པ་དང་རྣམ་པར་སྨིན་པ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དེའི་ལྷའི་མིག་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་སྟེ། དེར་ངེས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་ནི་དེ་ལྷའི་རྣ་བ་སྒྲིབ་པ་མེད་པ། དགེ་བའི་ཚོགས་ཐམས་ཅད་བསགས་པ། བྱིས་པ་སོ་སོའི་སྐྱེ་བོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ཆོད་པ་མེད་པ་འོད་གསལ་བས་སྒྲ་ཐམས་ཅད་ཐོས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་དང་། ཐ་ན་སྦྲང་བུ་དང་། གྲོག་མ་དང་། ཤ་སྦྲང་དང་། འཕགས་པ་དང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ཀྱང་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། འཕགས་པའི་


DKG065_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་སྒྲ་རྣམས་ལ་ཐ་མར་འདུ་ཤེས་པ་ཡང་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྒྲ་རྣམས་ལ་དམ་པར་འདུ་ཤེས་པ་ཡང་མ་ཡིན། འཕགས་པ་མ་ཡིན་པའི་ཚུལ་ལ་ཁོང་ཁྲོ་བར་ཡང་མི་བྱེད། འཕགས་པའི་ཚུལ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སྒྲ་གང་ལ་ཡང་ཡོན་ཏན་དུ་འདུ་ཤེས་པའམ། ཉེས་པར་འདུ་ཤེས་པ་མ་ཡིན་ཏེ། གཞན་དུ་ན་སྒྲ་ཐམས་ཅད་བྲག་ཅ་ལྟ་བུ་དང་། སྟོང་པ་དང་། གཡོ་བ་མེད་པ་དང་། བདག་དང་བདག་གི་མེད་ཅིང་དབེན་པར་རབ་ཏུ་ཤེས་ཀྱང་རྣ་བའི་སྐྱེ་མཆེད་འབད་པ་ཡང་མ་ཡིན། སྒྲའི་སྐྱེ་མཆེད་འབད་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་ནི་འདི་ལྟ་བུ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ནི་རང་གི་སེམས་ཡོངས་སུ་ཤེས་པ་དང་ལྡན་པ་ཡིན་ཏེ། དེ་རང་གི་སེམས་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་ཏེ། སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་གི་འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་གང་འདོད་ཆགས་དང་བཅས་པའི་སེམས་དེ་ལ་ཁོང་ཁྲོ་བར་ཡང་མི་བྱེད། གང་འདོད་ཆགས་དང་བྲལ་བའི་སེམས་དེ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད་དེ། གཞན་དུ་ན་འདོད་ཆགས་དང་བཅས་པ་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དོ། །འདོད་ཆགས་དང་བྲལ་བ་རྣམས་ལ་བྱམས་པ་ཆེན་པོ་རྙེད་དོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པ་དང་། སྲེད་པ་དང་བཅས་པ་དང་། སྲེད་པ་མེད་པ་དང་། ལེན་པ་དང་བཅས་པ་དང་། ལེན་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། ཚད་དང་ལྡན་པ་དང་། ཚད་དང་མི་ལྡན་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། རྣམ་པར་གྲོལ་བའི་


DKG065_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་། རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སེམས་ཅན་སེམས་རྣམ་པར་མ་གྲོལ་བ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། སེམས་རྣམ་པར་གྲོལ་བ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད་དེ། གཞན་དུ་ན་སེམས་རྣམ་པར་གྲོལ་བ་རྣམས་ལ་བྱམས་པ་ཆེན་པོ་རྙེད་དོ། །སེམས་རྣམ་པར་མ་གྲོལ་བ་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དོ། །སེམས་ཅན་ཐམས་ཅད་ཤེས་ཀྱང་སེམས་དེ་ལ་སེམས་དེས་སྙེམས་པ་ཡང་མེད། རློམ་སེམས་ཀྱང་མེད་དོ། །དེ་ཕ་རོལ་གྱི་སེམས་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་དེས་སྐབས་མ་ཕྱེའི་བར་དུ་མི་ཤེས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྷའི་ཡེ་ཤེས་ཀྱིས་ཀྱང་མི་ཤེས་ན་ཕལ་པ་གཞན་རྣམས་ཀྱིས་ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གཞན་རྣམས་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། དེ་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །སྐྱེ་བ་གཉིས་དང་སྐྱེ་བ་བརྒྱ་དང་སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་ནས། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་རྗེས་སུ་དྲན་ནོ། །འཇིག་པའི་བསྐལ་པ་ཡང་རྗེས་སུ་དྲན་ནོ། །འཆགས་པའི་བསྐལ་པ་ཡང་རྗེས་སུ་དྲན་ནོ། །འཇིག་པ་དང་འཆགས་པའི་བསྐལ་པ་ཡང་རྗེས་སུ་དྲན་པ་ནས་བསྐལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་བར་དུ་རྗེས་སུ་དྲན་ཏེ། དྲན་པ་དེ་ལ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་རབ་ཏུ་གནས་པ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་མྱོས་པར་འགྱུར་རོ། །འདི་ལྟར་བདག་ཆེ་གེ་མོ་ཞིག་ཏུ་འདི་འདྲ་བར་གྱུར་ཏེ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། མདོག་ནི་འདི་ལྟ་བུ། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེའི་གནས་པ་ནི་འདི་སྲིད་ཅིག་ཐུབ། ཆུ་ཞེང་ནི་འདི་ལྟ་བུ་བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས།


DKG065_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་ཏེ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། མདོག་ནི་འདི་ལྟ་བུ། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེ་ནི་འདི་ཙམ་ཞིག་ཏུ་ཐུབ། ཆུ་ཞེང་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་ཞེས་རྗེས་སུ་དྲན་ཏེ། བདག་གི་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་བཞིན་ཏེ། ཐ་ན་སྦྲང་བུ་དང་གྲོག་མ་རྣམས་ཀྱི་ཡང་རྗེས་སུ་དྲན་ནོ། །དེའི་དྲན་པ་དེ་ཆགས་པ་མེད་པ། རྒྱུན་མི་འཆད་པ། སྒྲིབ་པ་མེད་པ། ཐོགས་པ་མེད་ལ། དུས་སུ་བསྐུལ་པ་མེད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པ་ཟབ་པ་གཏིང་དཔག་དཀའ་བ། བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་རྣམ་པར་དག་པ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བའི་ཤེས་པ་ནི་བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཀྱིས་བསྟན་པ། སྒྲིབ་པ་མེད་པ། ལྷུན་གྱིས་གྲུབ་པ། རྣམ་པར་མ་བརྟགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྦྱིན་པ་དང་དུལ་བ་དང་མི་འགྱུར་བ་དང་། ཡང་དག་པར་སྡོམ་པ་དང་། དེས་པ་དང་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་ཡོངས་སུ་སྦྱང་བ་བྱས་པ་བདག་དང་སངས་རྒྱས་དང་ལྷའི་དབང་དང་ལྡན་པ་སྟེ། དེ་རྫུ་འཕྲུལ་མངོན་དུ་གྱུར་པ། མངོན་པར་འདུ་བྱ་བ་མེད་པ། སྒྲིབ་པ་མེད་པ་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། ཇི་ལྟར་འདོད་པ་དེ་ལྟར་བྱིན་གྱིས་རློབ་བོ། །ཇི་ལྟར་འདོད་པ་དེ་བཞིན་དུ་ཡུལ་རྣམས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེའི་རྫུ་འཕྲུལ་གྱི་དབང་ནི་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་སྟེ། དེ་གལ་ཏེ་སེམས་ཅན་གཅིག་ཅིག་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱིས་འདུལ་བར་གྱུར་ན། སེམས་ཅན་གཅིག་པོ་དེའི་མདུན་དུ་སེམས་ཅན་ཐམས་ཅད་ཀྱི་གཟུགས་སྣོད་ཇི་ལྟ་བ་བཞིན་དུ་སྟོན་ཏེ། སྤྲུལ་པ་དེ་དག་ཐམས་ཅད་ཀྱང་བྱེད་པ་དང་། ཁ་ཟས་དང་། སྨྲ་བ་དང་། སྤྱོད་པ་ཐ་


DKG065_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དད་དུ་འཇུག་གོ །དེ་འདོད་ན་སེམས་ཅན་ཐམས་ཅད་ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་མོས་ན་ཡང་སེམས་ཅན་ཐམས་ཅད་ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་འགྱུར་རོ། །སངས་རྒྱས་ཀྱི་གཟུགས་སེམས་ཅན་ཐམས་ཅད་ཀྱི་གཟུགས་སུ་མོས་ན་ཡང་སངས་རྒྱས་ཀྱི་གཟུགས་སེམས་ཅན་ཐམས་ཅད་ཀྱི་གཟུགས་སུ་འགྱུར་རོ། །འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་མོས་ན་ཡང་འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཆགས་པའི་བསྐལ་པར་ཤེས་སོ། །འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་འཆགས་པ་ཡང་གཞན་དུ་གྱུར་པ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། །དེ་བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་དེ་བཞིན་དུ་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་མངོན་དུ་གྱུར་པའི་རྫུ་འཕྲུལ་ནི་གང་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་དབང་དང་ལྷུན་གྱིས་གྲུབ་པས་བསྒྲིམ་པ་མེད་པར་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འགྱུར་ཞིང་འགྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་དུ་གྱུར་པའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་རྫུ་འཕྲུལ་ནི་གང་བྱང་ཆུབ་སེམས་དཔའ་མི་སེམས་མི་འཇུག་ཅིང་ལྷུན་གྱིས་གྲུབ་པས་སེམས་ཅན་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་གཟུགས་དང་སྤྱོད་ལམ་ཐ་དད་པར་མཐོང་ཞིང་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་འཇིག་རྟེན་གྱི་ཁམས་ཇི་སྙེད་ན་སེམས་ཅན་རྣམས་སངས་རྒྱས་འབྱུང་བས་འདུལ་བའི་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་སངས་རྒྱས་འབྱུང་བ་སྟོན་ཏེ། དགའ་ལྡན་གྱི་


DKG065_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་འཆི་འཕོ་བ་དང་། མངལ་དུ་འཇུག་པ་དང་། བཙས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་རྣམས་ཀྱིས་སེམས་ཅན་དག་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་ཡུལ་ཚད་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་བྱ་བ་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་གང་ཞེ་ན། འདི་དག་ནི་ཟག་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། བྱང་ཆུབ་སེམས་དཔའ་ནི་ཟག་པ་དེ་དག་ཡོངས་སུ་སྤངས་པ་ཡིན་མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཞིང་ཕྱིར་མི་སྐྱེ་མི་འགག་སྟེ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཐམས་ཅད་དུ་སྐྱེ་བ་ཡང་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པར་འཇུག་པ་ཞེས་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་གོ །དེ་ལ་བྱང་ཆུབ་སེམས་དཔའི་རིག་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་གི་རིག་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ། རིག་པ་ནི་ཤེས་པ་ཞེས་བྱའོ། །དེ་ལ་ལྷའི་མིག་གི་ཤེས་པ་ནི་ལྷའི་མིག་གི་རིག་པ་ཡིན་ནོ། །ལྷའི་མིག་གི་རིག་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ལྷའི་མཆོག་རྣམས་ཀྱི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ལྷའི་མིག་གི་རིག་པ་དེ་དང་ལྡན་པ་ཡིན་ནོ། །རྣམ་པར་དག་པའི་ལྷ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་རྣམ་པར་དག་པའི་ལྷའོ། །རྣམ་པར་དག་པའི་ལྷ་དེ་དག་གི་མཆོག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། རྣམ་པར་དག་པའི་ལྷའི་མཆོག་རྣམས་ཞེས་བྱའོ། །བྱང་ཆུབ་སེམས་དཔས་ནི་རྣམ་པར་དག་པའི་ལྷའི་མཆོག་རྣམས་ཀྱི་ལྷའི་མིག་གི་རིག་པ་གང་ཡིན་པ་དེ་འཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་


DKG065_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལྟར་མ་ཡིན་པ་དེ་ནི་རིག་པ་དང་པོའོ། །དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་ནི་དེ་བཞིན་གཤེགས་པ་ལ་སྔོན་གྱི་མཐའ་མི་མཁྱེན་པའམ། མི་རིག་པའམ། མི་རྟོགས་པ་གང་ཡང་མི་མངའོ། །བྱང་ཆུབ་སེམས་དཔའ་ནི་རིག་པ་དེ་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟར་མ་ཡིན་པ་འདི་ནི་རིག་པ་གཉིས་པའོ། །དེ་ལ་ཟག་པ་ཟད་པའི་རིག་པ་གང་ཞེ་ན། ཟག་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། ཟག་པ་དེ་དག་བྱང་ཆུབ་སེམས་དཔས་བག་ཆགས་དང་བཅས་པར་སྤོང་བའི་ལམ་གྱིས་མངོན་པར་རྟོགས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟར་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ལམ་གྱིས་ནི་མ་ཡིན་ནོ། །དེ་ཟག་པ་ཟད་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བའི་གནས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་འཛིན་པ་ཐོགས་པ་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པའི་རིག་པ་ཞེས་བྱའོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་རིག་པ་གསུམ་མོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་


DKG065_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །དེ་ལ་ཇི་ལྟར་གཟུགས་ཅན་གཟུགས་རྣམས་ལ་བལྟ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྟོང་པ་དང་གཡོ་བ་མེད་པར་བལྟ་བ་སྟེ། དེ་ལྟར་ལྟ་བས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་ནི་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གཡོ་བ་མེད་པ་དེ་ལྟར་བལྟ་བས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །སྡུག་པར་མོས་པ་ཡིན་ཏེ། སྡུག་པ་ཞེས་བྱ་བ་ནི་སྟོང་པའོ། །མི་སྡུག་པ་ནི་ལྟ་བར་གྱུར་པའོ། །སྡུག་པར་མོས་པས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ལ་ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བའི་ནམ་མཁའ་ནི་སྟོང་པའོ། །དེ་ལྟར་མཐོང་བས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ་རྣམ་ཤེས་མཐའ་ཡས་ཞེས་བྱ་བའི་རྣམ་པར་ཤེས་པ་དེ་ནི་ཐོག་མ་མེད་པ་ཅན་དུ་བཤད་དེ། གང་ཐོག་མ་མེད་པ་ཅན་དེ་ནི་སྟོང་པའོ། །དེ་ལྟར་མཐོང་བས་རྣམ་པར་གྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་


DKG065_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ་ཅི་ཡང་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་དེ་དག་མེད་པའོ། །དེ་ལྟར་མཐོང་བས་རྣམ་པར་འགྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ལ་འདུ་ཤེས་མེད་ཅེས་བྱ་བ་ནི་སྟོང་པའི་ཕྱིར་རོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་མཐོང་བས་རྣམ་པར་འགྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ནི་དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། འདུ་ཤེས་ཉིད་ཚོར་བ་ཚོར་བ་ཉིད་འདུ་ཤེས་ཡིན་པས་འདི་ལ་ཤེས་པ་པོ་མེད། ཚོར་བ་པོ་མེད་དོ་སྙམ་ནས་དེ་ལྟར་མཐོང་བས་རྣམ་པར་འགྲོལ་ཏེ། དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱ་སྟེ། འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་དང་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་།


DKG065_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ།


DKG065_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །དེ་ལ་ཟད་པར་གྱི་སྐྱེ་མཆེད་བཅུ་གང་ཞེ་ན། འདི་ལྟ་སྟེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་ནམ་མཁའ་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་རྣམ་པར་ཤེས་པ་སྟེ། འདི་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །ཁམས་ཐམས་ཅད་སའི་ཁམས་སུ་མོས་ན་ཡང་ཐམས་ཅད་ཁམས་གཅིག་ཏུ་འདི་ལྟ་སྟེ། སའི་ཁམས་ཉིད་དུ་འགྱུར་རོ། །ཐམས་ཅད་ཆུའི་ཁམས་སུ་མོས་ན་ཡང་ཐམས་ཅད་ཁམས་གཅིག་ཏུ་འདི་ལྟ་སྟེ། ཆུའི་ཁམས་ཉིད་དུ་འགྱུར་རོ། །ཐམས་ཅད་མེའི་ཁམས་སུ་མོས་ན་ཡང་ཐམས་ཅད་ཁམས་གཅིག་ཏུ་འདི་ལྟ་སྟེ། མེའི་ཁམས་ཉིད་དུ་འགྱུར་རོ། །ཐམས་ཅད་རླུང་གི་ཁམས་སུ་མོས་ན་ཡང་ཐམས་ཅད་ཁམས་གཅིག་ཏུ་འདི་ལྟ་སྟེ། རླུང་གི་ཁམས་ཉིད་དུ་འགྱུར་རོ། །ཐམས་ཅད་ནམ་མཁའི་ཁམས་སུ་མོས་ན་ཡང་ཐམས་ཅད་ཁམས་གཅིག་ཏུ་འདི་ལྟ་སྟེ། ནམ་མཁའི་ཁམས་ཉིད་དུ་འགྱུར་རོ། །ཐམས་ཅད་སྔོན་པོར་མོས་ན་ཡང་ཐམས་ཅད་སྔོན་པོ་ཉིད་དུ་འགྱུར་རོ། །ཐམས་ཅད་སེར་པོར་མོས་ན་ཡང་ཐམས་ཅད་སེར་པོ་ཉིད་དུ་འགྱུར་རོ། །ཐམས་ཅད་དམར་པོར་མོས་ན་ཡང་ཐམས་ཅད་དམར་པོ་ཉིད་དུ་འགྱུར་རོ། །ཐམས་ཅད་དཀར་པོར་མོས་ན་ཡང་ཐམས་ཅད་དཀར་པོ་ཉིད་དུ་འགྱུར་རོ། །ཐམས་ཅད་རྣམ་པར་ཤེས་པར་མོས་ན་ཡང་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐམས་ཅད་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །ཟད་པར་གྱི་སྐྱེ་བ་འཕེལ་བར་བྱེད་པས་དེའི་ཕྱིར་ཟད་པར་གྱི་སྐྱེ་


DKG065_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཅེས་བྱའོ། །རེ་རེ་ཡང་སྐྱེ་མཆེད་ཐམས་ཅད་དུ་འགྱུར་བས་དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ།། །།བམ་པོ་གསུམ་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། དེ་དག་ནི་དབང་བཅུའོ། །དེ་ལ་བདུད་རྩི་ཐོབ་པའི་ཕྱིར་ཚེ་ལ་དབང་བའོ། །སེམས་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ། །ལག་ན་རིན་པོ་ཆེ་དང་ནམ་མཁའི་མཛོད་རབ་ཏུ་རྙེད་པའི་ཕྱིར་ཡོ་བྱད་ལ་དབང་བའོ། །བག་ཆགས་དང་བཅས་པའི་ལས་ཀྱི་ལམ་ཀུན་ཆད་པའི་ཕྱིར་ལས་ལ་དབང་བའོ། །ཏིང་ངེ་འཛིན་རྣམ་པར་བཟློག་པའི་བསམ་གཏན་རྙེད་པའི་ཕྱིར་སྐྱེ་བ་ལ་དབང་བའོ། །ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པ་ཐོབ་པའི་ཕྱིར་རྫུ་འཕྲུལ་ལ་དབང་བའོ། །ཟད་པར་གྱི་སྐྱེ་མཆེད་ཐོབ་པར་བྱ་བའི་ཕྱིར་མོས་པ་ལ་དབང་བའོ། །བསམས་པ་ཙམ་གྱིས་དོན་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་ལ་དབང་བའོ། །ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ནི་འཆི་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཚེ་ལ་དབང་བའོ། །འཇིག་རྟེན་ནི་སེམས་ཀུན་ནས་ཉོན་མོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སེམས་ལ་དབང་བའོ། །འཇིག་རྟེན་ནི་ཡོ་བྱད་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡོ་བྱད་ལ་དབང་བའོ། །འཇིག་རྟེན་ནི་ཉེས་པར་སྤྱོད་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ལས་ལ་དབང་བའོ། །འཇིག་རྟེན་ནི་ངན་འགྲོས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྐྱེ་བ་ལ་དབང་བའོ། །འཇིག་རྟེན་ནི་ཀུན་ནས་ཚོལ་བའི་ཕོངས་


DKG065_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་རྫུ་འཕྲུལ་ལ་དབང་བའོ། །འཇིག་རྟེན་ནི་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་མོས་པ་ལ་དབང་བའོ། །འཇིག་རྟེན་ནི་འདོད་པའི་འཆིང་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྨོན་ལམ་ལ་དབང་བའོ། །འཇིག་རྟེན་ནི་ཐེ་ཚོམ་གྱི་ཟུག་རྔུས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡེ་ཤེས་ལ་དབང་བའོ། །འཇིག་རྟེན་ནི་འཁོར་གྱི་ནང་ན་བག་ཚ་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་སྲོག་གཅོད་པ་སྤངས་ཤིང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་ནི་ཚེ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བདེ་བ་རྣམས་ལ་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་བ་རྣམས་ལ་སྒྲིབ་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་སེམས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་སྙོམས་ཤིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཡོ་བྱད་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །ལས་དང་བྱ་བ་ལ་ཞུགས་ནས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ལས་ཀྱིས་ལས་ཀྱི་བྱ་བ་ལས་བདག་གིར་བྱ་བ་ལ་འཇུག་པར་སྟོན་པ་ནི་ལས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བསྡུས་པའི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྐྱེ་བ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། བཞོན་པ་སྦྱིན་པ་ནི་རྫུ་འཕྲུལ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་འགོད་ཅིང་འཛུད་དེ་མོས་པར་བྱེད་པ་ནི་མོས་པ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་། ཡིད་ཡོངས་སུ་དག་པར་སྒྲུབ་པ་ནི་སྨོན་ལམ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་ཡེ་ཤེས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་མཚུངས་པར་སྟོན་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཟང་ཟིང་གི་སྐུ་མ་ཡིན་ནོ་ཞེས་ཡོངས་སུ་འབྱེད་པ་ནི་ཆོས་ལ་དབང་བ་ཐོབ་


DKG065_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་རྒྱུའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། ཕྱེ་སྟེ་རྟོག་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པ་ཤེས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཚད་དང་འབྲེལ་བ། ཡུལ་ཡོངས་སུ་ཆད་པ་ཀུན་དུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་རྐྱེན་གྱི་དབང་གིས་སྟོན་པ། ཆུང་བ་རྒྱ་ཆེན་པོ་མ་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་དོན་དམ་པའི་བདེན་པ་ནི་ཟབ་པ། སྟོང་པ་ཉིད་དང་རབ་ཏུ་ལྡན་པ། ཡུལ་ཡོངས་སུ་མ་ཆད་པ། གཞན་གྱི་རྐྱེན་གྱིས་མ་ཡིན་པ། མཉམ་པ་དང་མི་མཉམ་པ་མེད་པ། མ་འཁྲུགས་པ། རྩོད་པ་མེད་པའི་མཚན་ཉིད་དང་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། འདི་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་ནི་གནོད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རབ་ཏུ་སྐྱེ་བའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ཉིད་ནི་འགོག་པ། ངེས་པར་འབྱིན་པའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང་། རང་བཞིན་གྱིས་དབེན་པའི་མཚན་ཉིད་དང་། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང་། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་པར་དབྱེ་བའི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལས་


DKG065_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། །མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ། སྨོན་པ་མེད་པ། མངོན་པར་འདུ་མི་བྱེད་པ། མ་སྐྱེས་པ་མ་བྱུང་བ། མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྟོང་པ་ཉིད་ལ་སླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱའོ། །དེ་ལ་ཕྱེ་སྟེ་རྟོག་པའི་བདེན་པ་གང་ཞེ་ན། ཕྲལ་ནས་རྟོག་པ་ནི་ཕྱེ་སྟེ་རྟོག་པ་སྟེ། ངེས་པར་སེམས་པ། རིག་པ་མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ། ཤེས་པ་ཞེས་བྱ་ལ་མི་སླུ་བ་སྟེ། དེའི་ཕྱིར་ཕྱེ་སྟེ་རྟོག་པའི་བདེན་པ་ཞེས་བྱའོ། །དེ་ལ་དངོས་པོའི་བདེན་པ་ནི་དངོས་པོ་ཤེས་པ་སྟེ། དངོས་པོ་དེ་དག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་དང་དངོས་པོ་མེད་པར་ཤེས་པ་སྟེ། དེ་ལྟར་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་པས་དེའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། །དེ་ལ་ནུས་པའི་བདེན་པ་ནི་ཡེ་ཤེས་དེ་དང་། སྤོང་བ་དེ་དང་ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་ཉིད་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ནི་འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་ཏེ། ཟད་པ་དེ་ཡང་མི་ཟད་ལ་ཟད་པ་ལ་ཟད་པ་མེད་དོ། །གལ་ཏེ་ཟད་པ་ལ་ཟད་པ་ཡོད་དུ་ཟིན་ན་འགོག་པ་ཡང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་མི་སྐྱེ་སྟེ། འདི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་ལམ་ལ་འཇུག་པ་ཤེས་པའི་བདེན་པ་གང་ཞེ་ན། ཡེ་ཤེས་ཀྱི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པ་དེས་


DKG065_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཆོས་ཀྱི་སྤྲིན་གྱི་ས་དང་། དེ་བཞིན་གཤེགས་པའི་སའི་བར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱིས་མངོན་པར་རྟོགས་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་འདོད་པ་རྣམས་ནི་བསམ་གཏན་དང་པོའི་མི་འཐུན་པའི་ཕྱོགས་ཡིན་ཏེ། གང་སྲེད་པ་དེ་དག་ལས་དབེན་པའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཆགས་པ་དང་། ཞེ་སྡང་དང་གཏི་མུག་སྟེ། གཞི་དེ་ལས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །འདི་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱ་སྟེ། དེ་དག་ལས་དབེན་པ་ནི་བསམ་གཏན་དང་པོའོ། །རྟོག་པ་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས་པ་སྟེ། རྟོག་པ་དེ་དག་གང་ཞེ་ན། གང་དག་བསམ་གཏན་དང་པོ་དང་འཐུན་པའི་རྟོག་པ་སྟེ། དེ་ཆོ་ག་བཞིན་དུ་རྟོག་ཅིང་དེ་དག་ཀྱང་དུལ་བས་ན་དེ་དག་ནི་རྟོག་པ་ཞེས་བྱ་སྟེ། ཤེས་པ་དང་ཁོང་དུ་ཆུད་པ་དང་། དཔྱོད་པ་དང་། རབ་ཏུ་རྟོག་པ་དང་། ཏིང་ངེ་འཛིན་དུ་བྱེད་པ་ནི་རྟོག་པའོ། །དེ་ལ་དཔྱོད་པ་གང་ཞེ་ན། བསམ་གཏན་དང་པོ་དང་འཐུན་པའི་རྟོག་པ་དེ་དག་ཉིད་ལ་དཔྱོད་པ་དང་། རྣམ་པར་དཔྱོད་པ་དང་། ཉེ་བར་དཔྱོད་པ་དང་། ཀུན་ཏུ་ལོངས་སྤྱོད་པ་དང་། ཏིང་ངེ་འཛིན་དུ་བྱེད་པ་དང་། སེམས་རྗེས་སུ་འགྲོ་བ་ནི་དཔྱོད་པ་ཞེས་བྱ་སྟེ།


DKG065_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོའོ། །དགའ་བ་དང་བདེ་བ་དབེན་པ་ལས་སྐྱེས་པས་དེའི་ཕྱིར་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱའོ། །རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ་རྫོགས་པར་བྱས་ཞེས་བྱ་བ་ནི་སྡོམ་པ་དང་། སྡོམ་པར་བྱེད་པ་དང་སྦེད་པ་དང་། སྦ་བར་བྱེད་པ་དང་། རོ་མྱང་བ་དང་། མངོན་པར་དགའ་བ་སྟེ། བསམ་གཏན་དང་པོ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་པར་བྱ་བའི་འདུན་པ་དང་འདོད་པ་འཐོབ་སྟེ། དེ་མི་སྐྱེ་བའི་ཆོས་ལ་བཟོད་པའི་འདུན་པ་དང་འདོད་པ་དེས་བསམ་གཏན་དང་པོ་ལ་སྙིང་པོར་འདུ་ཤེས་པ་ཡིན་ནོ། །དེ་བསམ་གཏན་གཉིས་པ་ལ་རྩོམ་སྟེ། དེ་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཞི་བར་བྱེད། ཉེ་བར་ཞི་བར་བྱེད། དེ་དག་ལས་སེམས་རབ་ཏུ་ཞི་བར་བྱེད་ཅིང་བསམ་གཏན་གཉིས་པ་ཡོངས་སུ་འགྲུབ་པའི་རྒྱུ་ཚོལ་ཏེ། དེ་རྟོག་པ་དང་དཔྱོད་པ་དང་བྲལ་བས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། དགའ་བ་དང་ལྡན་པ་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་ནང་ཡོངས་སུ་དང་བ་ནི་དེའི་བསམ་གཏན་གཉིས་པའི་མི་འཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་དག་ཉེ་བར་ཞི་བ་དང་དང་བ་ཡིན་ཏེ། དེའི་ཕྱིར་ནང་ཡོངས་སུ་དང་བ་ཞེས་བྱའོ། །རྒྱུད་གཅིག་ཏུ་གྱུར་ཅེས་བྱ་བ་ནི་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་རབ་ཏུ་ཞི་ནས་རྒྱ་མཚོའི་ཆུ་ལྟར་རོ་གཅིག་ཏུ་འགྱུར་བ་འཐོབ་པའོ། །འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་འབབ་པ་རྣམས་ནི་འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་ཞི་ནས་རོ་གཅིག་ཏུ་འགྱུར་ཏེ་དེ་ཏིང་ངེ་འཛིན་ཅེས་བྱའོ། །ཏིང་ངེ་འཛིན་དེ་ལས་དེ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགའ་བ་སྐྱེ་སྟེ། དེ་དཀོན་མཆོག་གསུམ་ལ་དགའ་བས་དགེ་བའི་ཆོས་རྣམས་རྫོགས་པར་འགྱུར་རོ། །དེ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་འདུན་པ་ཤིན་ཏུ་


DKG065_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་དང་། ཤིན་ཏུ་འོད་གསལ་བ་དང་ཤིན་ཏུ་ཡིད་དུ་འོང་བ་འཐོབ་བོ། །དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་འདུན་པ་དེས་བསམ་གཏན་གཉིས་པ་དེ་ལ་མི་ཆགས་ཏེ་བསམ་གཏན་གསུམ་པ་ཀུན་ཏུ་ཚོལ་ལོ། །དེ་འདི་སྙམ་དུ་སེམས་ཏེ། དགའ་བ་ནི་བསམ་གཏན་གསུམ་པའི་སྒྲིབ་པ་ཡིན་ནོ་སྙམ་ནས། དེ་དགའ་བ་དེ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་ཅན་དྲན་པ་ཡོངས་སུ་དག་པ། འཕགས་པ་རྣམས་ཀྱིས་གང་དེ་དགའ་བ་མེད་པ། བདེ་བ་ལ་གནས་པ་ཞེས་བརྗོད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་དེ། གང་དེ་དགའ་བ་མེད་པའི་བདེ་བ་དེ་ནི་གཏན་དུ་བདེ་བ་མ་ཡིན་གྱི། ཟད་པའི་ཆོས་ཅན་འཇིག་པའི་ཆོས་ཅན་ཏེ། དེ་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་ཞིང་དེ་ཡིད་བརྟན་དུ་མི་རུང་ངོ་སྙམ་པའི་སེམས་དེ་ལྟ་བུ་འཐོབ་བོ། །དེ་དེ་ལྟར་ཤེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་པའི་འདུན་པ་དྲག་པོ་ཆེན་པོ་འཐོབ་བོ། །དེ་མི་སྐྱེ་བའི་ཆོས་ཀྱི་འདུན་པ་དྲག་པོ་དེས་བདེ་བ་དང་སྡུག་བསྔལ་ལ་མངོན་པར་ཆགས་པ་མི་སྐྱེའོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པས་མཉེན་པའི་སེམས་སོ། །ཡིད་དུ་འོང་བའི་སེམས་སོ། །ལས་སུ་རུང་བའི་སེམས་སོ། །འོད་གསལ་བའི་སེམས་སོ། །དྲང་བའི་སེམས་སོ། །བདེ་བ་དེ་སེམས་ཅན་ཐམས་ཅད་ཀྱིར་མངོན་པར་སྨན་ཏོ། །དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ལ་མངོན་དུ་ཕྱོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྣང་བ་སྐྱེའོ། །དེ་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྣང་བ་སྐྱེས་པ་དེས་བསམ་གཏན་བཞི་པ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མང་བ་དེ་ལ་དགའ་བར་མི་འགྱུར་རོ། །གང་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བདེ་བ་དེ་ལ་ཡང་ཆགས་པར་མི་བྱེད་དོ། །


DKG065_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མི་ཆགས་པས་དེ་ལ་ནམ་མཁའ་ཉིད་སྣང་བར་འགྱུར་རོ། །དེ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། མདོར་ན་འདི་ལ་གཟུགས་ནི་རྣམ་པ་གཉིས་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བའི་གཟུགས་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །འབྱུང་བ་ལས་གྱུར་པའི་གཟུགས་ནི་ཁ་དོག་དང་། དྲི་དང་། རོ་དང་། རེག་པ་སྟེ། དེ་ལྟར་གཟུགས་རྣམ་པ་བརྒྱད་དེ། གཟུགས་དེ་དག་གི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས། ཐོགས་པའི་འདུ་ཤེས་མི་འབྱུང་སྟེ་ནུབ་པར་འགྱུར་རོ། །གང་ན་གཟུགས་སུ་འདུ་ཤེས་པ་དེ་ན་ཐོགས་པར་འདུ་ཤེས་པ་སྟེ། དེ་བས་ན་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་འགྱུར་རོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་ན་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་བྱེད་པ་མི་འཇུག་གོ །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་དུ་འཇུག་གོ །དེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་ནི་མཐའ་མེད་པས་མཐའ་ཡས་སོ། །གང་ལ་མཐའ་མེད་པ་དེའི་ཐོག་མ་ཡོད་པར་ག་ལ་འགྱུར། དབུས་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟར་ཆོས་ཐམས་ཅད་ནི་ཐོག་མ་དང་ཐ་མ་དང་དབུས་མེད་དོ་སྙམ་མོ། །དེ་ལྟར་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ནི་སྙིང་རྗེ་ཆེན་པོ་བསྐྱེད། ཆོས་རྣམས་ལ་ནི་ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཤེས་པ་འཇུག་སྟེ། དེ་ནི་དོན་དེའི་མི་སྐྱེ་བའི་ཆོས་ལ་བཟོད་པ་རྩོམ་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་


DKG065_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། གང་ནམ་མཁའ་འདུ་ཤེས་པ་འདི་ནི་རྣམ་པར་ཤེས་པར་འགྱུར་བའོ་སྙམ་ནས་དེ་འདི་སྙམ་དུ་འདི་ཐམས་ཅད་ནི་རྣམ་པར་ཤེས་པ་ཙམ་སྟེ། རྣམ་ཤེས་མཐའ་ཡས་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་དེ་ལྟར་སྙོམས་པར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ཏེ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །ཅི་ཡང་མེད་ཅེས་བྱ་བ་ལ་ཅི་ཡང་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་བྱུང་བ་རྣམས་ནི་ཅི་ཡང་མེད་ཅེས་བྱའོ། །ཅི་ཡང་མེད་པ་ནི་ཇི་སྐད་དུ་བརྗོད་པ་དེ་དག་ལས་ཆུང་ངུར་གྱུར་ཕྲ་བར་གྱུར་པ་ནི་ཅི་ཡང་མེད་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཤིན་ཏུ་འབར་བ། ཤིན་ཏུ་འོད་གསལ་བ་ཡིན་ནོ། །དེ་རྒྱུ་དེ་དང་རྐྱེན་དེ་དང་། གཞི་དེ་དང་ཐོབ་པ་དེའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མི་ཆགས་ཏེ། དེ་གོང་དུ་རྩོལ་ལོ། །དེ་གོང་དུ་རྩོལ་བ་ན་འདི་སྙམ་དུ་སེམས་ཏེ། འདི་ནི་གང་འདུ་བྱེད་རྣམས་ཀྱི་ཕྲ་བ་ལ་ཅི་ཡང་མེད་པར་ཡོངས་སུ་བརྟགས་པ་སྟེ། དེ་ནི་འདུ་ཤེས་མེད་འདུ་ཤེས་མེད་པ་ཡང་མ་ཡིན་ནོ་སྙམ་མོ། །དེ་ལ་འདུ་ཤེས་མེད་པ་ནི་སྟོང་པའི་ཕྱིར་རོ། །འདུ་ཤེས་མེད་པ་ཡང་མ་ཡིན་པ་ནི་རྟེན་ཅིང་འབྲེལ་པར་བྱུང་བའི་ཕྱིར་རོ། །དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མངོན་དུ་འགྱུར་ཏེ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་ལ་གནས་ནས་འདི་སྙམ་དུ་སེམས་ཏེ། གང་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་དེ་ལ་དགའ་བ་ཅི་ཞིག་ཡོད་སྙམ་


DKG065_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་བློ་དེ་ལས་གོང་དུ་བསྐྱོད་དོ། །དེ་བློ་དེ་ལས་གོང་དུ་བསྐྱོད་ནས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་མངོན་དུ་འགྱུར་ཏེ། དེ་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པར་མཐོང་ངོ་། །དེ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་མཐོང་ནས་ཡང་མི་འཇུག་མི་ལྡོག་གོ །དེ་དེའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་དག་པ་ཡིན་ནོ། །དེ་དེ་ལས་གོང་དུ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་འཇུག་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་སྟོབས་དང་། སོ་སོར་རྟོག་པའི་སྟོབས་དང་། བསྒོམ་པའི་སྟོབས་དང་། བཟོད་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། སྤོང་པའི་སྟོབས་དང་། ཐོས་པའི་སྟོབས་དང་། སྤོབས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། སྒྲུབ་པའི་སྟོབས་སོ། །དེ་ལ་མོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་མོས་པ་དེའི་དེ་དེ་བཞིན་དུ་འགྱུར་རོ། །དེའི་མོས་པའི་སྟོབས་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་གནོན་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་གང་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྐྱེས་པ་མི་སྡུག་པ་བསྒོམས་པས་ཞི་བར་བྱེད་དོ། །ཞེ་སྡང་སྐྱེས་པ་བྱམས་པ་བསྒོམས་པས་ཞི་བར་བྱེད་དོ། །གཏི་མུག་སྐྱེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་ཞི་བར་བྱེད་དོ། །གཤེ་བ་དང་མི་སྙན་པར་ཟེར་བ་རྣམས་ནི་བྲག་ཅ་དང་མཚུངས་པར་ཤེས་པ་ཡོངས་སུ་ཤེས་པས་ཞི་བར་བྱེད་དོ། །གསོད་པ་དང་འཆིང་བ་དང་། གོ་རར་འཇུག་པ་རྣམས་ནི་ལས་བདག་གིར་བྱ་བ་ཤེས་པས་ཞི་བར་བྱེད་དོ། །ལུས་ལ་བསྡིགས་པ་དང་ལུས་ལ་གནོད་པ་དང་ལུས་ལ་ཉམ་ང་བ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཤེས་པས་ཞི་བར་བྱེད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། །


DKG065_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའི་བསྒོམ་པའི་སྟོབས་གང་ཞེ་ན། གང་མོས་པས་སྤྱོད་པའི་ས་དང་། མཐོང་བའི་ས་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་བར་ཆད་བྱེད་མི་ནུས་སོ། །དེས་མཐོང་བ་དེ་དང་ལམ་དེ་ལས་ལྷར་བཅས་པའི་འཇིག་རྟེན་གྱིས་དབྲལ་བར་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསྒོམ་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་སྟོབས་གང་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྤྱོས་ཀྱང་བྲག་ཅའི་སྒྲ་དང་མཚུངས་པར་ཤེས་པའི་སྟོབས་ཀྱིས་སླར་སྤྱོ་བར་མི་བྱེད་དོ། །བསྡིགས་ཤིང་བརྡེགས་ཀྱང་གཟུགས་བརྙན་དང་མཚུངས་པ་ཉིད་དུ་ཤེས་པས་སླར་མི་སྡིགས་མི་རྡེག་གོ །གཤེ་ཡང་སེམས་སྒྱུ་མ་དང་མཚུངས་པ་ཉིད་དུ་ཤེས་པའི་སྟོབས་ཀྱིས་སླར་མི་གཤེའོ། །ཁྲོས་ཀྱང་ནང་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་སླར་མི་ཁྲོའོ། །འཇིག་རྟེན་གྱི་ཆོས་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫིའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ནི་འཁྲུག་པའི་སྒོ་ཇི་སྙེད་མཐོང་བར་རབ་ཏུ་ཞི་བའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བཟོད་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔས་གང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཤེས་པ་དེ་དག་ནི་སྟོང་པ། མ་སྐྱེས་པ། མ་འགགས་པའོ། །ཡེ་ཤེས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་བསྒྲུབ་པ་དེ་ལས་མུ་སྟེགས་ཅན་དང་། དམིགས་པ་ཅན་ཐམས་ཅད་དང་། བདུད་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་གནས་པས་ཀྱང་ཡེ་ཤེས་དེ་ལ་ཐེ་ཙོམ་ཟ་བར་བྱེད་མི་ནུས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་གནས་གཅིག་ན་གནས་པའི་གན་དུ་སེམས་ཅན་ཐམས་ཅད་ལྷགས་ཏེ་ཁ་ངན་ཟེར། མི་སྙན་པར་བརྗོད། ཚིག་བརླང་བ་རྩུབ་པོ་སྨྲ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མི་


DKG065_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་བརྗོད་ཀྱང་དེ་སེམས་ཅན་དེ་དག་ལ་མི་འཁྲུག་ཅིང་ཡིད་མི་བདེ་བར་མི་འགྱུར་རོ། །འགྱོད་པར་མི་འགྱུར་རོ། །བག་ལ་ཉལ་བར་མི་བྱེད་དོ། །ལུས་གཤགས་གཏུབས་ཀྱང་དེ་བཞིན་དུ་བག་ལ་ཉལ་མི་སྐྱེད་དོ། །སེམས་ཅན་དེ་དག་ཀྱང་དཀོན་མཆོག་གསུམ་ལ་རབ་ཏུ་འགོད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་རྒྱ་མཚོ། ཐོས་པ་བསགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཐོས་པའི་སྟོབས་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཐེ་ཚོམ་བཟུང་སྟེ། བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ནས། གང་སེམས་ཅན་གཅིག་གི་འདྲི་བ་དེ་བཞིན་དུ་གཞན་མི་འདྲི་བར་ཐམས་ཅད་ཀྱིས་ཐེ་ཚོམ་ཐ་དད་པར་ལྷན་ཅིག་ཏུ་དྲིས་ཀྱང་བྱང་ཆུབ་སེམས་དཔའ་ཐགས་ཐོགས་མེད་པར་ལྷན་ཅིག་ཏུ་ལན་འདེབས་སོ། །བསྐལ་པ་བརྒྱ་སྟོང་དུ་དྲིས་ཀྱང་དེ་བཞིན་དུ་ལུང་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤོབས་པའི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ནང་དུ་ཆོས་སྟོན་ན། དེ་མི་སེམས་མི་རྟོག་པར་སེམས་ཅན་གང་དང་གང་གི་འདོད་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་ཐོགས་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་སྟོན་པ་དེ་དོན་ཉམས་པར་མི་འགྱུར། ཚིག་འབྲུ་ཉམས་པར་མི་འགྱུར། ཚིག་ཟློས་པར་མི་འགྱུར། ཐོགས་པར་མི་འགྱུར། གཅོད་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའི་ཤིང་དྲུང་ན་གནས་ཀྱང་རུང་། གཙུག་ལག་ཁང་ན་གནས་ཀྱང་རུང་། ཁྱིམ་སྟོང་པ་ན་གནས་ཀྱང་རུང་། བདུད་ཐམས་ཅད་འཁོར་དང་བཅས་ཏེ་ལྷགས་ནས་བགེགས་བྱ་བ་དང་། གཙེ་བའི་ཕྱིར་ནན་ཏན་བྱེད་ན། དེ་ལ་བདུད་དེ་དག་བདག་ཉིད་འཇིགས་སྐྲག་མྱོས་


DKG065_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གྱེས་ཏེ། བདག་མགོན་མེད་པར་ཤེས་ནས་འབྲོས་པར་འགྱུར་རོ། །གང་བདུད་དེ་དག་གི་རལ་གྲི་དང་མཚོན་རྩེ་གཉིས་པ་དང་། མདུང་རྩེ་གསུམ་པ་དང་། རྡོ་བ་དང་སྟ་རེ་འབབ་པ་དེ་དག་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་མན་དཱ་ར་བའི་མེ་ཏོག་དང་། ཙམ་པ་ཀ་དང་སྣ་མའི་མེ་ཏོག་དང་། ཨུཏྤ་ལ་དང་པད་མར་གྱུར་ནས་འབབ་བོ། །གང་བདུད་དེ་དག་གི་ཚིག་རྩུབ་པོ་དང་། ཚིག་བརླང་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་བསྟོད་པར་གྲག་གོ །བྱང་ཆུབ་སེམས་དཔའ་ལ་ནི་ནམ་ཡང་ཡིད་དུ་མི་འོང་བའི་ཡུལ་དྲུག་སྣང་བར་མི་འགྱུར་རོ། །བསམས་པ་ཙམ་གྱིས་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་ནམ་མཁའ་ལས་འབྱུང་ངོ་། །དེ་ཡང་དེའི་རང་གི་བསོད་ནམས་ཀྱི་དབང་གིས་ནམ་མཁའི་མཛོད་དང་། ལག་ན་རིན་པོ་ཆེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །དེའི་རང་གི་བསོད་ནམས་ཀྱི་དབང་ལག་ན་རིན་པོ་ཆེ་དེ་ནི་ཚེའི་ཚད་བསྐལ་པར་གནས་ཏེ་བརྗོད་ཀྱང་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཀྱི་མཐའ་རྟོགས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་ནི་རྣམ་པ་བཅུའོ། །རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་སྒྲུབ་པ་དང་། ཚུལ་ཁྲིམས་སྒྲུབ་པ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་སྒྲུབ་པ་དང་། བསམ་གཏན་སྒྲུབ་པ་དང་། ཤེས་རབ་སྒྲུབ་པ་དང་། ཐབས་སྒྲུབ་པ་དང་། སྨོན་ལམ་སྒྲུབ་པ་དང་། སྟོབས་སྒྲུབ་པ་དང་། ཡེ་ཤེས་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་རྣམ་པ་བཅུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྒྲུབ་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྒྲུབ་པ་བཅུ་པོ་འདིའི་ནང་དུ་འདུས་པར་བལྟའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཆོས་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་མ་གཏོགས་པར་སེམས་ཅན་རྣམས་ལ་མི་


DKG065_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་སེམས་གང་གིས་སྦྱིན་པ་བྱིན་པའི་སེམས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་མ་གཏོགས་པར་སེམས་ཅན་གཞན་རྣམས་ཀྱིས་དད་པར་སླ་བ་ཡང་མ་ཡིན་ན། ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སྒྲུབ་པ་ནི་རྣམ་པ་བཅུའོ། །རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། རང་སངས་རྒྱས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས་སྒྲུབ་པ་དང་། དགེ་བའི་བཤེས་གཉེན་ཀུན་ཏུ་ཚོལ་བ་མི་གཏོང་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། རྟག་ཏུ་གཞན་གྱི་དོན་སྒྲུབ་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། རྟག་ཏུ་མཉམ་པར་བཞག་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བཟོད་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་མི་རྟོག་པའི་ཚུལ་ཁྲིམས་ཅན་ཡིན་ཏེ། དེ་དག་གི་ཚུལ་ཁྲིམས་སྒྲུབ་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྣམས་ཀྱིས་ཤེས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་སྒྲུབ་པ་ནི་རྣམ་པ་གསུམ་མོ། །རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱིས་གནོད་པར་བྱས་པ་ལ་མི་མཇེད་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་ལས་བདག་གིར་བྱ་བ་ཤེས་པ་ལ་འཇུག་པའོ། །གཞན་གྱིས་གནོད་པར་བྱས་པ་ལ་མི་མཇེད་པའི་བཟོད་པ་ནི་


DKG065_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ལ་འཇུག་པའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་ལ་འཇུག་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པ་གསུམ་ཞེས་བྱའོ། །གང་བཟོད་པ་འདི་དག་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་དུ་ཇི་ལྟ་ཇི་ལྟར་དགེ་བའི་ཆོས་རྣམས་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་སྦྱོར་བ་དེ་དང་དེར་འདུ་ཤེས་འདི་ལྟར་སྦྱོར་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་འདི་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཉམ་པར་མ་བཞག་པའི་ཆོས་གང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྙོམས་པར་ཞུགས་པ། ཞི་བ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་མ་འགགས་ཤིང་མི་གཡོ་བ་ཐོབ་པར་མཐོང་ངོ་། །དེ་བདག་ནི་མཉམ་པར་བཞག་པ། གཞན་ནི་རྣམ་པར་གཡེངས་པའོ་སྙམ་དུ་མི་སེམས་སོ། །བདག་དང་གཞན་ལས་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་གཞན་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་སྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བ་དང་། གང་མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་སྨོན་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་ནམ་མཁའ་ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཀྱི་ལམ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་སྒྲུབ་པའོ། །དེ་ལ་


DKG065_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་མི་དམིགས་ལ་རྟག་ཏུ་བདག་ཉིད་ཀྱིས་སྦེད་པ་ཡང་སྤྱོད་དོ། །སེམས་ཅན་ཡང་མི་དམིགས་ལ་རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པ་ཡང་སྤྱོད་དོ། །ཉོན་མོངས་པ་ཡང་མི་དམིགས་ལ་རྟག་ཏུ་དབང་པོ་རྣམས་སྦེད་པ་ཡང་སྤྱོད་དོ། །དེ་ལ་གང་སངས་རྒྱས་ཀྱི་གཟུགས་མ་ཡིན་པའི་གཟུགས་ཅུང་ཟད་ཀྱང་སྣང་བར་མི་འགྱུར་ལ་རྟག་ཏུ་སངས་རྒྱས་མཐོང་བར་འདོད་པ་ཡང་ཡིན་ནོ། །དེ་ལ་གང་ཆོས་ཀྱི་སྒྲ་མ་ཡིན་པའི་སྒྲ་གང་ཡང་གྲག་པར་མི་འགྱུར་ལ་རྟག་ཏུ་ཆོས་ཉན་པས་ངོམས་མི་མྱོང་བ་ཡང་ཡིན་ནོ། །འཁོར་བ་ཡང་མི་དམིགས་ལ་རྟག་ཏུ་འཁོར་བས་འཇིགས་པའི་ཡིད་དང་ལྡན་པ་ཡང་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཡང་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་ཀྱང་མི་དམིགས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་བརྒྱ་སྟོང་མང་པོ་ཡང་མངོན་པར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འབྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་ཡང་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་གྱུར་ཅིག །འཁོར་ཕུན་སུམ་ཚོགས་པ་ནི་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེའི་སྨོན་ལམ་དེ་ཡང་ཡང་དག་པར་འགྲུབ་པ་སྟེ་མི་འགྲུབ་པར་མི་འགྱུར་རོ། །དེ་ཚུལ་ཁྲིམས་མ་ཞིག་པ། མ་ཉམས་པ། འདྲེན་མ་མ་ཡིན་པ། སྲ་སྲེར་མ་གྱུར་པ། མཁས་


DKG065_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྔགས་པ་བསྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལ་རབ་ཏུ་གནས་པས་སེམས་ཀྱིས་སྨོན་པ་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་སྒྲུབ་པ་གང་ཞེ་ན། གལ་ཏེ་ལ་ལ་ཞིག་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ནས་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཟློག་པར་བྱེད། འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ལྡོག་པར་མི་འགྱུར་ཏེ། བྱང་ཆུབ་ཉིད་རྗེས་སུ་དྲན་ནོ། །བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་ནོ། །བདུད་འདུལ་བ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའོ། །སེམས་ཅན་གང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད། རྣམ་པར་ཟློག་པར་བྱེད་ན། སེམས་ཅན་དེ་ལ་ཡང་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བར་མི་འགྱུར་གྱི། སེམས་ཅན་དེ་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྐྱེད་དེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལས་ཀྱང་མི་ཉམས་ཏེ། དེའི་ཕྱིར་མི་ལྡོག་པའི་སྟོབས་དེས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་རབ་ཏུ་འཛུད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྟོབས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལ་སྐྱེ་བའམ། འཆི་བའམ། རྒ་བ་གང་ཡང་མེད་དོ། །འདི་དག་ནི་ཆོས་ཙམ་དུ་ཟད་དེ། བདག་དང་བདག་གི་དང་བྲལ་བའོ་ཞེས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ཡེ་ཤེས་ཀྱི་སྟོབས་དེ་ཉིད་ཀྱིས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཡེ་ཤེས་ཀྱི་སྟོབས་དེ་ལ་རབ་ཏུ་འགོད་དོ། །དེ་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཉིད་དེ་ལས་རྣམ་པར་བཟློག་ནས་འཇིག་རྟེན་གྱི་ཆོས་རྣམས་ལ་རབ་ཏུ་འཇོག་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲུབ་པའོ། །འདི་ནི་སྒྲུབ་པ་རྣམ་པ་བཅུ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་


DKG065_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་ཤིང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་དང་ཕུང་པོ་ཤེས་པ་དང་། ཁམས་ཤེས་པ་དང་སྐྱེ་མཆེད་ཤེས་པ་དང་། འདས་པ་དང་མ་འོངས་པ་ཤེས་པ་དང་། ལམ་དང་འབྲས་བུ་ཤེས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བཅུའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། གང་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ། སྡུག་བསྔལ་ལ་ཀུན་འབྱུང་བར་ཤེས་པ། སྡུག་བསྔལ་ལ་འགོག་པར་ཤེས་པ། སྡུག་བསྔལ་ལ་ལམ་དུ་ཤེས་པའོ། །གཞན་ཡང་སྡུག་བསྔལ་སྟོང་པར་ཤེས་པ། སྡུག་བསྔལ་མཚན་མ་མེད་པར་ཤེས་པ། སྡུག་བསྔལ་སྨོན་པ་མེད་པར་ཤེས་པ། སྡུག་བསྔལ་རྟེན་ཅིང་འབྲེལ་པར་འབྱུང་བར་ཤེས་པ་འཇིག་རྟེན་སྐྱེ་བ་འདི་སྡུག་བསྔལ་བར་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །གཞན་ཡང་མ་རིག་པ་ཤེས་པ། སྲེད་པ་ཤེས་པ། ལེན་པ་ཤེས་པ་ནི་སྡུག་བསྔལ་ཤེས་པ་སྟེ་འདི་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། གང་གིས་སྡུག་བསྔལ་དེ་ཀུན་འབྱུང་བར་འགྱུར་བ་དེ་ཤེས་པ་ནི་ཀུན་འབྱུང་བ་ཤེས་པའོ། །ཀུན་འབྱུང་བ་དེ་སྡུག་བསྔལ་ཉིད་དུ་ཤེས་པ་ནི་ཀུན་འབྱུང་བ་ཤེས་པའོ། །གཞན་ཡང་སྲེད་པ་ཤེས་པ་ནི་ཀུན་འབྱུང་བ་ཤེས་པ་ཡིན་ཏེ། འདི་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། གང་སྔོན་གྱི་མཐར་མི་འཕོ་བར་ཤེས་པ། ཕྱི་མའི་མཐར་མི་འབྱུང་བར་ཤེས་པ། དབུས་ལ་མི་གནས་པར་ཤེས་པའོ། །གཞན་ཡང་གང་ལ་འདས་པའི་ཆོས་འགགས་པ་མ་ཡིན་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་འགགས་པ་མ་ཡིན་པར་ཤེས་པ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། གང་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་ཚོལ་བའི་ཤེས་པ་དང་། ཐོབ་པར་


DKG065_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཤེས་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་ཤིང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་གང་ཡིན་པ་དང་། ཀུན་འབྱུང་བ་གང་ཡིན་པ་དང་། འགོག་པ་གང་ཡིན་པ་དང་། ལམ་གང་ཡིན་པ་དེ་དག་ནི་ཆོས་ཙམ་དུ་ཟད་དོ་སྙམ་པ་འདི་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་ཆོས་ཤེས་པ་ཞེས་བྱའོ། །དེ་ལ་ཕུང་པོ་རྣམས་ཤེས་པ་ནི་གང་ཕུང་པོ་རྣམས་ལ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པ། གོང་བུར་ཤེས་པ། ཕུང་པོར་ཤེས་པ། བརྩེགས་པར་ཤེས་པ་འདི་ནི་ཕུང་པོ་ཤེས་པ་ཞེས་བྱའོ། །གཞན་ཡང་གཟུགས་ཀྱི་ཕུང་པོ་ལ་དབུ་བ་རྡོས་པ་ལྟ་བུར་ཤེས་པ་དང་། ཚོར་བའི་ཕུང་པོ་ལ་ཆུའི་ཆུ་བུར་ལྟ་བུར་ཤེས་པ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་སྨིག་རྒྱུ་བ་ལྟ་བུར་ཤེས་པ་དང་། འདུ་བྱེད་ཀྱི་ཕུང་པོ་ལ་ཆུ་ཤིང་ལྟ་བུར་ཤེས་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་སྒྱུ་མ་ལྟ་བུར་ཤེས་པ་འདི་ནི་ཕུང་པོ་ཤེས་པ་ཞེས་བྱའོ། །དེ་ལ་ཁམས་ཤེས་པ་གང་ཞེ་ན། སའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ་ཆོས་ཀྱི་དབྱིངས་སྲ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆུའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་གཤེར་བ་ནི་མ་ཡིན་ནོ། །མེའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཚ་བ་ནི་མ་ཡིན་ནོ། །རླུང་གི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་གཡོ་བ་ནི་མ་ཡིན་ཏེ། གང་དེ་ལྟར་ཤེས་པ་འདི་ནི་ཁམས་ཤེས་པ་ཞེས་བྱའོ། །གཞན་ཡང་ཕྲ་བ་ཤེས་པ་དང་། རགས་པ་ཤེས་པ་དང་། ཆུང་ངུ་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་རྩ་བ་ཤེས་པ་ནི། ཁམས་ཤེས་པ་ཞེས་བྱའོ། །གཞན་ཡང་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་ལམ་ཤེས་པ་འདི་ནི་ཁམས་ཤེས་པ་ཞེས་བྱའོ། །གཞན་ཡང་ཁམས་ནི་གཉིས་ཏེ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སོ། །དེ་ལ་འདུས་བྱས་དང་འདུས་མ་བྱས་ཤེས་པ་ནི་ཁམས་ཤེས་པའོ། །གཞན་ཡང་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་


DKG065_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་ལྟ་བའི་ངོ་བོ་ཉིད་མ་ཡིན། རྫས་ཀྱི་ངོ་བོ་ཉིད་མ་ཡིན། རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ནོ། །རྣ་བའི་ཁམས་དང་སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་སྒྲ་འཛིན་པའི་ངོ་བོ་ཉིད་མ་ཡིན། སྒྲ་གཟུང་བའི་ངོ་བོ་ཉིད་མ་ཡིན། སྒྲ་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ནོ། །སྣའི་ཁམས་དང་དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་སྣོམ་པ་མ་ཡིན། བསྣམ་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །ལྕེའི་ཁམས་དང་རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་རོ་ལ་སྤྱོད་ཡུལ་པ་མ་ཡིན་རོ་བྲོ་བ་མ་ཡིན། ལྕེའི་རྣམ་པར་ཤེས་པས་ཐོབ་པ་མ་ཡིན་ནོ། །ལུས་ཀྱི་ཁམས་དང་རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་གོང་བུའི་མཚན་ཉིད་མ་ཡིན། རེག་པའི་མཚན་ཉིད་མ་ཡིན། སྨིན་རྒྱུའི་མཚན་ཉིད་མ་ཡིན་ནོ། །ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་སྐྱེ་བ་དང་། གནས་པ་དང་འཇིག་པའི་མཚན་ཉིད་མ་ཡིན་ཏེ། གང་དེ་ལྟར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཁམས་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་གང་ཞེ་ན། སྐྱེ་མཆེད་རྣམས་ལ་རྒྱ་ཆེ་བར་ཤེས་པ་དང་། ཟད་པར་ཤེས་པ་དང་། དཀའ་བར་ཤེས་པ་དང་། མདུད་པར་ཤེས་པ་དང་། ཟུག་རྔུར་ཤེས་པ་དང་། འཇིག་པར་ཤེས་པ་དང་། ཆུ་བོར་ཤེས་པ་དང་། སྦྱོར་བར་ཤེས་པ་དང་། རྣམ་པར་འཆིང་བར་ཤེས་པ་ནི་སྐྱེ་མཆེད་ཤེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །གཞན་ཡང་གང་སྐྱེ་མཆེད་རྣམས་ལ་གྲོང་སྟོང་དུ་ཤེས་པ་སྟེ། དཔེར་ན་གྲོང་སྟོང་པ་བདག་ཉིད་ཀྱིས་བདག་ནི་གྲོང་སྟོང་པའོ་སྙམ་དུ་མི་ཤེས་པ་དེ་བཞིན་དུ། སྐྱེ་མཆེད་དེ་དག་ཀྱང་བདག་ཉིད་ཀྱིས་བདག་ཅག་ནི་གྲོང་སྟོང་པའོ་སྙམ་དུ་མི་ཤེས་ཏེ། གང་འདི་དག་དེ་ལྟར་ཤེས་པ་


DKG065_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ་འདི་དག་ཐམས་ཅད་ནི་དེ་ཙམ་དུ་ཟད་དེ། འདི་ལ་བདག་དང་བདག་གི་ཞེས་བྱ་བ་མེད་དོ་སྙམ་མོ། །གང་དེ་ལྟར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་འདས་པ་དང་མ་འོངས་པའི་ཤེས་པ་གང་ཞེ་ན། གང་འདས་པ་ལ་འགྲོ་བ་མེད་པར་ཤེས་པ་དང་། མ་འོངས་པ་ལ་འོང་བ་མེད་པར་ཤེས་པ་འདི་ནི་འདས་པ་དང་མ་འོངས་པ་ཤེས་པ་ཞེས་བྱའོ། །གཞན་ཡང་འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་བྱེད་པ་མེད་པར་ཤེས་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འདས་པ་དང་མ་འོངས་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་དང་འབྲས་བུ་ཤེས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཤེས་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །གང་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་དང་། དེ་བཞིན་གཤེགས་པའི་ས་ཤེས་པ་འདི་ནི་འབྲས་བུ་ཤེས་པ་ཞེས་བྱ་སྟེ། གང་འདི་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་དང་འབྲས་བུ་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བཅུ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཟག་པ་མེད་པའི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཐོབ་པའི་དབང་བ་ཉིད་ཁོང་དུ་ཆུད་པར་བྱའོ། །ཆོས་ཡང་དག་པར་བརྗོད་པ་འདི་ཡང་དག་པར་བརྗོད་པ་ན་བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་སྟོང་ཕྲག་བདུན་ཅུ་རྩ་དྲུག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་


DKG065_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པ་སྤོབས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཏམ་འདི་ནི་ཡང་དག་ཕུལ་གྱི་གཏམ་མོ། །རིགས་ཀྱི་བུ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གང་། དེ་དག་ཡང་དག་པར་བརྗོད་པ་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་ནི་འདི་དག་གོ །དེ་ལ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཡང་དག་པར་བརྗོད་པ་ནི་འདི་ལྟ་སྟེ། སྦྱིན་པའི་རློམ་སེམས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མི་བྱེད་པ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་རློམ་སེམས་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཐམས་ཅད་ལ་མི་འཇུག་པ་ཡང་མ་ཡིན་ནོ། །བཟོད་པའི་རློམ་སེམས་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་བཟོད་པ་དང་དེས་པ་ལ་ཡང་མི་འཇུག་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་རློམ་སེམས་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་མི་སྒྲུབ་པ་ཡང་མ་ཡིན་ནོ། །བསམ་གཏན་གྱི་རློམ་སེམས་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ངེས་པར་སེམས་པ་ལྷུར་མི་ལེན་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་རློམ་སེམས་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ཐོས་པ་ཚོལ་བ་ལ་མངོན་པར་མི་བརྩོན་པ་ཡང་མ་ཡིན་ནོ། །ཐབས་ཀྱི་རློམ་སེམས་མེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་


DKG065_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱ་བའི་རྩོམ་པ་རྣམས་ནི་མི་སྣང་བ་ཡང་མ་ཡིན་ནོ། །སྨོན་ལམ་གྱི་རློམ་སེམས་མེད་པས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་། བདག་གི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་སྒོ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་ཡང་མ་ཡིན་ནོ། །སྟོབས་ཀྱི་རློམ་སེམས་མེད་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྲེད་མེད་ཀྱི་བུ་དང་ལག་ན་རྡོ་རྗེའི་གཟུགས་རྣམས་ཀྱིས་ང་རྒྱལ་དང་རྒྱགས་པ་དང་། དྲེགས་པས་ཁེངས་པའི་སེམས་ཅན་རྣམས་མི་འདུལ་བ་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱི་རློམ་སེམས་མེད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོའི་གནས་དང་། སྦྱོར་བའི་གནས་དང་། ལས་ཀྱི་གནས་ཐམས་ཅད་ལ་མི་འཇུག་པ་ཡང་མ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་རྣམ་པར་སྨིན་པ་ལ་ཡང་རེ་བ་མེད་ལ། རྣམ་པ་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་ཡང་བརྩོན་པ་དང་། ཚུལ་ཁྲིམས་ལ་ཡང་རྣམ་པར་མི་རྟོག་ལ་སྲོག་གི་ཕྱིར་ཡང་བསླབ་པ་མི་འདྲལ་བ་དང་། མི་འཁྲུགས་པའི་ཆོས་ཉིད་ཀྱང་ཡིན་ལ་གནོད་སེམས་ཀྱི་ཐ་བ་དང་ཞེ་སྡང་ཡང་མི་སྐྱེད་པ་དང་། འདོད་པ་ཡང་མེད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྩོམ་པ་དང་། རྣམ་པར་རྟོག་པ་ཡང་མེད་ལ་བསམ་གཏན་དང་མངོན་པར་ཤེས་པ་ཡང་ཀུན་ཏུ་ཚོལ་བ་དང་། ཆོས་ཐམས་ཅད་ལ་ཐེ་ཙོམ་ཡང་མེད་ལ་ཐོས་པ་དང་བསམ་པ་དང་། བསྒོམ་པའི་སྦྱོར་བ་ཡང་ཀུན་ཏུ་ཚོལ་བ་དང་། ཆོས་ཐམས་ཅད་དོན་དུ་གཉེར་བ་ཡང་མེད་ལ། དགེ་བའི་རྩ་བ་སྣ་ཚོགས་ཐམས་ཅད་ལ་ཡང་དམིགས་པ་དང་། སེམས་གང་ལ་ཡང་མི་གནས་ལ་སྨོན་ལམ་ཐམས་ཅད་ཀྱང་མངོན་པར་བསྒྲུབ་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཡང་བཅོམ་ལ་སྲ་བ་རྡོ་རྗེ་ལྟར་མི་ཕྱེད་པའི་ལུས་ཀྱང་སྒྲུབ་པ་དང་། བསྟན་བཅོས་ཐམས་ཅད་ཀྱང་ཤེས་པ་སློབ་


DKG065_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དང་བླ་མ་ཐམས་ཅད་ཀྱང་ཀུན་ཏུ་ཚོལ་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་སྦྱིན་པ་ལ་ཡང་དགའ་ལ་སེམས་ཅན་སེར་སྣ་ཅན་དང་འཐུན་པར་ཡང་འཇུག་པ་དང་ཚུལ་ཁྲིམས་ལ་ཡང་དགའ་ལ་སེམས་ཅན་ཚུལ་ཁྲིམས་འཆལ་པ་དང་འཐུན་པར་ཡང་འཇུག་པ་དང་། བཟོད་པ་ལ་ཡང་དགའ་ལ་སེམས་ཅན་གནོད་སེམས་ཅན་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་འཐུན་པར་ཡང་འཇུག་པ་དང་། བརྩོན་འགྲུས་ལ་ཡང་དགའ་ལ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་བརྩོན་འགྲུས་ཉམས་པ་དང་འཐུན་པར་ཡང་འཇུག་པ་དང་། བསམ་གཏན་ལ་ཡང་དགའ་ལ་སེམས་ཅན་བྱ་བ་མང་པོས་གཡེངས་པ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་འཐུན་པར་ཡང་འཇུག་པ་དང་། ཤེས་རབ་ལ་ཡང་དགའ་ལ་སེམས་ཅན་བླུན་པ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་རྟག་ཏུ་མ་དད་པ་དང་འཐུན་པར་འཇུག་པ་དང་། ཐབས་ལ་ཡང་དགའ་ལ་བྱ་བ་ཐམས་ཅད་ཀྱང་དོན་དུ་མི་གཉེར་བ་དང་། སྨོན་ལམ་ལ་ཡང་དགའ་ལ་སེམས་ཅན་འཁོར་བས་མུས་བྱུང་བ་དང་འཐུན་པར་འཇུག་པ་དང་། སྟོབས་ལ་ཡང་དགའ་ལ་སེམས་ཅན་ཉམ་ཆུང་བ་མཐུ་མེད་པ་དང་འཐུན་པར་ཡང་འཇུག་པ་དང་། ཡེ་ཤེས་ལ་ཡང་དགའ་ལ་སེམས་ཅན་འཁོར་བ་ལ་མངོན་པར་དགའ་བ་དང་འཐུན་པར་ཡང་འཇུག་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་འཐོབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ངན་སོང་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། འཆི་འཕོ་དང་སྐྱེ་བ་ལ་དབང་བ་དང་ཅང་ཤེས་པའི་སེམས་འཐོབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། བལྟ་བས་མི་ངོམས་པ་འཐོབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མངོན་པར་ཤེས་པ་མྱུར་བ་དང་ཆོས་ཐམས་ཅད་ལ་དབང་བྱེད་པ་འཐོབ་བོ། །བསམ་གཏན་གྱི་ཕ་རོལ་


DKG065_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པས་ནི་ལུས་དང་སེམས་ཡིད་དུ་འོང་བ་དང་། གཟུངས་དང་སྤོབས་པ་རྣམ་པ་ཐ་དད་པ་དང་། ཉོན་མོངས་པའི་སྒྲིབ་པ་སྤོང་བ་འཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་བོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་སླ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་འཐོབ་བོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་དགའ་བར་འགྱུར་བ་འཐོབ་བོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པ་ཐམས་ཅད་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བ་དང་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཕུང་པོ་དང་། འཆི་བདག་དང་ཉོན་མོངས་པ་དང་། ལྷའི་བུའི་བདུད་ལས་ཡང་དག་པར་འདའ་བ་འཐོབ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་བསྔགས་པ་སྨྲ་བ་ཡང་ཡིན་ལ་སྦྱིན་པས་དག་གོ་སྙམ་དུ་ཡང་མི་སྙེམས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་བསྔགས་པ་སྨྲ་བ་ཡང་ཡིན་ལ་ཡེ་ཤེས་ཀྱིས་དག་གོ་སྙམ་དུ་ཡང་མི་སྙེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་ཡང་དག་པར་བསྒྲུབས་ནས་སྤང་བར་བྱའོ། །འདི་དག་ཐམས་ཅད་ནི་ཡོངས་སུ་བརྟགས་པ་ལས་བྱུང་བའོ། །དེ་བས་ན་གང་ཡོངས་སུ་རྟོག་པ་དང་། ཡོངས་སུ་རྟོག་པ་ལས་བྱུང་བའི་ཆོས་དེ་དག་ནི་སྤང་བར་བྱའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་རྟོག་པ་དང་ཡོངས་སུ་རྟོག་པ་ལས་བྱུང་བའི་ཆོས་རྣམས་ཀྱིས་དག་གོ་སྙམ་དུ་མི་སྙེམས་ཏེ། གཞན་དུ་ན་རྣམ་པར་མི་རྟོག་པ་སྤྲོས་པ་མེད་པའི་ཡུལ་གྱིས་ཡེ་ཤེས་ཐོབ་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ་རིགས་ཀྱི་བུ་


DKG065_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཅེས་བྱ་བ་འདི་ཆོས་གང་གི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་འདི་ནི་རྣམ་པར་མི་རྟོག་པ། སྤྲོས་པ་མེད་པའི་ཆོས་ཀྱི་ཚིག་བླ་དགས་སོ། །དེ་ལ་ངར་འཛིན་པའི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། ངར་འཛིན་པ་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །ང་ཡིར་འཛིན་པའི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། ང་ཡིར་འཛིན་པ་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་གྱི་རྒྱུན་གྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་གྱི་རྒྱུན་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་ཀྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །ལྟ་བ་དང་རྣམ་པར་རྟོག་པ་དང་། སྨོན་ལམ་གྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །གཞན་ཡང་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་བྱང་ཆུབ་བོ། །ཆོས་ཐམས་ཅད་ནི་བྱང་ཆུབ་མ་ཡིན་ནོ། །སྨྲས་པ་རྣམ་གྲངས་གང་གིས་ན་ཆོས་ཐམས་ཅད་ནི་བྱང་ཆུབ་ཡིན་ལ། ཆོས་ཐམས་ཅད་བྱང་ཆུབ་ཀྱང་མ་ཡིན། སྨྲས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་བོ། །ཆོས་ཐམས་ཅད་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་ཆགས་པ་ནི་བྱང་ཆུབ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཉེ་བར་ཞི་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་དེ་ནི་མི་སྐྱེ་མི་འགག་


DKG065_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གོ །སྨྲས་པ། གང་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ། ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ །སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ། །འགག་གོ་ཞེས་གསུངས་ན། དེ་བཞིན་གཤེགས་པས་འདི་ཅི་ལས་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་དངང་བའི་གནས་བསལ་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ། །འགག་གོ་ཞེས་གསུངས་ཏེ། འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེད་དོ། །དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་སངས་རྒྱས་ཤེས་པར་བྱ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་པར་བྱ། སེམས་ཅན་རྣམས་ཤེས་པར་བྱ། སེམས་ཅན་གྱི་ཆོས་རྣམས་ཤེས་པར་བྱ། བདག་ཤེས་པར་བྱ། བདག་གི་ཆོས་རྣམས་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་དེའི་ཚེ་དོན་དེ་ཉིད་ཚིགས་སུ་བཅད་པ་འདི་དག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་བག་ཡོད་པས། །སངས་རྒྱས་འབྱུང་དང་སངས་རྒྱས་དང་། །སངས་རྒྱས་ཆོས་དང་དེ་དག་ནི། །རང་བཞིན་ཅི་འདྲ་རབ་ཏུ་ཤེས། །སངས་རྒྱས་འཇིག་རྟེན་མཁྱེན་མཆོག་ནི། །ཟག་མེད་དགེ་བའི་ཕུང་པོ་སྟེ། །སེམས་ཅན་བསམ་པའི་དབང་གིས་འབྱུང་། །སྔོན་གྱི་འདུ་བྱེད་རྒྱུ་ལས་སྐྱེ། །གང་གིས་སངས་རྒྱས་རྣམས་རྟོགས་པ། །དཔའ་བོ་དེ་ནི་ཕ་རོལ་ཕྱིན། །དེས་ནི་ཐམས་ཅད་ཡོངས་སུ་ཤེས། །དེས་ནི་ཐམས་ཅད་ཁོང་དུ་ཆུད། །བྱང་ཆུབ་སུས་ཀྱང་མ་བྱིན་ཏེ། །གང་གིས་ཀྱང་ནི་བཟུང་བ་མེད། །བདག་གི་ཆོས་རྣམས་ཡོངས་ཤེས་པས། །སངས་རྒྱས་ལ་ནི་སངས་རྒྱས་བརྗོད། །གང་གིས་བདག་ནི་རང་བཞིན་གྱིས། །འདུ་ཤེས་ཙམ་དུ་རྣམ་རིག་པ། །དེ་ནི་སངས་རྒྱས་ཅི་འདྲ་དང་། །བྱང་ཆུབ་རང་བཞིན་ཅི་འདྲ་ཤེས། །འགྲོ་


DKG065_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་འདུ་ཤེས་ཙམ། །ཡོངས་སུ་རྟོག་པ་རྣམས་ཀྱིས་བརྗོད། །རྨི་ལམ་སྒྱུ་མ་ལ་སོགས་མཚན། །བྱང་ཆུབ་སེམས་དཔས་རྣམ་པར་རིག །ཇི་ལྟར་ཚུལ་འདི་ཤེས་འགྱུར་ཞེས། །གང་ཞིག་དེ་སྙམ་སེམས་འགྱུར་ན། །དབང་པོའི་རྟ་རྣམས་རབ་བཏུལ་བ། །མཉམ་བཞག་དེས་ནི་རབ་ཏུ་ཤེས། །དེ་ལ་དགྲ་དང་ཟིན་མེད་དེ། །དགོས་པ་དང་ནི་མི་དགོས་མེད། །དོར་བ་མེད་ཅིང་གཟུང་བ་མེད། །ཡང་དག་ཆོས་བརྗོད་འདི་འདྲའོ། །ཆོས་རྣམས་ཀུན་ལ་ཡང་དག་ཚིག །ཆོས་རྣམས་ཡང་དག་བརྗོད་ཅེས་བྱ། །དེ་དག་ཡང་དག་ཚིག་མིན་པ། །དེ་ནི་སྐྱོན་ཆགས་ཆོས་ཞེས་བརྗོད། །འདོད་ཆགས་ཆོས་དང་འདོད་མེད་ནི། །དག་པ་རྣམས་ཀྱིས་མཉམ་པར་མཐོང་། །དེ་བཞིན་ཞེ་སྡང་གཏི་མུག་སྟེ། །འདི་ནི་ཆོས་རྣམས་ཡང་དག་བརྗོད། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྙིང་རྗེའི་བདག་ཉིད་གོ་བགོས་པ། །གང་ཞིག་རང་བཞིན་སྟོང་མིན་པ། །སེམས་ཅན་རབ་ཏུ་མི་མཐོང་སྟེ། །དེ་ལྟར་ཆོས་ཉིད་གང་ཤེས་ཤིང་། །རྟག་ཏུ་ཀུན་ཏུ་དྲི་མེད་ལ། །འཇིགས་མེད་ཐང་ལ་ཕྱིན་དེ་དག །སངས་རྒྱས་ཁོང་དུ་ཆུད་པར་འགྱུར། །དཔེར་ན་སྒྱུ་མ་མཁན་པོ་ཞིག །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །བདག་ནི་ཡང་དག་མ་ཡིན་ཞིང་། །སེམས་ཅན་རང་བཞིན་སྟོང་པར་མཐོང་། །ཀུན་ཏུ་སོང་བའི་ཆོས་མཐོང་ནས། །བཟོད་པ་ཐོབ་སྟེ་ཐང་ལ་གནས། །གང་དུའང་འཇུག་པ་མ་ཡིན་ཏེ། །གང་ནས་ཀྱང་ནི་ལྡོག་མེད་པ། །དེ་ནི་འཇུག་མེད་ལྡོག་མེད་དེ། །ཐང་ལ་གནས་པའི་བྲམ་ཟེའོ། །ནམ་ཞིག་བསམ་པ་མཉམ་པ་ཡིས། །ཡང་དག་ཆོས་ཀྱི་དབྱིངས་ལ་གནས། །དེ་ཚེ་སངས་རྒྱས་རྣམས་ཀྱིས་འདི། །རྫོགས་པའི་སངས་རྒྱས་འགྱུར་ལུང་སྟོན། །ནམ་ཞིག་བདག་ནི་ཇི་ལྟ་བར། །དེ་བཞིན་སངས་རྒྱས་ལུང་བསྟན་དག །མཐོང་བའི་དྲི་མ་བོར་བ་ནི། །རྒྱལ་བ་རྣམས་ཀྱིས་ལུང་སྟོན་ཏོ། །སྒྲིབ་པ་མེད་པའི་དབྱིངས་གནས་ནས། །


DKG065_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མྱ་ངན་འདས་ལ་སྤྱོད། །སྙིང་རྗེ་ཆེན་པོའི་བདག་ཉིད་ནི། །ཀུན་ཏུ་ཁ་ན་མ་ཐོ་མེད། །བྱང་ཆུབ་སེམས་དཔའ་བློ་ལྡན་གང་། །ཆོས་རྣམས་ཡང་དག་བརྗོད་འདོད་ཅིང་། །ཡང་དག་ཆོས་བརྗོད་དོན་གཉེར་དེ། །ཡང་དག་ཆོས་བརྗོད་འདི་བགྲོད་དོ། །སེམས་ཅན་ཆེན་པོ་དེས་ཚིགས་སུ་བཅད་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། །།བམ་པོ་བཞི་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་བདེན་པ་གཅེས་སུ་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་འདོར་ཞིང་། སེམས་ཅན་རྣམས་ལ་ལོག་པར་ཡང་མི་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཕྱིས་སེམས་དེ་འདོར་ཞིང་སེམས་ཅན་ཐམས་ཅད་ལ་ལོག་པར་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་སྨད་པའི་བརྫུན་དུ་སྨྲ་བའོ། །སྨྲས་པ། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་དེ་ཕྱིས་ཡོངས་སུ་མི་འདོར་ཞིང་སེམས་ཅན་ཐམས་ཅད་ལ་ལོག་པར་མི་སྒྲུབ་པ་ཡིན། སྨྲས་པ། ནམ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་གྱི་བདེན་པ་ཤེས་ཤིང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཤེས་པ་ན་དེ་སེམས་དེ་ཡོངས་སུ་མི་འདོར་ཞིང་སེམས་ཅན་ཐམས་ཅད་ལའང་ལོག་པར་མི་སྒྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་


DKG065_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བདེན་པ་ཡོངས་སུ་ཤེས་པ་དང་ལྡན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །སྨྲས་པ། སྡུག་བསྔལ་ནི་གང་ཤེས་པ་ནི་ཇི་ལྟ་བུ། སྨྲས་པ། ལེན་པའི་ཕུང་པོ་ལྔ་རྣམས་ལ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཏེ། འདི་ནི་སྡུག་བསྔལ་ཞེས་བྱའོ། །ནམ་སྡུག་བསྔལ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་དང་གཡོ་བ་མེད་པ་དང་། བདག་དང་བདག་གི་དང་བྲལ་བ་ཤེས་པ་འདི་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། །ནམ་སྡུག་བསྔལ་དེ་ཀུན་འབྱུང་བ་ཙམ་དང་། རྫས་མེད་པ་དང་རྫས་མ་ཡིན་པ་དང་། སྙིང་པོ་མེད་པ་དང་བདག་པོ་མེད་པར་མཐོང་བ་འདི་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །ནམ་སྡུག་བསྔལ་དེ་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་ཏེ། ཐོག་མ་མེད་པ་ཅན་ཡིན་ལ། རང་བཞིན་གྱིས་འགགས་པ། རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་དབེན་པར་ཤེས་པ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས། སྨྲས་པ། རིགས་ཀྱི་བུ་འགོག་པ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་གལ་ཏེ་འགོག་པ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ན། དེ་ཅིའི་ཕྱིར་འགོག་པ་ཞེས་བྱ། སྨྲས་པ། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་ནི་གློ་བུར་སྒྲིབ་པ་མེད་པ། ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ། ཀུན་བརྟགས་པ་སྟེ། ནམ་ཡང་དག་པ་མ་ཡིན་པ་དེ་ལ་ཀུན་ཏུ་མི་རྟོག་པ་དེ་ནི་འགོག་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་འགག་པ་ན་ཆོས་གང་ཡང་འཇིག་པར་མི་འགྱུར་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཤིན་ཏུ་འགགས་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་འགོག་པ་མངོན་སུམ་དུ་བྱེད་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་གསུངས་ན། བཅོམ་ལྡན་འདས་ཀྱིས་དེ་ཅི་ལས་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་མངོན་སུམ་དུ་བྱེད་ཅེས་བྱ་བ་འདི་ནི་བསྟན་དུ་མེད་པ། མངོན་སུམ་དུ་མཐོང་བའི་ཚིག་བླ་དགས་སོ། །


DKG065_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་ཀྱང་འགོག་པ་ནི་བསྟན་དུ་མེད་པའི་ཆོས་སོ་ཞེས་གསུངས་སོ། །ཆོས་གང་བསྟན་དུ་མེད་པ་དེ་ནི་མངོན་སུམ་དུ་བྱ་བར་མི་ནུས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་བྱེད་མི་མཐོང་ངོ་ཞེས་གསུངས་ཏེ། དེ་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ནི་འགོག་པ་མངོན་སུམ་དུ་བྱེད་དོ། །ཉན་ཐོས་ནི་ཆོས་ལ་མཚན་མར་འཛིན་པའི་བློས་འགོག་པ་མངོན་སུམ་དུ་བྱེད་དོ། །གནས་སོ། །ཀུན་ཤེས་སོ་ཞེས་གསུངས་སོ། །དམིགས་པ་དང་ཡིད་ལ་བྱེད་པ་གང་དག་གིས་འདི་ལྟར་ཤེས། འདི་ལྟར་མཐོང་། འདི་ལྟར་ངེས་པར་བྱེད་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་སྡུག་བསྔལ་ཞེས་བྱ་བ་ནི་ངར་འཛིན་པའོ། །ང་ཡིར་འཛིན་པ་དེའི་རྒྱུ་དང་བཅས་པར་གང་འབྱུང་བ་འདི་ནི་ཀུན་འབྱུང་བ་ཞེས་བྱའོ། །ནམ་དེའི་འབྱུང་བའི་ཆོས་གང་ཡང་སོ་སོར་ངེས་པ་མ་ཡིན་པར་མཐོང་བ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །གང་དེ་ལྟར་རྣམ་པར་མཐོང་ཞིང་ཚོལ་བ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་གང་སྙེམས་པ་དེ་ནི་སྡུག་བསྔལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་སྙེམས་པའི་རང་བཞིན་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །སྙེམས་པ་ནི་ཐམས་ཅད་དུ་ཡང་དག་པ་མ་ཡིན་པའོ། །དེ་བས་ན་སྙེམས་པ་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་འབྱུང་བའོ། །སྡུག་བསྔལ་མེད་པ་ནི་འགོག་པའོ། །ཡེ་ཤེས་གང་གིས་སྙེམས་པ་དེ་ལ་མི་སྙེམས་པ་དེ་ནི་ལམ་མོ། །རིགས་ཀྱི་བུ་བདག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ཤེས་པ་བསྟན་པ་འདིའི་མཐའ་རྟོགས་པར་མི་ནུས་སོ། །བདེན་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་བདེན་པ་ཡོངས་སུ་བསྒོམས་པ་ཕྱིར་མི་ལྡོག་པའི་ས་ཁོང་དུ་ཆུད་དོ། །བར་སྣང་ལ་གནས་པའི་ལྷའི་བུ་མོ་སྟོང་ཕྲག་བཅུ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་


DKG065_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་གཞག་པ་ནི་གང་། དྲན་པ་ནི་གང་། དྲན་པའི་གནས་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་མི་སྐྱེ་བ་ཤེས་པ་དྲན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་སྐྱེ་བ་ཤེས་པའི་སྨོན་ལམ་ཅན་ཡིན་ཏེ། དེ་དག་གི་དྲན་པ་དེ་ཡང་མི་སྐྱེ་བ་ཤེས་པས་ཡོངས་སུ་སྦྱང་བ་བྱས་པ། ཐམས་ཅད་དུ་མི་བསྐྱོད་པ། དྲང་བ། མི་གཡོ་བ། གཏིང་དང་འགྲམ་མི་རྟོགས་པ། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་སྟེ། བྱང་ཆུབ་སེམས་དཔའི་དྲན་པ་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་པའི་དྲན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་སུམ་མོ། །བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་འདི་འདྲའོ། །བྱང་ཆུབ་སེམས་དཔའི་དྲན་པ་དེའི་གནས་ནི་རྣམ་པ་བཅུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་སྟེ། འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ལུས་འདི་ནི་སྔོན་གྱི་མཐའ་ནས་མ་འོངས། ཕྱི་མའི་མཐར་མི་འཕོ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་


DKG065_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་སྟེ། ཚོགས་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ལོངས་སྤྱོད་ཅེས་བྱ་བ་དང་། གནས་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱིས་ཐ་སྙད་དུ་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ། མི་གཙང་བ། རུལ་པ། རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ། འབྲུལ་བ། འབྲལ་བ། རྣམ་པར་འཐོར་བ། རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང་། རྐང་སོར་དང་། བྱིན་པ་དང་། བརླ་དང་། གྲུ་དོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། རྩིབ་ལོགས་དང་། རྩིབ་མ་དང་། ལག་པའི་ཐལ་མོ་དང་། དཔུང་པ་དང་། ཐལ་གོང་དང་། མགྲིན་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོའི་ཐོད་པ་འདུས་པ་ཙམ་སྟེ། ལས་འབྱུང་བའི་བྱེད་པས་བསགས་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སོ། །འདི་ནི་རྫས་མང་པོ་འདུས་པ་འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རུས་པ་དང་། པགས་པ་དང་། ཤ་དང་། ལུས་དང་། རྒྱུས་པ་དང་། ཚིལ་དང་། ཞག་དང་། ཆུ་སེར་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ཕོ་བ་དང་། ལོང་ཀ་དང་། ཁྲག་དང་། ངར་སྣབས་དང་། མཁྲིས་པ་དང་། རྣག་དང་། མཆིལ་མ་དང་། ཀླད་པ་དང་། ཀླད་རྒྱས་རྣམས་ཏེ། དེ་དེ་ལྟར་རྫས་མང་པོ་འདུས་པ་ཡིན་ནོ། །དེ་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ །དེ་ལ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་བར་འཇོག་གོ །དེ་ཐམས་ཅད་ནམ་མཁའ་


DKG065_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཐོང་ངོ་། །དེ་ལུས་ཡོངས་སུ་ཤེས་པར་བྱ་བ་ལས་གང་ལ་ཡང་དྲན་པ་མི་འཇུག་གོ །མི་ལྡོག་གོ །མི་འཇུག་མི་ལྡོག་པས་དྲན་པ་ལ་གནས་པ་ཞེས་བྱའོ། །དེ་ལྟར་དྲན་པ་ལ་གནས་པ་ནི་འདི་ལྟར་ལུས་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་དུ་ཤེས་ཏེ། འདི་ལ་ཐོགས་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཐོགས་པ་དེ་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཚོར་བ་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་སྟེ། རེག་པ་དེ་ཡང་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་གཉི་ག་ལས་རྣམ་པར་གྲོལ་བའོ་སྙམ་མོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་སེམས་གཡེངས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཚོར་བ་ནི་ཕྱིན་ཅི་ལོག་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་ཚོར་རོ། །སྡུག་བསྔལ་བ་ལ་བདེ་བར་ཚོར་རོ། །བདག་མེད་པ་ལ་བདག་ཏུ་ཚོར་རོ། །མི་གཙང་བ་ལ་གཙང་བར་ཚོར་ཏེ། འདི་ནི་ཕྱིན་ཅི་ལོག་གི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པར་ཚོར་བ་དང་། སྡུག་བསྔལ་ལ་སྡུག་བསྔལ་དུ་ཚོར་བ་དང་། བདག་མེད་པ་ལ་བདག་མེད་པར་ཚོར་བ་དང་། མི་གཙང་བ་ལ་མི་གཙང་བར་ཚོར་བ་འདི་ནི་ཉན་ཐོས་རྣམས་ཀྱི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པ་དང་མི་རྟག་པ་ཡང་མ་ཡིན་པར་ཚོར་བ་དང་། སྡུག་བསྔལ་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་ཚོར་བ་དང་། བདག་མེད་པ་ལ་བདག་མེད་པ་དང་བདག་མེད་པ་ཡང་མ་ཡིན་པར་ཚོར་བ་དང་། མི་གཙང་བ་ལ་མི་གཙང་བ་དང་མི་གཙང་བ་ཡང་མ་ཡིན་པར་ཚོར་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོར་བའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚོར་བ་ནི་ཚོར་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་མི་མཐོང་བས་ཚོར་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་ནི་ཚོར་བའོ་ཞེས་གསུངས་སོ། །གལ་ཏེ་འདུས་བྱས་ཐམས་ཅད་ཚོར་བ་མ་ཡིན་ན་ནི་འདི་ལ་ཚོར་བ་པོ་ཞེས་བྱ་བ་ཅི་ཞིག་ཡོད། ཚོར་བ་ནི་ཚོར་བར་


DKG065_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མ་ཡིན། ཚོར་བར་བྱ་བ་དང་། ཚོར་བ་དང་། ཚོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱང་འདུས་བྱས་ཚོར་བར་བྱེད་པ་མ་ཡིན། འདུས་བྱས་དང་འདུས་མ་བྱས་ལས་རྣམ་པར་གྲོལ་བའི་ཚོར་བར་བྱེད་པ་གང་ཡང་མེད་དེ། དེ་ལྟར་ཚོར་བ་དེ་དག་ཚོར་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །འདི་ལ་ཚོར་བས་རྩོལ་བ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བྱང་ཆུབ་ཇི་ལྟ་བར་ཚོར་བ་ཡང་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཚོར་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཚོར་བ་དེ་ནི་སེམས་ཙམ་མོ། །སེམས་དེ་ཡང་གནས་པ་མེད་པ། གཟུང་བ་མེད་པ། ལུས་མེད་པའོ། །གང་གནས་མེད་པ། གཟུང་བ་མེད་པ། ལུས་མེད་པ་དེའི་གནས་ཇི་ལྟ་བུ་ཞིག་ཡོད་སྙམ་མོ། །སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །གང་ལ་བརྟེན་ནས་བྱུང་བའི་སེམས་དེ་ཡང་གཞན་ལ་རག་ལས་པ། རང་དབང་མེད་པར་མཐོང་ངོ་། །སེམས་མ་རྟོགས་པར་བྱང་ཆུབ་ཀྱང་མི་ཤེས་སོ། །དེ་ལ་བྱང་ཆུབ་སེམས་ཙམ་དུ་ཤེས་པས་སེམས་ལ་དབང་ཐོབ་བོ། །དེ་སེམས་ལ་དབང་བས་ཐེག་པ་ཆེན་པོ་ལ་དབང་བྱེད་པ་དང་། སེམས་ཅན་ཐམས་ཅད་ལའང་སེམས་སྙོམས་པ་དང་། ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་ལ་མི་འཇོག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། སོ་སོའི་སྐྱེ་བོའི་ཆོས་སམ། ཆོས་གང་དང་གང་ལ་དྲན་པ་ཉེ་བར་འཇོག་པའི་ཆོས་དེ་ཤིན་ཏུ་བཟུང་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ། ཤིན་ཏུ་བསགས་པའམ། ཤིན་ཏུ་ཆུབ་པ་རང་གི་ཁ་ན་ལས་པ། ཤིན་ཏུ་


DKG065_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱེད་པའི་དྲན་པ་དེས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་མཉམ་པར་བྱེད་དེ། གང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། དབེན་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། གཉིས་སུ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པ་སྟེ། ནམ་མཁའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་སྟེ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ངོ་བོ་ཉིད་དེ། ཉོན་མོངས་པ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྨྲ་བ་མེད་པ་སྟེ། བརྗོད་དུ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། འདུས་མ་བྱས་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་གྲངས་མེད་པ་སྟེ། གྲངས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་དྲང་བ་སྟེ། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་ས་བོན་མེད་པའི་ཕྱིར་རྩ་བ་མེད་པ། ཆོས་ཐམས་ཅད་ནི་རྩ་བ་རྣམ་པར་བྱང་བའི་ཕྱིར་སྐྱོན་མེད་པ། ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་འོང་བ་མེད་པ། ཆོས་ཐམས་ཅད་ནི་གནས་པ་མེད་པའི་ཕྱིར་སོང་བ་མེད་པ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཆགས་པ་མེད་པ། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་སྟོང་པ། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའི་ཕྱིར་ངེས་པར་འབྱུང་བ། ཆོས་ཐམས་ཅད་ནི་ཇི་ལྟར་འདོད་པ་བཞིན་ཁོང་དུ་ཆུད་པའི་ཕྱིར་རང་གི་ཁ་ན་ལས་པ། ཆོས་ཐམས་ཅད་ནི་ཤེས་བྱའི་ངོ་བོ་ཉིད་ཀྱི་ཕྱིར་བྱང་ཆུབ་པ། ཆོས་ཐམས་ཅད་ནི་རྫས་མེད་པའི་ཕྱིར་མིང་ཙམ་པ། ཆོས་ཐམས་ཅད་ནི་བསྟན་དུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ལྟ་བ་དང་བྲལ་བ། ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་བཅིངས་པ་མེད་པ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་ཕྱིར་གྲོལ་བ་མེད་པ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཐིབས་པོ་མེད་པ།


DKG065_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་དབྱིངས་གཅིག་པ། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་མཉམ་པའི་ཕྱིར་ཐ་མི་དད་དོ་སྙམ་དུ་དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐ་དད་དུ་མི་བྱེད། ཆོས་ཐ་དད་དུ་མི་བྱེད། ཐེག་པ་ཐ་དད་དུ་མི་བྱེད། སངས་རྒྱས་ཐ་དད་དུ་མི་བྱེད། སངས་རྒྱས་ཀྱི་ཞིང་ཐ་དད་དུ་མི་བྱེད། ཐ་མ་དང་། མཆོག་དང་། བཅིངས་པ་དང་། ཐར་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཡང་དག་པར་རྗེས་སུ་མི་མཐོང་། སྤོང་བ་མེད། འཛིན་པ་མེད། འཇུག་པ་མེད། ལྡོག་པ་མེད། ལེན་པ་མེད། འདོར་བ་མེད་དེ། མི་གཡོ་བ་ཐོབ་ཅིང་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལ་གནས་པ་དེ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། སེམས་ཅན་ཐམས་ཅད་མངོན་སུམ་དུ་བྱས་ནས་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་བོ། །འདི་ལྟར་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་དྲན་པ་ཉེ་བར་འཇོག་གོ །དྲན་པ་དེས་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲན་པ་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། རྣམ་པར་དག་པ། འོད་གསལ་བ། བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་ཆད་པ། ཡེ་ཤེས་སྔོན་དུ་འགྲོ་བ། ཡེ་ཤེས་ཀྱི་དབང་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་


DKG065_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པ། ཆོས་ཀྱི་དབང་དུ་གྱུར་པ། ལྷའི་དབང་དུ་གྱུར་པ། ངེས་པར་གྱུར་པ་ཐམས་ཅད་ཐོབ་པ། ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་རྟོག་པ། རང་བཞིན་གྱིས་རྣམ་པར་མི་རྟོག་པ། ལྷུན་གྱིས་གྲུབ་པ། མཐུ་སྒྲིབ་པ་མེད་པ། ཐོགས་པ་མེད་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྒྱས་པར་བྱེད་པ། ནམ་མཁའ་ལྟར་འགྱུར་བ་མེད་པའི་སངས་རྒྱས་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་ནོ། །དྲན་པ་རིན་པོ་ཆེ་སངས་རྒྱས་རྣམས་ཀྱི་ནོར། སངས་རྒྱས་རྣམས་ཀྱི་མཛོད་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་དྲན་པ་ཡང་མ་ཡིན། མི་དྲན་པ་ཡང་མ་ཡིན་པར་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པའི་དྲན་པ་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་སེམས་ཅན་དང་ཆོས་ལ་ཐ་དད་པའི་འདུ་ཤེས་མི་མངའ་བ་སྟེ། དེ་དག་གི་དྲན་པ་རྗེས་སུ་དྲན་པས་དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་མི་རྟོག་རྣམ་པར་མི་རྟོག །མི་ལེན་མི་འདོར་མི་འཁོར་ཡོངས་སུ་མྱ་ངན་ལས་མི་འདའ། མི་སྐྱེ་མི་འགག་པ་སྟེ། དེ་དག་རྗེས་སུ་དྲན་ནས། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན། སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་གྱུར་པ། མགོན་དུ་གྱུར་པ། སྨན་པ་ཆེན་པོ་ཟུག་རྔུ་འབྱིན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། རྟག་ཏུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བ། འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་བ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སེམས་ཅན་ཆེན་པོའི་གནས་སེམས་ཅན་ཆེན་པོའི་རྟེན། རྣམ་པར་འདྲེན་པ། ཆོས་ཀྱི་སྐུ་སྤྱོད་ཡུལ་བ། ཐམས་ཅད་དུ་ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ། རྟག་ཏུ་སེམས་ཅན་གྱི་དོན་ལ་དགྱེས་པ། སྐུ་དང་། གསུང་དང་། ཐུགས་རྒྱ་ཆེ་བ། ཕྱད་པར་ལུང་སྟོན་པ།


DKG065_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ། བག་ཆགས་དང་བཅས་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དཀྲུགས་པ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། རྩོད་པ་མེད་པའི་ཆོས་ཀྱི་མཆོག་དང་ལྡན་པ། རྒྱ་མཚོ་ཐམས་ཅད་པས་ཆེས་ཟབ་པ། རི་རབ་ཐམས་ཅད་པས་ཆེས་མཐོ་བ། ས་བས་ཆེས་བརྟན་པ། ཆུ་བས་ཆེས་མཉེན་པ། མེ་བས་ཆེས་འབར་བ། རླུང་བས་ཆེས་ཆགས་པ་མེད་པ། ནམ་མཁའ་བས་ཆེས་དྲི་མ་མེད་པ། ཡིད་ཀྱི་འགྲོ་བ་བས་ཆེས་མགྱོགས་པ། ཡིད་བཞིན་གྱི་ནོར་བུ་བས་ཆེས་ཁྱད་པར་དུ་འཕགས་པ། ཐམས་ཅད་མཁྱེན་པ། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱོར་བ། ཆགས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པའི་རྒྱུན་མ་བཅད་པ། གཟུགས་ཚད་མེད་པ། སྒྲ་ཚད་མེད་པ། ཡོན་ཏན་ཚད་མེད་པ། ཡུལ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པ། རིག་པ་དང་ཞབས་ཀྱི་སེམས་དང་ལྡན་པ། ལམ་གསུམ་གྱི་སྡིག་པ་རྣམས་ཡང་དག་པར་ཆད་པ། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ཅན། སེམས་ཅན་ཐམས་ཅད་དང་ཐུན་མོང་བའི་ཡོན་ཏན་ཅན། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ། དགྲ་ཟིན་ལ་སེམས་སྙོམས་པ། སྟེའུ་དང་ཙན་དན་དུ་མཚུངས་པ། སེམས་ཅན་ཐ་མ་དང་། འབྲིང་དང་། མཆོག་ཐམས་ཅད་ལ་ཐམས་ཅད་དུ་རྟག་ཏུ་གསལ་བར་བྱེད་པའི་ཆོས་ཅན། ཕ་རོལ་དཔག་པར་དཀའ་བ་སེམས་ཅན་ཆེན་པོ། ལོངས་སྤྱོད་ཆེན་པོ། རིག་པ་དང་ཞབས་སུ་ལྡན་པ་ཆེན་པོ། ཆོས་གསུང་བ་ཆེན་པོ། འདུལ་བ་གསུང་བ་ཆེན་པོ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་ཐམས་ཅད་ཀྱི་སྣང་བར་གྱུར་པ། རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ། བསམ་གཏན་ཆེན་པོ་སྤྱོད་ཡུལ་བ། རྣམ་པར་གྲོལ་བ་ཆེན་པོ་ཕུན་སུམ་ཚོགས་པ།


DKG065_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེ་བ། སྐྱེ་བོ་ཆེན་པོའི་ཞམ་རིང་བ་དང་ལྡན་པ། སྐྱེ་བོ་ཁྱད་པར་ཅན་གྱི་ཞམ་རིང་བ་དང་ལྡན་པ། ལྟ་བ་དང་། ཉན་པ་དང་། སྟེན་པ་དང་། བསྙེན་བཀུར་བྱེད་པ་མི་ལྡོག་པ། བདག་བདེ་བ་ལ་མི་ལྟ་བ། གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ་དགྱེས་པ། ཆོས་ལ་གཞོལ་བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟས་ཅན། ཆོས་ཀྱི་སྨན་ཅན། ཆོས་ཀྱི་གཏེར་ཅན། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བདག་པོ། ཆོས་ཀྱི་སྦྱིན་བདག་རྟག་ཏུ་གཏོང་བ་ལ་མངོན་པར་དགྱེས་པ། རྟག་ཏུ་བག་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་སྟེགས་དང་། ཟམ་པར་གྱུར་པ། རྒྱལ་པོའི་ལམ་ཆེན་པོ་དང་འདྲ་བ། ཉི་མ་ཆེན་པོ་དང་འདྲ་བ། ཚངས་པ་ཆེན་པོ་འདྲ་བ་དང་། ཡེ་ཤེས་ཆེན་པོའི་རྡོ་རྗེ་འཆང་བ། ཆོས་ཆེན་པོས་དབུགས་འབྱིན་པ། གཟུགས་ལྟ་བས་མི་ངོམས་པ། མཐོང་བས་མི་ངོམས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས་སུ་དྲན་ནོ། །དེ་ལྟར་དེ་དག་རྗེས་སུ་དྲན་པས་དེ་དག་གི་ཡོན་ཏན་ཡོངས་སུ་བསྒྲུབ་པའི་ཕྱིར་སྦྱོར་རོ། །དྲན་པ་ཉེ་བར་འཇོག་གོ །བརྩོན་འགྲུས་བརྩམ་མོ། །དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །


DKG065_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཡོད་པ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །དེ་ལྟ་བས་ན་བདག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ། །ཆོས་སྤྱོད་ཡུལ་བ་དང་། ཆོས་ལ་རྟོན་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་སྙིང་པོར་བྱེད་པ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཆོས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པས་ཆོས་ནི་ཐ་མ་དང་། འབྲིང་དང་། རབ་མཐོང་ནས་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །གནས་ནི་ཕྱོགས་སུ་མ་ལྷུང་བས་ཆོས་ནི་ངོ་བོར་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་དུས་ཆད་པ་མེད་པ་འདི་མཐོང་བ་ལ་དོན་ཡོད་པ་རང་གིས་རིག་པས་ཆོས་ནི་དུས་ལ་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་མཐོན་དམན་མེད་པས་ཆོས་ནི་རྒྱ་ཆེན་པོ་ལ་འཇུག་པ་མ་ཡིན། དམན་པ་ལ་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འཐུན་པའི་སེམས་སུ་བྱའོ། །ཆོས་ནི་མཆོག་དང་ཐ་མ་དང་བྲལ་བས་ཆོས་ནི་རྣམ་པར་དག་པ་ལ་འཇུག་པ་ཡང་མ་ཡིན། ཉམས་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཞིང་དང་ཞིང་མ་ཡིན་པའི་ལྟ་བ་དང་བྲལ་བས་ཆོས་ནི་འཕགས་པ་ལ་འཇུག་པ་ཡང་མ་ཡིན་སོ་སོའི་སྐྱེ་བོ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཇུག་པས་ཆོས་ནི་ཉིན་མོ་འཇུག་ལ་མཚན་མོ་མི་འཇུག་པ་མ་ཡིན། མཚན་མོ་འཇུག་


DKG065_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉིན་མོ་མི་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་གང་ལ་ཡང་ནམ་ཡང་སྡོད་པ་མ་ཡིན་པས་ཆོས་ནི་འདུལ་བའི་དུས་ལས་ཀྱང་མི་འདའ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐམས་ཅད་དུ་འདོད་པ་མེད་པས་ཆོས་ནི་སྡང་བ་རྣམས་ལ་ཞེ་འགྲས་པ་ཡང་མེད་དད་པ་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བྲི་བ་ཡང་མ་ཡིན། གང་བ་ཡང་མ་ཡིན་ཏེ། དཔག་ཏུ་མེད། གྲངས་མེད་པས་ནམ་མཁའ་ལྟར་འབྲི་བ་ཡང་མ་ཡིན། འཕེལ་བ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སེམས་ཅན་རྣམས་ཀྱིས་སྲུང་བ་མ་ཡིན་གྱི་ཆོས་ཀྱིས་སེམས་ཅན་རྣམས་སྲུང་བ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སྐྱབས་ཡོངས་སུ་ཚོལ་བ་མ་ཡིན་པས་ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐོགས་པ་མེད་པའི་མཚན་ཉིད་པས་ཆོས་ནི་གང་ལ་ཡང་ཐོགས་པ་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བག་ལ་ཉལ་མེད་པས་བག་ལ་ཉལ་ལ་མི་འཇུག་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྣམ་པར་མི་རྟོག་པས་ཆོས་ནི་འཁོར་བས་འཇིགས་སྐྲག་པ་ཡང་མ་ཡིན། མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ་སྙམ་མོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ལྟར་དྲན་པ་ཉེ་བར་འཇོག་པས་དེའི་ཕྱིར་ཆོས་རྗེས་སུ་དྲན་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་


DKG065_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཏེ། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དང་བ། སྙིང་རྗེ་བའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པ་སྤྱོད་ཡུལ་བ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པའོ་སྙམ་མོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམ་པ་དུ་མར་གསུངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་དགེ་འདུན་དང་། དོན་དམ་པའི་དགེ་འདུན་དང་། ངོ་ཚ་ཤེས་པའི་དགེ་འདུན་དང་། ངོ་ཚ་མེད་པའི་དགེ་འདུན་དང་། འཕགས་པའི་དགེ་འདུན་དང་། ཅང་ཤེས་ཀྱི་དགེ་འདུན་དང་། ཕྱིར་མི་ལྡོག་པའི་དགེ་འདུན་ནོ་སྙམ་མོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཀུན་རྫོབ་ཀྱི་དགེ་འདུན་བསྡུ་བའི་ཕྱིར་ནན་ཏན་བྱེད་དོ། །དོན་དམ་པའི་དགེ་འདུན་ལ་བསྟེན་པའི་ཕྱིར་ནན་ཏན་བྱེད་དོ། །ངོ་ཚ་ཤེས་པའི་དགེ་འདུན་རྣམ་པར་ཐར་བར་བྱ་བའི་ཕྱིར་ནན་ཏན་བྱེད་དོ། །ངོ་ཚ་མེད་པའི་དགེ་འདུན་ཡོངས་སུ་གདུལ་བའི་ཕྱིར་ནན་ཏན་བྱེད་དོ། །འཕགས་པའི་དགེ་འདུན་ལ་མཆོད་ཅིང་བསྟི་སྟང་བྱ་བའི་ཕྱིར་ནན་ཏན་བྱེད་དོ། །ཅང་ཤེས་ཀྱི་དགེ་འདུན་ལ་སངས་རྒྱས་བཞིན་དུ་ནན་ཏན་བྱེད་དོ། །ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཆོས་ཀྱི་གཏམ་གྱི་ཕྱིར་ནན་ཏན་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། རིགས་འཛིན་པའི་ཕྱིར་སངས་རྒྱས་ཀྱི་སྲས་རྣམས་ཀྱི་དགེ་འདུན་ནོ། །ཡིད་དུ་འོང་བའི་འབྲས་བུ་རབ་ཏུ་སྦྱིན་པའི་ཕྱིར་ཞིང་བཟང་པོ་རྣམས་ཀྱི་དགེ་འདུན་ནོ། །གནས་ངན་ལེན་དང་བྲལ་བའི་ཕྱིར་འཇིགས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ཡོངས་སུ་འཛིན་པ་གཏོང་ཞིང་འདོར་བའི་ཕྱིར་སེམས་རྣམ་པར་གྲོལ་བ་རྣམས་ཀྱི་དགེ་འདུན་ནོ། །ཤིན་ཏུ་དུལ་བའི་ཕྱིར་ཅང་ཤེས་པ་རྣམས་ཀྱི་དགེ་འདུན་ནོ། །མ་འདྲེས་པའི་ཕྱིར་ཉོན་མོངས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །སྡིག་པ་དང་


DKG065_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཕྱིར་ངོ་ཚ་ཤེས་པ་རྣམས་ཀྱི་དགེ་འདུན་ནོ། །བཀའ་བློ་བདེ་བའི་ཕྱིར་སློབ་མ་རྣམས་ཀྱི་དགེ་འདུན་ནོ། །བདག་ཡོངས་སུ་ཤེས་པ་དང་ལྡན་པའི་ཕྱིར་བདག་གི་བ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ཞི་བའི་ཕྱིར་རྒྱགས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །འདོད་པ་ཉུང་བའི་ཕྱིར་ཕྱིན་ཅི་མ་ལོག་པ་རྣམས་ཀྱི་དགེ་འདུན་ནོ། །རྣམ་པར་རྟོག་པ་ཡང་དག་པར་ཆད་པའི་ཕྱིར་ནད་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ཕ་རོལ་ཏུ་སོན་པའི་ཕྱིར་ཐང་ལ་གནས་པ་རྣམས་ཀྱི་དགེ་འདུན་ནོ། །ཐང་ལ་གནས་པའི་ཕྱིར་བདེ་བ་ཐོབ་པ་རྣམས་ཀྱི་དགེ་འདུན་ནོ། །དེ་ཁོ་ན་མཐོང་བའི་ཕྱིར་བག་ཡོད་པ་རྣམས་ཀྱི་དགེ་འདུན་ནོ། །སྐྱོན་མ་ཆགས་པའི་ཕྱིར་དགོན་པ་པ་རྣམས་ཀྱི་དགེ་འདུན་ནོ། །རྒྱ་ཆེ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ་རྣམས་ཀྱི་དགེ་འདུན་ནོ། །བསླབ་པ་གསུམ་གྱི་བྱ་བ་ཤེས་པར་བྱ་བའི་ཕྱིར་བསླབ་པ་འདོད་པ་རྣམས་ཀྱི་དགེ་འདུན་ནོ། །དྲན་པ་ཉེ་བར་གཞག་པ་སྤྱོད་ཡུལ་བའི་ཕྱིར་དྲན་པ་དང་ལྡན་པ་རྣམས་ཀྱི་དགེ་འདུན་ནོ། །ཡང་དག་པར་སྤོང་བ་སྤྱོད་ཡུལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་དགེ་འདུན་ནོ། །རྫུ་འཕྲུལ་གྱི་རྐང་པ་སྤྱོད་ཡུལ་བའི་ཕྱིར་ངལ་བ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །དབང་པོ་སྤྱོད་ཡུལ་བའི་ཕྱིར་མི་ཕྱེད་པ་རྣམས་ཀྱི་དགེ་འདུན་ནོ། །སྟོབས་སྤྱོད་ཡུལ་བའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཀྱི་དགེ་འདུན་ནོ། །བྱང་ཆུབ་ཀྱི་ཡན་ལག་སྤྱོད་ཡུལ་བའི་ཕྱིར་བསྒྲིབས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ལམ་སྤྱོད་ཡུལ་བའི་ཕྱིར་ཡང་དག་པར་ལྟ་བ་རྣམས་ཀྱི་དགེ་འདུན་ནོ། །བདེན་པ་སྤྱོད་ཡུལ་བའི་ཕྱིར་འཕགས་པ་རྣམས་ཀྱི་དགེ་འདུན་ནོ། །བསམ་གཏན་སྤྱོད་ཡུལ་བའི་ཕྱིར་མཉམ་པར་གཞག་པ་རྣམས་ཀྱི་དགེ་འདུན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྤྱོད་ཡུལ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྣམས་ཀྱི་དགེ་འདུན་ནོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཕྱིར་མི་ལྡོག་པ་རྣམས་ཀྱི་དགེ་འདུན་ནོ། །བསོད་ནམས་ཐམས་ཅད་ཀྱི་ཚོགས་བསགས་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་འདུན་ནོ་སྙམ་མོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དགེ་འདུན་


DKG065_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་པས་འདི་སྙམ་དུ་སེམས་ཏེ། གང་དགེ་འདུན་གྱི་ཡང་དག་པའི་ཡོན་ཏན་དེ་དག་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་ལས་བྱུང་བར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱི་གནས་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ས་ནི་སྨན་དང་། རྩྭ་དང་། ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱི་གནས་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་གནས་ལ་རབ་ཏུ་གནས་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ། །སྦྱིན་པའི་ཆོས་ཡོངས་སུ་རྫོགས་པར་ཡང་བྱེད་དོ། །ཚུལ་ཁྲིམས་ཀྱི་གནས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགའ་བ་སྐྱེའོ། །ཡིད་དགའ་བས་འགྱོད་པ་མེད་དོ། །འགྱོད་པ་མེད་པས་མཆོག་ཏུ་དགའ་བ་འཐོབ་བོ། །མཆོག་ཏུ་དགའ་བས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་བདེ་སྟེ་ཏིང་ངེ་འཛིན་ཐོབ་བོ། །ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་དང་། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་བསྒྲུབ་པར་བྱའོ་སྙམ་མོ། །དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་བསླབ་པ་ཡོངས་སུ་རྫོགས་ནས་བླ་ན་


DKG065_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བས་ན་བདག་གིས་ཀྱང་ཚུལ་ཁྲིམས་ལ་གནས་པ་མི་བསྐྱོད་པ་མི་ལྷོད་པར་བྱའོ། །སེམས་ཅན་ཐམས་ཅད་མངོན་དུ་བྱས་ནས་ཚུལ་ཁྲིམས་བསྲུང་བར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་གནས་ལ་མི་གནས་པ་མ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཚུལ་ཁྲིམས་ནི་གནོད་སེམས་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བསླབ་པ་དང་སྡོམ་པ་ཡང་དག་པར་འཛིན་པའི་ཚུལ་ཁྲིམས་ནི་ལུས་དང་། ངག་དང་། སེམས་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་སེམས་པའི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ནང་དུ་ཡང་དག་འཇོག་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཆོས་ཉན་པའི་ཚུལ་ཁྲིམས་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཐོས་པ་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་ནི་ང་རྒྱལ་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་ནི་ཡོན་ཏན་གྱི་ཆོས་ཐམས་ཅད་ཆུད་མི་ཟ་བ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཇི་ལྟར་ཐོས་པའི་ཆོས་རྣམས་སྟོན་པའི་ཚུལ་ཁྲིམས་ནི་ཆོས་སྨྲ་བ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཇི་ལྟར་ཐོས་པའི་ཆོས་རྣམས་སེམས་པའི་ཚུལ་ཁྲིམས་ནི་གཟུངས་དང་སྤོབས་པ་ཐོབ་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་


DKG065_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བ་ཐམས་ཅད་ལས་ཡང་དག་པར་འདའ་བ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བར་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བའི་ཚུལ་ཁྲིམས་ནི་དཀོན་མཆོག་གསུམ་ཆུད་མི་ཟ་བ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་བསྲུངས་པས་བསྲུངས་པ་ཐམས་ཅད་བསྲུངས་པ་ཡིན་ནོ་སྙམ་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཅི་གཏོང་བ་དེ་ཐམས་ཅད་ནི་འདི་ལྟ་སྟེ་ཟང་ཟིང་གི་གཏོང་བ་དང་། ཆོས་ཀྱི་གཏོང་བ་དང་། གཏོང་བ་རྣམ་པ་གཉིས་ཀྱི་ནང་དུ་འདུས་སོ་སྙམ་མོ། །དེ་ལ་ཟང་ཟིང་གི་གཏོང་བས་ནི་བྱང་ཆུབ་སེམས་དཔའི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་སྐོང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །བག་ཆགས་ཀྱང་ཡང་དག་པར་འཇོམས་པར་བྱེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཕུང་པོ་ཐམས་ཅད་ངེས་པར་འདོར་བར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་ཡང་དག་པར་འདའོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་སྐྱེ་བའི་ལུས་ཡོངས་སུ་སྦྱོང་བར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཆོས་ཀྱི་སྐུར་ཡོངས་སུ་སྦྱོང་བར་བྱེད་དོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་གཏོང་བས་ནི་ཕ་མ་ལས་བྱུང་བའི་སྟོབས་སྒྲུབ་པར་བྱེད་དེ། སྟོབས་དེ་ནི་དེ་བཞིན་གཤེགས་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སུ་ལ་ཡང་མེད་དོ། །ཆོས་ཀྱི་གཏོང་བས་ནི་རྫུ་འཕྲུལ་གྱི་སྟོབས་སྒྲུབ་པར་བྱེད་དེ། སྟོབས་དེ་ནི་དེ་བཞིན་གཤེགས་པ་དང་། ས་བཅུ་ལ་


DKG065_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སུ་ལ་ཡང་མེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཡོངས་སུ་སྨིན་པར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་རྣམ་པར་ཐར་བར་བྱེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཚོགས་སོགས་སོ། །ཆོས་ཀྱི་གཏོང་བས་ནི་སྒྲོལ་ལོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ནོར་ཡོངས་སུ་གཏོང་ངོ་། །ཆོས་ཀྱི་གཏོང་བས་ནི་ཐམས་ཅད་གཏོང་ངོ་། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྒྲུབ་པར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྒྲུབ་པར་བྱེད་དོ། །གཞན་ཡང་གཏོང་བ་གཏོང་བ་ཞེས་བྱ་བ་འདི་ནི་ཡོངས་སུ་རྟོག་པ་གཏོང་བའི་ཚིག་བླ་དགས་སོ། །འདི་ལྟ་སྟེ་ཡོངས་སུ་རྟོག་པ་གཏོང་བ་དེ་ནི་གཏོང་བ་རྣམས་ཀྱི་དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་རྟོག་པ་བཏང་བས་བྱང་ཆུབ་སེམས་དཔའ་དག་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་ཡོངས་སུ་རྟོག་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་སྨྲས་པ། རིགས་ཀྱི་བུ་ཡོངས་སུ་རྟོག་པ་ཞེས་བྱ་བ་འདི་ནི་ཡང་དག་པ་མ་ཡིན་ཞིང་མེད་པ་ལས་སྒྲོ་བཏགས་པའི་ཚིག་བླ་དགས་སོ། །སྨྲས་པ། ཇི་ལྟར་ན་ཡང་དག་པ་མ་ཡིན་ཞིང་མེད་པ་ལས་སྒྲོ་བཏགས་པ་ཡིན། སྨྲས་པ། ནམ་འདི་ལྟར་བདག་ནི་ཆགས་པ། བདག་ནི་ཞེ་སྡང་བ། བདག་ནི་གཏི་མུག་པ། བདག་ནི་ཉོན་མོངས་པ། བདག་ནི་རྣམ་པར་དག་པ། བདག་ནི་བཅིངས་པ། བདག་ནི་གྲོལ་བ། བདག་ནི་འཁོར་བ། བདག་ནི་ཡོངས་སུ་མྱ་ངན་ལས་འདས་པའོ་སྙམ་པ་ལ་སོགས་པར་སྒྲོ་བཏགས་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཞིང་མེད་པ་ལས་ཡོངས་སུ་བརྟགས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ཙམ་སྟེ། འདི་ལ་བདག་དང་བདག་གི་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད་དོ། །རྒྱུ་དང་རྐྱེན་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་


DKG065_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། མི་སེམས་པ། ཡོངས་སུ་མི་རྟོག་པ། ཀུན་ནས་ཉོན་མོངས་པ་མ་ཡིན་པ། རྣམ་པར་བྱང་བ་མ་ཡིན་པ། འཁོར་བ་མ་ཡིན་པ། ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་པ་ལ་སྒྲོ་མི་འདོགས་ཤིང་། དེ་སྒྲོ་འདོགས་པ་བཏང་བས་གཏོང་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ནམ་ཆོས་དེ་དག་རྗེས་སུ་དྲན་པ་དེ་ནི་དེའི་གཏོང་བ་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་རྣམ་པ་གསུམ་སྟེ། གཏོང་བ་དང་གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། བཟའ་བ་འདོད་པ་རྣམས་ལ་བཟའ་བ་སྦྱིན་པ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མར་མེ་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཤིང་རྟ་དང་རྒྱན་ལ་སོགས་པ་སྦྱིན་པ་སྟེ། སྦྱིན་པ་གང་སེམས་ཅན་རྣམས་ལ་གནོད་པ་དང་། ཕོངས་པར་འགྱུར་བ་དེ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་དག་སེམས་ཅན་རྣམས་ལ་མི་སྦྱིན་པ་གང་ཡང་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཆེན་པོ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་ཕུན་སུམ་ཚོགས་ནས་གཏོང་བ་ཆེན་པོ་བྱེད་དེ། འདི་ལྟ་སྟེ་ཆུང་མ་དང་། བུ་དང་། བུ་མོ་དང་། ཡིད་དུ་འོང་བའི་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། ཁྱིམ་དང་། རྒྱལ་སྲིད་རྣམས་ཡོངས་སུ་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བ་ཆེན་པོ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་དང་གཏོང་བ་ཆེན་པོ་ཕུན་སུམ་ཚོགས་ནས་ཤིན་ཏུ་གཏོང་བ་བྱེད་དེ། འདི་ལྟ་སྟེ། ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། ཤ་དང་། རུས་པ་དང་། པགས་པ་དང་། མིག་དང་། ལྕེ་དང་། མགོ་རུས་དང་། རྐང་ལ་སོགས་པ་ཡོངས་སུ་གཏོང་བ་སྟེ། འདི་ནི་བྱང་ཆུབ་


DKG065_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཤིན་ཏུ་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེས་གཏོང་བ་དང་། གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་དེ་དག་རྗེས་སུ་དྲན་ནས། བདག་གིས་ཀྱང་དྲན་པ་དེ་དག་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་དེ་ནི་དེའི་གཏོང་བ་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྣམ་པར་དག་པའི་ལྷ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་རྗེས་སུ་དྲན་ནོ། །འདི་ལྟར་དེ་དག་རྗེས་སུ་དྲན་ཏེ། བསྒྲུབ་པ་དང་ཡོན་ཏན་དང་། སྐྱེ་བ་དང་ལོངས་སྤྱོད་དང་། ཀུན་དཔྱོད་པ་དང་། རྩོམ་པ་དང་། རབ་ཏུ་འཐོབ་པ་དང་། ཡོངས་སུ་འགྲུབ་པས་ཀྱང་རྗེས་སུ་དྲན་པ་འདི་ནི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གང་ལྷ་གཞན་དེ་དག་ཀྱང་རྗེས་སུ་དྲན་ནོ། །འདི་ལྟར་དེ་དག་རྗེས་སུ་དྲན་ཏེ་ལྷ་འདི་དག་ནི་ལས་དགེ་བའི་འབྲས་བུ་ལས་བྱུང་བའོ། །དགེ་བའི་ལས་དེ་དག་ནི་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་མི་དགེ་བ་ལས་བཟློག་པ་རྣམས་སོ། །དེ་ལས་ལྷ་གང་རྣམས་ཁ་དོག་དང་ལྡན་པ། བདེ་བ་མང་བ། དབང་པོ་ཚིམ་པ། དེ་དག་ཐམས་ཅད་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་རྣམ་པར་སྨིན་པའོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ལྷའི་བདེ་བ་དེ་ལ་རྗེས་སུ་ཡི་རང་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །ལྷའི་བདེ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིར་འདོད་དོ། །བདེ་བ་དེ་སེམས་ཅན་ཐམས་ཅད་ཀྱིར་འདོད་པས་དགེ་བའི་རྩ་བ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་རྩོམ་མོ། །ངན་སོང་རྣམས་སུ་སྐྱེས་པའི་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོ་རྙེད་དེ། དེ་འདི་སྙམ་དུ་བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་བྱེད་དུ་གཟུད་དོ། །སེམས་ཅན་གང་དག་ལྷར་གྱུར་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་


DKG065_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བར་བྱའོ། །གང་གིས་སེམས་ཅན་རྣམས་ལྷའི་བདེ་བ་ཐོབ་ནས་ཕྱིས་ཉམས་པར་མི་འགྱུར་བ་དང་། བདེ་བར་གྱུར་ནས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉེ་བར་ཞི་བའི་བདེ་བའི་བདེ་བ་ཐོབ་པར་འགྱུར་བའི་ལས་དེ་དག་སེམས་ཅན་རྣམས་བྱེད་དུ་གཞུག་གོ་སྙམ་དུ་སེམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། རིགས་ཀྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཅུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་དེའི་ཚེ་དོན་དེ་ཉིད་ཚིགས་སུ་བཅད་པ་དག་གིས་སྨྲས་པ། གང་ཕྱིར་སྡུག་བསྔལ་མ་གཏོགས་པར། །སྟོང་པ་ཉིད་ནི་མི་དམིགས་པས། །སྡུག་བསྔལ་སྡུག་བསྔལ་མི་ལྟ་སྟེ། །སྡུག་བསྔལ་སྟོང་པར་བལྟ་བར་བྱ། །སྟོང་པ་ཉིད་ནི་ལྟ་འདོད་པས། །སྡུག་བསྔལ་ཡང་དག་བལྟ་བར་བྱ། །སྡུག་བསྔལ་སྟོང་པ་ཉིད་ཀྱི་དོན། །སྟོང་པ་དེ་ནི་འདུས་མ་བྱས། །སྡུག་བསྔལ་བྱས་པ་མ་ཡིན་པས། །སྡུག་བསྔལ་ལ་ནི་བྱེད་པ་མེད། །སྡུག་བསྔལ་བྲལ་བའི་བྱེད་པ་པོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་ཡང་དག་ཏུ། །ཀུན་ནས་སྒྲིབ་པ་མེད་གྱུར་ཏེ། །གལ་ཏེ་སྡུག་བསྔལ་བྱས་མིན་ན། །འདི་ལ་ཀུན་འབྱུང་ག་ལ་ཡོད། །སྡུག་བསྔལ་ལ་ནི་འོང་མེད་དེ། །གང་དུ་ཡང་ནི་འགྲོ་མིན་ན། །གང་གིས་དེ་ཡི་ཆགས་འབྱུང་བ། །སྡུག་བསྔལ་མེད་ན་ག་ལ་ཡོད། །གལ་ཏེ་སྡུག་བསྔལ་ཀུན་འབྱུང་སྟེ། །སྲེད་པ་ཀུན་འབྱུང་བཤད་ན་ནི། །སྲེད་ཅན་སྲེད་ཡོད་མ་ཡིན་ན། །མེད་ན་ཀུན་འབྱུང་ཇི་ལྟར་འགྱུར། །སྡུག་བསྔལ་ལ་ནི་འོང་མེད་དེ། །འོང་བ་མེད་ན་ཅི་ཞིག་འགྲོ། །འོང་དང་འགྲོ་བ་མེད་པར་ནི། །འགོག་པ་ཞི་བ་ཞེས་བསྟན་ཏོ། །ཆོས་རྣམས་ངོ་བོ་ཉིད་ཀྱིས་ཞི། །རྩ་བ་དག་ཅིང་འོད་ཀྱང་གསལ། །འགོག་པོ་དང་ནི་ཆོས་རྣམས་མཚུངས། །ཐམས་ཅད་མཐའ་གཉིས་རབ་ཏུ་སྤངས། །སྔོན་དུ་སྐྱེས་པའི་ཆོས་རྣམས་ཀྱང་། །དེ་མ་ཐག་ཏུ་འགག་པར་འགྱུར། །འགག་པ་མེད་པར་སྐྱེ་བ་མེད། །སྐྱེ་བ་མེད་པར་ཟད་པ་མེད། །དེ་ལྟར་གང་གི་བློ་ཚོལ་བ། །དེ་ནི་ཆགས་མེད་ཟད་མེད་ལམ། །


DKG065_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི་གཟིངས་དང་འདྲ་བར་བསྟན། །མདོར་ན་གཟིངས་ནི་སྤང་བར་བྱ། །གང་བསགས་སྤང་བར་བྱ་བ་ཡི། །ཆོས་དེ་ལ་ནི་ཅི་ཞིག་དགའ། །ལམ་སྤངས་ཐང་ལ་གནས་པ་དེ། །རྣལ་འབྱོར་པ་ནི་གྲོལ་ཞེས་བརྗོད། །དེས་ནི་ལམ་གྱི་ཡེ་ཤེས་ཀྱིས། །གང་ཕྱིར་ཆོས་ཀུན་བསྒོམས་པས་ན། །གྲོལ་བའི་མཚན་ཉིད་རབ་བསྟན་པ། །དེ་ནི་གང་དུའང་རྩོད་པ་མེད། །སྐྲ་དང་བ་སྤུ་སེན་མོ་སོ། །ཤ་དང་རུས་པ་ཁྲག་དང་ཞག །ཚིལ་དང་ཤས་རྒྱས་ཕྱི་ས་དང་། །མཁྲིས་པ་བད་ཀན་ཀླད་པ་དང་། །མཚེར་པ་རྒྱུས་པ་གཉེ་མ་དང་། །གཅིན་གྱི་ཕུང་པོ་ལུས་ཞེས་བརྗོད། །རྣལ་འབྱོར་པས་ནི་ལུས་རྣམས་ལ། །ཡོད་མིན་ཀུན་བརྟགས་ཙམ་དུ་མཐོང་། །འདི་ལ་བྱེད་དང་ཚོར་བ་དང་། །མཐོང་བ་པོ་ནི་གང་ཡང་མེད། །ལུས་ཞེས་བྱ་བར་རང་བཞིན་གྱིས། །གྲོང་སྟོང་དང་ནི་འདྲ་བའོ། །ཚོར་བ་མྱོང་བར་རབ་བསྟན་པ། །ཚོར་བ་པོ་ལས་ཚོར་བ་གཞན། །གུད་ན་ཡོད་པ་མ་ཡིན་ན། །གང་གིས་དེ་ནི་མྱོང་བར་འགྱུར། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་རྣམས་ཀྱིས། །དྲན་པ་དེ་ལ་ཉེ་བར་གཞག །ལུས་ལས་སེམས་ནི་མི་མཐོང་སྟེ། །སེམས་ལ་ཡང་ནི་སེམས་དེ་བཞིན། །དེ་ལྟར་ཤེས་ནས་འཁྲུག་པ་མེད། །གྲོལ་བ་པོ་ནི་དགའ་བའང་མེད། །སེམས་ཙམ་དུ་ནི་རབ་མཐོང་སྟེ། །ཀུན་ཏུ་རྟོག་པ་ཀུན་སྤངས་ཀྱང་། །སྒྲིབ་པ་མེད་པའི་སྤྱོད་ཡུལ་ཅན། །རྣལ་འབྱོར་གཏོང་བའང་མ་ཡིན་ནོ། །ཆོས་རྣམས་རང་འབྱུང་མ་ཡིན་ཏེ། །གང་གིས་ཀྱང་ནི་བསྒྲུབས་པ་མེད། །གྲངས་མེད་ཅིང་ནི་ཡི་གེ་མེད། །དེ་ནི་ནམ་མཁའ་འདྲ་བའི་མཚན། །ཆོས་འདི་རྟོགས་པར་ཁོང་ཆུད་ནས། །ཆོས་ཤེས་པ་ཡི་རྣལ་འབྱོར་ཅན། །མཉམ་པ་ཉིད་ལ་རབ་གནས་པ། །འཇུག་པ་མེད་ཅིང་ལྡོག་པའང་མེད། །གང་གིས་ཆོས་དྲན་འདི་འདྲ་སྟེ། །ཐམས་ཅད་ཆོས་ལས་མི་གཡོ་བ། །དེ་དག་ཕ་རོལ་ཕྱིན་པ་བརྟན། །སངས་རྒྱས་བསྟན་ལ་སྦྱིན་པ་སྦྱོང་། །སངས་རྒྱས་དོན་རྣམས་ཀུན་ལ་མཁས། །སྒྲིབ་པ་ཀུན་གྱི་དྲི་མ་མེད། །དཀར་པོ་ཐམས་ཅད་ཡང་དག་སྤྱོད། །སེམས་ཅན་ཀུན་ལ་ཕན་པར་བཞེད། །རིགས་དང་གཟུགས་དང་ཡོན་ཏན་ལས། །རྫོགས་པའི་བྱང་ཆུབ་


DKG065_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་གང་། །ཡང་དག་དྲན་པ་དེ་དག་ནི། །དཀར་པོའི་ཆོས་ཀྱིས་རབ་ཏུ་རྒྱས། །གང་ཞིག་རྟག་ཏུ་མཉམ་གཞག་ཅིང་། །ཆོས་ལ་དྲན་པ་མི་གཡེང་བ། །དེས་ནི་འདས་དང་མ་འོངས་པའི། །སངས་རྒྱས་ཐམས་ཅད་མཉེས་པར་བྱས། །དམ་པའི་ཆོས་ལ་བརྟེན་ཆོས་ཅན། །ཆོས་རྗེས་དྲན་པ་སྤྱོད་ཡུལ་བ། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་བརྟན། །རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར། །ཆོས་རྣམས་ཅི་འདྲ་དེ་བཞིན་དུ། །བདག་འགྱུར་སྙམ་དུ་གང་དྲན་པ། །བྱང་ཆུབ་སེམས་དཔའ་མཉམ་གཞག་དེས། །ཆོས་དྲན་པ་འདི་ཤེས་པར་བྱ། །ང་ཡི་མེད་ཅིང་ངར་འཛིན་མེད། །ཆོས་རྣམས་ཅི་འདྲ་དེ་ལྟར་བདག །འགྱུར་རོ་སྙམ་དུ་དྲན་པ་ནི། །ཆོས་རྗེས་དྲན་པ་འདི་བསྒོམ་ཡིན། །བླ་ན་མེད་པ་བསོད་ནམས་ཞིང་། །དགེ་འདུན་སངས་རྒྱས་སློབ་མ་རྣམས། །སངས་རྒྱས་བྱང་ཆུབ་འགྱུར་བ་དག །རྟག་ཏུ་ཡང་དག་རྗེས་སུ་དྲན། །རྒྱ་མཚོ་ལྟ་བུར་དཔག་དཀའ་རྣམས། །བདག་གིས་རྗེས་སུ་དྲན་པ་ཡི། །བསོད་ནམས་རབ་ཏུ་གང་བསགས་དེས། །སེམས་ཅན་དེ་བཞིན་གཤེགས་གྱུར་ཅིག །མི་ལྡོག་ངང་ཚུལ་ཅན་རྣམས་ཀྱི། །ཚུལ་ཁྲིམས་ཡང་དག་རྗེས་དྲན་པ། །སེམས་ཅན་ཀུན་ལ་ཕན་སེམས་པ། །མཆོག་གི་བསོད་ནམས་གང་བསྐྱེད་པ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །དེ་དག་རྫོགས་པའི་བྱང་ཆུབ་བསྔོ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །དེ་ནི་ཚུལ་ཁྲིམས་དྲན་ཞེས་བྱ། །ཟང་ཟིང་མེད་པས་ཆོས་བཏང་དང་། །ཉོན་མོངས་སྤངས་པའི་གང་དགེ་བ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྙིང་རྗེའི་བདག་ཉིད་སྔོ་བར་བྱེད། །གཏོང་བ་རྗེས་དྲན་ཕུན་སུམ་ཚོགས། །ཞིང་དང་སྐྱེ་ལ་རབ་གནས་པ། །མཚན་མ་མེད་ཅིང་རྩོལ་མེད་པར། །ཉི་མ་བཞིན་དུ་ཀུན་དུ་ཤར། །ལྷ་རྣམས་ཀུན་གྱི་དགེ་བ་གང་། །དགེ་བའི་ལས་ལས་རབ་བྱུང་བ། །བདེ་དེར་སེམས་ཅན་ཐམས་ཅད་ཕྱིར། །སྙིང་རྗེའི་བདག་ཉིད་དེ་ལྟར་འདོད། །གང་གིས་འཇིག་རྟེན་ལྷར་གྱུར་ནས། །སངས་རྒྱས་བླ་ན་མེད་གྱུར་པ། །བདེ་བ་དེ་དག་རྟག་ཏུ་བྱ། །བདག་གིས་དེ་ལྟ་དེ་ལྟར་བསྒྲུབ།། །།བམ་པོ་ལྔ་པ། དེ་ནས་བྱང་ཆུབ་སེམས་


DKG065_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་དང་གཉི་ག་གཡོག་དང་བཅས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་དུ་མ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱིས་གནང་ནས་ཕྱོགས་གཅིག་ཏུ་འདུག་སྟེ། གཡོག་དང་བཅས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། སྐྱེས་བུ་དམ་པ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཉིས་འདིར་གཅིག་ཏུ་འདུས་ནས་ཆོས་ཡང་དག་པར་བརྗོད་པ་བགྱིས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཁྱེན་པའམ། མི་རིག་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བ་ལགས་ན། བཅོམ་ལྡན་འདས་བདག་ཅག་གཉིས་ཀྱིས་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པ་བགྱིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་ལྟའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཁྱེན་པའམ། མི་རིག་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཙམ་ཡང་མི་མངའ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐམས་ཅད་དུ་སྒྲིབ་པ་མི་མངའ་བའི་ཡེ་ཤེས་ཅན་ཏེ། རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བྱས་སོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཅི་སྨྲ་བ་དང་། ཀུན་སྨྲ་བ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སུ་རིག་པར་བྱའོ། །རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་གཉིས་ཀྱིས་བྱས་པ་དེ་བཞིན་དུ་ཆོས་ཡང་དག་པར་བརྗོད་པར་བྱའོ། །རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་ཆོས་ཡང་དག་པར་བརྗོད་པ་འདིས་སངས་རྒྱས་ཀྱི་བྱ་བ་བྱས་སོ། །དེ་བཞིན་གཤེགས་པ་ཡང་ཁྱེད་གཉིས་ཀྱིས་ཆོས་ཡང་དག་པར་བརྗོད་པ་ལ་རྗེས་སུ་ཡི་རང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་རྩོམ་པ་མེད་ཅེས་བྱ། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་


DKG065_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ནི་ཤིན་ཏུ་བྱང་བ། བྱ་བ་ཐམས་ཅད་ལ་མི་ཆགས་པ། གང་ཡང་མི་ཚོལ་བ། ཅུང་ཟད་ཀྱང་སྤང་བར་མི་འདོད་པ། ཐོབ་པར་མི་འདོད་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དེ་བཞིན་ཉིད་དུ་མཉམ་པར་མཐོང་བ། ཐ་མ་དང་། འབྲིང་དང་། རབ་ཀྱི་ཆོས་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི་རྩོམ་པ་མེད་ཅེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་གཟོད་མ་ནས་མེད་པར་གྱུར་ན་རྩོམ་པ་མེད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གལ་ཏེ་ཆོས་འགའ་ཞིག་གཟོད་མ་ནས་ཡོད་པར་གྱུར་ན་ནི་དེ་བརྩམ་པར་བྱ་ན་ཆོས་གང་ཡང་གཟོད་མ་ནས་ཡོད་པ་མ་ཡིན་ཏེ། གཟོད་མ་ནས་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བརྩམས་པ་མེད་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་སྨྲས་པ། དེ་ལྟ་ཡིན་ན་ཁྱོད་ཀྱིས་ཆོས་ཡང་དག་པར་བརྗོད་པ་དེ་ཇི་ལྟར་བྱས། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བརྩམས་པ་མེད་པ་ཉིད་བདག་གིས་ཆོས་ཡང་དག་པར་བརྗོད་པ་བྱས་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་དྲི་བ་དྲིས་པ་འདི་ཅི་ཁྱོད་ཀྱིས་འདི་བརྩམས་ཏེ་དྲིས་སམ། འོན་ཏེ་མ་བརྩམས་པར་དྲིས། དེ་གལ་ཏེ་ཁྱོད་ཀྱིས་བརྩམས་ཏེ་དྲིས་ན་ནི་ཅི་ལ་རྟེན་ཏེ་བརྩམས། གང་རྩོམ་པ་དང་བཅས་པ་དེ་ནི་འདྲི་བ་མ་ཡིན་ནོ། །རྩོམ་པ་ཡང་གཞན་ལ་འདྲི་བ་ཡང་གཞན་ཞེས་ནི་བྱ་བར་མི་འཐད་དོ། །ཅི་སྟེ་མ་བརྩམས་པར་དྲིས་ན་ནི་ཁྱོད་གཏམ་འདི་ལ་ཞུགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་གང་བདག་དང་ཁྱོད་ཀྱི་བརྗོད་པ་དེ་ཇི་ལྟར་བལྟ་བར་བྱ། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་སྤྲུལ་པའི་བརྗོད་པ་ཇི་ལྟ་བར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བརྗོད་པ་ཡང་དེ་ལྟར་བལྟ་བར་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་སྒྱུ་མ་སྤྲུལ་པ་ལ་ནི་སེམས་དང་


DKG065_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བའི་ཆོས་རྣམས་མེད་དོ། །གང་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མེད་པ་དེ་ཅི་ཞིག་རྩོམ་པར་འགྱུར། བཙུན་པ་ཤཱ་ར་དྭ་ཏིའི་བུ་སྒྱུ་མ་མཁན་གྱི་འཕེན་པའི་དབང་གིས་སྒྱུ་མ་སྤྲུལ་པའི་བརྗོད་པ་འབྱུང་བ་ཇི་ལྟ་བར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བརྗོད་པ་ཡང་དེ་ལྟར་བལྟ་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་སྒྱུ་མ་སྤྲུལ་པ་ནི་བྱུང་བ་ཡང་མ་ཡིན། མ་བྱུང་བ་ཡང་མ་ཡིན་ན། ཅི་ཁྱོད་ཀྱང་བྱུང་བ་ཡང་མ་ཡིན། མ་བྱུང་བ་ཡང་མ་ཡིན་ནམ། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་པར་རྫོགས་པར་སངས་རྒྱས་ནས་རབ་ཏུ་མ་བཤད་དམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་པར་རྫོགས་པར་སངས་རྒྱས་ནས་རབ་ཏུ་བཤད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཇི་ལྟར་སྒྱུ་མ་བྱུང་བ་ཡང་མ་ཡིན། མ་བྱུང་བ་ཡང་མ་ཡིན་པ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་དེ་དག་ཐམས་ཅད་ཀྱང་བྱུང་བ་ཡང་མ་ཡིན། མ་བྱུང་བ་ཡང་མ་ཡིན་པར་བལྟ་བར་མི་བྱའམ། བཙུན་པ་ཤཱ་རིའི་བུ་གལ་ཏེ་བྱུང་བའམ། མ་བྱུང་བ་ཞིག་ཡོད་ན་ནི་སྒྱུ་མ་ལྟ་བུར་ཡང་བསྟན་པར་མི་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་སུའི་ཆེད་དུ་སྤྱོད། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁོ་བོ་ནི་དོན་ནམ་དོན་མ་ཡིན་པའི་ཆེད་ལ་ཡང་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དོན་གྱི་ཆེད་ལ་སྤྱོད་པ་དེ་ནི་དམིགས་པ་ལ་སྤྱོད་པའོ། །དམིགས་པ་ལ་སྤྱོད་པ་དེ་ནི་སངས་རྒྱས་རྣམས་མཉེས་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ལ་སྤྱོད་པ་དེ་ནི་རྗེས་སུ་འཐུན་པའི་བཟོད་པ་ཡང་མི་འཐོབ་སྟེ། བཟོད་པ་མེད་ན་སངས་རྒྱས་མཉེས་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་དོན་མ་ཡིན་པའི་ཆེད་ལ་སྤྱོད་ན་ནི་ལོག་པར་ལྟ་བ་ལ་སྤྱོད་པའོ། །ལོག་པར་ལྟ་བ་ནི་དོན་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་གང་དག་དོན་དང་དོན་མ་ཡིན་པའི་ཆེད་ལ་མི་


DKG065_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དེ་དག་གང་དུ་སྤྱོད། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་སྤྱོད་པ་དེ་ཉིད་ལ་དེ་དག་སྤྱོད་དོ། །སྨྲས་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་སྤྱོད། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ལ་སྤྱོད་པ་དེ་ཉིད་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་སྤྱོད་མོད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ལ་སྤྱོད་པ་དེ་ཉིད་ལ་བདག་ཅག་ཀྱང་སྤྱོད་དོ་སྙམ་དུ་མི་སེམས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཡུལ་ལ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གོ་སྐབས་མེད་པ་ནི། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ལ་སྤྱོད་པ་དེ་ཉིད་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་སྤྱོད་དེ་འདི་ནི་འགལ་ལོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སངས་རྒྱས་ཀྱི་ཡུལ་ཤེས་སམ། ཤཱ་རིའི་བུས་སྨྲས་པ། སྦྲང་བུ་འདྲ་བ་བདག་ལྟ་བུས་སངས་རྒྱས་ཀྱི་ཡུལ་ཤེས་པར་ག་ལ་ནུས་མོད་ཀྱི། འོན་ཀྱང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལས་ཐོས་ནས་ནི་ཉན་ཐོས་རྣམས་ཀྱིས་ཀྱང་ཤེས་ཏེ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཡུལ་ནི་མཐའ་ཡས་མུ་མེད་དོ། །སངས་རྒྱས་ཀྱི་ཡུལ་ལས་རྣམ་པར་གྲོལ་བའི་ཡུལ་ནི་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་སངས་རྒྱས་ཀྱི་ཡུལ་ལས་རྣམ་པར་གྲོལ་བའི་ཡུལ་མེད་ན་ཅིའི་ཕྱིར་ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གོ་སྐབས་མེད་ཅེས་སྨྲས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། དེ་བཞིན་གཤེགས་པ་རྣམས་ནི་འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་འདས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འཇིག་རྟེན་ཉིད་ནི་སྤྱོད་པའོ། །དེ་བས་ན་སངས་རྒྱས་ཀྱི་ཡུལ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གོ་སྐབས་མེད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་


DKG065_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཙུན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་གང་དུ་བཞུགས་ནས་སུའི་དོན་མཛད། སྨྲས་པ། རིགས་ཀྱི་བུ་གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཆོས་གང་ཡང་མེད་དེ། ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་འདུས་བྱས་ཉིད་ལ་སྤྱོད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ཤེས་ན་ཅིའི་ཕྱིར་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་འདས་ཞེས་སྨྲས། དེ་ནི་གནས་བརྟན་ཤཱ་རིའི་བུས་ཁོང་དུ་མ་ཆུད་དོ། །བཙུན་པ་ཤཱ་རིའི་བུ་གལ་ཏེ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་འདས་སུ་ཟིན་ན་དེ་བཞིན་གཤེགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་ཤིང་། གང་དུ་བཞུགས་ནས་སུའི་དོན་མཛད་པར་འགྱུར་ཏེ། འདི་ལ་གནས་བརྟན་ཤཱ་རིའི་བུས་སྨྲས་པ་ནི་ཤིན་ཏུ་ཉམས་སོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ཤིན་ཏུ་ཉམས་ཤིང་། ཉན་ཐོས་ཀྱི་ས་ལ་ཡང་ཤིན་ཏུ་གནས་པས་བདག་ནི་སྔོན་ནས་ཀྱང་ཉམས་སོ། །རིགས་ཀྱི་བུ་བདག་ནི་ཁྱོད་ཀྱི་སྤོབས་པ་འདི་ལ་རྗེས་སུ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཀྱང་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུ་ཐོབ་པར་གྱུར་ཅིག །གཏམ་བརྗོད་པ་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་དྲུག་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ །དགེ་སློང་ལྔ་སྟོང་ནི་ཉན་ཐོས་ཀྱི་སེམས་ལས་ལོག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་


DKG065_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་གཟུང་བ་དང་འཛིན་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་ཡང་དག་པར་ཤེས་པ་དེའི་ཚེ་གཟུང་བ་དང་འཛིན་པ་ལ་མཁས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཐམས་ཅད་ཇི་ལྟར་ཤེས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྨི་ལམ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། མགལ་མེ་བསྐོར་བ་དང་། སྐྲ་ཤད་འཛིངས་པ་དང་། སྤྲུལ་པ་དང་། བྲག་ཅ་དང་། གཟུགས་བརྙན་ལྟ་བུར་ཐམས་ཅད་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་རྨི་ལམ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། མགལ་མེ་བསྐོར་བ་དང་། སྐྲ་ཤད་འཛིངས་པ་དང་། སྤྲུལ་པ་དང་། བྲག་ཅ་དང་། གཟུགས་བརྙན་ལྟ་བུར་བལྟ་བ་ཐམས་ཅད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐམས་ཅད་ཅེས་བྱ་བ་ནི་མིག་དང་། གཟུགས་དང་། རྣ་བ་དང་སྒྲ་དང་། སྣ་དང་དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་རྣམས་ཏེ། རིགས་ཀྱི་བུ་དེ་དག་ནི་གང་རྨི་ལམ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། མགལ་མེ་བསྐོར་བ་དང་། སྐྲ་ཤད་འཛིངས་པ་ལྟ་བུ་དང་། སྤྲུལ་པ་དང་། བྲག་ཅ་དང་། གཟུགས་བརྙན་ལྟ་བུར་བལྟ་བར་བྱ་བའི་ཤེས་པ་ཐམས་ཅད་དོ། །དེ་ལ་འཛིན་པ་ནི་མིག་དང་། རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་། ཡིད་རྣམས་སོ། །གཟུང་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་རོ་དང་། རེག་བྱ་དང་ཆོས་རྣམས་ཏེ། གཟུང་བ་དང་འཛིན་པའི་ཆོས་འདི་དག་རྣམ་པ་དང་། ཚུལ་ཐམས་ཅད་ཀྱིས་ཤེས་པ་དང་། ཁོང་དུ་ཆུད་པ་དང་། སྟོན་ནུས་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ནི་བག་ལ་ཉལ་བ་མེད་པ་ཉོན་མོངས་པ་མེད་པ། ངར་འཛིན་པ་མེད་པ། ང་ཡིར་འཛིན་པ་


DKG065_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། ནམ་མཁའ་དང་མཚུངས་པ། མི་འགྱུར་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། ཐམས་ཅད་དུ་དབེན་པའི་སེམས་དང་ལྡན་པ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ། ལྷུན་གྱིས་གྲུབ་པའི་ཆོས་ཅན་སེམས་ཅན་གྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྒྲིབ་པ་མེད་པའི་ཆོས་ཅན། སྙིང་རྗེ་ཆེན་པོ་དང་ལྡན་པ། མི་བསྐྱོད་པའི་ཆོས་ཅན། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་འདི་ཁོང་དུ་ཆུད་པར་འཚལ་བས་ཇི་ལྟ་བུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་འདི་ཁོང་དུ་ཆུད་པར་འདོད་པས་སེམས་ཅན་ཐམས་ཅད་ཀྱིས་ངན་དུ་བྱས་པ་དང་། མི་སྙན་པ་ཐམས་ཅད་བཟོད་པར་བྱ་བའི་ཕྱིར་སེམས་ས་དང་མཚུངས་པར་བྱའོ། །བདག་དང་སེམས་ཅན་གཞན་རྣམས་ཀྱི་རྟོག་པ་དང་། རྣམ་པར་རྟོག་པའི་ཉོན་མོངས་པའི་དྲི་མ་ཐམས་ཅད་བཀྲུ་བའི་ཕྱིར་སེམས་ཆུ་དང་མཚུངས་པར་བྱའོ། །ཤེས་རབ་ཀྱིས་བདག་དང་སེམས་ཅན་གཞན་རྣམས་ཀྱི་ལས་དང་། ཉོན་མོངས་པའི་རྩི་ཤིང་བསྲེག་པའི་ཕྱིར་སེམས་མེ་དང་མཚུངས་པར་བྱའོ། །ཆགས་པ་ཐམས་ཅད་དང་དབྲལ་བའི་ཕྱིར་སེམས་རླུང་དང་མཚུངས་པར་བྱའོ། །ཐམས་ཅད་དུ་སྒྲིབ་པ་མེད་པའི་ངོ་བོ་ཉིད་ཀྱིས་སེམས་ནམ་མཁའ་དང་མཚུངས་པར་བྱའོ། །ཐམས་ཅད་དུ་འཇིགས་པ་མེད་ཅིང་སྐྲག་པ་མེད་པས་བྱང་ཆུབ་སེམས་དཔས་སེང་གེ་དང་མཚུངས་པར་བྱའོ། །ཤིན་ཏུ་དུལ་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་ཕྱིར་བྱང་ཆུབ་སེམས་དཔས་གླང་པོ་ཆེ་དང་མཚུངས་པར་བྱའོ། །དམ་པའི་ཆོས་ཀྱི་ཆར་འབེབས་པའི་ཕྱིར་བྱང་ཆུབ་སེམས་དཔས་སྤྲིན་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཉི་མ་ལྟ་བུར་བྱའོ། །ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་རྟག་ཏུ་བདེ་བར་སྣང་བའི་ཕྱིར་བྱང་ཆུབ་སེམས་དཔས་ཟླ་བ་ལྟ་བུར་བྱའོ། །ཐམས་ཅད་མཁྱེན་


DKG065_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱིས་རིན་པོ་ཆེའི་གླིང་ཆེན་པོར་ཕྱོགས་པའི་ཕྱིར་བྱང་ཆུབ་སེམས་དཔས་དེད་དཔོན་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་གསོ་བའི་ཕྱིར་བྱང་ཆུབ་སེམས་དཔས་སྨན་པ་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆོས་ལ་ཐེ་ཚོམ་ཟ་བའི་ཟུག་རྔུ་འདོན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཟུག་རྔུ་འབྱིན་པ་ལྟ་བུར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱོགས་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔས་གདོས་པ་འཛིན་པ་ལྟ་བུར་བྱའོ། །འཁོར་བའི་རྒྱ་མཚོ་ལས་སེམས་ཅན་སྒྲོལ་བ་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔས་གྲུ་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔས་སྟེགས་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་མཚུངས་པར་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔས་ལམ་པོ་ཆེ་ལྟ་བུར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་གླིང་ལྟ་བུར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདྲ་བར་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྱིར་བྱང་ཆུབ་སེམས་དཔས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་བྱའོ། །ལེགས་པར་བྱས་པའི་ལས་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཅང་ཤེས་སུ་བྱའོ། །ཤེས་རབ་ཟབ་ཅིང་གཏིང་དཔག་དཀའ་བའི་ཕྱིར་བྱང་ཆུབ་སེམས་དཔས་རྒྱ་མཚོ་ལྟ་བུར་བྱའོ། །སངས་རྒྱས་ཀྱི་བྱང་ཆུབ་ལས་བསམ་པ་མི་གཡོ་བའི་ཕྱིར་བྱང་ཆུབ་སེམས་དཔས་རི་རབ་དང་མཚུངས་པར་བྱའོ། །ཀུན་ནས་མཛེས་པའི་ཕྱིར་བྱང་ཆུབ་སེམས་དཔས་དཔག་བསམ་གྱི་ཤིང་ལྟ་བུར་བྱའོ། །མཐོང་བར་དཀའ་བའི་ཕྱིར་བྱང་ཆུབ་སེམས་དཔས་འཛམ་བུའི་ཆུ་བོའི་གསེར་འདྲ་བར་བྱའོ། །ཆོས་ལ་དབང་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔས་བརྒྱ་བྱིན་ལྟ་བུར་བྱའོ། །རབ་ཏུ་ཞི་བའི་སྤྱོད་ལམ་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་སེམས་དཔས་ཚངས་པ་ལྟ་བུར་བྱའོ། །དམ་པའི་ཆོས་ཡོངས་སུ་སྐྱོང་བའི་ཕྱིར་བྱང་ཆུབ་སེམས་དཔས་འཇིག་རྟེན་སྐྱོང་བ་ལྟ་བུར་བྱའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལ་བསྟེན་པའི་ཕྱིར་བྱང་ཆུབ་སེམས་དཔས་འཁོར་ལོས་སྒྱུར་བ་ལྟ་བུར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་


DKG065_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གསང་བ་འཛིན་པའི་ཕྱིར་བྱང་ཆུབ་སེམས་དཔས་བློན་པོ་ཆེན་པོ་ལྟ་བུར་བྱའོ། །དགེ་སྦྱོང་ལ་གནས་པའི་ཕྱིར་བྱང་ཆུབ་སེམས་དཔས་མངོན་པར་འབྱུང་བ་ལ་དགའ་བར་བྱའོ། །ལུས་དང་ངག་དང་སེམས་ཞི་བའི་ཕྱིར་བྱང་ཆུབ་སེམས་དཔས་དགེ་སྦྱོང་དུ་བྱའོ། །བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དང་རིག་པ་དང་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་སེམས་དཔས་དགོན་པ་པར་བྱའོ། །སྟོང་པ་ཉིད་རྟོགས་པ་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔས་བསམ་གཏན་པར་བྱའོ། །མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་སྔགས་འཆང་གྲུབ་པ་འདུལ་བ་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔས་དབེན་པ་ལ་མངོན་པར་དགའ་བར་བྱའོ། །རིག་པ་གསུམ་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔས་རིག་སྔགས་འཆང་དུ་བྱའོ། །མངོན་པར་ཤེས་པ་དྲུག་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔས་མངོན་པར་ཤེས་པའི་ཡེ་ཤེས་སུ་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔས་མང་དུ་ཐོས་པར་བྱའོ། །བསྟན་བཅོས་ཐམས་ཅད་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔས་སློབ་དཔོན་དུ་བྱའོ། །ཟང་ཟིང་མེད་པར་ཆོས་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་སྨྲ་བར་བྱའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཏུལ་བའི་ཕྱིར་བྱང་ཆུབ་སེམས་དཔས་འདུལ་བ་འཛིན་པར་བྱའོ། །ཐམས་ཅད་དུ་རུང་བ་ལ་ཚོད་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔས་མ་མོ་འཛིན་པར་བྱའོ། །ཚོལ་བ་ཐམས་ཅད་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་དུལ་བར་བྱའོ། །འདོད་ཆགས་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་མི་རྒོད་པར་བྱའོ། །ཞེ་སྡང་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་མ་ཁེངས་པར་བྱའོ། །གཏི་མུག་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་མུ་ཅོར་མི་སྨྲ་བར་བྱའོ། །ངག་བསྡམས་པའི་ཕྱིར་བྱང་ཆུབ་སེམས་དཔས་ཚིག་འཆོལ་བར་མི་སྨྲ་བར་བྱའོ། །ཐེག་པ་ཆེན་པོ་ལ་འཛུད་པའི་ཕྱིར་བྱང་ཆུབ་སེམས་དཔས་དེད་དཔོན་དུ་བྱའོ། །བྱང་ཆུབ་ཏུ་དམ་བཅས་པ་ཉམས་འོག་ཏུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཁུར་རྩ་བ་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་བརྟེན་


DKG065_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེད་མོས་ཚལ་འདྲ་བར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཟོང་ཡོངས་སུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔས་གྲོང་ཁྱེར་ལྟ་བུར་བྱའོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཕན་པ་འདོད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་ཅི་བྱ་བ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་བྲན་ལྟ་བུར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་རྨུ་རྒོད་དག་ལ་དྲང་བ་རྣམས་ཡིན་ནོ། །ཁེངས་པ་དག་ལ་ང་རྒྱལ་མེད་པ་རྣམས་ཡིན་ནོ། །གཡོ་ཅན་དག་ལ་གཡོ་མེད་པ་རྣམས་ཡིན་ནོ། །ཐིབས་པོ་སྤྱོད་པ་དག་ལ་སྒྱུ་མེད་པ་དང་ལྡན་པ་རྣམས་ཡིན་ནོ། །ལོག་པར་ཞུགས་པ་དག་ལ་སྙིང་རྗེ་དང་ལྡན་པ་རྣམས་ཡིན་ནོ། །ངོ་ཚ་མེད་པ་དག་ལ་ངོ་ཚ་དང་ལྡན་པ་རྣམས་ཡིན་ནོ། །མུ་ཅོར་སྨྲ་བ་དག་ལ་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ལ་སེམས་སྤ་མ་གོང་བ་རྣམས་ཡིན་ནོ། །འཁོར་ཐམས་ཅད་ལ་བག་ཚ་བ་མེད་པ་རྣམས་ཡིན་ནོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་རྣམས་ཡིན་ནོ། །བདུད་ཐམས་ཅད་ཀྱིས་མི་འཕྲོག་པ་རྣམས་ཡིན་ནོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུལ་བ་རྣམས་ཡིན་ནོ། །བླ་མ་དག་ལ་གུས་པ་དང་བཅས་པ་རྣམས་ཡིན་ནོ། །འཕགས་པ་དག་ལ་ཞེ་ས་དང་བཅས་པ་རྣམས་ཡིན་ནོ། །མང་དུ་ཐོས་པ་དག་ལ་རི་མོར་བྱེད་པ་རྣམས་ཡིན་ནོ། །བསམ་གཏན་པ་དག་ལ་ངོ་མཚར་ཐོབ་པ་རྣམས་ཡིན་ནོ། །མཁས་པ་དག་ལ་ལྷག་པའི་བསམ་པ་འཇུག་པ་རྣམས་ཡིན་ནོ། །ཆོས་སྨྲ་བ་དག་ལ་སངས་རྒྱས་ཙམ་དུ་ཕངས་པར་སེམས་པ་དང་ལྡན་པ་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་དག་ལ་སྐྱབས་སུ་སོང་བ་རྣམས་ཡིན་ནོ། །སངས་རྒྱས་དག་ལ་བསམ་པ་ཐམས་ཅད་ཀྱིས་ཞུགས་པ་རྣམས་ཡིན་ནོ། །ནན་ཏན་དག་ལ་སྙིང་པོར་འདུ་ཤེས་པ་རྣམས་ཡིན་ནོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མི་འཇིགས་པ་རྣམས་ཡིན་ནོ། །སྙིང་རྗེ་ཆེན་པོ་ལ་ཕྱོགས་པས་མྱ་ངན་ལས་འདས་པ་ལ་མི་ལྟ་བ་རྣམས་ཡིན་ནོ། །སེམས་


DKG065_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་མངོན་པར་དགའ་བས་འཁོར་བ་ལ་ཕྱོགས་པ་རྣམས་ཡིན་ནོ། །རྙེད་པ་དང་བཀུར་སྟི་ཐམས་ཅད་ལ་མི་ལྟ་བས་ཟང་ཟིང་མེད་པར་ཆོས་སྟོན་པ་རྣམས་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ཡོངས་སུ་ཤེས་པས་སེམས་ཕྱིན་ཅི་མ་ལོག་པ་རྣམས་ཡིན་ནོ། །ཡུལ་ཐམས་ཅད་ལ་མི་ལྟ་བས་སེམས་རྣམ་པར་གྲོལ་བ་རྣམས་ཡིན་ནོ། །འཕགས་པའི་རིགས་སུ་སྐྱེས་པས་རིགས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རབ་ཏུ་བྱུང་བ་མང་བས་བློ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་ཤེས་པས་འཕགས་པ་རྣམས་ཡིན་ནོ། །ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་ལ་གནས་པས་སྐྱེས་བུ་དམ་པ་རྣམས་ཡིན་ནོ། །འདུ་བྱེད་བདག་མེད་པར་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་རྣམས་ཡིན་ནོ། །འཕགས་པའི་ཕྱག་རྒྱས་བཏབ་པས་ལོག་པར་མི་ལྟུང་བའི་ཆོས་ཅན་རྣམས་ཡིན་ནོ། །ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པས་བྱང་ཆུབ་ཀྱི་སྙིང་པོར་གཞོལ་བ་རྣམས་ཡིན་ནོ། །སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་གཙང་མ་ཡང་དག་པར་སྤྱོད་པ་རྣམས་ཡིན་ནོ། །འཇིག་རྟེན་གྱི་གསང་ཚིག་ལ་མངོན་པར་དགའ་བ་མ་ཡིན་ནོ། །སྡིག་པའི་གྲོགས་པོ་ལ་མངོན་པར་དགའ་བ་མ་ཡིན་ནོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མངོན་པར་དགའ་བ་མ་ཡིན་ནོ། །འདུ་འཛི་དག་ལ་ཆགས་པ་མ་ཡིན་ནོ། །ཡུལ་རྒྱུས་ཀྱི་གཏམ་དང་། རྒྱལ་པོའི་གཏམ་དང་། ཆོམ་རྐུན་གྱི་གཏམ་དང་། བུད་མེད་ཀྱི་གཏམ་དང་། བཞད་གད་ཀྱི་གཏམ་དང་། དམག་གི་གཏམ་དང་། འཐབ་ཅིང་རྩོད་པའི་གཏམ་ལ་ཆགས་པ་མ་ཡིན་ནོ། །ཡུལ་ངན་པ་དང་། ལྗོངས་ངན་པ་དང་། ཡུལ་འཁོར་ངན་པ་དང་། གྲོང་དང་། གྲོང་ཁྱེར་དང་། ཚོང་འདུས་དང་། རི་བྲགས་ངན་པ་རྣམས་ལ་ཆགས་པ་མ་ཡིན་ནོ། །གར་དང་། བྲོ་དང་། བཞད་གད་དང་། གླུ་ལ་ཆགས་པ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་སེར་སྣ་ཅན་རྣམས་ལ་ཆགས་


DKG065_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་རྣམས་དང་། མཚམས་སོ་སོར་བཅད་པ་རྣམས་དང་། རྒྱུན་སྨན་དུ་གྱུར་པ་རྣམས་ལ་ཆགས་པ་མ་ཡིན་ནོ། །གནོད་སེམས་ཀྱི་ཐ་བ་དང་། ཞེ་སྡང་མང་བ་རྣམས་ལ་ཆགས་པ་མ་ཡིན་ནོ། །ལེ་ལོ་ཅན་རྣམས་དང་། བརྩོན་འགྲུས་ཆུང་ཞིང་བརྩོན་འགྲུས་བཏང་བ་རྣམས་ལ་ཆགས་པ་མ་ཡིན་ནོ། །གཡེང་ཞིང་ཕྱིན་ཅི་ལོག་ཏུ་གྱུར་ལ་རྣམ་པར་འཕྲོ་བའི་སེམས་ལ་ཆགས་པ་མ་ཡིན་ནོ། །ཤེས་རབ་འཆལ་པ་རྣམས་དང་། བླུན་པ་ལྐུགས་པའི་རང་བཞིན་ཅན་རྣམས་ལ་ཆགས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ་ཡིན་ནོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡང་དག་པར་ཆད་པའོ། །རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ། སྒྲ་བསྙུངས་པ་ལ་དགའ་བའོ། །ཚིག་མི་མང་ཞིང་དུལ་བའོ། །ཞི་ཞིང་ཉེ་བར་ཞི་བ་ལ་དབེན་པ་དང་། ནགས་ཚལ་ཐིབས་པོ་དང་། རྩྭ་དང་། ཤིང་དང་། ལྡམ་ལྡུམ་ཡོད་པ་དང་། ས་ཁྱོན་ཆུང་ངུ་དང་། ཆུ་ངོགས་དང་། རི་ཁྲོད་དང་། ཕུག་སྣ་ཚོགས་དང་། རི་དང་། རྡོ་དང་། རྩེ་མོ་དང་། གཡེའི་ཕྱོགས་རྣམས་ལ་མངོན་པར་དགའ་བ་ཡིན་ནོ། །ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཕྱོགས་དེ་དག་ལ་རབ་ཏུ་དགའ་བ་ཡིན་ཏེ། གནས་བཅས་པའི་ཕྱོགས་དེ་དང་དེ་དག་ཏུ་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་གནས་པ་དང་། ཐོས་པ་དང་། སེམས་པ་དང་། སྒོམ་པ་སྟུག་པོའི་མཐོང་ན་གནས་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། གཟུངས་དང་། དབང་དང་། བཟོད་པའི་སྒོ་བརྒྱ་སྟོང་ལ་རྣམ་པར་རྒྱུ་བ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་དཔག་ཏུ་མེད་པ་དག་རབ་ཏུ་རྣམ་པར་འབྱེད་པ་དང་། སངས་རྒྱས་བརྒྱ་སྟོང་ཡང་མཐོང་བ་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཡང་ཐོབ་པ་དང་། གཟུངས་ཀྱི་སྒོ་བརྒྱ་སྟོང་ཡང་མངོན་དུ་བྱེད་པ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་ཡོངས་སུ་སྨིན་པར་བྱེད་པ་དེ་ལྟ་བུ་དེ་དག་ལ་མངོན་པར་དགའ་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་འདྲ་བར་བྱའོ། །དེ་ལྟ་བུས་ནི་སངས་


DKG065_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ནི་བག་མཆིས་པར་གནས་ཤིང་སྒྲུབ་པ་ཉིད་སྙིང་པོར་བགྱིད་པ་རྣམས་ཀྱི་ལགས་སོ། །དེ་ལ་སྒྲུབ་པ་ནི་བྱང་ཆུབ་ཏུ་སྨོན་པའོ། །བག་མཆིས་པ་ནི་སྨོན་ལམ་ཡོངས་སུ་སྐོང་བའོ། །གཞན་ཡང་སྒྲུབ་པ་ནི་སྦྱིན་པ་ལ་སྦྱོར་བའོ། །བག་མཆིས་པ་ནི་རྣམ་པར་སྨིན་པ་ལ་མི་རེ་བའོ། །སྒྲུབ་པ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་མ་ཉམས་པའོ། །བག་མཆིས་པ་ནི་ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་སྒྲུབ་པའོ། །སྒྲུབ་པ་ནི་བཟོད་པ་རྩོམ་པའོ། །བག་མཆིས་པ་ནི་མི་སྐྱེ་བའི་ཆོས་རྟོགས་པའོ། །སྒྲུབ་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀུན་དུ་ཚོལ་བས་ཡོངས་སུ་མི་སྐྱོ་བའོ། །བག་མཆིས་པ་ནི་རྩོམ་པ་ཐམས་ཅད་ཡོངས་སུ་འདོར་བའོ། །སྒྲུབ་པ་ནི་བསམ་གཏན་རྩོམ་པའོ། །བག་མཆིས་པ་ནི་མི་གནས་པའི་བསམ་གཏན་པའོ། །སྒྲུབ་པ་ནི་ཤེས་རབ་ཡོངས་སུ་སྐོང་བའོ། །བག་མཆིས་པ་ནི་ཆོས་ཐམས་ཅད་སྤྲོས་པར་མི་བགྱིད་པའོ། །སྒྲུབ་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །བག་མཆིས་པ་ནི་ཆོས་ཐམས་ཅད་མི་དམིགས་པའོ། །སྒྲུབ་པ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་རབ་ཏུ་འགོད་པའོ། །བག་མཆིས་པ་ནི་སེམས་ཅན་རྣམས་མི་དམིགས་པའོ། །སྒྲུབ་པ་ནི་དགེ་བའི་རྩ་བ་ཐམས་ཅད་བགྱིས་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །བག་མཆིས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རྟོགས་པའོ། །སྒྲུབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །བག་མཆིས་པ་ནི་བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའོ། །སྒྲུབ་པ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་བཀོད་པ་ཀུན་ཏུ་སྟོན་པའོ། །བག་མཆིས་པ་ནི་བསྐལ་པ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྒྲུབ་པ་ནི་བྱང་ཆུབ་མངོན་པར་འཚང་རྒྱའོ། །བག་མཆིས་པ་ནི་སྔར་བགྱི་བ་བགྱིས་པའོ། །སྒྲུབ་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཉེ་བར་མཆི་བའོ། །བག་མཆིས་པ་ནི་ཆོས་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་སྟེ།


DKG065_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྒྲུབ་པ་འདི་ལྟ་བུ་དང་། བག་མཆིས་པ་འདི་ལྟ་བུ་དང་ལྡན་པ་ནི་བྱང་ཆུབ་རྙེད་པར་དཀའ་བ་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྒྲུབ་པ་འདི་དང་། བག་མཆིས་པ་འདི་ལ་བརྩོན་པར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཡང་དག་པར་འཛིན་པ་ཞིག་ལ་གནས་ནས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་སྒྲུབ་སྟེ། དེ་ལ་ཁ་ཅིག་ནི་འདི་སྙམ་དུ་གང་སངས་རྒྱས་སངས་རྒྱས་ཞེས་བྱ་བ་འདི་ཆོས་གང་གི་མིང་དུ་སངས་རྒྱས་ཞེས་བཏགས་སྙམ་དུ་སེམས་ཏེ། དེ་དག་དེ་ལྟར་རྟོག་པ་ན་གང་འདི་སངས་རྒྱས་ཞེས་བགྱི་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དག་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་དོ། །དེ་དག་དེ་ལྟར་ཡོངས་སུ་ཤེས་པ་དང་ལྡན་པས་གང་ཅི་ཡིད་ལ་བགྱིད་པ་དེ་དག་ཐམས་ཅད་སངས་རྒྱས་ཐོབ་པར་བགྱིད་པ་ལགས་སོ། །ལ་ལ་ནི་འདི་སྙམ་དུ་སེམས་ཏེ། གང་ཆོས་ཆོས་ཞེས་བྱ་བའི་ཆོས་འདི་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། གཞན་དུ་ན་ཆོས་རང་གི་སེམས་ལ་རག་ལས་པ་ནི་མེད་པ་མ་ཡིན་ནོ། །དེ་བས་ན་བདག་གིས་རང་གི་སེམས་ཤིན་ཏུ་བཟུང་བ་དང་། ཤིན་ཏུ་མཐར་གཏུགས་པ་དང་། ཤིན་ཏུ་ཐུལ་བ་དང་། ཤིན་ཏུ་མཉམ་པར་བརྩམ་པ་དང་། ཤིན་ཏུ་ཚར་གཅད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ཡིན་པ་དེ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་ཡོད་ཀྱིས་སེམས་མེད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་མེད་དོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་བས་ན་ཆོས་ནི་སེམས་ལ་རག་ལས་བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བྱའོ། །བཅོམ་ལྡན་འདས་འདི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁ་ཅིག་


DKG065_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡང་དག་པར་འཛིན་པ་ནི་འདི་ལགས་སོ། །གང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་མཚུངས་པར་འཇུག་པའི་སེམས་དེ་ནི་སེམས་ཏེ། གང་སེམས་འདི་འདྲ་བ་དང་མི་ལྡན་པ་དེ་ནི་སེམས་ཅན་རྣམས་ལ་ལོག་པར་ཞུགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་། །སངས་རྒྱས་ཀྱི་ཞིང་གང་ལ་སངས་རྒྱས་ཀྱི་ཆོས་རྣམས་རྙེད་ཅིང་ཐོབ་པར་འགྱུར་བ་དེ་ལ་ལོག་པར་འཇུག་པར་བྱ་བའི་མི་རིགས་སོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པ་ཐམས་ཅད་ཀྱང་སེམས་ལ་བརྟེན་ནས་འབྱུང་སྟེ། ཉེས་པར་སྤྱོད་པ་ལ་གནས་པ་ནི་ངན་སོང་དུ་སྐྱེའོ། །ལེགས་པར་སྤྱོད་པ་ལ་གནས་པ་ནི་ལྷ་དང་མིར་སྐྱེའོ། །དེ་གཉི་ག་ཡོངས་སུ་སྤངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འགྱུར་རོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའོ། །ཁ་ཅིག་ནི་ཆོས་ཡང་དག་པར་འཛིན་པ་ནི་འདི་ལྟ་བུ་ལགས་ཏེ། འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་ཟད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མེད་དོ། །གང་རྟེན་ནས་འབྱུང་བའི་ཆོས་དེ་གང་ཞེ་ན། གང་རྟེན་ཏེ་བྱུང་བ་ནི་མ་སྐྱེས་པ་སྟེ་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ཆོས་དེ་གང་ཡང་མེད་དེ། གཞན་དུ་ན་བསྟན་པ་ཙམ་དང་། ཐ་སྙད་ཙམ་དང་། བཏགས་པ་ཙམ་དང་། བརྡ་ཙམ་དང་། དོན་དམ་པར་མངོན་པར་བྱེད་པ་ཙམ་ནི་མེད་པ་མ་ཡིན་ནོ་སྙམ་མོ། །འདི་ནི་སྟོན་པ་པོའི་ཆོས་ཡང་དག་པར་འཛིན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པའི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་འདི་སྙམ་དུ་སེམས་ཏེ། སྐྱེ་བ་ཞེས་བྱ་བ་འདི་ཆོས་གང་གི་མིང་དུ་སྐྱེ་བ་ཞེས་བྱ་སྙམ་ནས། དེས་གང་འདི་སྐྱེ་བ་ཞེས་བགྱི་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་པ་དང་ལྡན་པས་ཆོས་ཐམས་ཅད་ནི་མ་སྐྱེས་སོ་སྙམ་དུ་བཟོད་པ་སྐྱེས་སོ། །ཁ་ཅིག་ནི་འདི་སྙམ་དུ་སེམས་ཏེ། གང་འཆི་བ་ཞེས་


DKG065_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་འདིར་ཆོས་ཅི་ཞིག་འགགས། གང་འགགས་པས་འཆི་བ་ཞེས་བྱ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན་གང་འགགས་པས་འཆི་བ་ཞེས་བགྱི་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདི་ནི་ཆོས་ཡང་དག་པར་འཛིན་པ་སྟེ། བདུད་རྩི་ཁོང་དུ་ཆུད་པར་འགྱུར་བའོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ནི་ཆོས་ཐམས་ཅད་ལ་མི་ཆགས་པ་ལགས་ཏེ། དེ་དག་ནི་ཡིད་དང་གནས་པ་མ་མཆིས་པ་རྣམས་ཀྱིས་མཉེས་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ནི་སྒྲིབ་པ་མ་མཆིས་པ་ལགས་ཏེ། དེ་ནི་སེམས་སྒྲིབ་པ་མ་མཆིས་པ་རྣམས་ཀྱིས་འཐོབ་བོ། །བཅོམ་ལྡན་འདས་ཆོས་མཉམ་པ་ནི་བྱང་ཆུབ་ལགས་ཏེ། དེ་ནི་སེམས་མི་མཉམ་པ་མ་མཆིས་པ་རྣམས་ཀྱིས་རྟོགས་པའོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཚོལ་བ་དེ་ཙམ་དུ་འཆིང་བའོ། །མི་ཚོལ་བ་ནི་ཐར་པའོ། །དེ་བས་ན་ཐར་པ་ཚོལ་བས་ཚོལ་བ་ཐམས་ཅད་མི་བཙལ་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཆོས་ཡང་དག་པར་བརྗོད་པ་ཞེས་བགྱི་བ་འདི་ནི་མཉམ་པའི་ཚིག་གོ །འདི་ནི་ཟབ་པའི་ཚིག་གོ །འདི་ནི་ལེན་པ་མ་མཆིས་པའི་ཚིག་གོ །འདི་ནི་གཞི་མ་མཆིས་པའི་ཚིག་གོ །འདི་ནི་ཀུན་གཞི་མ་མཆིས་པའི་ཚིག་གོ །འདི་ནི་རྟེན་མ་མཆིས་པའི་ཚིག་གོ །འདི་ནི་དེ་ཁོ་ན་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་བཤད་པ་རྣམས་ཐོས་སམ། ཐོས་ནས་ཀྱང་དད་ཅིང་དེ་བཞིན་ཉིད་དུ་སྒྲུབ་པ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མ་མཆིས་སྙམ་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། མི་མོས་པ་མང་བ་ལ་ནི་ཆོས་ཡང་དག་པར་བརྗོད་པ་མ་མཆིས། བགྱི་བ་


DKG065_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྩམས་པ་ལ་ནི་ཆོས་ཡང་དག་པར་བརྗོད་པ་མ་མཆིས་ཀྱི། གང་འཕགས་པས་བཤད་པའི་ཆོས་རྣམས་ལ་དཀོན་པར་འདུ་ཤེས་པ་དང་། རིན་པོ་ཆེར་འདུ་ཤེས་པ་དང་། སྨན་དུ་འདུ་ཤེས་པ་དེ་དག་ལ་ནི་ཆོས་ཡང་དག་པར་བརྗོད་པ་མཆིས། བཅོམ་ལྡན་འདས་གང་བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས། བཅོམ་ལྡན་འདས་གང་འཕགས་པ་རྣམས་ལ་བྱམས་པའི་སེམས་དང་། འཕགས་པ་མ་ཡིན་པ་རྣམས་ལ་རྗེས་སུ་འཛིན་པའི་སེམས་དང་ལྡན་པ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས། གང་བདག་རྒྱ་ཆེ་བར་ཡང་དག་པར་རྗེས་སུ་མི་མཐོང་། གཞན་དམན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས། བཅོམ་ལྡན་འདས་གང་མཉམ་པ་རྣམས་ལ་ཡང་མཉམ། མི་མཉམ་པ་རྣམས་ལ་ཡང་མཉམ། མཉམ་པ་དང་མི་མཉམ་པ་རྣམས་ལ་ཡང་མཉམ་ཞིང་། མཉམ་པ་དང་མི་མཉམ་པར་ཡང་མི་རྟོག་པ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས། བཅོམ་ལྡན་འདས་གང་ཚིག་གཅིག་ཐོས་པས་ཚིག་བརྒྱ་སྟོང་གི་དོན་དང་ལེའུ་ལ་འཇུག་ཅིང་ཁོང་དུ་ཆུད་དེ། དོན་དང་གཞུང་ལ་གཉིས་སུ་འདུ་ཤེས་མི་འགྱུར་བ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས། བཅོམ་ལྡན་འདས་གང་ཆོས་ཐོས་ནས་ཞི་བར་ཡང་མི་འགྱུར། གཡེང་བར་ཡང་མི་འགྱུར་བ་དང་། གང་ཆོས་ཐོས་ནས་འཆིང་བར་ཡང་མི་འགྱུར། ཐར་པར་ཡང་མི་འགྱུར་བ་དང་། གང་ཆོས་ཐོས་ནས་འཇུག་པར་ཡང་མི་འགྱུར། ལྡོག་པར་ཡང་མི་འགྱུར་བ་དང་། གང་ཆོས་ཐོས་ནས་བྲི་བར་ཡང་མི་འགྱུར། གང་བར་ཡང་མི་འགྱུར་བ་དང་། གང་ཆོས་ཐོས་ནས་དད་པར་ཡང་མི་འགྱུར། ཁྲོ་བར་ཡང་མི་འགྱུར་བ་དང་། གང་ཆོས་ཐོས་ནས་འཁོར་བར་ཡང་མི་འགྱུར། ཡོངས་སུ་མྱ་ངན་ལས་འདས་པར་ཡང་མི་འགྱུར་བ་དང་། བཅོམ་ལྡན་འདས་གང་ཆོས་ཡང་དག་པར་བརྗོད་པས་ཆོས་ཉིད་འདི་རྗེས་སུ་རྟོགས་པ་དེ་དག་ལ་ཆོས་ཡང་དག་པར་བརྗོད་པ་མཆིས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་མཆི་བ་ལྟ་བུ་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པ་ལྟ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་


DKG065_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་རྗོད་པ་དང་འཐུན་པ་ཡིན་ནོ། །ཤཱ་རིའི་བུ་གང་ཁྱོད་ཀྱིས་བཤད་པ་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྣམས་རྗེས་སུ་ཤེས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་སྙམ་དུ་བདག་གིས་ཆོས་ཡང་དག་པར་བརྗོད་པར་བྱའོ་སྙམ་དུ་སེམས་པ་དེ་ནི་ཆོས་ཡང་དག་པར་བརྗོད་པ་བགྱི་བར་རྔོ་མི་ཐོགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཏུ་ལྟ་བར་གྱུར་ནས་འདི་སྙམ་དུ་བདག་ནི་འཆད་དོ། །འདི་ནི་ཉན་ནོ་སྙམ་དུ་སེམས་པའི་སླད་དུའོ། །གང་བདག་ཏུ་འདུ་ཤེས་པ་དང་བྲལ་བ་དེ་དག་ནི་བདག་ཏུ་སྒྲོ་བཏགས་ནས་ཆོས་སྟོན་པ་མ་ལགས། གཞན་དུ་སྒྲོ་བཏགས་ནས་མ་ལགས། གཉི་གར་སྒྲོ་བཏགས་ནས་མ་ལགས། བག་ལ་ཉལ་དུ་བཏགས་ནས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྒྲོ་བཏགས་པ་ཐམས་ཅད་ནི་མ་མཆིས་པ་ལས་སྒྲོ་བཏགས་པའི་སླད་དུའོ། །བཅོམ་ལྡན་འདས་ཆོས་གང་སྒྲོ་བཏགས་པ་དེ་ནི་རྫས་སུ་མ་མཆིས་པ་ལགས་སོ། །དེ་ལ་སྒྲོ་བཏགས་པ་རྣམས་ཡོངས་སུ་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་སྒྲོ་བཏགས་པ་དེ་ནི་ཆོས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་སྤྲུལ་པའི་བརྗོད་པ་བཞིན་དུ་སྒྲོ་བཏགས་པ་ཡོངས་སུ་འཚལ་བའི་བྱང་ཆུབ་སེམས་དཔའི་སྒྲོ་བཏགས་པ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་སྒྲོ་བཏགས་པ་སྒྲོ་བཏགས་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་སྒྲོ་བཏགས་པ་ཞེས་བགྱི་ཞེ་ན། སྒྲོ་བཏགས་པ་གང་སྟོང་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མི་སྤོང་བ་དང་། མི་སྐྱེ་བ་དང་མི་འགག་པ་དང་འཐུན་པ་རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པར་འདོར་བ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡང་དག་པར་གཅོད་པ། ལྟ་བར་གྱུར་པ་ཐམས་ཅད་སེལ་བ་དེ་ནི་སྒྲོ་བཏགས་པ་ཡོངས་སུ་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲོ་བཏགས་པ་ལགས་སོ། །གང་སྒྲོ་བཏགས་


DKG065_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་གང་ཆོས་ཡང་དག་པར་བརྗོད་པ་དང་། གང་ཆོས་ཡང་དག་པར་བརྗོད་པ་པོ་དང་། གང་དག་ལ་ཆོས་ཡང་དག་པར་བརྗོད་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་གོ །གང་འདི་ལྟར་ཆོས་ཡང་དག་པར་བརྗོད་པ་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་གི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པ་ལྟ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽང་གལ་གྱི་བུ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བསོད་ནམས་ཚོལ་བས་ཆོས་ཡང་དག་པར་བརྗོད་པར་བགྱིད་པ་དེ་ནི་དེའི་ཆོས་ཡང་དག་པར་བརྗོད་པར་སྐྱོན་ཆགས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཏུ་མངོན་པར་ཆགས་པས་མངོན་པར་ཞེན་པ་ནི་བསོད་ནམས་དང་། བསོད་ནམས་མ་ལགས་པ་དང་། མི་གཡོ་བའི་འདུ་བྱེད་མངོན་པར་འདུ་བགྱིད་དོ། །བདག་ཏུ་མངོན་པར་ཆགས་པས་མངོན་པར་ཞེན་པ་ནི་ལྟ་བ་རྣམས་དང་། ལྟ་བར་གྱུར་པ་རྣམས་ལས་རྣམ་པར་མ་གྲོལ་ཏེ། བདག་ལ་སྨན་པ་དང་། གཞན་ལ་སྨན་པར་བགྱིད་པ་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་གང་བདག་ལ་ཡང་མི་སྨན། གཞན་ལ་ཡང་མི་སྨན་པ་ཇི་ལྟར་ཆོས་ཡང་དག་པར་བརྗོད་པར་བགྱིད་པར་འགྱུར། བཅོམ་ལྡན་འདས་གང་ཆོས་འཚལ་བ་དེ་ནི་བསོད་ནམས་དང་། བསོད་ནམས་མ་ལགས་པ་དང་། མི་གཡོ་བའི་འདུ་བྱེད་ཚོལ་བ་ཡང་མ་ལགས། མི་ཚོལ་བ་ཡང་མ་ལགས་སོ། །གང་ཆོས་ཀུན་འཚལ་བ་དེ་ནི་ཕུང་པོ་རྣམས་ཚོལ་བ་ཡང་མ་ལགས། མི་ཚོལ་བ་ཡང་མ་ལགས་སོ། །ཁམས་རྣམས་ཚོལ་བ་ཡང་མ་ལགས། མི་ཚོལ་བ་ཡང་མ་ལགས་སོ། །སྐྱེ་མཆེད་རྣམས་ཚོལ་བ་ཡང་མ་ལགས། །མི་ཚོལ་བ་ཡང་མ་ལགས་སོ། །དེ་ནི་སེམས་ཅན་རྣམས་ཚོལ་བ་ཡང་མ་ལགས། མི་ཚོལ་བ་ཡང་མ་ལགས་སོ། །དེ་ནི་ཆོས་


DKG065_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚོལ་བ་ཡང་མ་ལགས། མི་ཚོལ་བ་ཡང་མ་ལགས་སོ། །དེ་ནི་བདེན་པ་ཚོལ་བ་ཡང་མ་ལགས། བརྫུན་པ་ཚོལ་བ་ཡང་མ་ལགས་སོ། །དེ་ནི་ཡུལ་ཚོལ་བ་ཡང་མ་ལགས། ཡུལ་རྣམས་ལས་འབྱུང་བ་ཚོལ་བ་ཡང་མ་ལགས་སོ། །དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཚོལ་བ་ཡང་མ་ལགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ཚོལ་བ་ཡང་མ་ལགས་སོ། །དེ་ནི་འཁོར་བ་ཚོལ་བ་ཡང་མ་ལགས། མྱ་ངན་ལས་འདས་པ་ཚོལ་བ་ཡང་མ་ལགས་སོ། །དེ་ནི་འཐབ་པ་དང་རྩོད་པ་དང་འགྱེད་པ་ཚོལ་བ་ཡང་མ་ལགས། ཅང་མི་སྨྲ་བ་ཚོལ་བ་ཡང་མ་ལགས་སོ། །སྟོང་པ་ཉིད་ཚོལ་བ་ཡང་མ་ལགས། ལྟ་བར་གྱུར་པ་རྣམས་ཚོལ་བ་ཡང་མ་ལགས་སོ། །མཚན་མ་མ་མཆིས་པ་ཚོལ་བ་ཡང་མ་ལགས། རྣམ་པར་རྟོག་པ་ཚོལ་བ་ཡང་མ་ལགས་སོ། །སྨོན་པ་ཚོལ་བ་ཡང་མ་ལགས། སྨོན་པ་མ་མཆིས་པ་ཚོལ་བ་ཡང་མ་ལགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཚོལ་བ་ཡང་མ་ལགས། སོ་སོའི་སྐྱེ་བོའི་ཆོས་རྣམས་ཚོལ་བ་ཡང་མ་ལགས་སོ། །ཆོས་ཚོལ་བ་ཡང་མ་ལགས། ཆོས་མ་ལགས་པ་ཚོལ་བ་ཡང་མ་ལགས་སོ། །འཕགས་པའི་དགེ་འདུན་ཚོལ་བ་ཡང་མ་ལགས། མུ་སྟེགས་ཅན་གྱི་དགེ་འདུན་ཚོལ་བ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཡོངས་སུ་འཚལ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འབྱུང་བ་ཀུན་དུ་མི་ཚོལ་ཏེ། ཆོས་ཐམས་ཅད་དེའི་འབྱུང་བ་ལགས་སོ། །ཐར་པ་ཡང་ཀུན་དུ་མི་ཚོལ་ཏེ། ཆོས་ཐམས་ཅད་དེའི་ཤིན་ཏུ་རྣམ་པར་གྲོལ་བ་ལགས་སོ། །གང་དུ་ཡང་དག་པར་རྗེས་སུ་ཆགས་པ་ཡང་མ་མཆིས། ཁོང་ཁྲོ་བ་ཡང་མ་མཆིས་ཏེ། ཆོས་ཐམས་ཅད་བདག་གིའམ། གཞན་གྱི་ཡང་མ་ལགས་སོ། །ཆོས་གང་ཡང་ཡོངས་སུ་འཛིན་པ་ཡང་མ་མཆིས། འདོར་བ་ཡང་མ་མཆིས་ཏེ། ཡོངས་སུ་འཛིན་པ་དང་། འདོར་བ་དེ་གཉི་ག་སྐྱོན་ཆགས་པ་ལགས་སོ། །འཇུག་པ་ཡང་མ་མཆིས། ལྡོག་པ་ཡང་མ་མཆིས་ཏེ། འཇུག་པ་དང་ལྡོག་པ་དེ་གཉི་ག་སྐྱོན་ཆགས་པ་ལགས་སོ། །གང་དུ་ཡང་དགའ་བ་


DKG065_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་མཆིས། ཡིད་མི་བདེ་བ་ཡང་མ་མཆིས་ཏེ། དགའ་བ་དང་ཡིད་མི་བདེ་བ་དེ་གཉི་ག་སྐྱོན་ཆགས་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཆོས་དང་ཆོས་མ་ལགས་པའི་འདུ་ཤེས་ལ་སྤྱོད་ཅིང་ཆོས་ཡང་དག་པར་བརྗོད་པ་བགྱིད་པའི་སེམས་ཅན་དེ་ནི་མ་རིག་པས་ཁེངས་པ་ལགས་པ་སྙམ་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཚོལ་བའི་རིགས་ཀྱི་བུས་ནི་ཆོས་མ་ལགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་མ་ལགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ཉིད་དེའི་ཆོས་ལགས་སོ། །བཅོམ་ལྡན་འདས་ཆོས་ནི་གང་ནས་ཀྱང་བླངས་པ་མ་ལགས། གང་དུ་ཡང་བཀུར་བ་མ་ལགས་སོ། །ཆོས་ནི་སུ་ལ་ཡང་རག་ལས་པ་ཡང་མ་ལགས། རང་དབང་ཅན་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ནི་གང་དང་ཡང་རིང་བ་ཡང་མ་ལགས། གང་དང་ཡང་ཉེ་བ་ཡང་མ་ལགས་སོ། །ཆོས་ནི་ཡུལ་ན་ཡང་མ་ལགས། ཕྱོགས་ན་ཡང་མ་ལགས་སོ། །ཆོས་ནི་རྒྱ་ཆེན་པོ་རྣམས་ལ་འཇུག་གི་ཐ་མ་དང་འབྲིང་རྣམས་ལ་མི་འཇུག་པ་ཡང་མ་ལགས། ཆོས་ནི་ཐ་མ་དང་འབྲིང་རྣམས་ལ་འཇུག་གི་རྒྱ་ཆེན་པོ་རྣམས་ལ་མི་འཇུག་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ནི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡང་མ་ལགས། འདུ་ཤེས་མ་མཆིས་པས་རབ་ཏུ་ཕྱེ་བ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཕགས་པ་རྣམས་ཀྱིས་ནི་འདུ་ཤེས་འཆིང་བ་དང་། འདུ་ཤེས་མ་མཆིས་པ་འཆིང་བ་དང་བྲལ་བར་མི་མཐོང་བའི་སླད་དུའོ། །བཅོམ་ལྡན་འདས་ཆོས་ནི་སྤང་བར་བགྱི་བ་ཡང་མ་ལགས། བསྒོམ་པར་བགྱི་བ་ཡང་མ་ལགས་ཏེ། སྤང་བ་དང་། བསྒོམ་


DKG065_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཡང་དག་པར་འདས་པ་ནི་ཆོས་དང་ལྡན་པའོ། །བཅོམ་ལྡན་འདས་ཆོས་ནི་གང་གི་སླད་དུ་སྦྱིན་པར་བགྱི་བའང་མ་ལགས། སྦྱིན་པར་མི་བགྱི་བ་ཡང་མ་ལགས་ཏེ། བདག་པོ་མ་མཆིས་པའི་སླད་དུ་ཇི་ལྟ་ཇི་ལྟ་བུར་འཚལ་བ་དེ་ལྟ་དེ་ལྟ་བུར་སྒྲུབ་པའོ། །བཅོམ་ལྡན་འདས་ཆོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཛའ་བའི་དངོས་པོར་ཡང་མི་འཇུག །བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མི་མཛའ་བའི་དངོས་པོར་ཡང་མི་འཇུག་སྟེ། བཅོམ་ལྡན་འདས་ཆོས་ནི་རྣམ་པར་མི་རྟོག་པ་སྤྲོས་པ་མ་མཆིས་པས་རབ་ཏུ་ཕྱེ་བའོ། །ཆོས་ནི་སངས་རྒྱས་རྣམས་དང་ཉེ་བ་ཡང་མ་ལགས། སོ་སོའི་སྐྱེ་བོ་རྣམས་དང་རིང་བ་ཡང་མ་ལགས་ཏེ། གང་ཇི་ལྟ་ཇི་ལྟ་བུར་འཚལ་བ་དེ་ལྟ་དེ་ལྟ་བུར་ཆོས་ཁོང་དུ་ཆུད་དོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཱ་ཏྱཱའི་བུ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དབེན་པ་ཚོལ་བས་ཆོས་ཡང་དག་པར་བརྗོད་པར་བགྱིད་པ་དེ་ནི་ཆོས་ཡང་དག་པར་བརྗོད་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པས་དབེན་པ་ལ་གནས་པའོ། །སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་གཅིག་གིས་ཅིག་ཤོས་འཚལ་བ་མ་ལགས་སོ། །ཚོལ་བ་དང་བྲལ་བས་གཅིག་གིས་ཅིག་ཤོས་ཚོལ་བ་མ་ལགས་སོ། །བགྱི་བ་མ་མཆིས་པས་གཅིག་ལ་ཅིག་ཤོས་ཀྱིས་བསྟང་བ་མ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་དབེན་པ་དབེན་པ་ཞེས་བགྱི་བ་འདི་ནི་མི་གཉིས་པའི་ཚིག་བླ་དགས་ཏེ། མི་གཉིས་པ་ལས་གུད་ན་ཆོས་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པ་སྟོང་པ་ཉིད་ཀྱི་རང་བཞིན། མཚན་མ་མ་མཆིས་པའི་རང་བཞིན་སྨོན་པ་མ་མཆིས་པའི་རང་བཞིན་མངོན་པར་འདུ་མི་བགྱིད་པའི་རང་བཞིན། མ་སྐྱེས་མ་བྱུང་བའི་རང་བཞིན་


DKG065_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྣམ་པར་དག་པའི་མཚན་ཉིད་ཀྱིས་ཐོབ་པ་ཡང་མ་ལགས། རྣམ་པར་མ་དག་པའི་མཚན་ཉིད་ཀྱིས་ཀྱང་མ་ལགས། སེར་སྣ་ཅན་རྣམས་ཀྱིས་ཐོབ་པ་ཡང་མ་ལགས། སྦྱིན་པ་ལ་མོས་པ་རྣམས་ཀྱིས་ཀྱང་མ་ལགས། ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་ཐོབ་པ་ཡང་མ་ལགས། ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་ཀྱང་མ་ལགས། གནོད་སེམས་ཅན་རྣམས་ཀྱིས་ཀྱང་མ་ལགས། བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཀྱང་མ་ལགས། ལེ་ལོ་ཅན་རྣམས་ཀྱིས་ཀྱང་མ་ལགས། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ཀྱང་མ་ལགས། སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་ཀྱང་མ་ལགས། མཉམ་པར་གཞག་པ་རྣམས་ཀྱིས་ཀྱང་མ་ལགས། ཤེས་རབ་འཆལ་པ་རྣམས་ཀྱིས་ཀྱང་མ་ལགས། ཤེས་རབ་དང་ལྡན་པ་རྣམས་ཀྱིས་ཀྱང་ཐོབ་པ་མ་ལགས་ཏེ། གང་ཆོས་ཐམས་ཅད་ཐོབ་པ་མ་མཆིས་པ་དེ་དག་ཆོས་རྣམས་ཀྱི་ཐོབ་པ་ཞེས་བགྱིའོ། །ཐོབ་པ་འདི་འདྲ་བ་འདི་ནི་འདུ་བྱེད་སྤྱོད་ཡུལ་བ་རྣམས་ཀྱིས་མ་ལགས། སེམས་སྤྱོད་ཡུལ་བ་རྣམས་ཀྱིས་མ་ལགས། གཉིས་པ་ལ་སྤྱོད་ཡུལ་བ་རྣམས་ཀྱིས་མ་ལགས། དམིགས་པ་ལ་གནས་པ་རྣམས་ཀྱིས་མ་ལགས། མངོན་པར་རྟོགས་པ་འདོད་པ་རྣམས་ཀྱིས་མ་ལགས། སྤོང་བ་འདོད་པ་རྣམས་ཀྱིས་མ་ལགས། འབྱུང་བའི་སེམས་དང་ལྡན་པ་རྣམས་ཀྱིས་མ་ལགས། སངས་རྒྱས་སུ་དམིགས་པ་ཅན་རྣམས་ཀྱིས་མ་ལགས། ཆོས་དང་དགེ་འདུན་དུ་དམིགས་པ་ཅན་རྣམས་ཀྱིས་མ་ལགས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ལྟ་བ་ཅན་རྣམས་ཀྱིས་མ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཆོས་ཚོལ་བ་གང་ལགས་པ་དེ་ནི་ཅི་ཡང་ཚོལ་བ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མི་ཚོལ་བ་ནི་ཆོས་ཚོལ་བའོ། །ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་སམ། ཆོས་མ་ལགས་པ་མི་དམིགས་སོ། །དེ་བཞིན་དུ་འདི་སྙམ་དུ་སེམས་ཏེ། གང་རློམ་སེམས་ཐམས་ཅད་དང་བྲལ་བ་དེ་ནི་ཆོས་སོ། །གང་ཆོས་སུ་སྒྲོ་བཏགས་པ་ཐམས་ཅད་དང་བྲལ་བ་དེ་ནི་ཆོས་སོ། །གང་ཡིད་ཀྱིས་སྨོན་པ་ཐམས་ཅད་དང་བྲལ་བ་དེ་ནི་ཆོས་སོ། །


DKG065_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ནི་ཆོས་སོ་སྙམ་མོ། །གང་འདི་སྐད་དུ་སྨྲ་བ་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བ་ནི་སྒྲ་མ་མཆིས་པའི་ཚིག་བླ་དགས་ཏེ། གང་སྒྲ་མི་འབྱིན་པ་ནི་དེའི་ཆོས་སོ། །བཅོམ་ལྡན་འདས་དེ་ལ་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན། རྣ་བས་སྒྲ་རྣམས་དང་། སྣས་དྲི་རྣམས་དང་། ལྕེས་རོ་རྣམས་དང་། ལུས་ཀྱིས་རེག་བྱ་རྣམས་དང་། ཡིད་ཀྱིས་ཆོས་རྣམས་ལ་སྒྲ་མི་འབྱིན་པ་དེ་ནི་ཆོས་སོ། །དེ་ལ་ཇི་ལྟར་ན་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན་ཅེ་ན། ཕྲད་པ་མ་མཆིས་པའི་སླད་དུའོ། །མིག་ནི་གཟུགས་ལ་ཕྲད་པར་མི་བགྱིད། རྣ་བས་སྒྲ་ལ་མ་ལགས། སྣས་དྲི་ལ་མ་ལགས། ལྕེས་རོ་ལ་མ་ལགས། ལུས་ཀྱིས་རེག་བྱ་ལ་མ་ལགས། ཡིད་ཀྱིས་ཆོས་ལ་ཕྲད་པར་མི་བགྱིད་དོ། །གང་ཕྲད་པར་མི་བགྱིད་པ་དེ་ནི་སྒྲ་མི་འབྱིན་པའོ། །བཅོམ་ལྡན་འདས་གཉིས་སུ་མ་མཆིས་ན་ཆོས་ལ་སྒྲ་འབྱིན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པ་སྟེ། གཅིག་གིས་གཅིག་མ་འཚལ། རྣམ་པར་མ་འཚལ། མི་རྟོག་རྣམ་པར་མི་རྟོག །འབྱུང་བར་མི་བགྱིད། འཇིག་པར་མི་བགྱིད། འབྲི་བར་མི་བགྱིད། འཕེལ་བར་མི་བགྱིད། ཆགས་པར་མི་བགྱིད། མི་ཆགས་པར་མི་བགྱིད། འཁོར་བར་མི་བགྱིད། ཡོངས་སུ་མྱ་ངན་ལས་འདའ་བར་མི་བགྱིད་དེ། འདི་དག་ནི་སུའི་ཡང་མ་ལགས། འདི་དག་ནི་ཅི་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་སྐྱོ་བར་ཡང་མི་བགྱིད། ཆགས་པར་ཡང་མི་བགྱིད་དེ། བཅོམ་ལྡན་འདས་ཆོས་འདི་དག་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་དེ་ལྟར་འཚལ་ཏོ། །བདག་གིས་


DKG065_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྟོགས་སོ། །བཅོམ་ལྡན་འདས་གང་བདག་གིས་འདི་ལྟར་འཚལ། འདི་ལྟར་རྟོགས་སོ་ཞེས་དེ་སྐད་མཆི་བ་འདི་ནི་སྐྱེ་མཆེད་རྣམས་ཀྱི་འགྱུར་བའོ། །བཅོམ་ལྡན་འདས་སྐྱེ་མཆེད་རྣམས་ནི་འདི་སྙམ་དུ་འདི་ནི་བདག་ཅག་གི་འགྱུར་བའོ་སྙམ་དུ་མི་སེམས་སོ། །གང་དེ་ལྟར་འཚལ་བ་དེ་ནི་སུ་དང་ཡང་མི་རྩོད་དོ། །གང་མི་རྩོད་པ་དེ་ནི་དགེ་སློང་གི་ཆོས་ཀྱི་རྗེས་སུ་འཇུག་པའོ། །གང་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་ནི་གང་ནས་ཀྱང་འཇུག་པར་ཡང་མི་བགྱིད། མི་འཇུག་པར་ཡང་མི་བགྱིད། སྦྱོར་བར་ཡང་མི་བགྱིད། མི་སྦྱོར་བར་ཡང་མི་བགྱིད། འགྲོ་བར་ཡང་མི་བགྱིད། སྡོད་པར་ཡང་མི་བགྱིད། འབྲི་བར་ཡང་མི་བགྱིད། འཕེལ་བར་ཡང་མི་བགྱིད་དེ། ཐམས་ཅད་ཆོས་ཀྱི་ཚུལ་དུ་མཐོང་ངོ་། །ཐམས་ཅད་རྣམ་པར་རིག་པའི་ཚུལ་དུ་མཐོང་ངོ་། །ཆོས་ཀྱི་དབྱིངས་ཉིད་དུ་མཐོང་ངོ་། །དེ་ལྟར་ཐམས་ཅད་འབྱུང་བར་མཐོང་སྟེ། གང་འབྱུང་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཞན་དུ་ན་མིང་ཙམ་དང་། བཏགས་པ་ཙམ་དང་། ཐ་སྙད་ཙམ་དུ་མཐོང་བ་ནི་མ་མཆིས་པ་མ་ལགས་སོ། །མིང་དེ་ཡང་མིང་མ་མཆིས་པའོ། །བཏགས་པ་ཡང་བཏགས་པ་མ་མཆིས་པའོ། །ཐ་སྙད་ཀྱང་ཐ་སྙད་མ་མཆིས་པའོ། །ཆོས་མཐོང་བས་སངས་རྒྱས་མཐོང་ངོ་། །སངས་རྒྱས་མཐོང་བས་སེམས་ཅན་ཐམས་ཅད་མཐོང་ངོ་། །སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ་། །རྒྱུ་དང་རྐྱེན་མཐོང་བས་སྟོང་པ་ཉིད་མཐོང་ངོ་། །སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པ་མཐོང་བའོ། །བཅོམ་ལྡན་འདས་གང་དེ་ལྟར་མཐོང་བ་དང་ལྡན་པ་དེ་ནི་སངས་རྒྱས་རྣམས་མཉེས་པར་ཡང་མི་བགྱིད། མི་མཉེས་པར་ཡང་མི་བགྱིད་དོ། །དེ་ཆོས་མཉེས་པར་ཡང་མི་བགྱིད། མི་མཉེས་པར་ཡང་མི་བགྱིད་དོ། །དེ་དགེ་འདུན་མཉེས་པར་ཡང་མི་བགྱིད། མི་མཉེས་པར་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བདུད་རྣམས་དང་ཡང་མི་རྩོད་ན། ཆོས་འཐུན་པ་རྣམས་དང་མི་རྩོད་པ་ལྟ་


DKG065_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཀྱང་ཅི་འཚལ་ཏེ་དེ་ནི་གནས་མ་ལགས་སོ། །བརྗོད་པ་ཐམས་ཅད་བདག་གི་ཕྱོགས་སུ་འགྲུབ་པར་མཐོང་བས་གང་དང་ཡང་རྩོད་པར་མི་འགྱུར་རོ། །རྩོད་པ་མ་མཆིས་པས་སུ་དང་ཡང་ལྷན་ཅིག་སྒྲ་འབྱིན་པར་མི་འགྱུར་རོ། །སྒྲ་མ་མཆིས་པའི་ཆོས་དང་ལྡན་པ་ནི་ཆོས་ཐམས་ཅད་དང་ལྡན་པའོ། །ཆོས་ཐམས་ཅད་དང་ལྡན་པ་ཞེས་བགྱི་བ་ནི་ཆོས་ཐམས་ཅད་བདག་བཞིན་དུ་གྱུར་པ། མཉམ་པར་གནས་པ་མཉམ་པར་བཟོད་པ་སྟེ། དེ་བས་ན་ཆོས་ཐམས་ཅད་དང་ལྡན་པ་ཞེས་བགྱིའོ། །གང་དུ་ཡང་མི་མཆི། གང་ནས་ཀྱང་མ་མཆིས་པས་དེའི་སླད་དུ་ལྡན་པ་ཞེས་བགྱིའོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་གང་ཅུང་ཟད་སྨྲ་བ་དང་། ཀུན་སྨྲ་བ་དེ་ཐམས་ཅད་ནི་ཆོས་ཡང་དག་པར་བརྗོད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་ཐོབ་པར་བགྱིད་པའོ། །བཅོམ་ལྡན་འདས་བདག་མཆི་བ་འདི་ལྟ་བུ་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པ་ལྟ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །རབ་འབྱོར་གྱིས་ཆོས་ཡང་དག་པར་བརྗོད་པ་འདི་བརྗོད་པ་ན་དགེ་སློང་ལྔ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ །ལྷའི་བུ་ལྔ་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །གང་ཁྱོད་ཀྱི་ཆོས་ཡང་དག་པར་བརྗོད་པ་འདི་ཐོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཆོས་ཀྱི་རྒྱ་མཚོ་ཐོབ་བོ་སྙམ་དུ་བདག་ཉིད་ཀྱིས་ཤེས་སོ། །དོན་ཡོད་ཅིང་འབྲས་བུ་དང་བཅས་པར་བདག་ཉིད་ཀྱིས་མཐོང་ངོ་། །རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཡང་དག་པར་བརྗོད་པ་དམ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མ་འགགས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཡི་གེར་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡི་གེ་ནི་མི་འགྱུར་བས་དེའི་སླད་དུ་ཡི་གེ་ཞེས་བགྱིའོ། །བཅོམ་ལྡན་འདས་གང་བརྗོད་པ་དེ་ནི་ཡི་གེ་ཙམ་དུ་བས་ཏེ། བཅོམ་ལྡན་འདས་


DKG065_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་འབྲུ་དེ་དག་ནི་ཁོང་ནས་ཀྱང་སྒྲ་མི་འབྱིན། སླད་རོལ་ནས་ཀྱང་སྒྲ་མི་འབྱིན་ཏེ། སྒྲ་འབྱིན་པ་དེ་དག་ཀྱང་འདི་ལྟར་བདག་ཅག་ནི་སྒྲ་འབྱིན་ཏོ་སྙམ་དུ་མི་སེམས་སོ། །བཅོམ་ལྡན་འདས་ཡི་གེའི་འབྲུ་རྣམས་ནི་ཟད་པར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་ཏེ། བྱང་ཆུབ་སེམས་དཔས་ཡི་གེ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིའོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་སྒྲ་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་ཏེ། གཞན་དུ་ན་སྒྲ་ཐམས་ཅད་ཆོས་ཀྱི་སྒྲར་ཐོས་པ་དང་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། ཆོས་ཀྱི་དབྱིངས་ཀྱི་སྒྲ་དང་། ཡང་དག་པའི་མཐའི་སྒྲར་ཐོས་སོ། །དེའི་ཆོས་གང་ཡང་ཐམས་ཅད་མཁྱེན་པ་རྟོགས་པར་འགྱུར་བ་དང་འགལ་བ་མ་ལགས་སོ། །དེ་ཆོས་གང་ཡང་སངས་རྒྱས་ཀྱི་བྱང་ཆུབ་དང་འགལ་བར་མི་མཐོང་གི །དེ་ཆོས་ཐམས་ཅད་སྒྲིབ་པ་མ་མཆིས་པར་མཐོང་། སངས་རྒྱས་ཀྱི་བྱང་ཆུབ་དང་སྐལ་བ་མཉམ་པ་དང་མ་འགགས་པར་མཐོང་ངོ་། །དེ་གང་ལས་ལྡོག་པ་དང་། གང་དུ་འཇུག་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་སེམས་ཅན་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ཅན་གྱི་དོན་བགྱི་བ་ལ་མི་ཕྱོགས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤོབས་པ་ཟབ་མོ་འཐོབ་སྟེ། སྤོབས་པ་ཟབ་མོ་དེ་གང་ཞེ་ན། གང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་མི་རྟོགས་པའོ། །ཕན་པའི་སྤོབས་པ་ཡང་འཐོབ་སྟེ། ཕན་པའི་སྤོབས་པ་གང་ཞེ་ན། གང་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་ཉིད་དུ་འགྱུར་གྱི། མི་ཕན་པར་མི་འགྱུར་བའོ། །རན་པའི་སྤོབས་པ་ཡང་འཐོབ་སྟེ། རན་པའི་སྤོབས་པ་གང་ཞེ་ན། གང་ཇི་ཙམ་གྱི་གཏམ་གྱིས་སེམས་ཅན་བདེ་བར་འགྱུར་བ་དེ་ཙམ་གྱི་གཏམ་བགྱིས་པ་འདི་ནི་རན་པའི་སྤོབས་པ་ཞེས་བགྱིའོ། །མྱུར་བའི་སྤོབས་པ་ཡང་འཐོབ་སྟེ། མྱུར་བའི་སྤོབས་པ་གང་ཞེ་ན། གང་གིས་མྱུར་དུ་སེམས་ཅན་རྣམས་འདུལ་བའོ། །འབྲས་


DKG065_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཆིས་པའི་སྤོབས་པ་ཡང་འཐོབ་སྟེ། འབྲས་བུ་མཆིས་པའི་སྤོབས་པ་གང་ཞེ་ན། གང་གིས་རྒྱུན་མི་འཆད་པར་སེམས་ཅན་ཐར་བར་བགྱིད་པའོ། །ལྷན་ཅིག་པའི་སྤོབས་པ་ཡང་འཐོབ་སྟེ། ལྷན་ཅིག་པའི་སྤོབས་པ་གང་ཞེ་ན། གང་གིས་སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ་བའོ། །སྐྱེ་བའི་སྤོབས་པ་ཡང་འཐོབ་སྟེ། སྐྱེ་བའི་སྤོབས་པ་གང་ཞེ་ན། གང་གིས་ཚིག་གཅིག་བསྟན་པས་ཚིག་བརྒྱ་སྟོང་ལས་ལྷག་པའི་སྤོབས་པ་སྐྱེ་བའོ། །ཡང་བའི་སྤོབས་པ་ཡང་འཐོབ་སྟེ། ཡང་བའི་སྤོབས་པ་གང་ཞེ་ན། གང་གིས་བརྡ་བགྱིས་པ་ཙམ་གྱིས་ཐམས་ཅད་ཤེས་ནས་སྟོན་པའོ། །བདེ་བའི་སྤོབས་པ་ཡང་འཐོབ་སྟེ། བདེ་བའི་སྤོབས་པ་གང་ཞེ་ན། བདེ་བའི་སྤོབས་པ་གང་གིས་འདུལ་བ་རྣམས་ཉན་པས་ངོམས་པར་མི་འགྱུར་བའོ། །ཅང་ཤེས་ཀྱི་སྤོབས་པ་ཡང་འཐོབ་སྟེ། ཅང་ཤེས་ཀྱི་སྤོབས་པ་གང་ཞེ་ན། གང་གིས་སངས་རྒྱས་ཀྱི་དགོངས་པ་ལས་མི་འདའ་བའོ། །དུལ་བའི་སྤོབས་པ་ཡང་འཐོབ་སྟེ། དུལ་བའི་སྤོབས་པ་གང་ཞེ་ན། གང་གིས་རྒྱགས་པ་དང་། བག་མེད་པ་མི་སྐྱེད་པའོ། །ཞི་བའི་སྤོབས་པ་ཡང་འཐོབ་སྟེ། ཞི་བའི་སྤོབས་པ་གང་ཞེ་ན། གང་གིས་བདག་དང་གཞན་རྣམས་ཞི་བར་བགྱིད་པའོ། །སྒྲའི་སྤོབས་པ་ཡང་འཐོབ་སྟེ། སྒྲའི་སྤོབས་པ་གང་ཞེ་ན། གང་གིས་སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་ལ་འདུལ་བའོ། །དབེན་པའི་སྤོབས་པ་ཡང་འཐོབ་སྟེ། དབེན་པའི་སྤོབས་པ་གང་ཞེ་ན། གང་གིས་སེམས་ཅན་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་འདུལ་བའོ། །མཐོ་བའི་སྤོབས་པ་ཡང་འཐོབ་སྟེ། མཐོ་བའི་སྤོབས་པ་གང་ཞེ་ན། གང་གིས་སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་འདུལ་བའོ། །ཐུན་མོང་མ་ལགས་པའི་སྤོབས་པ་ཡང་འཐོབ་སྟེ། ཐུན་མོང་མ་ལགས་པའི་སྤོབས་པ་གང་ཞེ་ན། གང་གིས་མ་འདྲེས་པ་དང་། སྟོབས་དང་། མི་འཇིགས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་པའོ། །ཞི་གནས་ཀྱི་སྤོབས་པ་ཡང་འཐོབ་སྟེ། ཞི་གནས་ཀྱི་སྤོབས་པ་གང་ཞེ་ན། གང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་གཏམ་རྣམས་བགྱིད་པའོ། །མ་སྨད་པའི་སྤོབས་པ་ཡང་འཐོབ་སྟེ། མ་སྨད་པའི་


DKG065_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་གང་ཞེ་ན། གང་གིས་སེམས་ཅན་ཐམས་ཅད་ཚིམ་པར་བགྱིད་པའོ། །རྒྱུ་དང་རྐྱེན་གྱི་སྤོབས་པ་ཡང་འཐོབ་སྟེ། རྒྱུ་དང་རྐྱེན་གྱི་སྤོབས་པ་གང་ཞེ་ན། གང་གིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའོ། །སྟོན་པའི་སྤོབས་པ་ཡང་འཐོབ་སྟེ། སྟོན་པའི་སྤོབས་པ་གང་ཞེ་ན། གང་གིས་འཁོར་བཞི་ལ་བག་མི་ཚ་བར་ཆོས་སྟོན་པའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱི་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འགགས་པ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ།། །།བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཡང་དག་པར་བརྗོད་པ་ཚོལ་བའི་བྱང་ཆུབ་སེམས་དཔའ་ཆོས་འཛིན་པ་བཙལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འཛིན་པ་རྣམས་ལས་ཆོས་རྟོགས་པར་འགྱུར་རོ། །དེ་བས་ན་ཆོས་བཙལ་བ་དེ་ལ་བརྩོན་པར་གྱུར་པས་ཆོས་འཛིན་པ་རྣམས་ལས་བཙལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ལྷུར་ལེན་པ་རྣམས་ལས་ཆོས་སྐྱེའི་ཟང་ཟིང་ལྷུར་ལེན་པ་རྣམས་ལས་མ་ལགས་སོ། །ལུས་དང་སྲོག་ལ་མི་ལྟ་བ་རྣམས་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་བཅས་པ་རྣམས་དང་། དབེན་པ་འདོད་པ་རྣམས་ལས་སྐྱེའི། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ལ་མངོན་པར་དད་པ་རྣམས་ལས་མ་ལགས་སོ། །འགྲོགས་ན་བདེ་བ་རྣམས་ལས་སྐྱེའི། འགྲོགས་ན་མི་བདེ་བ་རྣམས་ལས་མ་ལགས་སོ། །ང་རྒྱལ་མ་མཆིས་པ་རྣམས་ལས་སྐྱེའི། ང་རྒྱལ་གྱིས་ཁེངས་པ་རྣམས་ལས་མ་ལགས་སོ། །དེས་པ་རྣམས་ལས་སྐྱེའི། མགུ་དཀའ་བ་རྣམས་ལས་མ་ལགས་སོ། །སེམས་མཉེན་ཞིང་འཇམ་པ་རྣམས་ལས་སྐྱེའི། སེམས་ཀྱི་རྒྱུད་རྨན་ཅན་དུ་གྱུར་པ་རྣམས་ལས་མ་ལགས་སོ། །སེམས་དབེན་པ་རྣམས་ལས་སྐྱེའི། སེམས་ཆགས་པ་རྣམས་ལས་མ་ལགས་སོ། །སྡིག་པ་རྣམ་པར་འབྱེད་པ་རྣམས་ལས་སྐྱེའི། སྡིག་


DKG065_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆབ་པ་རྣམས་ལས་མ་ལགས་སོ། །བཅོམ་ལྡན་འདས་སྦྱིན་པ་ལ་མངོན་པར་དགའ་བ་རྣམས་ལས་ཆོས་སྐྱེའི། སེར་སྣ་ཅན་རྣམས་ལས་མ་ལགས་སོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལས་སྐྱེའི། ཚུལ་ཁྲིམས་འཆལ་པ་རྣམས་ལས་མ་ལགས་སོ། །བཟོད་པ་དང་ལྡན་པ་རྣམས་ལས་སྐྱེའི། གནོད་སེམས་ཅན་རྣམས་ལས་མ་ལགས་སོ། །བརྩོན་འགྲུས་བརྩམས་པ་རྣམས་ལས་སྐྱེའི། ལེ་ལོ་ཅན་རྣམས་ལས་མ་ལགས་སོ། །སེམས་རྩེ་གཅིག་པ་རྣམས་ལས་སྐྱེའི། སེམས་རྣམ་པར་གཡེངས་པ་རྣམས་ལས་མ་ལགས་སོ། །ཤེས་རབ་དང་ལྡན་པ་རྣམས་ལས་སྐྱེའི། ཤེས་རབ་འཆལ་པའི་རྣམས་ལས་མ་ལགས་སོ། །མང་དུ་ཐོས་པ་རྣམས་ལས་སྐྱེའི། ཐོས་པ་ཉུང་བ་རྣམས་ལས་མ་ལགས་སོ། །ཚུལ་བཞིན་ཡིད་ལ་བརྩོན་པ་རྣམས་ལས་སྐྱེའི། ངན་པའི་བསམ་པ་སེམས་པ་རྣམས་ལས་མ་ལགས་སོ། །ལེགས་པར་བགྱིད་པའི་ལས་བགྱིད་པ་རྣམས་ལས་སྐྱེའི། ངན་པར་བགྱིད་པའི་ལས་བགྱིད་པ་རྣམས་ལས་མ་ལགས་སོ། །ལེགས་པར་བཤད་པ་ལ་དགའ་བ་རྣམས་ལས་སྐྱེའི། འཇིག་རྟེན་རྒྱང་པན་པའི་གསང་ཚིག་ལ་མངོན་པར་དགའ་བ་རྣམས་ལས་མ་ལགས་སོ། །སྟོང་པ་ཉིད་ལ་མངོན་པར་དགའ་བ་རྣམས་ལས་སྐྱེའི། ལྟ་བར་གྱུར་པས་རྣམ་པར་བསྒྲིབས་པ་རྣམས་ལས་མ་ལགས་སོ། །བསླབ་པ་འཚལ་བ་རྣམས་ལས་སྐྱེའི། བསྟན་བཅོས་འཚལ་བ་རྣམས་ལས་མ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་གང་བསླབ་པ་འཚལ་བ་ནི་དེའི་ཆོས་ལགས་སོ། །བསླབ་པ་དེ་དག་ཀྱང་གང་ཞེ་ན། བཅོམ་ལྡན་འདས་བསླབ་པ་ཐམས་ཅད་ཀྱི་ནང་ན་བསླབ་པ་གསུམ་དུ་བསླབ་པ་ཐམས་ཅད་འདུ་བར་འགྱུར་རོ། །གསུམ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་གསུམ་པོ་འདི་དག་ལ་སློབ་པ་དེ་ནི་ཐེག་པ་ཆེན་པོ་ཐམས་ཅད་ལ་སློབ་པ་ལགས་སོ། །བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG065_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡང་ལགས་ལ། སོ་སོར་ཐར་པ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་རྟོན་པ་ལགས་སོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡང་ལགས་ལ། ཆོ་ག་དང་སྤྱོད་ཡུལ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ། བྱང་ཆུབ་སེམས་དཔའི་ཆོ་ག་དང་སྤྱོད་ཡུལ་ལ་རྟོན་པ་ཡང་ལགས་སོ། །ཁ་ན་མ་ཐོ་བ་རབ་ཏུ་ཕྲ་བ་དག་ལ་འཇིགས་པར་ལྟ་བ་ཡང་ལགས་ལ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་རྟོན་པ་ཡང་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་འཚལ་བས་ལས་དང་ཉོན་མོངས་པས་འཇིགས་ཤིང་སྐྲག་པ་མ་མཆིས་པ་དེ་ནི་བྱང་ཆུབ་སེམས་དཔའི་དེ་ཁོ་ན་འཚལ་བ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་སྤྱོད་ཡུལ་བ་རྣམས་ལགས་ཏེ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་སྤྱོད་ཡུལ་བ་མ་ལགས་སོ། །ཡང་དག་པར་བླངས་ནས་བསླབ་པའི་གཞི་རྣམས་ལ་སློབ་སྟེ། སྟོང་པ་ཉིད་དུ་མཉམ་པ་ཉིད་ཡང་དག་པར་བླངས་ནས་སློབ་པ་འདི་ནི་ཡང་དག་པར་བླངས་ནས་སློབ་པ་ཞེས་བགྱིའོ། །མཚན་མ་མ་མཆིས་པར་མཉམ་པ་ཉིད་དང་། སྨོན་པ་མ་མཆིས་པར་མཉམ་པ་ཉིད་དང་། མངོན་པར་འདུ་མི་བགྱིད་པར་མཉམ་པ་ཉིད་དང་། མ་སྐྱེས་པ་དང་། མ་བྱུང་བར་མཉམ་པ་ཉིད་ཡང་དག་པར་བླངས་ནས་སློབ་པ་འདི་ནི་ཡང་དག་པར་བླངས་ནས། བསླབ་པའི་གཞི་རྣམས་ལ་སློབ་པ་ཞེས་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་འདི་ལ་སེམས་ཅན་རྣམས་དགོད་པར་བྱའོ། །སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། གང་རྣམ་པར་ཐར་པ་བརྒྱད་རྣམས་ལ་སློབ་པ་ལགས་སོ། །དེ་ལ་བྱང་ཆུབ་


DKG065_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་ལྷག་པའི་སེམས་ཀྱི་བསླབ་པ་འདི་ལ་སེམས་ཅན་ཐམས་ཅད་བསྒྲུབ་པར་བགྱིའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་སེམས་ཀྱི་བསླབ་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། གང་སྟོང་པ་ཉིད་རྣམ་པ་བཅྭ་བརྒྱད་ལ་སློབ་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྟོང་པ་ཉིད་རྣམ་པ་བཅྭ་བརྒྱད་འདི་སེམས་ཅན་ཐམས་ཅད་ཀྱི་ཁོང་དུ་ཆུད་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལགས་ཏེ། བསླབ་པ་གསུམ་པོ་འདི་དག་ཏུ་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་འདུས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་སྲུང་བ་དེ་ནི་ཚུལ་ཁྲིམས་སྲུང་བ་ལགས་སོ། །གང་ཚུལ་ཁྲིམས་སྲུང་བ་དེ་ནི་ཚུལ་ཁྲིམས་མི་སྙེམས་པ་སྟེ། དེ་ཚུལ་ཁྲིམས་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་མངོན་པར་འབྱུང་བའི་ངང་ཚུལ་ཅན་ཏེ། ཡོངས་སུ་འཛིན་པ་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་དབེན་པའི་ངང་ཚུལ་ཅན་ཏེ། འདུ་འཛི་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་ནང་དུ་ཡང་དག་འཇོག་པའི་ངང་ཚུལ་ཅན་ཏེ། བྱ་བ་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་བསམ་གཏན་གྱི་ངང་ཚུལ་ཅན་ཏེ། ཡུལ་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པར་གྲོལ་བའི་ངང་ཚུལ་ཅན་ཏེ། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཉན་པའི་ངང་ཚུལ་ཅན་ཏེ། འཇིག་རྟེན་པའི་གཏམ་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་སེམས་དཔའ་ནི་ཆོས་སྟོན་པའི་ངང་ཚུལ་ཅན་ཏེ། དཔག་ཚད་བརྒྱར་ཡང་སོང་ནས་ཆོས་སྟོན་པས་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཏེ། སྡུག་བསྔལ་དང་ཡིད་མི་བདེ་བའི་ལོག་པར་ལྟ་བ་ཐམས་


DKG065_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རྩོལ་གྱི། བདག་ལ་ཕན་པའི་ཕྱིར་མ་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་བསམ་པའི་ངང་ཚུལ་ཅན་ཏེ། ཐོག་མ་ཁོ་ནར་སེམས་ཅན་རྣམས་བྱང་ཆུབ་པར་འཚལ་གྱི་བདག་ནི་མ་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པའི་ངང་ཚུལ་ཅན་ཏེ། གཞན་ཡང་དོན་ཕུན་སུམ་ཚོགས་པས་རབ་ཏུ་ནོར་དང་ལྡན་པ་ལགས་ཀྱི། བདག་གི་ཕུན་སུམ་ཚོགས་པས་ནི་མ་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་སྦྱོར་བའི་ངང་ཚུལ་ཅན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དགེ་བ་རེ་རེའི་ཕྱིར་ཡང་བསྐལ་པ་གྲངས་མ་མཆིས་པར་ཡོངས་སུ་སྒྲུབ་པར་སྤྲོ་ཞིང་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ངང་ཚུལ་ཅན་ཏེ། ཡན་ལག་གི་དམ་པ་མགོ་ཡང་ཡོངས་སུ་གཏོང་ཞིང་སེམས་ཅན་གྱི་དོན་ཡང་བགྱིད་དོ། །བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཡོངས་སུ་མི་གཏོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བཟོད་པའི་ངང་ཚུལ་ཅན་ཏེ། བདུད་ཐམས་ཅད་ཀྱིས་མི་འཇིགས་སོ། །བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཡང་དག་པར་སྒྲུབ་པས་ཡོངས་སུ་མི་སྐྱོའོ། །བྱང་ཆུབ་སེམས་དཔའ་ནི་བསམ་གཏན་གྱི་ངང་ཚུལ་ཅན་ཏེ། སྒྲ་ཐམས་ཅད་དང་བྱ་བའི་བརྩམ་པ་ཐམས་ཅད་ཀྱིས་མི་འཁྲུགས་སོ། །བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ངང་ཚུལ་ཅན་ཏེ། ཆོས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་དང་མཚུངས་པར་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། འཁོར་བ་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོའི་ངང་ཚུལ་ཅན་ཏེ། ཡོངས་སུ་མྱ་ངན་ལས་མི་འདའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་


DKG065_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་ཟིན་ཁྱོད་ཀྱི་འདི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་བདག་དུལ་བ་དེ་སེམས་ཅན་གཞན་འདུལ་བའི་སླད་དུ་སེམས་ཅན་གྱི་ཁམས་ཇི་ཙམ་པ་དང་། ཆོས་ཀྱི་དབྱིངས་ཇི་ཙམ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཁམས་སུ་གདགས་པས་བཏགས་པ་ཇི་ཙམ་པ་དེ་སྲིད་ཀྱི་དུས་སུ་སེམས་ཅན་འདུལ་ཡང་ཡོངས་སུ་མི་སྐྱོའོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་ཤིན་ཏུ་དུལ་བ་ཡིན་ན། དེ་དག་སེམས་ཅན་རྣམས་ཀྱི་ཁོང་དུ་མི་ཆུད་དོ་སྙམ་མོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་དུལ་བ་སྟེ། དེ་ལ་ལྟ་བར་གྱུར་པ་ཐམས་ཅད་དང་། བརྩོན་པ་ཐམས་ཅད་མི་སྤྱོད་དོ། །ཆོས་ཐམས་ཅད་ནི་མཚན་མ་མ་མཆིས་པས་དུལ་བ་སྟེ། དེ་ལ་རྣམ་པར་རྟོག་པ་དང་དཔྱོད་པ་མི་སྤྱོད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མ་མཆིས་པས་དུལ་བ་སྟེ། དེ་ལ་ཡིད་ཀྱིས་སྨོན་པ་དང་། སྨོན་ལམ་ཐམས་ཅད་མི་སྤྱོད་དོ། །ཆོས་ཐམས་ཅད་ནི་བདག་མ་མཆིས་པས་དུལ་བ་སྟེ། དེ་ལ་ཆགས་པ་ཐམས་ཅད་མི་སྤྱོད་དོ། །ཆོས་ཐམས་ཅད་ནི་སེམས་ཅན་མ་མཆིས་པས་དུལ་བ་སྟེ། དེ་ལ་སེམས་ཅན་ཐ་དད་པ་མི་སྤྱོད་དོ། །ཆོས་ཐམས་ཅད་ནི་སྲོག་མ་མཆིས་པས་དུལ་བ་སྟེ། དེ་ལ་འཆི་འཕོ་དང་། སྐྱེ་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་བདེན་པས་དུལ་བ་སྟེ། དེ་ལ་སླུ་བ་ཐམས་ཅད་མི་འཇུག་གོ །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་དུལ་བ་སྟེ། དེ་ལ་བདག་པོ་མི་འཇུག་གོ །ཆོས་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པས་དུལ་བ་སྟེ། དེ་ལ་དྲན་པ་དང་ཡིད་ལ་བགྱིད་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་ཡང་དག་པའི་སྤོང་བས་དུལ་བ་སྟེ། དེ་ལ་བླང་བ་དང་དོར་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་རྫུ་འཕྲུལ་གྱི་རྐང་པས་དུལ་བ་སྟེ། དེ་ལ་འོང་བ་དང་འགྲོ་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་དབང་པོས་དུལ་བ་སྟེ། དེ་ལ་དམན་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་སྟོབས་ཀྱིས་དུལ་བ་སྟེ། དེ་ལ་འཇོམས་པ་


DKG065_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་གོ །ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཡན་ལག་གིས་དུལ་བ་སྟེ། དེ་ལ་མི་ཤེས་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་ལམ་གྱིས་དུལ་བ་སྟེ། དེ་ལ་བྱ་བ་ངན་པ་དང་། སེམས་པ་ངན་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་སྟོབས་བཅུས་དུལ་བ་སྟེ། དེ་ལ་བག་ཆགས་ཐམས་ཅད་མི་འཇུག་གོ །ཆོས་ཐམས་ཅད་ནི་མི་འཇིགས་པས་དུལ་བ་སྟེ། དེ་ལ་འཇིགས་པ་དང་སྐྲག་པ་ཐམས་ཅད་མ་མཆིས་སོ། །ཆོས་ཐམས་ཅད་ནི་མ་འདྲེས་པས་དུལ་བ་སྟེ། དེ་ལ་རྩོལ་བ་ཐམས་ཅད་མི་འཇུག་གོ །ཆོས་ཐམས་ཅད་ནི་ཡེ་ཤེས་ཀྱིས་དུལ་བ་སྟེ། དེ་ལ་མ་རིག་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་བྱེད་པ་པོ་མ་མཆིས་པས་དུལ་བ་སྟེ། དེ་ལ་འདུ་བྱེད་མི་འཇུག་གོ །ཆོས་ཐམས་ཅད་ནི་དམིགས་པ་མ་མཆིས་པས་དེ་ལ་རྣམ་པར་ཤེས་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་སེམས་པ་མ་མཆིས་པས་དེ་ལ་མིང་དང་གཟུགས་མི་འཇུག་གོ །ཆོས་ཐམས་ཅད་གནས་མ་མཆིས་པས་དེ་ལ་སྐྱེ་མཆེད་དྲུག་མི་འཇུག་གོ །ཆོས་ཐམས་ཅད་ནི་མི་གཉིས་པས་དེ་ལ་རེག་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་རྣམ་པར་རེག་པ་མ་མཆིས་པས་དེ་ལ་ཚོར་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་ངའི་མ་མཆིས་པས་དེ་ལ་སྲེད་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་མཐུ་རྩལ་མ་མཆིས་པས་དེ་ལ་ལེན་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་ལུས་མ་མཆིས་པས་དེ་ལ་སྲིད་པ་མི་འཇུག་གོ །ཆོས་ཐམས་ཅད་ནི་འཆི་འཕོ་མ་མཆིས་པས་དེ་ལ་སྐྱེ་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་སྙིང་པོ་ཅན་ལགས་པས་དེ་ལ་རྒ་བ་མི་འཇུག་གོ །ཆོས་ཐམས་ཅད་ནི་མི་ཟད་པས་དེ་ལ་འཆི་བ་མི་འཇུག་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་མ་མཆིས་པའི་ལམ་ལགས་སོ། །ལམ་འདི་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཐམས་ཅད་ཀྱིས་མི་འཕྲོགས་པ་ལགས་སོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུལ་བ་ལགས་སོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བ་ལགས་སོ། །སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་ལགས་སོ། །ལྷ་ཐམས་ཅད་


DKG065_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱག་བགྱི་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཆོས་ཀྱི་གཏེར་ཆེན་པོ་རྙེད་པ་ཞེས་བགྱིའོ། །མི་དབུལ་བ་ཞེས་བགྱིའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་བརྟན་པ་ཞེས་བགྱིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་འཛིན་པ་ཞེས་བགྱིའོ། །བྱ་བ་བྱས་པ་དང་། བྱེད་པ་བྱས་པ་དང་། བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བགྱིའོ། །རྒྱ་མཚོ་ལྟར་གཏིང་ཚོད་ཡས་པ་དང་། རི་རབ་ལྟར་མི་གཡོ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར་ཁྱོད་ཀྱི་འདི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ཏེ། ཆོས་ཡང་དག་པར་བརྗོད་པ་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་གཙོ་བོ་ལགས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་མཉེས་པར་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བླ་མར་གྱུར་པའོ། །བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་པ་རྣམས་ལུང་ནོད་པ་དང་། ཁ་ཏོན་བགྱིད་པ་དང་། དོན་དང་ཚིག་སེམས་པ་ནི་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་སྒྲུབ་པ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་གང་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་


DKG065_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་། ངག་གི་ལས་གང་ཅི་ཡང་རུང་། ཡིད་ཀྱི་ལས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་གོ །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོའོ། །སྙིང་རྗེ་ཆེན་པོ་ཆེན་པོའི་དབང་དུ་གྱུར་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་གནས་ཀྱི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ལས་བྱུང་ངོ་། །དེ་ལ་ཕན་པའི་བསམ་པ་འདི་ལྟ་བུས་འདུ་ཤེས་འདི་ལྟར་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་། བདེ་བ་སྒྲུབ་པའི་སྒྲུབ་པ་དེ་བདག་གིས་བསྒྲུབ་པོ་སྙམ་མོ། །དེ་ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་ཕུང་པོ་ཡོངས་སུ་དོར་བར་ཡང་མི་འཚལ་ལོ། །ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་། ཁམས་ཡོངས་སུ་དོར་བར་ཡང་མི་འཚལ་ལོ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་སྐྱེ་མཆེད་ཡོངས་སུ་དོར་བར་ཡང་མི་འཚལ་ལོ། །དེ་བཞིན་དུ་གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་རྣམ་པར་སྒྲུབ་པ་ཡང་མི་འདོར་རོ། །ཚོར་བ་ལ་ཆུའི་ཆུ་བུར་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་དེ་བཞིན་གཤེགས་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་སྒྲུབ་པའི་སྦྱོར་བ་ལ་མི་རྩོམ་པ་ཡང་མ་ལགས་སོ། །འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲུབ་པ་མི་སྒྲུབ་པ་ཡང་མ་ལགས་སོ། །འདུ་བྱེད་རྣམས་ལ་ཆུ་ཤིང་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་། སངས་རྒྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་མི་སྒྲུབ་པ་ཡང་མ་ལགས་སོ། །རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་སྒྲུབ་པ་མི་སྒྲུབ་པ་ཡང་མ་ལགས་སོ། །སྦྱིན་པས་རྣམ་པར་སྨིན་པ་ལ་མི་རེ་བ་སྒྲུབ་པོ། །ཚུལ་ཁྲིམས་ཀྱིས་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྐྱོབ་པ་སྒྲུབ་པོ། །བཟོད་པས་དུལ་བ་དང་ཞི་བ་སྒྲུབ་པོ། །བརྩོན་འགྲུས་ཀྱིས་དགེ་བའི་ཆོས་སྒྲུབ་པ་ཐམས་ཅད་སྒྲུབ་བོ། །བསམ་གཏན་


DKG065_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ལུས་དང་སེམས་ཡོངས་སུ་ལས་སུ་རུང་བ་སྒྲུབ་པོ། །ཤེས་རབ་ཀྱིས་ཆོས་ཐམས་ཅད་སྣང་བ་སྒྲུབ་པོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རྣམ་པར་གཞག་པ་སྒྲུབ་པོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ལུས་དང་སེམས་དྲི་མ་མེད་པ་སྒྲུབ་པོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཆགས་པ་མེད་པའི་ཡེ་ཤེས་སྒྲུབ་པོ། །དབང་པོ་རྣམས་ཀྱིས་ཐེག་པའི་མཆོག་སྒྲུབ་པོ། །སྟོབས་རྣམས་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྒྲུབ་པོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཐེ་ཙོམ་མེད་པ་སྒྲུབ་པོ། །ལམ་གྱིས་ཁ་ན་མ་ཐོ་བ་མེད་པ་སྒྲུབ་པོ། །ཚངས་པའི་གནས་པ་རྣམས་ཀྱིས་དྲང་པོ་སྒྲུབ་པོ། །བཅོམ་ལྡན་འདས་གཞན་ཡང་གང་སྟོང་པ་ཉིད་སྒོམ་པ་དེ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །དེ་ལ་སྟོང་པ་ཉིད་ནི་སྤྲོས་པ་མ་མཆིས་པའོ། །བཅོམ་ལྡན་འདས་སྤྲོས་པ་ལ་དགའ་བ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་དགའ་བ་མ་ལགས་སོ། །སྟོང་པ་ཉིད་ནི་མཚན་མ་མ་མཆིས་པའོ། །བཅོམ་ལྡན་འདས་མཚན་མ་མ་མཆིས་པ་ལ་སྤྱོད་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་ཏེ། མཚན་མ་ལ་སྤྱོད་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །སྟོང་པ་ཉིད་ནི་སྨོན་ལམ་ཡང་དག་པར་ཆད་པའོ། །བཅོམ་ལྡན་འདས་སྨོན་པ་མ་མཆིས་པ་ལ་སྤྱོད་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་ཏེ། སྨོན་ལམ་ལ་གནས་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །བཅོམ་ལྡན་འདས་དམིགས་པ་ཅན་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །མངོན་པའི་ང་རྒྱལ་ཅན་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གནས་པ་ལ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །ཕྲག་དོག་དང་། སེར་སྣ་ལ་གནས་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་སོ། །འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་མེད་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ལགས་


DKG065_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་ལ་ཐ་དད་པའི་འདུ་ཤེས་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་གང་དག་ཆོས་རྣམས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པར་མཐོང་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་འོང་བ་མ་མཆིས་པ་དང་། འགྲོ་བ་མ་མཆིས་པར་མཐོང་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་གང་དག་བདག་ཀུན་ནས་ཉོན་མོངས་པ་ཡང་མ་ལགས། རྣམ་པར་བྱང་བ་ཡང་མ་ལགས་པར་མཐོང་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་རྗེས་སུ་ཆགས་པ་ཡང་མ་མཆིས། མུ་སྟེགས་ཅན་གྱི་ཆོས་རྣམས་ལ་ཁོང་ཁྲོ་བ་ཡང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཛིན་ཀྱང་ཆོས་སུ་འདུ་ཤེས་པ་ཡང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་དང་ལྷན་ཅིག་མི་གནས་ཀྱང་ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་སེམས་རྣམ་པར་གྲོལ་ཡང་བདག་གི་སེམས་ཅན་རྣམ་པར་གྲོལ་བའོ་སྙམ་དུ་རློམ་སེམས་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བགྱིད་ཀྱང་ལུས་དང་། ངག་དང་། སེམས་ཀྱི་བརྟུལ་བ་ཡང་མ་ལགས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཆོས་ཐམས་ཅད་ལ་དབང་སྒྱུར་ཡང་ཆོས་དང་ཆོས་མ་ལགས་པའི་འདུ་ཤེས་ལ་མི་སྤྱོད་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཆོས་ཐམས་ཅད་གཟུང་བའི་སླད་དུའམ། སྤང་བའི་སླད་དུ་ཡང་མ་ཞུགས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཐོབ་པར་བགྱི་བའི་སླད་དུའམ། མངོན་སུམ་དུ་བགྱི་བའི་སླད་དུ་ཡང་མ་ཞུགས་པ་དེ་དག་དམ་པའི་ཆོས་


DKG065_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཡོངས་སུ་འཛིན་པ་ཐམས་ཅད་ལ་སེམས་མི་འཛིན་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་སོ་སོའི་སྐྱེ་བོ་ཡང་མ་ལགས། སློབ་པ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས། གང་ལ་ཡང་གནས་པ་མ་ལགས་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་ཟད་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་བྱང་ཆུབ་ཏུ་ལུང་བསྟན་ཀྱང་སངས་རྒྱས་ཉིད་དུ་ཡང་མི་སྨོན་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་བྱང་ཆུབ་ཀྱི་སྙིང་པོར་མཆི་ཡང་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་སྙིང་པོར་འདུ་ཤེས་པ་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་བདུད་ལས་རྣམ་པར་རྒྱལ་བར་བགྱིད་ཀྱང་བདུད་དང་བདུད་ཀྱི་རིས་རྣམས་ཀྱང་མི་དམིགས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་སྔ་ན་མ་མཆིས་པའི་ཆོས་ཀྱང་མི་འཐོབ་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཡང་སེམས་ཅན་དང་ཆོས་གང་ཡང་འཇུག་པ་མ་མཆིས་ལྡོག་པ་ཡང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་མུ་སྟེགས་བྱེད་པ་ཐམས་ཅད་ཚར་གཅོད་ཀྱང་རྩོད་པ་ཡང་དེ་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་སྐྱེ་བ་ཡང་གསར་པ་ཡང་མ་ལགས། རྙིང་པ་ཡང་མ་ལགས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་འཆི་བ་ཡང་མ་མཆིས། ཟད་པ་ཡང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་ཁམས་གསུམ་པ་ལས་ཡང་དག་པར་འདའ་ཡང་གང་དུ་ཡང་མི་འཆི་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །གང་དག་བརྗོད་པ་ཐམས་ཅད་རྗོད་ཀྱང་མངོན་པར་རྗོད་པ་ཡང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་ལ་ཡང་མི་ཆགས་ལ་གང་དག་


DKG065_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སླར་མི་ཕྱོགས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་པ་སྙམ་བགྱིད་ན། བཅོམ་ལྡན་འདས་བདག་ཆོས་ཡང་དག་པར་བརྗོད་པ་དང་འཐུན་པར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་འདི་ནི་ཆོས་ཡང་དག་པར་བརྗོད་པ་དང་འཐུན་ནོ། །ཀུན་དགའ་བོས་ཆོས་ཡང་དག་པར་བརྗོད་པ་འདི་བརྗོད་ན་ལྷའི་བུ་བརྒྱད་ཁྲི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཕུབ་མ་བོར་ནས་འབྲས་ལེན་པ་དེ་བཞིན་དུ་ཆོས་མ་ལགས་པ་བོར་ནས་ཆོས་འཛིན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེར་སྣ་བོར་ནས་སྦྱིན་པ་དང་། འཆལ་པའི་ཚུལ་ཁྲིམས་བོར་ནས་ཚུལ་ཁྲིམས་དང་། གནོད་སེམས་བོར་ནས་བཟོད་པ་དང་། ལེ་ལོ་བོར་ནས་བརྩོན་འགྲུས་དང་། རྣམ་པར་གཡེང་བ་བོར་ནས་བསམ་གཏན་དང་། འཆལ་པའི་ཤེས་རབ་བོར་ནས་ཤེས་རབ་འཛིན་པ་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཡིད་ཀྱིས་སྨོན་པ་ནི་ཆོས་མ་ལགས་སོ། །གང་མི་སྨོན་པ་དེ་ནི་མི་འཛིན་ཏོ། །གང་མི་འཛིན་པ་དེ་མི་སྲུང་ངོ་། །གང་མི་སྲུང་བ་དེ་ཀུན་ནས་ཉོན་མི་མོངས་སོ། །གང་ཀུན་ནས་ཉོན་མི་མོངས་པ་དེ་མི་རྩོད་དོ། །གང་མི་རྩོད་པ་དེ་མི་བཟོད་དོ། །གང་མི་བཟོད་པ་དེ་རྨ་མི་ཕྱིན་ཏོ། །གང་རྨ་མི་ཕྱིན་པ་དེ་མི་འཇུག་མི་ལྡོག་སྟེ། དེ་ནི་ཕྱིར་མི་ལྡོག་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་འདི་ནི་བཅོམ་ལྡན་འདས་ཆོས་ལགས་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་


DKG065_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་ནི་ཕྱིར་མི་ལྡོག་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི་དེ་བཞིན་གཤེགས་པས་ལུང་མི་སྟོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདོད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་འདོད་པ་དང་བྲལ་ན་ཉོན་མོངས་པ་དང་བྲལ་ཏེ། ཉོན་མོངས་པ་དང་བྲལ་བ་ལ་ལུང་སྟོན་ཏོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་འཇིག་རྟེན་དང་མི་འཐུན་པ་སྨྲ་བ་ནི་ལུང་བསྟན་པའོ་སྙམ་དུ་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ལུང་བསྟན་པ་དེ་ནི་འདི་ལ་མ་མཆིས་ཏེ། གང་ལུང་སྟོན་པ་དེ་ཡང་དེ་བཞིན་དུ་མ་མཆིས་སོ། །གལ་ཏེ་གང་ལུང་བསྟན་པ་དེ་ཡང་མ་མཆིས། གང་ལུང་སྟོན་པ་དེ་ཡང་དེ་བཞིན་དུ་མ་མཆིས་ན་འདི་ལ་ལུང་བསྟན་པར་ག་ལ་འགྱུར། གཞན་དུ་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་དང་འཐུན་པར་འཇུག་པ་ནི་འདི་སྐད་དུ། སངས་རྒྱས་སུ་འགྱུར་ཞེས་གསུང་ངོ་སྙམ་དུ་བྱང་ཆུབ་སེམས་དཔའ་གང་དེ་ལྟར་ཤེས་པ་དེ་ལ་ལུང་སྟོན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་སྤྲུལ་པས་སྒྱུ་མ་སྤྲུལ་པ་ལ་ལུང་བསྟན་ཀྱང་སྒྱུ་མ་སྤྲུལ་པ་དེ་འདི་ལྟར་བདག་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ་སྙམ་དུ་མི་སེམས་པ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྒྱུ་མ་སྤྲུལ་པ་ཡང་འགྱུར་བ་མ་མཆིས་པ་ལགས་སོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་ནི་ཐོབ་པའི་མཚན་ཉིད་ཀྱང་མ་ལགས། དོར་བའི་མཚན་ཉིད་ཀྱང་མ་ལགས། བྱང་ཆུབ་ནི་སྐྱེ་བའི་མཚན་ཉིད་ཀྱང་མ་ལགས། འགོག་པའི་མཚན་ཉིད་ཀྱང་མ་ལགས། བྱང་ཆུབ་ནི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། སེམས་ཀྱིས་ཀྱང་མ་ལགས། བྱང་ཆུབ་ནི་ནང་ནས་ཀྱང་མ་ལགས། སླད་རོལ་ནས་ཀྱང་མ་ལགས། གཉི་ག་མ་མཆིས་པའི་བར་ནས་ཀྱང་མི་དམིགས་ཏེ། བྱང་ཆུབ་ནི་འདི་སྙམ་དུ་བདག་


DKG065_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བོ། །བདག་ལ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱའོ་སྙམ་དུ་མི་སེམས་སོ་སྙམ་པ་འདི་ནི་བཅོམ་ལྡན་འདས་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་ནི་དགའ་བ་ཡང་མ་ལགས། མི་དགའ་བ་ཡང་མ་ལགས་སོ། །དྲི་མ་མེད་པའི་ས་ལ་ནི་མི་འཕེལ་མི་འབྲིའོ། །འོད་བྱེད་པའི་ས་ལ་ནི་མི་རྨོངས་མི་ལྟའོ། །འོད་འཕྲོ་ཅན་གྱི་ས་ལ་ནི་མི་སྤོང་མི་འཐོབ་པོ། །ཤིན་ཏུ་སྦྱང་དཀའ་བའི་ས་ལ་ནི་མི་སྐྱེ་མི་དགའོ། །མངོན་དུ་གྱུར་གྱི་ས་ལ་ནི་ཆགས་པར་ཡང་མི་འགྱུར། མི་ཆགས་པར་ཡང་མི་འགྱུར་རོ། །རིང་དུ་སོང་བའི་ས་ལ་ནི་མི་འགྲོ་མི་ལྡོག་གོ །མི་གཡོ་བའི་ས་ལ་ནི་མི་འགུལ་མི་སྐྱོད་དོ། །ལེགས་པའི་བློ་གྲོས་ཀྱི་ས་ལ་ནི་མི་འགྲུབ་མི་སྒྲུབ་བོ། །ཆོས་ཀྱི་སྤྲིན་གྱི་ས་ལ་ནི་མི་རྟོགས་རྟོགས་པར་མི་བགྱིད་དོ། །སངས་རྒྱས་ཀྱི་ས་ལ་ནི་ཐམས་ཅད་མཛད་ཀྱང་རྩོམ་པ་ཐམས་ཅད་མི་མངའ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལྷུན་གྱིས་གྲུབ་པ་སྤྲོས་པ་ཐམས་ཅད་མི་མངའ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྟོན་པ་ལ་དབང་འཐོབ་སྟེ། སྟོན་པ་ལ་དབང་བ་དེས་བརྗོད་པ་ཐམས་ཅད་ལ་མི་ཆགས་སོ། །རྣམ་པར་དག་པ་ལ་དབང་འཐོབ་སྟེ། དེས་ཐམས་ཅད་དུ་ཀུན་ནས་ཉོན་མི་མོངས་སོ། །སྤོབས་པ་ལ་དབང་འཐོབ་སྟེ། དེས་རྒྱུན་དུ་ཆོས་ཀྱི་ཚུལ་རེ་རེ་བརྩམས་ནས་བསྐལ་པ་བརྒྱ་སྟོང་དུ་སྟོན་ཀྱང་ཡོངས་སུ་མི་བས་སོ། །ཡེ་ཤེས་ལ་དབང་འཐོབ་སྟེ། དེས་ཆོས་ཀྱི་ཚིག་རེ་རེ་ལས་རྣམ་པ་བརྒྱ་སྟོང་དུ་སྟོན་ཏོ། །སྐྱེ་བ་ལ་དབང་འཐོབ་སྟེ། དེས་གང་དང་གང་དུ་སེམས་ཅན་གྱི་དོན་དུ་འགྱུར་བ་དེ་དང་དེར་སྐྱེའོ། །ཏིང་ངེ་འཛིན་ལ་དབང་འཐོབ་སྟེ། དེས་སེམས་ཀྱི་སྐད་ཅིག་གི་སེམས་ཀྱི་སྐད་ཅིག་ལ་ཇི་ལྟ་ཇི་ལྟ་བུར་འཚལ་བ་དེ་ལྟ་དེ་ལྟ་བུར་སྙོམས་པར་འཇུག་གོ །བྱིན་གྱིས་རླབས་ལ་དབང་འཐོབ་སྟེ། དེས་རི་དགས་དང་། བྱ་དང་རྩྭ་དང་ཤིང་དང་རྩིག་པ་ཡང་རུང་སྟེ། ཇི་ལྟར་བྱིན་གྱིས་བརླབས་པ་


DKG065_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་སྟོན་ཏོ། །གཡོག་ལ་དབང་འཐོབ་སྟེ། དེས་གཡོག་མང་པོ་དང་། གཡོག་མི་ཕྱེད་པར་འགྱུར་རོ། །ལྟ་བ་ལ་དབང་འཐོབ་སྟེ། དེས་ཡིད་དུ་མི་མཆི་བ་མི་མཐོང་ངོ་། །ཉན་པ་ལ་དབང་འཐོབ་སྟེ། དེས་རྣར་མི་མཆི་བ་མི་ཐོས་སོ། །མནོམ་པ་ལ་དབང་འཐོབ་སྟེ། དེས་དྲི་ཐམས་ཅད་ཆོས་ཀྱི་དྲི་ཉིད་དུ་མནོམ་མོ། །ལྕེ་ལ་དབང་འཐོབ་སྟེ། དེས་ཆོས་ཀྱི་ཟས་སུ་འགྱུར་གྱི། ཟང་ཟིང་གི་ཟས་སུ་ནི་མ་ལགས་སོ། །ལུས་ལ་དབང་འཐོབ་སྟེ། དེས་ཆོས་ཀྱི་སྐུར་འགྱུར་གྱི། ཟང་ཟིང་གི་ལུས་སུ་མ་ལགས་སོ། །སེམས་ལ་དབང་འཐོབ་སྟེ། དེས་སེམས་ཅན་ཐམས་ཅད་ལ་ཐ་ན་སྦྲང་བུ་དང་། གྲོག་མ་རྣམས་ཀྱི་སེམས་དང་སྤྱོད་པ་ཡང་རབ་ཏུ་འཚལ་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ཞེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཐོང་དགས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་སེམས་ཅན་རྣམས་ཀྱིས་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བགྱི་བ་གཞན་མ་མཆིས་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བར་བས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་དགའ་བར་བགྱི་བའི་ཆོས་རྣམས་ལ་འཇུག་པར་བགྱིའོ། །བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྙན་པར་སྨྲ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མ་ལགས་པ་སེལ་ཅིང་དོན་སྒྲུབ་པའི་དོན་སྤྱོད་པ་དང་། སེམས་ཅན་ཐམས་ཅད་ལ་དགའ་བའི་བདག་ཉིད་ཀྱི་དོན་འཐུན་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །


DKG065_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ང་རྒྱལ་མ་མཆིས་པའི་མང་དུ་ཐོས་པ་དང་། ཟང་ཟིང་མ་མཆིས་པའི་སེམས་ཀྱིས་ཆོས་སྟོན་པ་དང་། ཡེ་ཤེས་ཚོལ་བས་བླ་མ་ལ་གུས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པ་དོན་དུ་གཉེར་བས་བརྩོན་འགྲུས་བརྩམས་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཆོས་སྦྱིན་པ་དང་། འདོད་པ་ཉུང་བས་དབེན་པ་ལ་གནས་པ་དང་། དབེན་པར་གནས་པས་བསམ་གཏན་ཐོབ་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པས་སྤྱོད་ལམ་མི་འཁྲུགས་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། བདེན་པར་སྨྲ་བས་སྤོབས་པ་དང་། ཆོས་སྨྲ་བས་སྟོང་པ་ཉིད་བརྗོད་པ་དང་། བཟོད་པ་སྨྲ་བས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། འདུལ་བ་སྨྲ་བས་དབང་པོ་སྡོམ་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ལེགས་དགུ་མཆིས་པས་གསོང་པོར་སྨྲ་བ་དང་། ངན་ངོན་ཙམ་གྱིས་ཆོག་པར་འཛིན་པས་མགུ་སླ་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པས་གཡོ་མ་མཆིས་པ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བས་སྒྱུ་མ་མཆིས་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ནང་ཞི་བས་གནོད་པར་མི་སེམས་པ་དང་། ཕྱི་རོལ་ཏུ་ཕྱིན་ཅི་མ་ལོག་པས་མ་རྨོངས་པ་དང་། དངོས་པོ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་པས་མི་བརྐམ་པ་དང་། ཡང་དག་པ་ཇི་


DKG065_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་ལྡན་པས་མ་ཁེངས་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཟབ་པ་ཡང་ལགས་ལ་གསོང་པོར་ཡང་སྨྲ་བ་དང་། སྲེད་པ་ཡང་མ་མཆིས་ལ་མཉེན་ཞིང་སྙན་པར་ཡང་སྨྲ་བ་དང་། ལྟ་བ་ཡང་མ་མཆིས་ལ་བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་བ་དང་། དོན་དམ་པ་སྤྱོད་ཡུལ་བ་ཡང་ལགས་ལ་ཀུན་རྫོབ་ཀྱི་བསླབ་པའི་རྗེས་སུ་ཡང་འཇུག་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བགྱི་བའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་དམ་པའི་སྟོང་པ་ཉིད་ཀྱིས་ངེས་པར་བྱུང་བ། མངོན་པར་ཤེས་པ་ཆེན་པོ་དང་རིག་པས་ངེས་པར་བྱུང་བ། དབང་ཆེན་པོ་ཐོབ་པ། ཆོས་ཡང་དག་པར་རྗོད་པ་ལ་མཁས་པ། ཆོས་ཟབ་མོ་ལ་དགའ་བ། སེམས་ཅན་ཐམས་ཅད་དང་འཐུན་པར་འཇུག་པ། བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་ཆོས་དང་ལྡན་པ། ཅང་ཤེས་ཀྱི་ཆོས་ཐོབ་པ། མངོན་པར་ཤེས་པ་ཆེན་པོ། ཆོས་སྨྲ་བ་ཆེན་པོ། ཆོས་ཀྱི་རྒྱལ་པོ་ཆེན་པོ། བགྱི་བ་ཆེན་པོ་བགྱིད་པ། སྐྱེ་བོ་ཆེན་པོ་རྟེན་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་འཆི་འཕོ་མ་མཆིས་ཀྱང་སྐྱེ་ལ། སྐྱེ་བ་མ་མཆིས་ཀྱང་འཆི་བ། བགྱི་བ་བགྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ། སེམས་གྲོལ་ཡང་བརྩོན་འགྲུས་རྩོམ་པ། ཡོངས་སུ་མྱ་ངན་ལས་འདས་ཀྱང་སྤྱོད་པ་ངོམས་ཀྱང་ཚོལ་བ། དོན་དུ་གཉེར་བ་མ་མཆིས་ཀྱང་སྦྱོར་བ་ཐམས་ཅད་ཤེས་ཀྱང་གཞན་ལ་འདྲི་བ་ལགས་སོ། །བཅོམ་ལྡན་འདས་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་རྟོགས་པར་རྔོ་ཐོགས་ཀྱི། སེམས་ཅན་ཆེན་པོ་དེ་དག་གི་ཐེག་པ་ཆེན་པོའི་ཡེ་ཤེས་ཀྱི་རྒྱ་མཚོའི་གཏིང་ནི་རྟོགས་པར་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ནམ་མཁའ་ནི་གཞལ་བར་རྔོ་ཐོགས་


DKG065_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། སེམས་ཅན་ཆེན་པོ་དེ་དག་གི་སེམས་ནི་གཞལ་བར་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་རླུང་ནི་གཟུང་བར་རྔོ་ཐོགས་ཀྱི། སེམས་ཅན་ཆེན་པོ་དེ་དག་གི་ཡུལ་ནི་སྤྱོད་པར་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་སྨིག་རྒྱུ་ལ་ནི་ཆུ་རྙེད་པར་རྔོ་ཐོགས་ཀྱི། སེམས་ཅན་ཆེན་པོ་དེ་དག་ལས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ནི་རྙེད་པར་རྔོ་མི་ཐོགས་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མིག་བཟངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡོངས་སུ་རྟོག་པའི་སྙིང་པོ་ཙམ་དུ་བས་ཏེ། སེམས་ཙམ་མོ་རྫས་མ་ལགས་པའོ། །རྫས་མ་མཆིས་པའོ། །སྒྱུ་མ་ལྟར་རྩ་བ་མ་མཆིས་པའོ། །འདོད་པས་རྣམ་པར་བསྒྲུབས་པའོ། །བྱེད་པ་པོ་དང་ཚོར་བ་པོ་དང་བྲལ་བའོ། །མི་གནས་པའོ། །གནས་པ་དང་བྲལ་བའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐོག་མ་དང་ལྡན་པ་མ་ལགས་པའོ། །གཉིས་སུ་མ་མཆིས་པའོ། །གཉིས་དང་བྲལ་བའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ངའི་བ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པའོ། །ཆོས་ཐམས་ཅད་ནི་བདག་པོ་མ་མཆིས་པ། ཆོས་ཀྱི་དབྱིངས་དང་མཉམ་པའོ། །ཆོས་ཐམས་ཅད་ནི་གློ་བུར་དུ་བྱུང་བ། མི་གནས་པ། འདོད་ཆགས་དང་བྲལ་བའོ། །ཆོས་ཐམས་ཅད་ནི་ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བ། རྟོག་པ་སེལ་བ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་ཤེས་པར་བགྱི་བ་ཙམ་དང་། ཤེས་པ་པོ་སྟོང་པའི་ཕྱིར་བླང་དུ་མ་མཆིས། བཀུར་དུ་མ་མཆིས་ཏེ། ཡོངས་སུ་འཚལ་བར་བགྱི་བ་ཙམ་དུ་བས་ན། འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་བདག་མ་མཆིས་པ་རྣམས་ལ་བདག་ཏུ་འདུ་ཤེས། སེམས་ཅན་མ་མཆིས་པ་རྣམས་ལ་སེམས་ཅན་དུ་འདུ་ཤེས་པ་འདི་དག་ཆོས་ཉིད་འདི་ལྟ་བུ་འདི་ཁོང་དུ་ཆུད་པར་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་གང་སེམས་སྐྱེ་བ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་


DKG065_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་། བདེ་བའི་སེམས་དང་། བླ་ན་མེད་པའི་སེམས་དང་། ཆོས་ཀྱི་དབྱིངས་ལས་སྐྱེས་པའི་སེམས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ལ་བརྟེན་ནས་སྐྱེས་པ་འདི་ནི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཉེ་བར་ཞི་བའི་སེམས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཞི་བའི་སེམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྨ་མི་ཕྱིན་པའི་སེམས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕྱིར་མི་ལྡོག་པའི་སེམས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་མི་གཡེང་བའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་རྟོག་པའི་སེམས་དང་། བྱམས་པས་མཉན་པའི་སེམས་དང་། སྙིང་རྗེ་ཆེན་པོས་མི་ཟློག་པའི་སེམས་དང་། དགའ་བ་ཆེན་པོས་འགྱོད་པ་མ་མཆིས་པའི་སེམས་དང་། བཏང་སྙོམས་ཆེན་པོས་དྲི་མ་མ་མཆིས་པའི་སེམས་དང་། སྦྱིན་པས་འཇུངས་པ་མ་མཆིས་པའི་སེམས་དང་། སྙན་པར་སྨྲ་བས་ཐིབས་པོ་མ་མཆིས་པའི་སེམས་དང་། དོན་སྤྱོད་པས་མཉམ་པའི་སེམས་དང་། དོན་འཐུན་པས་ལྟག་ན་མ་མཆིས་པའི་སེམས་དང་། སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་དང་། མཚན་མ་མ་མཆིས་པས་སྒྲིབ་པ་མ་མཆིས་པའི་སེམས་དང་། སྨོན་པ་མ་མཆིས་པས་མི་གཡེང་བའི་སེམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ངེས་པར་འབྱུང་བའི་སེམས་དང་། སངས་རྒྱས་རྗེས་སུ་དྲན་པས་མི་ཕྱེད་པའི་སེམས་དང་། ཆོས་རྗེས་སུ་དྲན་པས་ཆོས་ཀྱི་དབྱིངས་ཀྱི་སེམས་དང་། དགེ་འདུན་རྗེས་སུ་དྲན་པས་སྨོན་པ་མ་མཆིས་པའི་སེམས་དང་། ཚུལ་ཁྲིམས་རྗེས་སུ་དྲན་པས་མཆོག་ཏུ་འཛིན་པ་མ་མཆིས་པའི་སེམས་དང་། གཏོང་བ་རྗེས་སུ་དྲན་པས་ཆགས་པ་མ་མཆིས་པའི་སེམས་དང་། ལྷ་རྗེས་སུ་དྲན་པས་དགེ་བའི་ཚོགས་ཐམས་ཅད་ཡང་དག་པར་འགྲུབ་པའི་སེམས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་ཀྱི་སེམས་ལས་བརྩམས་ཏེ། བསྐལ་པའམ་བསྐལ་པ་ལས་ལྷག་


DKG065_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ཀྱང་མཐའ་རྟོགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཚད་མ་མཆིས་པའི་རྒྱུ་ལས་བྱུང་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལས་དགེ་བའི་ཆོས་ཐམས་ཅད་གཟུང་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལེགས་པར་སྐྱེས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་དག་པས་མ་སྐྱེས་པའོ། །བཅོམ་ལྡན་འདས་དེ་ལ་ཆོས་རྣམས་ཀྱི་རྩ་བ་ཅི་ལགས་ཞེ་ན། མངོན་པར་མ་ཞེན་པ་ནི་ཆོས་རྣམས་ཀྱི་རྩ་བའོ། །བཅོམ་ལྡན་འདས་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་ལྟ་བར་གྱུར་པ་ཐམས་ཅད་མ་མཆིས་སོ། །མཚན་མ་མ་མཆིས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་རྣམ་པར་རྟོག་པ་ཐམས་ཅད་མ་མཆིས་སོ། །སྨོན་པ་མ་མཆིས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་ཁམས་གསུམ་པ་རྣམས་ཀྱི་ཉོན་མོངས་པ་རྣམས་མ་མཆིས་སོ། །མངོན་པར་འདུ་མི་བགྱིད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་བྱེད་པ་པོ་མ་མཆིས་སོ། །བདག་མ་མཆིས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་བདག་ཏུ་ལྟ་བ་མི་འབྱུང་ངོ་། །སེམས་ཅན་མ་མཆིས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་སེམས་ཅན་དུ་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །སྲོག་མ་མཆིས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ལ་སྲོག་ཏུ་ལྟ་བ་ཀུན་དུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ལ་ཐེར་ཟུག་ཏུ་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་མ་འགགས་པ་སྟེ། དེ་ལ་ཆད་པར་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པ་སྟེ། དེ་ལ་འབྱུང་བར་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། དེ་ལ་འཇིག་པར་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་བྱང་ཆུབ་པ་སྟེ། དེ་ལ་སངས་རྒྱས་སུ་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་མ་


DKG065_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་སྟེ། དེ་ལ་ཆོས་སུ་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །ཆོས་ཐམས་ཅད་ནི་འདུས་པ་མ་མཆིས་པ་སྟེ། དེ་ལ་དགེ་འདུན་དུ་ལྟ་བ་ཀུན་ཏུ་མི་འབྱུང་ངོ་། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འཚལ་གྱི་བདག་ཉིད་ནི་མ་ལགས་སོ། །གང་སེམས་ཅན་གྱི་སླད་དུ་ཐམས་ཅད་རྩོམ་ཡང་སེམས་ཅན་ཡང་མི་དམིགས་ལ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་མི་འདོར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་ཅན་ཡང་མི་དམིགས་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱ་བའི་གོ་ཆ་ཡང་མི་འདོར་ཞིང་། དགེ་བའི་རྩ་བ་དེ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱམས་པ་ཆེན་པོ་ཞེས་བགྱིའོ། །གང་སེམས་ཅན་གྱི་བགྱི་བ་རྒྱུན་མི་གཅོད་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་འཁོར་བ་ཉིད་མྱ་ངན་འདས་པར་ཡང་དག་པར་རྗེས་སུ་མཐོང་ལ་ཡང་དག་པར་སྒྲིབ་པའི་བརྩོན་འགྲུས་ཀྱང་མི་འདོར་བ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་སེམས་ཅན་མི་གཏོང་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བདག་བྱང་ཆུབ་ཏུ་གོ་བགོས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་སེམས་ཅན་གཞན་ཡང་གོ་ཆ་འཚལ་བར་བགྱིད་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བགྱིད་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡོངས་སུ་སྔོ་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་ཚུལ་ཁྲིམས་དང་བསླབ་པ་དང་། དམ་བཅས་པ་ཐམས་ཅད་མི་ཉམས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་བདག་གི་ཚུལ་ཁྲིམས་ཀྱིས་སེམས་ཅན་གཞན་གྱི་ཚུལ་ཁྲིམས་སྲུང་བར་བགྱིད་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བདག་ཉིད་བཟོད་པ་དང་ངེས་


DKG065_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུན་སུམ་ཚོགས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་བཟོད་པ་དང་དེས་པས་སེམས་ཅན་འདུལ་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བདག་ཉིད་བརྩོན་འགྲུས་ཤིན་ཏུ་བརྩམས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་བརྩོན་འགྲུས་དེས་སེམས་ཅན་གཞན་དག་ཀྱང་བརྩོན་འགྲུས་ལ་རབ་ཏུ་དགོད་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བདག་ཉིད་སེམས་ངེས་པར་རྟོག་པ་ལ་གནས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་ངེས་པར་རྟོག་པ་དེས་གཞན་ཡང་ངེས་པར་རྟོག་ཏུ་འཇུག་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བདག་ཤེས་རབ་ཡོངས་སུ་རྟོག་པར་བགྱི་བའི་སླད་དུ་རྩོལ་བ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་རང་གི་ཤེས་རབ་ཀྱིས་སེམས་ཅན་གཞན་རྣམས་ཀྱི་ཤེས་རབ་འཕེལ་བར་བགྱིད་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་བརྩོན་པ་ཡང་མ་ལགས། མི་བརྩོན་པ་ཡང་མ་ལགས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་བགྱིད་པ་ཡང་མ་ལགས། མི་བགྱིད་པ་ཡང་མ་ལགས་པ་དེ་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་སྐྱེ་ཡང་མི་འཕོ་བ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་འཕོ་བ་ཡང་མི་གཡོ་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་སྨྲ་ཡང་བརྗོད་པ་མ་མཆིས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་གྲོལ་ཡང་འཆིང་བ་ཡང་མི་འདོར་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་འཚང་རྒྱ་ཡང་ཁོང་དུ་ཆུད་པ་ཡང་མ་མཆིས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་ཡོངས་སུ་མྱ་ངན་ལས་ཀྱང་འདའ་ལ་ནུབ་པར་ཡང་མི་འགྱུར་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་ལུས་ཀྱི་རིང་བསྲེལ་ཕྱེ་མར་འགྱུར་ལ། རུས་པ་དང་། རྒྱུས་པ་དང་། ཁྲག་དང་། ལུས་ཀྱང་མ་མཆིས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་རིང་བསྲེལ་དེ་དག་བས་པར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་སྦྱིན་པ་ཡང་སྦྱིན་ལ་གཏོང་བ་ཡང་མཆིས་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་


DKG065_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཡང་འདེབས་ལ་འཇོག་པ་ཡང་མ་མཆིས་པ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་སོ། །གང་སྲུང་ཡང་སྒྲུབ་པར་ཡང་མི་བགྱིད་པ་འདི་ནི་དེའི་བྱམས་པ་ཆེན་པོ་ལགས་སོ། །གང་འཕེལ་བ་ཡང་འཕེལ་ལ་ལྷག་པར་ཡང་མི་འགྱུར་བ་འདི་ནི་དེའི་སྙིང་རྗེ་ཆེན་པོ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་འོད་རྟོག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ངེས་པར་རྟོག་པར་བགྱིའོ། །བཅོམ་ལྡན་འདས་ངེས་པར་རྟོག་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཆོས་གཞན་རྣམས་བདག་ཉིད་ཀྱིས་མངོན་སུམ་དུ་འགྱུར་རོ། །ངེས་པར་རྟོག་པ་གཙོ་བོར་བགྱིད་པའི་བྱང་ཆུབ་སེམས་དཔའ་ནི་བདེ་བར་མངོན་པར་རྫོགས་པར་འཚང་རྒྱ་བ་འཐོབ་སྟེ། དེ་ནི་གཟུངས་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། གང་གིས་ཇི་ལྟར་ཐོས་པའི་ཆོས་རྣམས་ཆུད་མི་གཟོན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཁོང་དུ་ཆུད་པ་དང་། གཞན་དག་ཀྱང་ཁོང་དུ་ཆུད་པར་བགྱིད་པ་འདི་ནི་གཟུངས་ཞེས་བགྱིའོ། །གང་གིས་མི་གཡོ་བ་དང་། མི་རྟོག་པ་དང་། གང་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཛིན་པ་དང་། དྲན་པར་ཡང་མི་བགྱིད། བསྐྱུད་པར་ཡང་མི་བགྱིད་པ་དང་། གང་གིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་འཚལ་ཏེ། འཚལ་ནས་ཀྱང་སེམས་ཅན་དེ་དག་ལ་དེ་བཞིན་དུ་འཇུག་པ་དང་། གང་གིས་སེམས་ཅན་ཐམས་ཅད་ཀྱིས་སྨྲས་པ་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་མ་ལགས་པའི་སྒྲ་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་པ་དང་། འཕགས་པས་སྨྲས་པ་རྣམས་ལ་བྱམས་པ་ཆེན་པོ་རྙེད་པ་དང་། གང་གིས་ཆོས་ཀྱི་ཚིག་གཅིག་བཟུང་ནས་བསྐལ་པར་བསྟན་ཀྱང་དེའི་སྤོབས་པ་མཐར་མི་ཕྱིན་ཅིང་བས་པར་མི་འགྱུར་བ་དང་། གང་གིས་བརྗོད་པ་དང་མི་བརྗོད་པ་ཐམས་ཅད་འཚལ་བ་དང་། གང་གིས་སྨྲས་པ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པར་འཚལ་བ་དང་། གང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་པའི་དེ་བཞིན་གཤེགས་


DKG065_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཐོས་ཏེ། ཐོས་ནས་ཀྱང་ཐམས་ཅད་ཡོངས་སུ་འཛིན་པ་དང་། དེ་བཞིན་གཤེགས་པ་གཅིག་གི་ཐད་ན་ཆོས་ཉན་ཀྱང་དེ་བཞིན་གཤེགས་པ་གཉིས་ཀྱིས་ཆོས་བསྟན་པ་ལ་སྒྲིབ་པར་ཡང་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཞེས་བགྱིའོ། །མངོན་པར་བསྒྲུབ་པའི་གཟུངས་ཀྱང་འཐོབ་སྟེ། དེས་ཆོས་ཐམས་ཅད་མངོན་དུ་སྟོན་པ་དང་། ཆོས་ཀྱི་ཚིག་གཅིག་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་མ་ལུས་པར་སྟོན་ཀྱང་དེས་དེ་རྒྱགས་པར་མི་འགྱུར། བག་མ་མཆིས་པར་མི་འགྱུར་རོ། །ལྷག་པར་བསྡུ་བའི་གཟུངས་ཀྱང་འཐོབ་སྟེ། དེས་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་གྱུར་པའི་གཏམ་བརྗོད་ཅིང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་གྱུར་པ་ཡང་ལགས་སོ། །སེལ་བའི་གཟུངས་ཀྱང་འཐོབ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་སེལ་ཏོ། །ལྷག་པར་བསྡུ་བ་དང་། སེལ་བའི་གཟུངས་ཀྱང་འཐོབ་སྟེ། དེས་དཀར་པོའི་ཆོས་རྣམས་འཕེལ་བར་བགྱིད་ཅིང་ནག་པོ་རྣམས་ཟད་པར་བགྱིད་དོ། །སྒྲུབ་པའི་གཟུངས་ཀྱང་འཐོབ་སྟེ། དེས་ཆོས་ཐམས་ཅད་ཀྱི་སྒྲུབ་པ་ཡང་འཚལ་ཅིང་དེ་སྒྲུབ་ཀྱང་། རྣམ་པར་རྟོག་པར་ཡང་མི་བགྱིད། སྤྱོད་ཀྱང་ལུས་དང་སེམས་ཀྱིས་བརྩོན་པར་ཡང་མི་བགྱིད། འཆད་ཀྱང་ཡི་གེ་རྣམས་སྒྲོ་འདོགས་པར་ཡང་མི་བགྱིད། སྤོང་བར་ཡང་སེལ་བར་ཡང་མི་བགྱིད། ཡོངས་སུ་རྫོགས་པར་བགྱིད་ཀྱང་གང་དུ་ཆོས་གང་ཡང་སྡུད་པར་ཡང་མི་བགྱིད། ཉུང་ངུར་ཡང་བགྱིད་ལ་འགྲིབ་པར་ཡང་མི་བགྱིད། རྗོད་པར་ཡང་བགྱིད་ལ་མངོན་པར་བརྗོད་པ་ཡང་མ་མཆིས། མྱ་ངན་ལས་ཀྱང་འདའ་ལ་འཁོར་བ་ལས་ཀྱང་མི་གཡོ། འཕགས་པ་ཉིད་ཀྱང་འཐོབ་ལ་སོ་སོའི་སྐྱེ་བོའི་ས་ལས་ཀྱང་མི་གཡོ། བདུད་ལས་རྣམ་པར་རྒྱལ་བར་ཡང་བགྱིད་ལ་ལུས་དང་སེམས་དང་ངག་གིས་ཕ་རོལ་ཀྱང་མི་གནོན་པ་འདི་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་


DKG065_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔས་བཅིངས་པའམ་གྲོལ་བར་ཡོངས་སུ་བརྟག་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྣམ་པར་གྲོལ་བ་ནི་གང་གི་ཡང་མ་ལགས་སོ། །རྣམ་པར་གྲོལ་བ་ཡང་གང་ཡང་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་ནི་ཆོས་གང་ཡང་འཕེལ་བར་ཡང་མི་བགྱིད་འབྲི་བར་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་ནི་གང་ནས་ཀྱང་མི་མཆི། བཅིངས་པ་ནི་གང་དུ་ཡང་མི་མཆིའོ། །བཅོམ་ལྡན་འདས་དགེ་སློང་སེམས་རྣམ་པར་གྲོལ་བ་འདི་ལྟར་བདག་ནི་སེམས་རྣམ་པར་གྲོལ་བའོ་སྙམ་དུ་མི་སེམས་ཏེ། གཞན་དུ་ན་ཇི་ལྟར་རྣམ་པར་གྲོལ་བ་དེ་བཞིན་དུ་ཆོས་ཐམས་ཅད་འཚལ་ཏོ། །བཅོམ་ལྡན་འདས་གང་འདི་ལྟར་འཁོར་བ་ནི་སྐྱོན་ཆགས་པ་མྱ་ངན་ལས་འདས་པ་ནི་རྣམ་པར་གྲོལ་བའོ་སྙམ་དུ་སེམས་པ་འདི་ནི་སེམས་རྣམ་པར་གྲོལ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཏུ་འཛིན་པ་ནི་དེ་ལྟར་སེམས་པའི་སླད་དུའོ། །བཅོམ་ལྡན་འདས་གང་འདི་ལྟར་བདག་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཆོག་གིས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་པ་དེ་ནི་སེམས་རྣམ་པར་གྲོལ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཏུ་འཛིན་པ་ནི་དེ་ལྟར་སེམས་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་རྣམ་པར་གྲོལ་བའི་དགེ་སློང་ནི་འདི་ལྟར་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་ཏེ། བདག་གིས་དེ་ལྟར་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ལགས་སོ། །བཅོམ་ལྡན་འདས་སེམས་རྣམ་པར་གྲོལ་བའི་དགེ་སློང་ནི་བདག་གིས་སེམས་རྣམ་པར་གྲོལ་བ་ཐོབ་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། དེ་ཡང་འདི་ལྟར་ཤིན་ཏུ་རྣམ་པར་གྲོལ་བའི་ཆོས་ཐམས་ཅད་ལ་རྣམ་པར་གྲོལ་བ་ཀུན་དུ་ཚོལ་བ་དེ་རྣམས་ལ་སྙིང་རྗེ་ཆེན་པོ་བྱའོ་སྙམ་དུ་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་རྣམ་པར་གྲོལ་བ་ཀུན་དུ་ཚོལ་བ་དེ་དག་ནི་རྣམ་པར་གྲོལ་བ་མི་འཐོབ་པའི་


DKG065_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུའོ། །བཅོམ་ལྡན་འདས་དེ་བས་ན་རྣམ་པར་གྲོལ་བ་ཚོལ་བའི་དགེ་སློང་གིས་བཅིངས་པ་བཙལ་བར་བགྱིའོ། །གང་གིས་བཅིངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་རྣམ་པར་གྲོལ་བ་ལ་མི་རྟོག་སྟེ། དེ་སེམས་རྣམ་པར་གྲོལ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཉོན་མོངས་པ་རྣམས་ལ་འཇིགས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གང་ན་ཉོན་མོངས་པ་མཆིས་པ་དེ་ན་བྱང་ཆུབ་མཆིས་ཤིང་ཉོན་མོངས་པ་མ་མཆིས་པ་ལ་བྱང་ཆུབ་ཀྱང་མ་མཆིས་པའི་སླད་དུའོ། །སྟོང་པ་ཉིད་དང་ཉོན་མོངས་པ་ནི་མི་གཉིས་ཏེ་གཉིས་སུ་དབྱེར་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་དང་ཉོན་མོངས་པ་ནི་མི་གཉིས་ཏེ་གཉིས་སུ་དབྱེར་མ་མཆིས་སོ། །གཞན་དུ་ན་ཕྱིན་ཅི་ལོག་ཏུ་ལྷུང་བའི་སེམས་ཀྱི་རྒྱུན་གྱིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བདག་ནི་ཉོན་མོངས་སོ། །རྣམ་པར་དག་གོ་སྙམ་དུ་འཚལ་བ་ནི་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་ཡང་མི་སེལ་ཉོན་མོངས་པ་མ་མཆིས་པ་ཡང་མི་སྒྲུབ་བོ། །བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྒོ་ལ་སོ་སོར་རྟོག་པ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་འཐོབ་བོ། །བཅོམ་ལྡན་འདས་དེ་བས་ན་ཉོན་མོངས་པ་ཉིད་བྱང་ཆུབ་སེམས་དཔའ་དག་གི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རིགས་ལགས་སོ། །ཉོན་མོངས་པ་དེ་དག་ལ་གཡེངས་ཤིང་ཕྱིན་ཅི་ལོག་ཏུ་གྱུར་པའི་བློ་ཅན་བྱིས་པ་དེ་དག་ནི་ངན་སོང་དུ་གཞོལ་བ་སྡུག་བསྔལ་མྱོང་བར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་སོ་སོར་རྟོག་པས་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་དོ། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔས་རྒྱུན་ལས་བཟློག་སྟེ། འཇུག་པར་བགྱི་རྒྱུན་གྱི་རྗེས་སུ་འཇུག་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ལས་རྣམ་


DKG065_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་གྱི། འཁོར་བ་ལས་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་འཇིགས་པར་བགྱིའོ། །འཁོར་བ་ལ་ནི་མ་ལགས་སོ། །འཁོར་བ་ལ་སོ་སོར་བརྟགས་ན་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཐོབ་བོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འཐོབ་བོ། །མྱ་ངན་ལས་འདས་པ་ལ་ཡོངས་སུ་བརྟགས་ན་འཁོར་བ་ལ་ཞེ་འགྲས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཁོར་བ་ལ་ཞེ་འགྲས་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་ཡོངས་སུ་ཉམས་སོ། །འཁོར་བ་ན་གནས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་སྐྱེའི། མྱ་ངན་ལས་འདས་པ་ལ་གནས་པ་རྣམས་ལ་ནི་མ་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་ཡང་དག་པ་མ་ལགས་པ་ཡོངས་སུ་རྟོག་པ་རབ་ཏུ་ཞི་བའི་ཚིག་བླ་དགས་ལགས་སོ། །བཅོམ་ལྡན་འདས་དེ་བས་ན་མྱ་ངན་ལས་འདས་པ་ཚོལ་བའི་བྱང་ཆུབ་སེམས་དཔས་ཡོངས་སུ་རྟོག་པ་ཉེ་བར་ཞི་བ་བཙལ་བར་བགྱི་སྟེ། དེ་ལས་མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ།། །།བམ་པོ་བདུན་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆི་བ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་


DKG065_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆི་བ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གདུགས་ཤར་ན་སེམས་ཅན་རྣམས་ཀྱི་བགྱི་བ་ཐམས་ཅད་ཤིན་དུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་ཤར་བར་གྱུར་པ་དེར་བྱང་ཆུབ་བགྱིད་པའི་ཆོས་ཀྱི་བགྱི་བ་གཞན་རྣམས་ཀྱང་ཤིན་དུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་བགྱིད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་རྣམས་ཀྱི་རྩ་བ་སྟེ། གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱི་དཔྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔས་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཡན་ལག་གི་དམ་པ་མགོ་གང་ལ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་གང་ལ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་འཚོ་བ་མཆིས་པ་དེ་ལ་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས་


DKG065_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཆིས་ན་ཞུགས་འབར་གྱི་ཞུགས་ཤིང་མ་མཆིས་ན་ཞུགས་མི་འབར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཆོས་རྣམས་འབར་གྱི་བསམ་པ་མ་མཆིས་པ་ལ་མི་འབར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆགས་ན་ཆར་འབབ་ཀྱི། སྤྲིན་མ་ཆགས་ན་ཆར་མི་འབབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་ན་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་གི་བསམ་པ་མ་མཆིས་ན་མི་འབྱུང་ངོ་། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས་ཤིང་གང་རྩ་བ་ཉམས་པ་དེ་ལ་མེ་ཏོག་དང་འབྲས་བུ་རྣམས་མི་འཁྲུང་ངོ་། །བཅོམ་ལྡན་འདས་དེ་བཞིན་དུ་གང་བསམ་པ་ལོག་པར་ཞུགས་པ་དེ་དག་ལ་དགེ་བའི་ཆོས་ཐམས་ཅད་མི་འབྱུང་ངོ་། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་རང་གི་བསམ་པ་ཤིན་ཏུ་གཟུང་བ་དང་། ཤིན་ཏུ་བསྲུང་བ་དང་། ཤིན་ཏུ་སྦྱང་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཚུལ་བཟང་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གང་ཡང་འཁྲུགས་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་རང་གི་སེམས་ཤིན་ཏུ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རང་གི་སེམས་ལ་རག་ལས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་འགའ་ཞིག་འཁྲུགས་པར་བགྱིད་ན། དེ་ཚེགས་ཆེན་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་གང་ཡང་འཁྲུགས་པར་མི་བགྱིད་པ་དང་། བསམ་གཏན་དུ་བགྱིད་པ་དེ་མ་ཉམས་པར་གནས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནོངས་པ་མ་མཆིས་པར་འགྱུར་རོ། །རང་གི་སེམས་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྟོགས་ཏེ། སེམས་དེ་ཡང་འཁྲུགས་པར་མི་བགྱིད་དོ། །ཇི་ལྟར་སེམས་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་


DKG065_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བར་འབྱུང་བར་མཐོང་ངོ་། །ཇི་ལྟར་སེམས་དེ་སྒྱུ་མ་ལྟ་བུར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་མཐོང་ངོ་། །ཇི་ལྟར་སེམས་དེ་ནང་དང་། ཕྱི་རོལ་དང་། གཉི་ག་མ་མཆིས་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཇི་ལྟར་སེམས་དེ་གཟུགས་མ་མཆིས། བསྟན་དུ་མ་མཆིས། ཐོགས་པ་མ་མཆིས། སྣང་བ་མ་མཆིས། རྣམ་པར་རིག་པ་མ་མཆིས། རྟེན་པ་མ་མཆིས། གནས་མ་མཆིས་པར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཐོང་ངོ་། །དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་སྙོམས་པ་ཉིད་ཐོབ་བོ། །དེ་སེམས་སྙོམས་པ་ཉིད་ཐོབ་པས་ཡང་མི་རྟོག །མི་ལྡོག་མི་འདོར། མི་འཛིན་མི་སྨོན་ཏོ། །གང་མི་སྨོན་པ་དེ་མི་འཛིན་ཏོ། །གང་མི་འཛིན་པ་དེ་ཡོངས་སུ་མི་འཛིན་ཏེ། ཡང་ཉོན་མོངས་པར་མི་འགྱུར་རོ། །ཉོན་མོངས་པ་མ་མཆིས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་སྟོན་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གིས་གཞན་ལ་གདུང་བར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །བྱང་ཆུབ་སེམས་དཔའ་གང་གཞན་གྱིས་འཚལ་བར་མི་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གཞན་གྱི་དོན་མ་ལགས་པ་དང་། དོན་མ་མཆིས་པའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གིས་རིག་པ་མི་སྐྱེད་པའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་སེམས་ཅན་རྣམས་ཀྱི་སྙིང་ལ་མི་འབབ་པ་དང་། འཁོར་གོ་བ་མ་ལགས་པ་དང་། རྣར་མི་སྙན་པའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གཉིས་ལ་སྤྱོད་པར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་སྟོང་པ་ཉིད་ཁོང་དུ་ཆུད་པར་མི་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གང་སྟོང་པ་ཉིད་ཁོང་དུ་ཆུད་པར་བགྱིད་པའི་ཚིག་དེ་ནི་ཚིག་ཐམས་ཅད་ཀྱི་མཆོག་གོ །བཅོམ་ལྡན་འདས་གང་ཆོས་ཐམས་ཅད་


DKG065_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དང་། གཡོ་བ་མ་མཆིས་པ་དང་། མི་གཉིས་པ་དང་། གཉིས་དང་བྲལ་བར་མཐོང་ཡང་སེམས་ཅན་གྱི་བགྱི་བ་ཐམས་ཅད་ཀྱང་མི་འདོར་བ་འདི་ནི་དེའི་སྒྲིབ་པ་མ་མཆིས་པའི་སྙིང་རྗེ་ཆེན་པོ་ལགས་སོ། །ཡང་སྒྲིབ་པ་མ་མཆིས་པའི་སྙིང་རྗེ་ཆེན་པོས་སྤྱོད་པ་དེ་སངས་རྒྱས་ཀྱི་བསླབ་པ་རྣམས་ལ་སློབ་བོ། །གང་སངས་རྒྱས་ཀྱི་བསླབ་པ་རྣམས་ལ་སློབ་པ་དེ་ནི་ནམ་མཁའི་མཛོད་འཐོབ་བོ། །དེ་ནས་ནམ་མཁའི་མཛོད་ཐོབ་པས་ཅི་འཚལ་བ་རྣམས་ཡོངས་སུ་གཏོང་བར་བགྱིད་ཀྱང་གཏོང་བ་དང་སེར་སྣ་ལ་གཉིས་སུ་འདུ་ཤེས་པ་མ་ལགས། ཚུལ་ཁྲིམས་ལ་མ་ལགས། འཆལ་བའི་ཚུལ་ཁྲིམས་ལ་མ་ལགས། བཟོད་པ་ལ་མ་ལགས། གནོད་སེམས་ལ་མ་ལགས། བརྩོན་འགྲུས་ལ་མ་ལགས། ལེ་ལོ་ལ་མ་ལགས། བསམ་གཏན་ལ་མ་ལགས། རྣམ་པར་གཡེང་བ་ལ་མ་ལགས། ཤེས་རབ་ལ་མ་ལགས། འཆལ་བའི་ཤེས་རབ་ལ་མ་ལགས་ཏེ། དེ་སངས་རྒྱས་ཀྱི་ཆོས་ལ་ཡང་མི་སྨོན། སོ་སོའི་སྐྱེ་བོའི་ཆོས་ཀྱང་ཡོངས་སུ་མི་འདོར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ཆབ་འབབ་པོ་འཚལ་བ་ནི་འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ལ་ཆོས་གང་དག་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོར་རོ་གཅིག་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གདུགས་ནི་དངོས་པོ་ཐམས་ཅད་སྣང་བར་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྣང་བར་བགྱིད་དོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དུ་འགལ་བ་མ་མཆིས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དེ་ལྟར་འཚལ་བ་དེ་ཆོས་ཐམས་ཅད་བྱང་ཆུབ་ཏུ་ཡང་དག་པར་རྗེས་སུ་མཐོང་ངོ་། །གང་ཆོས་ཐམས་ཅད་བྱང་ཆུབ་ཏུ་ཡང་དག་པར་རྗེས་སུ་མཐོང་བ་དེ་གང་ཅུང་ཟད་སྨྲ་བ་དེ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འཚལ་ཏོ། །གང་དེ་ལྟར་འཚལ་བ་དེ་ཆགས་པ་མ་མཆིས་པར་སྟོན་ཏོ། །གང་ཆགས་


DKG065_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཆིས་པར་སྟོན་པ་དེ་སྤོབས་པ་ཐོགས་པ་མ་མཆིས་པ་ཞེས་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཕྱེ་བ་ལགས་ན། བཅོམ་ལྡན་འདས་འཇིག་རྟེན་ལོག་པར་འཛིན་པ་ནི་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེའོ་ཞེས་མཆིའོ། །བཅོམ་ལྡན་འདས་གལ་ཏེ་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེ་བ་ལགས་ན་ནི་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པ་དང་ཁོང་དུ་ཆུད་པ་ལགས་ཏེ། བསྐྱེད་ནས་ཀྱང་གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་ཏེ། དེའི་སླད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་མ་སྐྱེས་པའི་ལམ་སྐྱེད་པ། མ་བྱུང་བའི་ལམ་འབྱིན་པ། མ་བརྗོད་པ་རྗོད་པའོ་ཞེས་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དག་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྲུང་བ་མ་ལགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་སྲུང་བ་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་འཛིན་པ་ཞེས་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དག་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཀུན་དུ་བཟུང་བ་མ་ལགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་འཛིན་པར་བགྱིད་དེ། དེའི་སླད་དུ་ཆོས་འཛིན་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དྲི་མ་མ་མཆིས་པས་སྐྱོན་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སེམས་ཅན་དང་བདག་དབེན་པས་གནས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མ་མཆིས་པས་སེམས་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྩམས་པ་མ་མཆིས་པས་ཡིད་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྩམས་པ་དང་བྲལ་བས་རྙིང་པ་མ་ལགས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མི་


DKG065_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཞིང་གཡོ་བ་མ་མཆིས་པས་འགྲོ་བ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྲོག་མ་མཆིས་པས་མི་འཆི་བའོ། །ཆོས་ཐམས་ཅད་ནི་ཟས་མ་མཆིས་པས་གསོ་བ་མ་མཆིས་པའོ། །ཆོས་ཐམས་ཅད་ནི་འདུས་ནས་འགྲུབ་པས་རྫས་མ་མཆིས་པའོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་དབྱེར་མ་མཆིས་པས་དམན་པ་མ་ལགས་སོ། །ཆོས་ཐམས་ཅད་ནི་ལུས་མ་མཆིས་པས་དབྱེར་མ་མཆིས་པའོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་མཚུངས་པས་རྡོ་རྗེ་ལྟ་བུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་ལྟར་འཚལ་བ་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འཚལ་ཏོ། །གང་ཆོས་རྣམས་ཀྱི་ཆོས་ཉིད་འཚལ་བ་དེ་སྟོང་པ་ཉིད་འཚལ་བའོ། །གང་སྟོང་པ་ཉིད་འཚལ་བ་དེ་སུ་དང་ཡང་མི་རྩོད་དོ། །གང་སུ་དང་ཡང་མི་རྩོད་པ་དེ་དགེ་སྦྱོང་གི་ཆོས་ལ་གནས་པའོ། །གང་དགེ་སྦྱོང་གི་ཆོས་ལ་གནས་པ་དེ་གནས་པ་མ་མཆིས་པའི་གང་གནས་པ་མ་མཆིས་པ་དེ་ཡུལ་རྣམས་ལ་མི་ཟག་གོ །གང་ཡུལ་རྣམས་ལ་མི་ཟག་པ་དེ་སྐྱོན་མ་མཆིས་པའོ། །གང་སྐྱོན་མ་མཆིས་པ་དེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ལགས་པ་དེ་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་གང་ལགས་པ་དེ་མི་གཉིས་པ་གསུང་བའོ། །གང་མི་གཉིས་པ་གསུང་བ་དེ་འཁོར་བ་ཡང་མི་སྤོང་། མྱ་ངན་ལས་འདས་པ་ཡང་མི་སྒྲུབ་སྟེ། གཞན་དུ་ན་ཡོངས་སུ་རྟོག་པ་ཐམས་ཅད་སྤང་བ་སྟོན་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པའོ། །ཕྱིན་ཅི་མ་ལོག་པ་ཡང་དག་པར་བརྗོད་པའོ། །སྟོང་པ་ཉིད་ཡང་དག་པར་བརྗོད་པའོ། །མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། མངོན་པར་འདུ་མི་བགྱིད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་ཡང་དག་པར་བརྗོད་པའོ། །སྐྱེ་བ་མ་མཆིས་པ་ཡང་དག་པར་བརྗོད་པའོ། །ཐེག་པ་ཆེན་པོ་ཡང་དག་པར་བརྗོད་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཆེན་པོ་ཡང་དག་པར་བརྗོད་པའོ། །ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡང་དག་པར་བརྗོད་པའོ། །ས་ཆེན་པོ་ཡང་དག་པར་བརྗོད་པའོ། །ཆོས་ཐམས་ཅད་ཕྱིན་ཅི་མ་


DKG065_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ཡང་དག་པར་བརྗོད་པའོ། །བཅོམ་ལྡན་འདས་ཆོས་ཡང་དག་པར་བརྗོད་པ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་གང་དུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དགེ་བར་བགྱིད་པའི་ཚོང་དཔོན་དུ་འགྱུར་རོ། །ཁྱིམ་གྱི་སྐྱོན་རྣམ་པར་བརྗོད་པའི་ཁྱིམ་བདག་ཆེན་པོར་འགྱུར་རོ། །ལྷ་རྣམས་བག་མཆིས་པ་ལ་རབ་ཏུ་སྦྱོར་བའི་ལྷའི་རྒྱལ་པོ་བརྒྱ་བྱིན་དུ་འགྱུར་རོ། །བསམ་གཏན་དང་ཚད་མ་མཆིས་པ་རྣམས་ལ་རབ་ཏུ་འགོད་པའི་ཚངས་པར་འགྱུར་རོ། །འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཡིད་མི་གོས་པའི་འཇིག་རྟེན་སྐྱོང་བར་འགྱུར་རོ། །མཆོག་ཏུ་རྩོད་པ་མ་མཆིས་པའི་དགེ་སྦྱོང་དུ་འགྱུར་རོ། །ཚངས་པའི་ཡུལ་ལ་མཁས་པའི་བྲམ་ཟེར་འགྱུར་རོ། །དུལ་ཞིང་གཡོག་ཀྱང་དུལ་བར་འགྱུར་རོ། །ཞི་ཞིང་གཡོག་ཀྱང་ཞི་བར་འགྱུར་རོ། །ཅང་ཤེས་ཤིང་གཡོག་ཀྱང་ཅང་ཤེས་པར་འགྱུར་རོ། །དབང་ཆེན་པོ་ཐོབ་པའི་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོས་སྨྲ་བ་ཆེན་པོར་འགྱུར་རོ། །ཉོན་མོངས་པ་ཟད་པས་མི་འཇིགས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་དང་བྱང་ཆུབ་སེམས་དཔའ་འདི་དག་དང་ཉན་ཐོས་ཆེན་པོ་རྣམས་ཀྱིས་སྨྲས་པ་འདི་སེམས་ཅན་གང་དག་གིས་ཁོང་དུ་ཆུད་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ནོ། །སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་ནོ། །དགེ་བའི་རྩ་བ་གཅིག་གི་རྒྱུ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཟབ་སྟེ། བརྟགས་པའི་མཁས་པ་དང་མཛངས་པས་རིག་པའོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་རྣམས་ཀྱིས་ཐོས་པར་མི་འགྱུར་ཏེ། གང་དག་གིས་ཐོས་ཀྱང་དད་པར་མི་འགྱུར་རོ། །འདི་ལ་གང་ལུས་མངོན་སུམ་དུ་འགྱུར་བ་དང་། གང་དགེ་བའི་བཤེས་གཉེན་


DKG065_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡོངས་སུ་ཟིན་པ་དེ་དག་གིས་ཐོས་པར་འགྱུར། འཛིན་པར་འགྱུར་ཏེ། བཟོད་པ་ཡང་ཐོབ་པར་འགྱུར་རོ། །འཇམ་དཔལ་ཆོས་ཀྱི་ཚུལ་འདི་ལ་མ་བརྟེན་པར་སངས་རྒྱས་པ་གང་ཡང་མེད་དོ། །འཇམ་དཔལ་སངས་རྒྱས་བཅོམ་ལྡན་འདས་གང་དག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མ་བརྟེན་པར་བྱང་ཆུབ་འདོད་པ་དེ་དག་ནི་ནམ་མཁའ་ལ་རྙེབ་པས་རྙེབ་པར་རིག་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ལ་མ་བརྟེན་པར་རྗེས་སུ་འཐུན་པའི་བཟོད་པ་ཡང་ཐོབ་པར་མི་ནུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ངའི་ཉན་ཐོས་གང་གཉི་གའི་ཆ་ལས་རྣམ་པར་གྲོལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དེ་དག་ཀྱང་ཆོས་ཀྱི་ཚུལ་འདི་ལ་བརྟེན་ནས་སོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ངན་དུ་བསམས་ཏེ་ངན་སོང་དུ་སྐྱེ་བ་ནི་སླའི་གཏམ་གཞན་རྣམས་ལ་དད་པར་བྱས་ཏེ་མཐོ་རིས་སུ་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གང་ཚུལ་འདི་ཐོས་ནས་སེམས་ཅན་དམྱལ་བར་སྐྱེས་པ་དེ་དག་ནི་རབ་ཏུ་མྱུར་བ་དེ་རྣམ་པར་ཐར་བར་འགྱུར་ཏེ། མཐོ་རིས་སུ་སྐྱེས་པ་དེ་དག་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་ཚུལ་འདི་ཐོས་པར་འགྱུར་ཏེ། བཞི་གང་ཞེ་ན། དེས་སྔོན་ཡང་ཚུལ་འདི་ཐོས་པར་གྱུར་ལ། ཐོས་ནས་ཀྱང་རྗེས་སུ་ཡི་རང་བ་དང་། དགེ་བའི་རྩ་བ་ཆེན་པོས་བརྟེན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་བ་དང་། ཐོས་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་སྟེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚུལ་འདི་ཐོས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚུལ་འདི་ཐོས་པར་འགྱུར་ཏེ། བཞི་གང་ཞེ་ན། ཚུལ་འདི་


DKG065_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པར་འགྱུར་བ་དང་། ལས་ཀྱིས་འཇིགས་པ་དང་ལྡན་པར་འགྱུར་བ་དང་། སྨོན་ལམ་བཏབ་པར་འགྱུར་བ་དང་། རང་བཞིན་གྱིས་དྲང་ཞིང་མཉེན་ལ་འགྲོགས་ན་བདེ་བར་འགྱུར་བ་སྟེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚུལ་འདི་ཐོས་པར་འགྱུར་རོ། །འཇམ་དཔལ་ཆོས་བཞི་དང་ལྡན་ན་ཚུལ་འདི་ཐོས་ནས་སྤོང་བར་མི་འགྱུར་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཡིན། བཟོད་པ་ཐོབ་པ་ཡིན། ལྟ་བ་ཡང་དག་པར་ཞུགས་པ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན། ཚུལ་འདི་ཐོས་ནས་སྤོང་བར་མི་འགྱུར་རོ། །འཇམ་དཔལ་ཆོས་བཞི་དང་ལྡན་ན་ཚུལ་འདི་ཐོས་ནས་དད་པར་འགྱུར་ཏེ། བཞི་གང་ཞེ་ན། ཐོས་པ་ཕུན་སུམ་ཚོགས་པ་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡིན། སྟོང་པ་ཉིད་ཀྱི་བསམ་གཏན་པ་ཡིན། གཟུངས་ཐོབ་པ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན་ཚུལ་འདི་ཐོས་ནས་དད་པར་འགྱུར་རོ། །ཆོས་བཞི་དང་ལྡན་ན་ཚུལ་འདི་ཐོས་ནས་རབ་ཏུ་རྟོགས་པར་འགྱུར་ཏེ། བཞི་གང་ཞེ་ན། བསོད་ནམས་ཀྱི་ཚོགས་བསགས་པ་ཡིན། ཐོས་པའི་ཚོགས་བསགས་པ་ཡིན། ཡེ་ཤེས་ཀྱི་ཚོགས་བསགས་པ་ཡིན། བསམ་གཏན་རྣམས་ཀྱིས་སེམས་ལས་སུ་རུང་བ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན་ཚུལ་འདི་ཐོས་ནས་རབ་ཏུ་རྟོགས་པར་འགྱུར་རོ། །ཆོས་བཞི་དང་ལྡན་ན་ཚུལ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་ཡང་དག་པར་རྗེས་སུ་མཐོང་བ་དང་། ཚུལ་ཐམས་ཅད་སངས་རྒྱས་ཀྱི་ཚུལ་དུ་ཐོས་པ་དང་། འདོད་པ་ཐམས་ཅད་དང་བྲལ་ཏེ་ཆད་ན་སངས་རྒྱས་ཀྱི་བྱང་ཆུབ་འདོད་པར་འགྱུར་བ་ཡང་མེད་པ་དང་། སྙིང་རྗེ་ཆེན་པོ་ལས་ཀྱང་རྣམ་པར་མི་ལྡོག་པ་སྟེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་


DKG065_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །འཇམ་དཔལ་དེ་བས་ན་བྱང་ཆུབ་སེམས་དཔས་ཚུལ་འདི་རྒྱུན་མི་འཆད་པར་མཉན་པར་བྱའོ། །མྱུར་དུ་ངེས་པར་འབྱུང་བར་འདོད་པས་ཀྱང་ཚུལ་འདི་མཉན་པར་བྱའོ། །ལུང་བསྟན་པའི་ས་འདོད་པའི་བྱང་ཆུབ་སེམས་དཔས་ཀྱང་ཚུལ་འདི་མཉན་པར་བྱའོ། །ལས་ཀྱི་སྒྲིབ་པ་བྱང་བར་འདོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། འགྲོ་བའི་སྒྲིབ་པ་བྱང་བར་འདོད་པས་ཀྱང་ཚུལ་འདི་མཉན་པར་བྱའོ། །དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་མཆོད་པ་བྱེད་པར་འདོད་པས་ཀྱང་ཚུལ་འདི་མཉན་པར་བྱའོ། །དམ་པའི་ཆོས་ཡོངས་སུ་གཟུང་བར་འདོད་པས་ཀྱང་ཚུལ་འདི་ཉིད་མཉན་པར་བྱའོ། །འཇམ་དཔལ་གང་ཆོས་ཀྱི་ཚུལ་འདི་ཐོས་ནས་འཇུག་པ་དང་། མི་སྤོང་བ་དང་། མི་སྨོད་པར་འགྱུར་བའི་སེམས་ཅན་དེ་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་དེའི་ཚེ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་མགུལ་ནས་བཀྲོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ནས་ཚིག་འདི་སྐད་དུ་བཅོམ་ལྡན་འདས་སྦྱིན་པའི་ཆོས་འདིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་མུ་ཏིག་གི་དོ་ཤལ་དེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་དྲང་ཐད་ན་ཁང་པ་བརྩེགས་པ་རྣམ་པར་བཀྲ་བ། གྲུ་བཞི་ལྷམ་པ། ལྷ་དང་མིས་ལྟ་བར་བྱེད་པ། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་སྔོན་མ་མཐོང་མ་ཐོས་པ་འདུག་པར་གྱུར་ཏེ། དེ་བཅོམ་ལྡན་འདས་གཤེགས་པའི་རྗེས་སུ་འགྲོ་ཞིང་བཞུགས་པའི་རྗེས་སུ་གནས་སོ། །དེའི་ཚེ་ལྷ་དང་མི་ཕལ་ཆེར་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་ཏེ། ཡ་མཚན་དུ་བྱ་བ་སྐྱེས་ནས་སྤྱི་བོར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་མིག་མི་འཛུམས་པར་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་


DKG065_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ངོ་མཚར་དུ་གྱུར་ནས་དགའ་བ་སྐྱེས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཡོན་ཏན་མང་པོ་ཀུན་གྱི་སྣོད་གྱུར་པ། །ས་དང་ལྷ་ཡུལ་འགྲོ་བའི་མགོན་གཅིག་པུ། །བདེ་གཤེགས་ཞི་ཞིང་རབ་ཏུ་ཞི་ལ་དགྱེས། །ཁྱོད་མཚུངས་འཇིག་རྟེན་མ་མཆིས་ག་ལ་ལྷག །བློ་གྲོས་མཉམ་ཞིང་གཡོ་མེད་མཚུངས་པར་སྦྱོར། །བདག་པོ་ཐུགས་རྗེས་རབ་ཏུ་ཟིན་པའི་ཐུགས། །ནམ་མཁའི་དཀྱིལ་ལྟར་ཐུགས་ནི་མ་གོས་ཏེ། །ཕན་རན་ཡང་དག་བཀའ་མཆིད་གསུང་ཞིང་སྤྱོད། །ཁྱོད་ལ་དགྲ་དང་ཟིན་ནི་མི་མངའ་སྟེ། །བདག་པོ་དགྱེས་དང་མི་དགྱེས་ཡོང་མི་མངའ། །སྨན་པ་བཞིན་དུ་འགྲོ་བ་གསོ་མཛད་ཅིང་། །ཐུགས་རྗེ་བསྐྱེད་ནས་རྣམ་པར་མི་རྟོག་སྤྱོད། །ལྷ་མིན་ལྷ་དང་ཀླུ་དང་ནམ་མཁའ་ལྡིང་། །གནོད་སྦྱིན་ཁྱོད་ལ་སྐྱབས་མཆིས་ཞི་བ་ཐོབ། །མགོན་པོ་སྲིད་པ་གསུམ་ན་ཕན་མཛད་པ། །ཐུབ་པ་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །བདེ་གཤེགས་ཁྱོད་ནི་འདུས་མ་བགྱིས་མི་གཟིགས། །ཞི་ཐུགས་ཞི་ལའང་ཡོན་ཏན་མི་གཟིགས་ཏེ། །གཉི་གའི་ཚུལ་སྤངས་རྣམ་རྟོག་མི་མངའ་བར། །བདག་པོ་མྱ་ངན་འདས་ནས་འཇིག་རྟེན་སྤྱོད། །རབ་ཞིའི་ཡོན་ཏན་རྒྱ་མཚོ་གཏིང་ཚོད་ཡས། །སྟོབས་བཅུ་ཉིད་དུ་ཡོན་ཏན་མཁྱེན་པར་གྱུར། །ས་དང་ནམ་མཁའ་ལྟ་བུར་ཚད་མེད་ཆོས། །མགོན་ལ་ཐལ་མོ་སྦྱར་ཏེ་མགོས་ཕྱག་འཚལ། །སྲིད་པའི་ཆུ་བོར་མི་རྐྱལ་མི་ནུབ་ཅིང་། །སེམས་ཅན་མཆོག་ནི་མེ་ཁྱེར་མི་བཞུགས་སོ། །ཁྱོད་མི་གཅིག་པུ་སྲིད་མཚོའི་ཕ་རོལ་གཤེགས། །དཔེ་མེད་རྒྱ་མཚོའི་བློ་ལ་ཕྱག་འཚལ་ལོ། །པད་མ་བཞིན་དུ་ཆུ་ཡིས་མི་གོས་པ། །ས་ལ་འཇིག་རྟེན་ཆོས་གྲོལ་རབ་ཏུ་གསུང་། །ཁྱོད་ཀྱི་མཁྱེན་པ་སུ་དང་མི་མཚུངས་ཏེ། །མཚུངས་མེད་བློ་གྲོས་ཁྱོད་ལ་བདག་སྐྱབས་མཆི། །ཁྱོད་ནི་མི་མཁྱེན་ཅུང་ཟད་འདིར་མི་མངའ། །


DKG065_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་ལྡན་པས་ཀུན་དུ་ཡོང་མི་བསྙེངས། །འཁོར་ལ་ང་འདྲ་སུ་ཡང་མེད་ཅེས་གསུང་། །དེ་སླད་ཁྱོད་ནི་དཔའ་བོ་གཅིག་པུ་རྒྱུ། །མི་གང་ཁྱོད་བཀའ་བདུད་རྩི་སྣོད་གྱུར་པ། །དེ་དག་མདོར་ན་སྲིད་པའི་འཇིགས་དང་བྲལ། །སྨན་པ་དམ་པ་མཆོད་འོས་འཇིག་རྟེན་མགོན། །ཐུགས་རྗེ་ལྡན་པ་ཁྱོད་ལ་བདག་སྐྱབས་མཆི། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་གི་བསམ་པ་མཁྱེན་ཏེ། བཅོམ་ལྡན་འདས་བདག་ནི་བདག་གི་སླད་དུ་མཆོད་པ་མི་བགྱིད་ཀྱི། གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མུ་ཏིག་གི་དོ་ཤལ་ཕུལ་ཞིང་བསྟོད་པ་དང་། མཆོད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་འདི་ནི་བདག་གི་བསམ་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེ་ནི། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་ཐ་དད་པ་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འོད་ཀྱིས་སྣང་བར་བྱས་ནས་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་གདུང་བ་ཡང་རབ་ཏུ་ཞི་བར་བྱས། ལྷ་དང་མི་རྣམས་ཀྱང་སིམ་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་དུ་མར་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །འོད་ཟེར་དེ་དག་མཐོང་བའི་འཁོར་དེ་ཐམས་ཅད་ཀྱང་ཡིད་འདུན་ཅིང་རབ་ཏུ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ལུས་བཏུད་ནས་འདུག་སྟེ། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ཅི་ཡིན་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་


DKG065_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། དཔའ་ཆེན་ཁྱོད་ཀྱིས་འཛུམ་མཛད་པས། །ལྷ་དང་མིར་བཅས་འཇིག་རྟེན་འདི། །ཁྱོད་ཀྱིས་འཛུམ་པ་མཛད་པ་ལ། །ཐེ་ཚོམ་འཚལ་ནས་ལྟ་ཞིང་མཆིས། །འདོད་ཆགས་བྲལ་བ་དཔའ་བོ་ཁྱོད། །ཐམས་ཅད་མཁྱེན་པ་རྣམ་པར་འདྲེན། །རྒྱུ་མ་མཆིས་པར་འཛུམ་མི་མཛད། །སྐྱོན་མི་མངའ་བ་འཛུམ་དོན་གསུངས། །ཐུབ་པའི་ཞལ་ནས་འོད་བཏང་བ། །གསལ་ཞིང་དག་ལ་ཡིད་དུ་མཆི། །ལྷ་མི་ངན་སོང་མཆིས་པ་རྣམས། །དེ་ཡིས་རེག་པས་བདེ་བར་གྱུར། །སེམས་ཅན་ཆེན་པོ་ཁྱོད་ཞལ་ནས། །འོད་ཟེར་དག་ནི་རབ་བཏང་བ། །དེ་ནི་ཅི་ཞིག་དོན་དུ་བསྟན། །ཐུགས་རྗེ་ཅན་གྱིས་ལུང་བསྟན་གསོལ། །འོད་ཟེར་ཁ་དོག་དཀར་པོ་དག །ཚེམས་ཀྱི་ཕྲག་ནས་མཛེས་བྱུང་བ། །དེ་དག་གིས་ནི་ཉི་མའི་ཟེར། །ཤིན་ཏུ་མཛེས་པར་ཤར་བ་དག །གང་སླད་འཇིག་རྟེན་དགར་འགྱུར་བར། །དེང་དུ་སྣག་ཚའི་མདོག་བཞིན་བགྱིས། །མགོན་ཁྱོད་གང་ལ་ཐུགས་རྗེ་ཞིང་། །སུ་ཡི་བསྐལ་པ་ཉེ་བར་གནས། །རྒྱུ་དང་དོན་ནི་མ་མཆིས་པར། །འདོད་ཆགས་བྲལ་བ་འཛུམ་མི་མཛད། །ཐུགས་རྗེ་ཐུགས་ཀྱིས་ལུང་སྟོན་ཏེ། །ཐེ་ཚོམ་རྣམ་པར་བསལ་བར་མཛོད། །ཇི་ལྟར་ཁྱོད་ཀྱི་ཞལ་ནས་སུ། །འོད་ཟེར་བྱུང་ནས་སླར་ལོག་སྟེ། །འོད་ནི་འཇིག་རྟེན་མགོན་པོ་ཡི། །དབུ་ཡི་གཙུག་ཏུ་ནུབ་གྱུར་པ། །གློག་རིས་བཞིན་དུ་ནམ་མཁའ་ལ། །དགེ་བ་དཔག་མེད་བཀྲ་བགྱིད་པ། །རྣམ་པར་འདྲེན་པ་དེ་དག་གིས། །ཐམས་ཅད་མཁྱེན་པའི་སྤྱོད་པ་སྟོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་པ་འདི་བསྐལ་པ་བཅུ་གཉིས་ན། ལྷས་མངོན་པར་བསྟོད་པའི་བསྐལ་པ་ལ་དགའ་བ་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འོད་ཆེན་པོ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་ཏེ། རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་


DKG065_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་འོད་ཆེན་པོའི་ཚེའི་ཚད་ནི་བསྐལ་པ་གཅིག་ཐུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་གཉིས་ཐུབ་པར་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་ཀུན་སྤྱོད་པ་ལྟར། སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་ཀུན་སྤྱོད་པ་ཡང་དེ་འདྲ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་འདི་ལ་སུ་ཞིག་སངས་རྒྱས་སུ་འགྱུར་ཤེས་སམ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཁོ་བོས་ནི་གང་སངས་རྒྱས་སུ་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་གང་སངས་རྒྱས་སུ་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ན་ཁྱོད་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ་ཞེས་བྱ་བར་དེ་མི་བསྟིང་ངམ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏམ། སྨྲས་པ། བཙུན་པ་རབ་འབྱོར་དོན་ཡོངས་སུ་མཁྱེན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པའི་དོན་ཡོངས་སུ་མཁྱེན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སྨོན་པ་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་མི་སྨོན་པ་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་ཏོ། །དེ་བས་ན་དོན་ཡོངས་སུ་མཁྱེན་པ་བཅོམ་ལྡན་འདས་ཀྱིས་ནི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་འདི་སྐད་དུ་སངས་རྒྱས་སུ་འགྱུར་རོ་ཞེས་


DKG065_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ན། ཁྱོད་ཅི་ཞིག་ལ་ལྟོས་བསམས་ནས་འདི་སྐད་དུ་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲ། སྨྲས་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ཐ་སྙད་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །སྨྲས་པ། བཙུན་པ་རབ་འབྱོར་འཕགས་པ་རྣམས་ལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་ཐ་སྙད་འདོགས་པ་ནི་བདེན་པའོ། །འཇིག་རྟེན་ཐ་སྙད་འདོགས་པ་ནི་ལོག་པའོ། །བཙུན་པ་རབ་འབྱོར་དེ་བས་ན་འཇིག་རྟེན་གྱི་ཐ་སྙད་ལོག་པ་འཕགས་པ་རྣམས་ལ་རྗོད་པར་མི་འོས་སོ། །བཙུན་པ་རབ་འབྱོར་འཇིག་རྟེན་ནི་བསྲུང་བར་བྱ་བ་ཡིན་ཏེ། དོན་དམ་པས་དངངས་སུ་འོང་ཞེས་དེ་ལ་འཕགས་པ་རྣམས་སྙིང་རྗེ་ཆེན་པོས་བདེན་པ་ཡང་དག་པ་བཏང་ནས་བྱིས་པ་རྣམས་ལ་ལོག་པར་ཐ་སྙད་འདོགས་ཀྱི། འཕགས་པ་རྣམས་ལ་མ་ཡིན་ཏེ། འཕགས་པ་རྣམས་ནི་བདེན་པ་ཡང་དག་པ་ལ་དགའ་བའོ་ཞེས་འཕགས་པ་རྣམས་ལ་བདེན་པ་བརྗོད་དོ། །འཕགས་པ་རྣམས་ཀྱི་བདེན་པ་གང་ཞེ་ན། བཙུན་པ་རབ་འབྱོར་ཤིན་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ། འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །སྨྲས་པ། རིགས་ཀྱི་བུ་སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། བདེན་པ་བཞི་མེད་དམ། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་སྡུག་བསྔལ་འདུས་བྱས་མ་ཡིན་ནམ། སྨྲས་པ། དེ་དེ་བཞིན་ཏེ་སྡུག་བསྔལ་ནི་འདུས་བྱས་སོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་བརྫུན་པ་སླུ་བའི་ཆོས་སོ་ཞེས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་དེ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། གལ་ཏེ་སྡུག་བསྔལ་ནི་འདུས་བྱས་ཏེ་དེ་བརྫུན་པ་ཡིན་ན། ཁྱོད་འདི་ལྟར་ཅི་ཞིག་ལས་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་སེམས། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་སྡུག་


DKG065_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ནི་འདུས་བྱས་ཏེ་བརྫུན་པའོ། །སྡུག་བསྔལ་ཡོངས་སུ་ཤེས་པ་ནི་བདེན་པའོ། །སྨྲས་པ། གལ་ཏེ་སྡུག་བསྔལ་ནི་འདུས་བྱས་བརྫུན་པ་སླུ་བའི་ཆོས་ཅན་ཏེ་ཡང་དག་པ་མ་ཡིན་ན་དེ་ཡོངས་སུ་ཤེས་པ་ཡང་བདེན་པར་རུང་ངམ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ལྟའོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པ་འཕགས་པའི་བདེན་པར་ག་ལ་འགྱུར། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་འགོག་པ་ནི་འདུས་མ་བྱས་པ་ཡིན་ན། དེ་ཅིའི་ཕྱིར་འཕགས་པའི་བདེན་པར་མི་འགྱུར། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་ཅི་འགོག་པ་དེ་ཉིད་འགོག་པའི་བདེན་པའམ་འོན་ཏེ་ཆོས་གཞན་འགའ་ཞིག་འགགས་པ་ལགས་སམ། ཅི་ཞིག་འགགས་པས་འགོག་པའི་བདེན་པར་ཡིད་ཆེས། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་སྡུག་བསྔལ་འགོག་པས་འགོག་པའི་བདེན་པ་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། གནས་བརྟན་རབ་འབྱོར་གྱིས་སྡུག་བསྔལ་ནི་འདུས་བྱས་ཏེ། བརྫུན་པ་སླུ་བའི་ཆོས་སོ་ཞེས་མ་སྨྲས་སམ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ལྟའོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་གང་བརྫུན་པ་ཡང་དག་པར་མ་ཡིན་པ་དེ་ལ་ནི་འགོག་པ་མེད་ན་ཁྱོད་ཀྱི་སྡུག་བསྔལ་དེ་འགོག་པར་ག་ལ་འགྱུར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་ལ་བདག་རྗེས་སུ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཁྱོད་ཀྱི་སྤོབས་པ་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ནི་གང་། བདེན་པ་མངོན་པར་རྟོགས་པ་ནི་གང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བདེན་པའི་ཚུལ་དང་འགལ་བ་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་མངོན་པར་རྟོགས་པ་ནི་བདེན་པ་མངོན་པར་རྟོགས་


DKG065_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་པར་རྟོགས་པ་ནི་བདེན་པ་མངོན་པར་རྟོགས་པའོ། །ཆོས་ཐམས་ཅད་ནི་སྟོང་པ་སྟེ། སྟོང་པ་ཉིད་ཁོང་དུ་ཆུད་པ་ནི་བདེན་པའོ། །སྟོང་པ་ཉིད་མངོན་པར་རྟོགས་པ་ནི་བདེན་པ་མངོན་པར་རྟོགས་པའོ། །ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ་མི་སྐྱེ་བ་ཁོང་དུ་ཆུད་པ་ནི་བདེན་པའོ། །མི་སྐྱེ་བ་མངོན་པར་རྟོགས་པ་ནི་བདེན་པ་མངོན་པར་རྟོགས་པའོ། །བཙུན་པ་རབ་འབྱོར་གང་དུ་བདེན་པ་མངོན་པར་རྟོགས་པ་དེ་ལ་ཆོས་གང་ཡང་སྒྲུབ་པའམ་སྤང་བ་མེད་དོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་མངོན་པར་རྟོགས་པ་ནི་ཆོས་གང་ཡང་མངོན་པར་མི་སྒྲུབ་སྟེ། བཙུན་པ་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་མངོན་པར་རྟོགས་པའོ། །བཙུན་པ་རབ་འབྱོར་བདེན་པ་བདེན་པ་ཞེས་བྱ་བ་འདི་ནི་འགྱུར་བ་མེད་པའི་ཆོས་ཀྱི་ཚིག་བླ་དགས་སོ། །བཙུན་པ་རབ་འབྱོར་ཅི་ཙམ་དུ་རྟོག་པ་དེ་ཙམ་དུ་ལོག་པ་སྟེ། རྟོག་པ་དང་བྲལ་བ་ནི་ཐར་པའོ། །བཙུན་པ་རབ་འབྱོར་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པས་ཁྱོད་རྙེད་པ་ལེགས་པར་རྙེད་དོ་ཞེས་སྨྲས་པ་ནི་བཙུན་པ་རབ་འབྱོར་གང་དག་རྙེད་པ་ལེགས་པར་རྙེད་པ་དེ་དག་ལ་ནི་ལུང་མི་སྟོན་ཏོ། །གང་དག་རྙེད་པ་ལེགས་པར་མ་རྙེད་ཅིང་རྙེད་པ་མེད་པ་དེ་དག་ལ་ནི་ལུང་སྟོན་ཏོ། །གང་དག་རྙེད་པས་དགའ་བར་མི་སེམས་ཤིང་མ་རྙེད་པས་སྲོ་ཤི་བར་མི་འགྱུར་བ་དེ་དག་ལ་ལུང་སྟོན་ཏོ། །གང་དག་འཁོར་བ་ལས་ཀྱང་མི་གཡོ་ལ་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་བ་དེ་དག་ལ་ལུང་སྟོན་ཏོ། །གང་དག་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མི་གཡོ་ལ་ངེས་པར་གྱུར་པ་ཡང་ཐོབ་པར་འགྱུར་བ་དེ་དག་ལ་ལུང་སྟོན་ཏོ། །གང་དག་ལུང་བསྟན་པ་ཐོས་ན་དགའ་བར་མི་སེམས་པ་དེ་དག་ལ་ལུང་སྟོན་ཏོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཁོང་དུ་ཆུད་པ་འདི་ཟབ་པོ། །སྨྲས་པ། བཙུན་པ་རབ་འབྱོར་གང་དག་རྟོགས་པས་ཁོང་དུ་ཆུད་པ་མཐོང་བ་དེ་དག་གི་ཁོང་དུ་ཆུད་པ་ཟབ་པོ། །རབ་འབྱོར་གྱིས་སྨྲས་པ། ཁོང་དུ་ཆུད་པ་འདི་བལྟ་དཀའོ། །སྨྲས་པ། བཙུན་པ་རབ་འབྱོར་ལྟ་འདོད་པ་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་པ། ཁོང་དུ་ཆུད་


DKG065_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྟོགས་པར་དཀའོ། །སྨྲས་པ། བཙུན་པ་རབ་འབྱོར་མི་བརྩོན་པ་རྣམས་ཀྱིས་སོ། །སྨྲས་པ། རིགས་ཀྱི་བུ་ཚུལ་འདི་ལ་སུ་ཞིག་འཇུག་པར་འགྱུར། སྨྲས་པ། གང་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་བ་དང་། དགེ་བའི་རྩ་བ་མ་བསྐྱེད་པ་མ་ཡིན་པ་དང་སངས་རྒྱས་བྱུང་བ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ཡིན། སྨྲས་པ་གང་སྒྲུབ་པ་སྟེན་པའོ། །སྨྲས་པ། རིགས་ཀྱི་བུ་སྒྲུབ་པ་ལ་གནས་པ་ཇི་ལྟར་རིག་པར་བྱ། སྨྲས་པ། གང་སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པའོ། །སྨྲས་པ། སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པ་ཇི་ལྟ་བུ། སྨྲས་པ། གང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མི་འདོར་བའོ། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་གང་། སྨྲས་པ། གང་ལུས་དང་སྲོག་དང་། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བྱིན་ཡང་ལན་དུ་ཕན་འདོགས་པ་ལ་མི་རེ་བའོ། །སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་གང་། སྨྲས་པ། གང་ཐོག་མ་ཁོ་ནར་སེམས་ཅན་རྣམས་བྱང་ཆུབ་པར་འདོད་ཀྱི་བདག་ནི་མ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་བདུན་ཁྲི་དྲུག་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ཡང་དེའི་ཚེ་ལྷའི་བུ་བཟང་སེམས་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་གྱི་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་གྱི་གནས་ནི་བསམ་པ་ཕུན་སུམ་ཚོགས་པའི་སེམས་བསྐྱེད་པའོ། །


DKG065_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྤྱོད་ཡུལ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་སྦྱིན་པ་ཡང་སྤྱོད་ཡུལ་ལ་རྣམ་པར་སྨིན་པ་ལ་རེ་བ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཚུལ་ཁྲིམས་མ་ཉམས་པ་ཡང་སྤྱོད་ཡུལ་ལ་རྣམ་པར་མི་རྟོག་པའི་ཚུལ་ཁྲིམས་ལ་ཡང་མངོན་དུ་ཕྱོགས་པ་ཡིན། བཟོད་པ་ཡང་སྤྱོད་ཡུལ་ལ་མི་གཉིས་པའི་ཆོས་ལ་ཡང་མངོན་དུ་ཕྱོགས་པ་ཡིན། བརྩོན་འགྲུས་ཀྱང་སྤྱོད་ཡུལ་ལ་བརྩམ་པ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། བསམ་གཏན་ཡང་སྤྱོད་ཡུལ་ལ་ཤིན་ཏུ་སྙོམས་པར་ཞུགས་པའི་ཆོས་ཐམས་ཅད་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཤེས་རབ་ཀྱང་སྤྱོད་ཡུལ་ལ་སྤྲོས་པ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཐོས་པ་ཡོངས་སུ་ཚོལ་བ་ལ་ཡང་སྤྱོད་ཡུལ་ལ་བརྗོད་དུ་མེད་པ་ཡང་མངོན་དུ་ཕྱོགས་པ་ཡིན། ཞི་གནས་ཀྱང་སྤྱོད་ཡུལ་ལ་ཤིན་ཏུ་ཞི་བ་དང་། རབ་ཏུ་ཞི་བ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ལྷག་མཐོང་ཡང་སྤྱོད་ཡུལ་ལ་ཆོས་ཐམས་ཅད་བསྟན་དུ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། དྲན་པ་ཉེ་བར་གཞག་པ་ཡང་སྤྱོད་ཡུལ་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཡང་དག་པར་སྤོང་བ་ཡང་སྤྱོད་ཡུལ་ལ་མངོན་པར་འདུ་མི་བྱེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་ཡང་སྤྱོད་ཡུལ་ལ་སྨོན་པ་ཐམས་ཅད་ཡང་དག་པར་ཆད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། དབང་པོ་ཡང་སྤྱོད་ཡུལ་ལ་དབང་པོ་ལས་འདས་པའི་ཆོས་རྣམས་ལ་ཡང་མངོན་དུ་ཕྱོགས་པ་ཡིན། སྟོབས་ཀྱང་སྤྱོད་ཡུལ་ལ་དབྱེར་མེད་པའི་ཆོས་ལ་ཡང་མངོན་དུ་ཕྱོགས་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་ཀྱང་སྤྱོད་ཡུལ་ལ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ལམ་ཡང་སྤྱོད་ཡུལ་ལ་ལམ་ངན་པར་ཞུགས་པའི་སེམས་ཅན་ཡོངས་སུ་བསྐྱབ་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་སྤྱོད་ཡུལ་ལ་ཆོས་ཐམས་ཅད་ལ་ཡང་མངོན་དུ་ཕྱོགས་པ་ཡིན། འདུལ་བ་ཡང་སྤྱོད་ཡུལ་ལ་ཆོས་ཐམས་ཅད་


DKG065_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དུལ་བར་བསྒོམ་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་ཡང་སྤྱོད་ཡུལ་ལ་ཕ་རོལ་དང་ཚུ་རོལ་ལ་མི་ཆགས་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། འཁོར་བ་ཡང་སྤྱོད་ཡུལ་ལ་མྱ་ངན་ལས་འདས་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན་མྱ་ངན་ལས་འདས་པ་ཡང་སྤྱོད་ཡུལ་ལ་མངོན་པར་འདུ་བྱེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། སྐྱེ་བ་ཡང་སྤྱོད་ཡུལ་ལ་མ་སྐྱེས་པ་དང་མ་བྱུང་བ་ཡང་མངོན་དུ་ཕྱོགས་པ་ཡིན། ཕུང་པོ་ཡང་སྤྱོད་ཡུལ་ལ་ཉོན་མོངས་པ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཁམས་ཀྱང་སྤྱོད་ཡུལ་ལ་དབྱེར་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། སྐྱེ་མཆེད་ཀྱང་སྤྱོད་ཡུལ་ལ་འཕགས་པའི་སྐྱེ་མཆེད་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཆོས་ཉན་པ་ཡང་སྤྱོད་ཡུལ་ལ་ངེས་པར་སེམས་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཆོས་སྟོན་པ་ཡང་སྤྱོད་ཡུལ་ལ་བརྗོད་དུ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། གཟུགས་ཀྱི་སྐུ་རྣམ་པར་སྒྲུབ་པ་ཡང་སྤྱོད་ཡུལ་ལ་ཆོས་ཀྱི་སྐུ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་ཡང་སྤྱོད་ཡུལ་ལ་འཇུག་པ་མེད་པ་དང་། ལྡོག་པ་མེད་པ་ལ་ཡང་མངོན་དུ་ཕྱོགས་པ་ཡིན། ཉན་ཐོས་ཀྱང་སྤྱོད་ཡུལ་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་མངོན་དུ་ཕྱོགས་པ་ཡིན། རང་སངས་རྒྱས་ཀྱང་སྤྱོད་ཡུལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་དུ་ཕྱོགས་པ་ཡིན་ཏེ། ལྷའི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བྱང་ཆུབ་སེམས་དཔའི་ཆོ་ག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་བདེ་བ་ལ་མི་ལྟ་བ་དང་། སེམས་ཅན་གཞན་བདེ་བ་ལ་གཏོང་བ་དང་། འཁོར་བ་ན་གནས་ཤིང་ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། མྱ་ངན་ལས་འདས་པ་ལ་གནས་ཤིང་སྙིང་རྗེ་ཆེན་པོ་ལས་ཕྱིར་མི་ལྡོག་པ་དང་། མྱ་ངན་ལས་འདས་པ་ལག་མཐིལ་དུ་འོངས་ཀྱང་ཐོབ་པར་མི་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་བ་ཉིད་ཀྱི་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བ་དང་། སེམས་


DKG065_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་དང་བ་མཚུངས་པ་དང་། སེམས་ཅན་ཐམས་ཅད་མཚུངས་པར་དད་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཚུངས་པ་དང་། བགེད་པའི་རང་བཞིན་ཅན་དང་། ཟང་ཟིང་མེད་པའི་ཆོས་སྟོན་པ་དང་། རུང་བ་ལ་ཚོད་ཤེས་པ་དང་། དབེན་པ་ལ་མངོན་པར་དགའ་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། སྐྱེ་བོ་མང་པོའི་དྲུང་དུ་གནས་ཤིང་ཆོས་ཡང་དག་པར་སྟོན་པ་ལ་སྙོམ་ལས་མེད་པ་དང་། གྲོང་དང་། གྲོང་ཁྱེར་དུ་ཞུགས་ནས་བྱམས་པ་ལ་མངོན་པར་ཕྱོགས་པ་དང་། རྙེད་པ་དང་བཀུར་སྟི་ལ་མངོན་པར་མི་དགའ་བ་དང་། འཇིག་རྟེན་པའི་འདུ་འཛི་ལས་འབྱོལ་བ་དང་། རིགས་པ་དང་བཅས་ཤིང་སྙན་པ་དང་། འཇམ་པོར་སྨྲ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་དངོས་པོ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་། གསོང་པོར་སྨྲ་བ་དང་། ཁྲོ་གཉེར་མེད་པ་དང་། རྟག་ཏུ་གཞན་གྱི་དོན་ལ་དགའ་བ་དང་། ཐམས་ཅད་དུ་སེམས་ཆགས་པ་མེད་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་མངོན་པར་མི་དགའ་བ་དང་། འཕགས་པའི་སྐྱེ་བོ་དང་འགྲོགས་པ་དང་། འཕགས་པ་མ་ཡིན་པའི་སྐྱེ་བོ་རྣམ་པར་སྤོང་བ་དང་། སངས་རྒྱས་ལ་བདག་ཉིད་ཙམ་དུ་ཕངས་པར་སེམས་པ་དང་། ཆོས་ལ་སྲོག་ཙམ་དུ་གཅེས་པར་འཛིན་པ་དང་། སྒྲུབ་པ་ལ་ཡན་ལག་གི་དམ་པ་མགོ་ཙམ་དུ་གཅེས་པར་སེམས་པ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་གྱིས་ཆོག་པར་སེམས་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་སྟོན་པ་ཙམ་དུ་ཕངས་པར་སེམས་ཤིང་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་། ལུང་ནོད་པ་དང་། ཁ་དོན་ལ་བརྩོན་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མངོན་དུ་བྱེད་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཚུལ་བཞིན་སོ་སོར་རྟོག་པ་དང་། ཤེས་རབ་ཀྱིས་རབ་ཏུ་རྟོགས་པར་བྱེད་པ་དང་། སེམས་ལ་རྙོག་པ་མེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ནང་དུ་སོ་སོར་རྟོག་པ་དང་། ཕྱི་རོལ་དུ་


DKG065_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒྱུག་པ་དང་། ལུས་ཡོངས་སུ་གཏོང་བ་དང་། ཞེ་སྡང་རྣམ་པར་སྤོང་བ་དང་། གཏི་མུག་རྣམ་པར་འཇོམས་པ་དང་། ཤེས་རབ་འབར་བར་བྱེད་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་། འདུལ་བ་ལས་ཕྱིར་མི་འདའ་བ་དང་། ཐམས་ཅད་དུ་སེམས་ཅང་ཤེས་པ་དང་། ཐམས་ཅད་དུ་ཤེས་བཞིན་དང་ལྡན་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དང་། སེམས་དྲི་མ་མེད་ཅིང་འོད་གསལ་བ་དང་། རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་བརྩོན་པ་དང་། བརྩོན་པ་མི་འདོར་བ་དང་། རྟག་ཏུ་དགེ་བ་གང་ཡིན་ཚོལ་ཞིང་ཇི་ལྟར་ཐོས་པའི་ཆོས་རྣམས་ཆུད་མི་གཟོན་པ་དང་། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་དང་། སེམས་ཟང་ཟིང་མེད་པ་དང་། རྟག་ཏུ་དབང་པོ་བསྡམས་པ་དང་། རྟག་ཏུ་སེམས་མཉམ་པར་བཞག་པ་དང་། མྱ་ངན་ལས་འདས་པ་ལ་གཞོལ་བ་དང་། འཁོར་བ་མི་གཏོང་བ་དང་། རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་གྱིས་མི་སྒུལ་བ་དང་། ཐམས་ཅད་དུ་ཚོད་ཤེས་པ་དང་། ཐམས་ཅད་དུ་དྲན་པ་ཉེ་བར་གཞོག་པ་དང་། སྦྱིན་པས་ལོངས་སྤྱོད་ཆེ་བ་དང་། ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། བཟོད་པས་མཛེས་པ་དང་། བརྩོན་འགྲུས་ཀྱིས་ཉོན་མོངས་པ་ཡོངས་སུ་འདོར་བ་དང་། བསམ་གཏན་རྣམས་ཀྱིས་སེམས་ལས་སུ་རུང་བ་དང་། ཤེས་རབ་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་རྟོག་པ་དང་། བསྡུ་བའི་དངོས་པོ་རྣམས་ཀྱིས་ཁ་ན་མ་ཐོ་བ་མེད་པ་དང་། ཚངས་པའི་གནས་པ་རྣམས་ཀྱིས་དུལ་བ་དང་། བདེན་པ་དང་། གཏོང་བ་དང་། ཉེ་བར་ཞི་བ་དང་། ཤེས་རབ་ཀྱི་བྱིན་གྱི་རླབས་རྣམས་ཀྱིས་སེམས་ཤིན་ཏུ་དུལ་བ་དང་། བསམ་གཏན་རྣམས་ཀྱིས་སེམས་ཡིད་དུ་འོང་བ་དང་། ཏིང་ངེ་འཛིན་རྣམས་ཀྱིས་ཟབ་པ་དང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། སྟོང་པ་ཉིད་སྒོམ་པས་ལྟ་བ་དང་བྲལ་བ་དང་། མཚན་མ་མེད་པ་སྒོམ་པས་རྣམ་པར་མི་རྟོག་པ་དང་། སྨོན་པ་མེད་པ་སྒོམ་པས་ཡོངས་སུ་འཛིན་པ་མེད་པ་


DKG065_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕ་རོལ་ཏུ་ཕྱིན་པ་སྒོམ་པས་ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཏོད་པ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྐོང་བ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་ཚོལ་བས་ཡོན་ཏན་ཐམས་ཅད་སྐྱེ་བའི་སྒོ་དང་། སློབ་དཔོན་དང་། མཁན་པོ་དང་། བླ་མ་ལ་སྲི་ཞུ་བྱེད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་དང་། རང་གི་ལུས་དང་སེམས་ཡོངས་སུ་ཤེས་པས་ཐམས་ཅད་ཤེས་པ་ཉིད་དང་། ང་རྒྱལ་མེད་པས་གཟི་བརྗིད་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ཕྱག་འཚལ་བས་སྤྱི་གཙུག་བལྟར་མི་མཐོང་བ་དང་། ཆོ་མ་ཆོ་དགུ་བྱིན་པས་མཚན་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་དང་འཐུན་པར་འཇུག་པས་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པས་ཅང་ཤེས་པའི་ས་དང་། བྱང་ཆུབ་ཀྱི་སེམས་ཡང་དག་པར་རབ་ཏུ་སྟོན་པས་ཕྱིར་མི་ལྡོག་པའི་ས་དང་། སྟོང་པ་ཉིད་རབ་ཏུ་སྟོན་པས་བག་ཆགས་ཡང་དག་པར་འཇོམས་པ་དང་། ཆོས་བྱིན་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང་། དྲན་པ་རབ་ཏུ་བྱིན་པས་གཟུངས་ཐོབ་པ་དང་། ཆོས་ཁོང་དུ་ཆུད་པས་སྤོབས་པ་ཐོབ་པ་དང་། སྤོབས་པ་ཉེ་བར་སྒྲུབ་པས་ཕྱད་པར་ལུང་སྟོན་པ་དང་། ཉམ་ཆུང་བ་རྣམས་ལ་བཟོད་པས་སྲེད་མེད་ཀྱི་བུའི་ལུས་ཐོབ་པ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་བཟོད་པས་མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་དང་བར་འགྱུར་བ་དང་། གཞན་དག་གིས་གནོད་སེམས་རབ་ཏུ་ཞི་བར་བྱེད་པ་དང་། རྟག་ཏུ་མཉམ་པར་བཞག་པ་དང་། བརྩོན་འགྲུས་བརྩམས་པ་མངོན་པར་ཤེས་པར་འགྱུར་བ་དང་། ཏིང་ངེ་འཛིན་རབ་ཏུ་འབྱིན་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། སྤྱོད་ལམ་ཡང་དག་པར་རབ་ཏུ་བྱིན་པས་ཀུན་དུ་མཛེས་པ་དང་། དགེ་བའི་བཤེས་གཉེན་ལ་སྦྱོར་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་འགྲོགས་པ་དང་། འདོད་པ་


DKG065_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཏོང་བས་འཇིག་རྟེན་ཐམས་ཅད་ཡིད་ཆེས་པ་དང་། ཁྲོ་བ་ཡོངས་སུ་འདོར་བས་འཇིག་རྟེན་ཐམས་ཅད་དགའ་བ་དང་། ཕྲག་དོག་ཡོངས་སུ་འདོར་བས་རྙེད་པ་ཐམས་ཅད་ཀྱི་མཆོག་དང་གྲགས་པའི་མཆོག་དང་། གནས་བྱིན་པས་འཇིག་རྟེན་ཐམས་ཅད་རྟོན་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་རབ་ཏུ་བྱིན་པས་ཆོས་ལ་རབ་ཏུ་དགའ་བ་དང་། གྲགས་པའི་སྒྲ་དང་། གསོང་པོར་སྨྲ་བས་ངག་ཡོངས་སུ་དག་པ་དང་། སྙན་པར་སྨྲ་བས་ཚངས་པའི་སྒྲ་དང་། འཇམ་པོར་སྨྲ་བས་བྱ་ཀ་ལ་པིང་ཀའི་སྒྲ་སྐད་དང་། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་འཇིག་རྟེན་ཐམས་ཅད་དུ་གྲགས་པ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བས་དཔང་གཅིག་པོར་འགྱུར་བ་དང་། ལྟུང་བ་མི་གླེང་བས་མངལ་གྱི་གནས་ལས་ཡང་དག་པར་འདའ་བ་དང་། སྲོག་གཅོད་པ་སྤོང་བས་ཚེ་དཔག་ཏུ་མེད་པ་དང་། རྐུན་པོ་ཡོངས་སུ་སྤོང་བས་ནམ་མཁའི་མཛོད་དང་། སྡུག་པའི་དངོས་པོ་ཡོངས་སུ་གཏོང་བས་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བས་ལོངས་སྤྱོད་མི་ཟད་པ་དང་། འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤོང་བས་སྐྱེས་བུ་ཆེན་པོ་དང་། བརྫུན་དུ་སྨྲ་བ་ཡོངས་སུ་སྤོང་བས་ངག་གི་གསང་བ་ཐོབ་པ་དང་། ཕྲ་མ་ཡོངས་སུ་སྤོང་བས་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་དང་། ངག་རྩུབ་པོ་ཡོངས་སུ་སྤོང་བས་འཇིག་རྟེན་གྱིས་བསྟོད་པའི་སྣོད་དང་། ཚིག་ཀྱལ་པ་མི་སྨྲ་བས་གཡོག་མི་ཕྱེད་པ་དང་། བརྣབ་སེམས་ཡོངས་སུ་སྤོང་བས་གཏེར་ཆེན་པོ་རྙེད་པ་དང་། གནོད་སེམས་ཡོངས་སུ་སྤོང་བས་སྟེགས་སུ་གྱུར་པ་དང་། ལོག་པར་ལྟ་བ་ཡོངས་སུ་སྤོང་བས་འཇིག་རྟེན་ཐམས་ཅད་རྟོན་པ་དང་། ཆོས་རྒྱ་ཆེན་པོ་ལ་སྤྱོད་པས་སྟོབས་བཅུ་ཉིད་དང་། སྦྱིན་པ་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ལ་མི་རེ་བས། སངས་རྒྱས་ཀྱི་ཆོས་ཕྱིར་མི་ལྡོག་པ་ཐོབ་པ་དང་། ཀུན་དུ་འཛིན་པ་ཐམས་ཅད་ཡོངས་སུ་གཏོང་བས། མི་འཇིགས་པ་ཐོབ་པ་སྟེ། རིགས་ཀྱི་བུ་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བྱང་ཆུབ་སེམས་དཔའི་ཆོ་ག་བསྟན་ཀྱང་མཐར་


DKG065_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པར་མི་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་ག་ཚད་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོ་ག་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་བྱང་ཆུབ་རྙེད་པར་དཀའ་བའི་འདུ་ཤེས་ཅན་མ་ཡིན་ནོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་བཞིན་དང་ལྡན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་གང་བྱང་ཆུབ་སེམས་དཔའ་རྟག་ཏུ་ཏིང་ངེ་འཛིན་མི་འདོར་ལ། ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་བ་དང་། ཏིང་ངེ་འཛིན་ལས་ལོག་ནས། གང་དུ་སེམས་ཅན་གྱི་དོན་བྱ་བ་དེར་སྐྱེ་བ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་བཞིན་དང་ལྡན་པ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དབེན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་ཐམས་ཅད་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་སུ་མཐོང་བ་དེ་སྐྱེ་བོ་མང་པོའི་ནང་དུ་སོང་ཡང་དབེན་པར་ཤེས་པར་བྱ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དབེན་པ་ཞེས་བྱའོ། །གང་གཉིས་ལ་བློ་མི་འཇུག་པ་དེ་ནི་ཤིན་ཏུ་དབེན་པ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ནམ་བྱང་ཆུབ་སེམས་དཔའི་ཡིད་ཀྱིས་སྨོན་པ་ཐམས་ཅད་བྲལ་ཞིང་། ཆོས་གང་ཡང་གཟུང་བར་རམ། སྤང་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། དེ་གང་དང་གང་ཡང་དག་པར་རྗེས་སུ་མཐོང་བ་དེ་དང་དེ་སྟོང་པ་དང་། ཡང་དག་པ་མ་ཡིན་པར་མཐོང་བ་སྟེ། ལྷའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་


DKG065_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བྱང་ཆུབ་སེམས་དཔས་གང་བདག་དང་སེམས་ཅན་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པར་ཡང་དག་པར་རྗེས་སུ་མཐོང་བའོ། །ལྷའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དུལ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་རྣམ་པར་རྟོག་པ་རྣམས་ཀྱིས་མི་འཕྲོགས་པའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། ཇི་ལྟར་ན་ཞི་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ཞི་བ་ཞེས་བྱའོ། །ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་རང་གི་ཁ་ན་ལས་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཀུན་ནས་ཉོན་མོངས་པ་ཡོངས་སུ་སྤོང་བ་དེ་ལྟ་དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་རྣམས་ནི། གང་ནས་ཀྱང་བླང་བ་མ་ལགས། གང་དུ་ཡང་བསྐུར་བ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་ཡེ་ཤེས་རྣམ་པར་དག་པ་ནི་བྱང་ཆུབ་སྟེ། བཅོམ་ལྡན་འདས་དེ་ལྟར་བཟོད་པའི་རྗེས་སུ་ཞུགས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལགས་སོ། །གང་འདི་ལྟར་འཚལ་བ་དེ་ནི། ཐམས་ཅད་མཁྱེན་པ་ལགས་སོ། །བཅོམ་ལྡན་འདས་གང་དག་མཉམ་པ་ཉིད་འདི་ལ་ཞུགས་པ་དེ་དང་དེ་དག་ནི། བཅོམ་ལྡན་འདས་སྦྱིན་པ་ཕུན་སུམ་ཚོགས་པ་ལགས་སོ། །གང་དག་ཆོས་མཉམ་པ་ཉིད་འདི་ལ་སྟེན་པ་དེ་དང་དེ་དག་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལགས་སོ། །གང་དག་ཆོས་མཉམ་པ་ཉིད་འདི་ཉིད་ལ་བཟོད་པ་དེ་དང་དེ་དག་ནི། བཟོད་པ་ཕུན་སུམ་ཚོགས་པ་ལགས་


DKG065_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཐོས་པ་དང་། སེམས་པ་དང་། སྒོམ་པ་ལ་བརྩོན་པ་དེ་དང་དེ་དག་ནི། བརྩོན་འགྲུས་ཕུན་སུམ་ཚོགས་པ་ལགས་སོ། །གང་དག་ཆོས་མཉམ་པ་ཉིད་འདི་ལ་ངེས་པར་རྟོག་པ་དེ་དང་དེ་དག་ནི། བསམ་གཏན་ཕུན་སུམ་ཚོགས་པ་ལགས་སོ། །གང་དག་ཆོས་མཉམ་པ་ཉིད་འདི་རྣམ་པར་དཔྱོད་པ་དེ་དང་དེ་དག་ནི། ཤེས་རབ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་གང་དད་པ་རྙེད་པ་དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ་། །དེ་དག་གིས་ཆོས་མངོན་སུམ་དུ་བགྱིས་སོ། །བཅོམ་ལྡན་འདས་དེ་དག་གིས་བདུད་བཏུལ་ཏོ། །བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པ་དེ་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལགས་སོ། །བཅོམ་ལྡན་འདས་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཁོང་དུ་ཆུད་པ་དེ་དག་ཆོས་རྟོགས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་བཟང་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཟང་སེམས་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བཟང་སེམས་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། ཆོས་ཀྱི་རྣམ་གྲངས་འདི་ལས་རབ་ཏུ་བསྟན་ཏོ། །གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དེ་ཐམས་ཅད་ཀྱང་། ཆོས་ཀྱི་རྣམ་གྲངས་འདི་ལས་བཤད་དོ། །བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བ་དེ་དག་ནི། རྙེད་པ་ཆེན་པོ་འབྱོར་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་སོང་བ་དེ་དག་ནི། ཆོས་ཀྱི་གཏེར་ཆེན་པོ་ཐོབ་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་འཛིན་པ་དེ་དང་དེ་དག་ནི། དེ་བཞིན་གཤེགས་པས་ཡིད་བརྟན་པའོ། །དེ་དང་དེ་དག་ནི་གསང་བ་འཛིན་པའོ། །དེ་དང་དེ་དག་ནི་དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་མཆོད་པས་མཆོད་པར་བྱེད་པའོ། །


DKG065_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང་ཐོས་ནས་ཀྱང་མོས་པ་དེ་དང་དེ་དག་ནི་ལྷའི་བུ་ང་ལ་ལན་དུ་ཕན་འདོགས་པའོ། །ལྷའི་བུ་དེ་དག་ནི་ཕྱོགས་ཐམས་ཅད་དུ་མུན་པ་མེད་པར་བྱེད་པར་འགྱུར་བའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་བཀའ་སྩལ་པ། ཁྱེད་ལས་སུ་དག་ཕྱི་མའི་ཚེ་ཕྱི་མའི་དུས། ལྔ་བརྒྱ་པ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་པར་སུ་སྤྲོ། དེ་ནས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སླད་མའི་དུས་ན། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བཤད་པར་སྤྲོའོ། །བཅོམ་ལྡན་འདས་རྩོམ་པ་མང་པོས་ནི། དམ་པའི་ཆོས་ཡོངས་སུ་འཛིན་པར་རྔོ་མི་ཐོགས་སོ། །བདག་ནི་སེམས་འཛིན་པ་མ་མཆིས། རྩོམ་པ་མ་མཆིས་ཤིང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྟེ། ཟང་ཟིང་མ་མཆིས་པའི་སེམས་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ལ་རེ་བ་མ་མཆིས་པས། ཆོས་ཟབ་མོ་ལ་བཟོད་པ་འདི་ཡང་དག་པར་བཤད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྙེད་པ་དང་། བཀུར་སྟི་ལ་གནས་པས་ནི། དམ་པའི་ཆོས་ཡོངས་སུ་འཛིན་པར་རྔོ་མི་ཐོགས་པའི་སླད་དུའོ། །བཅོམ་ལྡན་འདས། སེམས་ཅན་གང་དག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། བྲིས་ཏེ་གླེགས་བམ་དུ་བགྱིས་ནས་འཆང་བར་འགྱུར་བ་དེ་དག་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱི་བྱིན་གྱི་བརླབས་སུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་


DKG065_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སེམས་དེ་འདྲ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་ནུས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གང་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དེས། དམ་པའི་ཆོས་ཡོངས་སུ་འཛིན་པར་རྔོ་ཐོགས་སོ། །བདག་ནི་སྙིང་རྗེ་ཆེན་པོ་ལ་དམིགས་ནས། ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱམས་པའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་འཛིན་པར་རྔོ་ཐོགས་སོ། །དེ་ཅིའི་སླད་དུ་ཞེ་ན། གནོད་སེམས་མང་པོ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་བདག་ནི་བྱམས་པའི་སེམས་ཀྱིས། ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་མཐོང་ན་དགས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱིས་མཐོང་ན་ངོམས་པར་མི་འགྱུར་བ་དེས། དམ་པའི་ཆོས་ཡོངས་སུ་འཛིན་པར་རྔོ་ཐོགས་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་དོན་དུ་སྡུག་བསྔལ་ཐམས་ཅད་ལ་སྤྲོ་བ་དང་། གང་ཡང་སེམས་ཅན་རྣམས་སངས་རྒྱས་ཉིད་ཡང་དག་པར་བསྒྲུབ་པར་འཚལ་ཞིང་། སེམས་ཅན་ཐམས་ཅད་བསྒྲལ་ནས་སླད་ཀྱིས་བདག་རྒལ་བར་འཚལ་བ་དེ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཉིད་ཡང་དག་པར་བསྒྲུབ་པར་འཚལ་ལོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་བསྒྲལ་ནས། སླད་ཀྱིས་


DKG065_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒལ་བར་འཚལ་ལོ། །བསྒྲལ་བར་བགྱི་བ་དང་། སྒྲོལ་བ་པོ་དང་། བསྒྲལ་བ་ཡང་མི་དམིགས་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སེམས་དང་ལྡན་པས། ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱིའོ། །འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་གང་འདི་ལྟར་བདག་གིས་དམ་པའི་ཆོས་ཡོངས་སུ་གཟུང་ངོ་སྙམ་པ་འདི་ནི། འཇིག་རྟེན་གྱི་ཕྱིན་ཅི་ལོག་གོ །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི། རེ་ཞིག་བདག་ཉིད་དུལ་བར་བགྱི། བདག་ཉིད་ཞི་བར་བགྱིའོ། །དེ་བདག་ཉིད་དུལ་ཞིང་ཞི་ལ་ཉེ་བར་ཞི་ནས། ཆོས་ཀྱི་ངོ་བོ་ཉིད་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་རྔོ་ཐོགས་ཏེ། བཅོམ་ལྡན་འདས་བདག་ནི་བདག་ཉིད་དུལ་ཞིང་ཞི་ལ་ཉེ་བར་ཞི་ནས། ཆོས་ཀྱི་ངོ་བོ་ཉིད་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་ཟིན་པ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་དག་འདི་ལྟར་ཁྱོད་ཅག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། དམ་པའི་ཆོས་ཡོངས་སུ་གཟུང་བར་སྤྲོ་བ་ནི། ལེགས་སོ་ལེགས་སོ། །འདི་ནི་ཁྱོད་དང་འཚམ་མོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་སོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་དག །ཆོས་ཡང་དག་པར་བརྗོད་པ་དང་རབ་ཏུ་ལྡན་པའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་དང་། བཀླགས་པ་དང་། ཀུན་ཆུབ་པར་བྱས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐྱེ་བ་མེད་པ། འགག་པ་མེད་པའི་སྐུ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་སྐུའོ་ཞེས། སངས་རྒྱས་ལ་སྣང་བ་ཆེན་པོ་ཐོབ་པར་འགྱུར་རོ། །ཆོས་ཐམས་


DKG065_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་མ་བྱས་པ་འདུས་མ་བྱས་པའོ་ཞེས་ཆོས་ལ་སྣང་བ་ཆེན་པོ་ཐོབ་པར་འགྱུར་རོ། །ངའི་བ་མེད་པ་དང་། ཡོངས་སུ་འཛིན་པ་མེད་པ་ནི། བཅོམ་ལྡན་འདས་ཀྱི་སློབ་མའི་དགེ་འདུན་ནོ་ཞེས་དགེ་འདུན་ལ་སྣང་བ་ཆེན་པོ་ཐོབ་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་ནི། བྱང་ཆུབ་སེམས་དཔའི་བསླབ་པའི་རྩ་བའོ་ཞེས། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སྣང་བ་ཐོབ་པར་འགྱུར་རོ། །ངེས་པའི་ཚིག་ཐམས་ཅད་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ་ཞེས་སྤོབས་པའི་སྣང་བ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ནི། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་། བརྒྱ་བྱིན་གྱི་གནས་དང་། ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་སྤྱོད་པར་འགྱུར། དེའི་འོག་ཏུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། སེམས་ཅན་གང་དག་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་སེམས་དཔས་ཡོངས་སུ་གཟུང་བར་འགྱུར་བ། དྲང་བ། གཡོ་མེད་པ། དེས་པ། ཆོས་ཟབ་མོ་ལ་མོས་པ། དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟོང་ཕྲག་བརྒྱ་པའི་མདོ་ལས་རྩོམ་པ་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང་། བི་ཛ་ཡ་ཤཱི་ལ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།


no previousའཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next