འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
རྒྱ་གར་སྐད་དུ། ཨཱཪྱ་ཙ་ཏུཤྐ་ནི་ར་ཧཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་གོ་ཆ་ཆེན་པོ་བགོས་པ་ཤ་སྟག་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་དཔག་ཚད་བཅུའི་ཚད་ཙམ་ཐོགས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འཛིན་ཏོ། །དེ་ནས་འཁོར་དེ་ཉིད་དུ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་དཔལ་བཟངས་ལྡན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གཡོག་དང་བཅས་ཏེ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ཏེ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ད་དུང་
དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་མཛད་པས་མ་ཚིམ་མམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཐམས་ཅད་ལེན་པས་གཞར་ཡང་ཆོག་ཤེས་སམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་རྒྱ་མཚོ་ཆེན་པོ་མཚོ་གཏིང་དཔག་དཀའ་བ་དེ་ལྟ་བུའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་དཔག་ཏུ་མེད་པ་བཙལ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱིས་གཞར་ཡང་ཚིམ་པར་མི་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཅི་ལ་དམིགས་ཏེ་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔས་དམིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་གཟུང་བ་ལ་དམིགས་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔས་དམིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཚངས་པའི་རིས་ཀྱི་ལྷའི་བུའི་ནང་དུ་ཚངས་པ་གཙུག་ཕུད་ཅན་ལ་བྱང་ཆུབ་སེམས་དཔའི་ལམ་བཞི་པ་སྒྲུབ་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བཤད་པ་དེ། འཇམ་དཔལ་ལེགས་པར་བཤད་དུ་གསོལ། དེ་ལ་ནི་བདག་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་ཡང་ཉན་པར་འཚལ་ལོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་སེར་སྣ་མ་མཆིས། སློབ་དཔོན་གྱི་ཆོས་ཀྱི་དཔེ་མཁྱུད་ཀྱང་མ་མཆིས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཞི་པ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་ངས་ཁྱོད་ལ་བཤད་དོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་སེམས་བསྐྱེད་པར་རིག་པར་བྱའོ། །
བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དཔག་ཏུ་མེད་པ་བསྡུ་བའི་ཕྱིར་སེམས་བསྐྱེད་པ་དང་། སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པའི་ཕྱིར་སེམས་བསྐྱེད་པ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་སེམས་བསྐྱེད་པར་རིག་པར་བྱའོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བྲག་ལྟ་བུ་ཡིན་ནོ། །བཞི་གང་ཞེ་ན། སློང་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། ལོག་པར་ཞུགས་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་། ཤེས་རབ་ལས་མ་ཉམས་པའི་སེམས་དང་། རྩོམ་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་སེམས་ཏེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བྲག་ལྟ་བུ་ཡིན་ནོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མངོན་པར་འཕགས་པ་ཡིན་ནོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མངོན་པར་འཕགས་པ་དང་། ཐོས་པ་མངོན་པར་འཕགས་པ་དང་། བྱམས་པ་ཆེན་པོ་མངོན་པར་འཕགས་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་འཕགས་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བརྟན་པ། སྙིང་པོ་ཅན། མི་ཕྱེད་པ། རྡོ་རྗེ་ལྟ་བུའོ། །བཞི་གང་ཞེ་ན། བསམ་པ་ལས་མི་ཕྱེད་པ་དང་། མཛའ་བ་ལས་མི་ཕྱེད་པ་དང་། ནན་ཏན་ལས་མི་ཕྱེད་པ་དང་། ཐེག་པ་ཆེན་པོ་ལས་མི་ཕྱེད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བསྙེན་དཀའ་བ་ཡིན་ནོ། །བཞི་གང་ཞེ་ན། ཉོན་མོངས་པ་དང་མ་འདྲེས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་དང་མ་འདྲེས་པ་དང་། ཐེག་པ་དམན་པ་དང་མ་འདྲེས་པ་དང་། སྐྱེ་བོ་མི་བགྲུངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་
དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བླ་ན་མེད་པའོ། །བཞི་གང་ཞེ་ན། ཕོངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་དང་། བྱིན་ནས་འགྱོད་པ་མེད་པའི་སེམས་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སེམས་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཏེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ཕྱིན་པའི་ཆོས་སོ། །བཞི་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པའོ། །བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་དང་། བསྡུ་བའི་དངོས་པོ་རྣམས་ཀྱི་རྗེས་སུ་འཐུན་པ་དང་། ཚངས་པའི་གནས་སྒྲུབ་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གྱ་ནོམ་པ་དམ་པ་མཆོག་ཡིན་ནོ། །བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། གང་དག་དེ་དང་འགལ་བར་བྱེད་པ་དེ་དག་ཉིད་ལ་རབ་ཏུ་ཐར་བར་བྱ་བར་སེམས་བསྐྱེད་པ་དང་། ཇི་ཙམ་གྱི་ཡུལ་རྒྱ་ཆེན་པོ་ཞིག་འབྱོར་ཀྱང་དེ་ལ་བག་ཡོད་པ་དང་། ཅི་ཙམ་དུ་དབུལ་བས་ཕོངས་པར་གྱུར་ཀྱང་ཆོས་སྤྱོད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའོ། །བཞི་གང་ཞེ་ན། ཁྱིམ་པར་གྱུར་ན་བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་པ་དང་། གཞན་གྱི་ནོར་ལ་མངོན་པར་འདོད་པ་མེད་པ་དང་། རབ་ཏུ་བྱུང་ནས་འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའོ། །བཞི་གང་ཞེ་ན། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། ཤོག་ཤོག་དང་། སྣག་ཚ་དང་། སྨྱུ་གུ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་
ལ་བསམ་པ་ཐག་པ་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ཉིད་དོ། །བཞི་གང་ཞེ་ན། ཐོས་པ་ལས་ནན་ཏན་སྙིང་པོ་ཉིད་དང་། ལོངས་སྤྱོད་རྣམས་ལས་གཏོང་བ་སྙིང་པོ་ཉིད་དང་། ལུས་ལས་བླ་མ་ལས་བསྙེན་བཀུར་བྱ་བ་སྙིང་པོ་ཉིད་དང་། སྲོག་ལས་དགེ་བའི་རྩ་བ་བསྐྱེད་པ་སྙིང་པོ་ཉིད་དེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་གཏང་བར་མི་བྱ་བའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏང་བར་མི་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཏང་བར་མི་བྱ་བ་དང་། སེམས་ཅན་ཡོངས་སུ་གཏང་བར་མི་བྱ་བ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བ་ཡོངས་སུ་གཏང་བར་མི་བྱ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་ལོ། །བཞི་གང་ཞེ་ན། དགོན་པ་ལ་གནས་པ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། དགེ་བའི་ཆོས་ལ་འདུན་པ་དང་། ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་མེད་ཁང་ངོ་། །བཞི་གང་ཞེ་ན། ཚངས་པའི་གནས་དང་། འབེལ་བའི་གཏམ་གྱི་ཆོས་མཉན་པ་ལ་དགའ་བ་མྱོང་བར་བྱེད་པ་དང་། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། སྐྱེ་བོ་རིས་འཐུན་པ་དང་འདུ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་མི་ཟད་པའོ། །བཞི་གང་ཞེ་ན། ཐོས་པའི་ནོར་དང་། ཆོས་སྟོན་པའི་ནོར་དང་། སེམས་ཅན་དབུལ་པོ་སྡུད་པའི་ནོར་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ནོར་ཏེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་རོ། །བཞི་གང་ཞེ་ན། གཟུངས་ཀྱི་གཏེར་དང་། སྤོབས་པའི་གཏེར་དང་། ཆོས་ཀྱི་གཏེར་དང་། ལོངས་སྤྱོད་ཟད་མི་ཤེས་པར་ཡོངས་སུ་བསྔོ་བའི་གཏེར་ཏེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའོ། །བཞི་གང་
ཞེ་ན། འདུ་འཛི་ལས་འབྱུང་བ་དང་། ཡུལ་ཐམས་ཅད་ལས་འབྱུང་བ་དང་། འཕགས་པ་མ་ཡིན་པའི་བསམ་པ་ལས་འབྱུང་བ་དང་། ཁམས་གསུམ་ཐམས་ཅད་ལས་འབྱུང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བའོ། །བཞི་གང་ཞེ་ན། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་བདེ་བ་དང་། ཡུལ་སྤངས་པས་དབེན་པའི་བདེ་བ་དང་། ཉོན་མོངས་པ་མེད་པའི་ཕྱིར་ཞི་བའི་བདེ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་དགའ་བའོ། །བཞི་གང་ཞེ་ན། དེ་བཞིན་གཤེགས་པ་མཐོང་བས་མཆོག་ཏུ་དགའ་བ་དང་། ཆོས་ཐོས་པས་མཆོག་ཏུ་དགའ་བ་དང་། སྦྱིན་པ་ལ་འགྱོད་པ་མེད་པས་མཆོག་ཏུ་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྐྱེད་པས་མཆོག་ཏུ་དགའ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཡི་དམ་ལས་མི་ཉམས་པ་དང་། སྐྱབས་སུ་སོང་བ་དག་ཡོངས་སུ་མི་གཏོང་བ་དང་། ངག་བསྡམས་པས་ཚིག་ཐམས་ཅད་བདེན་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སོ། །བཞི་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་ལ་ལྷག་པའི་བསམ་པས་སྦྱོར་བ་དང་། མ་བསླབས་པ་ཐམས་ཅད་ལ་མི་བརྙས་པ་དང་། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་བཤེས་གཉེན་དུ་གྱུར་པ་དང་། ཡོན་ཏན་ཐམས་ཅད་སྒྲུབ་པ་ལ་ཕྱིར་བྱ་བའི་རེ་བ་མེད་པས་ལན་ལ་མི་རེ་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྣམ་པར་དག་པའོ། །བཞི་གང་ཞེ་ན། བདག་མེད་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང་། སེམས་ཅན་མེད་པའི་ཕྱིར་ཏིང་ངེ་འཛིན་རྣམ་པར་དག་པ་དང་། སྲོག་མེད་པའི་ཕྱིར་ཤེས་རབ་རྣམ་པར་དག་པ་དང་།
གང་ཟག་མེད་པའི་ཕྱིར་རྣམ་པར་གྲོལ་བ་རྣམ་པར་དག་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པའོ། །བཞི་གང་ཞེ་ན། ཆོས་ཀྱི་རྐང་པ་དང་། དོན་གྱི་རྐང་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་འཇུག་པའི་རྐང་པ་དང་། བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའི་རྐང་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་པའོ། །བཞི་གང་ཞེ་ན། དད་པའི་ལག་པ་དང་། ཚུལ་ཁྲིམས་ཀྱི་ལག་པ་དང་། ཐོས་པའི་ལག་པ་དང་། ཤེས་རབ་ཀྱི་ལག་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་གོ །བཞི་གང་ཞེ་ན། ལས་ལེགས་པ་བྱས་པའི་ཕྱིར་ཤའི་མིག་དང་། མངོན་པར་ཤེས་པ་ལས་མི་ཉམས་པའི་ཕྱིར་ལྷའི་མིག་དང་། ཤིན་ཏུ་ཐོས་པའི་སྟོབས་དང་ལྡན་པའི་ཕྱིར་ཤེས་རབ་ཀྱི་མིག་དང་། ཆོས་ཐམས་ཅད་ལ་ངེས་པར་སེམས་པའི་ཕྱིར་ཆོས་ཀྱི་མིག་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ངོམས་པའོ། །བཞི་གང་ཞེ་ན། སྦྱིན་པས་མི་ངོམས་པ་དང་། དགོན་པ་ལ་གནས་པས་མི་ངོམས་པ་དང་། ཆོས་ཉན་པས་མི་ངོམས་པ་དང་། དགེ་བའི་ཆོས་ཀྱི་ཚོགས་ཐམས་ཅད་ཀྱིས་མི་ངོམས་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་བྱེད་པའོ། །བཞི་གང་ཞེ་ན། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་དང་དུ་བླང་བ་དཀའ་བ་བྱེད་པ་དང་། དབུལ་པོ་ལ་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བསམ་པ་དཀའ་བ་བྱེད་པ་དང་། ཡན་ལག་གི་མཆོག་མགོ་སློང་བ་ལ་ཁོང་ཁྲོ་བ་མེད་པའི་སེམས་དཀའ་བ་བྱེད་ཀྱི་སྟེང་དུ་དགེ་བའི་བཤེས་གཉེན་དུ་སེམས་བསྐྱེད་པ་དང་། སྐྱེ་བ་ལ་མི་རྟོག་པས་བསམས་བཞིན་དུ་སྐྱེ་བར་བྱེད་པའི་དཀའ་བ་བྱེད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་མེད་པའོ། །བཞི་གང་ཞེ་ན། ཁམས་མཉམ་པས་ནད་མེད་པ་དང་། ཉོན་མོངས་པའི་གདུང་བ་མེད་པས་ནད་མེད་པ་དང་། སེམས་ཅན་
ཐམས་ཅད་བདེ་བར་གཞོག་པས་ནད་མེད་པ་དང་། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པས་ནད་མེད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་ཕྱོགས་སོ། །བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཕྱོགས་དང་། དགེ་བའི་བཤེས་གཉེན་ཡང་དག་པའི་ཕྱོགས་དང་། སྡིག་པ་ཐམས་ཅད་མི་བྱ་བའི་ཕྱོགས་ཏེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་བསྐྱོད་པའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་བསྐྱོད་པ་དང་། ཡི་དམ་མི་བསྐྱོད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ལས་མི་བསྐྱོད་པ་དང་། ཡང་དག་པའི་ནན་ཏན་ལས་མི་བསྐྱོད་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་སོ། །བཞི་གང་ཞེ་ན། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཐོས་པའི་ཚོགས་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་ཏེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཟུང་དུ་འབྲེལ་བར་འགྱུར་བའོ། །བཞི་གང་ཞེ་ན། བསམ་པ་དང་སྦྱོར་བ་ཟུང་དུ་འབྲེལ་པ་དང་། གཏོང་བ་དང་བསྔོ་བ་ཟུང་དུ་འབྲེལ་བ་དང་། བྱམས་པ་དང་སྙིང་རྗེ་ཟུང་དུ་འབྲེལ་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། ཁྲོན་པ་རྡུལ་ཅན་མཐོང་ཞིང་དེའི་གཏིང་ན་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། མཚེའུ་འམ། རྫིང་བུའམ། ཁྲོན་པ་རྙོག་པ་ཅན་མཐོང་ཞིང་། དེའི་གཏིང་ན་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། བར་སྣང་ལ་སྤྲིན་ཆེན་པོས་ཡོག་ཅིང་དེ་ལ་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། བར་སྣང་ལ་རླུང་དང་། རྡུལ་དང་། དུ་བས་འཁྲིགས་པར་མཐོང་ཞིང་། དེ་ལ་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་
མོ། །བཞི་གང་ཞེ་ན། གཡང་ས་ཆེན་པོ་ནས་བདག་གཡང་དུ་ལྷུང་བར་མཐོང་བ་དང་། ལམ་མཐོ་དམའ་ཅན་དུ་མཐོང་བ་དང་། བདག་ལམ་སྲང་དོག་པར་ཞུགས་པར་མཐོང་བ་དང་། རྨི་ལམ་ན་ཕྱོགས་བསླད་ཅིང་འཇིགས་པ་མང་པོ་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། དུག་དྲག་པོས་འཁྲུགས་པར་མཐོང་བ་དང་། གཅན་གཟན་གཏུམ་པོ་ཕལ་པོ་ཆེའི་སྒྲ་ཐོས་པ་དང་། བདག་ གཡོན་ཅན་གྱི་ནང་ན་གནས་པར་མཐོང་བ་དང་། བདག་གི་ལུས་དྲི་མ་ཅན་དང་གོས་དྲི་མ་ཅན་དུ ་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་མཐོང་བ་དང་། རྫིང་བུ་མེ་ཏོག་པད་མ་རྒྱས་པས་ཡོངས་སུ་གང་བ་མཐོང་བ་དང་། བདག་གོས་དཀར་པོའི་ཕྲུགས་རྙེད་པར་མཐོང་བ་དང་། ལྷ་ཞིག་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། བུ་མོ་བཟང་མོ་རྒྱན་བཟང་པོས་བརྒྱན་པ་མེ་ཏོག་སིལ་མ་འབུལ་བར་མཐོང་བ་དང་། ནམ་མཁའ་ལ་བྱ་ངང་པ་དཀར་པོ་ཐལ་ཀར་གྱི་ཁྱུ་སྐད་འབྱིན་ཅིང་འགྲོ་བར་མཐོང་བ་དང་། དེ་བཞིན་གཤེགས་པ་འོད་མང་པོས་བརྒྱན་པའི་ཕྱག་སྤྱི་བོར་འཇོག་པ་མཐོང་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་པད་མ་ལ་བཞུགས་ཤིང་བསམ་གཏན་མཛད་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། ཟླ་བའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། ཉི་མའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། མེ་ཏོག་པད་མ་ཁ་འབུས་པར་མཐོང་བ་དང་། ཚངས་པའི་དབང་པོ་རབ་ཏུ་ཞི་བའི་སྤྱོད་ལམ་མཐོང་བ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་འཐུན་པའི་རྨི་ལམ་མོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། ཤིང་སཱ་ལ་ཆེན་པོའི་འདབ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་ཀྱིས་གང་བར་མཐོང་བ་དང་། ཁར་བའི་སྣོད་གསེར་གྱིས་གང་བར་མཐོང་བ་དང་། ནམ་མཁའི་ངོས་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་གང་བར་མཐོང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་འདུལ་བའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། གྱད་ཆེན་པོས་གྱད་ཐམས་ཅད་མནན་ནས་བ་དན་ཐོགས་ཏེ་འགྲོ་བར་མཐོང་བ་དང་། དཔའ་བོ་ཆེན་པོས་གཡུལ་ལས་འདས་ཏེ་འགྲོ་བར་མཐོང་བ་དང་། རྒྱལ་པོ་དབང་བསྐུར་བར་མཐོང་བ་དང་། བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། མགོ་ལ་ཐོད་དཀར་པོས་བཅིངས་པར་མཐོང་བ་དང་། བདག་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པར་མཐོང་བ་དང་། བདག་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པར་མཐོང་བ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་ཆོས་སྟོན་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། བུམ་པ་མཐོང་བ་དང་། བྱ་ཙ་ཤས་བསྐོར་བར་མཐོང་བ་དང་། གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཤིང་ཐམས་ཅད་ལྡང་ཞིང་འདུད་ལ་ཕྱག་འཚལ་བར་བྱེད་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཆེན་པོ་མཐོང་བ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་
པ་དང་། ལྷའི་བུ་དཔལ་བཟངས་ལྡན་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། འཁོར་དང་བཅས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷའི་མེ་ཏོག་མན་དཱ་ར་བ་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཏོར་ཏོ། །མེ་ཏོག་དེ་དག་གཏོར་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་མེ་ཏོག་པད་མ་ཤིང་རྟའི་འཕང་ལོ་ཙམ་གྱི་ཚད་བལྟ་ན་སྡུག་པ་བསུང་དང་ལྡན་པ་ཡིད་དུ་འོང་བ་དག་བྱུང་བར་གྱུར་ཏོ། །མེ་ཏོག་དེ་དག་གི་དབུས་ཀྱི་སྙིང་པོ་ལ་བྱང་ཆུབ་སེམས་དཔའ་ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དག་བྱུང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་དག་གང་ནས་ལྷགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མེ་ཏོག་འདི་དག་ག་ལས་འོངས་པ་ཉིད་ནས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་མེ་ཏོག་འདི་དག་ནི་སྤྲུལ་པ་སྟེ། བདག་གིས་ཁྱོད་ལ་མཆོད་པའི་ལས་བགྱི་བའི་སླད་དུ་གཏོར་ཏོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ལྟར་མེ་ཏོག་འདི་དག་སྤྲུལ་པ་ཡིན་པ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལའང་དེ་བཞིན་དུ་བལྟའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས། སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ། གཟི་བརྗིད་ཀྱིས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ལྷའི་བུ་
དཔལ་བཟངས་ལྡན་སྟན་དེ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ། གསེར་བཟང་དྲི་མ་མེད་པའི་འོད་ཀྱིས་གཟི་བརྗིད་ལྡན། །སྐྱེས་ཆེན་མཚན་མཆོག་སུམ་ཅུ་རྩ་གཉིས་སྣ་ཚོགས་མངའ། །ཡོན་ཏན་ཁྲག་ཁྲིག་ཡོན་ཏན་གཞལ་ཡས་གཟི་བརྗིད་ཅན། །མགོན་པོ་ཅི་ཡི་སླད་དུ་འཛུམ་པ་སྟོན་པ་མཛད། །སྒྲ་སྙན་འབྱིན་པར་མཛད་ཅིང་རབ་ཏུ་གསུང་འབྲེལ་བ། །ཚངས་པའི་དབྱངས་སུ་གསུང་ཞིང་འཇམ་པའི་ཚིག་གསུང་བ། །ནོར་བདུན་འོད་ཟེར་རྒྱ་ཆེན་བདེ་གཤེགས་བློ་གྲོས་ལྡན། །ཀ་ལ་པིང་ཀའི་གསུང་ཅན་ཅི་སླད་འཛུམ་པ་གསུངས། །མི་མཆོག་སྐྱེས་བུ་དམ་པ་ངན་པའི་ཚོགས་ཅན་འདུལ། །བདུད་ཀྱི་སྟོབས་ནི་རྟག་པར་མཐའ་མར་འབྱིན་པར་མཛད། །ལྷ་དང་ལྷ་མིན་ནམ་མཁའ་ལྡིང་གིས་རྟག་མཆོད་པ། །སྟོབས་བཅུ་ལྡན་པས་ཅི་སླད་འཛུམ་པ་བསྟན། །དྲི་མེད་དྲི་བྲལ་དྲི་མ་གསུམ་སྤངས་པ། །ཟླ་བ་ཉ་བའི་དཀྱིལ་འཁོར་ལྟ་བུར་ཞལ་རྒྱས་པ། །མུན་པ་རབ་རིབ་སྒྲིབ་པའི་རྡུལ་གྱི་ཉེས་གཅོད་པ། །བདེ་དང་བདེ་ལྡན་སྦྱིན་པར་མཛད་པ་འཛུམ་དོན་གསུངས། །བདེ་བར་གཤེགས་པ་ས་དང་ལྷ་ཡུལ་ཕན་པ་མཆོག །བདེ་དང་བདེ་ལྡན་སྦྱིན་མཛད་ཡོན་ཏན་མཐའ་ཡས་པ། །མཚུངས་ཤིང་འབྲེལ་ལ་ལེགས་གསུངས་གསལ་བའི་གསུང་ལྡན་པ། །འཛུམ་བསྟན་འདི་ཡི་དོན་ནི་ཇི་ལྟར་རྟོགས་པར་བགྱི། །ལིང་ཏོག་སྟུག་པོ་མུན་པ་རབ་རིབ་རྣམ་བསལ་བ། །ཤེས་རབ་སྒྲོན་མ་འོད་ཀྱི་གཟི་བརྗིད་ལྡན་པ་པོ། །གླང་ཆེན་ཁྱུ་མཆོག་སྟོབས་དང་སེང་གེའི་སྟབས་ལྟར་བརྗིད། །འགྲོ་བའི་དོན་མཛད་འཛུམ་པའི་དོན་ནི་བསྟན་དུ་གསོལ། །མི་ཡི་དམ་པ་མི་ངན་ཚོགས་ཅན་འདུལ་མཛད་པ། །ཟབ་ཅིང་མཐོང་བར་དཀའ་ལ་གཏིང་ཚོད་དཔག་དཀའ་བ། །སྲིད་པའི་ཆུ་ནི་སྐེམས་མཛད་མཉམ་པ་མེད་པ་ཅན། །སྒྱུ་མེད་སྟོབས་བཅུ་ལྡན་གྱིས་འཛུམ་པ་ཅི་སླད་བསྟན། །རྒ་ཤི་ཞི་བར་བགྱི་བའི་
བདུད་རྩིའི་དོན་སྩོལ་བ། །ཞབས་ནི་འཇམ་ཞིང་དྲ་བ་དག་དང་འཁོར་ལོར་ལྡན། །བླུན་པ་སྦྱོང་མཛད་སྲིད་པ་གསུམ་ན་མཉམ་མེད་པ། །ཡེ་ཤེས་ཆེན་པོ་མངའ་བས་འཛུམ་དོན་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དཔལ་བཟངས་ལྡན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སྟེང་གི་བར་སྣང་ལ་སེང་གེའི་ཁྲི་ལ་པད་མའི་སྙིང་པོ་ལ་འཁོད་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་འདི་དག་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་དྲུང་དུ་ཆོས་མཉན་པ་དང་། བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་ཕྱིར་ལྷགས་སོ། །ཡང་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་སྨིན་པར་བྱས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མིང་སྣ་ཚོགས་ཀྱི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་རྟོགས་པར་རྔོ་མི་ཐོགས་ན་ཇི་སྙེད་ཅིག་མཆིས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སྐར་མའི་གཟུགས་དེ་དག་ཐམས་ཅད་ནི་སྐད་ཅིག །ཐང་ཅིག །ཡུད་ཙམ་གཅིག་གིས་བགྲང་བར་སྤྲོའི། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་འདི་དག་ནི་ལོ་བརྒྱར་ཡང་བགྲང་བར་སྤྲོ་བ་མ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གང་བར་གྱུར་ཀྱང་། རྡུལ་ཕྲ་རབ་དེ་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་ཀྱི། བྱང་ཆུབ་སེམས་དཔའ་འདི་དག་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའ་འདུས་པ་འདི་དག་ནི་དེ་ཙམ་དུ་ཚད་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་གང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་སྙེད་མཆིས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁ་རོག་འདུག་དེ་སྐད་མ་སྨྲ་ཞིག །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་དེ་བཞིན་གཤེགས་པས་སྟོང་ངོ་། །ཤཱ་རིའི་བུ་ཡོངས་སུ་བརྟགས་པ་བཟུང་ན། གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ། ཉི་མ་རེ་རེ་ཐམས་ཅད་ལའང་ཆོས་བཤད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇུག་པར་གྱུར་ཅིང་ཆོས་བཤད་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལུང་བསྟན་པར་གྱུར་ལ། གང་གིས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས། བྱང་ཆུབ་སེམས་དཔའ་གཅིག་མཚན་མར་བཞག་ཀྱང་། སངས་རྒྱས་ཀྱི་ཞིང་རྣམས་དེ་བཞིན་གཤེགས་པ་དག་གིས་དེ་ཙམ་དུ་སྟོང་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་དེ་བཞིན་གཤེགས་པའི་ཤའི་སྤྱན་ཐ་མལ་པས་གཟིགས་པར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེ་དག་དུ་སྐྱེས་པའི་སེམས་ཅན་དེ་དག་གི་སེམས་དེ་བཞིན་གཤེགས་པས་མཁྱེན་པའི་དེ་བཞིན་གཤེགས་པ་དེ་དག་གིས་སྟོང་པ་ལྟ་ཅི་སྨོས། དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། ཚིག་འདི་སྐད་དུ་བདག་ཅག་གི་སྟོན་པ་དེ་དག་དེ་ལྟར་རྫུ་འཕྲུལ་ཆེ། དེ་ལྟར་མཐུ་ཆེ་བ། དེ་ལྟར་ཡེ་ཤེས་གཟིགས་པ་ཆེན་པོ་དང་ལྡན་ཏེ། བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ནས་འདུས་པ་སྟེང་གི་བར་སྣང་ལ་འཁོད་པ་དེ་དག་བར་སྣང་དེ་ལས་བབས་ནས། བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བསྐོར་ནས་ཕྱོགས་བཅུར་དོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་མཛད་པ་མཛད་ཅིང་སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྨིན་པར་བགྱིད་པའི་ཆོས་ལས་བརྩམས་ཏེ་སྤོབས་པར་མཛོད་ཅིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ནི་སུམ་ཅུ་རྩ་ལྔའོ། །སུམ་ཅུ་རྩ་ལྔ་གང་ཞེ་ན། འདི་ལྟ་སྟེ། དུས་སུ་སྐུལ་བ་དང་། ཚོད་ལ་སྐུལ་བ་དང་། རན་པར་སྐུལ་བ་དང་། དབང་པོ་ལ་སྐུལ་བ་དང་། བརྟན་པར་སྐུལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྐུལ་བ་དང་། ཐབས་ལ་སྐུལ་བ་དང་། ལྷག་པའི་བསམ་པ་ལ་སྐུལ་བ་དང་། བྱམས་པ་ཆེན་པོ་ལ་སྐུལ་བ་དང་། སྙིང་རྗེ་ཆེན་པོ་ལ་སྐུལ་བ་དང་། ཐེག་པ་ཆེན་པོ་ལ་སྐུལ་བ་དང་། ཐེག་པ་དམན་པ་ལ་སྐུལ་བ་དང་། བདེན་པ་ལ་སྐུལ་བ་དང་། དེ་བྱ་བ་ལ་སྐུལ་བ་དང་། ཆོས་སྲུང་བར་སྐུལ་བ་དང་། ཐོས་པ་བསྟན་པར་སྐུལ་བ་དང་། སེམས་ཅན་སྣ་ཚོགས་སུ་མི་དབྱེ་བར་སྐུལ་བ་དང་། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པའི་གནས་སུ་མཚུངས་པར་སྐུལ་བ་དང་། བདུད་ཀྱི་ལས་བསྟན་པར་སྐུལ་བ་དང་། དམ་བཅས་པ་ཉམས་འོག་ཏུ་ཆུད་པར་སྐུལ་བ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བར་སྐུལ་བ་དང་། བདུད་གདུལ་བར་སྐུལ་བ་དང་། བྱས་པ་ཤེས་པ་དང་། བྱས་པ་གཟོ་བར་སྐུལ་བ་དང་། རྒྱུ་ཟད་པ་ལ་འཇུག་པར་སྐུལ་བ་དང་། རྣམ་པར་ཐར་པའི་སྒོ་ལ་མི་འཇིགས་པར་སྐུལ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བར་སྐུལ་བ་དང་། སེམས་ཅན་ཐམས་ཅད་ལ་ཅི་བྱ་སྙམ་པ་ལ་སྤྲོ་
བར་སྐུལ་བ་དང་། འཇིག་རྟེན་གྱི་ཆོས་དང་མ་འདྲེས་པར་སྐུལ་བ་དང་། དགོན་པ་ལ་དགའ་བར་སྐུལ་བ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པར་སྐུལ་བ་དང་། འདས་པ་དང་མ་འོངས་པ་མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བར་སྐུལ་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་སྐུལ་བ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པར་བླང་བར་སྐུལ་བ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ནི་སུམ་ཅུ་རྩ་ལྔ་པོ་དེ་དག་གོ །ལྷའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བྱས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བསྐྱོད་དུ་མེད་པ་ཡིན་ཏེ། དེ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཐུལ་བར་མི་ནུས་སོ། །དེ་ནི་ཕྱིན་ཆད་ཀྱང་བྱང་ཆུབ་སེམས་དཔའི་དྲེགས་པ་བཅུས་དྲེགས་པར་མི་འགྱུར་རོ། །བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། ཐོས་པས་དྲེགས་པ་དང་། སྤོབས་པས་དྲེགས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་དྲེགས་པ་དང་། དགོན་པར་གནས་པས་དྲེགས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་དྲེགས་པ་དང་། གཟུགས་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། གཡོག་འཁོར་གྱིས་དྲེགས་པ་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་བསྙེན་བཀུར་བྱེད་པས་དྲེགས་པ་དང་། བསམ་གཏན་དང་། མངོན་པར་ཤེས་པས་དྲེགས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་འདོད་པ་དང་བསྟོད་པ་དང་བསྔགས་པར་བྱེད་པ་དེས་ཀྱང་སྙེམས་པ་མེད་པ་ཡིན་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའི་དྲེགས་པ་བཅུ་པོ་དེ་དག་གིས་མི་སྙེམས་རབ་ཏུ་མི་སྙེམས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་
ཁྱོད་ཕྱོགས་གང་ན་གནས་པ་དང་། ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པ་དེར་ནི་སངས་རྒྱས་འབྱུང་བར་བལྟའོ། །དེ་ན་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་བལྟའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །ལྷའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེ་ནི་སྟོང་པ་མ་ཡིན་པར་མངོན་ནོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ཉིད་བརྩོན་པར་མཛད་དོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངའི་ཡིན་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་བལྟའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་བླང་བ་དང་། གཟུང་བ་དང་། བཤད་པ་དང་། ཀུན་ཆུབ་པར་བྱེད་པའི་ཕྱིར་ཁྱེད་ལ་གཏད་དོ། །ང་ནི་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། དེའི་ཕྱིར་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བའི་ཆོས་ཀྱི་རྣམ་གྲངས་འདིས་གནས་པར་གྱིས་ཤིག །བྱམས་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཞི་པ་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ལམ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་
བྱམས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསསོ། །