Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།

60 occurrences of གཙང་
[Clear Hits]


 
བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ།
  
  
  
 
  
25  expand section
 
 
  
 
 
  


60 occurrences of གཙང་
[Clear Hits]

 
no previousབསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ། next

བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ།


DKG076_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པུཎྱ་བ་ལ་ཨ་བ་དཱ་ན། བོད་སྐད་དུ། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ། བམ་པོ་དང་པོ། སངས་རྒྱས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད་དེ། གསུམ་གང་ཞེ་ན། འདི་ལྟར་ཆགས་པ་དང་སེར་སྣ་དང་བག་མེད་པ་རྣམས་ཏེ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་འདི་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་


DKG076_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་ཏེ་གནས་པར་མ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་སྐྱེས་བུ་དམ་པ་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །གསུམ་གང་ཞེ་ན། འདི་ལྟར་མ་ཆགས་པ་དང་། སེར་སྣའི་དྲི་མ་དང་བྲལ་བ་དང་། བག་ཡོད་པ་རྣམས་སོ། །དགེ་སློང་དག་ཆོས་གསུམ་པོ་འདི་དག་དང་ལྡན་ན་སྐྱེས་བུ་དམ་པ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། དེའི་འོག་ཏུ་གཞན་ཡང་སྟོན་པས་འདི་སྐད་ཅེས་གསུངས་སོ། །གང་ཕྱིར་སེར་སྣ་བག་མེད་པས། །སྦྱིན་པ་སྦྱིན་པར་མི་བྱེད་དེ། །དེ་ཕྱིར་བསོད་ནམས་འདོད་པ་ཡི། །ཤེས་པས་སྦྱིན་པ་སྦྱིན་པར་བྱ། །སེར་སྣ་ཅན་གྱི་འཇིགས་པ་ནི། །བཀྲེས་དང་སྐོམ་པ་འདི་ཡིན་ན། །གང་གིས་འཇིགས་པས་འདིར་མ་བྱིན། །དེ་ཉིད་མ་བྱིན་འཇིགས་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་ཡི་བྱིས་པ་གོས་པར་འགྱུར། །གང་དག་སེར་སྣ་སྤངས་ནས་ཀྱང་། །དུས་སུ་སྦྱིན་པ་སྦྱིན་བྱེད་ན། །ཤི་ཡང་དེ་ནི་ཤི་མ་ཡིན། །རྒྱགས་བཟང་བ་ཡི་འདྲོན་པོ་བཞིན། །གང་དག་ཤིན་ཏུ་གཏང་དཀའ་བ། །ཉུང་ངུའམ་མང་པོ་གཏོང་བྱེད་ན། །གཏང་དཀའ་གཏོང་བ་དེ་དག་ནི། །དཀའ་


DKG076_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་དག་བྱེད་པ་ཡིན། །དམ་པ་མིན་པས་མི་རྟོགས་ཏེ། །དམ་པ་ཆོས་ལས་འདའ་མི་བྱེད། །དེ་ཕྱིར་དམ་པ་དམ་པ་བྱིན། །འདི་ནས་ཤི་བར་གྱུར་པ་ན། །དམ་པ་མ་ཡིན་དམྱལ་བར་འགྲོ། །དམ་པ་དག་ནི་མཐོ་རིས་འགྲོ། །རྒ་བས་གཙེས་པ་ལ་ནི་སྐྱབས་མེད་དེ། །ཚེ་ཐུང་བས་ན་སྲོག་ཁྱེར་དུས་ཀྱང་ཉེ། །འཆི་བའི་འཇིགས་པ་འདི་མཐོང་རྣམས་ཀྱིས་ནི། །བསོད་ནམས་དེར་སྦྱོར་བདག་ནི་བྱ་བའི་རིགས། །བུད་མེད་སྤངས་འདིར་བོར་བས་འཚོ་བ་གང་། །དགའ་བས་སྦྱིན་པ་ཉུང་ངུ་བྱིན་ན་ཡང་། །སྟོང་གི་མཆོད་སྦྱིན་བརྒྱ་སྟོང་བྱེད་པས་ནི། །དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། །མཆོད་སྦྱིན་འཐུན་པ་དེ་ཡི་ལམ་མི་འགྲོ། །ཇི་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། །དེ་ཡི་བཅུ་དྲུག་ཆར་མི་འགྱུར་ཞེ་ན། །བྱིས་པ་ལ་ལ་གསོད་ཅིང་འཆིང་བྱེད་འདིར། །གཞན་ནོར་སྦྱིན་བྱེད་ཡ་ངར་བརླག་པར་འགྱུར། །མཆི་མའི་གདོང་བཅས་ཆད་པར་བཅས་པ་ཡི། །ཡོན་དེའི་མཆོད་སྦྱིན་འཐུན་པའི་ལམ་མི་འགྲོ། །དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། །མཆོད་སྦྱིན་འཐུན་པའི་ལམ་དུ་མི་འགྲོ་ལ། །དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། །དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ལ་ལ་གང་དག་གཟུ་ལུམས་མ་ཡིན་པ། །ཆོས་བཞིན་ནོར་རྣམས་ཐོབ་པ་གཏོང་བྱེད་ཅིང་། །དེ་དག་གཏང་དཀའ་དེ་རྣམས་བཏང་བས་ན། །རང་གི་བསོད་ནམས་ཀྱིས་ནི་ལྷ་གནས་འགྲོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ནགས་སྟུག་པོ་ག་ལ་བ་དེ་ལོགས་སུ་གཤེགས་སོ། །གཤེགས་ནས་ནགས་སྟུག་པོའི་ནང་དུ་ཞུགས་ཏེ། ཉིན་པར་གནས་པའི་ཕྱིར་ཤིང་ཞིག་གི་དྲུང་ན་གནས་ཤིང་བཞུགས་སོ། །དེའི་ཚེ་དགེ་སློང་མང་པོ་དག་འདུན་ཁང་དུ་འདུས་ཤིང་འཁོད་པའི་སྐབས་སུ་ཚུལ་འདི་ལྟ་བུར་ཚེ་དང་ལྡན་པ་དག་མི་རྣམས་ཀྱི་ཉམས་སུ་དཔེན་པ་གང་ཡིན་ཞེས་གཏམ་དུ་གླེངས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་གཅུང་སྲུའི་བུ་ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པ་དང་།


DKG076_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམས་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་དག་བྱད་གཟུགས་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །ཚེ་དང་ལྡན་པ་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པས་སྨྲས་པ། ཚེ་དང་ལྡན་པ་དག་བརྩོན་འགྲུས་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཚེ་དང་ལྡན་པ་དག་བཟོ་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་དག་ཤེས་རབ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ་ཞེས་གླེངས་ནས་དེ་དག་འདི་སྐད་དུ། ཚེ་དང་ལྡན་པ་དག་བདག་ཅག་ཀུན་མི་འཐུན་པར་གྱུར་ཏེ། འདི་ལྟར་ཐ་དད་པར་བརྟགས་ཀྱིས། བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་དོན་འདི་ཉིད་ཞུ་ལ། བཅོམ་ལྡན་འདས་བདག་ཅག་ལ་ཅི་སྐད་དུ་ལུང་སྟོན་པ་དེ་བཞིན་དུ་གཟུང་བར་བྱའོ་ཞེས་ཟེར་ནས་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ནི། སྟོན་པ་ཐུགས་རྗེ་ཆེན་པོ་སྟེ། །ཐམས་ཅད་མཁྱེན་པ་ཐེ་ཚོམ་བསལ། །དེ་ནི་སོམ་ཉི་གཅོད་པ་སྟེ། །ཉི་མས་མུན་པ་བསལ་བ་བཞིན། །སྡུག་བསྔལ་དྲ་བས་གླགས་པ་དང་། །ལོག་པའི་ལམ་ལ་གནས་པ་ཡི། །སྲོག་ཆགས་རྣམས་ཀྱི་སྐྱབས་གཅིག་སྟེ། །བུ་རྣམས་ཀྱི་ནི་ཕ་མཆོག་བཞིན། །དེ་ཕྱིར་ཆོས་ཀུན་དབང་ཕྱུག་པོ། །སེམས་ཅན་ཀུན་གྱི་དོན་བརྩོན་པ། །ཐུབ་པ་ཐེ་ཚོམ་གཅོད་དེ་ལ། །བདག་ཅག་ཀུན་གྱིས་ཞུ་བར་བྱ། །སོམ་ཉི་མདུད་པ་ཆེན་པོ་ནི། །གང་ཕྱིར་རྒྱལ་བ་གཅོད་པར་འགྱུར། །དེ་ཕྱིར་ཐམས་ཅད་དོང་ནས་ནི། །དེ་བཞིན་གཤེགས་ལ་ཞུ་བར་བྱ། །ཞེས་བྱས་ནས་དགེ་སློང་མང་པོ་དེ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བར་ཆས་པ་ལས། བཅོམ་ལྡན་འདས་ཉིན་པར་གནས་པའི་ཕྱིར་ནགས་སྟུག་པོའི་ནང་ན་བཞུགས་པའི་བར་སྐབས་སུ་དགེ་སློང་མང་པོ་དགེ་འདུན་ཁང་དུ་འདུས་ཤིང་འཁོད་དེ། སྐབས་སུ་ཚུལ་དེ་ལྟ་བུའི་གཏམ་གླེངས་པ། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །


DKG076_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་འདུན་ཁང་ག་ལ་འདུག་པར་གཤེགས་སོ། །གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མང་པོ་འདུན་ཁང་དུ་འདུས་ཤིང་འཁོད་པ་རྣམས་ཀྱིས་སྐབས་ཀྱི་གཏམ་ཅི་ཞིག་གླེངས། ད་ལྟར་ཁྱེད་གཏམ་ཇི་ལྟ་བུ་ཞིག་གི་ཕྱིར་འདུས་ཤིང་འཁོད། གསོལ་པ། བཙུན་པ་བདག་ཅག་དགེ་སློང་མང་པོ་འདུན་ཁང་འདིར་འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་སུ་ཚུལ་འདི་ལྟ་བུར་ཚེ་དང་ལྡན་པ་དག་མི་རྣམས་ཀྱི་ཉམས་སུ་དཔེན་པ་གང་ལགས་ཞེས་བཀའ་མཆིད་བགྱིས་སོ། །དེ་ལ་ཚེ་དང་ལྡན་པ་དགའ་བོའི་མཆིད་ནས་ནི་ཚེ་དང་ལྡན་པ་དག་བྱད་གཟུགས་མི་རྣམས་ཀྱི་ཉམས་སུ་དཔེན་པ་ལགས་སོ་ཞེས་མཆི། ཚེ་དང་ལྡན་པ་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པའི་མཆིད་ནས་ནི་ཚེ་དང་ལྡན་པ་དག་བརྩོན་འགྲུས་མི་རྣམས་ཀྱི་ཉམས་སུ་དཔེན་པ་ལགས་སོ་ཞེས་མཆི། ཚེ་དང་ལྡན་པ་མ་འགགས་པའི་མཆིད་ནས་ནི་ཚེ་དང་ལྡན་པ་དག་བཟོ་མི་རྣམས་ཀྱི་ཉམས་སུ་དཔེན་པ་ལགས་སོ་ཞེས་མཆི། ཚེ་དང་ལྡན་པ་ཤཱ་རིའི་བུའི་མཆིད་ནས་ནི་ཚེ་དང་ལྡན་པ་དག་ཤེས་རབ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ལགས་སོ་ཞེས་མཆི་སྟེ། བཙུན་པ་བདག་ཅག་རྣམས་འདི་སྙམ་བགྱིད་དོ། །ཚེ་དང་ལྡན་པ་དག་བདག་ཅག་ཀུན་མི་འཐུན་པར་གྱུར་ཏེ། འདི་ལྟར་ཐ་དད་པར་བརྟགས་ཀྱིས་བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ཏེ་དོན་འདི་ཉིད་ཞུས་ལ། བཅོམ་ལྡན་འདས་བདག་ཅག་ལ་ཇི་སྐད་དུ་ལུང་སྟོན་པ་དེ་བཞིན་གཟུང་བར་བགྱིའོ་སྙམ་བགྱིད་དོ། །བཙུན་པ་བདག་ཅག་དགེ་སློང་མང་པོ་འདུན་ཁང་དུ་འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་ཀྱི་བཀའ་མཆིད་འདི་གླེངས་ཏེ། ད་ལྟར་བདག་ཅག་བཀའ་མཆིད་འདིའི་སླད་དུ་འདུས་ཤིང་མཆིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་གཞི་ལས་ཚིགས་སུ་བཅད་དེ་གསུངས་པ། སེམས་ཅན་རྣམས་ཀྱི་གཟུགས་དང་བཟོ། །བརྩོན་འགྲུས་དང་ནི་ཤེས་རབ་གཞན། །བསོད་ནམས་དག་ལས་བྱུང་བས་


DKG076_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དེ་ཕྱིར་བསོད་ནམས་དམ་པ་ཡིན། །ཞེས་གསུངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཅི་ཡང་རུང་སྟེ། ལན་འགའ་ཙམ་དུ་ཟད་ཀྱི་དུས་ཐམས་ཅད་དུ་ཀུན་ཉམས་སུ་དཔེན་པ་མ་ཡིན་ནོ། །བསོད་ནམས་ནི་དུས་ཐམས་ཅད་དུ་སྲོག་ཆགས་ཐམས་ཅད་ཀྱི་ཉམས་སུ་དཔེན་པ་ཡིན་ཏེ། དགེ་སློང་དག་འདི་ལྟར་བསོད་ནམས་བཞིན་དུ་སེམས་ཅན་རྣམས་ཀྱི་ཉམས་སུ་དབེན་པའི་ཆོས་གཅིག་ཀྱང་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དགེ་སློང་དག་ཅིའི་ཕྱིར་ཞེ་ན། སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་འཁོར་ཞིག་ན། རྒྱལ་པོ་གསལ་སྟོབས་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་ངོ་། །རྒྱལ་པོ་དེའི་བཙུན་མོ་རྣམ་པར་སྤ་བ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། ཕྱི་ཞིག་ན་བཙུན་མོ་རྣམ་པར་སྤ་བ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་དེ་ལས་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེ་བཙས་པ་ན་བཙས་སྟོན་བྱས་སོ། །བཙས་སྟོན་བྱས་ནས་གཟུགས་སྟོབས་ཞེས་བྱ་བར་མིང་བཏགས་སོ། །དེ་བཞིན་དུ་རིམ་གྱིས་དེའི་འོག་ཏུ་དེའི་བུ་གསུམ་བཙས་ཏེ། དེ་དག་གི་ནང་ན་གཅིག་ནི་བརྩོན་འགྲུས་ལྡན་ཞེས་བྱ། གཉིས་པ་ནི་བཟོ་ལྡན་ཞེས་བྱ། གསུམ་པ་ནི་ཤེས་རབ་ལྡན་ཞེས་བྱའོ། །ཕྱིས་རེ་ཞིག་ན་ཡང་བཙུན་མོ་རྣམ་པར་སྤ་བ་ལ་བུ་ཆགས་ཏེ། གང་གི་ཉིན་པར་དེའི་བུ་ཆགས་པ་དེ་ཉིད་ཀྱི་ཉིན་པར་གློ་བུར་དུ་ཕོ་བྲང་འཁོར་དུ་གསེར་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་བོ། །བཙུན་མོ་དེའི་སྟེང་དུ་ཡང་ལྷའི་བླ་རེ་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་བྱུང་ངོ་། །དེ་ནས་རྒྱལ་པོ་གསལ་སྟོབས་ཀྱིས་ཡ་མཚན་དེ་མཐོང་ནས་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། ལྟས་པ་རྣམས་ལ་སྨྲས་པ། ཀྱེ་སྔོན་མ་བྱུང་བའི་ཡ་མཚན་བྱུང་བ་འདི་ཅི་ཞིག །ལྟས་པ་རྣམས་ཀྱིས་གསོལ་པ། ལྷ་བཙུན་


DKG076_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ལྷུམས་སུ་སྲས་ཞུགས་པ་གང་ལགས་པ་འདི་ནི་བསོད་ནམས་ཀྱི་ཆེ་བར་གྲགས་པ་ཞིག་སྟེ། སེམས་ཅན་དེའི་མཐུ་ལགས་སོ། །དེ་ནས་རྒྱལ་པོས་དེ་ཐོས་ནས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །དེ་ནས་རེ་ཞིག་ན་བཙུན་མོ་དེ་འདི་ལྟ་བུར་ཡིད་ལ་འདོད་པ་སྐྱེས་ཏེ། ཀྱེ་མ་བདག་སེང་གེའི་ཁྲི་ལ་འདུག་ཅིང་སྟེང་དུ་གདུགས་དཀར་པོ་ཐོགས་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་ཡང་ཐོགས་ན་ཅི་མ་རུང་སྙམ་སྟེ། དེས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་སེམས་རབ་ཏུ་དགའ་བར་གྱུར་ནས། གྲོང་ཁྱེར་རྒྱ་ཆེར་མཛེས་པར་བྱེད་དུ་བཅུག་ནས་དེ་བཞིན་དུ་ཐམས་ཅད་བྱེད་དུ་བཅུག་སྟེ། དེའི་ཡིད་ལ་འདོད་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་ཡང་དེའི་ཡིད་ལ་ཀྱེ་མ་བདག་གསེར་དངུལ་གྱི་ཕུང་པོའི་སྟེང་དུ་འདུག་ལ་རང་གི་ལག་གིས་སྦྱིན་པ་རྣམས་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། ནོར་མེད་པ་རྣམས་ནོར་དང་ལྡན་པར་བྱེད་ན་ཅི་མ་རུང་སྙམ་དུ་འདོད་པ་སྐྱེས་ཏེ། དེས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་དེ་བཞིན་དུ་བྱེད་དུ་བཅུག་ནས་དེའི་ཡིད་ལ་འདོད་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་ཡང་དེའི་ཡིད་ལ་ཀྱེ་མ་བཙོན་ཐམས་ཅད་བཏང་ན་ཅི་མ་རུང་སྙམ་དུ་འདོད་པ་སྐྱེས་སོ། །དེ་ནས་རྒྱལ་པོས་དེའི་ཡིད་ལ་འདོད་པ་སྐྱེས་པ་བསལ་བའི་ཕྱིར་བཙོན་ཐམས་ཅད་གཏོང་དུ་བཅུག་སྟེ། དེའི་ཡིད་ལ་འདོད་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་ཡང་དེའི་ཡིད་ལ་ཀྱེ་མ་བདག་སྐྱེད་མོས་ཚལ་དག་མཐོང་ན་ཅི་མ་རུང་སྙམ་དུ་འདོད་པ་སྐྱེས་སོ། །དེ་ནས་དེ་རྒྱལ་པོས་སྐྱེད་མོས་ཚལ་མཛེས་པ་དག་བལྟར་བཅུག་སྟེ། དེའི་ཡིད་ལ་འདོད་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་ཡང་དེའི་ཡིད་ལ་ཀྱེ་མ་བདག་གིས་སྐྱེ་བོ་མང་པོའི་མདུན་དུ་ཚུལ་འདི་ལྟ་བུར་བདེན་པའི་ཚིག་བརྗོད་དེ། ཇི་སྟེ་བསོད་ནམས་དག་གི་རྣམ་པར་སྨིན་པ་ཡོད་ཅེ་ན། དེ་ལས་ལྷའི་སེང་གེའི་ཁྲི་གང་ལ་འདུག་ན། སྐྱེ་བོ་མང་པོ་ལ་ཆོས་སྟོན་ཅིང་བདག་གི་གཏམ་གྱི་རྗེས་ལ་ཡང་ཡ་མཚན་འགའ་འབྱུང་བར་འགྱུར་བ་དེ་ལྟ་བུ་ལྷ་རྣམས་ཀྱིས་མྱུར་དུ་བདག་ལ་ཕུལ་ན་ཅི་མ་རུང་སྙམ་དུ་འདོད་པ་སྐྱེས་ཏེ། དེས་རྒྱལ་པོ་ལ་གསོལ་ཏོ། །


DKG076_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་བཙུན་མོ་འཁོར་དང་གྲོང་ཁྱེར་རྒྱ་ཆེར་མཛེས་པར་བྱེད་དུ་བཅུག་གོ །གྲོང་ཁྱེར་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱང་གོས་ གཙང next hit་མ་དང་། རྒྱན་བགོས་ནས། སྤོས་དང་། ཕྲེང་བ་དང་། བྱུག་པ་ལག་ན་ཐོགས་ཏེ་འདུས་པར་གྱུར་ཏོ། །དེ་ནས་བཙུན་མོ་རྣམ་པར་སྤ་བ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ། བུད་མེད་ཀྱི་འཁོར་གྱིས་བསྐོར་ནས་ལྷའི་བུ་མོ་བཞིན་དུ་སྐྱེ་བོ་དག་གི་མིག་དང་། ཡིད་འཕྲོག་ཅིང་སྐྱེ་བོ་མང་པོ་དེ་དག་གི་ནང་དུ་སོང་སྟེ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་ནས་ནམ་མཁའ་ལ་ལྟ་ཞིང་བདེན་པའི་བྱིན་གྱི་རླབས་བྱེད་དེ་ཚིགས་སུ་བཅད་པ་སྨྲས་པ། མི་དབང་ལྷ་ཡི་རྣམ་པར་གྲུབ་པ་ཡི། །བསོད་ནམས་སྟོབས་འཕགས་ཇི་སྟེ་བདག་ལ་ཡོད། །བདེན་པ་དེས་ན་དེང་དུ་ལྷ་རྣམས་ཀྱིས། །མྱུར་དུ་བདག་གི་སེང་གེའི་ཁྲི་ཤོམས་ཤིག །དེ་ནས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་བསོད་ནམས་དག་གི་མཐུ་སྟོན་པའི་ལྷ་རྣམས་ཀྱིས་གློ་བུར་དུ་སེང་གེའི་ཁྲི་ཕུལ་ཏེ། ལྷའི་མེ་ཏོག་གི་ཆར་ཡང་ཕབ་བོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ལྷ་དང་མི་མངོན་པར་དགའ་བར་བྱེད་པའི་ཆོ་འཕྲུལ་ངོ་མཚར་རྨད་དུ་གྱུར་པ་མཐོང་ནས་ཤིན་ཏུ་ཡ་མཚན་དུ་གྱུར་ཏེ། ཀྱེ་མ་བསོད་ནམས་དག་གི་མཐུ་ཆེ་སྟེ། འདི་ལྟར་འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་ལྷ་རྣམས་ཀྱང་བསོད་ནམས་ཀྱི་སྟོབས་ཀྱིས་བཀུག་སྟེ། མི་རྣམས་ཀྱི་ངག་ཉན་པ་ནི་ངོ་མཚར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཙུན་མོ་རྣམ་པར་སྤ་བ་ཡིད་རབ་ཏུ་དགའ་སྟེ། ཚམ་ཚོམ་མེད་པར་སེང་གེའི་ཁྲི་ལ་འཛེགས་ནས་འདུག་གོ །བཙུན་མོ་དེ་འདུག་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་ཏེ། སེང་གེའི་ཁྲི་ཡང་ས་ལས་མི་བདུན་གྱི་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ཏེ་འདུག་གོ །དེ་ནས་སེང་གེའི་ཁྲི་དེའི་སྟེང་དུ་ལྷའི་བླ་རེ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་བྱུང་ངོ་། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་བསོད་ནམས་ཀྱི་མཐུ་མཐོང་བས་སེམས་དགའ་བར་གྱུར་ཏེ། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་བཙུན་མོ་ལ་ཡང་ལེགས་པར་མཆོད་ནས་ཐལ་མོ་སྦྱར་


DKG076_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའི་ངག་ཉན་ཅིང་སེམས་བཏུད་ནས་མདུན་དུ་འཁོད་དོ། །རྒྱལ་པོ་གསལ་སྟོབས་ཀྱང་བསོད་ནམས་ཀྱི་རླབས་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས་སེམས་ཀྱི་རྒྱུད་ཡང་དག་པར་དགའ་བར་གྱུར་ཏེ། འཁོར་དང་བཅས་པར་ཐལ་མོ་སྦྱར་ནས་འཁོད་དོ། །དེ་ནས་བཙུན་མོ་རྣམ་པར་སྤ་བས་དེའི་ཚེ་སྔོན་མ་བྱུང་བའི་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །བསོད་ནམས་བསགས་ན་བདེ་བར་འགྱུར། །དེའི་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ་བར་སྣང་ལས་ལེགས་པར་སྨྲས་སོ། །མཆོག་ཏུ་ལེགས་པར་སྨྲས་སོ་ཞེས་སྒྲ་བྱུང་ངོ་། །ལྷའི་རོལ་མོའི་སྒྲ་དག་ཀྱང་སྒྲོགས་སོ། །ལྷའི་གོས་ཤིན་ཏུ་སྤ་བའི་ཆར་ཆེན་པོ་ཡང་བབ་བོ། །དེ་ནས་ཚིགས་སུ་བཅད་པ་འདི་ཐོས་མ་ཐག་ཏུ་རྒྱལ་པོ་གསལ་སྟོབས་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་དགའ་བར་གྱུར་ཏོ། །ནམ་མཁའ་ལ་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་ཚམ་ཚོམ་མེད་པར་རང་གི་ལུས་ལས་བླ་གོས་དང་རྒྱན་རྣམས་ཕུད་ནས་བཙུན་མོ་རྣམ་པར་སྤ་བ་དང་། སེང་གེའི་ཁྲི་ལ་བཀབ་སྟེ། ཚིག་འཐུན་པར་ལེགས་པར་སྨྲས་སོ། །ལེགས་པར་སྨྲས་སོ་ཞེས་སྒྲ་ཕྱུང་ངོ་། །དེ་ནས་བཙུན་མོ་དེ་སེང་གེའི་ཁྲི་དེ་ལས་དལ་གྱིས་བབས་ཏེ་ས་ལ་འདུག་ནས་ལྷའི་རོལ་མོའི་སྒྲ་རྣམས་ནི་ཞི་བར་གྱུར། མི་རྣམས་ཀྱི་རོལ་མོའི་སྒྲ་ནི་སྒྲོགས་སོ། །དེ་ནས་རྒྱལ་པོ་དེ་དང་སྐྱེ་བོ་ཕལ་པོ་ཆེ་དགའ་བར་གྱུར་ནས། བཀུར་སྟི་ཆེན་པོས་མཆོད་ཅིང་བཙུན་མོའི་འཁོར་དུ་བསྐྱལ་ཏེ། བཙུན་མོ་ནང་དུ་སོང་ནས་སེང་གེའི་ཁྲི་དེ་མི་སྣང་བར་གྱུར་ཏོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དག་གིས་བསོད་ནམས་ཀྱི་རྣམ་པར་གཡོ་བ་དེ་མཐོང་སྟེ། སེམས་ཡང་དག་པར་དགའ་བར་གྱུར་ནས། ཀྱེ་མ་བསོད་ནམས་དག་གི་ཆེ་བ་ཉིད། ཀྱེ་མ་བསོད་ནམས་དག་གི་འབྲས་བུ་དངར་བ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཙུན་མོ་དེའི་ཡིད་ལ་འདོད་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་གྱུར་ནས། ཕྱིས་རེ་ཞིག་ན་ཟླ་བ་དགུ་ཚང་ནས། བཙུན་མོ་རྣམ་པར་སྤ་བ་ཉི་མ་ཤར་བའི་དུས་ཀྱི་སྐབས་སུ་བུ་བཙས་ཏེ།


DKG076_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེའི་སྐབས་སུ་ཡང་ས་རྣམ་པ་དྲུག་ཏུ་གཡོས་ཏེ། ནམ་མཁའ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཆར་ཆེན་པོ་བཙུན་མོའི་འཁོར་དུ་བབ་བོ། །རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཐམས་ཅད་དུ་ཡང་གོས་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་བོ། །རྒྱལ་པོ་དེའི་ཡུལ་ཐམས་ཅད་དུ་ཡང་ལྷའི་མེ་ཏོག་མཆོག་ཏུ་ཡིད་དུ་འོང་བའི་ཆར་བབ་བོ། །མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་ཐམས་ཅད་ལས་ཀྱང་མེ་ཏོག་དང་འབྲས་བུ་རྣམས་འཐོན་ཏོ། །ཆར་ཟིམ་བུ་ཡང་ཐམས་ཅད་དུ་བབ་བོ། །ཕྱོགས་བཞི་ནས་ཀྱང་སེར་བུ་བསིལ་བ་ལངས་སོ། །དེ་ནས་གཞོན་ནུ་བཙས་མ་ཐག་པ་ཕྱོགས་གང་ན་འདུག་པ་དེར་རྒྱལ་པོ་ཆེན་པོ་བཞིས་ལྷའི་སེང་གེའི་ཁྲི་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པས་བརྟོལ་ཏེ་གློ་བུར་དུ་ཕུལ་ལོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་བདག་ཉིད་ལག་དར་ཏེ། གཞོན་ནུའི་སྟེང་དུ་ལྷའི་གདུགས་རྩིབས་བརྒྱ་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཛིན་ཏོ། །དེའི་སྟེང་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལྷའི་གོས་ཀྱི་བླ་རེ་འགྲེམས་སོ། །ལ་ལ་ནི་རིན་པོ་ཆེ་འཐོར་རོ། །ལ་ལ་ནི་རྒྱན་འཐོར་རོ། །ལ་ལ་ནི་གོས་འཐོར་རོ། །ལ་ལ་ནི་མེ་ཏོག་འཐོར་རོ། །ལ་ལ་ནི་ཕྱེ་མ་འཐོར་རོ། །ལ་ལ་ནི་སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་འཐོར་རོ། །ལ་ལ་ནི་ལྷའི་རོལ་མོའི་སྒྲ་རྣམས་ལེགས་པར་སྒྲོགས་སོ། །ལྷའི་བུ་ལས་སྣ་ཚོགས་ཅན་གྱིས་ནི་གྲོང་ཁྱེར་དེ་ཐམས་ཅད་རྡོ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར་བྱས་ཏེ་བཞག་ནས་དར་གྱི་ལྡ་ལྡི་མང་པོ་ནི་བཏགས། རྒྱལ་མཚན་དང་། བ་དན་ནི་བསྒྲེང་། ཙན་དན་གྱི་ཆུས་ནི་ཆག་ཆག་བཏབ། བདུག་པའི་དྲི་ཞིམ་པོའི་སྣོད་ནི་བཏགས། མེ་ཏོག་སྣ་ཚོགས་ནི་གཏོར་ཏེ། ལྷ་རྣམས་ཀྱི་སྐྱེད་མོས་ཚལ་དགའ་བའི་ཚལ་ཞེས་བྱ་བ་དང་འདྲ་བར་ཡིད་དུ་འོང་བར་བྱས་སོ། །གླང་པོ་ཆེའི་མཆོག་བརྒྱ་ནི་ནགས་ཁུང་ཆེན་པོ་ནས་རང་འོངས་ཏེ་གླང་པོ་ཆེའི་བྲེས་ན་གནས་པར་གྱུར་ཏོ། །རྒོད་མ་བརྒྱ་ཡང་རྟེའུ་འབྲངས། འབྲུ་ཐམས་ཅད་ཀྱང་མ་རྨོས་མ་བཏབ་པར་མཐུ་དང་ལྡན་པར་ནི་སྨིན་


DKG076_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །སེང་གེའི་ཁྲི་དེའི་འོག་ནས་ཀྱང་གཏེར་ཆེན་པོ་ལྔ་རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་ཡོངས་སུ་གང་བ་རྣམས་ཀྱིས་ཁ་བསྟན་ཏེ་གོད་པར་བྱས་ཀྱང་ཡོངས་སུ་ཟད་པར་མི་འགྱུར་རོ། །སེམས་ཅན་ཕན་ཚུན་འཁོད་པ་རྣམས་ཀྱང་དེའི་ཡུད་ཙམ་ལ་བྱམས་པའི་སེམས་སུ་གྱུར་ཏོ། །གཞོན་ནུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དེ་བཙས་མ་ཐག་ཏུ་ཚེ་རབས་དྲན་ཏེ། ཕྱོགས་བཞིར་བལྟས་ནས་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མི་ཡིས་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །ཞེས་སྨྲས་སོ། །དེ་ནས་ནམ་མཁའ་ལ་གནས་པའི་ལྷ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གིས་བསོད་ནམས་དག་གི་ཤིན་ཏུ་རྨད་དུ་བྱུང་བ་ཤིན་ཏུ་ཡིད་དུ་འོང་བ་རྣམ་པར་གཡོ་བ་དེ་མཐོང་ནས་སེམས་ཡང་དག་པར་དགའ་བར་གྱུར་ཏེ། བསོད་ནམས་དག་གི་ཆེ་བ་ཉིད་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་དག་གི་གཡོ་བ་ལྟོས། །རྒྱལ་པོ་ཆེན་པོ་བཞི་རྣམས་དང་། །སུམ་ཅུ་རྩ་གསུམ་དབང་པོར་བཅས། །བསོད་ནམས་ཀྱིས་ནི་དེའི་དབང་བྱས། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེ་བཙུན་མོའི་འཁོར་དང་། སྲས་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་གྱི་མི་དང་བཅས་པས་ཕུན་སུམ་ཚོགས་པ་དེ་དག་མཐོང་ནས་ཡ་མཚན་གྱིས་མིག་རྒྱས་པར་གྱུར་ཏེ། མཆོག་ཏུ་ཡ་མཚན་དུ་གྱུར་ནས། ཀྱེ་མ་གཞོན་ནུའི་བསོད་ནམས་ཀྱི་སྟོབས། ཀྱེ་མ་གཞོན་ནུའི་བསོད་ནམས་ཀྱིས་ཆེར་གྲགས་པ་འདི་ལྟར་འདི་མིར་གྱུར་དུ་ཟིན་ཀྱང་འདི་ལྟ་བུར་ལྷའི་འབྱོར་པ་རྒྱས་པ་བྱུང་བར་གྱུར་པ་འདི་ནི་ཡ་མཚན་ཆེའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་རྒྱལ་པོ་སེམས་རབ་ཏུ་དགའ་ཞིང་བུ་སྙིང་དུ་སྡུག་ནས་དཀོར་པ་རྣམས་ལ་བསྒོ་སྟེ། བཀའ་སྙན་གསོལ་པ་རྣམས་ཀྱི་ཕྱིར་རྒྱལ་པོའི་ར་བར་གསེར་དངུལ་གྱི་ཕུང་པོ་སྤུངས་ནས་སྦྱིན་པ་དག་བྱིན་ཏེ་བསོད་ནམས་དག་བྱས་སོ། །ནོར་མེད་པ་དུ་མ་ནི་ནོར་དང་ལྡན་པ་ལ་བཀོད་དོ། །དེ་ནས་རེ་ཞིག་ན་འབྱོར་པ་ཆེན་པོ་རྒྱས་པས་དེ་བཙས་པའི་བཙས་སྟོན་ཆེན་པོ་


DKG076_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་མིང་འདོགས་པར་བྱེད་དེ། གཞོན་ནུའི་མིང་ཅིར་གདགས་ཞེས་ཟེར་རོ། །དེ་ནས་བློན་པོ་དག་གིས་གསོལ་པ། ལྷ་གང་གི་སླད་དུ་སྲས་འདི་བསོད་ནམས་ཀྱི་སྟོབས་རྒྱས་ཤིང་། དེ་བཙས་པ་ན་འདི་ལྟ་བུར་ལྷའི་འབྱོར་པ་བྱུང་བར་གྱུར་པས་ན། དེའི་ཕྱིར་སྲས་འདིའི་མཚན་ནི་བསོད་ནམས་སྟོབས་ཞེས་གདགས་པའི་རིགས་སོ་ཞེས་ཟེར་རོ། །དེ་ནས་དེའི་མིང་བསོད་ནམས་ཀྱི་སྟོབས་ཞེས་བཏགས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་པང་ན་འཚོ་བའི་མ་མ་གཉིས་དང་ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་རྫིང་བུའི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་སྟེ། དེས་ཡི་གེ་མཐར་ཕྱིན་ནས། དེ་རྒྱལ་པོ་རྒྱལ་རིགས་དག་གི་གནས་ལྔ་རྣམས་ཀྱི་བར་གང་ཡིན་པ་དེ་དག་ལ་བྱང་བར་གྱུར་ཏོ། །གཞོན་ནུ་བསོད་ནམས་སྟོབས་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ་ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། འདི་ལྟར་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་ལ་ཐ་ན་རང་གི་ཤའི་བར་དུ་དེས་མ་བྱིན་པ་དང་། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དོ། །དེ་ལ་སློང་བ་དག་འོངས་ཏེ་སློང་ན་དེའི་ཚེ་དེ་དག་ལ་བྱམས་པའི་སེམས་ཀྱིས་ཉེ་བར་གནས་ཏེ། ནམ་མཁའ་ལ་བལྟས་ནས་ཀྱེ་མ་འདི་ལྟར་གསེར་རམ། དངུལ་ལམ། གོས་སམ། བཟའ་བའམ། བཅའ་བའམ། བཏུང་བའམ། མལ་སྟན་


DKG076_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། གཞན་ཡང་གང་ཅི་ཡང་རུང་སྟེ་ཅི་འདོད་པ་དེ་དང་དེ་དག་ནམ་མཁའ་ལས་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དེ། དེས་སེམས་བསྐྱེད་ན་དེ་ལ་འོང་བར་འགྱུར་ལ། སུ་ཡང་དོན་དེ་མི་ཤེས་སོ། །དེས་ཡོ་བྱད་དེ་དག་གིས་སློང་བ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་ཕྱིར་འདོང་ངོ་། །དེའི་གྲགས་པས་འཛམ་བུའི་གླིང་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏེ། འོག་ཏུ་ཀླུའི་འཇིག་རྟེན་ཐམས་ཅད་ནས་སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་སོ། །དེ་ནས་ཕྱིས་རེ་ཞིག་ན་གཞོན་ནུ་བསོད་ནམས་སྟོབས་ཕུ་བོ་བཞི་དང་ལྷན་ཅིག་ཏུ་འབྱོར་བ་མཆོག་གིས་སྐྱེད་མོས་ཚལ་དུ་འཁྱམ་དུ་དོང་ངོ་། །དེའི་བར་གྱི་ལམ་དུ་ཡི་དགས་མཆུ་ཁབ་ཙམ་ལ་ལྟོ་རི་རབ་ཙམ་སྟེ། ཀེང་རུས་བསྒྲེང་བ་འདྲ་ཞིང་ལུས་ཤིན་ཏུ་འབར་བ་ཐལ་མོ་སྦྱར་བ་སྟོང་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་ཏེ། གཞོན་ནུ་བསོད་ནམས་སྟོབས་མ་གཏོགས་པར་སུས་ཀྱང་ཡི་དགས་དེ་དག་མི་མཐོང་ངོ་། །དེ་ནས་ཡི་དགས་དེ་དག་གིས་གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་བསོད་ནམས་ཀྱིས་ཆེ་བར་གྲགས་པ། སྙིང་རྗེ་ཆེན་པོ་ཡིན་ན། བདག་ཅག་བཀྲེས་ཤིང་སྐོམ་པས་ཉམ་ཐག་པ་རྣམས་ལ་ཟས་དང་སྐོམ་བྱིན་ཅིག །བདག་ཅག་ནི་སེར་སྣའི་དབང་དུ་གྱུར་ཏེ། ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པས་ལོ་བརྒྱ་ཕྲག་དུ་མར་ཆུ་ཡང་མི་རྙེད་ན་ཁ་ཟས་ལྟ་ག་ལ་མཐོང་། དེ་སྐད་ཅེས་སྨྲས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་སེམས་སྙིང་རྗེས་ཀུན་ཏུ་བསྐྱོད་ནས་སྐྱེན་པར་ནམ་མཁའ་ལ་བལྟས་ཏེ། ཀྱེ་མ་ལྷའི་བཟའ་བ་དང་བཏུང་བ་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དོ། །དེ་ནས་གློ་བུར་དུ་ལྷའི་བཟའ་བ་དང་བཏུང་བ་ནམ་མཁའ་ལས་འོངས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་ཡི་དགས་རྣམས་ལྷའི་བཟའ་བ་དང་བཏུང་བས་ཡང་དག་པར་ཚིམ་པར་བྱ་བ་ལ་ཞུགས་སོ། །དེ་ནས་རེ་ཞིག་ན་ཡི་དགས་དེ་དག་གིས་སྔོན་གྱི་ལས་ཀྱི་ཉེས་པས་བཟའ་བ་དང་། བཏུང་བ་དེ་དག་མ་མཐོང་ནས་འདི་སྐད་ཅེས་སྨྲས་ཏེ། གཞོན་ནུ་ཁྱོད་སྙིང་རྗེ་ཅན་ཞིག་ཅེས་གྲགས་ན། ཅིའི་ཕྱིར་བདག་ཅག་


DKG076_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པར་མི་བྱེད། གཞོན་ནུས་སྨྲས་པ། ལྷའི་བཟའ་བ་དང་བཏུང་བ་འདི་དག་བྱིན་པ་ཡིན་ན། ཁ་ཟས་འདི་དག་ལས་ཅི་ཉེས་ཏེ་མི་ཟ། ཡི་དགས་རྣམས་ཀྱིས་སྨྲས་པ། གཞོན་ནུ་བདག་ཅག་ནི་སྔོན་གྱི་ལས་ཀྱི་ཉེས་པས་ལྷའི་བཟའ་བ་དང་བཏུང་བ་དེ་དག་མི་མཐོང་ངོ་། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་མི་དགའ་ནས། ཀྱེ་མ་སེར་སྣའི་རྣམ་པར་གཡོ་བ་སྙམ་དུ་ཡིད་ལ་བསམས་ཏེ། ཡི་དགས་དེ་དག་ལ་བྱམས་པས་ཁྱབ་པར་བྱས་ནས་སེམས་བསྐྱེད་དེ་ཚིག་ཏུ་སྨྲས་པ། ཇི་སྟེ་བསོད་ནམས་དག་གི་མཐུ་ཡོད་ན་བདེན་པ་དེ་དང་། བདེན་པའི་ཚིག་དེས་ཡི་དགས་འདི་དག་གིས་ལྷའི་བཟའ་བ་དང་བཏུང་བ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཟ་བའི་མཐུ་ཡོད་པར་གྱུར་ཅིག་ཅེས་གཞོན་ནུས་ཚིག་ཏུ་བརྗོད་མ་ཐག་ཏུ་ཡི་དགས་རྣམས་ཀྱིས་ལྷའི་བཟའ་བ་དང་བཏུང་བ་དེ་དག་ལོག་པར་མི་མཐོང་ཞིང་དེ་དག་གི་ཁ་ཡང་ཐ་མལ་དུ་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཡིད་རབ་ཏུ་དགའ་བས་ཡི་དགས་དེ་དག་ལྷའི་བཟའ་བ་དང་བཏུང་བས་ཚིམ་པར་བྱས་ཏེ། དེ་དག་གིས་བཟའ་བ་དང་བཏུང་བ་སྔོན་མ་མྱོང་བ་ཐོབ་ནས་བཀྲེས་པ་དང་སྐོམ་པ་ཤིན་ཏུ་མི་བཟད་པ་ཆེན་པོའི་དབང་དུ་གྱུར་པས་ཧ་ཅང་མང་དུ་ཟོས་ཏེ། གསུས་པ་རྡོལ་ནས་དེ་དག་གཞོན་ནུ་བསོད་ནམས་སྟོབས་ལ་སེམས་མངོན་པར་དགའ་བཞིན་དུ་ཤི་སྟེ། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་ནས་གཞོན་ནུ་བསོད་ནམས་སྟོབས་ལ་གཞོན་ནུ་ཁྱོད་ཀྱིས་བདག་ཅག་དགའ་ལྡན་གྱི་ལྷའི་རིས་སུ་བཀོད་ཀྱིས་མཆོག་ཏུ་དགའ་བ་སྐྱེད་ཅིག །ད་ནི་ཁྱོད་ཉིད་ལས་བརྟེན་ཏེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱའོ་ཞེས་སྨྲས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་མཆོག་ཏུ་དགའ་བ་སྐྱེས་ནས་ལེགས་སོ་ཞེས་སྨྲས་ཏེ། སྐྱེད་མོས་ཚལ་ཉིད་དུ་སོང་ངོ་། །དེ་ནས་སྐྱེད་མོས་ཚལ་དེར་འདུག་ནས་མི་རྣམས་ཀྱི་ཉམས་སུ་དཔེན་པ་གང་ཡིན་ཞེས་ཡང་དག་པའི་གཏམ་འདི་ལྟ་བུ་གློད་ཅིང་ངེས་པར་བྱེད་དོ། །དེ་ནས་གཞོན་ནུ་གཟུགས་དང་ལྡན་པ་ན་རེ་འདི་ལ་གདོད་བརྟག་ཏུ་ཅི་ཡོད། འདི་ནི་འཇིག་


DKG076_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱིས་རྟོགས་པ་ཁོ་ན་སྟེ། འདི་ལྟར་བྱད་གཟུགས་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱད་གཟུགས་དང་ལྡན་པ་མཐོང་ན་སྔོན་མ་མཐོང་བའི་སྐྱེ་བོ་ཡང་མཆོག་ཏུ་དགའ་བར་འགྱུར་ལ་མངོན་པར་དགའ་བ་མ་ཡིན་པ་རྣམས་ཀྱང་དགའ་བར་འགྱུར་བའི་ཕྱིར་རོ། །སྔོན་གྱི་དྲང་སྲོང་དག་གིས་ཀྱང་བྱད་གཟུགས་བཟང་བ་འདི་ནི་རྙེད་པ་རྣམས་ཀྱི་ཕྱེད་དོ་ཞེས་སྨྲས་པ་ཡིན་ནོ། །གཞན་ཡང་ཁྱོད་ཀྱིས་ལྟོས་དང་ཡིད་དུ་འོང་བའི་གཟུགས་དང་ལྡན་པ་ནི་མཐོང་བ་ཙམ་གྱིས་མི་རྣམས་དགའ་བར་འགྱུར་ཏེ། དམ་པ་རྣམས་ཀྱིས་ཆོས་ཀྱི་མཆོག་ལ་བྱ་བ་བཞིན་དུ་སྙིང་ནས་བཀུར་བར་བྱེད་དོ། །དེ་ནས་གཟུགས་དང་ལྡན་པའི་ཚིག་འདི་ཐོས་ནས་བརྩོན་འགྲུས་ཅན་གྱིས་སྨྲས་པ། གཟུགས་དག་གིས་བྱར་ཅི་ཡོད་དེ། བརྩོན་འགྲུས་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱད་གཟུགས་དང་ལྡན་ལ་བརྩོན་འགྲུས་མེད་པ་ལ་ནི་ཚེ་འདིའམ་ཚེ་ཕྱི་མའི་འདོད་པའི་འབྲས་བུ་ཅི་ཡང་མི་སྣང་མི་གྲག་སྟེ། བྱད་གཟུགས་ཉམས་སུ་དཔེན་ཞེས་བྱ་བ་འདི་ནི་བྱིས་པ་སྐྱེ་བོ་རྨོངས་པར་བྱེད་པར་ཟད་པའི་ཕྱིར་རོ། །བརྩོན་འགྲུས་ནི་ཚེ་འདི་ཉིད་ལ་ཡང་འདོད་པའི་འབྲས་བུ་འགྲུབ་པར་བྱེད་དེ། འདི་ལྟ་སྟེ་ཞིང་རྨེད་པ་རྣམས་ཀྱི་འབྲུ་དང་། ཚོང་པ་རྣམས་ཀྱི་ཁེ་དང་། ཞབས་འབྲིང་བྱེད་པ་རྣམས་ཀྱི་འཚོ་བ་དང་། མི་སྟོད་རིམས་རྣམས་ཀྱི་བསྟན་བཅོས་རྟོགས་པར་བྱ་བ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་འབྲས་བུ་ཐོབ་པར་བྱ་བ་དང་། དེ་ལ་སོགས་པ་བརྩོན་འགྲུས་ཀྱི་ཚེ་འདིའི་འདོད་པའི་འབྲས་བུ་སྣང་ངོ་། །ཚེ་ཕྱི་མའི་འབྲས་བུ་ནི་འདི་ལྟ་སྟེ། བདེ་འགྲོ་དང་མཐོ་རིས་ཀྱི་འཇིག་རྟེན་དང་། ལོངས་སྤྱོད་ཆེན་པོ་དང་། ཐར་པ་ཐོབ་པ་དང་། དེ་ལ་སོགས་པ་བརྩོན་འགྲུས་ཀྱི་ཚེ་ཕྱི་མའི་འབྲས་བུ་ཡང་སྣང་ངོ་། །གཞན་ཡང་བརྩོན་འགྲུས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། གནོད་པ་རྣམས་ཟློག་པ་ཡིན་ཏེ། བརྩོན་འགྲུས་ལ་ནི་བསྒྲུབ་དཀའ་བ་ཅི་ཡང་མེད་དོ་ཞེས་བརྩོན་འགྲུས་ཅན་གྱིས་དེ་སྐད་ཅེས་སྨྲས་པ་ལ་བཟོ་དང་ལྡན་པས་བགད་དེ་སྨྲས་པ། ཁྱོད་ཀྱི་


DKG076_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཞིང་མང་ལ་རྣམ་པ་སྣ་ཚོགས་ནི་སྨྲ་མོད་ཀྱི་ངའི་སེམས་ནི་མ་མགུའོ། །དེ་ཅིའི་ཕྱིར་ཞེ་ན། བཟོ་དང་བྲལ་བའི་བརྩོན་འགྲུས་ཀྱིས་ནི་འབྲས་བུ་ཅི་ཡང་འགྲུབ་པ་མ་མཐོང་གི། བཟོ་དང་ལྡན་པ་ནི་འབྲས་བུ་ཡོད་པར་མཐོང་བའི་ཕྱིར་རོ། །དེ་བས་ན་བཟོ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །གཞན་ཡང་བཟོ་བོ་ནི་རིགས་དམའ་བར་སྐྱེས་སུ་ཟིན་ཀྱང་རྒྱལ་པོ་རྣམས་དང་། བློན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གདོན་མི་ཟ་བར་བཀུར་རོ། །སྣ་ཚོགས་ལས་ཅན་ལྷ་རྣམས་དང་། །མི་རྣམས་ཀྱིས་ཀྱང་ལེགས་པར་བཀུར། །དེ་བཞིན་མ་རབས་བཟོ་བོའི་ཕྱིར། །མི་དང་ལྷ་རྣམས་ཀྱིས་ཀྱང་བཀུར། །ཞེས་བཟོ་དང་ལྡན་པས་སྨྲས་པ་ལ་ཤེས་རབ་ཅན་གྱིས་ཡིད་ཙམ་གྱིས་བགད་དེ་སྨྲས་པ། ཤེས་རབ་བཞིན་དུ་མི་རྣམས་ཀྱི་ཉམས་སུ་བྱད་གཟུགས་ཀྱང་དཔེན་པ་མ་ཡིན། བརྩོན་འགྲུས་ཀྱང་དཔེན་པ་མ་ཡིན། བཟོ་ཡང་དབེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་འཆལ་པ་ནི་གཟུགས་བཟང་བ་མཐོང་ན་ཡང་རྐྱེན་དུ་འབབ་པར་འཛེམ་པ་མ་ཡིན་ལ། བརྩོན་འགྲུས་ཀྱིས་ཀྱང་དོན་དུ་སྐྱེ་བར་མི་འགྱུར། བཟོ་ཡང་ཤེས་རབ་མེད་ན་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཤེས་རབ་འབའ་ཞིག་དོན་ཐམས་ཅད་བསྒྲུབ་པ་ལ་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །གཞན་ཡང་ཤེས་རབ་ཀྱིས་ནི་གཟུགས་དང་བཟོ། །བརྩོན་འགྲུས་ནོར་ཡང་ཐོབ་པར་འགྱུར། །མི་རྣམས་ལེགས་དང་བདེ་བ་ཆེ། །ཤེས་རབ་ཀྱིས་ནི་ཐམས་ཅད་འཐོབ། །ཅེས་ཤེས་རབ་ཅན་གྱིས་དེ་སྐད་སྨྲས་པ་ལ་གཞོན་ནུ་བསོད་ནམས་སྟོབས་ཀྱིས་བཞིན་འཛུམ་དམུལ་ནས་བསོད་ནམས་དག་གི་སྟོབས་དངོས་སུ་ཁ་ནས་བྱུང་བཞིན་དུ་སྨྲས་པ། ཤེས་རབ་དང་བྲལ་བའི་གཟུགས་དང་། བཟོ་དང་། བརྩོན་འགྲུས་ཐམས་ཅད་ནི་ཉམས་སུ་དཔེན་པ་མ་ཡིན་ལ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ནི་འབྲས་བུ་དང་བཅས་ཤིང་ཉམས་སུ་དཔེན་པ་ཡིན་ཏེ། དེ་ནི་བདེན་པ་ཁོ་ན་མོད་ཀྱི་འོན་ཀྱང་ཤེས་རབ་དེ་ཡང་བསོད་ནམས་མེད་པར་འཐོབ་པར་མི་འགྱུར་ཏེ། དེ་བས་ན་བསོད་ནམས་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །བསོད་ནམས་ཞེས་བྱ་བ་ནི་གཅིག་ཏུ་སྡུག་པའི་འབྲས་བུ་


DKG076_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། ཕངས་པའི་འབྲས་བུ་རྣམས་དང་། དགའ་བའི་འབྲས་བུ་རྣམས་དང་། ཡིད་དུ་འོང་བའི་འབྲས་བུ་རྣམས་དང་། ཡིད་དང་འཐད་པའི་འབྲས་བུ་རྣམས་ཀྱི་གཙོ་བོ་ཡིན་ཏེ། ཡོན་ཏན་མ་ལུས་པར་ངས་བརྗོད་མི་ནུས་མོད་ཀྱི། ཁྱོད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསོད་ནམས་དག་གི་ཡོན་ཏན་ཕྱོགས་གཅིག་ཙམ་བཤད་པར་བྱས་ཉོན་ཅིག །བསོད་ནམས་དག་གིས་བྱད་གཟུགས་འཐོབ། །བསོད་ནམས་ཀྱིས་ནི་ཚུལ་ཁྲིམས་ལྡན། །བསོད་ནམས་དག་གིས་དཔལ་འཐོབ་ཅིང་། །དེ་བཞིན་ལོངས་སྤྱོད་ཅན་དུ་འགྱུར། །བསོད་ནམས་དག་གིས་ཤེས་རབ་འཐོབ། །སྙན་དངགས་སྦྱོར་མཆོག་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཡིད་གཞུངས་འཐོབ། །བསོད་ནམས་དག་གིས་བཟང་འགྲོ་འཐོབ། །བསོད་ནམས་ཀྱིས་ནི་རིགས་མཐོར་སྐྱེ། །བསོད་ནམས་ཀྱིས་ནི་སྐྱེ་བ་དྲན། །བསོད་ནམས་དག་གིས་གྲགས་པ་ཐོབ། །བསོད་ནམས་དག་གིས་ངང་ཚུལ་ཅན། །བསོད་ནམས་དག་གིས་གཏོང་ལྡན་འགྱུར། །བསོད་ནམས་དག་གིས་དབང་པོ་ཚང་། །བསོད་ནམས་དག་གིས་བདེ་བ་འཐོབ། །བསོད་ནམས་དག་གིས་མཁས་པས་མཆོད། །བསོད་ནམས་དག་གིས་སྟོབས་ཐོབ་ཅིང་། །དམ་པ་འཕྲད་པ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་དོན་ཀུན་འཐོབ། །འདིར་ནི་ཡོན་གནས་སུ་ཡང་རུང་། །ཅི་སྟེ་ཞིང་ལས་ཚོང་ཡང་རུང་། །མི་ནི་སྐྱིད་འདོད་ཕྱིར་བྱེད་ན། །ཅུང་ཟད་བྱས་པས་བསོད་ནམས་ཀྱིས། །ལོངས་སྤྱོད་རྒྱ་ཆེན་ཚོགས་ཀྱང་འཐོབ། །བསོད་ནམས་བྱེད་རྣམས་བསོད་ནམས་ཀྱིས། །བསམས་པ་ཙམ་གྱིས་ནམ་མཁའ་ལས། །གོས་དང་ཟས་སྐོམ་རིན་ཆེན་རྣམས། །ཐམས་ཅད་བདེ་བར་འཐོབ་པར་འགྱུར། །ཡིད་འོང་ཁྱིམ་རྣམས་བསོད་ནམས་ཀྱིས། །བསོད་ནམས་དག་གིས་བུད་མེད་མཆོག །བསོད་ནམས་ཆེན་པོས་ནོར་དང་འབྲུ། །དེ་ཡི་འདོད་དགུ་འབྱུང་བར་འགྱུར། །བསོད་ནམས་དག་གིས་འགྲོ་བ་ན། །ས་ནི་སྡོང་དུམ་ཚེར་མ་མེད། །བསོད་ནམས་ཇི་ལྟར་ལྡན་པ་བཞིན། །མཉམ་གནས་ཡང་ན་གོས་ཀྱང་བཏིང་། །ཇི་ལྟར་རེག་པ་ཙམ་གྱིས་ན། །ནད་པ་དག་ནི་སོས་འགྱུར་བཞིན། །བསོད་ནམས་དག་གིས་རེག་གྱུར་ན། །ཟས་སྐོམ་དེ་བཞིན་གཉི་ག་དང་། །གོས་དང་རིན་ཆེན་


DKG076_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དག་ཀྱང་། །རྟག་ཏུ་ཟད་པར་མི་འགྱུར་རོ། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དང་། །ཡི་དགས་ལྟོ་འཕྱེ་མི་རྣམས་ཀྱང་། །བསོད་ནམས་བདག་ཉིད་ཆེ་བའི་ཕྱིར། །དུག་དང་གནོད་པ་རྣམས་ལས་སྲུང་། །བསོད་ནམས་དག་གིས་བསྙེན་བཀུར་འཐོབ། །སྐྱེ་བོ་མང་དགའ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་གྲགས་ལྡན་འགྱུར། །བསོད་ནམས་དག་གིས་སྐལ་བཟང་འཐོབ། །བསོད་ནམས་དག་གིས་ཚིག་ཀྱང་བཙན། །བསོད་ནམས་དག་གིས་སྡུག་གུར་འགྱུར། །ཚངས་པའི་དབྱངས་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་ལུས་མདོག་སྡུག །བསོད་ནམས་དག་གིས་ཚིག་ཀྱང་བཟང་། །དྲན་ལྡན་མཛའ་ལྡན་གཙོ་བོར་འགྱུར། །དེ་དང་དེར་ནི་མཁས་པར་འོང་། །མི་ཕྱེད་པ་ཡི་འཁོར་དང་ལྡན། །བསོད་ནམས་ཅན་ནི་ནད་མེད་ཅིང་། །སྨོན་པའི་གནས་འགྱུར་བསོད་ནམས་ཀྱིས། །བསོད་ནམས་རྙེད་ལྡན་གཟི་བྱིན་ཡོད། །བསོད་ནམས་དག་གིས་རྒྱལ་སྲིད་འཐོབ། །འགྲན་ཟླ་མེད་ཅིང་གནོད་པ་མེད། །ལོངས་སྤྱོད་མི་ཉམས་བསོད་ནམས་ཀྱིས། །བསོད་ནམས་དག་གིས་གཏེར་ཡང་རྙེད། །འཁོར་ལོས་སྒྱུར་འགྱུར་བསོད་ནམས་ཀྱིས། །རིན་ཆེན་བདུན་ནི་མདུན་དུ་འགྲོ། །ནམ་མཁའི་བར་ནས་ཀུན་ཏུ་རྒྱུ། །ཉི་ཟླ་དང་ཡང་གཟི་བྱིན་མཉམ། །ཟླ་བ་ཉིད་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་ཉི་མ་ཉིད། །ཚངས་པ་ཉིད་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་བརྒྱ་བྱིན་ཉིད། །གཞལ་མེད་ཁང་ན་རྒྱུ་བ་ཡི། །བསོད་ནམས་ཀྱིས་ནི་ལྷར་ཡང་འགྱུར། །བསོད་ནམས་དེ་བཞིན་ལྷ་ཡི་བུ། །ལྷ་མིན་དབང་པོ་སྟོབས་པོ་ཆེ། །བསོད་ནམས་དག་གིས་ངན་འགྲོ་སྤོང་། །བསོད་ནམས་ཀྱིས་ནི་བདེ་འགྲོར་འགྲོ། །ཤིན་ཏུ་ཡིད་འོང་རབ་དཀོན་པའི། །མེ་ཏོག་བསོད་ནམས་དག་གིས་རྙེད། །བསོད་ནམས་དག་གིས་གྲུབ་པ་འཐོབ། །འགྲོ་བ་སྣང་བྱེད་བསོད་ནམས་ཀྱིས། །ལྷ་དང་ལྷ་མིན་མི་རྣམས་ཀྱིས། །ཡང་དག་མཆོག་འགྱུར་བསོད་ནམས་ཀྱིས། །ཞེས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེ་སྐད་ཅེས་སྨྲས་ན། འོན་ཀྱང་རང་རང་གི་ཕྱོགས་འཛིན་པས་ཁས་མི་ལེན་ཏོ། །དེ་ནས་བསོད་ནམས་སྟོབས་ཀྱིས་དེ་དག་ལ་ཡང་སྨྲས་


DKG076_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀྱེ་ཚུར་ཤོག་བདག་ཅག་ཤིན་ཏུ་རིང་བ་གཞན་གྱི་ཡུལ་ཞིག་ཏུ་དོང་སྟེ། ཆ་ལུགས་མི་མངོན་པར་འཁོད་ན། འདི་ལྟར་ཅི་གཟུགས་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནམ། འོན་ཏེ་བརྩོན་འགྲུས་སམ། བཟོའམ། ཤེས་རབ་བམ། བསོད་ནམས་ཉམས་སུ་དཔེན་པ་ཤེས་པར་འགྱུར་རོ། །དེ་ནས་གཞོན་ནུ་དེ་དག་གིས་དེ་ལྟར་བྱའོ་ཞེས་བྱས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་ལྟར་མཉན་ཏེ། ཡབ་ལ་མ་གསོལ་བར་ཚམ་ཚོམ་མེད་པར་ཤིན་ཏུ་རིང་བ་རྒྱལ་ཁམས་གཞན་དང་། ཡུལ་གཞན་དུ་དོང་ནས་རྒྱལ་པོའི་ཕོ་བྲང་འཁོར་གཞན་ཞིག་ཏུ་ཞུགས་ཏེ། ཆ་ལུགས་མི་མངོན་པར་འཁོད་དོ། །དེ་ནས་གཟུགས་དང་ལྡན་པ་ནི་མཐོང་ན་ཡིད་དུ་འོང་བས་བསྡུས་པའི་སྐྱེ་བོ་དག་གིས་བཤུགས་པའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བརྩོན་འགྲུས་ཅན་གྱིས་ནི་ཆུ་ཀླུང་ཤུགས་དྲག་ཅིང་མགྱོགས་ལ་ཤིན་ཏུ་ཟབ་ཅིང་མཐོང་ནས་འཇིགས་པས་ཙན་དན་གྱི་ཤིང་ཆེན་པོ་ཁྱེར་བ་ན། གཞན་དག་གིས་བླང་བར་མི་ནུས་པ་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་དྲངས་ནས་འཚོང་ཞིང་དེ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བཟོ་དང་ལྡན་པ་ཡང་བཟོ་སྟོན་པ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །ཤེས་རབ་ཅན་གྱིས་ཀྱང་ཚོང་དཔོན་གཉིས་འཁོན་བྱུང་ནས་ཡུན་རིང་དུ་ལོན་པ་ཤེས་རབ་ཀྱི་མཁས་པས་མཛའ་བར་བྱས་ཏེ། དེ་ནས་དེ་གཉིས་ཡོངས་སུ་མགུ་བས་ནོར་བྱིན་པ་ཙམ་གྱིས་བདེ་བར་འཚོའོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་བདག་གིས་བསོད་ནམས་བྱས་པ་རྣམས་ཀྱི་ཆེ་བ་ཉིད་བསྒྲགས་པའི་ཕྱིར་མི་ཤིན་ཏུ་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་ནས། དེ་གང་གི་ཉིན་པར་ཁྱིམ་དེར་ཞུགས་པ་དེའི་ཉིན་པར་ཉིད་དུ་གཞོན་ནུ་བསོད་ནམས་སྟོབས་ཀྱི་བསོད་ནམས་ཀྱི་མཐུས་ཁྱིམ་དེ་ཉིད་ཀྱི་ནང་དུ་འབྱོར་པ་ཆེན་པོ་བྱུང་སྟེ། ཁྱིམ་དེར་ནོར་དང་། འབྲུ་དང་། གསེར་དངུལ་མང་པོས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་མི་དབུལ་པོ་དེ་འདི་ཅི་ཞིག་སྙམ་དུ་ཡ་མཚན་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། སྔོན་མ་བྱུང་བའི་འབྱོར་པ་འདི་ག་ལས་འོངས་སྙམ་དུ་སེམས་སོ། །དེ་ཡང་འདི་སྙམ་དུ་ཁྱིམ་འདིར་ལོངས་སྤྱོད་འབྱོར་པ་བྱུང་བ་འདི་ནི་སྔོན་མ་མཐོང་བའི་སེམས་ཅན་འདི་བདག་གི་ཁྱིམ་དུ་


DKG076_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་དེའི་མཐུ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་ལོངས་སྤྱོད་འབྱོར་པ་དེ་དག་མི་དབུལ་པོ་དེ་ལ་ཅི་བདེར་སྤྱོད་དུ་བཅུག་སྟེ། དེའི་ཚེ་མི་དབུལ་པོ་དེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བར་གྱུར་ཏོ། །དེ་ནས་འདི་སྙམ་དུ་རྟོག་སྟེ། བདག་སྔོན་ཤིན་ཏུ་དབུལ་ཞིང་འདུག་འདུག་པ་ལས། ད་བདག་གི་དཔལ་དང་སྐལ་བ་བཟང་པོ་འབྱོར་བར་གྱུར་པ་དེ་དག་ཐམས་ཅད་ནི་གཞོན་ནུ་འདི་ལ་བརྟེན་ཏོ། །གང་གི་ཕྱིར་གང་གི་ཉིན་མོ་གཞོན་ནུ་འདི་བདག་གི་ཁྱིམ་དུ་འོངས་པ་དེའི་ཉིན་པར་ཉིད་དུ་བདག་གི་ཁྱིམ་དུ་དཔལ་བྱུང་བར་གྱུར་པ་ལས་ན། སེམས་ཅན་འདི་ནི་བསོད་ནམས་ཀྱིས་ཆེ་བར་གྲགས་པ་ཞིག་གིས་བཀུར་སྟི་བྱ་བའི་རིགས་སོ་སྙམ་སྟེ། དེ་ནས་དེས་དེ་ལ་རྒྱུན་མི་འཆད་པར་བཀུར་སྟི་ཤིན་ཏུ་ཆེན་པོས་བཀུར་སྟི་བྱས་ནས་མི་དབུལ་པོ་ཆེ་གེ་མོ་ཞིག་གི་ཁྱིམ་དུ་གཞོན་ནུ་སྔོན་མ་བྱུང་བ་ཞིག་འོངས་ཏེ། དེའི་མཐུས་ཁྱིམ་དེར་དཔལ་བྱུང་བར་གྱུར་ཏོ་ཞེས་ཀུན་ཏུ་སྒྲ་གྲགས་སོ། །སྐྱེ་བོ་མང་པོ་དག་གིས་དེ་ཐོས་ནས། གཞོན་ནུ་བསོད་ནམས་སྟོབས་ལ་མངོན་པར་དགའ་བར་གྱུར་ཏེ། ཀྱེ་མ་བསོད་ནམས་དག་གི་མཐུས་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེའི་ཚེ་ལྗོངས་དེར་ཡང་གཞོན་ནུ་བསོད་ནམས་སྟོབས་ཀྱི་མཐུས་མེ་ཏོག་དང་། འབྲས་བུའི་ཤིང་རྣམས་རྟག་ཏུ་རྒྱས་པར་གྱུར་ཏོ། །ལྷ་ཡང་དུས་དུས་སུ་ལེགས་པར་འཐུན་པར་ཆར་གྱི་རྒྱུན་འབེབས་ཏེ། འབྲུ་ཤིན་ཏུ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏོ། །དེ་ནས་སྐྱེ་བོ་མང་པོ་བསོད་ནམས་དག་གིས་སེམས་དགའ་བར་བྱས་ཏེ། ལྟད་མོ་ལྟ་འདོད་པར་གྱུར་ནས་དེ་ལྟ་བའི་ཕྱིར་དོང་ངོ་། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་སྐྱེ་བོ་ལྷགས་པ་དེ་དག་བསྡུ་བར་འདོད་དེ། ཀྱེ་མ་བདག་ལ་ཁྱིམ་རིན་པོ་ཆེ་ཐམས་ཅད་ཀྱིས་གང་ཞིང་འཚོག་ཆས་རྣམ་པ་སྣ་ཚོགས་དང་ལྡན་ལ། བྲན་དང་བྲན་མོ་དང་ལས་བྱེད་པས་གང་བ་རྣམ་པ་སྣ་ཚོགས་བལྟ་ན་ཡིད་དུ་འོང་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དོ། །དགེ་སློང་དེ་དག་སེམས་བསྐྱེད་མ་ཐག་ཏུ་གཞོན་ནུ་བསོད་ནམས་སྟོབས་ཀྱི་ཁྱིམ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་གང་ཞིང་འཚོག་ཆས་རྣམ་པ་སྣ་ཚོགས་དང་ལྡན་ལ། བྲན་དང་


DKG076_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་མོ་དང་ལས་བྱེད་པས་གང་བ་རྣམ་པ་སྣ་ཚོགས་བལྟ་བ་ཡིད་དུ་འོང་བ་གློ་བུར་དུ་བྱུང་ངོ་། །དེ་མཐོང་ནས་ཀྱང་སྐྱེ་བོ་མང་པོ་དག་མཆོག་ཏུ་ངོ་མཚར་དུ་གྱུར་ཏེ། བསོད་ནམས་དག་ལ་གཅེས་སུ་འཛིན་པ་ཡང་དག་པར་སྐྱེས་ནས། ཀྱེ་མ་བསོད་ནམས་དག་གི་འབྲས་བུ་ནི་དངར་རོ་ཞེས་རྟོགས་ནས་གཞོན་ནུ་བསོད་ནམས་སྟོབས་ལ་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་སོ། །གཞོན་ནུ་བསོད་ནམས་སྟོབས་ཀྱིས་ཀྱང་སྐྱེ་བོ་མང་པོ་དེ་དག་སེམས་དགའ་བར་གྱུར་པར་ཤེས་ནས་བསྡུ་བའི་དངོས་པོ་བཞི་དག་གིས་ཅི་རིགས་པར་ཁ་ཅིག་ནི་སྦྱིན་པས་བསྡུས། ཁ་ཅིག་ནི་ཚིག་སྙན་པས་བསྡུས། ཁ་ཅིག་ནི་དོན་སྤྱོད་པས་བསྡུས། ཁ་ཅིག་ནི་དོན་འཐུན་པས་བསྡུས་ཏེ་དེའི་གྲགས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏོ། །དེ་ནས་ཕྱིས་རེ་ཞིག་ན་རྒྱལ་པོ་གཞན་ཞིག་ལ་སྨན་ཆོས་གསོལ་བའི་མི་ཞིག་གཤེད་མ་དག་གིས་ཡན་ལག་བཅད་དེ་བཞག་ནས་དེའི་ལུས་ལས་ཁྲག་ཤིན་ཏུ་མང་པོ་ཟགས་ཏེ་དེས་ན་དེའི་ཁ་སྐམས་པར་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱང་ས་ཕྱོགས་དེར་ཕྱིན་ཏེ། དེ་ནས་མི་དེས་དེ་མཐོང་ནས་ཉམ་ཐག་པའི་ང་རོས་ངུ་ཞིང་ཇོ་ཅོ་གཞོན་ནུ་བདག་ལ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་སྨྲས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེ་མཐོང་ནས་སྙིང་རྗེའི་སེམས་བསྐྱེད་དེ། བདག་གིས་ཐབས་ཇི་ལྟ་བུ་ཞིག་གིས་འདི་ཡོངས་སུ་བསྐྱབ་པར་བྱ་སྙམ་དུ་བསམས་ནས་དེང་བདག་གིས་བསོད་ནམས་དག་གི་མཐུ་འཇིག་རྟེན་གྱི་མངོན་སུམ་དུ་བསྟན་ཏོ་སྙམ་དུ་དེའི་བློ་སྐྱེས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེའི་ལུས་ཀྱི་ཉམ་དྲོད་རྟོགས་ནས་སྙིང་རྗེས་སེམས་བརླན་ཏེ། རང་གི་ལུས་ལས་རྩ་གཏར་ནས་ཁྲག་གཟག་སྟེ། མི་དེ་ལ་བླུད་ནས་དེས་མི་དེའི་ཁ་སྐམས་པ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེའི་རྐང་ལག་བཅད་པས་ཤིན་ཏུ་མི་བཟད་པར་ན་བ་མཐོང་ནས་སྡུག་བསྔལ་དེ་བདག་གི་ཉམས་ལ་བབ་པར་སེམས་ཤིང་བདག་ཉིད་ཀྱི་རྐང་ལག་བཅད་དེ། མི་དེའི་རྐང་ལག་གི་གནས་གནས་སུ་སྦྱར་ནས་ནམ་མཁའ་ལ་བལྟས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་བྱམས་


DKG076_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་བསྐྱེད་ནས། བདེན་པའི་ཚིག་གང་གིས་བདག་གི་ལུས་འདི་སྐྱེས་ཚུན་ཆད་མི་དགེ་བའི་ལས་ཅི་ཡང་བྱས་པར་མི་དྲན་པའི་བདེན་པ་དང་བདེན་པའི་ཚིག་འདིས་མི་འདི་ལ་བདག་གི་རྐང་ལག་འདི་དག་གནས་གནས་སུ་འབྱོར་པར་གྱུར་ཅིག །སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་ཡང་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེ་སྐད་སྨྲས་མ་ཐག་ཏུ་མི་དེ་ལ་རྐང་ལག་བཅད་པ་དེ་དག་གནས་གནས་སུ་འབྱོར་པར་གྱུར་ཏེ། མི་དེ་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་ཡང་གྱུར་ནས་རྨ་སོས་ཤིང་སྒྲོས་མི་མངོན་པར་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་མི་དེ་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་པར་མཐོང་ནས་ཡིད་རབ་ཏུ་དགའ་སྟེ། བསམ་པ་ཡོངས་སུ་རྫོགས་ནས་བདག་ཉོན་མོངས་པ་འབྲས་བུ་ཡོད་པར་གྱུར་ཏེ། བསམ་པ་ཡོངས་སུ་རྫོགས་སོ་སྙམ་དུ་བསམས་སོ། །གཞན་ཡང་ཇི་ལྟར་མི་འདི་བདག་གིས་རང་གི་ཁྲག་གིས་ཚིམ་པར་བྱས་ནས་རང་གི་རྐང་ལག་གིས་བསྟུད་དེ་བདེན་པས་བསྐུལ་ནས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཅིང་། སྲོག་ཕངས་པ་དང་ལྡན་པར་བྱས་པ་བཞིན་དུ། དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་མི་འདི་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཡང་དག་པར་ཚིམ་པར་བྱས་ཏེ། གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་གཞོག་པར་གྱུར་ཅིག་ཅེས་བྱས་ནས། དེའི་སྐབས་སུ་ཡང་ས་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོ་བ་དེས་དབང་པོ་ཆེན་པོའི་ཕོ་བྲང་ཀུན་ཏུ་གཡོས་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ས་གཡོ་བ་འདི་སུས་བྱས་སྙམ་མོ། །རེ་ཞིག་ན་གཞོན་ནུ་བསོད་ནམས་སྟོབས་ཀྱིས་ཤིན་ཏུ་དཀའ་བའི་ལས་བྱས་པ་དེ་མཐོང་ངོ་། །དེ་མཐོང་ནས་ཀྱང་ཡ་མཚན་གྱིས་སེམས་དད་པར་གྱུར་ནས་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི་ཅིའི་ཕྱིར་འདི་ལྟར་ཤིན་ཏུ་དཀའ་བའི་ལས་བྱེད་པ་དེ་བདག་གིས་བརྟག་པར་བྱའོ་སྙམ་དུ་བསམས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བདག་ཉིད་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས་སུམ་ཅུ་རྩ་གསུམ་པའི་གནས་ནས་བབས་ཏེ་གཞོན་ནུ་བསོད་ནམས་སྟོབས་ཀྱི་ཐད་དུ་སོང་ནས།


DKG076_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་སྟོབས་ཁྱོད་ཀྱིས་བདག་ཉིད་ཀྱི་རྐང་ལག་མེད་པར་བྱས་ཏེ་བཞག་པ་འདི་ཅིའི་ཕྱིར་བྱས་ཞེས་སྨྲས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་ངོ་མ་ཤེས་ཏེ། སྐབས་འདི་རྒྱས་པར་བསྙད་ནས་ཡང་སྨྲས་པ། གྲོགས་པོ་བདག་ནི་གཞན་དག་གི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །བདག་ནི་གཞན་དག་གི་བདེ་བས་མཆོག་ཏུ་བདེ་སྟེ། དེ་བས་ན་བདག་གིས་མི་འདི་སྡུག་བསྔལ་མི་བཟད་པས་ཉམ་ཐག་པ་དེ་མཐོང་ནས། སྡུག་བསྔལ་དེ་བདག་གི་ཉམས་ལ་བབ་པར་བསམས་ཏེ། རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་བཏང་ནས་མི་འདི་བདེན་པས་བསྐུལ་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་བཞག་གོ། །།བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་བམ་པོ་གཉིས་པ་སྟེ་ཐ་མ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་མཆོག་ཏུ་ཡ་མཚན་དུ་གྱུར་ནས་བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ནས་རང་བཞིན་དུ་གནས་པར་གྱུར་ནས། གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་བཏང་བར་བྱས་པའམ་ཡོངས་སུ་གཏོང་བ་ན་སེམས་གཞན་དུ་གྱུར་པའམ་འགྱོད་པར་མ་གྱུར་གྲང་། གཞོན་ནུ་བསོད་ནམས་སྟོབས་ཀྱིས་སྨྲས་པ། ཀཽ་ཤི་ཀ་བདག་ནི་རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་བཏང་བར་བྱས་པའམ་ཡོངས་སུ་གཏོང་བ་ན་སེམས་གཞན་དུ་གྱུར་པའམ་འགྱོད་པར་གྱུར་པ་ཡང་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ཅིས་མངོན། བསོད་ནམས་སྟོབས་ཀྱིས་སྨྲས་པ། ཀཽ་ཤི་ཀ་འོ་ན་བདེན་པའི་ཚིག་བྱ་ཡིས་ཉོན་ཅིག །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་སྟེ། ཕྱོགས་བཞིར་བལྟས་ནས་བདེན་པས་བསྐུལ་བའི་ཚིགས་སུ་བཅད་པ་སྨྲས་པ། རང་གི་ཡན་ལག་མཁྲིག་མ་གཅོད་པ་ན། །ཇི་སྟེ་དེ་རིང་འགྱོད་པར་མ་གྱུར་ན། །བདག་གི་བདེན་པའི་ཚིག་ནི་གང་ཡིན་པས། །བདག་གི་ལུས་ནི་སྔ་མཁོ་བཞིན་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་སྨྲས་མ་ཐག་པའི་རྗེས་ལ་བདག་ཉིད་ཆེན་པོ་དེའི་ལུས་འཕྲལ་དུ་སྔོན་བཞིན་དུ་གྱུར་ཏེ། ནམ་མཁའ་ལས་ཀྱང་ལྷའི་མེ་ཏོག་གི་ཆར་


DKG076_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བབ་བོ། །ལྷའི་རོལ་མོའི་སྒྲ་རྣམས་ཀྱང་སྒྲོགས་སོ། །སེར་བུ་འཇམ་པོ་ཡང་ལངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མི་དད་པར་བྱེད་པའི་བསོད་ནམས་དག་གི་ཤིན་ཏུ་རྨད་དུ་བྱུང་བ་དེ་ཚེ་འདི་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་རྒྱ་ཆེན་པོ་མཐོང་ནས་མཆོག་ཏུ་ངོ་མཚར་ཆེ་བས་སེམས་ཀྱི་རྒྱུད་དང་བར་གྱུར་ཏེ། གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་འབད་པ་འདིས་ཅི་ཞིག་སྒྲུབ། བསོད་ནམས་སྟོབས་ཀྱིས་སྨྲས་པ། ཀཽ་ཤི་ཀ་བདག་ནི་འབད་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་ནས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བཏོན་ཏེ། གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པར་འདོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གཞོན་ནུ་བསོད་ནམས་སྟོབས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རི་རབ་བཞིན་དུ་མི་གཡོ་བར་རིག་ནས་མགུ་བར་གྱུར་ཏེ་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་སྨོན་ལམ་ནི་རྒྱ་ཆེའོ། །ཁྱོད་ཀྱི་འབད་པ་ནི་བསྐྱོད་པར་མི་ནུས་སོ། །འབད་པ་འདིས་ཁྱོད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨྲས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གཞོན་ནུ་བསོད་ནམས་སྟོབས་ལ་མངོན་པར་བསྟོད་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ནས་རང་གི་གནས་སུ་སོང་ངོ་། །ཕྱིས་རེ་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་དེའི་རྒྱལ་པོ་བུ་མེད་པར་དུས་ལས་འདས་སོ། །དེ་ནས་བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། གྲོང་ཁྱེར་གྱི་མི་དང་། ཡུལ་གྱི་མི་རྣམས་འདུས་ནས། ཀྱེ་བདག་ཅག་གི་རྒྱལ་པོར་གང་ཞིག་དབང་བསྐུར་བར་བྱ་ཞེས་གྲོས་བྱེད་པ་ལ་ཞུགས་སོ། །དེ་ནས་ཁ་ཅིག་ན་རེ་སུ་བསོད་ནམས་ཀྱིས་ཆེ་བར་གྲགས་པའི་སེམས་ཅན་དེ་རྒྱལ་པོར་དབང་བསྐུར་བར་བྱའོ་ཞེས་ཟེར་རོ། །དེ་ནས་དེ་ལྟར་བྱའོ་ཞེས་སྨྲས་ནས་དེ་དག་ཐམས་ཅད་ཀྱིས་བློ་གཅིག་བརྡ་སྐད་གཅིག་ཏུ་བྱས་ནས་བསོད་ནམས་ཀྱིས་ཆེ་བར་གྲགས་པ། རྒྱལ་པོར་འོས་པའི་སེམས་


DKG076_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཚོལ་བ་ལ་ཞུགས་ཏེ་ཚོལ་བའི་མི་ཀུན་ཏུ་བཀྱེའོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་རྒྱལ་པོར་འགྱུར་བའི་སྔོན་གྱི་དགེ་བའི་རྩ་བ་རྣམས་ཀྱིས་བསྐུལ་ནས་དེའི་ཚེ་སྟེན་གྲོགས་དག་དང་ལྷན་ཅིག་ཏུ་ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་སོང་ངོ་། །སོང་ནས་དེ་ལ་བཀྲ་ཤིས་པའི་ལྟས་རྣམས་བྱུང་སྟེ། ནམ་མཁའ་ལས་ཆུའི་རྒྱུན་མགོ་བོར་བབ་ཅིང་། བྱ་ཁ་དོག་སྣ་ཚོགས་པ་དག་གཡས་ཕྱོགས་ནས་སྐོར་བར་བྱེད་ལ། ཁྱེའུ་དང་བུ་མོ་དག་ཀྱང་རྒྱལ་བའི་སྒྲ་སྒྲོགས་པར་བྱེད་དེ། སེམས་སྤྲོ་བ་དང་བཅས་ཤིང་ཡིད་བདེ་བར་གྱུར་པས་གནས་སོ། །གཞོན་ནུ་དེ་ཡང་བ་སྤུའི་ཁུང་བུ་ཐམས་ཅད་ཟིང་ཞེས་བྱེད་དོ། །ས་གཞི་ཡང་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་གྱུར་ཏོ། །དེའི་ལུས་ཀྱང་ཤིན་ཏུ་ཡང་བར་གྱུར་ཏོ། །དགའ་ཞིང་ཡིད་དང་འཐད་པའི་སྒྲ་ཡང་ཐོས་སོ། །དེ་ལྟས་ཀྱི་དཔྱད་ལ་མཁས་པ་ཡིན་ཏེ། དེ་འདི་སྙམ་དུ་འདི་ལྟར་བདག་ལ་ལྟས་རྣམས་བྱུང་བས་དེང་ནི་གདོན་མི་ཟ་བར་བདག་རྒྱལ་པོ་ཆེན་པོར་དབང་བསྐུར་བར་འགྱུར་རོ་སྙམ་དུ་བསམས་སོ། །དེ་ནས་དེ་མཐར་གྱིས་སྐྱེད་མོས་ཚལ་གྱི་ནང་དུ་སོང་སྟེ། སྐྱེད་མོས་ཚལ་གྱི་བདེ་བ་ཉམས་སུ་མྱོང་ནས་ཤིང་མྱ་ངན་འཚང་མེ་ཏོག་ཤིན་ཏུ་རྒྱས་པ་ཞིག་གི་དྲུང་དུ་ཉལ་ཏེ་གཉིད་ཀྱིས་ལོག་གོ །དེའི་གྲོགས་པོ་དེ་དག་ཀྱང་མེ་ཏོག་དང་འབྲས་བུ་ལ་སེམས་གཡེངས་ནས་སྐྱེད་མོས་ཚལ་དེ་ཕན་ཚུན་ཀུན་ཏུ་འཁྱམ་པ་ལ་ཞུགས་སོ། །དེའི་བར་སྐབས་སུ་གཞོན་ནུ་བསོད་ནམས་སྟོབས་ཀྱི་བསོད་ནམས་ཀྱི་མཐུས་ཀླུ་རྣམས་ཀྱིས་ལྷའི་པད་མ་ཆེན་པོ་ཤིན་ཏུ་མཆོག་ཏུ་ཡིད་དུ་འོང་ལ་ཁ་དོག་དང་དྲི་དང་ལྡན་པ་འདབ་མ་སྟོང་པ་ཤིན་ཏུ་དགའ་བར་བྱེད་པ་ཞིག་ས་ལ་བརྟོལ་ཏེ་འཐོན་པར་བྱས་ནས། པད་མ་ཆེན་པོ་དེ་ལ་གཞོན་ནུ་བསོད་ནམས་སྟོབས་མཐར་གྱིས་དལ་ནས་བཏེག་སྟེ་བཞག་ནས་དེ་ཅི་ནས་སད་པར་མི་འགྱུར་བ་དེ་ལྟ་བུར་ཡང་བྱིན་གྱིས་བརླབས་སོ། །དེ་ནས་ཉི་མ་གུང་ལས་ཡོལ་ཏེ་ཟན་ཟ་བའི་དུས་ལས་འདས་ནས་ཤིང་གཞན་དག་གི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ་ཞིང་། ཤར་ཕྱོགས་སུ་འབབ་སྟེ། ཤར་ཕྱོགས་སུ་བབ་ན། ཤིང་མྱ་ངན་འཚང་དེའི་གྲིབ་མ་ནི་གཞོན་ནུ་བསོད་ནམས་སྟོབས་ཀྱི་ལུས་མི་གཏོང་ངོ་། །སྐྱེད་མོས་ཚལ་དེའི་མེ་ཏོག་དང་འབྲས་བུའི་ཤིང་གང་ཡིན་པ་


DKG076_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ཀྱང་ཤིང་མྱ་ངན་འཚང་དེ་གང་ན་འདུག་པ་དེ་ལོགས་སུ་མངོན་པར་འདུད་པར་གྱུར་ཏོ། །རི་དགས་དང་བྱ་མཐོང་ན་ཡིད་དུ་འོང་ཞིང་། བཀྲ་ཤིས་པར་བྱ་བ་རྣམས་ཀྱང་སྤྱོད་ལམ་ཞི་བའི་ཚུལ་གྱིས་ཀུན་ནས་བསྐོར་ཏེ་འཁོད་དོ། །གཞོན་ནུ་བསོད་ནམས་སྟོབས་གཉིད་ལོག་པའི་རྨི་ལམ་དུ་ཡང་བདག་ཉིད་མི་previous hit གཙང next hit་བའི་ཕུང་པོ་ཆེན་པོའི་སྟེང་ན་འདུག་པ་རྨིས་སོ། །བདག་ཉིད་མི་previous hit གཙང next hit་བས་ཡོག་པར་ཡང་རྨིས་སོ། །བདག་ཉིད་ནམ་མཁའ་ལ་ལྕེས་ལྡག་པ་ཡང་རྨིས་སོ། །བདག་ཉིད་པད་མའི་སྟེང་ན་འདུག་པ་ཡང་རྨིས་སོ། །བདག་ཉིད་རིའི་རྩེ་མོར་འཛེགས་པ་ཡང་རྨིས་སོ། །སྐྱེ་བོ་ཕལ་པོ་ཆེ་བདག་ལ་ཕྱག་འཚལ་བ་ཡང་རྨིས་སོ། །དེ་ནས་དེའི་སྐབས་སུ་གྲོང་ཁྱེར་གྱི་མི་དང་། བློན་པོ་དང་། ཡུལ་གྱི་མི་དེ་དག་གིས་ཚོལ་བའི་མི་བཀྱེ་བ་རྣམས་ཀྱང་གཞན་དང་གཞན་དག་ཏུ་ཀུན་ཏུ་འཁོར་འཁོར་ཏེ་ཕྱོགས་དེར་ཕྱིན་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་ལྷའི་འབྱོར་པ་དེ་ལྟ་བུ་མཐོང་ནས། ཡང་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། སེམས་ཅན་འདི་ནི་བསོད་ནམས་ཀྱིས་ཆེ་བར་གྲགས་པ་ཞིག་གོ་སྙམ་དུ་རིག་ནས་ཤིན་ཏུ་རིངས་པར་གྲོང་ཁྱེར་གྱི་མི་དང་། བློན་པོ་དང་། ཡུལ་གྱི་མི་རྣམས་ཀྱི་ཐད་དུ་དོང་ནས་སྐབས་དེ་རྒྱས་པར་བསྙད་དོ། །དེའི་སྐབས་སུ་གཞོན་ནུ་བསོད་ནམས་སྟོབས་སད་ནས་དེ་རྨི་ལྟས་ཀྱི་དཔྱད་ལ་མཁས་པས་རྨི་ལམ་དེ་དག་གི་དཔྱད་སེམས་པ་ལ་ཞུགས་ཏེ། བདག་གིས་མི་previous hit གཙང next hit་བའི་ཕུང་པོ་ཆེན་པོའི་སྟེང་ན་བདག་ཉིད་འདུག་པ་རྨིས་པ་དེ་ནི་བདག་རྒྱལ་སྲིད་ཆེན་པོའི་དབང་ཕྱུག་གི་བདག་པོ་ལ་གནས་པར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །བདག་གི་མི་previous hit གཙང next hit་བས་བདག་ཉིད་ཡོག་པར་རྨིས་པ་དེ་ནི་སེང་གེའི་ཁྲི་ཆེན་པོ་ལ་འདུག་པར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །བདག་ཉིད་རིའི་རྩེ་མོར་འཛེགས་པ་རྨིས་པ་དེ་ནི་ཐམས་ཅད་ཀྱི་སྟེང་ན་འདུག་པར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེ་ཕྱག་འཚལ་བ་རྨིས་པ་དེ་ནི་སྐྱེ་བོ་ཕལ་པོ་ཆེས་བདག་ལ་བཀུར་སྟི་བྱེད་པར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །འདི་ལྟར་བདག་གིས་འདི་ལྟ་བུའི་རྨི་ལམ་རྨིས་པ་དང་། འདི་ལྟ་བུའི་ལྟས་མཐོང་བ་དག་ལས་ན་གདོན་མི་ཟ་བར་དེང་ཉིད་དུ་བདག་རྒྱལ་པོར་འགྱུར་


DKG076_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙམ་མོ། །ཡང་དེའི་སྐབས་སུ་གྲོང་ཁྱེར་གྱི་མི་དང་། བློན་པོ་དང་། ཡུལ་གྱི་མི་རྣམས་ཀྱིས་ཚོལ་བའི་མི་རྣམས་ལ་ཐོས་ནས་མགུ་བར་གྱུར་ཏེ། ཐམས་ཅད་འདུས་ནས་རྒྱལ་སྲིད་ཀྱི་དབང་བསྐུར་བའི་ཡོ་བྱད་ཁྱེར་ཏེ་སྐྱེད་མོས་ཚལ་དེར་དོང་ངོ་། །དེ་ནས་རེ་ཞིག་ན་ལྷའི་འབྱོར་པ་དེ་དག་མཐོང་སྟེ། མཐོང་ནས་ཀྱང་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་དེ་དག་མཐོང་ནས་ལྷའི་པད་མ་ཆེན་པོ་དེ་དག་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་བསོད་ནམས་དག་གིས་བསྐུལ་ནས་རྒྱལ་པོ་ཆེན་པོ་བཞིས་ཆེ་བ་ལ་འོས་པའི་ལྷའི་སེང་གེའི་ཁྲི་ཕུལ་ལོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གདུགས་དཀར་པོ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་འབུལ་ལོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ནི་ལྷའི་བླ་རེ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འགྲེམས་སོ། །རླུང་གཏོང་བ་དང་བར་སྣང་ལ་གནས་པའི་ལྷ་རྣམས་ནི་ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཆར་འབེབས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་ལྷའི་རིན་པོ་ཆེའི་ཆར་འབེབས་ཤིང་ལྷའི་རོལ་མོའི་སྒྲ་རྣམས་ཀྱང་སྒྲོགས་སོ། །གོས་ཀྱང་འཐོར་རོ། །རྒྱལ་པོའི་ཕོ་བྲང་འཁོར་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དུ་བཅས་པ་དེ་དག་ཐམས་ཅད་ཀྱང་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས་ཏེ་བཞག་གོ །རྒྱལ་མཚན་དང་བ་དན་ནི་བསྒྲེང་། དར་གྱི་ལྡ་ལྡིའི་ཆུན་པོ་ནི་ཀུན་ཏུ་བྲེས། དྲི་ཞིམ་པོའི་བདུག་པའི་སྣོད་ནི་བཏགས། མེ་ཏོག་སྣ་ཚོགས་ནི་གཏོར་ཏེ་ལྷའི་གནས་འདྲ་ཞིང་། ལྷའི་བུ་ལས་སྣ་ཚོགས་ཅན་གྱིས་ནི་གཞོན་ནུ་བསོད་ནམས་སྟོབས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་བརྒྱ་བྱིན་གྱི་བཀས་སྐྱེད་མོས་ཚལ་དེར་ལྷའི་ཁང་པ་བརྩེགས་པ་ཆེན་པོ་རིན་པོ་ཆེ་སྣ་བཞི་ལས་བྱས་པ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་སྤྲུལ་ཏོ། །དེ་ནས་གྲོང་ཁྱེར་གྱི་མི་དང་། བློན་པོ་དང་། ཡུལ་གྱི་མི་དེ་དག་གིས་ལྷའི་འབྱོར་པ་དེ་དག་མཐོང་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ། གུས་པར་བསྒྲིམ་པས་ཚམ་ཚོམ་མེད་པར་གཞོན་ནུ་བསོད་ནམས་སྟོབས་ལྷའི་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ནས་བཀུར་སྟི་ཆེན་པོས་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་རོ། །དགེ་སློང་དག་དབང་བསྐུར་མ་ཐག་ཏུ་གཞོན་ནུ་བསོད་ནམས་


DKG076_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱི་ལུས་ལས་སྣང་བ་གང་གིས་ཉི་མའི་དཀྱིལ་འཁོར་གྱི་འོད་མེད་པར་བྱས་ཏེ། ཐད་ཀར་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཁྱབ་པ་དེ་ལྟ་བུའི་ལྷའི་འོད་བྱུང་བར་གྱུར་ཏོ། །དེ་ནས་དེའི་མིང་གཞོན་ནུ་བསོད་ནམས་སྟོབས་ཞེས་བྱ་བ་དེ་མེད་པར་གྱུར་ནས་མིང་རྒྱལ་པོ་སྣང་བྱེད་རྒྱལ་པོ་སྣང་བྱེད་ཅེས་བྱ་བར་གྱུར་ཏོ། །དེ་ན་ལ་ལས་ནི་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་ཤེས་སོ། །ལ་ལས་ནི་རྒྱལ་པོ་སྣང་བྱེད་ཅེས་བྱ་བར་ཤེས་སོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ལྷ་དང་མིའི་འབྱོར་པ་དེ་དག་དང་བཅས་པར་རྒྱལ་པོའི་ཕོ་བྲང་འཁོར་དེར་སོང་ངོ་། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ཀྱིས་རྒྱལ་པོ་བསོད་ནམས་སྟོབས་ལ་ཚུལ་བཞིན་དུ་ཡང་དག་པར་རིམ་གྲོ་བྱས་ནས་དོང་ངོ་། །རྒྱལ་པོ་བསོད་ནམས་སྟོབས་ཀྱང་རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོ་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་པ་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། བུ་གཅིག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེའི་མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི་རྟག་ཏུ་རྒྱས་སོ། །ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་ཏེ། འབྲུ་ཤིན་ཏུ་ལེགས་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་གཏམ་དེ་དེའི་ཕུ་བོ་དེ་དག་གིས་ཐོས་སོ། །ཐོས་ནས་ཀྱང་དེ་དག་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་གཅིག་ལ་གཅིག་སྨྲས་པ། བསོད་ནམས་སྟོབས་ཀྱིས་ནི་འདི་ལྟར་དམ་བཅས་པ་དང་། དབང་ཕྱུག་དང་རྒྱུ་རྣམ་པ་གཉིས་ཀྱིས་བདག་ཅག་ཕམ་པར་བྱས་ཏེ། གང་གི་ཕྱིར་དེ་བསོད་ནམས་དག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོའི་བདག་པོར་གྲུབ་པར་བྱས་པའི་ཕྱིར་རོ། །ཚུར་ཤོག་བདག་ཅག་ལ་དེས་མ་རྨས་པའི་སྔ་རོལ་དུ་བདག་ཅག་ཟད་པར་དོང་སྟེ། རྒྱལ་པོ་བསོད་ནམས་སྟོབས་ཡང་དག་པར་མཉེས་པར་བྱའོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ག་ལ་འདུག་པ་དེ་ལོགས་སུ་དོང་ངོ་། །དོང་ནས་རྒྱལ་པོ་བསོད་ནམས་སྟོབས་ལ་རྒྱལ་བར་གྱུར་


DKG076_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྐུ་ཚེ་རིང་བར་ཤོག་ཤིག་ཅེས་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་རྒྱལ་པོ་བསོད་ནམས་སྟོབས་ལ་སྨྲས་པ། ལྷ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དམ་བཅས་པ་ནི་བརྟན་པ་ལགས་སོ། །འདི་ལྟར་ཁྱོད་ཀྱིས་བདག་ཅག་དམ་བཅས་པ་དང་། དབང་ཕྱུག་གིས་ཕམ་པར་བྱས་ཏེ། གང་གི་ཕྱིར་བསོད་ནམས་དག་གིས་ཁྱོད་ཀྱི་དོན་བྱས་པ་བཞིན་དུ་རྒྱལ་སྲིད་ཆེན་པོའི་དབང་ཕྱུག་གི་བདག་པོར་བཅུག་པའི་ཕྱིར་རོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་གུས་པ་དང་བཅས་པས་ལ་གོར་དུ་སེང་གེའི་ཁྲི་ལས་ལངས་ནས་ཕུ་བོ་དེ་དག་ལ་ལེགས་པར་བསྟི་སྟང་བྱས་ཏེ། ཆེ་བ་ལ་འོས་པའི་ཁྲི་དག་ལ་འདུག་ཏུ་བཅུག་ནས་དེ་དག་གིས་དད་པ་ཕུལ་ཏེ་ཕྱིར་སེང་གེའི་ཁྲི་ལ་འདུག་གོ །འདུག་ནས་ཕུ་བོ་དེ་དག་ལ་སྔོན་བྱུང་བའི་གཏམ་གྱི་ཡང་དག་པར་གློད་པ་ངེས་པར་བྱེད་པས་ཕྱིར་མགུ་བར་བྱས་ཏེ། བཀུར་སྟི་ཆེན་པོས་བཀུར་སྟི་བྱས་ནས་ལོངས་སྤྱོད་ཆེན་པོ་དག་གིས་བགོ་སྐལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་ཕུ་བོ་དེ་དག་དང་། སྐྱེ་བོ་མང་པོ་དེ་དག་བསོད་ནམས་དག་ལ་གཟུད་པར་འདོད་ནས་འཁོར་ཆེན་པོ་འདུས་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བསོད་ནམས་མིན་པས་མི་བཟད་པའི། །སྡུག་བསྔལ་ཀུན་རྒྱས་དམྱལ་བར་འགྲོ། །བསོད་ནམས་མིན་པས་བརླག་པ་ཡི། །དུད་འགྲོའི་སྐྱེ་གནས་མི་བཟད་འགྲོ། །བསོད་ནམས་མིན་པས་བཀྲེས་སྐོམ་གྱི། །ཤིན་ཏུ་གཟིར་བའི་ཡི་དགས་འགྲོ། །བསོད་ནམས་མིན་པས་རྟག་ཏུ་ནི། །ཤིན་ཏུ་སྡུག་བསྔལ་བྲན་དུ་འགྱུར། །བསོད་ནམས་མིན་པས་ལྐུགས་པར་འགྱུར། །བསོད་ནམས་མིན་པས་འོན་པར་འགྱུར། །བསོད་ནམས་མིན་པས་གླེན་པར་འགྱུར། །ཤེས་རབ་འཆལ་ཅིང་ཡིད་མི་བདེ། །བསོད་ནམས་མིན་པས་ལོག་པར་ཤེས། །བྱད་ངན་པོར་ཡང་དེ་བཞིན་འགྱུར། །བསོད་ནམས་མིན་པས་འཇིག་རྟེན་པ། །ཀུན་གྱིས་སྨད་པའི་རིགས་དམར་འགྱུར། །བསོད་ནམས་མིན་པས་སེམས་འཁྲུལ་དང་། །དེ་བཞིན་འཇིག་རྟེན་སྡང་བར་འགྱུར། །བསོད་ནམས་མིན་པས་དེ་བཞིན་སྨྱོ། །བསོད་ནམས་མིན་པས་དགྲ་རྣམས་འབྱུང་། །བསོད་ནམས་མིན་པས་དོན་རྣམས་ཀུན། །འབད་དེ་


DKG076_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ་ཆུད་ཟར་འགྱུར། །དེ་བཞིན་བསོད་ནམས་མ་ཡིན་པས། །ལུས་ནི་རྩུབ་ཅིང་གས་པར་འགྱུར། །བསོད་ནམས་མིན་པས་རྟག་ཏུ་ཡང་། །གཟི་བྱིན་མེད་ཅིང་མདངས་མེད་འགྱུར། །སེམས་མེད་པ་ཡི་དངོས་པོ་ཡང་། །བསོད་ནམས་མིན་པས་དགྲ་རུ་འགྱུར། །ཡི་དགས་ལྟོ་འཕྱེ་སྲིན་རྣམས་ཀྱང་། །བསོད་ནམས་མིན་པས་མྱུར་དུ་གསོད། །བསོད་ནམས་མིན་པས་ཕན་པའི་སྨན། །ཤིན་ཏུ་གནོད་པ་དག་ཏུ་འགྱུར། །བསོད་ནམས་མིན་པས་དབུལ་བར་འགྱུར། །བསོད་ནམས་མིན་པས་བརྙས་པར་འགྱུར། །བསོད་ནམས་མིན་པས་སྐྱེ་བོ་དག །སྐུར་པ་རབ་འཇིགས་བཏབ་པར་འགྱུར། །བསོད་ནམས་མིན་པས་རྟག་ཏུ་ནི། །འཁོར་དག་དང་ཡང་འབྱེ་བར་འགྱུར། །བསོད་ནམས་མིན་པས་མིག་མེད་འགྱུར། །བསོད་ནམས་མིན་པས་སྡུག་བསྔལ་འགྲོགས། །བསོད་ནམས་མིན་པས་ནད་མང་ཞིང་། །བསོད་ནམས་མིན་པས་གསོ་དཀར་འགྱུར། །བསོད་ནམས་མིན་པས་གཟུགས་མི་སྡུག །བསོད་ནམས་མིན་པས་གདངས་མི་སྙན། །བསོད་ནམས་མིན་པས་ལག་སོར་རྡུམ། །ཐང་པོ་དེ་བཞིན་ཚིག་མི་བཙན། །བསོད་ནམས་མིན་པས་རྒྱལ་པོ་དང་། །ཆོམ་རྐུན་མེ་ཡིས་ལོངས་སྤྱོད་བཤིག །བསོད་ནམས་མིན་པས་མི་སྙན་ཐོས། །བསོད་ནམས་མིན་པས་རྟག་ཏུ་འཇིགས། །བསོད་ནམས་མིན་པས་འགྲོ་བ་ན། །ས་ནི་སྡོང་དུམ་ཚེར་མས་གང་། །ཇི་སྟེ་ལོངས་སྤྱོད་འདོད་པའི་མི། །མི་གླས་ཡང་ན་ཚོང་བྱེད་ཀྱང་། །བསོད་ནམས་མིན་པས་རྟག་ཏུ་ནི། །ཆུད་ཟ་དེ་ཡི་ནོར་མི་འགྱུར། །གང་དག་ཅི་ཡང་འཇིག་རྟེན་ན། །མི་དགའ་མི་སྡུག་མི་ཕན་གང་། །དེ་བཞིན་ལོག་པར་ལྟུང་བ་ཀུན། །འདི་ཀུན་བསོད་ནམས་མིན་ལས་གྱུར། །བསོད་ནམས་ཀྱིས་ནི་བསྲུང་བར་འགྱུར། །བསོད་ནམས་དག་གིས་བརྩོན་པར་འགྱུར། །བསོད་ནམས་ཀྱིས་ནི་ཚ་གྲང་སྐྱོབ། །ལོག་འབབ་ཆར་ཟློག་བསོད་ནམས་ཀྱིས། །བསོད་ནམས་འདོད་བཞོ་བ་བཞོན་ཡིན། །ཡིད་བཞིན་ནོར་བཟང་བསོད་ནམས་ཀྱིས། །བསོད་ནམས་དག་གིས་དཔག་བསམ་ཤིང་། །ཡིད་འོང་འདོད་ཀུན་


DKG076_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་སྨིན། །བསོད་ནམས་དག་གིས་བསོད་པ་འཐོབ། །བསོད་ནམས་ཀྱིས་ནི་ཡིད་འོང་དཔལ། །བསོད་ནམས་དག་གིས་ཡིད་བརྟན་འགྱུར། །བསོད་ནམས་ཅན་ནི་རིགས་མཐོར་སྐྱེ། །བསོད་ནམས་དག་གིས་གྲགས་པ་འཐོབ། །བསོད་ནམས་ཀྱིས་ནི་མང་ཐོས་འགྱུར། །རྒྱ་ཆེ་ཡིད་འོང་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཐོས་པ་འཛིན། །ནད་མེད་འཆི་བ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་འཆི་བདག་བཅོམ། །འཆི་བདག་མཆོག་ཏུ་འཇིགས་པ་ཡིས། །བསོད་ནམས་དག་གིས་འཇིགས་མི་འགྱུར། །གཞལ་མེད་ཁང་གནས་ལྷ་རྣམས་ཀྱང་། །ལྷ་ཡི་བདེ་སྟེན་བསོད་ནམས་ཀྱིས། །སུམ་ཅུ་གསུམ་པ་བསོད་ནམས་ཀྱིས། །དེ་བཞིན་བསོད་ནམས་འཐབ་བྲལ་ལྷ། །དགའ་ལྡན་ལྷ་རབ་བསོད་ནམས་ཀྱིས། །འཕྲུལ་དགའ་དག་ཀྱང་དེ་བཞིན་ཏེ། །འདོད་པའི་དབང་ཕྱུག་བསོད་ནམས་ཀྱིས། །དབང་བྱེད་ལྷར་ཡང་དེ་བཞིན་འགྱུར། །བསོད་ནམས་དེ་བཞིན་ཚངས་པ་ཆེ། །ལྷ་རྣམས་བྱེ་བ་དག་གིས་རྗེད། །ཚངས་པའི་འཇིག་རྟེན་སྟོང་དག་གི། །དབང་བྱེད་པ་ཡི་མངའ་བདག་འགྱུར། །བསོད་ནམས་དག་གིས་འདོད་དགུ་ཡི། །ཕུན་སུམ་ཚོགས་དགུ་རྟག་ཏུ་གནས། །སེམས་མེད་པ་ཡི་དངོས་པོ་ཡང་། །བསོད་ནམས་དག་གིས་དབང་དུ་གྱུར། །རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ཚེ་འདི་དང་ཚེ་ཕྱི་མ་ཡང་དག་པར་སྟོན་པ་ཡིད་འཕྲོག་པའི་ཚིག་དེ་སྐད་ཅེས་བརྗོད་པ་ན། སྐྱེ་བོ་ཕལ་པོ་ཆེ་དེ་དག་བསོད་ནམས་ལ་བརྟེན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཡང་ཤས་ཆེར་བསོད་ནམས་དག་ལ་གཅེས་སུ་འཛིན་པ་བསྐྱེད་པའི་ཕྱིར་ནམ་མཁའ་ལ་བལྟས་ཏེ་སེམས་བསྐྱེད་ནས་ཚིག་ཏུ་སྨྲས་པ། ཀྱེ་མ་བདག་ལ་རྒྱལ་པོའི་ཕོ་བྲང་འཁོར་འདིའི་ཕྱི་ནང་དུ་བཅས་པར་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང་། གོས་ཀྱི་ཆར་རབ་ཏུ་འབབ་ཀྱང་ཅི་མ་རུང་ཞེས་བྱས་སོ། །དགེ་སློང་དག་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་ནམ་མཁའ་ལས་ལྷའི་གོས་ཆེ་བ་ལ་འོས་པ་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་པོ། །དེའི་རྗེས་ལ་ལྷའི་མེ་ཏོག་ཡིད་དུ་འོང་


DKG076_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆར་ཡང་བབ་བོ། །དེའི་རྗེས་ལ་ལྷའི་རིན་པོ་ཆེའི་ཆར་བབ་སྟེ། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁེབས་པར་གྱུར་ནས་ཙེར་ལྷང་ཞིང་འདུག་གོ །དེ་ནས་ལྷ་དང་མི་རྣམས་དགའ་བར་བྱེད་པའི་བསོད་ནམས་དག་གི་རྣམ་པར་གཡོ་བའི་རྨད་དུ་བྱུང་བ་དེ་མཐོང་ནས་སྐྱེ་བོ་མང་པོ་དེ་དག་ཐམས་ཅད་མཆོག་ཏུ་ཡ་མཚན་དུ་གྱུར་ནས་བསོད་ནམས་དག་ལ་གཅེས་སུ་འཛིན་པ་ཡང་དག་པར་སྐྱེས་ཏེ་དགའ་བར་གྱུར་ནས། ཀྱེ་མ་ལྷ་བསོད་ནམས་སྟོབས་ཀྱི་བསོད་ནམས་དག་གི་ཆེ་བ་ཉིད་ཅེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་རེ་ཞིག་ན་སྐབས་ཀྱི་གཏམ་དེ་ཉི་འོག་གི་རྒྱལ་པོ་དག་གིས་ཐོས་སོ། །ཐོས་ནས་ཀྱང་ཡང་དེ་དག་མཆོག་ཏུ་ཡ་མཚན་དུ་གྱུར་ནས་བདག་ཉིད་ཆེན་པོ་དེ་ནི་བསོད་ནམས་ཀྱིས་ཆེ་བར་གྲགས་པ་ཞིག་སྟེ། བསྙེན་བཀུར་བྱ་བའི་འོས་སོ་ཞེས་ཟེར་ནས་ཐམས་ཅད་འདུས་ཏེ་དཔུང་གི་ཚོགས་ཡན་ལག་བཞི་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་བསྐོན་ནས། རྒྱལ་པོ་བསོད་ནམས་སྟོབས་ལ་ཕུ་དུད་བྱ་བའི་ཕྱིར་སོང་སྟེ། བཞོན་པ་དག་ལས་བབས་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱི་ཞབས་གཉིས་ལ་བཏུགས་ཏེ་ཐལ་མོ་སྦྱར་ནས་སྨྲས་པ། ལྷ་ཁྱོད་ནི་བསོད་ནམས་ཀྱི་སྟོབས་ཀྱིས་ཆེ་བར་གྲགས་པ་ལགས་ཏེ། ཁྱོད་ཀྱིས་ནི་རྒྱལ་པོ་མཛོད་ཅིག །བདག་ཅག་ནི་ཞབས་འབྲིང་འཚལ་ལོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ཆེ་བ་ལ་འོས་པའི་རིན་པོ་ཆེ་དག་གིས་ཅི་འདོད་པར་ཡང་དག་པར་འཚེངས་པར་བྱས་ནས་འཁོར་དང་བཅས་པར་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དེ། རང་རང་གི་ཡུལ་དུ་བཀྱེའོ། །དེ་ནས་རིམ་གྱིས་གཏམ་དེ་རྒྱལ་པོ་གསལ་སྟོབས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་ཐོག་མ་ཁོ་ནར་ཕོ་ཉ་བཏང་ནས་ཤིན་ཏུ་རིངས་པར་དཔུང་ཆེན་པོ་ཐམས་ཅད་དང་ཆས་ཏེ། བར་ཞིག་གིས་རྒྱལ་པོ་བསོད་ནམས་སྟོབས་ལ་ཕུ་དུད་དུ་བྱ་བའི་ཕྱིར་སོང་ནས་སྙིང་བུ་ལ་གདུང་བས་བརྒྱལ་ཏེ་མཆི་མས་བརྣང་ཞིང་ངུ་ཀ་ཕྱུང་ལ་མིག་མཆི་མས་ཀུན་དུ་གང་སྟེ། གླང་པོ་ཆེའི་རྒྱབ་ནས་བབས་ནས་ཚམ་ཚོམ་


DKG076_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རྒྱལ་པོ་བསོད་ནམས་སྟོབས་ཀྱི་མགུལ་ནས་འཁྱུད་དེ། མགོ་བོར་ཡང་བསྣམས་ནས། ཡུན་རིང་རབ་ཏུ་བརྟགས་ཏེ་སྨྲས་པ། བུ་གཞོན་ནུ་ད་ཅི་ཟེར་བ་ཤེས་པར་གྱིས་ཤིག །ང་ནི་ད་རྒས་ཤིང་འཁོགས་ལ་གཏུགས་ཏེ་རྒྱལ་སྲིད་ཀྱི་ཁུར་ཁྱེར་མི་ནུས་ཀྱིས། རྒྱལ་སྲིད་ཀྱི་ཁུར་ལོང་ཤིག་ཅེས་སྨྲས་ནས་རྒྱལ་པོ་གསལ་སྟོབས་ཀྱིས་རང་གི་མགོ་ལས་དར་ཐོད་དང་། ཅོད་པན་དང་། དབུ་རྒྱན་ཕུད་དོ། །དེ་ནས་རིམ་གྱིས་རྒྱལ་པོ་བསོད་ནམས་སྟོབས་འཛམ་བུའི་གླིང་ཐམས་ཅད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །དེས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཅི་འདོད་པར་གསེར་དངུལ་གྱིས་འཚེངས་པར་བྱས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེའི་ཚེ་འཛམ་བུའི་གླིང་འདི་ན་སུ་ཡང་དབུལ་པོའམ་ནད་པ་མེད་དོ། །འཛམ་བུའི་གླིང་གི་མི་ཐམས་ཅད་བདེ་བར་གྱུར་ཏེ། ནད་མེད་ཅིང་སྟོབས་དང་ལྡན་པ་དང་། དབང་པོ་རྣམས་རྒྱས་པ་དང་། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། ནོར་དང་འཚོག་ཆས་མང་བ་དང་། བདོག་པ་མང་བ་དང་། ནོར་དང་། འབྲུ་དང་། གསེར་དངུལ་དང་། མཛོད་དང་། བང་བ་རྣམས་ཀྱི་ཚོགས་མང་བར་གྱུར་ཏོ། །འཛམ་བུའི་གླིང་འདི་ཐམས་ཅད་ཀྱང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཚེར་མ་དང་། རྡོ་དང་། གསེག་མ་དང་། གྱོ་མོ་རྣམས་ནི་མེད་པར་གྱུར། མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི་རྟག་ཏུ་རྒྱས་ཏེ། ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་ཤིང་འབྲུ་ཤིན་ཏུ་རྒྱལ་བར་གྱུར་ཏོ། །དེ་ནས་སྐྱེ་བོ་མང་པོ་ཐམས་ཅད་ཀྱང་དགའ་བ་སྐྱེས་ནས་བསོད་ནམས་ལ་བརྟེན་པར་གྱུར་ཏེ། རྟག་ཏུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །བསྙེན་གནས་ལ་གནས་ཤིང་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །དེའི་ཚེ་འཛམ་བུའི་གླིང་དུ་མིར་གྱུར་པ་


DKG076_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཆི་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ལུས་དང་བྲལ་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཕལ་ཆེར་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །རྒྱལ་པོ་བསོད་ནམས་སྟོབས་ཀྱང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཚེ་འདི་དང་། ཚེ་ཕྱི་མའི་དོན་རྣམས་ལ་བཀོད་ནས་འཁོར་སེམས་ཅན་སྟོང་ཕྲག་དུ་མ་དག་དང་ཤི་འཕོས་ཏེ་ལྷའི་རིས་དགའ་ལྡན་དུ་སྐྱེས་སོ། །དགེ་སློང་དག་ཁྱེད་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་མི་བལྟའི་ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔར་གྱུར་ཏོ། །རྒྱལ་པོ་བསོད་ནམས་སྟོབས་ཀྱི་ཡབ་རྒྱལ་པོ་གསལ་སྟོབས་ཞེས་བྱ་བ་གང་ཡིན་པ་དེ་ནི་རྒྱལ་པོ་ཟས་previous hit གཙང next hit་མ་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་གསལ་སྟོབས་ཞེས་བྱ་བར་གྱུར་ཏོ། །བཙུན་མོ་རྣམ་པར་སྤ་བ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་འདི་ཉིད་ཡིན་ནོ། །གཞོན་ནུ་གཟུགས་དང་ལྡན་པ་གང་ཡིན་པ་དེ་ནི་སྲུའི་བུ་དགེ་སློང་དགའ་བོ་འདི་ཉིད་ཡིན་ནོ། །བརྩོན་འགྲུས་དང་ལྡན་པ་གང་ཡིན་པ་དེ་ནི་དགེ་སློང་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པ་འདི་ཉིད་ཡིན་ནོ། །བཟོ་དང་ལྡན་པ་གང་ཡིན་པ་དེ་ནི་དགེ་སློང་མ་འགགས་པ་འདི་ཉིད་ཡིན་ནོ། །ཤེས་རབ་ཅན་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་གང་ཡིན་པ་དེ་ནི་དགེ་སློང་མཽང་གལ་གྱི་བུ་འདི་ཉིད་ཡིན་ནོ། །རྒྱལ་པོ་ཤི་འཕོས་ནས་བསོད་ནམས་སྟོབས་རྒྱལ་སར་ཞུགས་པ་གང་ཡིན་པ་དེ་ནི་བདུད་སྡིག་ཅན་འདི་ཉིད་ཡིན་ནོ། །སྔོན་མི་དབུལ་པོ་གང་གི་ཁྱིམ་དུ་གཞོན་ནུ་བསོད་ནམས་སྟོབས་ཞུགས་པ་གང་ཡིན་པ་དེ་ནི་དགེ་སློང་སྒྲ་གཅན་ཟིན་འདི་ཉིད་ཡིན་ནོ། །རྒྱལ་པོས་མི་རྐང་ལག་མེད་པར་བྱས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་རང་གི་ཁྲག་གིས་ཚིམ་པར་བྱས་ཤིང་། རང་གི་རྐང་ལག་གིས་བསྟུད་དེ་བདེན་པས་བསྐུལ་ནས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་བཞག་པ་གང་ཡིན་པ་དེ་ནི་དགེ་སློང་ཀཽ་ཌི་ནྱ་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལ་སྨན་ཆོས་གསོལ་བའི་མིར་གྱུར་ཏོ། །དགེ་སློང་དག་དེ་བས་ན་བསོད་ནམས་གང་ཡིན་པ་དེ་ནི་རྣམ་གྲངས་འདི་ཉིད་ཀྱི་དུས་


DKG076_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ཉམས་སུ་དཔེན་པ་ཡིན་པར་རིག་པར་བྱའོ། །དགེ་སློང་དག་དེ་བས་ན་འདི་སྐད་དུ་བསོད་ནམས་ལྟར་སེམས་ཅན་རྣམས་ཀྱི་ཉམས་སུ་དཔེན་པ་གཞན་ཅི་ཡང་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་ང་སྨྲའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདི་ལྟར་རྒྱལ་པོ་དབང་ཆེ་བར་གྲགས་པར་གྱུར་ལ། ལྷ་དང་མི་རྣམས་ཀྱིས་རྒྱལ་པོར་སྩོལ་ཅིང་ཅི་བསམས་པ་དང་། ཅི་འཚལ་བ་དེ་དག་ཐམས་ཅད་བསམས་པ་ཙམ་གྱིས་ནམ་མཁའ་ལས་འབབ་ཅིང་དེ་བཙས་པའི་ཚེ་ཡང་ས་གཡོས་པར་གྱུར་ཏེ། ལྷའི་རིན་པོ་ཆེའི་ཆར་པུས་མོ་ནུབ་པ་ཙམ་བབ་ལ་ལྷའི་སེང་གེའི་ཁྲི་ལ་བཞག་ཅིང་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་ཉིད་ལག་དར་ཏེ། ལྷའི་གདུགས་བཟུང་ཞིང་གཏེར་མི་ཟད་པ་ཡང་བྱུང་བར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་བསོད་ནམས་སྟོབས་ཉིད་ཀྱིས་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དགེ་སློང་དག་བསོད་ནམས་སྟོབས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་ལས་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་


DKG076_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཕྱི་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིས་མི་ཐུབ་པ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་སྐུ་གདུང་གི་མཆོད་རྟེན་རྒྱལ་པོ་ཞིག་གིས་བརྩིགས་ནས་དུས་སྟོན་གྱི་ལུགས་བཅས་སོ། །ཕྱིས་རེ་ཞིག་ན་མཆོད་རྟེན་གྱི་དུས་སྟོན་བྱེད་པའི་ཚེ་གཎ་ཌཱི་ཡང་བརྡུངས། རྔ་ཡང་བརྡུངས་ཏེ། དུང་སྒྲིལ་མ་བུས་ནས་དགེ་སློང་ཞིག་འཁོར་ཕལ་པོ་ཆེའི་ནང་ན་འདུག་ཅིང་། ཕྱེད་ཡོལ་ཙམ་ན་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པ་དག་ལ་ཉིན་མོ་ཆོས་སྟོན་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་དེ་ན་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བ་རྒྱན་པོ་ལ་ཤིན་ཏུ་ཞེན་པ་ཞིག་གནས་ཏེ། དེའི་ཆུང་མ་ནི་རྣམ་པར་རྒྱལ་མ་ཞེས་བྱ་བུ་ནི་རྣམ་པར་རྒྱལ་བ་ཞེས་བྱའོ། །དེ་ནས་རེ་ཞིག་ན་རྒྱན་པོ་པ་རྒྱལ་བ་པོ་དེ་རས་ཟུང་ཅིག་གྱོན་པ་དང་། གདུགས་དང་མཆིལ་ལྷམ་ཟུང་ཅིག་དང་པ་ཎ་ལྔའི་འགྲོན་བུ་རྣམས་མ་གཏོགས་པར་ཅི་བདོག་པ་ཁྱིམ་ན་འདུག་པ་དང་། ཕྱི་རོལ་ན་འདུག་པ་ཐམས་ཅད་རྒྱན་སྐུགས་སུ་ཡལ་ནས་སྡུག་བསྔལ་དང་ཡིད་མི་བདེ་བ་མི་བཟད་པས་གདུངས་ཏེ། ཀྱི་ཧུད་བསོད་ནམས་མ་བྱས་པ་དང་དབུལ་བ་ནི་ཐ་ཆད་མི་བཟད་པ་ཡིན་ནོ་ཞེས་སྨྲས་ནས་དབུགས་ཚ་བ་རྒྱུན་རིང་པོའི་ཤུགས་ཀྱང་ཕྱུང་སྟེ། མཆིལ་ལྷམ་གཉིས་ནི་བགོས། པ་ཎ་ལྔ་དང་གདུགས་ཀྱང་ཁྱེར་ནས་རྒྱན་པོའི་ས་ནས་སོང་སྟེ། མཐར་གྱིས་ཆོས་ཉན་པ་གང་ན་འདུག་པའི་ཕྱོགས་དེར་ཕྱིན་ནས་དེ་འབྱོར་པ་དེ་ལྟ་བུ་དང་། སྐྱེ་བོ་ཕལ་པོ་ཆེ་ཐལ་མོ་སྦྱར་ཏེ་ཆོས་ཉན་པ་དེ་དག་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། རེ་ཞིག་ཆོས་ཇི་ལྟ་བུ་ཞིག་འཆད་པ་བལྟའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་གདུགས་བཞག་སྟེ། མཆིལ་ལྷམ་གཉིས་ཕུད་ནས་རྣ་བླགས་ཤིང་ཐལ་མོ་སྦྱར་ཏེ་ཆོས་མཉན་པའི་


DKG076_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདུག་གོ །དེ་ནས་རེ་ཞིག་ན་ཆོས་སྨྲ་བས་ཚིགས་སུ་བཅད་པ་འདི་བརྗོད་དེ། བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །ཞེས་སྨྲས་སོ། །དེ་ནས་དེས་ཚིགས་སུ་བཅད་པ་འདི་ཐོས་ནས་བསོད་ནམས་བསགས་པས་བདེ་བར་འགྱུར་བ་དེ་ནི་དེ་བཞིན་ཏེ། གང་གི་ཕྱིར་བདག་འདི་ཁོ་ན་ལྟར་མཆོག་ཏུ་མི་བཟད་པར་དཀོས་ཐག་ཅིང་འདུག་པ་ལས་ན། བདག་གིས་ཚེ་སྔ་མ་ལ་གོར་མ་ཆག་པར་བསོད་ནམས་དག་མ་བྱས་ཀྱིས་བདག་གིས་བསོད་ནམས་ཆུང་ཟད་ཅིག་བྱའོ་སྙམ་དུ་བསམས་སོ། །དེ་ནས་དེ་ལྟར་བསམས་ནས་བདག་ལ་ཅི་བདོག་པ་རྟོག་པ་ལ་ཞུགས་སོ། །རེ་ཞིག་ན་རས་ཟུང་ཅིག་གྱོན་པ་དང་། གདུགས་དང་། མཆིལ་ལྷམ་གཉིས་དང་། པ་ཎ་ལྔའི་འགྲོན་བུ་ལུས་པ་རྣམས་མཐོང་སྟེ། གཞན་ཐམས་ཅད་རྒྱན་སྐུགས་སུ་ཡལ་ནས་དེ་སེམས་པ་ལ་ཞུགས་ཏེ། ཅི་སྟེ་པ་ཎ་ལྔ་དང་བླ་གོས་སྦྱིན་ན་ནི་ལྟོགས་ཏེ་འཆི་བར་ཡང་འགྱུར་ལ། འོན་ཏེ་མ་སྦྱིན་ན་ནི་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་ཏེ། དེར་ཡང་དང་ཡང་དབུལ་བའི་སྡུག་བསྔལ་ཐ་དད་དུ་འགྱུར་ན་གང་གིས་ལྟོགས་ཏེ་འཆི་བར་ཡང་མི་འགྱུར་ལ། བསོད་ནམས་ཀྱིས་བགོད་པར་ཡང་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་སྟེ། ཡང་བསམས་པ། བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་བས་ནི་ལྟོགས་ཏེ་ཤི་ཡང་སླས། པ་ཎ་ལྔ་དང་བླ་གོས་འདི་དག་ནི་ངེས་པར་སྦྱིན་པ་སྦྱིན་པར་བྱའོ་སྙམ་སྟེ། དེ་དེ་སྙམ་དུ་སེམས་པའི་སྐབས་སུ་ཡང་ཆོས་སྨྲ་བས་ཚིགས་སུ་བཅད་པ་ཐ་དད་པ་འདི་བརྗོད་དེ། བསོད་ནམས་དལ་ནས་བྱེད་ན་ནི། །སྡིག་ལ་མངོན་པར་དགའ་བར་འགྱུར། །དེ་ཕྱིར་དགེ་བ་སྨྱུར་ཏེ་བྱ། །སྡིག་པ་ལས་ནི་སེམས་ཀྱང་བཟློག །ཅེས་སྨྲས་སོ། །དེ་ནས་དེས་ཚིགས་སུ་བཅད་པ་འདི་ཐོས་ནས་བསམས་པ། བསོད་ནམས་སྨྱུར་ཏེ་བྱའོ་ཞེས་བཤད་པས་ན་ལ་གོར་དུ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེ་ནས་རྒྱན་པོ་པ་དབུལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དད་པའི་ཤུགས་དྲག་པོས་སེང་གེའི་ཁྲི་ལ་ཆོས་སྨྲ་བ་འདུག་པའི་སྤྱི་བོའི་སྟེང་དུ་གདུགས་བཟུང་


DKG076_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆིལ་ལྷམ་གཉིས་རྐང་པའི་དྲུང་དུ་བཞག་སྟེ། པ་ཎ་ལྔའི་འགྲོན་བུ་དེ་དག་གིས་ཆོས་སྨྲ་བའི་རྐང་པ་ལ་གཏོར་ནས་རང་གི་ལུས་ལས་བླ་གོས་ཕུད་དེ་ཆོས་སྨྲ་བའི་རྐང་པ་ལ་བཀབ་ནས་བ་སྤུ་ཐམས་ཅད་ཟིང་ཞེས་བྱས་ནས་དད་པར་གྱུར་ཏེ། རྐང་པ་གཉིས་ལ་གཏུགས་ནས་དད་པའི་ཤུགས་དྲག་པོས་སྨོན་ལམ་འདེབས་པ་ལ་ཞུགས་ཏེ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། ཆོས་ཀྱི་ཕྱིར་སྦྱིན་པ་ཡོངས་སུ་བཏང་བ་འདིས་ན་བདག་ཚེ་འདི་ཉིད་ཕན་ཆད་དབུལ་པོར་མ་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ཡང་བསོད་ནམས་ཀྱིས་ཆེ་བར་གྲགས་པར་གྱུར་ཅིག །ལྷ་དང་མི་རྣམས་ཀྱིས་ཀྱང་བདག་རྒྱལ་པོར་བཅུག་པར་གྱུར་ཅིག །ཅི་བསམས་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་ནམ་མཁའ་ལས་འགྲུབ་པར་གྱུར་ཅིག །བདག་བཙའ་བ་ན་ཡང་ངོ་མཚར་དང་རྨད་དུ་བྱུང་བ་མང་པོ་དག་འབྱུང་བར་གྱུར་ཅིག །གཏེར་མི་ཟད་པའི་རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་ཡོངས་སུ་གང་བ་དག་ཀྱང་འབྱུང་བར་གྱུར་ཅིག་ཅེས་དེས་དེ་ལྟར་སྨོན་ལམ་བཏབ་པའི་སྐབས་སུ་ཆོས་སྨྲ་བས་ཀྱང་ཁ་ཏོན་དུ་ཡོངས་སུ་བསྔོ་བ་བྱས་ཏེ་འཁོར་ཐམས་ཅད་དོང་ངོ་། །རྒྱན་པོ་པ་རྒྱལ་བ་པོ་ཡང་ཆོས་ཀྱི་ཕྱིར་སྦྱིན་པ་དེ་ཉིད་ཡིད་ལ་སེམས་ཤིང་རས་གཅིག་པུ་གྱོན་བཞིན་དུ་བདག་གི་ཁྱིམ་དུ་སོང་ནས་ཆུང་མ་དང་བུས་མཐོང་ངོ་། །དེ་ནས་ཆུང་མ་དང་བུས་བསམས་པ། འདིས་ག་ཤེད་དུ་བླ་གོས་དང་རྒྱན་སྐུགས་སུ་ཡལ་བར་བྱས་ཞིག་གུ་སྙམ་སྟེ། མི་དགའ་བར་གྱུར་ནས། ད་ནི་བདག་ཅག་གཉིས་ལུས་སུ་ཟད་དེ། བདག་ཅག་གཉིས་ཀྱང་ཡལ་བར་བྱེད་དུ་འོང་གིས་འདོང་ངོ་ཞེས་སྨྲས་སོ། །དེ་ཡང་ངོ་ཚ་ནས་བདག་ནི་དབུལ་བའི་ཉེས་པས་འདི་ལྟར་སྨ་བབ་པོ་སྙམ་བསམས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་དབུལ་བ་སྡུག་བསྔལ་ཡིན། །ཅི་ཞིག་ཤིན་ཏུ་སྡུག་བསྔལ་དབུལ་དེ་ཉིད། །དབུལ་བ་དག་ནི་ཤི་བ་དང་ཡང་མཚུངས། །བདག་ནི་ཤི་བ་འདམ་གྱི་དབུལ་བ་མིན། །ཞེས་སྨྲས་ནས། དབུགས་ཚ་བ་རྒྱུན་རིངས་པོའི་ཤུགས་ཕྱུང་སྟེ་ཅང་མི་ཟེར་བར་འདུག་གོ །དེ་ནས་དེའི་ཁྱིམ་གྱི་ར་བ་ན་ཁྲོན་པ་ཞིག་ཡོད་དེ། དེའི་ཆུང་མས་ཆུ་བཅུ་བའི་ཕྱིར་བུམ་པ་ཐག་པས་བཏགས་ནས་


DKG076_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་དུ་བཏང་སྟེ་ཆུ་ཡར་དབྱུང་སྙམ་པ་དང་། རེ་ཞིག་ན་ཡང་དབྱུང་བར་མ་ནུས་ནས་དེས་རྒྱལ་བ་པོ་ལ། ཇོ་བོ་བུམ་པ་འདི་ཡར་དབྱུང་བར་མི་ནུས་ན་ཚུར་སྦྱོན་ཏེ་གཟིགས་ཞེས་བོས་སོ། །དེ་ནས་དེས་ཀྱང་ཡར་དབྱུང་བར་བརྩམས་སོ། །རེ་ཞིག་ན་དེས་ཀྱང་ཡར་དབྱུང་མ་ནུས་ནས་དེ་གཉིས་ཀྱིས་བུ་ལ་བོས་སོ། །དེ་ནས་དེ་གསུམ་ཆར་གྱིས་ཤ་དང་པགས་པ་རལ་ཏེ། འབད་པ་ཆེན་པོས་དེའུ་མ་ཕྱིན་ཏེ་ཕྱིན་ཏོ། །རེ་ཞིག་ན་བལྟས་ན་བུམ་པ་དེའི་འོག་ན་ཟངས་ཟུང་ལྔ་གསེར་དངུལ་གྱིས་ཡོངས་སུ་གང་བ་ཐོགས་ཤིང་འདུག་པ་མཐོང་སྟེ། དེ་ནས་རྒྱན་པོ་པ་རྒྱལ་བ་པོས་ཚེ་འདིའི་སྦྱིན་པའི་འབྲས་བུ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས་ཡ་མཚན་གྱིས་མིག་རྒྱས་ཏེ། སྙིང་རབ་ཏུ་དགའ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་ཉེས་པ་ཀུན་སྤངས་པ། །ཡོན་ཏན་ངོ་བོ་ཉིད་ཀྱི་ཞིང་། །ད་ལྟ་བདག་གིས་ས་བོན་བཏབ། །ད་ལྟར་ཉིད་དུ་འབྲས་བུར་སྨིན། །ཅེས་སྨྲས་སོ། །དེ་ནས་དེའི་ཆུང་མ་དེ་ཡང་ཡ་མཚན་གྱིས་མིག་རྒྱས་ཏེ་སྨྲས་པ། ཇོ་བོ་འདི་ཅི་ཞིག་ལ་དགོངས་ཏེ་གསུངས། དེས་སྐབས་འདི་རྒྱས་པར་བསྙད་དོ། །དེ་ནས་དེས་ཚེ་འདི་ཉིད་ལ་བསོད་ནམས་དག་གིས་འབྲས་བུ་མཆོག་ཏུ་ཡིད་དུ་འོང་བ་སྨིན་པའི་རྨད་དུ་བྱུང་བ་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏོ། །གཏམ་དེ་ཡང་གཅིག་ནས་གཅིག་ཏུ་ཐོས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཀུན་དུ་གྲགས་སོ། །དེ་ཐོས་པས་སྐྱེ་བོ་ཕལ་པོ་ཆེ་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་ཕན་ཚུན་དུ་ཀྱེ་མ་ངོ་མཚར་ཏོ། །ཀྱེ་མ་བསོད་ནམས་དག་གི་ཆེ་བ་ཉིད་ཅེས་འཛིན་ཏོ། །དེ་ནས་གློ་བུར་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བར་གྱུར་ཏེ་བསོད་ནམས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་ནས། དེས་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་དད་པ་དྲག་པོས་ཤས་ཆེར་བཀུར་སྟི་བྱས་སོ། །དེ་ནས་དེ་ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བྱེད་དོ། །ཆོས་ཀྱང་ཉན་ཏོ། །དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཀྱང་ཉིན་གཅིག་བཞིན་དུ་ཁ་ཟས་བཟང་པོས་ཡང་དག་པར་ཚིམ་པར་བྱེད་དོ། །དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ནད་པ་དང་། སློང་བ་གཞན་དག་ཀྱང་ནོར་གྱིས་ཅི་འདོད་པར་ཡང་དག་པར་འཚེངས་པར་བྱེད་དོ། །


DKG076_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ཆེན་པོ་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་གང་བ་ཡང་བྱེད་དུ་བཅུག་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་དེའི་གྲགས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་ཀུན་དུ་རྒྱས་པར་གྱུར་ཏོ། །ཕྱིས་རེ་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་དེའི་རྒྱལ་པོ་བུ་མེད་པར་དུས་ལས་འདས་སོ། །དེ་ནས་གྲོང་ཁྱེར་གྱི་མི་དང་བློན་པོ་རྣམས་ཀྱིས་རྒྱན་པོ་པ་རྒྱལ་བ་པོ་བསོད་ནམས་ཀྱིས་ཆེ་བར་གྲགས་པར་ཤེས་ནས་རྒྱལ་པོར་བཅུག་གོ །དེ་ནས་དེའི་མིང་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་མེད་པར་གྱུར་ཏེ། རྒྱལ་པོ་རྒྱལ་བ་པོ་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྒྱལ་བ་པོས་ཚེ་དེ་ཉིད་ལ་བསོད་ནམས་དག་གི་རྣམ་པར་སྨིན་པའི་འབྲས་བུ་མཆོག་ཏུ་ཡིད་དུ་འོང་བ་མཐོང་ནས་དད་པ་སྐྱེས་ཏེ། ཤས་ཆེར་བསོད་ནམས་ལ་བརྟེན་པར་གྱུར་ཏོ། །དེ་རྒྱུན་མི་འཆད་པར་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་སོ། །བཙུན་མོའི་འཁོར་དང་། བློན་པོ་དང་གྲོང་ཁྱེར་གྱི་མི་དང་། ཡུལ་གྱི་མི་དང་སྐྱེ་བོའི་ཚོགས་གཞན་དག་ཀྱང་བསོད་ནམས་དག་ལ་ཡང་དག་པར་བཙུད་དོ། །ཕྱི་ཞིག་ན་རྒྱལ་པོ་རྒྱལ་བ་པོ་འཆི་བའི་ཆོས་དང་ལྡན་པར་གྱུར་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་བུར་སྐྱེས་སོ། །དེ་སྐྱེས་པ་ན་ནམ་མཁའ་ལས་ལྷའི་རིན་པོ་ཆེའི་ཆར་དང་གོས་ཀྱི་ཆར་རྣམ་པར་མཛེས་པ་བབ་བོ། །དེའི་ལུས་ལས་ཀྱང་གང་གིས་དབང་བྱེད་ཀྱི་ཕོ་བྲང་དེ་དག་ཐམས་ཅད་སྣང་བར་འགྱུར་བ་དང་། དབང་བྱེད་ཀྱི་ལྷ་གཞན་དག་གི་འོད་ཀྱང་འོད་མེད་པར་འགྱུར་བ་དེ་ལྟ་བུའི་འོད་བྱུང་བར་གྱུར་ཏོ། །དེའི་བསོད་ནམས་དག་གི་འབྲས་བུ་རྣམ་པར་སྨིན་པ་ངོ་མཚར་རྨད་དུ་བྱུང་བ་དེ་མཐོང་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དགེ་སློང་དག་ཁྱེད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་འཛིན་ན་དེ་དེ་ལྟར་མི་བལྟའི། རྒྱལ་པོ་བསོད་ནམས་སྟོབས་དེ་ཉིད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོར་གྱུར་ཏོ། །


DKG076_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཐོས་ནས་སེམས་དད་པར་གྱུར་པ་དེས་ཆོས་སྨྲ་བ་ལ་གདུགས་དང་མཆིལ་ལྷམ་གཉིས་དང་བླ་གོས་དང་པ་ཎ་ལྔའི་འགྲོན་བུ་རྣམས་ཕུལ་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་དེ་ཉིད་ལ་གཏེར་ལྔ་ཡང་བྱུང་ངོ་། །རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་ཡང་བཅུག་གོ །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལན་སུམ་ཅུ་རྩ་དྲུག་གི་བར་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་འཕྲུལ་དགའ་བ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་དགའ་ལྡན་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་འཐབ་བྲལ་བ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་ཆེན་བཞི་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་བརྒྱ་ཕྲག་དུ་མར་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏོ། །དེའི་རིན་པོ་ཆེ་སྣ་བདུན་ནི་རྣམ་པ་འདི་ལྟ་བུ་དག་ཡིན་ཏེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་བདུན་པ་སྟེ་བློན་པོ་རིན་པོ་ཆེ་རྣམས་སོ། །དེའི་བུ་སྟོང་ཐམ་པ་ཡོད་དེ་དཔའ་བ་དང་། རྟུལ་ཕོད་པ་དང་། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་དང་། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ །དེས་ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པ་འདི་ཉིད་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་དེ། ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་འཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གིས་བདག་ཉིད་ཆེན་པོ་ཡི། །བདག་པོར་འགྱུར་བའི་རྒྱུ་འདི་ཡིན། །སངས་རྒྱས་ཕན་འདོགས་དེ་དག་གིས། །


DKG076_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་ནི་འདི་གསུངས་སོ། །རྫུ་འཕྲུལ་རྒྱ་ཆེ་འདི་དག་དང་། །ངོ་མཚར་འདི་དག་ཐོས་གྱུར་ན། །མཁས་དང་ནག་པོའི་རིགས་སྐྱེས་པའང་། །སུ་ཞིག་དད་པར་བྱེད་མི་འགྱུར། །དེ་ཕྱིར་བདག་ལ་ལེགས་འདོད་ཅིང་། །བདག་ཉིད་ཆེན་པོ་འདོད་པས་འདིར། །སངས་རྒྱས་བསྟན་པ་དྲན་བྱས་ལ། །དམ་པའི་ཆོས་ནི་བླ་མར་བྱ། །དགེ་སློང་དག་དེ་བས་ན་དམ་པའི་ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རིམ་གྲོར་བྱའོ། །མཆོད་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་དག་དམ་པའི་ཆོས་ལ་བཀུར་སྟི་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་ཅིང་བརྟེན་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་དེ་བ་ཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།


no previousབསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ། next