དཔལ་གྱི་སྡེའི་རྟོགས་པ་བརྗོད་པ།
རྒྱ་གར་སྐད་དུ། ཤྲཱི་སེ་ན་ཨ་བ་དཱ་ནཾ། བོད་སྐད་དུ། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི་དེ་ལྟར་ན་ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན། དེ་ལ་མ་བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་བཞིན་དུ་སེམས་ཅན་རྣམས་ཀྱི་སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ནི་དེའི་ཕྱིར་དེ་དག་ནི་ཀུན་དུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ཏུ་དཀྲིས་ཤིང་འདུག་
གོ །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་དུ་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་གྱུར་པ་དེ། །དྲང་སྲོང་ཆེ་རྣམས་གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་བར་དུ་མི་ཟ་ཞིང་། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་དུ་འཛིན་པའི་སེམས། །ནམས་ཀྱང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །བསྒྲིབས་པ་རྣམས་ཀྱིས་མ་ཤེས་པས། །དེ་ཕྱིར་ཀུན་དུ་འཛིན་སེམས་ཀྱིས། །རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང་། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཤད་པ་དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཅིང་། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལས་འོད་ཟེར་རྣམས་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བ་འདི་ལྟ་བུ་མཐོང་བ་ན་ངོ་མཚར་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདི་ལྟ་བུའི་རྨད་དུ་བྱུང་བའི་ཆོ་འཕྲུལ་སྟོན་པར་མི་མཛད་ན། བཙུན་པ་འདི་ལྟ་བུའི་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཆོ་འཕྲུལ་འདི་ལྟ་བུ་འདི་འབྱུང་བའི་རྒྱུ་ཉན་པར་འདོད་དམ། བཙུན་པ་དེ་ལྟར་འཚལ་ལོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཨ་རིཥྛ་ཞེས་བྱ་བ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་པ། གྲུ་བཞི་པ། རྣམ་པར་འབྱེས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྟ་བབས་སྒྲེང་བ་ཞིག་བྱུང་བར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དེར་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་
བ་སྟོབས་ཀྱི་འཁོར་ལོས་སྒྱུར་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རང་བཞིན་གྱིས་སྐྱེ་བ་དྲན་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱིས་འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོ་བྱེད་པ་ཞིག་བྱུང་བར་གྱུར་ཏོ། །རྒྱལ་པོ་དཔལ་གྱི་སྡེའི་མཐུས་ཤིང་རྣམས་རྟག་ཏུ་མེ་ཏོག་དང་འབྲས་བུར་ལྡན་ཞིང་ལྷ་རྣམས་དུས་དུས་སུ་ཆར་ཡང་དག་པར་འབེབས་ལ། ལོ་ཏོག་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །སེམས་ཅན་རྣམས་ཀྱང་ནད་མེད་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་ཕན་ཚུན་བྱམས་པའི་སེམས་ཀྱིས་གནས་སོ། །རྒྱལ་པོ་དེའི་བཙུན་མོ་དམ་པ་རྒྱལ་བའི་འོད་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། ཡུལ་གྱི་བཟང་མོ་རྒྱལ་པོ་དཔལ་གྱི་སྡེའི་ཤིན་ཏུ་ཡིད་དུ་འོང་བ་དང་། སྡུག་པ་དང་། ཕངས་པ་ཞིག་བྱུང་བར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དཔྱ་དང་ཤོ་གམ་དང་གྲུ་བཙས་མེད་དེ། ཞིང་གི་འབྱོར་པ་དང་ལྡན་པ། སྐྱེ་བོ་རྣམས་ཞི་བ། ཁྱིམ་བྱ་རྣམས་དང་ལྡན་པའི་ཡུལ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེ་བྱང་ཆུབ་སེམས་དཔར་གྱུར་ཏེ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ་དང་། གཏོང་བ་ཆེན་པོ་ལ་ཞུགས་ནས་ཐ་ན་རང་གི་ཤ་ཡང་གཏོང་སྟེ། དེས་མ་བྱིན་པ་དང་། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་རྒྱལ་པོའི་ཕོ་བྲང་ཨ་རིཥྛའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་མཐར་སྦྱིན་གཏོང་གི་གནས་བྱས་ཏེ། སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །ལྷོ་དང་ནུབ་དང་བྱང་གི་གྲོང་ཁྱེར་གྱི་སྒོར་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །སུམ་མདོའི་དབུས་ན་ཡང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཟའ་བ་དང་། བཅའ་བ་དང་། མར་མེ་དང་། ཕྲེང་བ་དང་།
དྲི་དང་། བྱུག་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། རྒྱབ་རྟེན་དང་། གནས་དང་། གཟུགས་རྣམས་དང་། ཤིང་རྟ་དང་། གླང་པོ་དང་། རྟ་དང་། རྒྱན་རྣམས་དང་། གསེར་གྱི་སྣོད་དངུལ་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། དངུལ་གྱི་སྣོད་གསེར་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། བ་ལང་གསེར་གྱི་རྭ་དང་། དངུལ་གྱི་རྨིག་པ་བཏགས་པ། ཁར་བའི་བཞོ་སྣོད་དང་། རས་ཟུང་གིས་བཀབ་པ་རྣམས་དང་། གཞོན་ནུ་མ་རྣམས་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དེ། དགེ་སློང་དག་ཇི་ཙམ་དུ་རྒྱལ་པོ་དཔལ་གྱི་སྡེས་ཅི་ཙམ་གྱིས་འཛམ་བུའི་གླིང་པའི་མི་ཐམས་ཅད་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བར་གྱུར་པ་དེ་ཙམ་དུ་སྦྱིན་པ་རྣམས་བྱིན་ནོ། །ཡང་དེའི་ཚེ་རྒྱལ་པོའི་ཕོ་བྲང་ཨ་རིཥྛའི་གྲོང་ཁྱེར་ན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མི་རྣམས་གནས་ཏེ། རྒྱལ་པོ་དཔལ་གྱི་སྡེ་དེ་དག་ཐམས་ཅད་ཀྱི་སྡུག་པ་དང་ཡིད་དུ་འོང་བར་གྱུར་ཏོ། །གཞན་ཡང་འདི་སྐྱེས་པ་དང་བུད་མེད་རྣམས་ཀྱིས་མཐོང་བ་ན་ངོམས་པར་མི་འགྱུར་བའི་དགའ་བ་ཐོབ་བོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་བློན་པོ་སྟོང་ཕྲག་བཅུ་གཉིས་ཡོད་དེ། བློན་པོ་དེ་རྣམས་ཀྱི་མཆོག་བློ་གྲོས་ཆེན་པོ་ཞེས་བྱ་བ་མཁས་པ། གསལ་བ། བློ་དང་ལྡན་པ། ཐམས་ཅད་ལ་དབང་བྱེད་པ། རྒྱལ་པོ་ཡོངས་སུ་སྐྱོང་བར་བྱེད་པ། རྒྱལ་པོ་དཔལ་གྱི་སྡེའི་སྡུག་པ་དང་ཡིད་དུ་འོང་བ་དང་། ཕངས་པར་གྱུར་པ་ཞིག་བྱུང་བར་གྱུར་ཏོ། །དེས་འདིའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་མཐོང་བ་ན་ངོམས་པ་མེད་དེ། སྐད་ཅིག་ཀྱང་འདི་དང་མི་འབྲལ་ལོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་འཛམ་བུའི་གླིང་གི་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱར་ཏེ། ཤེས་ལྡན་དག་འཛམ་བུའི་གླིང་གི་མི་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་རྟེན་ཅིག །དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཡང་དག་པར་ཟུང་ཤིག་ཅེས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱོར་ཏེ། དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེ་དེ་ལྟ་བུའི་གདམས་ངག་རྗེས་སུ་སྟོན་པར་གྱུར་ཏོ། །འདི་ལྟ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དུས་སུ་གང་འཛམ་བུའི་གླིང་པའི་མི་གང་ལ་ལ་
དུས་བྱས་ཏེ་ལུས་ཞིག་ནས་དེ་ལྷའི་རིས་དྲུག་ཏུ་སྐྱེ་བར་གྱུར་ཏོ། །གང་ཕལ་ཆེར་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་སྐྱེས་སོ། །ཡང་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ལྷའི་ཚོགས་ཀྱིས་ཀུན་ཏུ་གང་ངོ་། །དེ་ནས་དེར་གོ་སྐབས་མེད་པར་གྱུར་པ་དང་། བལྟ་ན་སྡུག་གི་ཕྱི་རོལ་ཡོངས་འདུ་དང་། ཤིང་རྟ་སྣ་ཚོགས་ཅན་དང་། དགའ་བའི་ཚལ་ལ་སོགས་པའི་སྐྱེད་མོས་ཚལ་རྣམས་སུ་གནས་པར་གྱུར་ཏོ། །དེ་ནས་སྔོན་སྐྱེས་པའི་སུམ་ཅུ་རྩ་གསུམ་གྱི་ལྷའི་ཚོགས་ཀྱིས་ཡང་དག་པའི་འབྱོར་པ་དེ་མཐོང་སྟེ། རབ་ཏུ་དགའ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་དུ་རིའི་རྒྱལ་པོ་རི་རབ་དེ་ཉིད་ལྷའི་བུ་དེ་དག་གིས་གང་སྟེ་ལྷའི་ཚོགས་ནི་འཕེལ་བར་གྱུར། ལྷ་མ་ཡིན་གྱི་ཚོགས་ནི་འགྲིབ་པར་གྱུར་པའི་ངོ་མཚར་འདི་ལ་གཟིགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་རྣམས་ལས་ཐོས་ནས་རིའི་རྒྱལ་པོ་རི་རབ་ཐམས་ཅད་ལ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་རིའི་རྒྱལ་པོ་རི་རབ་ལྷའི་ཚོགས་རྣམས་ཀྱིས་ཀུན་ནས་གང་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་འདི་སྙེད་ཅིག་འདིར་སྐྱེས་པར་གྱུར་སྙམ་ནས་འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་རྒྱལ་པོ་དཔལ་གྱི་སྡེའི་མཐུ་ཡིན་པར་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སེམས་རབ་ཏུ་དགའ་བས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁྱེད་རྣམས་ཉོན་ཅིག །འཛམ་གླིང་དབང་ཕྱུག་རྒྱལ་པོ་ནི། །དཔལ་གྱི་སྡེ་ཞེས་རྣམ་གྲགས་པ། །རྟག་ཏུ་ཆོས་ལ་གཞོལ་བ་དང་། །རྒྱལ་པོ་ཆེན་པོ་ཆོས་ལ་གནས། །ཐོག་མ་བར་དང་མཐར་དགེ་ཞིང་། །སེམས་ཅན་ཀུན་ལ་ཕན་པར་དགའ། །གཙོ་བོ་མི་རྣམས་དགེ་བ་ལ། །རྟག་ཏུ་ཡང་དག་སྦྱོར་བར་བྱེད། །རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན། །ཕྱི་རོལ་དངོས་པོ་རབ་གཏོང་ཞིང་། །དེ་ནི་ཤ་ཡང་སློང་བ་ལ། །རྗེས་སུ་བརྩེ་བ་ཉིད་ཀྱིས་སྟེར། །ནང་ངམ་ཡང་ན་ཕྱི་རོལ་ལ། །དེ་ནི་ཡོངས་སུ་འཛིན་མེད་པར། །རྗེས་བརྩེ་ཉིད་ཀྱི་གཏོང་བྱེད་ཅིང་། །བྱང་ཆུབ་མཐར་དབྱུང་བ་ལ་བརྩོན། །དེས་ནི་རྣམ་དག་གསེར་བཞིན་དུ། །
འགྲོ་བ་ཐམས་ཅད་རབ་བསྒྲུབས་པས། །རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །ཐམས་ཅད་མཐོ་རིས་ལ་གཞོལ་འགྱུར། །རྒྱལ་པོ་བློ་གྲོས་ཆེ་དེ་ཡི། །མཐུ་ཡིས་སུ་ཡང་དམྱལ་བ་དང་། །ཡི་དགས་དང་ནི་དུད་འགྲོ་ཡི། །སྐྱེ་གནས་རྣམས་སུ་སྐྱེ་མི་འགྱུར། །དེ་ཡི་གཟི་བརྗིད་མཐུ་ཡིས་ནི། །ཐམས་ཅད་སྣང་བར་འགྲོ་བ་དང་། །སྦྱིན་དང་ཚུལ་ཁྲིམས་དགའ་འགྱུར་བར། །དགའ་བའི་ཚལ་ན་དགའ་བས་རྩེ། །དཔལ་གྱི་སྡེ་ལ་རྗེས་བསྟེན་པར། །གུས་དང་བཅས་པར་གྱུར་པ་འདི། །ལྷ་ཡི་འཇིག་རྟེན་ཉམས་དགའ་བར། །དེ་ཡང་དགའ་བས་རྣམ་པར་སྣང་། །དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་དེ་རྣམས་ཀྱིས་ཚིག་དེ་ཐོས་པ་དང་ཡིད་དགའ་བ་དང་། སེམས་རངས་པར་གྱུར་ཏེ། དགའ་བའི་སེམས་སུ་གྱུར་ཅིང་འདི་སྐད་ཅེས་སྨྲས་སོ། །གང་རྒྱལ་པོ་འདི་ཡན་ལག་དང་ཉིང་ལག་ཀྱང་སྦྱིན་པར་གཏོང་འདོད་པར་རྩོལ་བ་ནི་ངོ་མཚར་ཆེའོ། །འོན་ཀྱང་འདི་ལྟར་ཡན་ལག་དང་ཉིང་ལག་སྟེར་བ་འདི་ནི་དཀའ་བ་སྟེ། བདག་དང་མཉམ་པར་ཕངས་པ་གཞན་མེད་པས་དེ་ཇི་ལྟར་ན་བདག་ཉིད་ཆེན་པོ་འདི་རང་གི་ལུས་ཀྱི་སྡུག་བསྔལ་བ་ལ་མི་སེམས་པར་ཡན་ལག་དང་ཉིང་ལག་སྦྱིན་པར་གཏོང་བར་གྱུར་ཏེ། འདི་ནི་རྗེས་སུ་དཔག་པར་ནུས་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ཁྱེད་རྣམས་དེ་སྐད་མ་སྨྲ་ཤིག །རྒྱལ་པོ་འདི་ནི་མཐུ་ཆེ་སྟེ་རྫུ་འཕྲུལ་ཆེ་བ། སྙིང་རྗེ་ཆེ་བས་ཐ་ན་རང་གི་ཤ་ཡང་གཏོང་སྟེ། འདི་ལ་ཡོངས་སུ་མ་བཏང་བ་ཅི་ཡང་མེད་དོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་བཙུན་མོ་རྒྱལ་བའི་འོད་སྟན་ཆེན་པོ་ལ་ཉལ་བ་ན་ཐོ་རངས་ཀྱི་དུས་སུ་རྨི་ལམ་བཞི་རྨིས་ཏེ། དཔལ་གྱི་སྡེ་སྟན་ལས་བདག་ཉིད་ཕབ་ནས་སླར་ཡང་བཏེག་པར་མཐོང་བ་དང་། རང་གི་མིག་ཕྱུང་སྟེ་སླར་ཡང་སྐྱེས་པར་མཐོང་བ་དང་། བདག་ཉིད་ཀྱི་དཔུང་པ་གཡས་པ་འདི་བཅད་དེ་ས་ལ་ལྷུང་བ་ཡང་སྐྱེས་པར་མཐོང་བ་དང་། མི་མ་ཡིན་པ་དངུལ་གྱི་རྡོ་བཅག་པའི་མདོག་འདྲ་བ་ཞིག་གིས་རྒྱལ་པོ་དཔལ་གྱི་སྡེའི་དཔུང་པ་གཡོན་པ་མོད་ལ་ཕྱུང་སྟེ། ཕྲོགས་ནས་སླར་ཡང་སྐྱེ་བར་རྨིས་སོ། །གཉིད་སད་པ་དང་འཇིགས་པར་གྱུར། དངངས་པར་གྱུར། སྤུ་ཟིང་ཞེས་བྱེད་དེ། ངའམ་ལྷ་ལ་སྡུག་
བསྔལ་འབའ་ཞིག་འབྱུང་བར་མི་འགྱུར་གྲང་ཞེས་བསམས་ནས། དེས་རྒྱལ་པོ་དཔལ་གྱི་སྡེ་ལ་སྨྲས་སོ། །དེ་རྨི་ལྟས་ལ་བྱང་བ་ཡིན་པས་འདི་སྙམ་དུ་སེམས་ཏེ། འདིས་རྨི་ལམ་ཇི་ལྟ་བུ་མཐོང་བ་ལས་ན་རིང་པོ་མི་ཐོགས་པར་ཆུང་མ་འདི་ཉིད་སློང་བ་འབྱུང་བར་འགྱུར་རོ་སྙམ་ནས་སྨྲས་པ། མ་འཇིགས་ཤིག །སྒྱུ་མ་ལྟ་བུ་རྨི་ལམ་ལ་སེམས་པས་ཅི་ཞིག་བྱ། དཔལ་གྱི་སྡེ་སྟན་ལ་བདག་ཉིད་གནས་པར་ཁྱོད་ཀྱིས་མ་མཐོང་ངམ། མིག་མི་ཉམས་པར་དེ་བཞིན་དུ་འདུག་པ་དང་། བདག་ཉིད་ཀྱི་དཔུང་པ་གཡས་པ་དེ་བཞིན་ དུ་ཡོད་པ་དང་། ངའི་ཡང་དཔུང་པ་གཡོན ་པ་གནས་བཞིན་པ་ཉིད་ཅེས་དེས་དབུགས་ཕྱུང་བ་དང་། ཅང་མི་སྨྲ་བར་འདུག་གོ །ཇི་ཙམ་ན་མཚན་མོ་གཉིས་པ་ལ་བློན་པོའི་མཆོག་བློ་གྲོས་ཆེན་པོ་ཞེས་བྱ་བའི་རྨི་ལམ་དུ་རྒྱལ་པོ་དཔལ་གྱི་སྡེའི་རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ཁང་བཟངས་མོད་ལ་ཞིག་པ་དང་། རིན་པོ་ཆེ་དེ་རྣམས་ཤ་ཟ་མཐོང་ན་འཇིགས་སུ་རུང་བ་རྣམས་ཀྱིས་ཕན་ཚུན་ཁྱེར་བ་དང་། སླར་ཡང་ཁང་བཟངས་སོ་སོར་སྦྱར་བར་རྨིས་སོ། །སད་པ་དང་འཇིགས་ཤིང་སྐྲག་པ་དང་། ཡི་མུག་སྟེ་སྤུ་ཟིང་ཞེས་བྱེད་པ་དང་། བསམས་པས་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་དང་། ལྷ་དཔལ་གྱི་སྡེའི་སྐུ་ལུས་སློང་བར་མི་འགྱུར་གྲང་། ལྷ་ཡང་ཐམས་ཅད་སྩོལ་བ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་གཏོང་སྟེ། འདི་ལྟ་སྟེ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་རྣམས་ལ་འདི་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དོ། །རྒྱལ་པོ་དཔལ་གྱི་སྡེ་ལ་ནི་ཞུ་བར་མི་བྱ་སྟེ། ཤིན་ཏུ་སྤྲོ་བ་སྐྱེ་བར་མི་འགྱུར་གྲང་། དེ་ནས་དེས་གསང་སྟེ་མཚན་མཁན་བོས་ནས་དམ་བསྒོ་སྟེ་ཞེས་སྨྲས་པ། ཤེས་ལྡན་ངས་འདི་ལྟ་བུའི་རྨི་ལམ་རྨིས་པའི་འབྲས་བུ་ཇི་ལྟ་བུར་འགྱུར་བ་ཁྱོད་ཀྱིས་ལུང་སྟོན་ཅིག །མཚན་མཁན་གྱིས་སྨྲས་པ། རྨི་ལམ་ཅི་འདྲ་བ་འདི་ལས་རིང་པོ་མི་ཐོགས་པར་ལྷའི་སྐུ་ལུས་སློང་བ་འོང་བར་འགྱུར་རོ། །རྨི་ལམ་བསྟན་པ་འདི་ལྟ་བུ་དེ་ཐོས་པ་དང་། བློན་པོ་ཆེན་པོ་བློ་གྲོས་ཆེན་པོ་སྡུག་བསྔལ་དྲག་པོས་གདུངས་ཤིང་མིག་མཆི་མས་གང་བ་དང་། ལག་པ་འགྲམ་པ་ལ་གཏད་དེ་སེམས་
ཁོང་དུ་ཆུད་པས་གནས་ནས་རྒྱལ་པོ་དཔལ་གྱི་སྡེ་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ཡོན་ཏན་དུ་མ་དང་ལྡན་པ་ལ་མི་རྟག་པའི་སྟོབས་ཉེ་བར་གནས་པ་ནི་ཧ་ཅང་མྱུར་ཆེས་སོ། །དེ་ནས་ནུབ་གསུམ་པ་ལ་བློན་པོ་སྟོང་ཕྲག་བཅུ་གཉིས་རྨི་ལམ་ལྔ་རྨིས་ཏེ། ཁྲི་ཡིས་རྒྱལ་པོ་དཔལ་གྱི་སྡེའི་གདུགས་དང་ཅོད་པན་ཕྲོགས་ཏེ་སླར་ཡང་བྱིན་པ་དང་སྐྱེ་བོ་ཐམས་ཅད་ཀྱི་མགོ་བཅད་ནས་སླར་ཡང་བྱུང་བ་དང་། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་མིག་ཕྱུང་ནས་སླར་ཡང་སྐྱེས་པ་དང་། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་རྐང་པ་དང་ལག་པ་རྣམས་བཅད་ནས་སླར་ཡང་སྐྱེས་པ་དང་རྒྱལ་པོ་དཔལ་གྱི་སྡེ་སེང་གེའི་ཁྲི་ལས་བབ་ནས་སླར་ཡང་འཛེག་པར་རྩོམ་པར་རྨིས་པ་དང་། འཇིགས་ཤིང་སྐྲག་ལ་ཡི་མུག་ནས་རྒྱལ་པོ་དཔལ་གྱི་སྡེ་ས་ཆེན་པོ་སྐྱོང་བ་མཛད་པ། བྱམས་པའི་བདག་ཉིད་ཅན་སྙིང་རྗེ་ཆེ་བ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ལ་མི་རྟག་པའི་སྟོབས་ཉེ་བར་གནས་པར་མི་འགྱུར་གྲང་། བདག་ཅག་རྣམས་ལྷ་དང་ལྷན་ཅིག་གནས་པ་ལས་ཐ་དད་པར་གྱུར་པ་དང་། སོ་སོ་བ་དང་བྲལ་བ་དང་བྱེ་བྲལ་མི་འགྱུར་གྲང་། འཛམ་བུའི་གླིང་པའི་སྐྱབས་དང་དཔུང་གཉེན་མེད་པར་མི་འགྱུར་གྲང་། དེ་རྣམས་ཀྱིས་མཚན་མཁན་རྣམས་བོས་ནས་སྨྲས་པ་དང་། དེ་རྣམས་ཀྱིས་ཇི་ཙམ་ན་ཐམས་ཅད་འདི་བཞིན་དུ་འགྱུར་ཞེས་ལུང་བསྟན་ཏོ། །འདི་ལྟ་བུའི་རྨི་ལམ་བསྟན་པ་ཐོས་པ་དང་། གྲོང་ཁྱེར་ཨ་རིཥྛ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཉམ་ཐག་པའི་ང་རོས་ངུ་བར་བརྩམས་སོ། །ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་འཛམ་བུའི་གླིང་པའི་མི་ཐམས་ཅད་མྱ་ངན་དྲག་པོའི་སྡུག་བསྔལ་གྱིས་བཅོམ་ནས་ཤིན་ཏུ་སྨྲེ་སྔགས་འདོན་པར་གྱུར་ཏོ། །དེ་ལྟར་གྱུར་པ་དེ་རྒྱལ་པོ་དཔལ་གྱི་སྡེས་ཐོས་སོ། །ཐོས་ནས་ཀྱང་ཡང་བསམས་པ། ངའི་ལུས་སློང་བ་འོང་བར་འགྱུར་རོ་སྙམ་ནས་སེམས་རབ་ཏུ་དགའ་བ་དང་། མགུ་བར་གྱུར་ཏོ། །ཤེས་ལྡན་དག་འཛམ་བུའི་གླིང་གི་མི་ཁྱེད་རྣམས་བདེ་བ་དང་ཕེབས་པས་དགེ་བ་ལ་གཞོལ་བར་གྱིས་ཤིག །ཁྱེད་རྣམས་སྒྱུ་མ་ལྟ་བུའི་རྨི་ལམ་ལ་སེམས་པས་ཅི་ཞིག་བྱ་ཞེས་འཛམ་
བུའི་གླིང་པ་ཐམས་ཅད་དུ་དྲིལ་བསྒྲགས་སོ། །དེ་ནས་རྒྱལ་པོ་དཔལ་གྱི་སྡེས་དྲིལ་བསྒྲགས་པ་དེ་ཐོས་པ་དང་། འཛམ་བུའི་གླིང་པའི་མི་ཐམས་ཅད་དབུགས་ཕྱིན་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་ཨ་རིཥྛའི་བྱང་ཕྱོགས་རྒྱང་གྲགས་ཙམ་གྱིས་ཕྱོགས་ན་རི་བོ་ཞིག་ཡོད་དེ། དེ་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་སོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་དེ་རྣམས་ཀྱི་དོན་དུ་འཇུག་པ་དྲང་སྲོང་གཅིག་དོན་གྱི་བྱ་བ་འགའ་ཞིག་གི་ཕྱིར་རྒྱལ་པོའི་ཕོ་བྲང་ཨ་རིཥྛར་འོངས་སོ། །ཡང་དུས་དེའི་ཚེ་རྒྱལ་པོ་དཔལ་གྱི་སྡེ་ལྷ་མོ་རྒྱལ་བའི་འོད་དང་ལྷན་ཅིག་ཏུ་ནང་དུ་ཞུགས་ནས་སྐྱེད་མོས་ཚལ་གྱི་སར་སོང་ངོ་། །དྲང་སྲོང་དེས་རྒྱལ་བ་དང་ཚེ་རིང་བའི་བརྗོད་པ་བྱས་པ་དང་། དྲང་སྲོང་དེས་ལྷ་མོ་རྒྱལ་བའི་འོད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་སྟེ། འདི་ལྟར་ཡང་དེའི་སྐྱེ་བ་སྔ་མའི་ཆུང་མར་གྱུར་པ་ཡང་ཡིན་པས་སྔོན་གྱི་ཆགས་པ་དང་འབྲེལ་པའི་དབང་གིས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། དེ་ཡིད་ལ་སེམས་ཤིང་ལམ་དེ་ནས་སོང་སྟེ། ལམ་དེ་ནས་འདས་པ་དང་ཇི་ཙམ་ན་དྲང་སྲོང་དེ་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཨ་རིཥྛར་བྱ་བའམ། བྱེད་པ་ཐམས་ཅད་བྱས་ཏེ་ཡོངས་སུ་རྫོགས་པ་དང་བསྟི་གནས་སུ་སོང་ངོ་། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་དྲང་སྲོང་དེས་བྲམ་ཟེའི་ཁྱེའུ་གཅིག་རིག་བྱེད་འདོན་པ་ཡོངས་སུ་རྫོགས་པ་དང་། དེས་མཁན་པོའི་རྐང་པ་ལ་གཏུགས་ནས་སྨྲས་པ། མཁན་པོ་ལ་ནོར་ཇི་ལྟ་བུ་དབུལ་བར་བགྱི། མཁན་པོས་བཀའ་སྩོལ་ཅིག །དྲང་སྲོང་གིས་སྨྲས་པ། དེ་བས་ན་བུ་རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོའི་མཆོག་བཙུན་མོ་རྒྱལ་བའི་འོད་སློངས་ལ་ངའི་བསྙེན་བཀུར་བྱ་བ་དང་། མཁན་པོ་ལ་མཁན་པོའི་ནོར་དང་། བླ་མ་ལ་མཆོད་པར་བྱ་བའི་ཕྱིར་བྱིན་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེའི་ཁྱེའུ་དེ་གནད་དུ་བསྣུན་པའི་རི་དགས་བཞིན་དུ་སྡུག་བསྔལ་དྲག་པོས་གདུངས་ཏེ་མཆོག་ཏུ་ཡི་མུག་པ་དང་། བསམས་པ་གནས་འདི་ནི་འབྱུང་བར་དཀའ་བ་དང་རྙེད་པར་དཀའ་ན། ཇི་ལྟར་ཡང་བྲམ་ཟེ་ཉོན་མོངས་པ་དག་ལྟ་བུས་རྒྱལ་པོ་ལ་བཙུན་མོ་རྒྱལ་བའི་འོད་འདི་བྱིན་ཅིག །ཅེས་ཇི་ལྟར་སྨྲ་བར་ནུས། འདི་ལྟར་བསླང་བར་བྱ་བ་མ་ཡིན་པའི་དངོས་པོ་འདི་ལ་ཀུན་
དུ་སྦྱོར་བ་གང་ཡིན་པ་དེས་ན། མཁན་པོ་ངེས་པར་བདག་ལ་དམོད་པ་བྱེད་པར་འདོད་པ་ཡིན་ནོ། །དེ་ནས་དྲང་སྲོང་དེས་དེའི་བཞིན་རྣམ་པར་འགྱུར་བས་ནང་གི་བསམ་པ་རྟོགས་ནས་སྨྲས་པ། བུ་མ་འཇིགས་ཤིག་ཇི་ལྟར་ན་སེམས་འདི་ལྟར་ཁོང་དུ་ཆུད། རྒྱལ་པོ་འདི་ནི་བདག་ཉིད་ཆེ་བ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་ཞིང་ཆགས་པ་མེད་པར་ཡོངས་སུ་གཏོང་བས་ཐ་ན་རང་གི་ཤ་ཡང་གཏོང་སྟེ། འདི་ལ་ཡོངས་སུ་མ་བཏང་བ་ཅི་ཡང་མེད་དོ། །བུ་དེས་ན་རྒྱལ་པོས་བཙུན་མོའི་མཆོག་སྟེར་བར་འགྱུར་གྱིས་ཡི་མུག་པར་མ་བྱེད་ཅིག །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་མ་སོང་ན་ནི་གང་དམོད་པ་བྱེད་པའི་གནས་དེ་ཡོད་པས་འགྲོ་སྙམ་ནས་དེ་དམོད་པས་འཇིགས་པས་སྨྲས་པ། མཁན་པོ་གལ་ཏེ་དེ་ལྟ་ན་མཆིའོ་ཞེས་དེས་དེའི་རྐང་པ་ལ་གཏུགས་ནས་སོང་སྟེ། རྒྱལ་པོའི་ཕོ་བྲང་ཨ་རིཥྛར་ཕྱིན་ཏོ། །དེ་བཞིན་དུ་ཤིང་ཤུན་གྱི་གོས་གྱོན་ཞིང་དབྱིག་པ་དང་། རིལ་བ་ལག་ན་ཐོགས་ལ་ས་རྡུལ་གྱིས་ལུས་ལ་གོས་པ་དང་། རྒྱལ་པོ་དཔལ་གྱི་སྡེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་དཔལ་གྱི་སྡེ་ལ་རྒྱལ་བ་དང་། ཚེ་སྤེལ་བ་བྱས་ནས་བསམས་པ། ཅི་བསླང་ངམ་འོན་ཏེ་མི་བསླང་སྟེར་བར་འགྱུར་རམ་མི་སྟེར་བར་འགྱུར། ངའི་ཡིད་ལ་རེ་བ་འབྲས་བུ་དང་བཅས་པར་འགྱུར་རམ། འབྲས་བུ་མེད་པར་འགྱུར་སྙམ་ནས་བདག་ཉིད་སྨོད་བཞིན་དུ་རྒྱལ་པོའི་མདུན་ན་དམན་པའི་བཞིན་གྱིས་ཅང་མི་སྨྲ་བར་འདུག་གོ །དེ་ནས་རྒྱལ་པོ་དཔལ་གྱི་སྡེས་བསམས་པ། འདི་ནི་ང་ལ་སློང་དུ་འོངས་སོ་སྙམ་ནས་བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་ཀྱི་དགོས་པ་གང་ཡིན་པ་དེ་སྨྲོས། དེ་རིང་ཁྱོད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེའི་ཁྱེའུ་དེ་མི་འཇིགས་པ་སྐྱེས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། དེ་ལེགས་ཀྱིས་ལྷ་རི་ག་གེ་མོ་ན་བདག་གི་མཁན་པོ་དྲང་སྲོང་འདོན་དུ་འཇུག་པ་འཁོར་ལྔ་བརྒྱ་དང་གནས་ཏེ་དེ་ལས་བདག་གིས་རིག་བྱེད་འདོན་པ་ཡོངས་སུ་རྫོགས་པས་རྒྱལ་པོ་ཆེན་པོ་ད་ཐུགས་བརྩེ་བས་བཙུན་མོ་རྒྱལ་བའི་འོད་བདག་ལ་སྩོལ་ཅིག །མཁན་པོ་ལ་མཁན་པོའི་ནོར་དང་། བླ་མ་མཆོད་
པའི་ཕྱིར་བདག་གིས་མཁན་པོ་ལ་དབུལ་བར་བགྱིའོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དཔལ་གྱི་སྡེ་བརྩེ་བའི་དབང་གིས་ཡིད་མི་དགའ་བར་གྱུར་ཏེ། བཙུན་མོ་རྒྱལ་བའི་འོད་འདི་ང་དང་བྲལ་ན་ཇི་ལྟར་སྲོག་འཛིན་པར་ནུས། འཁོར་དེ་དག་ཐམས་ཅད་ཀྱང་རྒྱ་མཚོ་ཟབ་མོའི་སྒྲ་མི་གཡོ་བ་དང་། གནད་དུ་བསྣུན་པ་བཞིན་དུ་སྡུག་བསྔལ་དྲག་པོས་གདུངས་པས་རྟབས་བག་ཏུ་འདི་ཅི་འདི་ཅི་ཞེས་སྐྱོ་བས་རབ་ཏུ་གདུངས་སོ། །དེ་ནས་བྱང་ཆུབ་སེམས་དཔས་སྐད་ཅིག་ཅང་མི་སྨྲ་བར་གནས་ཏེ་བསམས་པ། བུ་དང་ཆུང་མ་ལ་སོགས་པ་བྱིན་པ་མེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་མི་འགྱུར་རོ། །དེའི་ཕྱིར་བྲམ་ཟེ་འདི་ལ་དགའ་བས་ཆུང་མ་འདི་སྦྱིན་པར་བྱའོ་སྙམ་དུ་བསམས་ནས་གཉེན་སྡུག་པ་དང་བྲལ་བས་ཞུམ་པའི་སེམས་ཡང་དག་པར་བླངས་ཏེ། འཕྲལ་དུ་སེང་གེའི་ཁྲི་ལས་བབས་ནས་བྱང་ཆུབ་ཏུ་སྨོན་པའི་སེམས་ཀྱིས་བཙུན་མོ་རྒྱལ་བའི་འོད་ལྷའི་བུ་མོ་བཞིན་དུ་རྣམ་པར་མཛེས་པ། ཁྱོ་དང་བྲལ་བའི་གདུང་བས་ཤིན་ཏུ་དབུགས་རིང་པོ་ཕྱུང་སྟེ། མཆི་མས་གང་བའི་མིག་དང་། མུན་པར་གཡང་ས་ཆེན་པོར་ལྷུང་བ་བཞིན་ དུ་མཆོག་ཏུ་སྡུག་བསྔལ་བས་གདོང་ཕབ་པ་ལག་པ་གཡོན ་པས་བཟུང་སྟེ། ལག་པ་གཡས་པས་གསེར་གྱི་བུམ་པ་ཐོགས་ནས་བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་ཚུར་ཤོག །ཚུར་ཤོག །བྲམ་ཟེའི་དམ་པ་གཟུགས་བཟང་བ། །སྡུག་པའི་ཆུང་མ་འདི་ལོང་ཤིག །སྦྱིན་པ་འདི་ཡིས་མྱུར་དུ་ནི། །བྱང་ཆུབ་དམ་པ་ཐོབ་པར་ཤོག །ཅེས་སྨྲས་ནས་བྱང་ཆུབ་སེམས་དཔས་བྲམ་ཟེ་དེའི་ལག་པར་ཆུའི་རྒྱུན་བླུགས་སོ། །དེ་ནས་ཡང་དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེས་ཆུའི་རྒྱུན་བླུགས་པའི་རྗེས་ཐོགས་ཉིད་ལ་དེའི་ཚེ་འཕྲལ་དུ་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའི་གཏོང་བ་དང་། གཏོང་བ་ལས་ཀྱང་ཤིན་ཏུ་གཏོང་བ། ཤིན་ཏུ་དཀའ་བ་དེ་མཐོང་བ་དང་། མཆོག་ཏུ་ངོ་མཚར་སྐྱེས་སོ། །ནམ་མཁའི་ངོས་ན་གནས་པའི་ལྷ་བརྒྱ་སྟོང་རྣམས་ཀྱིས་ཀྱང་ཅ་ཅོའི་སྒྲ་བཏོན་ཏོ། །དེ་མ་ཐག་ཏུ་ཡང་སྐར་མདའ་ལྟུང་བ་དང་། ཕྱོགས་འབར་བ་དང་། བར་སྣང་གི་ལྷ་ཡང་རྔ་རྡུང་
བར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྒྱལ་པོ་འགྱོད་པར་མ་གྱུར་གྲང་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་དེ། བདེ་ལེགས་སུ་གྱུར་ཅིག་ཅེས་སྨྲས་ནས་བཙུན་མོ་རྒྱལ་བའི་འོད་ཁྱེར་ཏེ་རིངས་པ་རིངས་པར་བསྟི་གནས་སུ་སོང་སྟེ། མཁན་པོ་ལ་བྱིན་པ་དང་། བཙུན་མོ་རྒྱལ་བའི་འོད་ཉ་ཆུ་ལས་བཏོན་པ་བཞིན་དུ་སྡུག་པ་དང་བྲལ་བའི་སྡུག་བསྔལ་དྲག་པོས་གདུངས་ཤིང་ཉམ་ཐག་པ་དང་། བྱང་ཆུབ་སེམས་དཔའ་ཉིད་ལ་མངོན་པར་སེམས་ཤིང་འགྲོ་བ་ཐམས་ཅད་མུན་པ་མུན་ནག་ཏུ་གྱུར་པ་བཞིན་དུ་ཤེས་ཤིང་ཀྱི་ཧུད་རྒྱལ་པོ་ཆེན་པོ་ཀྱི་ཧུད་རྒྱལ་པོ་ཆེན་པོ་ཞེས་མཆོག་ཏུ་གདུང་བའི་སེམས་དང་ཟས་བཅད་པ་ལ་ཞུགས་སོ། །ས་གཡོས་པ་དེས་བརྒྱ་བྱིན་གྱི་གནས་གཡོས་པར་གྱུར་ཏོ། །ཆོས་ཉིད་ཀྱིས་ལྷ་རྣམས་ཀྱི་ཤེས་པ་འོག་ཏུ་མཐོང་བ་འཇུག་གི་གོང་དུ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ཤིན་ཏུ་གྲགས་པར་ས་གཡོས་པ། །མཚན་མ་འདི་ནི་སུའི་མཐུ་ཡིན། །གང་གི་མཐུ་ནི་ཅི་འདྲ་བ། །ཤིན་ཏུ་གསལ་བར་འདི་ཤེས་བྱ། །འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་མཆོག་ཏུ་དཀའ་བའི་ལས་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་ངོ་མཚར་སྐྱེས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་རྣམས་རྒྱལ་པོ་དཔལ་གྱི་སྡེའི་ངོ་མཚར་དང་རྨད་དུ་བྱུང་བའི་ལས་ལ་ལྟོས། གང་ཞིག་འདི་ལྟར་སྡུག་པ་དང་། འདི་ལྟར་ཡིད་དུ་འོང་བ་དང་། འདི་ལྟར་ཕངས་པའི་ཆུང་མ་ལ་མི་སེམས་ཏེ་རྩྭ་བཞིན་དུ་ཡོངས་སུ་གཏོང་ངོ་། །གྲོགས་པོ་དག་རྣམ་གྲངས་དེས་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། བདག་ཉིད་ཆེན་པོ་འདི་རང་གི་ཡན་ལག་དང་ཉིང་ལག་རྣམས་ཀྱང་ཕངས་པ་མེད་པར་གཏོང་བ་ཡིན་ནོ། །ལྷ་རྣམས་ཀྱིས་སྨྲས་པ། ཀཽ་ཤི་ཀ་བུ་དང་བུ་མོ་ནི་དེ་བས་ཡོངས་སུ་གཏོང་བར་བྱེད་ཀྱི། འདི་ལྟ་སྟེ། ཡན་ལག་དང་ཉིང་ལག་སྟེར་བ་འདི་ནི་དད་པར་བྱ་བ་མ་ཡིན་ཏེ་ཤིན་ཏུ་དཀའོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ཞོག་ཞོག །སྤུའི་རྩེ་མོའི་
ཆུའི་ཐིགས་པས་རྒྱ་མཚོ་མ་གཞལ་ཅིག །ནམ་མཁའ་འདོམ་གྱིས་མ་གཞལ་ཅིག །ཉི་མ་དང་སྲིན་བུ་མེ་ཁྱེར་འོད་མ་སྙོམ་ཅིག །རིའི་རྒྱལ་པོ་རི་རབ་དང་ཡུངས་འབྲུར་མ་སྙོམ་ཅིག །གཞན་ཡང་ངས་ཁྱེད་ཅག་རྣམས་ཀྱི་མངོན་སུམ་དུ་བྱ་ཡིས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་ཉིད་ཀྱི་ནམ་ནངས་པ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། ཀྱེ་མའོ་གྲོགས་པོ་དག་ཤེས་པར་གྱིས་ཤིག་ཅེས་སྨྲས་ཏེ། ནང་པར་ཉིད་ལངས་ནས་ལྷའི་བུ་བཞི་དང་ཐབས་ཅིག་ཏུ་སུམ་ཅུ་རྩ་གསུམ་གྱི་གནས་ལས་བབས་ཏེ་གྲོང་ཁྱེར་ཨ་རིཥྛ་དང་ཧ་ཅང་མི་རིང་བའི་ནགས་ཀྱི་ཚང་ཚིང་དུ་ཞུགས་ནས་བྲམ་ཟེ་རྒན་པོའི་ཆ་བྱད་དུ་བྱས་ནས་རང་གི་ལུས་ཀྱི་ལྟེ་བ་མན་ཆད་སོག་ལེས་བཅད་པ་བཞིན་དུ་སྟོན་ཅིང་ཀུན་ནས་ཁྲག་འཛག་པ་ཁྲི་བསྐྱོད་ནས་ལྷའི་བུ་བཞི་བྲམ་ཟེའི་ཆ་བྱད་འཛིན་པས་ཕ་དང་བྲལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་ལྟར་ཉམ་ཐག་པའི་ང་རོས་ཆོ་ངེས་འདེབས་ཤིང་བཏེག་པར་མངོན་པར་སྤྲུལ་ཏེ། ངའི་ལུས་འདིའི་ཕྱེད་སྟག་གིས་བཅད་དེ་ཟོས་སོ་ཞེས་འདི་ལྟར་བསྟན་པར་བྱའོ་སྙམ་ནས་ཡིད་ལ་བསམས་པ་བཞིན་དུ། ཉི་མ་ཤར་བའི་དུས་སུ་ནགས་ཚང་ཚིང་དེ་ནས་བྱུང་སྟེ། གྲོང་ཁྱེར་དུ་མངོན་པར་ཕྱོགས་ནས་ཀུན་དུ་ཆས་སོ། །ཁྲག་གི་དྲི་དེ་ལ་ཡང་སྟེང་ནས་ཁྭ་དང་ཆུ་སྐྱར་དང་། བྱ་རྒོད་རྣམས་རྗེས་སུ་འབྲང་ངོ་། །འོག་ནས་ཀྱང་ཁྱི་དང་ཝ་རྣམས་རྗེས་སུ་འབྲང་བཞིན་དུ་རིངས་པ་རིངས་པར་གྲོང་ཁྱེར་གྱི་སྒོར་སོང་ངོ་། །དེ་ཡང་འདི་ལྟར་སྙིང་རྗེའི་གནས་སུ་གྱུར་པ། སྐྱེས་པ་དང་བུད་མེད་རྣམས་ཀྱིས་མཐོང་ནས་སྙིང་རྗེས་གདུངས་པའི་ཡིད་ཀྱིས་གཅིག་ལ་གཅིག་སྨྲ་བ། གྲོགས་དག་བྲམ་ཟེ་འདི་རྐེད་པར་ཆད་ནས་འདིའི་དབང་པོ་ཡང་མ་འཁྲུགས་པ་ཇི་ལྟར་འཚོ་བར་འགྱུར། གཞན་ཞིག་གིས་སྨྲས་པ། འདི་མི་མ་ཡིན་གྱི་ཤ་ཟ་མིའི་ཆ་བྱད་ཀྱིས་བདག་ཅག་བཟའ་བའི་ཕྱིར་འདིར་འོངས་ཀྱི། མི་རྐེད་པར་ཆད་པ་ནི་འཚོ་བ་མེད་དོ། །དེ་སྐད་ཅེས་ཐོས་པ་དང་སྐྱེས་བུ་སྡར་མ་ནི་འཇིགས་པས་བྲོས་པར་བརྩམས་སོ། །སྐྱེས་བུ་དཔའ་བོ་གཞན་ཞིག་འདི་སྙམ་དུ་འདི་ནི་ཤ་ཟ་ཞིག་སྟེ། དེ་ལྟ་ན་ཡང་ཚོར་བས་ཉེན་བཞིན་དུ་འདི་ལྟར་དབང་པོ་རྣམས་བདེ་བར་སྣང་ན་དེ་ཇི་ལྟ་བུ་ཡིན། བདག་
གིས་འདི་ལ་མི་མ་ཡིན་ནམ་ཤ་ཟར་གྱུར་པ་ཡིན་པར་དྲི་བར་བྱས་ན་འདིས་ཚིག་ཐོན་པར་དཀའ་མོད་ཀྱི། གལ་ཏེ་ཚིག་ཐོན་ན་ནི་ངོ་མཚར་དུ་འགྱུར་རོ། །ཇི་ཙམ་ན་གཞན་ཞིག་ལྟད་མོ་སྐྱེས་ནས་སྨྲས་པ། བྲམ་ཟེ་ཁྱོད་ཅི་མི་ཡིན་ནམ། འོན་ཏེ་ཤ་ཟ་ཡིན་ཁྱོད་ཀྱི་ལུས་འདི་རྐེད་པར་སུས་བཅད་ནས་གནས་སྐབས་འདི་ལྟ་བུར་བྱས། ཁྱོད་ནི་ག་ལས་འོངས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་འདི་ལྟར་ཁྲིའི་སྟེང་དུ་འདུག་ཅིང་སྡུག་བསྔལ་དྲག་པོའི་ཚོར་བས་ཉེན་པ་བཞིན་དུ་ཉེ་བར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཤི་བི་པ་ཁྱེད་མ་འཇིགས་ཤིག །བྲམ་ཟེ་ང་ཡིན་སྲིན་པོ་མིན། །སྔོན་གྱི་ལས་ཀྱི་ཉེས་པ་ཡིས། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །འདི་ཉིད་དུ་ནི་ཀུན་བཤད་ན། །དུས་ནི་ཀུན་དུ་འདའ་བར་འགྱུར། །འཆི་བདག་མྱུར་དུ་འོངས་ནས་ནི། །སྲོག་ནི་འཕྲོག་པར་འགྱུར་དུ་འོང་། །ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ནི། །འདི་དག་ཀུན་ཀྱང་བཤད་པར་བྱ། །སྔོན་གྱི་ལས་ཀྱི་མཚན་ཉིད་ནི། །དེ་རིང་ང་ལ་འབྲས་བཅས་གྱུར། །ཡོན་ཏན་ཀུན་གྱིས་རྣམ་མཛེས་ལ། །ཟླ་བ་ལྟ་བུར་ཞི་བ་དང་། །སྦྱིན་དང་ཚུལ་ཁྲིམས་ལ་དགའ་བའི། །གཙོ་བོ་གང་དུ་མཐོང་བར་འགྱུར། །རྒྱ་མཚོ་བཞིན་དུ་ཟབ་གྱུར་ཅིང་། །རི་རབ་ལྟ་བུར་མི་གཡོ་བ། །འཇིག་རྟེན་ཀུན་གྱི་གཙོར་གྱུར་པ། །ཆོས་ཀྱི་རྒྱལ་པོ་གང་ན་བཞུགས། །འཇིགས་ཤིང་སྐྲག་པ་རྣམས་ཀྱི་སྐྱབས། །སློང་བ་རྣམས་ནི་བགྲོད་བྱའི་མཆོག །སྙན་སྨྲ་སྦྱིན་དང་ཚུལ་ཁྲིམས་ལྡན། །བདག་ཉིད་ཆེ་དེ་གང་ན་བཞུགས། །བདག་མདུན་འཆི་བ་ཉེར་འོང་གིས། །ཤི་བི་པ་རྣམས་མྱུར་དུ་སྨྲོས། །ཐུགས་རྗེ་ཅན་དེ་མ་གཏོགས་པར། །གང་ལ་ལུས་ཕྱེད་སུ་ཞིག་སྟེར། །དེ་ལྟར་རྒྱལ་པོའི་ལམ་ནས་སྙིང་རྗེ་བ་དང་། དམན་པ་དང་ཞུམ་པའི་ཚིག་སྨྲ་ཞིང་རིམ་གྱིས་རྒྱལ་པོ་དཔལ་གྱི་སྡེའི་ཕོ་བྲང་སྒོར་སོང་བ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱང་ངོ་མཚར་སྐྱེས་ནས་རྗེས་བཞིན་རྗེས་བཞིན་འབྲངས་སོ། །ཡང་བར་སྐབས་དེར་ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའི་
ཚོགས་རྣམས་ཀྱིས་ད་རྒྱལ་པོ་དཔལ་གྱི་སྡེའི་ཕྱིས་འབྱུང་བའི་རྒུད་པ་ཆེན་པོ་དེ་དང་། ལུས་ཀྱི་ཚོར་བ་དྲག་པོ་དེ་ཤེས་ནས་སྡུག་བསྔལ་དྲག་པོས་གདུངས་ཏེ་ཆོ་ངེས་འདེབས་པ་ལ་ཞུགས་སོ། །ཀྱི་ཧུད་རྒྱལ་པོ་དཔལ་གྱི་སྡེ་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ནི་སྡུག་བསྔལ་ལོ། །དེ་ཐོས་པ་དང་སྐྱེ་བོའི་ཚོགས་རྣམས་སྨྲེ་སྔགས་འདོན་པར་གྱུར་ཏོ། །ཡང་དེའི་ཚེ་འཛམ་བུའི་གླིང་ཐམས་ཅད་འཁྲུགས་ཤིང་ཀུན་དུ་འཁྲུགས་པར་གྱུར་པ་དང་། དུ་བས་མུན་པར་གྱུར་པ་ལ་སྐར་མདའ་ལྟུང་བ་དང་། ཕྱོགས་སྲེག་པ་དང་། བར་སྣང་ལ་ལྷ་རྣམས་རྔ་རྡུང་བར་ཡང་གྱུར་ཏོ། །ཡང་དེའི་ཚེ་རི་ལ་གནས་པའི་དྲང་སྲོང་དེས་བཙུན་མོ་རྒྱལ་བའི་འོད་འདི་ལྟར་ཁྱོ་དང་བྲལ་བའི་གདུང་བས་དབུགས་ཤིན་ཏུ་རིང་པོར་འབྱིན་ཅིང་ཟས་མི་ཟ་ལ། འདུ་ཤེས་མེད་པར་མཐོང་ནས་སྙིང་རྗེས་སེམས་འདར་ནས་བསམས་པ། མ་ལ་ངས་རྒྱལ་པོ་དཔལ་གྱི་སྡེ་ལ་དབུལ་བར་བྱའོ་སྙམ་ནས་བཙུན་མོ་རྒྱལ་བའི་འོད་དབུགས་ཕྱུང་ངོ་། །འཛམ་བུའི་གླིང་ཐམས་ཅད་འཁྲུགས་ཤིང་ཀུན་དུ་འཁྲུགས་པར་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཡང་བྲམ་ཟེའི་ཁྱེའུ་ལ་སྨྲས་པ། བྲམ་ཟེའི་བུ་འདི་ལྟར་འཛམ་བུའི་གླིང་འདི་ཕྱོགས་ཐམས་ཅད་དུ་བས་མུན་པར་གྱུར་ལ་འཁྲུགས་ཤིང་ཀུན་དུ་འཁྲུགས་པར་གྱུར་པ་དང་། ཉི་མ་དང་ཟླ་བ་གཉིས་ཀྱང་ལྷམ་མེ་མ་ཡིན། ལྷང་ངེ་མ་ཡིན། ལྷན་ནེ་མ་ཡིན་པས་ངེས་པར་ན་འཛམ་བུའི་གླིང་འདིར་ཡུན་མི་རིང་བ་ཉིད་དུ་སྐྱེས་བུ་ཆེན་པོ་འགའ་ཞིག་འགག་པར་འགྱུར་རོ། །དེ་ནས་དེའི་ཚེ་དྲང་སྲོང་དེས་ཚིགས་སུ་བཅད་དེ་སྨྲས་པ། མིའམ་ཅི་ཡི་ཚོགས་དང་ནགས་ཀྱི་ལྷ་རྣམས་དང་། །ནམ་མཁར་གནས་པའི་ལྷ་རྣམས་ཀྱང་ནི་སྨོད་པར་བྱེད། །ཟླ་བ་འོད་མེད་ཉི་མས་མུན་པ་སེལ་མི་བྱེད། །དེ་རིང་རོལ་མོ་བརྡུངས་ན་སྒྲ་ནི་གྲག་མ་གྱུར། །ཤིང་ཚོགས་མེ་ཏོག་འབྲས་བུར་ལྡན་པ་འདི་དག་ཀྱང་། །རླུང་གིས་བསྐྱོད་པ་བཞིན་དུ་ས་ལ་ལྷུང་གྱུར་ལ། །ཇི་ལྟར་འཇིགས་ཤིང་རྩུབ་པའི་སྒྲ་ཀུན་གྲག་པས་ན། །གྲོང་ཁྱེར་དག་ཏུ་སྡུག་བསྔལ་མི་བཟད་འབྱུང་བར་གསལ། །
གྲོང་ཁྱེར་ཨ་རིཥྛ་ན་གནས་དགའི་སྐྱེ་བོ་འདི་ཀུན་ཤིན་ཏུ་སྡུག་བསྔལ་ཞིང་། །ཕན་ཚུན་སོ་སོར་མྱ་ངན་ཟུག་རྔུས་ངེས་བཅོམ་སྒྲ་རྣམས་རབ་ཏུ་གྲོལ་བའི་བཞིན། །ལྷ་མོ་ལྟ་བུའི་བཞིན་ལྡན་བུད་མེད་འདི་དག་ཁང་པའི་མཆོག་ན་སྨྲེ་སྔགས་འདོན། །འདི་ན་མི་དག་དྲག་པོས་རབ་ཏུ་ངུ་དང་དེར་ནི་དུར་ཁྲོད་འཇིགས་བཞིན་ནོ། །ནམ་མཁར་གནས་པའི་སྤྲིན་འདི་ཆུ་མེད་པར་སྒྲ་སྒྲོགས། །ས་ལ་གནས་པའི་ཆུ་རྣམས་ཀྱང་ནི་སྐམས་པར་གྱུར། །རྨ་བྱ་རྣམས་ཀྱང་ནགས་ཀྱིས་བཅོམ་བཞིན་སྒྲ་བསྒྲགས་ཏེ། །མི་རྣམས་ཀྱང་ནི་འཁྲུག་བཅས་ཁྱིམ་དུ་རྣམ་པར་རྒྱུ། །ཆུ་ལ་རླུང་གིས་བསྐྱོད་པའི་གྲུ་བཞིན་ས་རྣམས་གཡོས། །ཕྱག་དར་དང་འདྲེས་རླུང་ནི་མཁའ་ལ་རབ་ཏུ་ལྡིང་། །ཨ་རིཥྛ་ན་འཇིགས་སྐྱེད་མཚན་མ་མང་བས་ནི། །བྲམ་ཟེ་ཁྱེའུ་འདི་ལས་ཀྱི་རྗེས་འཐུན་ཡུལ་དུ་དེང་། །བཀྲ་མི་ཤིས་པའི་མཚན་མ་ནི། །ད་ལྟ་འདི་ན་རྣམ་མང་སྟེ། །དེ་བས་བདག་ཅག་ཤིས་པ་ཡི། །ཕྱོགས་སུ་འགྲོ་བ་ཤིན་ཏུ་རིགས། །བྲམ་ཟེའི་ཁྱེའུ་རྣམས་གཞན་ཡང་ཇི་ལྟར་ཤིང་འདི་དག་ཐམས་ཅད་རྒྱལ་པོའི་ཕོ་བྲང་ཨ་རིཥྛ་ག་ལ་བ་དེར་འདུད་པར་གྱུར་ཏེ། དེ་བས་ན་ཀྱེ་མ་བྲམ་ཟེའི་ཁྱེའུ་རྣམས་ངེས་པར་དེ་རིང་ཉིད་རྒྱལ་པོའི་ཕོ་བྲང་ཨ་རིཥྛར་ཉེ་བར་འཚེ་བ་དང་གནོད་པའི་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་གནས་པས་སྐྱེ་བོའི་ཚོགས་ཆེན་པོའི་ཆོ་ངེའི་སྒྲ་ཐོས་པ་དང་། རིངས་པ་རིངས་པར་རིན་པོ་ཆེ་ལས་བྱས་པའི་ཁང་བཟངས་ལས་བབས་ནས་སེང་གེའི་ཁྲི་ཆེན་པོ་ལ་འདུག་སྟེ། ཤིན་ཏུ་རྟབས་བག་གིས་ཤེས་ལྡན་དག་འདི་ཅི་ཡིན་འདི་ཅི་ཡིན་ཞེས་དྲིས་སོ། །བར་སྐབས་དེར་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་བཞི་པོ་དེ་རྣམས་ཀྱིས་འཕྲལ་དུ་རྒྱལ་པོའི་ཁབ་ཏུ་ཁྱེར་ཏེ། མོད་ལ་ཁྲི་སའི་སྟེང་དུ་བཞག་པ་དང་། ཁྲི་ལ་བསྐྱོན་པ་ལུས་ཀྱི་ཕྱེད་བཅད་པ་དེ་ལས་ཁྲག་ཀུན་ནས་འཛག་ཅིང་རབ་ཏུ་འཛག་པ་དང་། ལག་པ་གཡས་པ་བརྐྱང་སྟེ་སྙིང་རྗེ་རྗེ་སྐད་དུ་བྱང་ཆུབ་སེམས་དཔའ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས་མཆི་མས་ཁེངས་པའི་མིག་དང་། རང་གི་ལུས་ཀྱི་ཕྱེད་ཉེ་བར་སྟོན་ཅིང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ།
འཇིག་རྟེན་ན་ཁྱོད་སྙིང་རྗེ་ཅན། །གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ། །ཉིད་ཀྱི་སྐུ་ཡི་ཕྱེད་སྩལ་བས། །གཙོ་བོ་བདག་ནི་བསྐྱབ་ཏུ་གསོལ། །དེ་སྐད་ཅེས་ཐོས་པ་དང་། བློན་པོ་ཆེན་པོའི་མཆོག་བློ་གྲོས་ཆེན་པོས་སྨྲས་པ། ལྷ་འདི་མི་མ་ལགས་ཀྱི་ཤ་ཟའམ་ཤ་ཟས་བྱིན་གྱིས་བརླབས་པར་གྱུར་པ་ཞིག་སྟེ། མི་ནི་རྐེད་པར་བཅད་པ་འཚོ་ཞིང་སྔོན་ཇི་ལྟར་གནས་པ་བཞིན་ཚིག་ཏུ་སྨྲ་བ་ནི་མི་སྲིད་དོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ཤི་བི་པ་ཁྱེད་ཅག་རྣམས་མ་འཇིགས་ཤིག །ང་ནི་ཤ་ཟ་མ་ཡིན་གྱི་གཞན་དུ་ན་ང་ནི་བྲམ་ཟེ་ཡིན་མོད་ཀྱི། དབུལ་བས་བདག་གིས་བུ་དང་ཆུང་མ་བཞག་སྟེ། ནོར་གྱི་བསམ་པས་རྒྱལ་པོ་དཔལ་གྱི་སྡེའི་ཐད་དུ་ཆས་ནས་རིམ་གྱིས་སོང་བ་ན་རྒྱལ་པོའི་ཕོ་བྲང་འདིར་ཉི་མ་ནུབ་པ་ན་ཕྱིན་པ་དང་གྲོང་ཁྱེར་གྱི་སྒོ་རྣམས་བཅད་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་དང་ཧ་ཅང་མི་རིང་བ་ན་བསོད་ནམས་ཁང་ཡོད་པར་བདག་སོང་སྟེ། ནུབ་མོ་གནས་པ་ན་ལམ་གྱིས་དུབ་པས་གཉིད་མཐུག་པོས་ནོན་པ་དང་། སྔོན་གྱི་ལས་ཀྱི་ཉེས་པས་ནུབ་མོ་གཅན་གཟན་སྟག་འོངས་ནས་བདག་གི་ལུས་ཀྱི་ཕྱེད་སོག་ལེ་ལྟ་བུའི་མཆེ་བ་ཤིན་ཏུ་རྣོན་པོས་བཅད་ནས་ཁྱེར་ཏེ་སོང་ངོ་། །དེར་བདག་ཚོར་བ་དྲག་པོས་ཀུན་དུ་བཅོམ་པས་གཉིད་སད་པ་དང་། ཇི་ཙམ་ན་བདག་གི་ལུས་ཀྱི་རོ་སྨད་ཕྱེད་པོ་སྟག་གིས་སོག་ལེས་དྲས་པ་ལྟར་བཅད་པས་བདག་ཚོར་བ་དྲག་པོས་ཀུན་དུ་བཅོམ་ཡང་སྔོན་བྱས་པའི་མི་དགེ་བའི་ལས་རྣམས་ཀྱིས་ཀུན་དུ་བཟུང་བས་ཤི་བར་ནི་མ་གྱུར་གྱི། གཅིག་ཏུ་སྡུག་བསྔལ་བ་དང་། གཅིག་ཏུ་དྲག་པ་དང་། གཅིག་ཏུ་རྩུབ་པ་དང་། གཅིག་ཏུ་ཚ་བ་དང་། གཅིག་ཏུ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་ཞིང་ཉམ་ཐག་པའི་ང་རོས་སྨྲེ་བར་གྱུར་ཏེ། བདག་དེ་ལྟར་ཉམ་ཐག་པའི་སྨྲེ་སྔགས་ཐོས་པ་དང་ནམ་མཁའི་དཀྱིལ་ན་གནས་པའི་ལྷ་གཞན་དག་གིས་བདག་དབུགས་དབྱུང་བའི་ཕྱིར་སྨྲས་པ། མ་འཇིགས་མ་འཇིགས་བྲམ་ཟེའི་མཆོག །ཁྱོད་ནི་ཚེ་ནི་རིང་བར་མཐོང་། །ཨ་རིཥྛར་ནི་མྱུར་སོང་ན། །ཁྱོད་ནི་ལེགས་པ་དག་ཏུ་འགྱུར། །དེ་ན་ཀུན་སྟེར་རྒྱལ་པོ་ནི། །དཔལ་གྱི་སྡེ་ཞེས་རྣམ་གྲགས་པ། །
དེ་ཡི་ལུས་ཀྱི་ཕྱེད་བསླངས་ན། །དེ་ནི་ངེས་པར་ཁྱེད་ལ་སྟེར། །ཞེས་སྨྲས་ནས་ལྷ་མོ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བདག་གིས་ལྷ་མོའི་ཚིག་ཐོས་པ་དང་། འཚོ་བར་རེ་བ་ཀུན་དུ་སྐྱེས་ཏེ། འཚེ་བ་ཡང་ཆུང་བར་གྱུར་ཏོ། །དེ་ན་བདག་གི་ལུས་ཀྱི་ཕྱེད་རོ་སྨད་མེད་པས་ལངས་ཡང་མ་ནུས་ན་འགྲོ་བར་ལྟ་ག་ལ་ནུས་སྙམ་ནས་ཡང་ཡི་མུག་པར་གྱུར་པ་དང་། སྟེས་དབང་གིས་ཉི་མ་ཤར་བའི་ཚེ་གཉེན་འདི་བཞི་འོངས་པར་གྱུར་ཏོ། །འདི་དག་གིས་ཀྱང་བདག་ཉམ་ང་བར་ཞུགས་པ་མཐོང་བ་དང་། འདི་འཆི་བ་ཉིད་དོ་སྙམ་ནས་ངུ་བར་གྱུར་ཏོ། །དེ་ནས་བདག་གིས་དེ་རྣམས་ལ་དབུགས་དབྱུང་བའི་ཕྱིར་ལྷ་མོའི་ཚིག་རྒྱས་པར་སྨྲས་སོ། །དེ་ནས་བདག་འདི་རྣམས་ཀྱིས་ཁྲི་ལ་བསྐྱོན་ཏེ་འདིར་ཁྱེར་ཏེ་འོངས་སོ། །དེ་སྐད་ཅེས་སྨྲས་ནས་ལྷའི་དབང་པོ་བརྒྱ་བྱིན་གདོང་མཆི་མའི་རླབས་ཀྱིས་གང་བ་ལྟ་བུར་བདག་ཉིད་ཉེ་བར་སྟོན་ཅིང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ། བདག་ནི་དབུལ་ཞིང་ན་བ་དང་། །རྒན་པ་དང་ནི་བྲམ་ཟེ་ཉིད། །རང་གི་སྐུ་ཕྱེད་སྩལ་བ་ཡིས། །རྙེད་དཀའི་སྲོག་ནི་སྩལ་དུ་གསོལ། །བདག་གི་སྲོག་ནི་སྒྲུབ་བྱེད་པའི། །སྦྱིན་པ་ཐུགས་རྗེས་སྩལ་དུ་གསོལ། །དོན་གྱི་མཆོག་ཕྱིར་སྦྱིན་པ་ནི། །སྐུ་ཕྱེད་སྦྱིན་པར་སྩལ་དུ་གསོལ། །ཉིད་ཀྱི་སྐུ་ཡི་ཕྱེད་སྩལ་བས། །བསོད་ནམས་རྒྱ་མཚོ་ལྟར་རྒྱ་ཆེ། །དེ་བཞིན་མཁའ་ལྟར་མཐའ་མེད་པའི། །བསོད་ནམས་ཁྱོད་ཀྱིས་ཐོབ་པར་འགྱུར། །བདག་གི་ཚོར་བ་དྲག་པོ་དང་། །བཀྲེས་སྐོམ་མི་བཟད་ལ་གཟིགས་ནས། །མཆོག་ཏུ་ཐུགས་རྗེ་མཛད་ནས་ནི། །སྐུ་ཡི་ཕྱེད་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་དཔའ་དགེ་ཁྱོད་ཆོས་ལ་གནས། །གལ་ཏེ་ཐམས་ཅད་མཁྱེན་ཉིད་མཉམ་བཞེད་ན། །བདག་ལ་སྐུ་ཕྱེད་འདིར་སྩོལ་དེ་རིང་ནི། །ཤིན་ཏུ་རྙེད་དཀའི་སྲོག་ནི་ཐོབ་པར་མཛོད། །རྒྱལ་པོ་ཆེན་པོའི་སྐུ་ཡི་ཕྱེད། །ཤིན་ཏུ་གཏང་དཀའ་བདག་སྩོལ་ལ། །ཆོས་དང་དེ་བཞིན་གྲགས་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པར་མཛོད། །དེ་ནས་ཚིག་འདི་ཐོས་པ་དང་བྱང་ཆུབ་སེམས་དཔའ་སྔོན་གོམས་པའི་དགེ་བའི་རྩ་བའི་བག་ཆགས་བློ་ལ་བསྒོས་པས་སྙིང་
རྗེས་སེམས་འདར་ཞིང་སློང་བ་དེ་དབུགས་དབྱུང་བའི་ཕྱིར་སྨྲས་པ། བྲམ་ཟེ་ཆེན་པོ་མ་འཇིགས་ཤིག །ད་རིང་པོ་མི་ཐོགས་པར་ལུས་འདི་རྫོགས་པར་འགྱུར་བ་དང་། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་གྱིས། གཡོ་མེད་པའི་སེམས་ཀྱིས་ཁྱོད་ལ་ལུས་ཀྱི་ཕྱེད་སྦྱིན་པར་བྱའོ་ཞེས་སྨྲས་ནས་བྱང་ཆུབ་སེམས་དཔའ་ཡིད་རབ་ཏུ་དགའ་བ་དང་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་རང་གི་ལུས་སློང་བ། །ཡུན་མི་རིང་བར་བལྟ་བར་བྱ། །ང་ཡི་ཡན་ལག་གཏང་བ་ནི། །དཀའ་བར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཡབ་ཀྱི་བུ་གཅིག་ང་ཡིན་ཡང་། །དེ་ལྟ་ན་ཡང་ང་ཡི་ལུས་འདི་ཁྱེར། །ལུས་ནི་བྱིན་པས་བྱང་ཆུབ་རྙེད་གྱུར་ཅིང་། །འགྲོ་འདི་ཤིན་ཏུ་སྡུག་བསྔལ་ལས་གྲོལ་ཤོག །དེ་ནས་བྱང་ཆུབ་སེམས་དཔས་བརྒྱ་བྱིན་བྲམ་ཟེའི་ཆ་བྱད་འཛིན་པ་རྣམ་པ་འདི་ལྟ་བུའི་ཚིག་སྨྲ་བ་ཐོས་པ་དང་། ཡིད་རབ་ཏུ་མགུ་ཞིང་དགའ་བས་མིག་གདངས་བཞིན་དུ་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ལུས་འདིའི་ཕྱེད་ལེགས་པར་བྱིན་གྱིས་བར་ཆད་མེད་པར་ལེགས་པར་ལོང་ཤིག་ཅེས་སྨྲས་ནས་འཁོར་དེ་དག་ཐམས་ཅད་ལ་བལྟས་ཏེ་སྐྱེས་བུ་གཞན་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་རིངས་པར་སོང་ལ་སོག་ལེ་ཤིན་ཏུ་རྣོ་བ་ཁྱེར་ལ་ཤོག་ཤིག །དེ་ནས་སྐྱེས་བུ་དེ་བརྒྱ་བྱིན་གྱིས་ཀུན་ཏུ་རྨོངས་པར་བྱས་པས་ཤིན་ཏུ་རིངས་པ་རིངས་པར་སོག་ལེ་ཉེ་བར་ཁྱེར་ཏེ་འོངས་ནས་སྨྲས་པ། ལྷ་སོག་ལེ་འཚལ་ཏེ་མཆིས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རིངས་པ་རིངས་པར་བློན་པོ་ལ་སྨྲས་པ། ཁྱེད་ཅག་རྣམས་ཀྱིས་ཇི་སྲིད་དུ་བྲམ་ཟེ་འདི་འཆི་བདག་གིས་འཇིག་རྟེན་ཕ་རོལ་དུ་མ་ཁྱེར་བ་དེ་སྲིད་དུ་ངའི་རོ་སྨད་སོག་ལེས་མྱུར་དུ་ཆོད་ཅིག་དང་། ངས་བྲམ་ཟེ་འདི་ལ་སྦྱིན་པ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་མི་བཟད་པའི་ཚིག་སྨྲས་པ་ཐོས་པས་རྡོ་རྗེ་ལྷུང་བས་ཀུན་དུ་སྐྲག་པ་བཞིན་དུ་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཤིན་ཏུ་ཡི་མུག་པར་གྱུར་ཏེ། སྡུག་བསྔལ་ལོ། །སྡུག་བསྔལ་ལོ་ཞེས་གསང་མཐོན་པོས་ངུ་བར་གྱུར་ཏོ། །དེ་ནས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོ་ཟུག་རྔུས་གནད་དུ་བསྣུན་པ་བཞིན་དུ་སྡུག་བསྔལ་དྲག་པོས་ཉམ་ཐག་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྐུ་ལ་ཆགས་པ་མེད་པར་ཡོངས་སུ་གཏོང་ངོ་སྙམ་བསམས་ནས་གདོང་
ལ་མཆི་མ་ཆར་ལྟར་བབ་པ་དང་། རྐང་པ་གཉིས་ལ་བཏུད་དེ་བྱང་ཆུབ་སེམས་དཔའ་བཟློག་པའི་ཕྱིར་སྨྲས་པ། ལྷ་འདི་མི་སྲིད་དེ། འདི་ལྟ་སྟེ་ལུས་སོག་ལེས་བཅད་ནས་བཅད་པའི་ལུས་ནི་ངེས་པར་འཆི་བར་འགྱུར་ཏེ། འཆི་ན་ལས་སུ་མི་རུང་བའི་རོར་གྱུར་ལ། ལས་སུ་མི་རུང་བས་ནི་བྲམ་ཟེ་ལ་ཡང་བྱས་པ་དོན་མ་མཆིས་པར་འགྱུར་རོ། །གང་གཞན་གྱི་ཡན་ལག་བཅད་པ་གཞན་གྱི་ཡན་ལག་ལ་འབྱོར་བར་འགྱུར་བ་འདི་ཡང་གནས་མ་མཆིས་སོ། །དེ་ལྟ་ན་ནི་ལྷའི་ངལ་བ་ཡང་དོན་མ་མཆིས་པར་འགྱུར་རོ། །དེ་བས་ན་བཟོད་པར་མཛོད་ལ་བདག་ཉིད་དོན་མ་མཆིས་པར་གསོད་པར་མི་མཛད་ཅིང་ཉིད་ཀྱི་སྲོག་ཡོངས་སུ་མི་གཏོང་བར་གསོལ། དེ་ནས་བྱང་ཆུབ་སེམས་དཔས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོ་དབུགས་དབྱུང་བའི་ཕྱིར་སྨྲས་པ། བློ་གྲོས་ཆེན་པོ་ཞོག་ཞོག །ངས་ནམ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་འཁོར་བར་རྒྱུ་བའི་སེམས་ཅན་བསྒྲལ་བར་བྱའོ་ཞེས་ཡིད་ལ་རེ་བ་འདི་ལ་ངའི་བྱང་ཆུབ་ཀྱི་བར་ཆད་མ་བྱེད་ཅིག །བུ་དག་གཞན་ཡང་ཤིན་ཏུ་ཡུན་རིང་པོར་སྡུག་པ་དང་ཡང་དག་པར་འདུས་པར་གྱུར་པ་ཡང་ངེས་པར་འབྲལ་བའི་མཐའ་ཅན་དུ་འགྱུར་བ་འདི་ནི་འཇིག་རྟེན་གྱི་རང་བཞིན་ཡིན་ནོ་ཞེས་སྨྲས་ནས་བྱང་ཆུབ་སེམས་དཔས་སོག་ལེ་ལ་བལྟས་ཏེ། སོག་ལེ་འདིས་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱོགས་གཅིག་ཏུ་འགྱུར་རོ་ཞེས་རྗེས་སུ་སེམས་ཤིང་ཡང་བློན་པོ་ལ་སྨྲས་པ། ཇི་སྲིད་དུ་བྲམ་ཟེ་འདི་སྲོག་དང་བྲལ་བར་མ་གྱུར་གྱི་བར་དུ་ཁྱོད་ཀྱིས་ངའི་ལུས་ཀྱི་ཕྱེད་རོ་སྨད་མྱུར་དུ་ཆོད་ཅིག །བྲམ་ཟེ་འདི་ཤི་ན་ངའི་བསམ་པ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟར་བློན་པོ་ཆེན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་དེ་ལྟ་བུའི་རང་གི་ལུས་ཡོངས་སུ་གཏོང་བའི་བསམ་པ་ཤེས་ནས་དེ་མཆི་མ་ཆར་བཞིན་དུ་བབ་པའི་གདོང་དང་། བྱང་ཆུབ་སེམས་དཔའི་རྐང་པ་ནས་བཟུང་སྟེ། གདོང་གི་མཆུས་འོ་བྱས་ནས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་གྱུར་ཏེ། ཀྱི་ཧུད་ཇི་ལྟར་ན་འཛམ་བུའི་གླིང་ཡོངས་སུ་སྐྱོང་བ་མཛད་པ། སྙིང་རྗེ་ཆེ་བ། ཡོན་ཏན་དུ་མ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པའི་ལྷ་ལ་དེ་རིང་ཉིད་དུ་མི་
རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པར་གྱུར། ཀྱེ་མའོ་མི་རྟག་པ་ཉིད་ཀྱི་སྟོབས་དང་ལྡན་པའོ། །གང་འཇིག་རྟེན་དུ་ལྷ་ཡང་མཐོང་བའི་སྐྱེས་བུ་དེ་རྣམས་ནི་སྐལ་བ་ཅན་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའི་གདོང་ལ་ཤིན་ཏུ་ཡུན་རིང་དུ་མིག་མི་འཛུམས་པར་བལྟས་ནས་ལྷའི་མི་རྟག་པ་ཉིད་ལ་བལྟ་མི་ནུས་སོ་ཞེས་བསམས་ནས་སྐད་ཅིག་དེ་ཉིད་ལ་མིག་བཙུམས་ནས་བརྒྱལ་ནས་སའི་སྟེང་དུ་འགྱེལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེས་བུ་ཤིང་མཁན་གཞན་གཉིས་ཤིག་ལ་སྨྲས་པ། བཞིན་བཟངས་དག་འདིར་ངའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་གྲོགས་བྱ་བའི་ཕྱིར་ཁྱེད་ཅག་གཉིས་ཀྱིས་སོག་ལེ་ཐོགས་ཏེ། ངའི་ལུས་ཀྱི་ཕྱེད་རོ་སྨད་མྱུར་དུ་ཆོད་ཅིག །བྲམ་ཟེའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །ངའི་བྱང་ཆུབ་རྙེད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཤིང་མཁན་དེ་གཉིས་ཡུལ་རྨུས་པ་ལྟ་བུའི་མཆི་མའི་གདོང་ཅན་གྱིས་བྱང་ཆུབ་སེམས་དཔའི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ལྷ་འདི་སྐད་གསུང་བ་ནི་རིགས་པ་མ་ལགས་ཏེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་འགའ་ཞིག་ལྷའི་ཐུགས་སུ་མི་བྱོན་པ་བགྱིད་ན་དེ་ལ་ཡང་བདག་ཅག་གིས་བཟློག་པར་བགྱི་བ་ལགས་ན། ལྷ་ཉིད་ཀྱི་སྐུ་ལ་མཚོན་གྱིས་འདེབས་པར་ཇི་ལྟར་རྔོ་ཐོགས། ལྷ་གཞན་ཡང་གལ་ཏེ་བདག་ཅག་གཉིས་ཀྱིས་ཐུགས་རྗེ་ཆེ་བ། བྱམས་པའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། འཛམ་བུའི་གླིང་ཡོངས་སུ་སྐྱོང་བར་མཛད་པ་ཁྱེད་ཀྱི་སྐུ་ལ་སོག་ལེས་གཅོད་པར་བགྱིད་ན་ངེས་པར་འཕྲལ་དུ་རང་གི་ལས་ཀྱིས་དམྱལ་བར་ལྟུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། བུ་དག་ངའི་བྱང་ཆུབ་སེམས་དཔའི་བཟོད་པའི་བདུད་རྩི་ཐ་མའི་བར་ཆད་ཁྱེད་ཅག་མ་བྱེད་ཅིག །དེ་བས་ན་ཚུར་ཤོག །ཇི་སྲིད་དུ་བྲམ་ཟེ་འདི་གསོན་པ་དེ་སྲིད་དུ་ངའི་བྱང་ཆུབ་ལ་གྲོགས་བྱ་བའི་ཕྱིར་མྱུར་དུ་ངའི་ལུས་ཀྱི་ཕྱེད་རོ་སྨད་ཆོད་ཅིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྐྱེས་བུ་ཤིང་མཁན་གཉིས་ཇི་ལྟར་དེ་ལ་ཀུན་དུ་འཇུག་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །ཡང་བར་སྐབས་དེར་སྲོག་ཆགས་བརྒྱ་སྟོང་དུ་མ་འདུས་པ་རྣམས་དང་། ནམ་མཁའི་ངོས་ན་ལྷ་བརྒྱ་སྟོང་དུ་མ་རྣམས་བྱང་ཆུབ་སེམས་དཔའ་
དེའི་ཤིན་ཏུ་དཀའ་བ་དང་། བ་སྤུ་ལྡང་བའི་ལས་དེ་བལྟ་བར་འདོད་ནས་འདུས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བསི་རང་གི་ལུས་ཡོངས་སུ་གཏོང་བར་འདོད་ནས་སློང་བ་དེ་ལ་བྱམས་པས་ཁྱབ་པར་བྱས་ཏེ་འཕྲལ་དུ་སེང་གེའི་ཁྲི་ལས་བབས་སོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་དཔལ་གྱི་སྡེ་སེང་གེའི་ཁྲི་ལས་བབས་པའི་རྗེས་ཐོགས་ཉིད་ལ་འཛམ་བུའི་གླིང་ཐམས་ཅད་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་དེ་དག་ཐམས་ཅད་རྒྱལ་པོའི་ཕོ་བྲང་ཨ་རིཥྛ་ག་ལ་བ་དེར་འདུད་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཨ་རིཥྛའི་ཕྱོགས་བཞིར་སྐར་མདའ་ལྟུང་བ་དང་། གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་དང་བྲལ་བའི་ཉམ་ཐག་པས་སྒྲ་བསྒྲགས་པ། བྲམ་ཟེ་སྡིག་པ་ཅན་འདིས་རྒྱལ་པོ་དཔལ་གྱི་སྡེ་གསོད་པར་འགྱུར་གྱིས་མྱུར་དུ་གྲོང་ཁྱེར་འདི་ནས་ཕྱིར་ཕྱུང་ཤིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟར་སྒྲ་སུས་ཀྱང་མ་ཐོས་པ་དེ་ལྟར་བྱིན་གྱིས་བརླབས་ཤིང་སྐྱེ་བོའི་ཚོགས་དེ་རྨོངས་པར་བྱས་སོ། །བར་སྣང་དང་ས་ལ་རྒྱུ་བའི་གནོད་སྦྱིན་རྣམས་བྱང་ཆུབ་སེམས་དཔའ་རང་གི་ལུས་ལ་ལྟོས་པ་མེད་པར་ཤེས་ནས་སྡུག་བསྔལ་དྲག་པོ་རྣམས་ཀྱིས་གདུངས་ནས་ཉམ་ཐག་པའི་ང་རོས་ཆོ་ངེས་འདེབས་པར་བརྩམས་ཏེ། ཀྱི་ཧུད་རྒྱལ་པོ་དཔལ་གྱི་སྡེ་འཛམ་བུའི་གླིང་ཡོངས་སུ་སྐྱོང་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ། ཐམས་ཅད་ནས་ཐམས་ཅད་དུ་ལུས་གཏོང་བར་གྱུར་ཏོ། །དེ་ནས་ཡང་ཕོ་བྲང་གི་ནང་ན་གནས་པའི་ལྷ་ཞིག་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་རང་གི་ལུས་ཡོངས་སུ་གཏོང་བར་ཤེས་ནས་ཆོ་ངེས་འདེབས་པར་རྩོམ་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཇི་ལྟར་ད་ལྟར་འདི་ལྟ་བུའི་སློངས་མོ་པ་འོངས་ནས་རྒྱལ་པོ་དཔལ་གྱི་སྡེ་ཡོན་ཏན་དུ་མ་དང་ལྡན་པ་ཐམས་ཅད་ནས་ཐམས་ཅད་དུ་མི་འཚོ་བར་གྱུར། དེ་ནས་བྱང་ཆུབ་སེམས་དཔས་ཕྱོགས་བཞིར་བལྟས་ཏེ་ཡང་དག་པའི་སྨོན་ལམ་འདེབས་པ་ལ་ཞུགས་པ་གང་གྲོང་ཁྱེར་འདི་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མིའམ་ཅི་རྣམས་བདག་ལ་གསོན་ཅིག །བདག་འདིར་གཏོང་བར་བྱེད་དེ།
གཏོང་བ་ཤིན་ཏུ་གཏོང་བ་རང་གི་ལུས་ཡོངས་སུ་གཏོང་བར་བྱེད་ཀྱིས་བདག་གི་ལུས་ཡོངས་སུ་གཏོང་བ་དེ་ཡང་རྒྱལ་པོའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕྱིར་མ་ཡིན་གྱི། གཞན་དུ་ན་བདག་གིས་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བ་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་བདེན་པ་དང་བདེན་པའི་ཚིག་འདིས་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཅིག །བདག་མངོན་པར་བྱང་ཆུབ་ནས་ཀྱང་མཚན་མ་ཅུང་ཟད་ཅིག་འབྱུང་བར་གྱུར་ཅིག་ཅེས་སྨྲས་ཏེ་བྲམ་ཟེ་དེ་ལ་སྨྲས་པ། དེས་པ་ཁྱོད་ཀྱི་ཀུན་དུ་རྟོག་པ་འབྱོར་པར་གྱུར་ཅིག །ཁྱོད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །ངའི་ཡང་བླ་ན་མེད་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཉེ་དུའི་སྐྱེ་བོ་རྣམས་དང་། གྲོང་ཁྱེར་པའི་སྐྱེ་བོ་རྣམས་ལ་བཟོད་པར་བྱས་ཤིང་དམན་པ་དང་། ནད་པ་རྣམས་དབུགས་ཕྱུང་ནས་སྐྱེས་བུ་ཤིང་མཁན་དེ་གཉིས་ལ་སྨྲས་པ། བཞིན་བཟངས་དག་ཚུར་ཤོག །ཇི་སྲིད་དུ་བྲམ་ཟེ་འདི་དུས་མ་བྱས་ཀྱི་བར་དུ་སོག་ལེ་ཟུང་ལ་ངའི་ལུས་ལྟེ་བ་ཡན་ཅད་ཆོད་ཅིག །འགྲོ་བ་སྡུག་བསྔལ་གྱིས་ཟིན་པ་འདི་དག་ཐམས་ཅད་ཀྱང་ངས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་བྱམས་པས་ཁྱབ་པར་བྱས་ནས་སྐྱེས་བུ་གཅིག་གིས་རྒྱབ་ནས་བརྟེན་ཏེ། འཕྲལ་དུ་རྐང་པ་གཉིས་ས་ལ་བརྐྱང་ནས་གན་རྐྱལ་དུ་ཕབ་བོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་ཕབ་མ་ཐག་ཡང་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཙུན་མོ་བུད་མེད་རྣམས་ཀྱིས་དེ་ལྟ་བུའི་གཏམ་ཐོས་ནས་མྱ་ངན་དྲག་པོས་གདུངས་ཏེ། ཀྱི་ཧུད་འདི་ནི་སྡུག་བསྔལ་ལོ་ཞེས་གདོང་ལས་མཆི་མ་ཆར་བཞིན་དུ་འབབ་ཅིང་སྐྲ་རྣམས་བཀྲོལ་ཏེ་བྲང་རྡུང་ཞིང་རྟབས་བག་ཏུ་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྷ་མོ་ལྟ་བུ་སྡུག་པ་དང་
བྲལ་ནས་རྟབས་བག་ཏུ་བྱང་ཆུབ་སེམས་དཔའི་རྐང་པ་ལ་གཏུགས་ནས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་རྩོམ་པ་ན། ཀྱི་ཧུད་འཛམ་བུའི་གླིང་ཡོངས་སུ་སྐྱོང་བར་མཛད་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྙིང་རྗེ་ཆེ་བ། ཡོན་ཏན་དུ་མ་དང་ལྡན་པའི་ལྷ་ལ་དེང་ཉིད་དུ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་འདི་སྡུག་བསྔལ་ལོ། །དེང་འདིར་བདག་ཅག་ལྷ་དང་ལྷན་ཅིག་པ་ལས་ཐ་དད་པར་གྱུར་ཏེ། སོ་སོ་བ་དང་། བྱེ་བ་དང་བྲལ་བར་གྱུར་ཏོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། ལྷ་བཟོད་པར་མཛོད་ཅིག །ཉིད་ཀྱི་སྲོག་མེད་པར་མཛད་པས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་མགོན་མེད་པར་མི་མཛད་དུ་གསོལ། ལྷ་བཙུན་མོའི་འཁོར་རྣམས་དང་། མཛོད་དང་བང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱས་ཤིང་ཡོངས་སུ་གང་བ་ལ་གཟིགས་སུ་གསོལ། འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་རྟག་ཏུ་རབ་ཏུ་དགའ་བ་རྣམ་པ་སྣ་ཚོགས་པ་ལ་ཡང་གཟིགས་སུ་གསོལ། ལྷ་རྣམས་ཀྱི་དགའ་བའི་ཚལ་གྱི་སྐྱེད་མོས་ཚལ་ལྟ་བུའི་གྲོང་ཁྱེར་ཨ་རིཥྛ་བཟང་བ་མང་པོ་ཕུན་སུམ་ཚོགས་པར་སྐྱེ་བོ་རབ་ཏུ་དགའ་བ་རྣམས་བསྟེན་པ་ལ་ཡང་གཟིགས་སུ་གསོལ། །མགོན་པོ་ཁྱོད་ཀྱིས་རྣམ་ཀུན་དུ། །སྲས་ལྟར་ཡོངས་སུ་བསྐྱངས་པ་རྣམས། །ཁྱོད་བྲལ་མེ་ཡིས་ངེས་གདུངས་ནས། །ལུས་ཅན་ཇི་ལྟར་གནས་པར་འགྱུར། །ཁྱོད་དང་བྲལ་ན་བདག་ཅག་ཀུན། །ཤིན་ཏུ་འཆི་བདག་དབང་དུ་འགྱུར། །མགོན་པོ་ཁྱོད་དང་རྣམ་བྲལ་ན། །བདག་ཅག་འཚོ་བར་མི་ནུས་སོ། །བཙུན་མོ་མྱ་ངན་གྱིས་གདུངས་དང་། །སེམས་ཅན་གཅིག་ཏུ་སྡུག་བསྔལ་ན། །ཐུགས་རྗེ་ལྡན་པའི་ཐུགས་རྗེ་ཡིས། །མི་དབང་དེ་ནི་གཟིགས་སུ་གསོལ། །སེམས་ཅན་རྣམས་ལ་མཉེས་གཤིན་ལྷ། །བཟོད་མཛོད་སྲོག་ནི་མི་གཏོང་གསོལ། །མགོན་པོ་དཔའ་བོ་ཁྱོད་གཤེགས་ན། །སུ་ཞིག་འཇིག་རྟེན་སྐྱོང་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་དེ་རྣམས་ཀྱི་སྙིང་རྗེ་རྗེ་སྐད་དུ་དེ་ལྟར་སྨྲེ་སྔགས་འདོན་པ་ཐོས་པ་དང་། སྙིང་རྗེས་གདུངས་པའི་ཡིད་ཀྱིས་དེ་རྣམས་དབུགས་དབྱུང་བའི་ཕྱིར་སྨྲས་པ། ཁྱེད་ཅག་རྣམས་ཀྱི་མྱ་
ངན་གྱིས་ཆོག་གིས། ཤིན་ཏུ་ཡུན་རིང་པོར་སྡུག་པ་དང་ཕྲད་པར་གྱུར་པ་ཡང་ངེས་པར་ཐ་མར་འབྲལ་བའི་མཐའ་ཉིད་དུ་འགྱུར་བ་འདི་ནི་འཇིག་རྟེན་གྱི་རང་བཞིན་ཡིན་ཏེ། ཁྱེད་ཅག་རྣམས་ཀྱིས་རྟག་ཏུ་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག་ཅེས་སྨྲས་ནས་ཤིང་མཁན་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་དག་རིངས་པར་ཤོག་ལ་ལུས་ཡུན་རིང་པོ་མི་ཐོགས་པར་ཆོད་ཅིག་ཅེས་སྨྲས་པ་ཙམ་གྱིས་དེ་གཉིས་ཀྱང་བརྒྱ་བྱིན་གྱིས་ཀུན་དུ་རྨོངས་པར་བྱས་པས་བྱང་ཆུབ་སེམས་དཔའི་ལུས་ལྟེ་བ་མན་ཆད་ལ་འཕྲལ་དུ་སོག་ལེས་བཏབ་སྟེ། རིང་པོར་མ་ཐོགས་པར་ཆོད་པར་གྱུར་ཏོ། །དེ་ནས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་ཤིན་ཏུ་དཀའ་ཞིང་བཟོད་པར་དཀའ་བའི་སྡུག་བསྔལ་མི་བཟད་པ་དྲན་པའི་མྱ་ངན་དྲག་པོས་ཀུན་དུ་སྐྲག་པའི་ཡིད་ཀྱིས་རྟབས་བག་ཏུ་ཤིང་མཁན་གཉིས་བཟློག་ཅིང་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད་ཀྱི་ཧུད་ཁྱེད་ཅག་གཉིས་ཀྱི་རྩོལ་བ་འདི་ཅི་ཞིག །འདི་ལྟར་ཁྱེད་ཅག་གཉིས་ཀྱིས་བྱམས་པའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། ཡོན་ཏན་དུ་མ་དང་ལྡན་པ། འཛམ་བུའི་གླིང་ཡོངས་སུ་སྐྱོང་བ། སྐྱོན་མེད་པ། གནོད་པ་མི་བྱེད་པ་འདི་ཇི་ལྟར་གསོད། མི་གཏི་མུག་ཅན་ཁྱེད་ཅག་འདི་ལྟ་བུའི་ཆོས་ཀྱི་རྒྱལ་པོ་ཇི་ལྟར་གསོད་པར་སྤྲོ། ཁྱེད་ཅག་གཉིས་ས་ཆེན་པོའི་ལྷ་མོ་འདིས་ཇི་ལྟར་འཇོག །ཁྱེད་ཅག་གཉིས་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་རྣམས་ཇི་སྟེ་མ་བསྣུན། ཁྱེད་ཅག་གཉིས་འདི་ལྟ་བུའི་འཕགས་པ་མ་ཡིན་པའི་ལས་བྱེད་ན་ལུས་རྣམ་པ་སྟོང་དུ་ཇི་ལྟར་མ་ལྷགས། ཁྱེད་ཅག་གཉིས་རང་གི་ལུས་ཀྱིས་འཕྲལ་དུ་དམྱལ་བར་ཇི་ལྟར་མ་ལྷུང་། མི་གཏི་མུག་ཅན་ཁྱེད་ཅག་གཉིས་བདག་ཉིད་ཆེན་པོ་འདིས་བུ་བཞིན་མ་བསྐྱངས་སམ་ཞེས་འདི་དང་གཞན་ཡང་རྣམ་པ་མང་པོ་སྨྲས་ནས་ཀྱི་ཧུད་ལྷ་ཞེས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོ་རིངས་པར་སྟན་
ལས་ལངས་ཏེ། ལག་པ་གཉིས་ཀྱིས་སོག་ལེ་བཟུང་ནས་བྱང་ཆུབ་སེམས་དཔའི་ལུས་ལ་མཆི་མ་འཛག་པས་བརླན་པར་བྱས་ཏེ་ཟློག་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ཞུམ་པའི་ཡིད་དེ་ལ་དབུགས་དབྱུང་བའི་ཕྱིར་སྨྲས་པ། བུ་ཞོག་ཞོག་མྱ་ངན་མ་བྱེད་ཅིག །སྡུག་པ་དང་ཕངས་པ་དང་ཡིད་དུ་འོང་བ་དང་མངོན་པར་དགའ་བ་ཐམས་ཅད་ངེས་པར་ཐ་དད་པར་གྱུར་ཏེ། སོ་སོ་བ་དང་བྱེ་བ་དང་འབྲལ་བར་འགྱུར་རོ། །གཞན་ཡང་བུ། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །དེའི་ཕྱིར་ཁྱོད་ལུས་སློང་བ་ལ་བར་ཆད་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་སྔོན་བྱུང་བ་ན་ངའི་ལུས་སློང་བ་ན་ལྷ་མོ་རྣམས་ཀྱིས་བར་ཆད་བྱས་ཏེ། དེ་རྣམས་ཀྱིས་ངའི་བར་ཆད་བྱས་པས་ངའི་བླ་ན་མེད་པའི་བྱང་ཆུབ་ལ་བར་ཆད་བྱས་ལ་བདག་ཉིད་ཀྱང་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་སོ། །གལ་ཏེ་ངའི་ལུས་སློང་བ་ལ་ལྷ་མོ་རྣམས་ཀྱིས་བར་ཆད་མ་བྱས་པར་གྱུར་ན་ནི་ཡུན་རིང་པོ་མི་ཐོགས་པར་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །བུ་གཞན་ཡང་ས་ཕྱོགས་འདི་ཉིད་དུ་སྟག་མོ་ཞིག་བཀྲེས་པའི་སྡུག་བསྔལ་གྱི་ཚོར་བ་མང་པོས་ལུས་གདུངས་པས་བུ་ཟ་འདོད་པ་མཐོང་བ་དང་། མཆོག་ཏུ་སྙིང་རྗེའི་དབང་དུ་སོང་བའི་ཡིད་ཀྱིས་ཡོངས་སུ་བསྐྱབ་པའི་ཕྱིར་དེ་མ་ཐག་བདག་ཉིད་ཡོངས་སུ་བཏང་བས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི་བཅུར་ཞུགས་པ་ཕྱིར་ལུས་པར་བྱས་སོ། །གཞན་ཡང་བློ་གྲོས་ཆེན་པོ་ང་ཤི་བི་པའི་རྒྱལ་པོར་གྱུར་པ་ན་ཡང་བྲམ་ཟེ་རྒན་པོ་ཞིག་སློང་བ་མཐོང་སྟེ། སྙིང་རྗེས་བསྐྱོད་པའི་ཡིད་ཀྱིས་སློང་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རང་ཉིད་ཀྱི་ཨུད་པ་ལ་སྔོན་པོའི་ལོ་མ་ལྟ་བུ་དྲི་མ་མེད་པ། ཤིན་ཏུ་མཛེས་པ། སེམས་ཅན་སྐྱེ་བོའི་མིག་དང་ཡིད་འཕྲོག་པ་མ་ཉམས་པའི་མིག་གཉིས་འཕྲལ་དུ་ཁྲག་དང་བཅས་པར་ཕྱུང་ནས་བྱིན་ནོ། །གཞན་ཡང་བློ་གྲོས་ཆེན་པོ་ཡང་ང་རྒྱལ་པོ་ཟླ་འོད་དུ་གྱུར་པ་ན་ཡང་བྲམ་ཟེ་དྲག་པོའི་
མིག་མགོ་སློང་བ་ལ་མཆོག་ཏུ་སྙིང་རྗེས་བསྒོས་པའི་ཡིད་ཀྱིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུབ་པ་དང་། རིག་པ་འཛིན་པའི་ཚོགས་རྣམས་དང་། ལྷ་བརྒྱ་སྟོང་དུ་མ་རྣམས་ཀྱིས་བཀག་ཀྱང་ངས་འགྲོ་བ་འདི་དག་མགོན་མེད་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་འཁོར་བའི་འབྲོག་དགོན་པ་ལས་ཐར་བར་བྱ་སྙམ་ནས་བྱམས་པས་ཁྱབ་པར་བྱས་ཏེ། རང་གི་ནོར་བུ་དང་གསེར་དང་དངུལ་དང་བཻ་དཱུརྱ་དང་རྡོ་རྗེ་དང་ཨིན་དྲ་ནཱི་ལ་དང་། མར་གད་ཀྱིས་ཀུན་དུ་བརྒྱན་པ། ཨུད་པ་ལ་སྔོན་པོའི་ལོ་མ་ལྟ་བུའི་རལ་གྲིས་རང་གི་མགོ་རྩྭ་བཞིན་དུ་བཅད་ཅིང་བཅད་ཅིང་བྱིན་ནོ། །གཞན་ཡང་བློ་གྲོས་ཆེན་པོ་ཡང་ང་ཤི་བི་པའི་རྒྱལ་པོར་གྱུར་པ་ན་ཕུག་རོན་སྐྱབས་མེད་པ་ཞིག་ཁྲས་འཇིགས་ཤིང་སྐྲག་ལ་སྡུག་བསྔལ་ཞིང་བཞིན་རྨོགས་པ། སྐྱབས་མེད་པ་སྐྱབས་སུ་འོངས་པ་མཐོང་སྟེ། མཆོག་ཏུ་སྙིང་རྗེས་འདར་བའི་ཡིད་ཀྱིས་བྱ་ཕུག་རོན་ཁྲ་ལས་ཡོངས་སུ་བསྲུང་ཞིང་བླུ་བའི་ཕྱིར་རང་གི་ཤ་བཅད་ཅིང་བཅད་ཅིང་བྱིན་ནོ། །གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འདོད་པར་བྱ་བའི་ཕྱིར་ས་ཕྱོགས་འདི་ཉིད་དུ་རྐང་པ་དང་ལག་པ་དང་བུ་དང་ཆུང་མ་སྟོང་ཕྲག་ཡོངས་སུ་བཏང་བ་བྱས་ན་ཡང་སུས་ཀྱང་བར་ཆད་མ་བྱས་སོ། །དེའི་ཕྱིར་འདི་ལྟར་རིག་པར་བྱ་སྟེ། ངའི་ལུས་སློང་བ་ལ་ཁྱོད་བར་ཆད་མ་བྱེད་ཅིག །དེ་ནས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་སྐྱེས་ནས་བྱང་ཆུབ་སེམས་དཔའ་ལ་དད་པ་ཆེན་པོ་སྐྱེས་ཏེ། དེ་ནས་ཅང་མི་སྨྲ་བར་གྱུར་ཅིང་མཆི་མའི་དབའ་རླབས་ཀྱིས་ཡང་དང་ཡང་དུ་གདོང་ཁེབས་བཞིན་དུ་བསམས་པ། ཀྱི་ཧུད་འཇིག་རྟེན་པ་འདི་དག་ནི་སྐལ་བ་ངན་པ་སྟེ། མྱུར་བ་ཉིད་དུ་ཆོས་ཀྱི་རྒྱལ་པོ་འདིས་བོར་བར་འགྱུར་རོ། །ཀྱི་ཧུད་ཆོས་ཀྱི་རྒྱལ་མཚན་འགྱེལ་བར་འགྱུར་རོ། །ཆོས་ཀྱི་སྒྲོན་མ་ཤི་བར་འགྱུར་རོ། །ཆོས་ཀྱི་སྒྲོན་མ་མི་སྣང་བར་འགྱུར་རོ། །ཆོས་ཀྱི་རྔ་ཆག་པར་འགྱུར་རོ། །ཆོས་ཀྱི་རྒྱ་མཚོ་སྐམས་པར་
འགྱུར་རོ། །ཆོས་ཀྱི་རི་བོ་རྙིལ་བར་འགྱུར་རོ། །ཆོས་ཀྱི་གྲོང་ཁྱེར་ཆོམས་པར་འགྱུར་རོ། །ཆོས་ཀྱི་གྲུ་ཞིག་པར་འགྱུར་རོ། །ཆོས་ཀྱི་ཤིང་ཕྱུང་བ་ནི་ཀྱི་ཧུད་སྡུག་བསྔལ་ལོ། །འདི་ནི་འཇིག་རྟེན་ཀུན་གྱི་ཕ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །དུས་ཀྱི་འཁོར་ལོས་བཅོམ་ནས་ནི། །རྒྱལ་པོ་ཆེན་པོ་མེད་པར་འགྱུར། །གང་ཕྱིར་མི་བཟད་དུས་འདིར་ནི། །རྣམ་པ་སྟོང་དུ་མ་གས་པ། །སྙིང་གི་བདག་ཉིད་ཆེན་པོ་ནི། །རྡོ་རྗེ་ཆེན་པོ་བཞིན་གྱུར་ཏམ། །ཤིས་པའི་དུས་ནི་ཀུན་དུ་འདས། །མི་བཟད་དུས་ནི་ཉེ་བར་གནས། །ཤེས་རབ་ལྡན་མི་མང་པོ་དང་། །འཇིག་རྟེན་དག་ཀྱང་བརླག་པར་འགྱུར། །ཇི་ལྟ་ཇི་ལྟར་མཐོང་གྱུར་པའི། །ས་ཡི་མཚན་མ་དུ་མ་ཡིས། །ངེས་པར་ཡུན་ནི་མི་རིང་བར། །རྒྱལ་པོ་སེང་གེ་མེད་པར་འགྱུར། །དྲི་མེད་མི་ཡི་ཉི་མ་འདི། །ཤིན་ཏུ་རྙེད་དཀའ་དེ་ནུབ་འགྱུར། །ཡུན་མི་རིང་བར་འཇིག་རྟེན་འདིར། །མི་སྣང་བ་ནི་འབྱུང་བར་འགྱུར། །སེམས་ཅན་ཀུན་ལ་ཕན་པ་ཡི། །རྒྱལ་པོ་ཆེན་པོ་འདི་མེད་དེ། །ཕྱི་ནས་འཇིག་རྟེན་མི་སྣང་ན། །སུ་ཞིག་འཇིག་རྟེན་སྐྱོང་བར་འགྱུར། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟ་ཇི་ལྟར་རྨོངས་པར་བྱས་པ་དེ་ལྟར་མྱ་ངན་ཆུང་བར་གྱུར་ནས་སོག་ལེས་བཏབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་མཁན་དེ་གཉིས་ལ་བཞིན་བཟངས་དགེ་ཁྱེད་ཅག་གཉིས་ཀྱིས་སོག་ལེ་མྱུར་དུ་དྲོངས་ལ་ངའི་ལུས་ཀྱི་ཕྱེད་རོ་སྨད་ཆོད་ཅིག །བྲམ་ཟེ་འདི་ཤི་བར་གྱུར་ན་ངའི་ངལ་བ་འབྲས་བུ་མེད་པར་མི་འགྱུར་གྲང་། དེ་ནས་ཤིང་མཁན་དེ་གཉིས་བརྒྱ་བྱིན་གྱི་མཐུས་ཀུན་དུ་རྨོངས་པས་ཉམ་ཐག་པའི་ང་རོས་ཆོ་ངེས་འདེབས་ཤིང་སྐྱེ་བོའི་ཚོགས་ཆེན་པོས་བཀག་བཞིན་དུ་བྱང་ཆུབ་སེམས་དཔའ་རང་གི་ལུས་ལ་སོག་ལེས་འདྲ་བར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཡིད་ལ་སྨོན་ཅིང་དགའ་བའི་ཡིད་ཀྱིས་སློང་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ་ཞེས་བསམས་ནས་ཅང་མི་སྨྲ་བར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལྟེ་བར་སོག་ལེས་བཅད་པ་ལས་ཁྲག་གི་ཚོགས་ཆེན་པོ་འབབ་པར་གྱུར་ཏོ། །དེ་ནས་བློན་པོ་བློ་གྲོས་ཆེན་པོ་འདི་ལྟར་སོག་ལེས་
བཅད་པ་ཚོར་བ་དྲག་པོས་ཉེན་པའི་ཁྲག་འབབ་པ་མཐོང་བ་དང་། ལྷ་བཀྲོངས་པ་ནི་སྡུག་བསྔལ་ལོ་ཞེས་བསམས་ནས་རེ་ཐག་ཆད་པར་གྱུར་ཏེ། འཕྲལ་དུ་བརྒྱལ་ནས་སའི་སྟེང་དུ་འགྱེལ་བར་གྱུར་ཏོ། །ནམ་མཁའི་དཀྱིལ་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་རྣམས་ཀྱང་མྱ་ངན་དྲག་པོས་གདུངས་ཏེ་ངུ་བར་བརྩམས་ཏེ། དེ་རྣམས་ཀྱིས་ངུ་བའི་མཆི་མ་བླགས་སོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོས་འདི་ཅི་ཞིག་ཡིན་སྙམ་ནས་སྟེང་དུ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་ལྷ་བརྒྱ་སྟོང་དུ་མ་རྣམས་ངུ་བར་མཐོང་ངོ་། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་ཤས་ཆེར་མྱ་ངན་དྲག་པོས་གདུངས་ཏེ་བྱང་ཆུབ་སེམས་དཔའ་གནས་སྐབས་འདི་ལྟ་བུར་ཤིན་ཏུ་སྡུག་བསྔལ་བར་མཐོང་ནས། ཀྱི་ཧུད་ལྷ་བཀྲོངས་པ་ནི་སྡུག་བསྔལ་ལོ་ཞེས་བསམས་ནས་ཀུན་དུ་རྨོངས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་སྲོག་ཆགས་བརྒྱ་སྟོང་དུ་མ་འདི་རྣམས་བྱང་ཆུབ་སེམས་དཔའི་མྱ་ངན་གྱིས་གདུངས་པས་ཤིན་ཏུ་སྙིང་རྗེ་ཞིང་ཞུམ་པ་མཐོང་བ་དང་མྱུར་བར་སྙིང་རྗེའི་ཡིད་ཀྱིས་བསམས་པ་བདག་ཉིད་ཆེ་བ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྙིང་རྗེ་ཅན་ཐམས་ཅད་སྟེར་བ་འདིའི་ལུས་ལ་འདི་ལྟར་ཚོར་བ་དྲག་པོའི་ལས་ཀུན་དུ་སྦྱོར་བ་ནི་བཟང་པོ་མ་ཡིན་ནོ། །གཞན་དུ་ན་ད་ནི་ཇི་ལྟར་སྲོག་མི་འཇིག་པར་གྱུར་པ་དེ་ལྟར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་མཁན་དེ་གཉིས་ཀྱིས་སོག་ལེས་དྲུད་ཅིང་སོག་ལེ་རྣོན་པོས་ལུས་བཅད་པའི་ཚོར་བ་དྲག་པོས་གདུངས་པ་དང་། བརྟན་པའི་སྟོབས་དང་ལྡན་པས་སློང་བ་ལ་བྱམས་པའི་སེམས་སྐྱེས་ནས་བསམས་པ། ངས་འཁོར་བའི་སྐྱོན་གྱི་རང་བཞིན་ཤེས་ནས་བརྩོན་འགྲུས་སྲ་ཞིང་བརྟན་པ་དང་ལྡན་པས་ལུས་ཕྱོགས་གཅིག་བཅད་པ་འདི་ལས་འདི་ལྟ་བུའི་སྡུག་བསྔལ་སྐྱེ་ན། སེམས་ཅན་སྔ་མ་རྣམས་ཕལ་ཆེར་དམྱལ་བར་སྐྱེས་ནས་ཤིན་ཏུ་སྡུག་བསྔལ་བའི་ཚོར་བ་རྣམས་ཀྱིས་གདུངས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བ་
བྱམས་པའི་སེམས་རྣམ་པར་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་འདི་ལྟ་བུའི་སྡུག་བསྔལ་ལས་ཐར་བར་བྱའོ་ཞེས་སེང་གེའི་སྒྲ་བསྒྲགས་ཏེ། སྡུག་བསྔལ་དྲག་པོས་གདུངས་པའི་རང་གི་སེམས་སྤྲོ་བར་བྱ་བའི་ཕྱིར་སྨྲས་པ། འཇིག་རྟེན་སྡུག་བསྔལ་ལྟོས་ལ་ཡིད་ཁྱོད་སྐྱོན་སྤངས་ཏེ། །ཤིན་ཏུ་བརྟན་པ་རྒྱ་ཆེ་བསྐྱེད་པ་ཉིད་དུ་གྱིས། །འགྲོ་བ་སྐྱེ་རྒ་ན་འཆི་སྡུག་བསྔལ་གྱིས་གདུངས་པའི། །འདི་ནི་སྐྱབས་གྱུར་ཡིད་ཀྱིས་བཟོད་ཉིད་བརྟན་པར་གྱིས། །གཞན་ཡང་ཀྱེ་སེམས་ཅན། གང་ཕྱིར་འགྲོ་ཀུན་འཁོར་བ་ཡི། །རྒྱ་མཚོ་ལས་རྒལ་རྒྱུ་ཡིན་གྱིས། །དེ་བས་ཁྱོད་ནི་གནོད་པ་རྣམས། །མི་བཟོད་པ་ནི་རིགས་མ་ཡིན། །དེ་ལྟར་རང་གི་སེམས་ཡང་དག་པར་བཞག་ནས་སེམས་ཅན་ཐམས་ཅད་རྗེས་སུ་འགྲོ་བའི་སྙིང་རྗེ་ཉེ་བར་བཞག་སྟེ་བསམས་པ། ཀྱེ་མའོ་འཁོར་བ་ན་གནས་པའི་སེམས་ཅན་གྱི་སྡུག་བསྔལ་ནི་ཀྱེ་མ་མི་བཟད་པ་ཡིན་ལ། འཁོར་བའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་མནགས་པར་སྤྲོ་བར་བྱས་ཀྱིས་སེམས་ཅན་འགའ་ཡང་སྡུག་བསྔལ་བའི་སྐལ་བ་ཅན་དུ་མ་གྱུར་ཅིག །དགེ་སློང་དག་སེམས་བསྐྱེད་མ་ཐག་བྱང་ཆུབ་སེམས་དཔའི་ལུས་བཅད་པའི་ཚོར་བ་འཕྲལ་དུ་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ཅིའི་ཕྱིར་ངའི་ལུས་བཅད་པའི་ཚོར་བ་འགགས་པར་གྱུར། སོག་ལེ་འགའ་ཞིག་གིས་བཏོན་པར་མ་གྱུར་གྲང་སྙམ་ནས་སོག་ལེ་དེ་ལ་བལྟས་སོ། །བལྟས་ནས་ཀྱང་མཆོག་ཏུ་ཡིད་མི་བདེ་བར་གྱུར་ནས་འདར་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས་སྨྲས་པ། ཉམ་ཆུང་ནད་པ་ཇི་བཞིན་དུ། །རྒྱལ་པོ་ཅི་ཕྱིར་འདར་བར་བྱེད། །བདག་གི་ལུས་ཕྱེད་བཅད་ན་ཡང་། །སེམས་ནི་མི་འདར་བ་ལ་ལྟོས། །ཁྱོད་ནི་ཐམས་ཅད་སྟེར་བ་ཞེས། །ས་སྟེང་ཀུན་དུ་གྲགས་པ་ལ། །འགྱོད་པར་བྱེད་པ་མི་རིགས་ཏེ། །ཁྱོད་ཚིག་བརྫུན་དུ་མ་གྱུར་ཏམ། །དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། བྲམ་ཟེ་དོན་དེའི་ཕྱིར་ལུས་འདར་བ་མ་ཡིན་ལ། འགྱོད་པར་གྱུར་
པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འོན་ཀྱང་སོག་ལེ་འདིས་ངའི་ལུས་ཀྱི་ཕྱེད་སྨད་ཚབས་ཆེར་ཞུགས་ཀྱང་མ་ཆོད་པ་དང་། དེ་ལ་ང་འདི་སྙམ་དུ་སེམས་ཏེ། ངའི་སྦྱིན་པ་མ་རྫོགས་པར་མི་འགྱུར་གྲང་། ང་ལ་སློང་བའི་ཡིད་ལ་རེ་བ་ཡང་ཡོངས་སུ་རྫོགས་པར་མི་འགྱུར་གྲང་ཞེས་དོན་དེ་རྗེས་སུ་སེམས་ཤིང་ལུས་འདར་ཏེ་སོག་ལེས་དྲག་ཏུ་གཅོད་པར་མི་འདོད་པ་མ་ཡིན་ནོ། །དེ་ལ་དེ་སྐད་ཅེས་སྨྲས་པ་དང་ལྷའི་དབང་པོ་བརྒྱ་བྱིན་མཆོག་ཏུ་ངོ་མཚར་སྐྱེས་ནས་ཅང་མི་སྨྲ་བར་གནས་སོ། །བར་སྐབས་དེར་མི་དེ་གཉིས་བརྒྱ་བྱིན་གྱིས་ཀུན་དུ་རྨོངས་པར་བྱས་པས་དེ་གཉིས་ཀྱིས་སོག་ལེ་རྣོན་པོས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་རོ་སྨད་བཅད་མ་ཐག་ཏུ་སའི་སྟེང་དུ་བཞག་པ་དང་འགུལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རང་གི་ལུས་བཅད་པའི་སྡུག་བསྔལ་མི་སེམས་པར་རིངས་བག་ཉིད་དུ་སྐྱེས་བུ་དེ་གཉིས་ལ་འདི་སྐད་སྨྲས་སོ། །བཞིན་བཟངས་དག་ཁྱོད་ཅག་གཉིས་ཀྱིས་མྱུར་དུ་ངའི་ལུས་འདི་རིངས་པ་རིངས་པར་བྲམ་ཟེའི་ལུས་ལ་སྦྱོར་ཅིག །དེ་གཉིས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །སྦྱར་བ་ཙམ་གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟར་སྐད་ཅིག་མ་དེ་ཉིད་ལ་རྨ་ཀུན་དུ་འབྱོར་ཅིང་མཉམ་པར་གནས་པ་དང་། མདོག་འདྲ་བར་སྣང་བ་དེ་ལྟར་བྱིན་གྱིས་བརླབས་ཏེ། སྐད་ཅིག་མ་དེ་ལ་སྟོན་ཅིང་ཡང་བྱང་ཆུབ་སེམས་དཔའ་དགའ་བར་བྱ་བའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་ཁྲི་ལས་ལངས་ཏེ་འཆག་པ་དང་ལངས་པ་དང་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟར་སློང་བ་པོའི་ལུས་ཡོངས་སུ་རྫོགས་ཤིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཐོང་བ་དང་མཆོག་ཏུ་དགའ་བས་ཀུན་དུ་རྒྱས་པའི་ཡིད་ཀྱིས་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཅིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏོ་སྙམ་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་བསམས་པ། ཇི་ལྟར་ངས་བྲམ་ཟེ་འདི་ལ་རང་གི་ལུས་བྱིན་ཏེ། སྡུག་པའི་སྲོག་གིས་བསྐྱབས་ཤིང་འཆི་བའི་འཇིགས་པ་ལས་ཡོངས་སུ་བསྐྱབས་པའི་དགེ་བའི་རྩ་བ་འདིས་འདི་ལྟར་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྲམ་ཟེ་འདི་འཁོར་བའི་སྡུག་བསྔལ་ལས་བསླངས་ཏེ། ཤིན་ཏུ་
མཐར་ཐུག་པའི་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པར་གྱུར་ཅིག་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་ཚོར་བ་དྲག་པོས་གདུངས་པ་དང་། ཡིད་ཀྱིས་བྱང་ཆུབ་ཏུ་སྨོན་པ་བྱས་ནས་མིག་བཙུམས་ཏེ་བརྒྱལ་བས་གནས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་མ་ཐག་ཏུ་རིངས་པ་རིངས་པར་བྱང་ཆུབ་སེམས་དཔའི་ལུས་ལ་འཕྲལ་དུ་སྟོབས་བསྐྱེད་པ་ཡང་འཚོ་བའི་སྨན་གྱིས་ཡང་དག་པར་གསོས་སོ། །དགེ་སློང་དག་དེ་ནས་རྒྱལ་པོ་དཔལ་གྱི་སྡེའི་ལུས་ཀྱི་ཕྱེད་བཅད་པའི་རྗེས་ཐོགས་ཉིད་ལ་ཡང་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་རྣམ་པ་གསུམ་དུ་གཡོས་ཏེ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་ཡོངས་སུ་གཏོང་བ་ཉིད་དང་། རྨད་དུ་བྱུང་བའི་ཡོངས་སུ་གཏོང་བ་ཉིད་ས་ཆེན་པོ་འདིས་མ་ཐེག་པས་སྒྲ་ཤིན་ཏུ་སྒྲོགས་ཏེ། འདི་ལྟ་སྟེ་ཁར་བའི་སྣོད་ཆེན་པོ་ཀུན་དུ་བརྡུངས་ནས་སྒྲ་འབྱིན་པ་བཞིན་དུ་དེའི་ཚེ་དེའི་དུས་ན་ས་ཆེན་པོ་འདི་ཉིད་ཤིན་ཏུ་སྒྲ་སྒྲོགས་པར་གྱུར་ཏོ། །རི་དང་རི་སུལ་དང་ཆུ་བོ་དང་རྒྱ་མཚོའི་ཚོགས་རྣམས་ལས་ཀྱང་འཇིགས་པའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །ཕྱོགས་བཞི་ནས་ཀྱང་འཇིགས་སུ་རུང་བའི་དུ་བའི་སྤྲིན་ཆེན་པོ་བྱུང་བར་གྱུར་ཏོ། །ཀུན་ནས་སྐར་མདའ་ལྟུང་བ་དང་། ཕྱོགས་སྲེག་པ་དང་། བར་སྣང་ལ་ཡང་ལྷའི་བུ་རྣམས་རྔ་རྡུང་བར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་མུན་པ་མུན་ནག་ཏུ་གྱུར་ཏོ། །ནམ་མཁའི་དཀྱིལ་ན་འགྲོ་བའི་ལྷ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་མྱ་ངན་གྱིས་གདུངས་པས་ཅ་ཅོའི་སྒྲ་བཏོན་ཏོ། །བར་སྣང་ལས་ཀྱང་ལྷ་རྣམས་བྱང་ཆུབ་སེམས་དཔའི་སྟེང་ནས་ལྷའི་ཨུད་པ་ལ་རྣམས་འཐོར་ཞིང་པད་མ་དང་། པུན་ད་རཱི་ཀ་དང་། ཨ་ཀ་རུའི་ཕྱེ་མ་དང་། ཏ་ག་རུའི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ལྷ་རྣམས་ཀྱི་མེ་ཏོག་མན་དཱ་ར་བ་རྣམས་ཀྱང་འཐོར་རོ། །གོས་རྣམས་ཀྱང་འཐོར་བར་བྱེད་དོ། །ལྷའི་རོལ་མོ་ཡང་རབ་ཏུ་རྡུང་ངོ་། །འཛམ་བུའི་གླིང་གི་མི་ཐམས་ཅད་དེར་ཡུད་ཙམ་ཞིག་མཆོག་ཏུ་རྨོངས་པར་གྱུར་ཏེ། །
གྲོང་ཁྱེར་ན་གནས་པའི་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་བཅད་པ་མཐོང་བ་དང་། སྡུག་བསྔལ་དྲག་པོས་གདུངས་ཏེ། ཀྱི་ཧུད་ལྷ་བསད་པ་ནི་སྡུག་བསྔལ་ལོ་ཞེས་སྒྲ་གཅིག་ཏུ་བསྒྲགས་སོ། །དེ་ནས་ལ་ལ་ནི་ས་ལ་འགྲེ་ལྡོག་གོ །ལ་ལ་ནི་དཔུང་པ་བརྐྱང་ནས་ཆོ་ངེས་འདེབས་སོ། །ལ་ལ་ནི་མཆི་མའི་རླབས་ཀྱིས་སྐད་འཛེར་བར་ཚིག་འདོན་མི་ནུས་ཏེ། སྐད་ཆེན་པོ་དང་བྲང་རྡུང་ངོ་། །ལ་ལ་ནི་མི་རྟག་པ་ཉིད་ཀྱི་སྟོབས་དང་ལྡན་ཞེས་སེམས་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་ལྡན་པས་ཅང་མི་སྨྲ་བར་འདུག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རི་རབ་ལྟར་ཤིན་ཏུ་མི་གཡོ་བར་ཤེས་ཤིང་བྱང་ཆུབ་སེམས་དཔའི་རྨད་དུ་བྱུང་བ་ཡོངས་སུ་གཏོང་ལ། དེ་ཡང་བ་སྤུ་ལྡང་བ་ནི་ཤིན་ཏུ་དགའ་ཞིང་ཕུལ་དུ་དབྱུང་བ་མཐོང་བ་དང་། ངོ་མཚར་གྱིས་མིག་གདངས་ཏེ་ལྷའི་བུ་དེ་བཞི་དང་ལྷན་ཅིག་ཏུ་བྲམ་ཟེའི་ཆ་བྱད་མི་སྣང་བར་བྱས་ནས་རང་གི་གཟུགས་ཀྱིས་གནས་ཏེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ལགས་ཀྱི་བྲམ་ཟེ་མ་ལགས་སོ། །རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཀྱེ་མའོ་ཁྱོད་ཀྱི་བརྩོན་འགྲུས། ཀྱེ་མའོ་མ་བཅོས་པར་བརྟན་པ། ཀྱེ་མའོ་རང་གི་ལུས་ལ་མ་ཆགས་པར་ཡོངས་སུ་གཏོང་བ། ཀྱེ་མའོ་སེམས་ཅན་རྣམས་ལ་སྙིང་བརྩེ་བ། ཀྱེ་མའོ་སྦྱིན་པ་ལ་དགའ་བ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་གང་དུ་སྡུག་བསྔལ་དྲག་པོས་བཅོམ་ཡང་སྙིང་རྗེས་རང་གི་ལུས་སྦྱིན་པ་ལ་སེམས་མི་ལྡོག་པ་དེ་ནི་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་དྲི་ཡིས་ཁྱོད་ཤིན་ཏུ་དཀའ་བའི་བརྩོན་པ་འདི་ལྟ་བུས་ཅི་ཞིག་དོན་དུ་གཉེར། བྱང་ཆུབ་སེམས་དཔས་སྨྲས་པ། ཀཽ་ཤི་ཀ་ངའི་ལུས་ཀྱི་སྦྱིན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བར་བྱའོ། །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་རང་གི་ལུས་ཡོངས་སུ་ཟད་པའམ། གཏོང་བའམ། ཡོངས་སུ་བཏང་བས་ཁྱོད་ཀྱི་
སེམས་རྣམ་པ་གཞན་དུ་གྱུར་པའམ། འགྱོད་པར་མ་གྱུར་གྲང་། བྱང་ཆུབ་སེམས་དཔས་སྨྲས་པ། ཀཽ་ཤི་ཀ་ང་ལ་ནི་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། ཇི་ལྟར་ཤེས་པར་བྱ། བྱང་ཆུབ་སེམས་དཔས་སྨྲས་པ། ཀཽ་ཤི་ཀ་དེའི་ཕྱིར་ངའི་ལུས་ཀྱི་ཕྱེད་བཅད་པ་འདི་གནས་ཇི་ལྟ་བ་བཞིན་དུ་ཞོག་ཤིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་བཅད་པ་དེ་གནས་ཇི་ལྟ་བ་བཞིན་དུ་བཞག་གོ །དེ་ནས་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་ནས་བདེན་པ་གསོལ་བར་བྱེད་ཅིང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་བྱང་ཆུབ་འདོད་གྱུར་ནས། །སྙིང་རྗེས་ལུས་ནི་བཏང་བས་ན། །སེར་སྣ་མེད་ཅིང་ཞུམ་མེད་དེ། །དེང་ནི་འགྱོད་པར་གྱུར་པ་མེད། །འགྱོད་པའི་སེམས་ཀྱང་མེད་གྱུར་ན། །བདེན་ཚིག་འདི་དང་ལེགས་བྱས་པས། །བརྒྱ་བྱིན་དེང་ནི་ང་ཡི་ལུས། །འདི་ནི་སྔོན་གྱི་ཇི་བཞིན་དུ། །དབང་པོ་མ་ལུས་རྫོགས་གྱུར་ཅིག །དགེ་སློང་དག་ཚིགས་སུ་བཅད་པ་དེ་སྨྲས་པའི་རྗེས་ཐོགས་ཉིད་ལ་བྱང་ཆུབ་སེམས་དཔའི་ལུས་འཕྲལ་དུ་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །ནམ་མཁའི་དཀྱིལ་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ངོ་མཚར་དེ་མཐོང་བ་དང་། ངོ་མཚར་ཀྱིས་མིག་གདངས་ཏེ། ཅ་ཅོ་དང་ག་ཞའི་སྒྲ་སྒྲོགས་སོ། །སྐྱེ་བོའི་ཚོགས་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་ངོ་མཚར་དང་རྨད་དུ་བྱུང་བ་དང་། ལྷ་དང་མི་རྣམས་ཡིད་སྡུག་པར་བྱེད་པའི་ཆོ་འཕྲུལ་དང་། བྱང་ཆུབ་སེམས་དཔའི་ལུས་ཡོངས་སུ་རྫོགས་པ་མཐོང་བ་དང་སྲོག་སྟོར་བ་ལས་སླར་རྙེད་པ་བཞིན་དུ་མཆོག་ཏུ་ངོ་མཚར་སྐྱེས་སོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། ཀྱེ་མ་ཁྱེད་ནི་སླར་འཚོ་བའི། །ངོ་མཚར་དག་ནི་བལྟ་བར་གྱིས། །ས་དང་ནགས་སུ་བཅས་པ་ཡི། །འཇིག་རྟེན་འདི་ནི་སྐལ་བར་ལྡན། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་པར་མཐོང་བ་དང་ངོ་མཚར་གྱིས་གདུངས་པའི་མིག་དང་། སྤྲོ་བ་བསྐྱེད་པའི་ཕྱིར་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་བློ་ཤིན་
ཏུ་དེས་པ་དང་། ཁྱོད་ཀྱི་སྨོན་ལམ་མི་འགྱུར་བ་དང་། ཁྱོད་ཀྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་རྗེས་སུ་ཞུགས་པ་ནི་ལེགས་སོ་ལེགས་སོ། །གང་ཡང་ཁྱོད་ནི་ཡིད་ཀུན་དུ་སྐྲག་པར་བྱེད་པ་རྣམས་ལ་མི་འཇིགས་པས་ཁྱོད་ཀྱི་འབད་པ་འདི་ཉིད་ཀྱིས་ཡུན་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལྷའི་དབང་པོ་བརྒྱ་ བྱིན་གྱིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་ཁྱོད་ཀྱི་བརྩོན་རབ་དྲག །བརྟན་པ་ཉིད་ཀྱང་བླ་ན་མེད། །ཀྱེ་མའོ་སེམས་ཅན་ལ་སྙིང་བརྩེ། །ཀྱེ་མའོ་བྱང་ཆུབ་ཡིད་ལ་བརྟན། །ཀྱེ་མའོ་མི་རིང་འཇིག་རྟེན་འདི། །མགོན་པོ་ཁྱོད་ཀྱིས་སྐྱོང་གྱུར་ཏེ། །སྡུག་བསྔལ་རྒྱ་མཚོ་དྲག་འཇིགས་ལས། །ཡང་དག་མྱ་ངན་འདའ་བར་མཛད། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་མཆི་མ་ཆར་བཞིན་དུ་འབབ་ཅིང་སྐད་འཛེར་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཟོད་པ་གསོལ་བར་བརྩམས་ཏེ། རྒྱལ་པོ་ཆེན་པོ་གང་བདག་གིས་ཉམས་བསྐྱེད་པའི་བསམ་པས་ཚོར་བ་དྲག་པོ་ལས་ཀུན་དུ་སྦྱོར་བར་མཛོད་ཅིག །གཞན་ཡང་གང་གི་ཚེ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ན་ཡང་བདག་ལ་དགོངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ཀཽ་ཤི་ཀ་བཟོད་ཀྱིས་དེ་བཞིན་དུ་བྱས་ཏེ་ངས་ཀྱང་དྲན་པར་བྱའོ། །བར་སྐབས་དེར་བྱང་ཆུབ་སེམས་དཔའི་མཐུས་དེ་མ་ཐག་ཏུ་ནམ་མཁའ་ལས་ལྷའི་རིན་པོ་ཆེའི་ཆར་རྣམ་པ་སྣ་ཚོགས་པ་ཡིད་དུ་འོང་བ་འཛམ་བུའི་གླིང་ཐམས་ཅད་དུ་བབ་པར་གྱུར་ཅིང་འཛམ་བུའི་གླིང་ཐམས་ཅད་དུ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་པ། ལྷའི་སྣང་བ་བས་ཀྱང་གསལ་བར་གྱུར་ཏོ། །དེ་ནས་རི་ལ་གནས་པའི་དྲང་སྲོང་དེ་ངོ་མཚར་འདི་ལྟ་བུ་རྨད་དུ་བྱུང་བ་མཐོང་བ་དང་། ངོ་མཚར་གྱིས་བསྡུས་པའི་ཡིད་ཀྱིས་བསམས་པ། སྔོན་མ་བྱུང་བའི་ངོ་མཚར་བྱུང་བ་འདི་ཅི་ཞིག་ཡིན། འདི་ལྟ་བུའི་མཐུ་སུའི་ཡིན་སྙམ་མོ། །དེ་ནས་དྲང་སྲོང་དེ་ལ་བསྟི་གནས་ན་གནས་པའི་ལྷ་གཞན་གྱིས་གཏམ་འདི་རྒྱས་པར་སྨྲས་སོ། །དེ་ནས་དྲང་སྲོང་དེ་བྱང་ཆུབ་སེམས་དཔའི་ཤིན་ཏུ་དཀའ་ཞིང་བ་
སྤུ་ལྡང་བའི་སྐད་ཐོས་པ་དང་ཡང་དག་པར་དགའ་བས་བ་སྤུ་ལྡང་ཞིང་སེམས་ཅན་ཆེན་པོ་བཀུར་བར་འོས་ཞེས་བསམས་ནས་འཁོར་ལྔ་བརྒྱ་དང་བཙུན་མོ་རྒྱལ་བའི་འོད་ཁྲིད་དེ་རིངས་པ་རིངས་པར་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་ནས། རྒྱལ་བ་དང་ཚེ་འཕེལ་བར་བྱས་ཏེ། བརྒྱ་བྱིན་དང་ལྷན་ཅིག་སྨྲས་པ། ལྷ་ཡི་བུ་མོ་བཟང་འདྲ་བའི། །བུ་མོ་སྡུག་པ་འདི་རྣམས་ལ། །མགོན་པོ་ཁྱོད་ཀྱིས་བསྐྱང་བ་དང་། །དགེ་མ་འདི་དང་དགྱེས་པར་མཛོད། །ཁྱིམ་ཐབ་མི་འཕྱོ་བཙུན་མོ་སྡུག །འདི་ནི་ཁྱེད་ལ་དབུལ་ལགས་ཀྱིས། །ཁྱེད་ཀྱིས་ཡང་ནི་སློང་བ་ལ། །ནམ་དུ་ཡང་ནི་མ་སྩལ་ཅིག །དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་དེ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་སྙིང་རྗེས་ཅི་ཡང་མི་སྨྲ་བར་ཁས་བླངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་སྣ་ཚོགས་པ་ལ་སྨྲས་པ། ལས་སྣ་ཚོགས་པ་ལྷའི་སེང་གེའི་ཁྲི་མྱུར་དུ་ཤོམས་ཤིག །ང་ཉིད་ཀྱིས་རྒྱལ་པོ་དཔལ་གྱི་སྡེ་དབང་བསྐུར་བར་བྱའོ། །ཀཽ་ཤི་ཀ་ལེགས་ཀྱིས་དེ་ལྟར་བགྱིའོ། །ལྷའི་བུ་ལས་སྣ་ཚོགས་པས་ལྷའི་དབང་པོ་བརྒྱ་བྱིན་ལས་མཉན་ནས་སྐད་ཅིག་མ་དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ། ཀུན་ནས་མུ་ཏིག་དང་། མུ་ཏིག་གི་ཚོགས་ཀྱི་དོ་ཤལ་འཕྱང་བའི་ལྷའི་སེང་གེའི་ཁྲི་མངོན་པར་སྤྲུལ་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་ཉིད་ཀྱི་ལག་པ་གཉིས་ཀྱིས་བཟུང་ནས་ལྷའི་སེང་གེའི་ཁྲི་ལ་བཞག་སྟེ། ལྷ་བརྒྱ་སྟོང་དུ་མ་རྣམས་དང་ལྷན་ཅིག་ཏུ་ལྷའི་རོལ་མོ་རྣམས་ཀུན་དུ་རྡུང་བཞིན་དུ་བསྙེན་བཀུར་ཆེན་པོ་བྱས་ནས་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏོ། །བར་སྐབས་དེར་བྱང་ཆུབ་སེམས་དཔའི་མཐུས་ས་རྣམ་པ་དྲུག་ཏུ་གཡོས་པ་དང་ལྷ་རྣམས་དགའ་བ་དང་། མགུ་བས་ཡང་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཆར་དང་། རིན་པོ་ཆེའི་ཆར་ཡང་ཕབ་སྟེ། འཛམ་བུའི་གླིང་ཐམས་ཅད་དུ་མེ་ཏོག་དང་རིན་པོ་ཆེའི་ཆར་པུས་མོ་ནུབ་ཙམ་གྱིས་གཡོགས་པར་གྱུར་ཏོ། །ལྷ་དང་མི་རྣམས་ཀྱིས་འབྱོར་པ་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ་རྣམས་མཐོང་བ་དང་། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་སྐྱེས་ཏེ་ཆེད་དུ་རྗོད་
པ་ཆེད་དུ་བརྗོད་དེ། ཨེ་མའོ་རྒྱལ་པོ་དཔལ་གྱི་སྡེའི་བསོད་ནམས་ཀྱི་སྟོབས། ཨེ་མའོ་ངོ་མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་བརྒྱ་སྟོང་དུ་མ་དང་ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའ་ཡང་དག་པར་དགའ་བར་བྱས་ནས་རང་གི་གནས་སུ་སོང་ངོ་། །རི་ལ་གནས་པའི་དྲང་སྲོང་དེ་ཡང་འཁོར་ལྔ་བརྒྱ་དང་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་དེ་བསྟི་གནས་ཉིད་དུ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེ་བོའི་ཚོགས་ཆེན་པོས་མངོན་པར་བཏུད་ཅིང་ཡུན་རིང་དུ་ཆོས་ཀྱི་རྒྱལ་པོ་བྱེད་པར་གྱུར་ཏོ། །འཛམ་བུའི་གླིང་གི་དམན་པ་དང་། ལོང་བ་དང་བཀྲེན་པ་དང་སྡུག་ཕོངས་པ་ཐམས་ཅད་ནོར་གྱིས་ཚིམ་པར་བྱས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཞག་སྟེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ཀུན་དགའ་བར་བྱས་ནས་དུས་གཞན་ཞིག་གི་ཚེ་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་དང་དེ་ལྷན་ཅིག་ཏུ་དུས་བྱས་ཏེ་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཐེ་ཚོམ་མམ་ཡིད་གཉིས་སུ་གྱུར་ན་ཁྱེད་རྣམས་ཀྱིས་དེ་ལྟར་མི་བལྟའོ། །གཞན་དུ་ན་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་རང་གི་ལུས་ཡོངས་སུ་བཏང་ངོ་། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོ་རྒྱལ་བའི་འོད་དུ་གྱུར་པ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བཙུན་མོ་རྒྱལ་བའི་འོད་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་བློན་པོའི་མཆོག་བློ་གྲོས་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བློན་པོ་བློ་གྲོས་ཆེན་པོར་གྱུར་ཏོ། །དགེ་སློང་དག་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོ་གཟུགས་
ཅན་སྙིང་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་གྱི་ལྷ་གང་ཡིན་པ་དེ་རྣམས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ཏུ་བདེན་པ་མཐོང་བ་ལྷ་བརྒྱད་ཁྲི་པོ་འདི་ཉིད་ཡིན་ནོ། །དགེ་སློང་དག་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་གང་ཡིན་པ་དེ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་གང་དག་དང་ཐབས་ཅིག་ཏུ་ངའི་ཐད་དུ་འོངས་པའི་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འདི་དག་ཉིད་ཡིན་ནོ། །དགེ་སློང་དག་རི་ལ་གནས་པའི་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མཽང་གལ་གྱི་བུ་ཆེན་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་ཏོ། །གང་གིས་ངའི་དྲུང་དུ་བཙུན་མོ་རྒྱལ་བའི་འོད་སློང་བའི་དྲང་སྲོང་བྲམ་ཟེའི་ཁྱེའུ་གང་ཡིན་པ་དེ་ནི་ཤཱཀྱའི་བུ་མོ་ས་འཚོ་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུར་གྱུར་ཏོ། །དགེ་སློང་དག་ཤིང་མཁན་གཉིས་པོར་གྱུར་པ་གང་ཡིན་པ་དེ་ནི་ལྷས་བྱིན་དང་། ཀོ་ཀ་ལི་ཀ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཤིང་མཁན་གཉིས་སུ་གྱུར་ཏོ། །སྨོན་ལམ་དེའི་དབང་གིས་འདིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་རྣམ་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ། །དགེ་སློང་དག་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། གང་སྦྱིན་པ་རྣམས་བཏང་བ་དང་བསོད་ནམས་དག་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར། སྒྲ་བསྒྱུར་གྱི་ལོཙྪ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ། །