འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད།
རྒྱུད་འབུམ་ཇ་པ་བཞུགས་སོ།
རྒྱ་གར་སྐད་དུ། །ཨཱརྱ་ནཱི་ལཱ་མ་བ་ར་དྷ་ར་བཛྲ་པཱ་ཎི་རུ་དྲ་བི་ཏྲི་བི་ན་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང་ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་ཅིག་ཏུ་བཞུགས་སོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ་འདི་ལག་ན་རྡོ་རྗེས་ཟུང་ཅིག་ཏུ་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན།
པད་མ་དང་ཆུ་ལྷས་ལག་པ་དང་དཔུང་པ་བརྒྱན་པ། ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་པ། སྦྲུལ་རིན་པོ་ཆེ་འབར་བའི་ཅོད་པན་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་སྙན་ཆ་བྱས་པ། རྐང་པས་སྦྲུལ་གདུག་པ་འབར་བ་མནན་ཅིང་ཟ་བ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། སྦྲུལ་ནག་པོ་སེ་རལ་ཁར་ཐོགས་པ། བཞིན་རྒྱས་པ་སྨིན་མ་ཁྲོ་གཉེར་དུ་བསྡུས་པ། ཡ་སོས་མ་མཆུ་མནན་པ། ལྕེ་གློག་ལྟར་འགྱུ་བ། གཤིན་རྗེའི་ཆ་བྱད་ཅན། གསུས་པོ་ཆེ་སྦྲུལ་ཟ་བ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཨ་ལ་ལ་ཞེས་སྒྲ་བསྒྲགས་པས་སྐྲག་པར་བྱེད་པ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་འཇིགས་ པར་བྱེད་པ། ཀླུ་རྣམས་འདུལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱང་ཆུབ་སེམས ་དཔའ་ཕྱག་ན་རྡོ་རྗེས་བསྟོད་ནས་གསུང་དུ་གསོལ་ཞེས་སྨྲས་སོ། །དེ་ནས་ནམ་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་། འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། །རྡོ་རྗེ་ཕྲིན་ལས་ཀུན་དོན་མཛད། །ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་
ཅན་དང་ནི། །མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ། །འགུགས་ཤིང་སྡུད་དང་སྡོམ་ཞི་མཛད། །མཐའ་བརྟུལ་ལས་རྣམས་སྒྲུབ་པ་ལ། །ཐིག་ལེའི་རང་བཞིན་མི་ཤིགས་ལ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ས་བོན་རབ་ཏུ་འབར་བ་ཡིས། །ཐབས་དང་ཤེས་རབ་སྲེག་གསོ་མཛད། །བདེ་ཆེན་རབ་ཏུ་གསོལ་མཛད་ནས། །སྡུག་བསྔལ་ཉོན་མོངས་འཇོམས་ལ་འདུད། །ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ཎཱྃ་ཨཱདྱཱ་ནུ་ཏ་པན་ན་ཏྭད་ཨོཾ་ཨཱཿཧཱུྃ་ཞེས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ནས་འཛུམ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་འཁོར་རྣམས་སྤྲོས་ཏེ། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དེའི་ཕྱིར་འདིའི་གསང་སྔགས་ལས་ཐམས་ཅད་སྒྲུབ་པ། སྡིག་པ་ཐམས་ཅད་འཇོམས་པ། དྲག་པོ་གསུམ་འདུལ་བ་འདི་གསུང་དུ་གསོལ་ཞེས་བརྗོད་ནས་བསྐོར་བ་བྱས་ཏེ་སྤྱན་སྔར་འཁོར་རྣམས་དང་ལྷན་ཅིག་ཏུ་འདུག་གོ །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་རིག་སྔགས་འདི་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་བརྗོད་པར་བྱའོ། །ཏད་ཡ་ཐཱ། བྷོ་བྷོ་པཱན་ནཱ་ག་ཨ་དྷི་པ་ཏ་ཡེ།ཨི་དན་ནཱི་ལཱམ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡྃ། ཡཿས་མཱ་ཏི། ཀྲ་མ་ཐ། ཨུཏ་སཱ་ད་ནྃ་བྷ་བཾ་ཥྱ་ཏི། ཏདྱ་ཐཱ། བུད་དྷ་བུད་དྷ་བི་བུད་དྷ་བི་བུད་དྷ། མ་ཏི་པྲཱ་པ་ཏ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་སརྦ་ནཱ་གཱ་ནཱཾ། ཙྪིན་ད་ཙྪིན་ད་ནཱ་ག་ཧྲྀ་ད་ཡཱ་ནི། བྷིན་དྷ་བྷིན་དྷ་ནཱ་ག་མརྨཱ་ཎི། བི་ཤཱིཪྻནྟུ་ནཱ་གཱ་ཤ་རཱི་རྃ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནི། ཏདྱ་ཐཱ་ཧཱུྃ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོ་ཏ་སཱ་ད་ནཱ་ཡ་ཕཊ། ནཱི་ལཱ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པར་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱན་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ།
ཀུཤྨཱ་ཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤཱ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུྃ་སྃ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱ་མ་བ་ར་དྷ་ར་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཚེག་ནི་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཆུ་ལ་སྔགས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་ཟློག་པར་བྱེད་ན་སྨག་ཤད་ཀྱི་ལྕུག་མ་འམ། བལ་པོ་སེའུའི་ལྕུག་མས་བྱའོ། །ཡི་དགས་དང་བརྗེད་བྱེད་རྣམས་ལ་ནི་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་པ་ལ་ནི་ཞག་གཅིག་སྨྱུང་བར་འདུག་སྟེ་སྤོས་ཀྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ནོ། །མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ་སྔགས་སྟོང་བཟླས་ནས་གསོལ་བ་བཏབ་ན་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པ་འགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་ལས་བསྲུང་བ་ལ་ནི་རྩི་མར་རྙིང་པ་དང་ཐལ་བ་དང་ཡུངས་ཀར་གྱིས་བྱའོ། །ནད་ཀྱི་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ། །བདག་བསྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། །གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་གཅིག་གམ། གསུམ་མམ། ལན་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་
སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། བདུད་དཔུང་དང་བཅས་པ་རྗེས་སུ་ཡི་རང་སྟེ་བསྟན་པ་ལ་འཁོད་དོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།བལ་པོའི་པཎ་ཌི་ཏ་དེ་ཝ་པུཎྱ་མ་ཏི་དང་། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།།