སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
རྒྱ་གར་སྐད་དུ། མ་ཧཱ་ས་ཧ་སྲ་པྲ་མརྡ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་ཀྱི་ངོས་སངས་རྒྱས་ཀྱི་སྤྱོད་ཡུལ་ཤིང་ལྗོན་པ་རབ་ཏུ་སྣང་བའི་ནགས་ཚོགས་ན་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བཀྐུ་ལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་ངག་དབང་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ལག་བཟང་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ནམ་གྲུ་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་བར་དུ་དེ་ལ་སོགས་པའི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་སོ། །ཡང་དེའི་ཚེ་ས་ཡང་ཆེར་གཡོས་པར་གྱུར། སྤྲིན་འདུས་པ་ཆེན་པོ་ཡང་བྱུང་། དུས་མ་ཡིན་པའི་རླུང་དང་། སེར་བ་ཆེན་པོ་དང་། སྤྲིན་ཆེན་པོ་ལས་ཆར་པ་ཆེན་པོ་ཡང་འབབ་པར་གྱུར།འབྲུག་ཀྱང་དི་རི་རི་ཟེར། གློག་ཀྱང་བྱུང་། ཕྱོགས་བཅུ་ཡང་འཁྲུགས་པར་གྱུར་ཏོ། །མུན་པ་མུན་ནག་ཆེན་པོ་ཡང་བྱུང་སྟེ། སྐར་མ་རྣམས་ཀྱང་མི་སྣང་། ཉི་མ་དང་ཟླ་བ་རྣམས་ཀྱང་འོད་
དང་མི་ལྡན་པར་གྱུར་ཏེ། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་ཞིང་འོད་མི་གསལ་བར་གྱུར་ཏོ། །དེ་ནས་ཡང་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ་དག་བྱུང་བ་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་ཁ་ཅིག་གིས་གྲོང་གཞན་དང་གྲོང་ཁྱེར་བ་གང་ཡིན་པ་དེ་གདོན་འབྱུང་པོས་བཏབ་པར་གྱུར། གྲོང་གི་གཞོན་ནུ་རྣམས་དང་། རྩིས་མཁན་རྣམས་དང་། བློན་པོ་དང་། བློན་པོ་ཆེན་པོ་དང་། འཁོར་ན་གནས་པ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། མངག་པ་དང་། གཡོག་ཁ་ཅིག་ཀྱང་གདོན་འབྱུང་པོས་བཏབ་པར་གྱུར། ཡུལ་ཡངས་པ་ཅན་གྱི་ལྗོངས་ཀུན་གྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་འཇིགས་སྐྲག་དངངས་ཏེ་སྐྱི་བུང་ཞེས་བྱེད་ནས་ཁ་གནམ་དུ་བལྟས་ཏེ་ངུ་འབོད་ཅིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཕྱག་འཚལ། བྲམ་ཟེ་དང་ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང་། ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚངས་པ་ལ་ཕྱག་འཚལ། ཁ་ཅིག་ནི་བརྒྱ་བྱིན་ལ། ཁ་ཅིག་ནི་འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱག་འཚལ། ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། འཕྲོག་མ་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་དང་། རི་དང་། ནགས་ཚོགས་དང་། སྨན་དང་། ཤིང་ལྗོན་པ་དང་། ཀླུང་དང་། ལྟེང་ཀ་དང་། མཚེའུ་དང་། རྫིང་བུ་དང་། རྫིང་དང་། མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་བདག་ཅག་འདི་འདྲ་བའི་གནོད་པས་འཇིགས་པའི་གནས་ནས་ཇི་ལྟར་ཐར་བར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག་བཅོམ་ལྡན་འདས་ཀྱིས་མི་ལས་འཕགས་པའི་སྤྱན་རྣམ་པར་དག་པས་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ཏེ་འདུས་པར་གྱུར་པ་རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་
མཛད་དོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་ཆེན་པོ་སྟོབས་པོ་ཆེ་སུམ་ཅུ་རྩ་གཉིས་དང་། འཕྲོག་མ་བུ་དང་བཅས་འཁོར་དང་བཅས་པ་ཁ་དོག་འཕགས་པ་དག་ནུབ་མོ་འདས་པ་དང་། དག་པ་ལྟ་བུའི་བྱ་རྒོད་ཕུང་པོའི་རི་ལ་བདག་གི་ཁ་དོག་དང་མཐུས་སྣང་བ་ཆེན་པོས་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་ཚིག་གཅིག་དབྱངས་གཅིག་ངག་གཅིག་ཏུ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། ཤིན་ཏུ་འབར་བའི་གསེར་དང་འདྲ། །ཟླ་བ་ཉ་བའི་འོད་དང་མཚུངས། །དཔལ་ལྡན་རྣམ་ཐོས་བུ་བཞིན་བརྟན། །རིན་ཆེན་རྣམས་ཀྱི་འབྱུང་གནས་ལགས། །སེང་གེ་གླང་ཆེན་འདྲ་བའི་འགྲོས། །གླང་ཆེན་མྱོས་པ་བཞིན་དུ་གནོན། །གསེར་གྱི་རི་བོ་དང་ཡང་མཚུངས། །འཛམ་བུ་གླིང་གི་གསེར་རྒྱན་འདྲ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་བའི། །ནམ་མཁའི་ཟླ་བ་དྲི་མེད་བཞིན། །ཉན་ཐོས་དགེ་འདུན་རྣམས་ཀྱི་དབུས། །མཚན་རྣམས་ཀྱིས་ནི་བརྒྱན་པར་གྱུར། །ལྷ་དང་བཅས་པའི་འཇིག་རྟེན་འདི། །ཐུབ་པ་ལ་ནི་སྐྱབས་སུ་མཆི། །མི་རྣམས་ལ་ནི་ཕན་པའི་ཕྱིར། །སྲུང་བ་དུས་སུ་ཉེ་བར་གནས། ། སངས་རྒྱས་སྔ་མས་བཤད་པ་ཡི། །སྟོང་ཆེན་རབ་འཇོམས་མདོ་སྡེ་འདི། །ཁོ་ར་ཁོར་ཡུག་རི་མཐའི་བར། །མཚམས་གཅོད་པ་ཡི་དམ་པ་ལགས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཆོས་ཀྱི་རྒྱལ་པོ་ཐུབ་ཆེན་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཞིག་ཅང་མི་གསུང་བར་དགོངས་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་གང་ཁྱོད་ཀྱི་འཁོར་ངའི་འཁོར་ལ་འཚེ་བར་སེམས་པ་དེ་ནི་ཚུལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིའི་འཇིག་
རྟེན་འདིར་སངས་རྒྱས་བྱུང་བ་དང་། ཆོས་ལེགས་པར་གསུངས་པ་དང་། དགེ་འདུན་ལེགས་པར་བསྒྲུབས་པ་དེ་ལ་ས་བོན་འདི་བཏབ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཉན་ཐོས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་ལ་འཇིག་རྟེན་དེ་དག་གིས་དགེ་བའི་རྩ་བ་བསྐྱེད་ནས་ལྷའི་རིས་སུམ་ཅུ་རྩ་གཉིས་ལས་ལྷའི་རིས་གང་ཡང་རུང་བ་དག་ཏུ་སྐྱེ་བར་འགྱུར། རྒྱལ་པོ་དག་ཀྱང་དམག་རྣམ་བཞི་དང་ལྡན་པ་ནས་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། ། རྒྱ་མཚོ་ལ་ཐུག་པའི་སའི་དཀྱིལ་འཁོར་ཆེན་པོར་ཆོས་ཀྱི་རྒྱལ་སྲིད་བྱེད་པར་འགྱུར་ཏེ། དེ་དག་ལ་ཡང་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཚན་པོ་ཆེའི་སྟོབས་ཀྱི་ཤུགས་བདོག་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོང་འབྱུང་བར་འགྱུར་རོ། །དེ་བས་ན་འཇིག་རྟེན་འདིར་རྣམ་པ་འདི་ལྟ་བུ་འབྱུང་བར་འགྱུར་བར་ཁྱེད་སྙིང་ལས་ཆུང་ངུས་གནས་པས་གནས་པར་གྱིས་ཤིག །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་གྲོང་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་དང་། བསིལ་ཁང་དང་།སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། དར་གྱི་ལྡ་ལྡི་བཟང་ཞིང་མཛེས་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། དྲིལ་བུ ་དང་མུ་ཏིག་གི་དྲ་བས་ཡོངས་སུ་བསྐོར་བ་དང་། པོག་ཕོར་ནས་བདུག་པས་བདུགས་པ་དག་དང་མེ་ཏོག་གིས་གཏོར་བའི་ཁྱིམ་དང་། གནས་དང་ཁང་པ་ཆེན་པོ་དག་མཆིས་ཏེ། དེར་བདག་ཅག་བུད་མེད་བརྒྱ་ཕྲག་སྟོང་དག་གིས་ཡོངས་སུ་བསྐོར་ཅིང་འདོད་པའི་ཡོན་ཏན་ལྔ་ཚངས་པར་སྤྱོད་པ་དང་ལྡན་པར་གྱུར་ནས་གནས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་རབ་ཏུ་མྱོས་པས་བག་མ་མཆིས་པར་གནས་པས་གནས་པ་ན། འཁོར་ཟས་དང་སྐོམ་
ཚོལ་དུ་ཕྱོགས་བཅུ་ཀུན་ཏུ་འབྱེར་ཞིང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བཙས་མ་ཐག་པ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་མདངས་འཕྲོག །འཚེ་བར་བགྱིད། བགེགས་བགྱིད། གསོད་པར་བགྱིད། སྲོག་དང་བྲལ་བར་བགྱིད་དེ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཅག་གིས་འཁོར་བཞིའི་མདུན་དུ་བདག་ཅག་གི་འཁོར་གྱི་ཚུལ་གྱི་མཚན་མ་བསྟན་པར་བགྱིའོ། །གང་གིས་འཁོར་གྱི་གདོན་བྱུང་བ་དེར་རྒྱལ་པོ་ཆེན་པོ་དེའི་གཟུགས་མཆོད་རྟེན་དང་བཅས་པ་ཆེན་པོ་བགྱིས་ཏེ། ནད་པས་རྒྱལ་པོ་ཆེན་པོ་དེའི་མིང་ནས་དབྱུང་ཞིང་དྲི་སྣ་ཚོགས་ཀྱིས་རང་གི་ལག་ནས་བདུག་པར་བགྱིའོ། །དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། ཞུགས་མར་བུས་ལ་མཆོད་རྟེན་དེ་ལ་མཆོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་གི་འཁོར་གནོད་སྦྱིན་གྱི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། ཕྱི་ཕྱིར་རྒོད་ཅིང་འཇིགས་པར་འགྱུར། །སྨྲ་བར་བགྱིད་ཅིང་ཁྲོ་བར་འགྱུར། །དེ་ནི་གཉིད་ཀྱང་ལོག་པར་འགྱུར། །ཡང་ན་ཤིན་ཏུ་ན་བར་འགྱུར། །རྟག་ཏུ་གྱེན་དུ་ལྟ་བར་འགྱུར། །སྐར་མ་དག་ལ་སྙེགས་པར་བགྱིད། །ནུབ་མོ་ཤིན་ཏུ་དགའ་བར་འགྱུར། །རྟག་ཏུ་འདར་ཞིང་སྒྲ་འབྱིན་ཏེ། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། སིད་དྷེ་སུ་སིད་དྷེ། ས་ཏྭེ་ཨ་རེ། ཨ་ར་ཎེ། བ་ལེ། མ་ཧཱ་བ་ལེ། ཛམ་བྷེ། ཛ་ཊི་ལེ། ཨ་ཁ་ནེ། མ་ཁ་ནེ། ཁ་ཁ་ནེ། ཁ་རཊྚེ། ཁ་རརྒེ་ཧ་རི་པིངྒ་ལེ། ཏེ་མིངྒི་ལེ། ཏེ་མིངྒི་ལེ། ཏེ་མིངྒི་ལེ། ཏི་མིངྒི་ལི་ནི་མཾ་ག་ལྱེ་སྭཱ་ཧཱ། བདག་གི་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་དྲི་ཟའི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་
ལགས་ཏེ། གླུ་ལེན་ཅིང་ནི་བྲོ་རྡུང་སྟེ། །རྒྱན་རྣམས་ལ་ཡང་དགའ་བར་བགྱིད། །བརྐམ་པ་མ་མཆིས་མང་བར་སྨྲ། །རྒོད་པར་བགྱིད་ཅིང་ཁྲོ་བར་འགྱུར། །སྐོམ་པར་འགྱུར་ལ་མིག་དམར་ཏེ། །རྟག་ཏུ་རིམས་ཀྱིས་འདེབས་པར་བགྱིད། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཨ་ཁེ། ན་ཁེ། བི་ན་ཁེ། བྷན་དྷེ། བ་རཱངྒེ། ཙ་པ་ལེ། བ་ཁེ། བ་ཁ་ནེ། ཨ་ཁི་ནི། ན་ཁེ་ནི། བ་ཧུ་ལེ། བྷ་ཁེ། བྷ་ག་ན་ད་ལེ། བ་ཤེ་བ་ཤ་བརྟཱིན་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་གདོན་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་ཡི་དགས་གྲུལ་བུམ་གྱིས་ཟིན་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། ཤིན་ཏུ་སྐོམ་པས་འདེབས་པར་འགྱུར། །གཡེང་བས་བཏབ་ཅིང་ལྟ་བར་འགྱུར། །བཞིན་ཡང་དམར་པོར་གདའ་བར་འགྱུར། །བསྐུམས་ནས་ས་ལ་ཉལ་བར་འགྱུར། །ཁ་དོག་ངན་ཅིང་ལུས་ཀྱང་སྐེམ། །སྐྲ་དང་སེན་མོ་རིང་བ་སྟེ། །དྲི་མ་ཅན་ལ་དྲི་མི་བདའ། །བརྫུན་དང་ཀྱལ་པ་སྨྲ་བར་བགྱིད། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཁ་ཁ་ཁ་མི། ཁ་ལ་ནེ། ཁ་ལ་མི། ཁ་རཱ་ལི། ཁ་ར་ལི། ཀ་ར་ཁེ། ཀ་ཤ་ནི། ཀ་ར་ཊེ། ཀཱ་ལི། ཀཱ་མི་ནི། བི་བ་ལེ། བིདྷེ་ཡ་ཤ་ཡ་ནི་ས་མ་བ་ཏེ། ཤ་མ། ཤ་མ་ནི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་གི་གདོན་དང་། གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་
པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་ཀླུ་འདབ་བཟངས་ཀྱི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། སྐྱིགས་བུས་འདེབས་ཤིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །རྔུལ་ཞིང་དབུ་བ་ཁ་ཆུ་འབྱུང་། །ཕྱི་ཕྱིར་གཉིད་ཀྱང་ལོག་པར་འགྱུར། །ཁ་དོག་ལྡན་ཞིང་དཔའ་བ་སྟེ། །དེ་བཞིན་འདར་ཞིང་རྒྱུག་པར་འགྱུར། །སེན་མོ་དག་ཀྱང་སྟོན་པར་བགྱིད། ། དོག་སར་མཆིས་ཤིང་ངུ་བར་བགྱིད། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཀྲ་ཀ་མི། ཀྲ་ག་མ་ནི། ཀྲ་ག་སེ། ཀྲུ་གྲ་ཤེ། ཀྲ་ཀྲ། ཤ་མི། ཀྲུ་ཤྲུ་མི་ཀྲུ་ཤྲུ་མེ། ཀྲུཀྐ། ཀུ་ཀླུ་མ། ཀྲུ་གེ། ཨ་ག་ལེ། ན་ག་ལེ། ས་མ་ག་ལེ།ཀུ་ཧུ་མེ། གུ་མེ། ཨ་ལ་ཀེ། ཀ་ལུ་ཀེ། ཀ་ལ་མ་ལེ། ག་ལ་ལེ། ཀ་ལ་ཊ་ཀེ། ཨི་རི་མི་རེ། དྷི་རེ། ཨ་རུ་ག་བ་ཏི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཁོར་ཐམས་ཅད་ཀྱི་མདུན་དུ་སེང་གེའི་སྒྲ་བསྒྲགས་པ། ང་ནི་སྟོབས་བཅུ་དང་ལྡན་ཞིང་མི་འཇིགས་པ་བཞིས་འཇིགས་པ་མེད་པ་སྟེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཁྱུ་མཆོག་ལྟ་བུ་རྒྱ་ཆེན་པོ་ཡང་དག་པར་བསྒྲགས་སོ། །ཚངས་པའི་འཁོར་ལོ་བསྐོར་རོ། ། སྡེ་དང་མཐུ་དང་བཞོན་བཅས་པའི། །བདུད་ཀྱང་གཅིག་གིས་རབ་ཏུ་བཏུལ། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། །རིག་སྔགས་ཐམས་ཅད་ང་ལ་ཉོན། །སྱཱད་ཡ་ཐེ་དན། ཨ་སང་གེ། ཁཊྒ་བ་ཏེ། བ་ལ་བ་ཏེ། བ་ལ་ནི་རྒྷོ་ཥེ། ཤཱུ་རེ། ཤཱུ་ར་བ་ཏྭེ་བཛྲས་མེ། བཛྲ་ག་མེ་བཛྲ་དྷ་རེ། སྟམ་བྷེ། ཛཾ་བྷེ། དྲྀ་ཌྷ་སཱ་རེ། བི་ར་ཛེ། བི་གྷོ་ཥེ། བ་རཱ་གྲ་པྲཱཔྟེ། ཨ་ར་ཎེ་ཨ་ར་ཎེ་དྷརྨྨ་ཡུཀ་ཏེ། དི་ཤི་བི་གྷུཥྚེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་མཚན་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སྭཱ་ཧཱ། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་དག །
སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །འཇིགས་དང་སྐྲག་དང་དངངས་གྱུར་ཏེ། །ཐལ་མོ་སྦྱར་ནས་འཁོད་པར་གྱུར། །འབྱུང་པོའི་ཚོགས་ནི་ལྷགས་པ་རྣམས། །དངངས་འཁྲུགས་རོད་རོད་པོར་གྱུར་ནས། །ཕྱོགས་བཅུར་རབ་ཏུ་འབྱེར་བྱེད་ཅིང་། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །རྒྱལ་པོ་ཆེན་པོས་དེ་ཤེས་ནས། །གསང་བ་གསུམ་ནི་ཡང་དག་སྨྲ། །ཀྱེ་མ་རིག་སྔགས་རིག་སྔགས་ཆེ། །སྟོང་ཆེན་རབ་ཏུ་འཇོམས་བྱེད་པ། །སངས་རྒྱས་ཀྱིས་ནི་གསུངས་པ་དེ། །ཐོས་ནས་འབྱུང་པོ་སྐྲག་གྱུར་ཏེ། །དཔེར་ན་རབ་ཏུ་འབར་མེ་དང་། ། ཏིལ་མར་ངར་བཏགས་རལ་གྲི་བཞིན། །གཽ་ཏ་མས་ནི་རབ་བཤད་པའི། །རིག་སྔགས་སྤུ་གྲིའི་སོ་དང་འདྲ། །དྲང་སྲོང་ཚིག་ནི་ལེགས་བཤད་པ། །དེ་ལ་གང་ཞིག་མ་དད་ན། །དེ་ཡི་བུ་ཡི་ཐུ་བོ་ནི། །ཚངས་པའི་ཞགས་པས་མེད་པར་འགྱུར། །མེ་ནི་རབ་ཏུ་འབར་བྱས་ནས། ། བླ་དང་འོག་དང་ཕྱོགས་བཞིར་ཡང་། །སྦྱིན་སྲེག་གི་ནི་ཆུས་གཏོར་ཏེ། །ནས་དང་ཡུངས་ཀར་བླངས་ནས་སུ། །མར་གྱི་སྙིང་པོ་དང་སྦྱར་ནས། །མེ་ཡི་ནང་དུ་བླུག་པར་བྱ། །ལེགས་པར་གསུངས་པ་འདི་ཐོས་ནས། །གལ་ཏེ་མྱུར་དུ་མི་གཏོང་ན། །ཐམས་ཅད་འབར་བར་འགྱུར་བ་ནི། །མར་དང་ཡུངས་ཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་བསྡིགས་ནས་སུ། །དེ་དག་བདེ་བ་མི་རྙེད་དེ། །དེ་ཡི་རྩིབ་ལོགས་གཡས་པར་ནི། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། ། ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གཞར་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲོགས་དང་ལྡན་པ་ཡི། །ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །འབྱུང་པོ་མང་པོ་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་ནི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་འབྲལ་བར་འགྱུར། །སྟོང་ཆེན་རབ་འཇོམས་མདོ་སྡེ་ལ། །གནོད་སྦྱིན་གང་དག་མི་ཕྱོགས་པ། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནི་འགེམས་པར་འགྱུར། །སྤུ་གྲིའི་སོ་ནི་རྩུབ་པོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །
འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་གཤེགས་པར་བྱེད། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེ་ཡི་སྙིང་ལ་འཇོམས་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག །དེ་ཡི་ཁ་ནས་འཛག་པར་འགྱུར། །རིག་སྔགས་ཞགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ན། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །ཕྱོགས་བཞི་དག་ཏུ་སོང་གྱུར་ནས། །ཆོས་ཀྱི་གོ་ཆ་བགོས་གྱུར་ཏེ། །བཟང་པོའི་ཁྲི་ལ་འདུག་པ་ནི། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ལུས་ངན་པོ། །དཔལ་དང་གཟི་བརྗིད་འབར་བ་ཡི། །རྒྱལ་པོ་དག་ནི་ཕྱིན་པ་དང་། །དེ་ཚེ་སྟོན་པ་ཐམས་ཅད་མཁྱེན། །བར་སྣང་གནས་ལ་རབ་ཏུ་འཕགས། །ཚངས་པས་སྤྲུལ་པའི་གཞལ་མེད་ཁང་། ། དེར་ནི་རྡོ་རྗེའི་གདན་ལ་བཞུགས། །དེ་ནས་ཚངས་དང་ཚངས་ཆེན་རྣམས། །ཐལ་མོ་སྦྱར་འཁོད་ཕྱག་འཚལ་ལོ། །དཔལ་ལྡན་གསེར་གྱི་རི་བོ་འདྲ། །གསེར་གྱི་མཆོད་སྡོང་དང་ཡང་མཚུངས། །མེ་ཏོག་པདྨ་བཞིན་དུ་རྒྱས། །སཱ་ལའི་རྒྱལ་པོ་བཞིན་དུ་རྒྱས། །ཉི་མ་དང་འདྲ་ཟླ་ཉ་ལ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་བཞིན། །ཐུབ་སྐུ་གསེར་གྱི་ཁ་དོག་ལ། །མཚན་རྣམས་ཀྱིས་ནི་ཡོངས་སུ་བསྐོར། །འཇིག་རྟེན་མེས་པོ་ཚངས་པ་ཡིས། །འཇིག་རྟེན་སྒྲོན་མ་བསྟོད་བྱས་ཏེ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། ། འཇིག་རྟེན་སྐྱོང་གི་འཁོར་རྣམས་ཀྱིས། །རྗེས་སུ་བསྟན་པ་མ་ཐོབ་སྟེ། །གང་ཕྱིར་འདི་ལས་སངས་རྒྱས་དང་། །རང་སངས་རྒྱས་དག་འབྱུང་འགྱུར་ཞིང་། །འདི་ལས་ཉན་ཐོས་རྣམས་ཀྱང་སྐྱེ། །ལྷ་རྣམས་དག་ཀྱང་སྐྱེ་བར་འགྱུར། །རིག་བྱེད་ཡན་ལག་དྲུག་མཐར་ཕྱིན། །བྲམ་ཟེ་རྣམས་ཀྱང་སྐྱེ་བར་འགྱུར། །དྲང་སྲོང་སྐལ་བ་ཆེན་པོ་དང་། །དགེ་སྦྱོང་བྲམ་ཟེ་འདི་ལས་སྐྱེ། །ཁྱེད་ཅག་སྙིང་ལས་ཆུང་བྱེད་པ། །མི་ཡི་སྐྱེ་དགུ་གནོད་པར་འགྱུར། །ཚངས་པ་ཡི་ནི་ཚིག་ཐོས་ནས། །འཇིག་རྟེན་སྐྱོང་གིས་ཚིག་སྨྲས་པ། །ཚངས་པ་ཆེན་པོ་དེ་བཞིན་ནོ། །ཐུབ་པ་ཆེན་པོ་
དེ་བཞིན་ནོ། །བདག་གིས་རི་རབ་བསྒུལ་བྱས་ཤིང་། །ས་ཡང་རབ་ཏུ་བཟློག་བྱས་ལ། །རྒྱ་མཚོ་ལ་ནི་ཐུག་པ་རྣམས། །རྣམ་པར་སྦྱང་བ་ཉིད་དུ་བྱ། །ཞགས་པ་དམ་པོ་མ་ཉམས་པས། །ཉི་མ་ཟླ་བ་རླུང་རྣམས་དང་། །སྐར་མ་དག་ནི་ཐམས་ཅད་ཀྱང་། །བདག་གིས་སུ་ནི་བཅིང་བར་བྱ། །གང་དག་རབ་ཏུ་སྡང་བྱེད་ཅིང་། །འཇིག་རྟེན་ལ་ནི་ཕན་མི་བྱེད། །དེ་དག་ལ་ནི་ཐམས་ཅད་དུ། །ཕྱོགས་ཀྱང་སྣང་བར་མི་བྱའོ། །འཇིག་རྟེན་ལྷ་དང་བཅས་པ་དེ། །འབྱུང་པོ་རྣམས་ཀྱི་ཕྱིར་སྨོད་དེ། །འབྱུང་པོ་མི་ཡི་སྐྱེ་དགུ་ལ། །གནོད་པར་བྱེད་ཅིང་འཚེ་བར་བྱེད། །གང་དག་སྔགས་དང་སྨན་རྣམས་དང་། །རིག་སྔགས་ལས་ནི་འདའ་བྱེད་པ། །འདི་ལ་སྔགས་ཀྱི་དམ་པ་ནི། །ཕ་རོལ་གནོན་པ་སྟོན་པར་བྱེད། །རིག་སྔགས་ལས་ནི་འདའ་བའི་འཁོར། །ཀུན་ཏུ་ཆད་པས་བསྡིགས་བྱས་ཏེ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །ཡང་དག་པར་ཡང་བརྗོད་པར་བགྱི། །གང་གིས་འབྱུང་པོའི་དཀྱིལ་འཁོར་དུ། །འདི་བཤད་པ་ན་མི་ཉན་པ། །དེ་དག་ཆད་པ་བཤད་པར་བྱ། །ཚངས་པས་སྤྲུལ་པའི་མདོ་སྡེའོ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ཏེ། །ཕན་ཚུན་དུ་ནི་བལྟ་བྱས་ན། །བཻ་ཌཱུཪྱ་དང་གསེར་དང་དངུལ། །མུ་ཏིག་རྣམས་དང་ཤེལ་དག་དང་། །སྤུག་དང་རྡོ་ཡི་སྙིང་པོ་དང་། །རིན་ཆེན་བདུན་གྱིས་བརྒྱན་པ་ཡི། །རྩིབས་སྟོང་ཁ་དོག་གསེར་འདྲ་བའི། །ཤིང་རྟ་རྣམ་པ་བཞི་བྱས་པ། །བཟོ་རྣམས་ཀུན་དང་ལྡན་པ་སྟེ། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། ། རྒྱལ་པོ་དག་ནི་དེར་བཞུགས་ནས། །འབྱུང་པོའི་དཀྱིལ་འཁོར་ཉིད་དུ་དོང་། །ས་ནི་གསེར་གྱི་ཕྱེ་མ་དང་། །མེ་ཏོག་དག་གིས་བཀང་བྱས་ནས། །མགུལ་པར་ལྟུང་དང་སྐུད་པ་དང་། །ཞགས་པ་དག་ཀྱང་གདགས་བྱོས་ལ། །ཕྱོགས་ཀྱི་ས་ནི་ཅི་སྙེད་པའི། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན། །ཕྱོགས་བཞི་དག་ཏུ་དགྱེ་བ་བྱས། །སྟོང་ཆེན་རབ་ཏུ་འཇོམས་པ་ཡི། །མདོ་སྡེ་ཡི་ནི་དམ་པ་འདི། །ཚངས་པའི་འཇིག་རྟེན་བར་དུ་བྱུང་། །ལྷ་རྣམས་ཀུན་གྱིས་རྣམ་པར་བསམས། །སྟོང་ཆེན་པོ་ཡི་ལུས་ཀྱིས་
སུ། །གནོད་སྦྱིན་དང་ནི་སྲིན་པོ་བཏུལ། །ལུས་ངན་པོ་ཡི་ཚིག་ཐོས་ནས། །གནོད་སྦྱིན་གྱི་ནི་སྡེ་དཔོན་དག །ཕྱོགས་བཞི་དག་ཏུ་སོང་ནས་སུ། །གསང་བ་པོ་ལ་དྲག་ཏུ་བསྒོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །དྲི་ཟ་ལས་བྱུང་གདོན་གྱི་རྣམས། །ཤར་ཕྱོགས་ཆ་ན་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གྲུལ་བུམ་ལས་བྱུང་གདོན་གྱི་རིགས། །ལྷོ་ཕྱོགས་ཆ་འདིར་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། ། བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །ཀླུ་ལས་གདོན་དུ་གྱུར་པ་རྣམས། །ནུབ་ཕྱོགས་ཆ་འདིར་འཁོད་པ་དང་། །མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གནོད་སྦྱིན་ལས་ནི་གདོན་གྱུར་པ། །བྱང་ཕྱོགས་ཆ་འདིར་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ལུས་ངན་པོ་ཡི་བུ་ཐུ་བོ། །ཀུན་ཏུ་རྒྱལ་བ་མི་ལ་ཞོན། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་དག །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། །དེ་ཉིད་ཀྱི་ནི་བུ་གཉིས་པ། །སྐྱེད་པ་པོ་ཞེས་རྣམ་གྲགས་པ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་དག ། བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། །དེ་ཉིད་ཀྱི་ནི་བུ་གསུམ་པ། །དེ་ཡི་མིང་ནི་གདོན་པོ་ཆེ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། ། དེ་ཉིད་ཀྱི་ནི་བུ་བཞི་པ། །དེ་ཡི་མིང་ནི་བུམ་པའི་ལྟོ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། །དབང་ཕྱུག་ཆེན་པོ་ལྷ་ཆེན་པོ། །ལག་བཞི་པ་ལ་སྟོབས་པོ་ཆེ། །དེ་ཡི་དྲུང་ན་འཁོད་པ་ཡི། །
གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། །འབྱུང་པོ་འཇོམས་པའི་རི་ལ་ནི། །འབྱུང་པོ་ཐམས་ཅད་ལྷགས་ནས་སུ། །རིག་སྔགས་ཐམས་ཅད་འབྱུང་བའི་གནས། །རིག་སྔགས་འདི་ནི་ཀུན་ཏུ་བསམས། །ཆད་པ་མི་བཟད་དྲག་པོ་སྟེ། །གང་ཕྱིར་སངས་རྒྱས་ཀུན་གྱིས་གསུངས། །གཽ་ཏ་མ་ལ་གུས་པར་ནི། །ཐམས་ཅད་དེ་ལ་སྐྱབས་སུ་སོང་། །གཡོ་མེད་པར་ནི་རྗེས་ཞུགས་ཤིག །ཐམས་ཅད་མེད་པར་གྱུར་ཏ་རེ། །དེ་ནས་ཐང་ཅིག་ཡུད་ཙམ་གྱིས། །འབྱུང་པོ་མང་པོ་ཐམས་ཅད་ལྷགས། །རི་རྣམས་དང་ནི་གཡང་ས་དང་། །རྒྱ་མཚོ་དང་ནི་མཚོ་རྣམས་དང་། །ཀླུང་དང་འབབ་ཆུ་ལུ་མ་དང་། །དབའ་ཀློང་དག་ན་གང་འཁོད་དང་། །སྐྱེད་མོས་ཚལ་དང་གཞལ་མེད་ཁང་། །ཀུན་དགའ་དང་ནི་ནགས་རྣམས་དང་། །མཆོད་རྟེན་གནས་དང་གྲོང་གི་གནས། །ལྗོན་ཤིང་དྲུང་ན་གང་གནས་དང་། །གྲོང་ཁྱེར་སྒོ་དང་གྲོང་དང་ནི། །གྲོང་རྡལ་དང་ནི་ལྗོངས་རྣམས་དང་། །རྒྱལ་པོའི་ཕོ་བྲང་སྒོ་རྣམས་དང་། །གཞལ་མེད་ཁང་ན་གང་གནས་དང་། །དཀྱིལ་འཁོར་དག་དང་དུར་ཁྲོད་དང་། །དེ་བཞིན་ལྷ་ཁང་རྣམས་དང་ནི། ། མཚམས་དང་ཤོ་གམ་གནས་རྣམས་དང་། །ཁང་སྟོང་དང་ནི་གྲམ་ས་དང་། །གནོད་སྦྱིན་གང་རྣམས་བླ་འོག་དང་། །ཕྱོགས་བཞི་དང་ནི་མཚམས་རྣམས་ནས། །གནོད་སྦྱིན་བྱེ་བ་སྟོང་རྣམས་ནི། །རིག་སྔགས་ཞགས་པས་བཀུག་པ་རྣམས། །རྫ་རྔ་དག་ནི་བརྡུངས་ནས་སུ། ། ལ་ལས་རྔ་ཟླུམ་དག་ནི་བརྡུངས། །པི་ཝང་གླིང་བུ་འཁར་བའི་རྔ། །སྟོབས་ཆེན་རྣམས་ནི་སྒྲ་འབྱིན་ཏེ། །རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང་། །གླུ་དང་གར་རྣམས་བྱས་ནས་སུ། །དབང་པོ་ཟླ་བ་ཆུ་ལྷ་དང་། །བྷ་ར་དྭ་ཛ་སྐྱེ་དགུའི་བདག །མི་ལྡན་པ་དང་ཀུན་ཏུ་ལྟ། །མངོན་ཤེས་གངས་ཅན་རྫོགས་པ་དང་། །ཙནྡན་དང་ནི་འདོད་མཆོག་དང་། །མགུལ་པ་མཛེས་དང་མགུལ་ངེས་དང་། །སྐྱེ་དགུའི་བླ་མར་གྱུར་པ་དང་། །ལྷ་ལས་བྱུང་བའི་མ་ལྡན་དང་། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །མི་རྒྱལ་རྒྱལ་བ་ཁྱུ་མཆོག་དང་། །དེ་བཞིན་ཕུད་པུ་ལྔ་ཞེས་བྱ། །གཡེར་
མ་དང་ནི་ཉི་ཟེར་དང་། །ཉ་ལྕིབས་དང་ནི་རལ་གྲི་བུ། །ཀུན་གྱི་བཤེས་དང་གྲགས་འཛིན་དང་། །འབྲོག་གནས་དང་ནི་ཡིད་བཟངས་དང་། །ཁབ་སྣ་དང་ནི་རི་སུལ་ཁ། །ལྔ་འཛིན་དང་ནི་ཁབ་བཟངས་དག །སྡེ་དང་དཔུང་དང་བཞོན་པར་བཅས། །ལྷ་དང་ཀླུ་དང་དྲི་ཟ་དང་། ། གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །ཉིན་གསུམ་པ་ཡི་སྨྱོ་བྱེད་དང་། །དེ་བཞིན་བཞི་པའི་རིམས་དག་དང་། །འཇིག་རྟེན་འཚེ་བ་གང་ཡིན་པ། །གནོད་སྦྱིན་སྲིན་པོ་མ་རུངས་རྣམས། །ཕྱོགས་བཞི་ནས་ནི་བཀུག་ནས་སུ། །བཅིང་བ་ལྔ་ཡིས་བསྡམས་པ་རྣམས། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །ཐལ་སྦྱར་འཁོད་ནས་འདི་སྐད་སྨྲས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་དག་གི་ནི་མདུན་རྒྱུག་པ། །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ལག་པ་བཞི་པ་མ་རུངས་པ། །རྐང་མངས་དང་ནི་རྐང་གཅིག་པ། །རྐང་བཞི་པ་དང་རྐང་གཉིས་པ། །རྐང་པ་བསྒྲེང་ལ་སྤྱིའུ་ཚུགས་དང་། །ལུས་མང་མགོ་བོ་གཅིག་པ་དང་། །ལུས་གཅིག་པ་ལ་མགོ་བཞི་པ། །མིག་མངས་པོ་ལ་ལུས་ཕྱེད་དང་། ། མིག་གཅིག་ལྟོ་ནི་བཅུ་གཉིས་དང་། །བོང་བུ་རྔ་མོ་གླང་ཆེན་མགོ། །ལག་པ་བསྒྲེང་ལ་མགོ་བཏུད་དང་། །མཚོན་ཆའི་སོ་དང་མཚོན་ཆའི་ལག །མཚོན་ཆའི་རྐང་པ་སྲིན་པོའི་རྣམས། །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཟངས་ཀྱི་ཐོ་བའི་རྐང་པ་དང་། །ཟངས་ཀྱི་སྣ་དང་ཟངས་ཀྱི་ཁ། །རྐང་ལག་ཀུན་ཏུ་འབར་བ་དང་། །མི་ཡི་ལུས་སུ་གནས་པ་རྣམས། །སྒུར་ཞར་ལྦ་བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་དང་ཁ་རལ་པོ། ། མཆུ་འཕྱངས་པོ་དང་སོ་ཡོན་པོ། །རབ་ཏུ་གཏུམ་པོ་ཁྲོ་གཉེར་ཅན། །གསུས་པོ་ཆེ་དང་བུམ་རྣ་བོ། །རྣ་འཕྱངས་པ་དང་རྣ་བ་མེད། །ལག་རིང་དང་ནི་རྣ་བ་རིང་། །སྣ་ཡི་རྩེ་དང་ལག་རྩེ་རིང་། །ལུས་སྐམ་ལུས་ནི་རིད་པ་དང་། །སྐྲ་རིང་རབ་ཏུ་བརྒྱན་པ་དང་། །རྐང་པ་མིད་པ་ཕྲ་
བ་དང་། །དྲི་ང་བ་དང་བུམ་ལྟོ་བོ། །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །མགོ་བོ་ཆེ་ལ་གཞུ་མགྲིན་པོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བོ། །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ལྗོན་ཤིང་རི་དང་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །དུང་དང་རྔ་ཆེན་རྫ་རྔ་དང་། །གྲུལ་བུམ་རྔ་ཕྲན་རྣམས་ཀྱི་སྒྲ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། །མིད་པོ་ཆེ་ལ་བོང་བུའི་སྒྲ། །ནག་པོ་སེར་པོ་སྔོན་པོ་དང་། །དམར་སེར་མེ་ལྟར་དམར་སེར་དང་། །ཁབ་འདྲའི་སྤུ་དང་རལ་གྲིའི་སྒྲ། །དམར་པོ་ཁྲག་གིས་བསྐུས་པ་རྣམས། །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །སོ་རྣོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བསྐུས་པ་དང་། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀང་བ་དང་། །བྱིས་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག །ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁྲག་གིས་རབ་ཏུ་བཀང་བ་ཡི། །མི་ཡི་པགས་པ་ཐོགས་ནས་སུ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུག །གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང་། །ཁྱིམ་ནས་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་བད་ཀན་མཁྲིས་པ་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །དེ་ལྟར་དེ་ན་རྒྱལ་པོ་ཡི། ། གདོན་དང་འཇིགས་པ་ཆེན་པོ་རྣམས། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །རིག་སྔགས་ཞགས་པས་རབ་ཏུ་བསྡམས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། ། གྲོང་ཁྱེར་གྲོང་དང་ཡུལ་འཁོར་དང་། །ཕོ་བྲང་འཁོར་ན་རྒྱུ་བ་ནི། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །ལུས་ཆེན་འཇིགས་པ་ཆེན་པོ་སྟེ། །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་
པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་ཞགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེ་མདུང་རྩེ་ལག་ཐོགས་པ། །རབ་ཏུ་དྲག་པའི་དམག་བརྒལ་ནས། །ཕྱོགས་ཀུན་ཏུ་ནི་སྐྲག་པར་བྱེད། ། སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དད་ཀུན་ཀྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་གཞན་ཡང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་ལང་བོང་བུ་རྔ། ། གླང་པོ་ཆེ་ཡི་གཟུགས་འདྲ་དང་། །དོམ་དང་གཟིག་དང་སྤྱང་ཀི་དང་། །ཁྱི་དང་ཝ་དང་ར་དག་དང་། །བྱི་ལ་བྱི་བ་སྤྲེའུའི་གཟུགས། །བསེ་དང་ཕག་དང་སྲེ་མོང་དང་། །ཉ་དང་རུས་སྦལ་དག་གི་གཟུགས། །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ཁྭ་དང་འུག་པ་ཁུ་བྱུག་དང་། ། བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བྱ་དང་། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང་། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གནོད་སྦྱིན་རྣམས་ནི་མི་ཡིས་མཐོང་། །འདབ་བཟངས་བྱ་ཡི་ཚུལ་གྱིས་ཀྱང་། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁ་ཅིག་མི་ཡི་མགོ་ཅན་ལ། ། ལུས་ནི་བྱ་གག་བོང་བུ་འདྲ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང་། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་ཏུ་དཀྲིས། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟད་གདུག་པའི་དབུགས་འབྱིན་ཅིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །སྲོག་ཆགས་རྒྱུད་ནི་ཇི་སྙེད་པར། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། །ཁ་ཅིག་དག་ནི་རི་ཡང་ཐོགས། །ལ་ལ་རལ་གྲི་འཁོར་ལོ་ཐོགས། །གྲངས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོ་སོ་ནི་རྣོ་བ་དང་། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་ཆད་གདོང་ནི་གཉེར་མ་ཅན། །རྐང་ལག་དང་ནི་གཏུབས་པ་དང་། །མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་ཚོལ་བར་བྱེད། །སྡིག་པ་ཅན་རྣམས་
མདངས་ཀྱང་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །རིག་སྔགས་ཞགས་པས་རབ་ཏུ་དྲངས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རི་ཡི་རྒྱལ་པོ་རི་རབ་དང་། །དེ་བཞིན་ཁོ་ར་ཁོར་ཡུག་དང་། །བྱ་རྒོད་ཕུང་པོ་གཤོལ་མདའ་འཛིན། །སྤོས་ངད་ལྡང་དང་གངས་ཀྱི་རི། །སྣ་ཚོགས་བརྩེགས་དང་པཎྜ་པཱ། །ན་ལ་པཱ་ཡི་རི་གཉིས་དང་། །དཔལ་གྱི་རི་ཡི་རྩེ་མོ་ནི། །གང་དག་ཤིན་ཏུ་མཐོར་འཕགས་དང་། །རི་བོ་དེ་དག་ཀུན་ལ་ཡང་། །ལྷ་དང་དྲང་སྲོང་གང་གནས་པ། །དེ་དག་ཐམས་ཅད་མི་དགའ་ཞིང་། །འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེད། །བྱེ་བ་སྟོང་གི་ལྷ་དག་དང་། ། བྱེ་བ་ཕྲག་བརྒྱའི་ལྷ་རྣམས་དང་། །ལྷ་ཡི་བུ་མོ་སྐལ་ཆེན་དག །ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཐགས་བཟངས་རིས་དང་སྒྲ་གཅན་དང་། །སིམ་པར་བྱེད་པའང་དེར་ཕྱིན་ཏོ། །ལྷ་མིན་བྱེ་བ་ཕྲག་སྟོང་དང་། །ལྷ་མིན་བྱེ་བ་ཕྲག་བརྒྱ་དང་། །དེ་དག་བུ་མོ་འཕྲུལ་ལྡན་པ། །མང་པོ་ཀུན་ཀྱང་ཐལ་མོ་སྦྱོར། །རབ་ཏུ་གནས་དང་རྒྱ་མཚོ་དང་། །ཀླུ་ཡི་རྒྱལ་པོ་གཟི་ཅན་དང་། །ཀླུ་ཡི་རྒྱལ་པོ་མ་དྲོས་དང་། །དགའ་བོ་ཉེ་དགའ་གཉིས་པོ་དང་། །རྡོ་རྗེ་བློ་གྲོས་པཀྴུ་དང་། །གངྒཱ་དགའ་བོ་སིན་དྷུ་མཚོ། །བྱ་ཡི་རྒྱལ་པོ་འདབ་བཟངས་དང་། །རྒྱ་མཚོ་ཆེན་པོ་འཁྲུག་བྱེད་དང་། །སྟོང་ཕྲག་བྱེ་བའི་ཀླུ་ཡི་རྣམས། །བྱེ་བ་བརྒྱ་ཡི་ཀླུ་དག་དང་། །དེ་དག་བུ་མོ་སྐལ་ཆེན་རྣམས། །ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཉི་མ་ཟླ་བ་གཉིས་ཀ་ཡང་། །སྐར་མའི་འཁོར་གྱིས་ཡོངས་སུ་བསྐོར། །གསེར་གྱི་མེ་ཏོག་ཡན་ལག་ན། །མ་ག་དྷཱ་ན་འཇིགས་བྱེད་པ། ། གསོ་བའི་མཐའ་ན་མི་ཐོད་ཅན། །ཀོ་ས་ལ་ན་རབ་ཏུ་དཀར། །བཟང་པོའི་ཡུལ་ན་ཁ་སྤུ་ཅན། །གྱད་ཀྱི་ཡུལ་ན་གྲགས་པ་འཛིན། །ལྔ་འཛིན་པ་ན་སྐྲག་བྱེད་པ། །རྟ་སྐྱེ་བ་ན་མིག་དམར་གནས། །སྲུང་བྱེད་པ་ན་སེར་སྐྱ་སྟེ། །སེམས་པ་ན་ནི་མིག་སེར་པོ། །བེའུ་ལ་ཕན་བུམ་པའི་ལྟོ། །
དགའ་བའི་ཡུལ་ན་རིང་པོར་སྐྱེས། །བ་ལང་འཛིན་ན་རབ་ཏུ་འཇོམས། །དུང་ཡུལ་ན་ནི་ཉི་མའི་གྲོགས། །ལྗོངས་ཆེན་རྣམས་ཀྱི་གནོད་སྦྱིན་ནི། །བརྗོད་པ་བཅུ་དྲུག་དེ་དག་དང་། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །ཆོས་སྐྱོང་རབ་ཏུ་དཀར་བ་དང་། །སེར་སྐྱ་རབ་མཛེས་ཁྱབ་འཇུག་པ། ། བུམ་ལྟོ་གསུས་པ་ཟླུམ་པོ་དང་། །ཆུ་སྲིན་བདེན་པ་འཆང་བ་དང་། །ལྔ་ལྡན་རྒྱལ་བ་ཁྱུ་མཆོག་དང་། །གནོད་སྦྱིན་ཆེན་པོ་དབང་ཕྱུག་ཆེ། །ལག་པ་བཞི་ཅན་སྟོབས་པོ་ཆེ། །སྡེ་པ་རབ་ཏུ་འདུལ་བ་ནི། །མཐུ་བོ་ཆེ་ལ་སྟོབས་པོ་ཆེ། །གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང་། །བདུད་རྣམས་སྡེ་དང་བཅས་པ་དང་། །གནོད་སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན། །ཤ་རི་ཏ་ནི་སྡེར་བཅས་དང་། །རི་ཡི་བུ་མོ་སྡེར་བཅས་དང་། །རི་ཡི་བུ་མོ་གནོད་སྦྱིན་མ། །གཟི་བརྗིད་ཆེན་པོ་འཇིགས་པའི་གཟུགས། །འཕྲོག་མ་ཞེས་ཀྱང་གྲགས་པ་དང་། །གདོལ་པ་མོ་ནི་གཏུམ་མོ་དང་། །བུ་རྣམས་ལྔ་བརྒྱས་བསྐོར་བ་དང་། །མི་རྡུང་ནག་མོ་ཀར་ཀ་ཏེ། །པདྨ་དང་ནི་པདྨ་ཅན། །མེ་ཏོག་སོ་དང་ས་ག་དང་། །སྲིན་མོ་བོང་བུའི་རྣ་ཅན་དང་། །ཙནྡན་དང་ནི་ཁྱབ་འཇུག་ལེན། །སེང་གེ་སེར་སྐྱ་དམར་སེར་པོ། ། གླང་པོ་ཀླུ་ཡི་སོ་ཅན་དང་། །རི་བཤེས་དྲག་པོའི་མཆེ་བ་ཅན། །སྲིན་མོ་སོ་བཟང་ཡོད་པ་དང་། །ཚངས་པ་ལེན་དང་ཁྱབ་འཇུག་ལེན། །གནོད་སྦྱིན་ཧ་ལ་ཧ་ལ་དང་། །གནོད་སྦྱིན་རྣམ་པའི་མཆུ་ཅན་དག །མདུང་དང་མདའ་གཞུ་ཀུན་ཐོགས་ཤིང་། །མི་རྟ་བ་ལང་རི་དགས་རྣམས། ། ཟ་ཞིང་འཚེ་བ་དེ་དག་ནི། །ཕྱོགས་རྣམས་ཀུན་ཏུ་རྒྱུག་ཅིང་འདོང་། །ས་འདི་རབ་ཏུ་གཡོ་བར་བྱེད། །ནགས་ཚལ་རྣམས་ཀྱང་རབ་ཏུ་སྐེམས། །རི་རྣམས་ཀུན་ནས་གཡོ་བར་བྱེད། །སྐྱེ་དགུ་འདི་དག་འཚེ་བྱེད་ཅིང་། །ཕན་ཚུན་ནས་ནི་འདུ་བ་དག །རིག་སྔགས་ཀྱིས་ནི་དྲངས་ནས་ལྷགས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །དེ་དག་ལྷགས་པར་གྱུར་པ་དང་། །དེ་ནས་རྒྱལ་པོ་རྣམ་ཐོས་བུས། །
འཇིག་རྟེན་མགོན་ལ་འདི་སྐད་གསོལ། །བདག་གི་ཕྱོགས་ཆ་བྱང་ཕྱོགས་སུ། །རྒྱལ་པོའི་གནས་སུ་སྤྲུལ་པ་ནི། །ལྕང་ལོར་ལྡན་པ་ཡིད་དུ་མཆི། །དེ་བས་བདག་ནི་ལྕང་ལོའི་བདག །རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན། །ལྷ་རྣམས་ཀུན་གྱིས་བསམ་པར་གྱུར། ། ཕྱི་ར་ཤིན་ཏུ་མཐོན་པོ་ཅན། །རིན་ཆེན་ཀུན་གྱིས་བརྒྱན་པ་ལགས། །འཕང་དུ་དཔག་ཚད་བཅུ་དྲུག་སྟེ། །གསེར་གྱི་རྒྱུ་ལས་བགྱིས་པ་ལགས། །ཕྱོགས་བཞི་ལྕོག་ནི་རེ་རེ་ལའང་། །གནོད་སྦྱིན་རྡོ་རྗེ་འཆང་བ་དག །ཀུན་ནས་རབ་ཏུ་གནས་པར་གྱུར། །ལག་ན་མཚོན་ཆ་ལེགས་པར་སྤྲུལ། །རྒྱལ་བོའི་ཕོ་བྲང་དེ་ཡི་སྒོ། །བཞི་པོ་གཏོད་པར་བགྱིས་པ་ནི། །གཅིག་ནི་གསེར་ལས་བགྱིས་པའི་སྒོ། །གཉིས་པ་དངུལ་ལས་བགྱིས་པ་སྟེ། །གསུམ་པ་ཤེལ་གྱི་སྒོ་མོ་ལགས། །བཞི་པ་གསེར་གྱིས་རྣམ་པར་སྤྲས། །གྲོང་ཁྱེར་དེ་ཡི་ནང་དག་ན། ། སྐྱེད་མོས་ཚལ་གྱི་མེ་ཏོག་རྒྱས། །དེ་ཡི་ནང་ན་གཞལ་མེད་ཁང་། །རིན་ཆེན་བདུན་རྒྱུ་སྣ་ཚོགས་མཆིས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་ཅན། །བྱ་བྲན་སྣ་ཚོགས་སྐད་ཀྱང་འབྱིན། །མེ་ཏོག་སྣ་ཚོགས་ལེགས་པར་བཀྲམ། །སྣ་ཚོགས་སྤོས་ཀྱིས་བྱུགས་པ་ལགས། །གནོད་སྦྱིན་མོ་ནི་འཇོམས་མ་དང་། །གླུ་དང་རོལ་མོས་རབ་ཏུ་བརྒྱན། །དཔལ་གྱི་དམ་པ་ཉམས་སུ་མྱོང་། །དེར་ནི་འབྱུང་པོའི་དཀྱིལ་འཁོར་དེར། །གང་དག་འཁོར་ཞིང་མཆིས་པ་དག །རྣམ་པའི་མཆོག་ཀུན་ལྡན་པ་སྟེ། །ཆོས་འཚལ་བ་དང་ཆོས་སྤྱོད་པ། །སྲོག་ཆགས་རྣམས་ལ་འཚེ་མི་བགྱིད། །ཟས་དང་སྐོམ་གྱིས་མི་བྲེལ་ཏེ། །སྐྱེ་དགུ་མི་བཟད་གཞན་དག་ནི། །ལོངས་སྤྱོད་ཆེན་པོ་ཚོལ་བགྱིད་ཅིང་། །ཕྱོགས་བཞི་ཀུན་ཏུ་རྣམ་པར་ལྟ། །གྲོང་ཁྱེར་སྒོ་ཡི་གོམ་ཡོ་དང་། །བཟའ་ཤིང་ར་བ་ནགས་ཚལ་ན། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །བྱེ་བ་སྟོང་ཕྲག་བརྒྱ་མཆིས་པ། །དེ་དག་ཐམས་ཅད་མདོ་སྡེ་ཡི། །ཞགས་པས་དྲངས་ཏེ་བརླག་པར་བགྱི། །རྒྱལ་པོའི་ཕོ་བྲང་དབུས་ན་ནི། །ཆོས་ཀྱི་རྒྱལ་པོའི་གནས་གྱུར་པ། །བསིལ་བའི་རྫིང་བུས་བསྐོར་བ་སྟེ། །ཙནྡན་ནགས་ཀྱིས་འཁོར་བ་ལགས། །ཀུན་ནས་དཔག་ཚད་དྲུག་ཅུ་སྟེ། །
ཁང་པ་བརྩེགས་མ་སྤྲུལ་པ་དག །གཅིག་ནི་གསེར་ལས་བགྱིས་པ་སྟེ། །གཉིས་པ་དངུལ་ལས་བགྱིས་པ་ལགས། །གསུམ་པ་བཻཌཱུཪྱ་ལས་བགྱིས། །བཞི་པ་གཙང་དང་ཤེལ་གྱི་རྒྱུ། །ལྔ་པ་མུ་ཏིག་དམར་པོ་སྟེ། །དྲུག་པ་རྡོ་ཡི་སྙིང་པོ་ལགས། །བདུན་པ་སྤུག་ལས་བགྱིས་པ་སྟེ། །བརྒྱད་པ་རིན་ཆེན་བདུན་ལས་བགྱིས། །བུད་མེད་སྟོང་ཕྲག་བརྒྱ་དག་ཀྱང་། །དེ་དག་རེ་རེ་ཀུན་ན་གནས། །ལྷབ་ལྷུབ་སྣ་ཚོགས་མཆོག་དག་དང་། །ཆ་བྱད་སྣ་ཚོགས་མང་པོས་བརྒྱན། །གླུ་དང་རོལ་མོ་སྣ་ཚོགས་དང་། །བཟོ་ཡི་གནས་ལ་མཁས་པ་མཆིས། །དེ་ལྟའི་རབ་ཏུ་དགའ་བ་ཡིས། །བདེ་ཞིང་ཚིམ་པའི་ཡིད་གྱུར་ཅིང་། །དེ་ན་བདག་ནི་དགུན་སྐྱེམས་དང་། །འདོད་པ་དག་གིས་རབ་མྱོས་པས། །བདག་གི་འཁོར་རྣམས་འཕྱན་བགྱིད་ཅིང་། །ཕྱོགས་བཅུ་དག་ཏུ་འཇིགས་པ་སྐྱེད། །བུད་མེད་དག་དང་སྐྱེས་པ་དང་། །དེ་བཞིན་ཁྱེའུ་དང་བུ་མོ་དང་། ། མངལ་ན་གནས་པའང་འཇིགས་པར་བགྱིད། །དུད་འགྲོའི་སྐྱེ་གནས་གཏོགས་པའང་འཚེ། །སྐར་མ་དག་དང་ཉི་ཟླ་དང་། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །ལོ་ཏོག་ས་བོན་འབྲས་བུ་དང་། །མེ་ཏོག་སྨན་དང་ཟས་སྐོམ་དང་། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང་། ། མཐོན་པོ་རྣམས་ཀྱང་དམའ་བར་བགྱིད། །འཇིག་རྟེན་དག་ན་ནོངས་པ་རྣམས། །དམག་དང་འཐབ་མོ་ཤར་གཉེར་དང་། །ཚིག་གམ་ཞིག་གམ་གསད་ཕྱེ་བ། །དེ་ཀུན་འབྱུང་པོའི་རྣམ་པར་གྱུར། །སྦེད་ཅིང་སྟོན་པར་བགྱིད་པ་དང་། །བཟློག་པར་བགྱིད་ཅིང་རྒོད་པར་བགྱིད། ། འཇིགས་པར་བགྱིད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ཕྱུང་ཞིང་། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། ། གདའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །བུ་མོ་སྡུག་གུའི་གཟུགས་དག་ཏུ། །འདོད་ལ་སྤྱོད་པ་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། །རླུང་དང་སྐར་མདའ་ལྕེ་གཟུགས་སུ། །ཚེ་ལ་གནོད་པར་དེ་དག་གདའ། །སྐར་མའི་ཚོགས་དང་
འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་རྟེན་དག་གི་གནས་ན་གདའ། །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པ། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གནོད་སྦྱིན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླངས་བགྱིས་ཤིང་། །ལམ་ངན་ཀུན་ཏུ་སྐོར་བར་བགྱིད། །རྣམ་པ་སྣ་ཚོགས་གཟུགས་དག་དང་། །རྣམ་པ་སྣ་ཚོགས་སྒྲ་རྣམས་དང་། །རྣམ་པ་སྣ་ཚོགས་ནད་ཀྱིས་རྣམས། །ལུས་ལ་ན་བ་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །ཕྱིན་ཅི་ལོག་ཏུ་སྟོན་པར་བགྱིད། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །རིག་སྔགས་ཞགས་པས་དྲངས་པས་ན། །དེ་དག་ཀུན་ཀྱང་འདིར་མཆིས་སོ། །དེ་ནས་རྒྱལ་པོ་རྣམ་ཐོས་བུ། །ལངས་ཏེ་ཐལ་མོ་རབ་སྦྱར་ནས། །ཞབས་ལ་འཁོར་ལོའི་མཚན་མངའ་བ། །གསེར་གྱི་མཆོད་སྡོང་འབར་བ་བཞིན། །འཇིག་རྟེན་སྣང་བར་མཛད་པ་པོ། །ཐུབ་པ་ཆེན་པོ་མེ་དང་འདྲ། །གནོད་སྦྱིན་གསང་སྔགས་མི་བཟད་ཅན། །སྟོང་ཕྲག་དྲུག་ཅུ་རྩ་བཞི་དག །བྱང་གི་ཕྱོགས་ཆའི་ཕྱོགས་ན་གནས། །བྱང་ཕྱོགས་དག་ཏུ་གནོད་པར་བགྱི། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་ད་ན། ཁངྒེ། ཁངྒེ། ཁངྒ། གམྦྷེ། པི་ཙཀྵ་ཎེ་ཙཀྲ། རཱ་ཛ་ནེ། ཙནྡྲེ། ཙ་པ་ལེ། པཱ་ཏཱ་ལེ། བྷཱི་མ་བ་ད་བ་ཏི། ཁ་རཱ་གྲེ་བྷྲྀ་ཀུ་ཊི་མུ་ཁེ་ཀུ་ཊི་ལ་ཀ་རཱ་གྲེ། ཨེ་ཀཱ་ཀྵི། པ་ར་ག་བ་ཏི། སཱ་རཾ་ག་བ་ཏི། མཱརྒ་བ་ཏི། གརྒ་བ་ཏེ། ཙི་ཏྲ་བ་ཏི། ཙི་ཏྲ་ཀཱནྟི། བདག་བྱང་ཕྱོགས་སུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་དང་
གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡང་། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །མེ་ཏོག་ཚོགས་ལྟར་རྒྱས་གྱུར་ཅིང་། །ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །ཁུ་བྱུག་དང་ནི་རྨ་བྱའི་སྒྲ། །རྔ་དང་འབྲུག་གི་སྒྲ་སྒྲོགས་པ། །ཐུབ་ཆེན་གནོད་སྦྱིན་སྲིན་པོ་དང་། །དྲི་ཟ་སྟོང་ཕྲག་དྲུག་ཅུ་བཞི། །ཤར་གྱི་ཕྱོགས་ཆའི་ཕྱོགས་ན་གནས། །ཤར་ཕྱོགས་པ་ལ་གནོད་པར་བྱེད། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་དན། དྷཱ་ར་ཎི། དྷཱ་ར་ཎི། པྲ་དྷྭན་ས་ནི། བྷཉྫ་ནི། པྲ་བྷཉྫ་ནི། བི་དྷ་མ་ནི། །ཀིམ་པུ་རུ་ཥེ། ཤ་ཀ་ལེ། སཱ་རེ་ཐེ། སཱ་ར་བ་ཏི། ཤཱུ་ལ་དྷ་རེ། །ཤཱུ་ལ་དྷཱ་རི་ཎི། ཤུད་དྷ་ཙ་ར་ཎེ། གྷོ་ཥ་བ་ཏི། ཤཱ་རཱ་གྲེ །ཤཱནྟེ། བདག་ཤར་ཕྱོགས་སུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། ། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ཐལ་མོ་སྦྱར་ཏེ་དེ་ནས་ལངས། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །སྨྲ་བ་ཐམས་ཅད་རབ་འཇོམས་པ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །འཇིག་རྟེན་ཐམས་ཅད་རྣམ་འདྲེན་པ། །གྲུལ་བུམ་ཡི་དགས་སྲུལ་པོ་དག །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ལྷོ་ཡི་ཕྱོགས་ཆའི་ཕྱོགས་ན་གནས། །དེ་ནས་བྱུང་ལ་གནོད་པར་བགྱིད། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་
བཤད། །སྱཱད་ཡ་ཐེ་དན། ཤཱནྟི། ཤཱ་ར་བ་ཏི། ཀཱནྟི། ཀཱ་ར་བ་ཏི། ཀིཾ་ཀ་ར་སི། ཀིཾ་ཀ་ར་ཏི། ཀིཾ་ཀ་སི་ཀི་རིཎྚི། ཀིཾ་ར་ཏེ། ཀིཾ་བ་ཏེ། དྷ་ར་ཎི། དྷ་བ་ནི། བྷཱུ་མི། དྷཱ་རྀ་ཎི། ཧི་མ་བ་ཏི། ཛྱོ་ཏིཥྩ་ར་ཎེ། གཱ་ལཱ་གྲེ། བདག་ལྷོ་ཕྱོགས་སུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། ། ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། ། རྒྱལ་པོ་མིག་མི་བཟང་བ་ཡང་། །ཐལ་མོ་སྦྱར་བ་བྱས་ནས་ལངས། །སྤྲིན་ཆེན་སེང་གེ་ཆེན་པོ་པ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །གསུང་བ་ཆེན་པོ་དཔའ་ཆེན་པོ། །གཡུལ་ཆེན་རབ་ཏུ་འཇོམས་མཛད་པ། །ཀླུ་དང་འདབ་བཟངས་གསང་བ་པོ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་དག ། ནུབ་ཀྱི་ཕྱོགས་ཆའི་ཕྱོགས་ན་གནས། །དེ་ནས་བྱུང་ལ་གནོད་པར་བགྱིད། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་ད་ན། དྷརྨྨི་བ་ར་གྲེ། བ་ལ་བ་ཏེ། བ་ལི་ནི། བི་ཤཱཾ་གེ། བི་ཙ་ཤི། སཱ་ག་རེ། ཁཱ་རཱི། ཀ་བ་ལི། ཙཎྜ་ལི། ཀི་རི་ཎི། ནཱི་ར་ཉྫ་ནེ། བིངྷཱར་ཎི། བལླ་མ་ཏི། ཨ་བརྞ་བ་ཏེ། ཨ་ཙ་ལེ། བདག་ནུབ་ཕྱོགས་སུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། ། སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་
ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པ་ཚངས་ཆེན་ཡང་། །ཐལ་མོ་སྦྱར་བ་བྱས་ནས་ལངས། །ཚངས་པས་བཀྲུས་པ་དག་པ་པོ། །རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །སྐྱེ་བོ་དགའ་མཛད་སྨན་པའི་རྗེ། །འཇིག་རྟེན་ཐམས་ཅད་གསོ་མཛད་པ། །གནོད་སྦྱིན་སྲིན་པོ་གང་གི་རྣམས། །ཕྱོགས་དང་ཕྱོགས་མཚམས་གནས་པ་དང་། །ས་ཡི་འོག་དང་བར་དང་སྟེང་། །ནམ་མཁའ་དག་ལ་གནས་པའི་གདོན། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་ད་ན། བྲཧྣེ། བྲཏྨ། གྷོ་ཥེ། བྲཧྨ་སྭ་རེ། བཛྲེ་བཛྲ་གྷོ་ཥེ། བཛྲ་དྷ་རེ། སྠི་ཏེ་སཱ་རེ། ཨ་ཙ་ལེ། ཨ་ར་ཎེ། ཨི་ཥ་ནི། ཨ་རཱ་ནི་ཏེ། ཤུ་རེ། བ་རཱ་གྲ། པྲཱཔྟེ། སཱ་ག་ར་བ་ཏེ། བདག་ཕྱོགས་ཐམས་ཅད་དུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། ། བདག་འཇིགས་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱལ་སྲིད་གཅིག་གི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། གྲོང་དང་། ཁྱིམ་ནས་སེམས་ཅན་གཅིག་གི་བར་གྱི་དོན་གྱི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན་གྱི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ།
དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་སྟེ། དེ་ནི་དཔེར་ན་སྨན་པ་མཁས་པའི་མཆོག་ཏུ་ཕྱིན་པ། གསོ་བ་ལ་བརྩོན་པ། སྨན་པས་ཤེས་པར་བྱ་བ་ཤིན་ཏུ་བསླབས་པ་རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན། ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་པ་ནས་སེམས་ཅན་གཅིག་གི་དོན་གྱི་བར་དུ་བྱུང་བ་མ་ཡིན་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེ་དག་ཏུ་མི་རྣམས་དང་། མི་མ་ཡིན་པ་དེ་དག་ཀྱང་རྣམ་པར་འཚེ་བར་མི་བྱ་བར་སེམས་ཀྱིས། ང་ཡང་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་བ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་ཀྱང་བྱས་པར་འགྱུར། སངས་རྒྱས་ཀྱི་མཛད་པ་ཡང་བྱས་པར་འགྱུར་རོ་སྙམ་དུ་དགོངས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བགོས་ནས་ལྷུང་བཟེད་བསྣམས་ཏེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་། ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་གཤེགས་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡས་རོལ་ནས་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ། ། ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་སྣམ་ལོགས་ནས་ཕུལ་ནས། བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །ལྷའི་བུ་དབང་ཕྱུག་ཆེན་པོ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་དང་། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས་པས་ཀྱང་སོ་སོ་ནས་ལྷའི་གདུགས་དག་བླངས་ཏེ། ཉན་ཐོས་རྣམས་ལ་ཕུལ་ནས་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །
དེ་ལྟ་བུའི་གྲགས་པ་དང་བཀུར་སྟི་དང་། བརྙེས་པར་བྱ་བ་བརྙེས་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་བབས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བཅོམ་ལྡན་འདས་ཤིན་ཏུ་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། དབང་པོ་དུལ་བ། ཐུགས་དུལ་བ། དུལ་བ་དང་། ཞི་གནས་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ། དབང་པོ་དབེན་ཞིང་ཁུགས་པ། གླང་པོ་ཆེན་པོ་ལྟ་བུ་ཤིན་ཏུ་དུལ་བ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་རྣམ་པར་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཤིན་ཏུ་བརྒྱན་པ། ཤིང་སཱ་ལའི་རྒྱལ་པོ་ལྟར་དེ་བཞིན་གཤེགས་པའི་སྐུ་རྣམ་པར་སྤྲས་པ། ཉི་མ་ལྟར་འོད་ཟེར་གྱི་དྲ་བ་ཀུན་ཏུ་འགྱེད་པ། མཚན་མོ་མུན་པའི་ནང་ན་རི་བོའི་སྤོ་ལ་མེའི་ཕུང་པོ་རབ་ཏུ་འབར་བ་དང་འདྲ་ཞིང་བཅོམ་ལྡན་འདས་གསེར་གྱི་རི་བོ་ཆེན་པོ་དམ་པ་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེ་རྒྱང་རིང་པོ་ནས་གནས་དེར་གཤེགས་པ་མཐོང་ངོ་། །མཐོང་མ་ཐག་ཏུ་ཡངས་པ་ཅན་གྱི་ལི་ཙྪ་བཱི་རྣམས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ནས། སེམས་དད་པར་གྱུར་པ་དེ་དག་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་ལམ་གང་ནས་གཤེགས་པའི་ལམ་དེ་ཕྱགས་ཤིང་ཆག་ཆག་འདེབས། བྱི་དོར་བྱེད། མེ་ཏོག་འཐོར། དར་གྱི་ལྡ་ལྡི་དང་། དྲིལ་བུ ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་བརྒྱན་ཏེ་བདུག་སྤོས་སྣ་ཚོགས་ཀྱིས་བདུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོ་ཅན་མེ་ཏོག་པདྨའི་སྙིང་པོ་ལྟར་འཇམ་པ། སྔོན་ལེགས་པར་སྤྱད་པའི་མཚན་གྱིས་བརྒྱན་པ། གཞོན་ཤ་ཆགས་ཤིང་འཇམ་པ། ཉི་མའི་འོད་ཟེར་བས་ལྷག་པའི་འོད་དང་ལྡན་པ། འོད་ཟེར་བརྒྱ་ཕྲག་མང་པོ་ཀུན་ཏུ་འཕྲོ་བ། དྲི་མ་མེད་པའི་ཕྱག་གིས་ལིཙྪ་བཱི་དག་གི་མགོ་ལ་བྱུགས་ཏེ་རྗེས་སུ་བསྟན་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་ནང་དུ་
གཤེགས་ནས་ནམ་གྱི་གུང་ཐུན་ལ་སྒོ་སྐྱེས་ཀྱི་གཞི་ཞབས་ཀྱིས་མནན་ནས་ཕྱོགས་བཞིར་གཟིགས་ཏེ་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ན་བཟའ་བླ་གོས་གསོལ་ཏེ་བཀའ་སྩལ་པ། ཕྱི་མའི་དུས་ན་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ་གང་སུ་ཡང་རུང་བ་དག་དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་དང་། སྟོང་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་སྟོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ལ་ཡམས་ཀྱི་ནད་དང་། འཇིགས་པ་དང་། འཚེ་བ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། འཐབ་པ་དང་། རྩོད་པ་དང་། འཆིང་བ་དང་། ཁ་མཆུ་དང་། ཤགས་དང་། ཐ་ན་ཕྲ་མ་དང་། སྡིག་པ་མི་དགེ་བའི་སྡུག་བསྔལ་བའི་ལས་ཀྱིས་མི་ཚུགས་ཤིང་། འཚེ་བར་བྱེད་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་གསང་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བགྱིད་པའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྱཱད་ཡ་ཐེད་ན། ཨ་ཙ་ལེ། མ་ཙ་ལེ། སཱ་ར་མ་ཙ་ལེ། པྲ་ཀྲྀ་ཏི་བརྞེ་ཀྲྀ་ཏི་ནི་རྒྷོ་ཥེ། ས་མནྟ་མུ་ཁེ། སྠི་རེ་སྠཱ་པ་རེ་བི་གྷུཥྚེ། བི་གྷུཥྚ་ཤབྡེ་པྲ་ག་ལ་ནི། སཱ་རང་ག་མེ་
སཱ་རཱ་སུ་ཏེ་སཱ་རངྒ་བ་ཏེ། བ་ལེ་མ་ཧཱ་བ་ལེ་མ་ཧཱ་ནིར་བྷཱ་སེ་སྭཱ་ཧཱ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་སུ་གཏོགས་པ་དྲན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། ཏིང་ངེ་འཛིན་གསུམ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། བསམ་གཏན་བཞི་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། རྗེས་སུ་དྲན་པ་དྲུག་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། རྣམ་པར་གྲོལ་བའི་སྐྱེ་མཆེད་བཅུ་གཅིག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་དང་། དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་རྣམ་པ་བཅུ་དྲུག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ཡི་གེ་བཞི་བཅུ་རྩ་གཉིས་ཏེ་ཚངས་པ་དེ་ནི་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་མདོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་སྟེ། སངས་རྒྱས་བསྒྲུབས་པའོ། །ཆོས་བསྒྲུབས་པའོ། །དགེ་འདུན་བསྒྲུབས་པའོ། །ཚངས་པ་བསྒྲུབས་པའོ། །དབང་པོ་བསྒྲུབས་པའོ། །འཇིག་རྟེན་སྐྱོང་བ་བསྒྲུབས་པའོ། །དབང་ཕྱུག་བསྒྲུབས་པའོ། །བདེན་པ་བསྒྲུབས་པའོ། །ལམ་བསྒྲུབས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྒྲུབས་པའོ། །ཟླ་བ་བསྒྲུབས་པའོ། །ཉི་མ་བསྒྲུབས་པའོ། །གཟའ་བསྒྲུབས་པའོ། །རྒྱུ་སྐར་བསྒྲུབས་པའོ། །སྱཱད་ཡ་ཐེ་དན། སཱ་ལེ་ཀ་སི་ནི། བི་དྷ་ར་ནི། བ་རཱ་གྲ། སཱ་རེ་ཨཱ་མརྵ་ཎི། ཨ་མོ་གྷ་བ་ཏི། ས་ཙ་ན་ཀཱ་ལི། ན་ཀཱ་ལི། ཀཱ་ཤི་ཀ་པ་ཏི། བྷ་ར་ཎི། བྷ་ར་ཀ་ཤ་ཁེ། ས་མནྟ་པྲཱཔྟེ། སཱཔྲཱཔྟེ། སཱ་ར་པྲཱཔྟེ། སྟམྦྷ་ནི། སྟམྦྷ་ན་པྲཱཔྟེ། བཛྲ་དྷ་རེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་འདི་འམ་ཡང་དག་འདས་པ་དང་། །མཐོ་རིས་དག་ན་
རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་ན། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཙོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །བློ་བུར་བྱས་ནའང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་
ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཤེས་རབ་ཟབ་མོ་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་སྭཱ་ཧཱ། སྱཱད་ཡ་ཐེ་དན། དྷི་རེ་དྷི་དྷི་རེ། བ་ལི་ནི་རྒྷོ་ཥེ། བ་ལི་སྭ་རེ། སཱ་ར་བ་ཏེ། སྟུ་ཏི་པྲ་སྟུ་ཏི་པྲཱཔྟེ། ཨཱ་ར་བེ། ཨ་ར་ནི་རྒྷོ་ཥེ། ཨཱ་ར་བ་ཏི། ཨ་ཙྱུ་ཏེ་
བ་ལ་བ་ཏེ། ཤཱུ་ར་པྲཱཔྟེ། སཱ་རཾ་ག་མེ། སུཪྱ་བ་ལེ། སཱུཪྱ་ནི་རྒྷོ་ཥེ་སྭཱ་ཧཱ། ཚངས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱའོ། །སངས་རྒྱས་ཀྱི་གནས་སོ། །ཆོས་ཀྱི་གནས་སོ། །དགེ་འདུན་གྱི་གནས་སོ། །ཚངས་པའི་གནས་སོ། །དབང་པོའི་གནས་སོ། །འཇིག་རྟེན་སྐྱོང་བའི་གནས་སོ། །དབང་ཕྱུག་གི་གནས་སོ། །དྲང་སྲོང་ཆེན་པོའི་གནས་སོ། །འབྱུང་པོའི་གནས་སོ། །མིག་གི་གནས་སོ། །རྒྱུའི་གནས་སོ། །ཕྱོགས་ཀྱི་གནས་སོ། །བསྟན་པའི་གནས་སོ། །སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཉན་ཐོས་རྣམས་ཀྱི་རེག་པའོ། །ཚངས་པས་བྱིན་གྱིས་བརླབས་པའོ། །དབང་པོའི་རབ་ཏུ་བསྔགས་པའོ། །འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཆོད་པའོ། །དབང་ཕྱུག་གི་ཕྱག་བྱས་པའོ། །ལྷ་ཐམས་ཅད་ཀྱི་ཀུན་ཏུ་མཆོད་པའོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་བསྔགས་པའོ། །མཁས་པ་རྣམས་མངོན་པར་དགའ་བར་གྱུར་པའོ། །དྲང་སྲོང་རྣམས་ཀྱི་རབ་ཏུ་བསྔགས་པའོ། །ཚངས་པ་རྣམས་ཀྱི་རབ་ཏུ་བརྒྱན་པའོ། །ལྷ་རྣམས་ཀྱི་མངོན་པར་བསྟོད་པའོ། །ཁྲུས་བྱེད་པ་རྣམས་ཀྱི་བསང་བའོ། །རིགས་བཞིའི་འཇིག་རྟེན་གྱི་དགའ་བར་བྱས་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལོ། །རང་སངས་རྒྱས་རྣམས་ཀྱི་སྐྱེད་མོས་ཚལ་ལོ། ། དྲང་སྲོང་རྣམས་ཀྱི་གནས་སོ། །ཉན་ཐོས་རྣམས་ཀྱི་མྱ་ངན་ལས་འདས་པའོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་སོ། །ཉོན་མོངས་པ་རྣམས་འཇོམས་པའོ། །བག་ལ་ཉལ་གྱི་ཟུག་རྔུ་རྣམས་འབྱིན་པའོ། །འཕགས་པའི་ལམ་ཀུན་ཏུ་སྟོན་པའོ། །ཐར་པའི་སྒོ་རྣམས་འབྱེད་པའོ། །འཇིག་ཚོགས་ལ་ལྟ་བ་རྣམས་འཇིག་པར་བྱེད་པའོ། །ང་རྒྱལ་གྱི་རི་རབ་ཏུ་བསྙིལ་བར་བྱེད་པའོ། །འཁོར་བའི་རྒྱ་མཚོ་སྐེམས་པའོ། །འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་ཐམས་ཅད་སྒྲོལ་བའོ། །བདུད་ཀྱི་
ཞགས་པ་གཅོད་པའོ། །བདུད་ཀྱི་འཁོར་སྐྲག་པར་བྱེད་པའོ། །བདུད་ཀྱི་མཆིལ་མ་འདོར་བའོ། །ཉོན་མོངས་པའི་གཡུལ་ལས་སྒྲོལ་བའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའོ། །འཁོར་བའི་ཁྱིམ་ནས་འབྱུང་བར་བྱེད་པའོ། །སྱཱད་ཡ་ཐེ་དན། ཁཌྒེ་ཁངྒེ་ཁཌྒེ་གྷོ། ཨུ་ཤོ་དྷ་ནེ། སཱ་ར་ཐི། པྲ་བྷེ་དེ། བི་པུ་ལ་པྲ་བྷེ། སཾ་ཀརྠ་ཎི། བི་ཀརྠ་ཎི། བི་ཤ་གྲ་བ་ཏེ། ཤུད་དྷ་སཱ་དྷ་ནི། བ་རུ་ཎ་བ་ཏེ། བཱ་ས། པེ་བྷུ་ཥེ་ནེ། བེ་སཾ་ག་མེ། པ་ཤུ་པ་ཏི། པུསྤ་གརྦྷེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང་ཉེ་བར་འཚེ་བ་དང་ངལ་བ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ།སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་སྟེ། འདིས་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཕྱག་རྒྱས་བཏབ་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་བླ་ན་མེད་པར་ཞུགས་སོ། །དེའི་དོན་གྱི་ཕྱིར་སྔོན་མངོན་པར་རྫོགས་པར་སངས་རྒྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། །རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། ཕ་མ་དང་། སྦྱིན་གནས་དང་། བླ་མ་ལྟ་བུ་རྣམས་ལ་བསྙེན་བཀུར་ཏོ། །ཚངས་པར་སྤྱོད་པ་སྤྱད་དོ། །ཚུལ་ཁྲིམས་བསྲུངས་སོ། །སྦྱིན་པ་བྱིན་ནོ། །སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐངས་སོ། །བྱང་ཆུབ་ཐོབ་པར་བསྒྲུབས་སོ། །བདུད་ཕམ་པར་བྱས་སོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དག་གིས་སྐད་གཅིག་དང་བློ་གྲོས་གཅིག་དང་དབྱངས་གཅིག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། ཀྱེ་མ་རིག་སྔགས་རིག་སྔགས་ཆེ། །སྟོང་ཆེན་རབ་ཏུ་འཇོམས་བྱེད་པ། ། སངས་རྒྱས་ཕྱག་རྒྱ་དེ་ཡིས་ནི། །ཕྱོགས་བཞིའི་སེམས་ཅན་ཐམས་ཅད་བསྲུངས། །ཕྱག་རྒྱ་གང་གིས་བཏབ་གྱུར་ན། །འབྱུང་པོ་ཐམས་ཅད་སྐྲག་བགྱིད་པ། །སྟོང་ཆེན་རབ་ཏུ་འཇོམས་པའི་མདོ། །ཕྱག་རྒྱ་བདག་ཅག་སྩལ་བར་བགྱི། །མི་གང་རབ་ཏུ་སྡང་བ་དང་། །བསྟན་པ་
འདི་ལ་མ་དད་པ། །དེ་དག་ཚངས་པས་སྤྲུལ་པ་ཡི། །རིག་སྔགས་ཆད་པས་གཅད་པར་བགྱི། །བརྒྱ་བྱིན་གྱིས་ནི་སྤྱི་བོས་བླངས། །འཇིག་རྟེན་སྐྱོང་བས་རྒྱས་བཏབ་བོ། །སྱཱད་ཡ་ཐེ་དན། ཀ་ལིཾ་གེ་བ་ར་དེ། ཛཽ་ཏཱ་གྲེ། ཛཱ་མ་ནི། སིཾ་ཧ་བ་དེ། སཱ་རཱ་གྲ་པྲཱཔྟེ། ཧཾ་ས་གཱ་མི་ནི། མ་ལི་ནི། ཧུ་ལེ་སི་ཧུ་ལེ་སི་ཧུ་ལི་སི་ཧུ་ལེ་མེ། ཧ་ཧམ། ཧ་ཧམ། སུ་ད་ནི། བ་རཱ་གྲ་བ་ཏི། ཧསྟི་ནི། ནེ་བ་ར་མི་ཏ། ཙཎྚ་ལེ། ཙ་ར་མེ། ཙ་རཱ་མེ་ཙ་རཱ་ཙ་རཱ་རེ་སྭཱ་ཧཱ། སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་མོ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ཕྱོགས་བཞིའི་གནོད་སྦྱིན་དང་སྲིན་པོ་ཤ་ཟ་བ་རྣམས་ཀྱིས་སྒྲ་སྐད་དྲག་པོ་ཕྱུང་བ། ཀྱེ་མའོ་སྡུག་བསྔལ་ཀྱེ་མའོ་བརླག །བདག་ཅག་འབྱུང་པོའི་ཚོགས་ཕུང་ངོ་། །འབྱུང་པོའི་ཚོགས་ནི་རབ་ཏུ་ཕུང་། །བདག་ཅག་རྟག་ཏུ་དབང་གིས་ཁྲིད། །སྲོག་ཆགས་འབྱུང་པོ་ཐམས་ཅད་ནི། །དེ་རིང་དགྲར་བཅས་དབང་མེད་དོ། །དེ་དག་ས་ལ་འཁོད་ནས་ནི། །ཞུམ་ཞིང་རྣམ་པར་ཞུམ་གྱུར་ནས། །འགྲེ་ཞིང་ལྡོག་པར་རབ་ཏུ་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་རྡོ་རྗེར་མངོན་པར་སྤྲུལ་པ་དང་། དེ་དག་ཀྱང་ཕྱོགས་བཞིར་བྱེར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཕྱོགས་བཞིར་མེ་ལྕེའི་ཕུང་པོ་ཆེན་པོ་མངོན་པར་སྤྲུལ་པ་དང་དེ་དག་ནམ་མཁའ་ལ་ཀུན་ཏུ་རྒྱུག་གོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ནམ་མཁའ་ལྕགས་སུ་མངོན་པར་སྤྲུལ་པ་དང་། དེ་དག་ཤིང་ཏ་ལ་བདུན་ཙམ་ནས་ནམ་མཁའ་ལ་ཀུན་ཏུ་རྒྱུག་གོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རལ་གྲི་དང་། མདའ་དང་། མདུང་ཐུང་དང་། མདུང་དང་། མདའ་བོ་ཆེ་དང་། ཤིང་ལྗོན་པ་དང་། རིའི་ཆར་མངོན་པར་ཕབ་བོ། །དེའི་ཚེ་གནོད་སྦྱིན་ལྔ་སྟོང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ནས་འདུས་པ་རྣམས་རིག་སྔགས་ཀྱི་དམོད་པས་བཅོམ་སྟེ། རིམས་ནད་ཀྱིས་བཏབ་ནས་མྱོས་ཏེ་རྨྱ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་གསོལ་པ། དགེ་སྦྱོང་གཽ་ཏ་མ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཐུགས་བརྩེ་བ་ཅན་ལགས་ཀྱིས། དགེ་སྦྱོང་གཽ་ཏ་མས་བདག་ཅག་
བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་དེ་དག་ལ་བྱམས་པས་ཁྱབ་པར་མཛད་ནས་བསླབ་པའི་གཞི་འཛིན་དུ་བཙུད་དོ། །བདག་ཅག་ཕྱག་རྒྱ་སྤོང་གྱུར་ན། །མ་བསད་པ་ཡི་འགྲོ་གང་དང་། །ཕ་བསད་པ་ཡི་འགྲོ་གང་དང་། །དགྲ་བཅོམ་པ་ཡང་གསོད་གང་དང་། །དགེ་འདུན་དབྱེན་བགྱིད་འགྲོ་གང་དང་། །རྫོགས་སངས་རྒྱས་ལ་སྡང་སེམས་ཀྱིས། །སྐུ་མཚལ་ཕྱུང་བ་བགྱིད་པ་ཡི། །འགྲོ་བ་གང་ལགས་དེར་མཆིའོ། །ཨརྫ་ཀ་ཡི་དོག་པ་ལྟར། །མགོ་ནི་ཚལ་པ་བདུན་འགས་ཤིང་། །གནོད་སྦྱིན་ནད་ཀྱིས་བཏབ་པ་དང་། །བདག་ལུས་ཤ་བཀྲ་འབྱུང་བར་ཤོག །གང་འདི་རྒྱལ་བས་གསུངས་པའི་མདོ། །སྟོང་ཆེན་རབ་ཏུ་འཇོམས་པ་ཡི། །རིག་སྔགས་རྒྱལ་ལས་འགལ་བགྱིས་ན། །བདག་ཅག་འདོད་བཞིན་མི་འགྱུར་རོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ན་ཡམས་ཀྱི་ནད་དང་། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ། །གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱང་རང་རང་གི་སྤྱོད་ཡུལ་ལས་འདས་སོ། །ངང་པ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། ངུར་པ་དང་། ཤང་ཤང་ཏེའུ་དང་། བྱའི་ཚོགས་རྣམས་ཀྱང་སྒྲ་སྙན་པ་འབྱིན་ཏོ། །མི་འམ་ཅི་རྣམས་ནི་ལྷའི་བུ་མོ་བཞིན་དུ་ལུས་ལ་གནོད་པ་མེད་དོ། །རིན་པོ་ཆེའི་ཆ་བྱད་རྣམས་ཀྱང་མ་དཀྲོལ་བར་འཁྲོལ་ལོ། །རྔ་བོ་ཆེ་དང་། དུང་དང་། རྫ་རྔ་དང་། རྔ་བྲན་དང་། པི་བང་དང་། གླིང་བུ་རྣམས་ཀྱང་ཇི་ལྟར་གནས་སུ་བཀོད་པ་བཞིན་དུ་སྒྲ་བྱུང་ངོ་། །བལ་པོ་སེའུ་དང་། བིལ་བ་དང་། སྐྱུ་རུ་ར་དང་། ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི་ཤིང་དང་། སྤྲེའུ་གནས་དང་། བླཀྵ་དང་། ཨུ་དུམ་བཱ་ར་དང་། སཱ་ལ་དང་། ཏ་མ་ལའི་ཤིང་ལྗོན་པ་རྣམས་ཀྱང་དྲི་རབ་ཏུ་འབྱིན་ཏོ། །ལྷ་བརྒྱ་སྟོང་དག་གིས་ཀྱང་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་སྟེ། བར་སྣང་ལས་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །མི་མ་ཡིན་པའི་དྲི་དག་ཀྱང་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་བསླབ་པའི་གཞི་ཡོངས་
སུ་བཟུང་སྟེ། གོས་ངུར་སྨྲིག་བགོས་ནས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེའི་རྒྱལ་པོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པ། སངས་རྒྱས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་བླངས་ཤིང་བཟུང་སྟེ། བཀླགས་ཤིང་བཤད་ལ་ཀུན་ཆུབ་པར་བགྱིས་ཤིང་ཡི་གེར་བྲིས་ནས་མདུད་པ་བོར་ཏེ་འཆང་ན། དེ་ལ་ཡམས་ཀྱི་ནད་དང་། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། ཁྲག་ཁྲུག་དང་། འཐབ་མོ་དང་། བཅིང་བ་དང་། རྩོད་པ་དང་། འགྱེད་པ་ནས་ཕྲ་མའི་བར་གྱི་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་མི་ཚུགས་པར་འགྱུར་ལགས་སོ། །རྣམ་པར་འཚེ་བ་ཐམས་ཅད་ལས་རྒྱལ་བར་འགྱུར་ལགས་སོ། །ཡུལ་འཁོར་མཚམས་གཅད་པར་འཚལ་བ། ཁྲུས་བགྱིས་པ། ཟས་དཀར་གསུམ་འཚལ་བ། ཟས་ངན་པ་རྣམ་ལྔ་སྤངས་པ། མིའི་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། ཤིན་ཏུ་བརྒྱན་པ། གོས་དང་། རྒྱན་དང་ལྡན་པ་དེས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། སུམ་མདོ་དང་། ཁྱིམ་རྣམས་ཉལ་ཉིལ་གྱི་ཕུང་པོ་མ་མཆིས་པར་བགྱིས་ཏེ། རྒྱལ་པོའི་ཕོ་བྲང་འཁོར་གྱི་དབུས་ཀྱི་དོག་ས་རྣམས་སུ་མེ་ཏོག་སིལ་མ་བཀྲམ་ལ། སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུག་པར་བགྱིའོ། །ཕྱོགས་བཞིར་བུ་མོ་ཤིན་ཏུ་ཁྲུས་བགྱིས་པས་བརྒྱན་པ། ལག་ན་མཚོན་ཐོགས་པ་བཞི་དང་། དྲིལ་བུ ་བཞི་དང་། རིན་པོ་ཆེའི་སྣོད་བཞི་བཞག་གོ། །སྔ་དྲོའི་དུས་ཀྱི་ཚེ་གདུགས་ཤར་བ་དང་། རིག་སྔགས་བཀླག་པར་བགྱི་སྟེ། མདོ་སྡེ་བཟླས་ཤིང་བཀླག་པར་བགྱིའོ། །ཡི་གེར་བྲིས་ཏེ་མཆོད་རྟེན་ཆེན་པོ་དང་། ཤིང་ལྗོན་པ་ཆེན་པོ་དང་། རྒྱལ་མཚན་ཆེན་པོའི་རྩེ་མོ་ལ་བསྟོད་དེ་བཏགས་ལ། མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དག་གིས་དགུང་ཟླ་ཕྱེད་ཀྱི་བར་དུ་མཆོད་པར་བགྱིའོ། །གདུགས་རེ་རེ་ཞིང་རིག་སྔགས་ལན་རེ་བཀླག་པར་བགྱིའོ། །དེ་ལྟར་ན་ཡུལ་འཁོར་ཡོངས་སུ་ཐར་བར་འགྱུར་རོ། ། དེ་ལྟར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དང་། གནས་དང་། གཙུག་ལག་ཁང་དང་། ཁྱིམ་དང་། ཞིང་དང་། ལས་ཁང་དང་། ཤིང་ལྗོན་པ་དང་། འབྲས་བུ་དང་། ནེའུ་གསིང་དང་། ཀུན་དགའ་ར་བ་དང་། གནག་ལྷས་དང་། ཕྱུགས་ལྷས་རྣམས་ཉལ་
ཉིལ་མ་མཆིས་པར་བགྱིས་ཏེ། སེང་ལྡེང་དང་། རྒྱ་ཤུག་གི་ཞུགས་བལྟམས་ལ། དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། སྒོ་གང་གཡས་གཡོན་ནས་དྲི་སྣ་ཚོགས་ཀྱིས་བདུགས་ལ། ས་བོན་ཐམས་ཅད་མར་གྱིས་བསྐུས་ཏེ་ཕྱོགས་བཞིར་གཏོར་བར་བགྱི། ཆབ་སྒོར་ཚོན་སྐུད་སྣ་ཚོགས་བྲེ་བར་བགྱིའོ། ། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དག་ནི་བཏོན་ལ་སླར་ཡང་གཟུད་པར་བགྱིའོ། །རིག་སྔགས་ཀྱང་བཀླག་པར་བགྱིའོ། །ཡི་གེར་བྲིས་སམ། མདུད་པ་མདུད་དེ་མཐོན་པོའི་ཁར་བཏགས་ལ་མཆོད་པར་བགྱིའོ། །ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། ཚངས་པའི་གཟུགས་སམ། བརྒྱ་བྱིན་གྱི་གཟུགས་སམ། རྒྱལ་པོ་ཆེན་པོ་བཞིའི་གཟུགས་ཁྲིའུ་འམ། ཟ་མ་ཏོག་གི་སྟེང་དུ་བཞག་སྟེ། ཕྱག་རྒྱ་བཞི་བགྱིས་ལ་བཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་དང་། གནོད་སྦྱིན་སྟོབས་པོ་ཆེ་དང་། འཕྲོག་མ་ལ་སོགས་པའི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་ཀྱི་སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག །བདག་ལ་སྲུང་བ་གྱིས་ཤིག །ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག །ནད་པའི་ཟས་དང་། སྐོམ་དང་། སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང་། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་འདི་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཅིང་། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་གྱུར་
པར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །གསེར་ཞེས་བྱ་བའི་ཡེ་ཤེས་དང་། །འོད་སྲུང་གི་ནི་རྫུ་འཕྲུལ་དང་། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་སྟེ་བཀླག་པར་བགྱི། །སྱཱད་ཡ་ཐེ་དན། ཁ་ཊེ། ཁ་ཊེ། ཁ་ཊེ། ཁ་ཊེ་བི་ཁ་ཊི། བི་མ་ལེ། བི་ལམ་བེ། བ་ལེ། བ་ལ་བ་ཏི། ཙནྡྲེ། ཙ་ར་ཎེ། ཨ་མྲྀ་ཏ་ནི་རྒྷོ་ཥེ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །བདག་ལ་རྟག་ཏུ་དགེ་བར་ཤོག །བྱད་སྟེམས་དང་རོ་ལངས་དང་ལྡན་པའི་ལས་རྣམས་ལ་སྐྱེས་པའམ། བུད་མེད་གདུགས་ཞག་གཅིག་སྨྱུང་བ་བགྱིས་པ། རབ་ཏུ་བཀྲུས་པ། ཤིན་ཏུ་བརྒྱན་པ་དེས་དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། སྤོས་སྣ་ཚོགས་ཀྱིས་བདུགས་ལ་སེང་ལྡེང་དང་། རྒྱ་ཤུག་རིགས་གཉིས་ཀྱི་ཞུགས་བུས་ཏེ། ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱིའོ། །ཞུགས་ཀྱི་ནང་དུའང་གཏོར་བར་བགྱིའོ། །རྩ་བ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ་རལ་གྲིའམ། མདུང་རྩེ་གསུམ་པའམ། མདུང་ངམ། མདའ་ལ་གདགས་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་སྦྱར་ཏེ། བུམ་པ་ཆེན་པོའི་ནང་དུ་བླུགས་ལ། གང་བྱད་སྟེམས་ཀྱིས་ཕོག་པ་དེ་སྐུད་པ་དེས་བཅིངས་ཏེ། བུམ་པའི་ཆབ་ཀྱིས་བཀྲུ་བར་བགྱིའོ། །སྐུད་པ་ཡང་རལ་གྲིས་བཅད་དེ་ཞུགས་ཀྱི་ནང་དུ་དོར་རོ། །སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ཡང་བརྗོད་པར་བགྱིའོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང་། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་དང་། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །རོ་ལངས་ལས་རྣམས་ཆད་གྱུར་ཅིག །རྡོ་རྗེས་རིན་ཆེན་ཕུག་པ་དང་། །
མེ་ཡིས་བུད་ཤིང་སྲེག་པ་དང་། །རླུང་གིས་སྤྲིན་ནི་འཐོར་བ་དང་། །ཉི་མས་ནགས་ཚལ་སྐེམས་བྱེད་པ། །བདེན་པའི་ཚིག་ནི་དེ་དག་གིས། །བྱད་སྟེམས་ལས་རྣམས་ཚིག་པར་ཤོག །སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས། །སྡིག་པ་ཐམས་ཅད་ངེས་པར་བསལ། །ཏདྱ་ཐཱ། ཧུ་མེ་ཧུ་མེ་ཀ་ཁ་ལི། ཀ་ཁ་ལི། ཁ་ར་ལེ། ཛུ་ཧྭི་ནི། ཛ་བ་ལེ། ཧ་རཱ་གྲེ། ཧ་རི་ཎི་ཤཱ་བ་རི། ཤཱནྟི། པྲ་ཤནྟི་སྭཱ་ཧཱ། དྷཱ་བ་ནི་སྭཱ་ཧཱ། པྲ་དྷཱ་བ་ནི་སྭཱ་ཧཱ། གྷནྡ་རྦེསྭཱ་ཧཱ། པྲ་ལཾ་གི་ནི་སྭཱ་ཧཱ། སརྦ་ཀཱ་ཁོརྡ་ཀྲྀ་ཏ་བེ་ཏཱ་ཌ་ཙྪེ་ད་ནི་སྭཱ་ཧཱ། ལྷ་ཐམས་ཅད་ཀྱི་གསང་སྔགས་འདི་དག་གིས་བདག་གི་བྱད་སྟེམས་དང་། རོ་ལངས་དང་། སྨན་དང་། སྔགས་དང་། དུག་དང་། དུག་སྦྱར་མ་རྣམས་བཅད་དོ། །བཤིག་གོ །ཕམ་པར་བྱས་སོ། །ཕ་རོལ་ཕམ་པར་བྱས་སོ་སྭཱ་ཧཱ། ལྦ་བ་དང་། ཤུ་བ་དང་། སྨྱོ་བ་དང་། འབྲས་དང་། འབྲུམ་བུ་དང་། རྐོམ་པོ་དང་། དུག་འཐུངས་པ་ལས་ཐར་བར་འཚལ་བ་ཤིན་ཏུ་ཁྲུས་བགྱིས་པ། ཤིན་ཏུ་བརྒྱན་པ། སྟན་བཟང་པོའི་སྟེང་དུ་མཆིས་ཏེ། རིག་སྔགས་འདི་བརྗོད་པར་བགྱིའོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་དག་གི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །དུག་མེད་དུག་རྣམས་འཇིག་བྱེད་པ། །གསང་སྔགས་ཚིག་རྣམས་དེ་ལགས་སོ། །སྱཱད་ཡ་ཐེ་དན། ཧ་རི་གི་ཤི་ན་ཀི་ལི། ཨེ་ཧེ་རེ། ཨ་མ་རེ། ཨཎྜ་རེ། པཎྜ་རེ། ཀ་ཊ་ཀེ། ཀེ་ཡཱུ་རེ། ཧ་སེ་ཧ་སེ་ཧ་སེ། ཁ་སེ་ཁ་སེ་ཁ་སེ། ཁ་རཾ་གེ །མ་རུ་ག་ཧ་ཎེ་སྭཱ་ཧཱ། མུ་མུ་ཀྵ་སྭཱ་ཧཱ། ཧི་ལེ་སྭཱ་ཧཱ། མི་ལེ་སྭཱ་ཧཱ། འབྲས་དང་རྨ་དང་ཤུ་བ་དང་། །གཡན་པ་དང་ནི་འབྲུམ་བུ་དང་། །ལྷོག་པ་དང་ནི་གཡའ་
བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མི་མངའ། །ཆོས་ཀྱི་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་དེ་དག་གིས། །བདག་གི་དུག་ནི་དུག་མེད་ཤོག །དུག་ནི་ས་ཡི་ནང་དུ་སོང་། །གང་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། དེ་ནས་ཁྲག་ཁྲུག་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། དགྲ་རྣམས་ལས་རྒྱལ་བར་འཚལ་བས་ཐོག་མར་མཆོད་རྟེན་ཆེན་པོ་ལ་མཆོད་པར་བགྱིའོ། །སྟོང་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཡང་བརྗོད་པར་བགྱིའོ། །སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར། ། ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོའོ། །མེ་ཡིས་ཤིང་རྣམས་ཕམ་པར་གྱུར། །ཆུས་ནི་མེ་ཡང་ཕམ་པར་འགྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གསུངས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་བརྫུན་མ་ལགས། །སྱཱད་ཡ་ཐེ་དན། ཨ་མྲྀ་ཏེ། ཨ་གྲ་པུཥྤེ། བ་ཧུ་ཕ་ལེ། ནི་བཱ་ར་ཎི། སརྦ་ཨརྛ་སཱ་དྷ་ནི། ཨ་པ་རཱ་ཛི་ཏེ། བ་ར་ཊེ་དྷ་ར་ཎི། གུ་ཧྱཱ་བར་ཏེ། གཽ་ཏ་མེ། གུ་གུ་མ་ཏི། ཛམྦྷ་ནི་སྭཱ་ཧཱ། པྲ་ཛམྦྷ་ནི་སྭཱ་ཧཱ། བ་ལ་པྲ་བྷཉྫ་ནི་སྭཱ་ཧཱ། ཛ་ཡེ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཛ་ཡ་བི་ཛ་ཡེ་སྭཱ་ཧཱ། ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། དེ་ནས་སྟོན་པ་ཀུན་མཁྱེན་གྱིས། །ཚིགས་སུ་བཅད་པ་འདི་དག་གསུངས། །མི་འཁྲུགས་པ་དང་སྣང་མཛད་སྤྱན་རས་གཟིགས་ཀྱི་དབང་། །རིན་ཆེན་
འོད་འཕྲོ་རི་རབ་མུ་ཁྱུད་འོད་དཔག་མེད། །རྡོ་རྗེ་རྣམས་ཀྱི་མཚན་རྣམས་རྟག་ཏུ་བཟུང་ན་ནི། །འཇིགས་པར་འགྱུར་བ་མ་ཡིན་ནོན་པར་མི་འགྱུར་རོ། །གང་གིས་མཐུ་སྟོབས་ཆེན་པོ་བརྒྱད་པོ་འདི་དག་གི། །མཚན་རྣམས་རྗེས་སུ་གཟུང་བའི་ཕྱིར་ནི་རབ་བརྗོད་ཅིང་། །ཀུན་ཏུ་བསྐྱབ་པ་བྱས་ན་དེ་ཡི་ལུས་ལ་ནི། །མེ་དང་དུག་དང་མཚོན་གྱིས་ཚུགས་པར་མི་འགྱུར་རོ། །གལ་ཏེ་དེ་ལ་གནོད་པ་བྱེད་པ་ཉེ་བར་གནས། །གཤེད་མས་མཚོན་རྣམས་ཀྱིས་ནི་གདབ་པར་གཟས་པ་ལས། །སྤྱན་རས་གཟིགས་ཀྱི་དབང་པོ་རྗེས་སུ་དྲན་ན་ནི། །མཚོན་ཆ་དེ་དག་དུམ་བུ་དུམ་བུར་ཆག་ཅིང་འབྲུལ། །གལ་ཏེ་མཚོན་ཆ་རྣམས་ནི་ཐོགས་པར་གྱུར་ན་ཡང་། །ལག་པ་ཆག་ནས་ས་ལ་རབ་ཏུ་ལྟུང་བར་འགྱུར། །དེ་ཡི་ལུས་ལ་ཅུང་ཟད་འབབ་པར་མི་འགྱུར་ཏེ། །སྔན་ཆད་བྱས་པ་གང་ཡིན་པ་ནི་མ་གཏོགས་སོ། །ལྷ་རྣམས་ཀྱིས་མཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །བདེན་པ་རབ་སྟོན་ཐུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །དེང་ནི་བདེན་པ་རྣམས་ལ་གནས་ནས་མཆི་བར་བགྱི། །བདག་གི་ལས་རྣམས་ཐམས་ཅད་འབྲས་བུར་བཅས་གྱུར་ཅིག །དེ་ནས་ཚངས་པ་ཚངས་ཆེན་གྱིས། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །སྟོང་ཆེན་རབ་ཏུ་འཇོམས་བྱེད་པ། །ལེགས་པར་གསུངས་པའི་རིག་སྔགས་འདི། །བྱིས་པ་རྣམས་ལ་ཕན་བགྱིད་པ། །རིག་སྔགས་བདག་གིས་བརྗོད་པར་བགྱི། །གང་གིས་དང་པོར་འཛམ་གླིང་དུ། །རིག་སྔགས་རབ་ཏུ་སྟོན་མཛད་པ། །ཆོས་ཀྱི་རྒྱལ་པོ་སྣང་མཛད་པ། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ཁྱད་པར་འཕགས་པའི་ཆོས་རྣམས་དང་། །ཚོགས་ཀྱི་དམ་པ་དགེ་འདུན་དང་། །སངས་རྒྱས་ཞབས་ལ་ཕྱག་འཚལ་ནས། །ཚངས་པས་འདི་སྐད་ཚིག་གསོལ་ཏོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་ཀྱི་ནི་ཉན་ཐོས་དང་། །དྲང་སྲོང་དང་ནི་འཇིག་རྟེན་སྐྱོང་། །ལྷ་རྣམས་ཇི་སྙེད་མཆིས་པ་དང་། །དེ་ཀུན་མི་ཡི་འཇིག་རྟེན་ན། །འདི་ལས་སྐྱེས་པ་ཤ་སྟག་གོ། །ཐུབ་ཆེན་མངལ་ལ་འཚལ་བ་ཡི། །གནོད་སྦྱིན་སྲིན་པོ་འདི་ན་མཆིས། །རྒྱལ་པོ་རྣམས་ཀྱིས་མཐོང་མི་ནུས། །བསྟན་
པར་ཡང་ནི་མི་ནུས་སོ། །གང་ལ་བུ་ནི་མི་འཆགས་དང་། །གང་གི་མངལ་ནི་མི་གནས་དང་། །སྐྱེས་པ་བུད་མེད་འདུ་བ་ན། །དབང་པོ་རྣམས་ནི་མྱོས་པར་བགྱིད། །མེར་མེར་པོ་དང་ནུར་ནུར་པོ། །བུ་ཡི་ས་བོན་མ་རུང་བགྱིད། །གང་ཡང་མངལ་ནི་ཐུར་དུ་གྱུར། །ཤ་མ་མི་འབྱུང་གནོད་བགྱིད་པ། །དེ་རྣམས་ཀྱི་ནི་མིང་བརྗོད་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །འཇམ་པ་པོ་དང་རི་དགས་རྒྱལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མ་མོ་དང་ནི་ཛ་མི་ཀ །འདོད་པ་ཅན་དང་ནམ་གྲུ་དང་། །སྲུལ་པོ་དང་ནི་མ་དགའ་བྱེད། །བྱ་དང་གཉའ་བའི་ལག་ཅན་དང་། །བཞིན་རྒྱན་དང་ནི་མིག་འཕྱང་བ། །དེ་དག་ཐམས་ཅད་ས་ལ་རྒྱུ། །གདོན་རྣམས་བཅྭ་ལྔ་དེ་དག་ནི། །བྱིས་པ་རྣམས་ལ་འཇིགས་པར་བགྱིད། །ཇི་ལྟར་བྱིས་པ་འཛིན་པ་ཡི། །མཚན་དང་གཟུགས་ཀྱང་བརྗོད་པར་བགྱི། །འཇམ་པ་པོས་ནི་ཟིན་གྱུར་ན། །མིག་ནི་རབ་ཏུ་འགྱུར་བར་བགྱིད། །རི་དགས་རྒྱལ་གྱིས་ཟིན་གྱུར་ན། །སྐྱུགས་པ་མི་བཟད་སྐྱུག་པར་འགྱུར། །སྐེམ་བྱེད་ཀྱིས་ནི་ཟིན་གྱུར་ན། །སྐེམ་བྱེད་པས་ནི་བྱིས་པ་འགུལ། །བརྗེད་བྱེད་ཀྱིས་ནི་ཟིན་གྱུར་ན། །འགྲེ་ཞིང་དེ་ལྟར་སྒྲ་ཡང་འབྱིན། །དབུ་བ་དང་ནི་ཁ་ཆུ་འཛག །ཁུ་ཚུར་ཅན་གྱིས་རབ་ཟིན་ན། ། ཁུ་ཚུར་འཆང་ཞིང་འགྱེད་པར་བགྱིད། །མ་མོ་ཡིས་ནི་ཟིན་གྱུར་ན། །རྒོད་ཅིང་དེ་བཞིན་སྒྲ་ཡང་འབྱིན། །ཛ་མི་ཀས་ནི་རབ་ཟིན་ན། །ནུ་ཞོ་ནུ་བར་མངོན་མི་དགའ། །འདོད་པ་ཅན་གྱིས་རབ་ཟིན་ན། །མལ་ན་གཉིད་ལོག་ངུ་བར་འགྱུར། །ནམ་གྲུས་རབ་ཏུ་ཟིན་གྱུར་ན། །ལྕེ་ལ་སོས་ནི་འཆའ་བར་བགྱིད། །སྲུལ་པོས་རབ་ཏུ་ཟིན་གྱུར་ན། །ཀུ་ཅོ་འདོན་ཅིང་སྒྲ་ཡང་འབྱིན། །མ་དགའ་བྱེད་པས་ཟིན་གྱུར་ན། །རྣམ་པ་སྣ་ཚོགས་གཟུགས་སུ་འགྱུར། །བྱ་ཡིས་རབ་ཏུ་ཟིན་གྱུར་ན། །མནམ་པའི་དྲི་ནི་འབྱུང་བར་འགྱུར། །གཉའ་ལག་ཅན་གྱིས་ཟིན་གྱུར་ན། །མགུལ་པ་རབ་ཏུ་འགག་པར་འགྱུར། །བཞིན་རྒྱན་གྱིས་ནི་ཟིན་གྱུར་ན། །རིམས་ཀྱིས་བཏབ་ཅིང་འཁྲུ་བར་འགྱུར། །མིག་འཕྱང་བས་ནི་ཟིན་གྱུར་ན། །སྐྱིགས་བུ་དང་ནི་སྡམ་པ་འབྱུང་། །བྱིས་པ་ཇི་ལྟར་སྐྲག་བགྱིད་པ། །དེ་ཡི་གཟུགས་ནི་བརྗོད་པར་བགྱིད། །འཇམ་པ་པོ་ནི་བ་ལང་གཟུགས། །རི་དགས་རྒྱལ་པོ་རི་དགས་འདྲ། །
སྐེམ་བྱེད་པ་ནི་གཞོན་ནུའི་གཟུགས། །བརྗེད་བྱེད་པ་ནི་ཝ་འདྲའོ། །ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །མ་མོ་དེ་ནི་མི་ཡི་གཟུགས། །ཛ་མི་ཀ་ནི་རྟ་ཡི་གཟུགས། །འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །ནམ་གྲུ་ཁྱི་ཡི་གཟུགས་ཀྱིས་ཏེ། །སྲུལ་པོ་ཕག་གི་གཟུགས་ཀྱིས་སོ། །མ་དགའ་བྱེད་པ་བྱི་ལའི་གཟུགས། །བྱ་ནི་འདབ་ཆགས་གཟུགས་ཀྱིས་སོ། །གཉའ་ལག་ཅན་ནི་བྱ་གག་གཟུགས། །བཞིན་རྒྱན་འུག་པའི་གཟུགས་སུ་སྟེ། །མིག་འཕྱང་བ་ནི་ཕ་བང་གཟུགས། །འདི་དག་བྱིས་པ་སྐྲག་པར་བགྱིད། །འདི་དག་བུ་འཕྲོག་མ་རུངས་པ། །བྱིས་པ་རྣམས་ལ་འཇིགས་བགྱིད་པ། །མདོ་སྡེའི་ཞགས་པས་དྲངས་ནས་ནི། །འདི་དག་ཤིན་ཏུ་དགུག་པར་བགྱིད། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི། །དྲི་ཟ་ཙནྡན་ཞེས་བགྱི་བ། །ཡི་གེ་ཕྱག་རྒྱ་དེ་སྩལ་ཏེ། །སོང་ལ་གདོན་ནི་དྲག་པོ་པ། །བཅྭ་ལྔ་དེ་དག་ཁུག་ཤིག་ཅེས། །ཕོ་ཉར་ཡང་ནི་བཏང་བར་བགྱི། །དེ་དག་རྣམས་ནི་ཏྭ་སྐད་ཅིག་གིས། ། བཅིང་བ་ལྔ་ཡིས་བཅིང་བཞིན་བཀུག །དེ་ནས་འཇིག་རྟེན་མགོན་པོ་ལ། །ཚངས་ཆེན་ཐལ་སྦྱར་འདི་སྐད་གསོལ། །སྲོག་ཆགས་ས་བོན་འཇིག་བགྱིད་པ། །འབྱུང་པོ་འདི་དག་རྣམས་ལྷགས་ཏེ། །མགོན་པོ་ཡི་ནི་སྤྱན་སྔ་རུ། །འདི་དག་ཆད་པས་བཤད་པར་བགྱི། །བུད་མེད་གང་དག་བུ་མི་འཚལ། །གང་ཞིག་བཙས་པ་འཛིན་འཚལ་བ་ས། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །བསླབ་བཟུང་དམ་ཆོས་སྐྱབས་མཆིས་ལ། །མཆོད་རྟེན་ལེགས་པར་མཆོད་པར་བགྱི། །ཁྲུས་བགྱིས་ཤིན་ཏུ་བརྒྱན་ནས་ནི། །ས་གཞིར་ཡུངས་ཀར་གཏོར་ནས་སུ། །མེ་ཏོག་སྤོས་ཀྱིས་བརྒྱན་པར་བགྱི། །སྣ་ལྔའི་ཚོན་གྱི་སྐུད་པས་ནི། །ཁོར་ཡུག་ཏུ་ནི་བསྐོར་བར་བགྱི། །ནམ་ཕྱེད་བར་དུ་མཆིས་ནས་ནི། །སྤྱི་བོར་ཡུངས་ཀར་བཞག་ནས་སུ། །ཚངས་པས་རབ་ཏུ་བྱས་པ་སྟེ། །ཚངས་པས་སྤྲུལ་ཅེས་བརྗོད་པར་བགྱི། །ལོ་གྲངས་བཅུ་གཉིས་བར་དུ་ནི། །གཞོན་ནུ་རྣམས་ལ་ཕན་བགྱིད་པ། །ཚངས་པས་སྤྲུལ་པའི་མདོ་སྡེ་ཡི། །རིག་སྔགས་འདི་ལ་གང་འདའ་བ། །ཨ་རྫ་ཀ་ཡི་དོག་པ་བཞིན། །མགོ་བོ་ཚལ་པ་བདུན་དུ་འགས། །སྱཱད་ཡ་ཐེ་དན། ཨཾ་གེ །བཾ་གེ །བཾ་གི་ནི། བྷ་བ་ནེ། ཨི་ནནྡེ། བི་ནནྡེ། ས་ར་ལི། གི་རི་གི་རི། ཤ་བ་རི། ག་རུ་ཎི། ཤ་རུ་ཎི། གི་རི། ག་བ་རེ། ལོ་ཙ་ནི། རོ་ཥ་ཎི།
ལ་ས་ནི། རོ་ཙ་ནེ། ཨ་ལ་བྷེ། ཨ་ག་ནེ། ཨ་ལ་བྷེ། ཏ་ལ་བྷེ། པྲ་ཀཪྵི་ཎེ་སྭཱ་ཧཱ། མངལ་ན་བདེ་བར་གནས་གྱུར་ཅིག །དབང་པོ་ཡང་དག་འཕེལ་བར་ཤོག །མངལ་ན་འདུག་པ་བདེ་གྱུར་ཅིག །བཙས་པ་འཇིག་པར་མ་གྱུར་ཅིག །མངལ་ན་བདེ་བར་གནས་གྱུར་ཅིག །དུས་བཞིན་དུ་ནི་འབྱུང་བར་ཤོག །ཚོན་སྐུད་སྣ་ཚོགས་རྣམས་དང་ནི། །ཡུངས་ཀར་འབྲུ་ནི་མ་གྲུགས་པ། །དེ་དག་བསྲུང་བར་གསུངས་པ་སྟེ། །བྱིས་པ་རིང་དུ་འཚོ་བར་ཤོག །དེ་ནས་སྟོན་པ་ཀུན་མཁྱེན་གྱིས། །རིག་པའི་སྔགས་ནི་འདི་དག་གསུངས། །མངལ་ན་འདུག་པ་བསྲུང་བར་ཤོག ། བྱིས་པ་རྣམས་ནི་བདེ་གྱུར་ཅིག །སྱཱད་ཡ་ཐེ་དན། བོ་དྷི་བོ་དྷི། མ་ཧཱ་བོ་དྷི། བོ་དྷ་ཨ་ནུ་མ་ཏེ། ཕ་ལི་ནི། བ་ཧུ་ཕ་ལེ། ཤི་ཀྵ་ཤི་ཀྵ། སཱ་ར་བ་ཏེ། སཱ་ག་ལི། དུ་རཱ་ས་དེ། དུ་རཱ་ག་མེ། ཤཱུ་ར་པྲཱཔྟེ། ཤཱུ་ར་བ་ཏེ། བྷ་གེ། བྷ་ག་བ་ཏེ། བྷཱ་གི་ནི་ནི་བཱ་ར་ཎི་སྭཱ་ཧཱ། དེ་ནས་གདོན་ནི་བཅྭ་ལྔ་པོ། །རྟག་ཏུ་ཁྲག་ལ་འཐུང་རྣམས་ཀྱིས། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །གྲོང་ངམ་ཁྱིམ་མམ་གྲོང་ཁྱེར་རམ། །གང་ན་ལེགས་པར་གསུངས་པ་ཡི། །མདོ་སྡེ་འདི་ནི་བཞུགས་པ་དེར། །བྱིས་པ་རྣམས་ནི་འཆི་མི་འགྱུར། །ཐུབ་ཆེན་ཁྱོད་ནི་ཇི་བཞིན་དུ། །རྗེས་སུ་མཐུན་པར་འཇུག་པར་བགྱི། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག །གྲུབ་པར་གྱུར་ཅིག །རིག་སྔགས་ཀྱིས་སྒྲོལ་བར་གྱུར་ཅིག །ཚངས་པས་བསམ་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་གང་ལ་ལ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཛིན་ཏམ། འཆང་ངམ། སྟོན་ཏམ། ཀློག་གམ། ཀུན་ཆུབ་པར་བགྱིད་པ་དེས་མང་དུ་ཐོས་པ་ལ་བརྩོན་པར་བགྱིའོ། །མཆོད་རྟེན་མཆོད་པ་ལ་བརྩོན་པར་བགྱིའོ། །ཚེས་བརྒྱད་དང་། བཅུ་བཞི་དང་། བཅྭ་ལྔའི་དུས་སུ་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ནས་རིག་སྔགས་བཀླག་པར་བགྱིའོ། །
ཚེས་བརྒྱད་ཀྱི་ཚེ་ནི་རྒྱལ་པོ་ཆེན་པོ་བཞིའི་སྐྱེས་བུ་དག་རྒྱལ་པོ་ཆེན་པོ་རྣམས་ཀྱི་མདུན་ན་དེ་ལ་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །ཚེས་བཅུ་བཞིའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ཉིད་མདུན་ན་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །ཚེས་བཅྭ་ལྔའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ནི་སེམས་པར་བགྱིད་ཅིང་མིང་ནས་ཀྱང་འདོན་པར་བགྱིད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ལེན་པ་དང་། འཆང་བ་དང་། སྟོན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་ནི་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་དེ་ལ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྟི་སྟང་བགྱིད་པར་འགྱུར་རོ། །རྒྱལ་པོ་དང་། བློན་པོ་དག་གིས་ཀྱང་བླ་མར་བགྱི་བ་དང་། རིམ་གྲོ་བགྱི་བ་དང་། མཆོད་པར་བགྱི་བར་འགྱུར་རོ། །གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་། མཛའ་བ་དང་། མི་མཛའ་བ་དག་གི་ནང་དུ་མཆིས་ཀྱང་མཆོད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དེས་གཙང་མར་བགྱིས་ཏེ། ལུས་གཙང་བ་དང་། གོས་དང་། རྒྱན་དང་། མལ་ཆ་དང་། སྟན་དང་། ཡོ་བྱད་ཁྱད་པར་ཅན་གཙང་མར་བགྱི། ཡུལ་ངན་པ་རྙེད་པར་མི་བགྱི། ཡུལ་ངན་པའི་མཛའ་བོ་དང་བསྟེན་པར་མི་བགྱི། ཡུལ་ངན་པ་ན་གནས་པ་ལ་བསྔགས་པར་མི་བགྱིའོ། །གང་འབྱུང་པོའི་གདོན་གྱིས་ཟིན་པའི་མདུན་དུ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་དྲན་པར་གྱུར་ན། དེ་ལ་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་མཐུ་ཆེ་སྟེ། གང་གིས་རང་གི་ཁྱིམ་དུ་མཚན་གཅིག་གམ། ཉིན་གཅིག་ཀྱང་རུང་ཡང་དག་པར་བསམས་ན། དེ་ལ་ལོ་གཅིག་གི་བར་དུ་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་རོ། །
འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཕྱག་བགྱི་བའི་འོས་སུ་འགྱུར་བ་ལགས་སོ། །གང་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཆང་བ་དེ་འཚལ་ན། རྒྱལ་པོ་ཆེན་པོ་བཞི་ཡང་བཞིན་སྟོན་པར་འགྱུར་ན། གནོད་སྦྱིན་དང་། སྲིན་པོ་དང་། ཕལ་པ་གཞན་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་རྣམས་ལ་སྨན་པའི་སླད་དུ་འཇིག་རྟེན་ལ་གང་སུ་དག་རིག་སྔགས་བགྱིད་པ་དེ་དག་པས་གསང་སྔགས་ཀྱི་ཚིག་འདི་དག་རབ་མཆོག །གཙོ་བོ། ཁྱད་པར་དུ་འཕགས་པ། དམ་པ། ཟབ་པ། རྒྱ་ཆེ་བ། ཚད་མ་མཆིས་པ། འཇུག་པར་དཀའ་བ། ཐུན་མོང་མ་ལགས་པའི་སླད་དུ་སྟེ། འདི་ནི་ཆོས་ཀྱི་ཕྱག་རྒྱ་ལགས་སོ། །དེ་ནས་དབང་པོ་མིག་སྟོང་པོ། །ལྷ་ཡི་རྒྱལ་པོ་བདེ་སོགས་ཁྱོད། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །འཇིག་རྟེན་ཀུན་ལ་ཕན་བགྱིད་པ། །རིག་སྔགས་འདི་ནི་ལེགས་པར་གསུངས། །གསང་སྔགས་སྨན་དང་ལྡན་པ་ཡི། །རིག་སྔགས་བདག་གིས་བརྗོད་པར་བགྱི། །ཤིར་ཤ་མེ་ཏོག་ཨ་པ་མཱརྒ་དང་། །ཀ་ཏ་ཀཱ་ཡི་འབྲས་བུ་ཨ་ག་རུ། །རྡོ་དྲེག་དང་ནི་མི་དཱ་བཙོད་རྣམས་དང་། །སུ་ཀ་རཱི་དང་ཛཱ་ཡ་མརྒ་ཏི། །པ་རི་པེ་ལ་ས་ར་བཱི་རཱ་དང་། །སཱ་མ་ཀ་དང་བུསྤ་རྒྱ་སྤོས་དང་། །ཙནྡན་ཨ་བར་ཏ་ཀ་རུ་རྟ་དང་། །སྡེར་མོ་ལོ་མ་ཀ་ཊ་མ་རཱ་དང་། །པྲི་ཡང་ཀུ་དང་འབུ་གསུག་སྨིག་བཅུད་དང་། །ཡུངས་ཀར་དག་དང་ལྡོང་རོས་རྣམས་དང་ནི། །ཤིང་ཚ་ཤུ་དག་གུར་གུམ་ཤིང་ཀུན་དང་། །ལོ་མ་དག་དང་ལྡན་པའི་བརྣ་ཀཾ། །དེ་དག་སྦྱར་ཏེ་རེང་བུར་བགྱིས་པ་ནི། །གནོད་རྣམས་ཀུན་ལས་གྲོལ་བར་བགྱིད་པ་སྟེ། །འབྱུང་པོ་དག་ནི་ཀུན་གྱི་འགྱུར་བ་ལ། །མིག་ལ་དེ་ཡིས་བསྐུས་པར་བགྱིས་ན་ནི། །དེ་ནས་འབྱུང་པོ་རྡོ་རྗེ་དང་། །གནམ་ལྕགས་མདའ་ཡིས་ཟིན་ལས་ཐར། །ལྗོན་ཤིང་ཆེ་དང་དེ་བཞིན་དུ། །མཆོད་རྟེན་ཆེ་ལ་བསྐུས་བགྱིས་ན། །གང་གིས་གནས་དེ་མཐོང་བ་དེ། །འབྱུང་པོ་ལ་ནི་འཇིགས་མ་མཆིས། །དེར་ནི་འབྱུང་པོ་མི་གནས་ཏེ། །གནོད་བྱེད་གཞན་ཡང་མ་ལགས་སོ། །རྔ་ཆེན་དུང་དང་རྫ་རྔ་དང་། །རྔ་བྲན་དག་ལའང་བསྐུས་ན་ནི། །དེ་དག་སྒྲ་ནི་གར་གྲགས་པར། །འབྱུང་པོའི་དཀྱིལ་འཁོར་སྐྲག་པར་འགྱུར། །གྲོང་དུ་རྒྱུ་བའི་
བྱ་རྣམས་ཀྱི། །འདབ་མ་དག་ལ་བསྐུས་ན་ནི། །ཡུལ་དང་ཕྱོགས་ནི་གཞན་དག་ཏུ། །བྱ་དེ་གང་དུ་མཆིས་པ་དེར། །འབྱུང་པོ་རྣམས་ནི་མི་གནས་ཏེ། །གནོད་བྱེད་གཞན་ཡང་མ་ལགས་སོ། །ཆུ་མིག་མཚོ་དང་ལྟེང་ཀ་འམ། །གང་དང་གང་དུ་བོར་ཡང་རུང་། །དེར་ནི་དཔག་ཚད་ཁོར་ཡུག་ཏུ། ། བདེ་བ་དང་ནི་ཞི་བར་འགྱུར། །ཕ་རོལ་དམག་ཚོགས་ནང་མཆིས་ཏེ། །མཚོན་ཆ་དག་ནི་འབབ་པ་ན། །གནས་རྣམས་ཀུན་ཏུ་བྱུགས་བགྱིས་ན། །བདེ་བླག་ཏུ་ནི་ཐར་བར་འགྱུར། །ལྦ་བ་དང་ནི་གཞང་ནད་དང་། །མེ་དབལ་དང་ནི་འབྲས་བྱུང་དང་། །གདུག་པས་ཟིན་དང་དུག་འཐུངས་པས། ། འཐུངས་སམ་བྱུགས་ན་ཐར་བར་འགྱུར། །ལུས་ལ་དེ་ཡིས་བྱུགས་ན་ནི། །བྱད་སྟེམས་ཐམས་ཅད་གཅོད་པར་བགྱིད། །རྩོད་པ་རྣམས་ལས་ཐར་བར་འགྱུར། །རྒྱལ་པོའི་གྱོད་ལས་ཐར་བར་འགྱུར། །མ་གྲུབ་པ་ཡང་གྲུབ་པར་འགྱུར། །དབུལ་པོ་ལས་ནི་ཕྱུག་པོར་འགྱུར། །བུ་མ་མཆིས་པ་བུ་རྙེད་འགྱུར། །ནོར་མ་མཆིས་པ་ནོར་རྙེད་འགྱུར། །རིག་སྔགས་འཆང་གནས་བར་དུ་ཡང་། །འདི་ནི་གསང་སྔགས་གྲུབ་པར་བགྱིད། །དུད་འགྲོའི་སྐྱེ་གནས་གྱུར་པ་དང་། །ལྗོན་ཤིང་རྣམས་ཀྱི་འབྲས་བུ་དང་། །རིག་སྔགས་འཆང་བ་ཐོབ་ལ་ཡང་། །འདི་ནི་ཞི་བའི་ལས་དགེ་བྱེད། ། འདི་ལ་གསང་སྔགས་ཚིག་མཆིས་ཏེ། །དཔེར་ན་དབང་པོའི་ཚིག་བཞིན་ནོ། །སྱཱད་ཡ་ཐེ་དན། ཨ་ཀྲ་མེ། བི་ཀྲ་མེ། བྷཱུ་ཏ་གྷོ་ཥེ་བྷཱ་ཏཾ་ག་མེ། ད་ཧ་ནི་དྷ་དྷ་རེ། དྷ་ར་བ་རེ། ད་དྷི་ནི། ནི་ཁུ་མེ། ཁུ་ཁུ་མེ། ཁ་ཁ་ཁ་ཁ། སཱ་རཾ་ག་མེ། ཙནྡྲེ ཙ་པ་ལེ། ཧ་ལི་མེ། ཧ་ལེ། ཧཱ་རི་ཎེ་སྭཱ་ཧཱ། ཕྱོགས་ཐམས་ཅད་ནས་བདག་གི་སྡིག་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚངས་པ་དབང་པོ་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང་། །འཕྲོག་མ་བུ་དང་བཅས་པ་ཡང་། །ཐལ་མོ་དག་ནི་རབ་སྦྱར་ནས། །སྒྲ་སྐད་གཅིག་ཏུ་འདི་སྐད་གསོལ། །ཉི་མ་སྟོང་ལྟར་གསལ་བ་པོ། །ཟླ་བ་ཉ་ལྟར་འོད་གསལ་བ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ཁྱོད་དང་འདྲ་བ་ཡོང་མ་མཆིས། །ལེགས་བསམ་ལེགས་པར་སྦྱར་ན་ནི། །གནོད་སྦྱིན་སྲིན་པོ་རྣམས་འཇོམས་པ། །རྒྱལ་སྲིད་ཐར་བགྱིད་ཅེས་བགྱི་བ། །རིག་སྔགས་རྒྱལ་སྲིད་རབ་སྦྱོར་བ། །སྟོང་ཆེན་གྱི་ནི་འཇིག་རྟེན་ན། །
བསྲུང་བའི་མདོ་སྡེ་དམ་པ་ལགས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་བཅོམ་ལྡན་འདས་ནུབ་ཁའི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་སྡེ་ལོང་ཤིག །ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །ཀུན་ཆུབ་པར་གྱིས་ཤིག་དང་། དེ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་།བདེ་བ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །དགེ་སློང་དག་ངའི་དགེ་སློང་གང་ལ་ལ་ཞིག་གིས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདིས་ཤིང་སྐམ་པོ་ལ་སྐུད་པས་བཅིངས་ན་དེ་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྐྱེ་བར་འགྱུར་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་ལྔ་གསུངས་པ་དེ་དག་ནི་འདི་ལྟ་སྟེ། སྟོང་ཆེན་པོ་རབ་ཏུ་འཇོམས་པ་དང་། རྨ་བྱ་ཆེན་མོ་དང་། བསིལ་བའི་ཚལ་ཆེན་མོ་དང་། སོ་སོར་འབྲང་བ་ཆེན་མོ་དང་། གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་དག་ཟས་རྣམ་པ་ལྔ་ཡོངས་སུ་སྤངས་ལ་ཆོངས་ཤིག་ཅེས་ཀྱང་བཀའ་སྩལ་ལ། ཟས་བསོད་སྙོམས་ལ་བརྟེན་ཏེ་རབ་ཏུ་བྱུང་ཤིག་ཅེས་ཀྱང་གསུངས་ན། བཅོམ་ལྡན་འདས་ཟས་རྣམ་པ་ལྔ་དང་མ་འདྲེས་པའི་བསོད་སྙོམས་ནི་ཉུང་། འདི་ལྟར་ཟས་རྣམ་པ་ལྔ་དང་འདྲེས་པ་དེ་ནི་མང་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དེ་ཉིད་ཀྱི་ཕྱིར་སུ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཆང་བ་དེས། རྨ་མེད་པའི་ནོར་བུའི་གཟུངས་ཞེས་བྱ་བ་དེ་བདག་ཉིད་བསྲུང་བར་བྱ་བའི་ཕྱིར་ཆོངས་ཤིག །དེས་བསོད་སྙོམས་ལེན་པའི་
ཚེ་ཟས་ལ་མི་མཐུན་པ་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཟས་རྣམ་པ་ལྔ་དང་འདྲེས་པའི་བསོད་སྙོམས་ལ་ཡང་ཟས་རྣམ་པ་ལྔ་དང་མ་འདྲེས་པའི་འདུ་ཤེས་བསྐྱེད་པར་བྱ། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཟས་རྣམ་པ་ལྔ་པོ་དག་ག་ལ་ཡོད། ཟས་རྣམ་པ་ལྔ་པོ་སུའི་ཡིན། སུ་ཞིག་ཟས་རྣམ་པ་ལྔ་པོ་ཟ། སེམས་ཅན་དམིགས་སུ་མེད་དོ། །དེ་ལ་ཟས་རྣམ་པ་ལྔ་དང་འདྲེས་ན་ཚེས་བརྒྱད་དང་། བཅུ་བཞི་དང་། བཅྭ་ལྔ་ལ་བདག་བསྲུང་བ་བྱས་ཏེ། རྒྱལ་རིགས་ཀྱི་བུ་མོ་ལེགས་པར་བཀྲུས་པ། ཤིན་ཏུ་བརྒྱན་པ། ཉིན་ཞག་གཅིག་ཟས་བཅད་པ། བསླབ་པའི་གནས་ལྔ་བཟུང་བ། སྐུད་པ་དམར་པོ་བཞི་སྒྲིལ་དུ་འཁལ་དུ་བཅུག་ལ་གསང་སྔགས་འཛིན་པས་རིག་སྔགས་དྲན་པར་བྱས་ཏེ་སྐུད་པ་དེ་མདུད་པ་མདུད་ལ། སྐུད་པ་དེ་མཚོན་སར་པས་བཅད་དེ་བསྲེགས་ལ་རིན་པོ་ཆེའི་སྣོད་དམ། ལྕགས་ཀྱི་སྣོད་ཀྱང་རུང་། ཆུས་ཁོང་སྟེ་མེ་ཏོག་གིས་ཁྱབ་པར་ཁྲོམ་ལ་བདུག་པ་སྣ་ཚོགས་ཀྱིས་བདུགས་ཏེ། སྣོད་ཀྱི་ནང་ནས་སྐུད་པ་དེ་སླར་འབྱོར་ཏེ་མ་བྱུང་གི་བར་དུ་རིག་སྔགས་འདི་བརྗོད་པར་བྱའོ། །དེ་ཡང་ལག་པ་ལ་བཅིངས་ལ་ཚིག་འདི་སྐད་བརྗོད་དོ། །བྲམ་ཟེ་རྣམས་ཀྱིས་བསླུས་ནས་སུ། །ཤཱཀྱ་སེང་གེའི་སྐྱོབ་པ་ལ། །དཔལ་སྦས་ཀྱིས་ནི་དུག་ཅན་གྱི། །བསོད་སྙོམས་དག་ནི་ཕུལ་བ་དང་། །དེ་ལས་དེ་ནི་བླངས་ནས་སུ། །སྟོན་པས་དུག་ནི་བསད་ནས་གསོལ། །བདེན་པའི་ཚིག་ནི་འདི་ཡིས་སུ། །ཟས་ནི་བདུད་རྩིར་འགྱུར་བར་ཤོག །རྣམ་པར་གཟིགས་པ་ལྷ་གང་དང་། །གཙུག་ཏོར་ཅན་དང་ཀུན་སྐྱོབ་དང་། །ལོག་པར་དད་པ་སེལ་བ་དང་། །སྟོབས་ཆེན་ལྷ་གང་དད་པ་དང་། །གསེར་དང་དཔལ་ལྡན་འོད་སྲུང་དང་། །ཤཱཀྱ་ཡི་ནི་སེང་གེ་ལ། །རབ་དད་ལྷ་ཡི་དབང་པོ་དང་། །ཚངས་དབང་སུམ་ཅུའི་དབང་ཕྱུག་དང་། །འཇིག་རྟེན་སྐྱོང་བ་བཞི་དག་དང་། །ནོར་བུ་བཟང་དང་དབང་ཕྱུག་ཆེ། །སྲིན་མོ་ནག་མོ་ཆེན་མོ་དང་། །དེ་བཞིན་གདོལ་མ་གཏུམ་མོ་དག །མེ་ཏོག་དང་ནི་བདུག་པ་དང་། །བདག་གི་སྦྱིན་སྲེག་འདི་བཞེས་ཤིག །དེ་དག་ཚིམ་ཞིང་མཆོད་གྱུར་ནས། །
བདག་གི་ཁ་ཟས་བྱང་བར་མཛོད། །ཟས་ལྔ་དག་དང་འདྲེས་པ་ཡང་། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཁ་ཟས་ལྔ་དང་འདྲེས་པ་ཡང་། །ཟས་དེ་ཀུན་ནི་བཟའ་བར་བགྱི། །ས་བོན་དག་གིས་ཚོགས་ཀུན་ལ། །ས་ཡི་བཅུད་ནི་ཞུགས་པ་ཡི། །ཁ་ཟས་འདྲེས་པ་ཐམས་ཅད་ཀྱང་། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཇི་ལྟར་སྐུད་པ་བཅད་བསྲེགས་པ། །དེ་ལྟ་བུ་ཡང་སླར་འབྱོར་པ། །དེ་ལྟར་ཟས་རྣམས་འདྲེས་པ་ཡང་། །མ་འདྲེས་པར་ཡང་བདག་ལ་མཛོད། །སྱཱད་ཡ་ཐེ་དན། ཁ་ཁ་མེ། ཁ་ཁ་ཁ་ཁ། ཁུ་ཁུ་མེ། ཤི་མེ་ཤི་མེ། ཤི་ཧུ་མེ། ཤི་མེ། ཤི་མེ། སྭ་སྟི་སྭ་སྟི་སྭ་སྟི་སྭ་སྟི། མ་མ་ཤཱནྟེ། ཤཱ་རཱ་གྲེ །ཁ་ཟས་ལྔ་དང་འདྲེས་པ་ཡང་། །ཇི་ལྟར་མ་འདྲེས་ཟས་བཞིན་དུ། །གང་གིས་ཇི་ལྟར་སྐུད་བསྲེགས་པ། །དེ་འདྲའི་བདེན་པ་མཛད་དུ་གསོལ། །སྱཱད་ཡ་ཐེ་དན། ཀ་ལ་ཀེ། ཀལ་ལེ། བ་ལ་ནི། ཀ་རུ་ཏ། ཨཱ་ལ་ཡེ། ཨགླེ། སཾ་ཀྲཱ་མ་ཎེ་སྭཱ་ཧཱ། སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན། །བདེ་གཤེགས་ཀུན་སྐྱོབ་སངས་རྒྱས་ལོག་པར་དད་སེལ་དང་། །གསེར་ཐུབ་འོད་སྲུང་ཤཱཀྱ་ཐུབ་པ་གཽ་ཏ་མ། །བསྙེངས་པ་མི་མངའ་བ་ལ་སྐྱབས་སུ་མཆི་བར་བགྱི། །མི་མཆོག་བདུན་པོ་དེ་དག་གི་ནི་སྐུ་རྣམས་ལ། །མེ་ཏོག་དག་དང་སྤོས་རྣམས་ཀྱིས་ནི་མཆོད་པར་བགྱི། །ལུས་དང་ངག་དང་རབ་ཏུ་དང་བའི་སེམས་ཀྱིས་ནི། །དེ་དག་རྣམས་ལ་སྐྱབས་སུ་ཉེ་བར་མཆི་བར་བགྱི། །སངས་རྒྱས་རྫུ་འཕྲུལ་ཆེ་དང་ལྡན་པ་དེ་དག་ལ། །ལྷ་གང་མངོན་པར་རབ་ཏུ་དང་བ་ཡོད་པ་ཡི། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགར་གྱུར་ནས། །རབ་ཏུ་དང་བའི་ཡིད་ཀྱིས་བདག་ལ་བསྲུང་དུ་གསོལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆོས་རྗེ་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུ་དག་པར་བགྱིས་སོ།།