ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ། སྟོད་ཆ།
ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་གཞི་སྟོད་ཆ་བཞུགས་སོ། །
ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་མདོའི་དགོངས་པ་གསལ་བར་བྱེད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རབ་བརྗིད་གསེར་གྱི་རི་དབང་ལྟ་བུའི་སྐུ་ནི་མཚན་དཔེའི་དཔལ་འབར་ལྟ་བས་མི་ངོམས་མིག་གི་བདུད་རྩིའོ། །རབ་གསལ་ལྷ་ཡི་རྔ་བཞིན་ལེགས་པར་འདོམས་པའི་གསུང་ནི་དྲུག་ཅུའི་དབྱངས་ལྡན་འགྲོ་ཀུན་མ་རིག་གཉིད་ལས་སློང༌། །རབ་ཡངས་ནམ་མཁའི་ཁྱོན་བཞིན་ཀུན་ལ་ཁྱབ་པའི་ཐུགས་ནི་མཁྱེན་བརྩེ་མཛད་པ་ཕུལ་དུ་ཕྱིན་པའི་དཔལ་མངའ་བ། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་དུས་གསུམ་བཞུགས་པའི་རྒྱལ་བ་རྒྱལ་སྲས་རང་རྒྱལ་སློབ་མར་བཅས་པའི་ཞབས་ལ་འདུད། །ཁྱད་པར་འཕགས་མཆོག་ཉེ་བར་འཁོར་ནས་དམར་སྟོན་དཔལ་ལྡན་རིན་ཆེན་མཁས་བཙུན་རྒྱ་མཚོ་རིན་ཆེན་ཞབས་ཀྱི་བར། །འདུལ་བའི་སྡེ་སྣོད་ལེགས་པར་སྡུད་དང་མདོ་
དང་འགྲེལ་པ་འགྲེལ་བཤད་མཛད་དང་དེ་དོན་འཆད་ལ་དབང་འབྱོར་བ། །ལུང་རྟོགས་ཡོན་ཏན་ཀུན་གྱི་འབྱུང་གནས་དངོས་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ནས། །ལེགས་གསུངས་དམ་ཆོས་འདུལ་བའི་མདོ་ཡི་དགོངས་པ་གསལ་བྱེད་ལེགས་བཤད་རིན་ཆེན་ཕྲེང་བ་བདག་གིས་བརྩམ་པར་བྱ། །འདིར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དམ་པའི་ཆོས་ཇི་སྙེད་གསུངས་པ་ཐམས་ཅད་གདུལ་བྱས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ཐབས་སྟོན་པར་བྱེད་པ་ཡིན་ལ། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་སློབ་དགོས་ཤིང༌། དེའི་ནང་ནས་ཀྱང་ཐོག་མར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་དགོས་པར་གསུངས་པས། རེ་ཞིག་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཐོབ་པ་ཐོབ་པར་བྱེད་
པའི་ཐབས་དང༌། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་རྣམས་ཇི་ལྟ་བ་བཞིན་དུ་སྟོན་པ་འདུལ་བའི་མདོའི་དགོངས་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་བ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ནང་ནས། ལེགས་སྦྱར་གྱི་སྐད་དུ། བི་ན་ཡ་སུ་ཏྲ་དང་། དེ་བོད་སྐད་དུ་བསྒྱུར་ན། འདུལ་བའི་མདོ་ཞེས་བྱའོ། །མཚན་དོན་ལ་འདུལ་བ་དང༌། མདོའི་དོན་གཉིས། དང་པོ་ལ། བརྗོད་བྱ་དོན་གྱི་འདུལ་བ་དང༌། རྗོད་བྱེད་ཚིག་གི་འདུལ་བ་གཉིས། དང་པོ་ནི། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཏེ་འདིས་ཉོན་མོངས་པ་འདུལ་ཞིང་དབང་པོ་དུལ་བར་བྱེད་པའི་ཕྱིར་རོ། །རྗོད་བྱེད་ཚིག་གི་འདུལ་བ་ནི་དོན་གྱི་འདུལ་བ་དེ་བརྗོད་བྱའི་གཙོ་བོར་སྟོན་པའི་ལུང་སྡེ་བཞི་ཡིན་ཏེ། འདིས་བྱ་བ་དང་བྱ་བ་མིན་པ་སྟོན་པས་སློབ་མ་རྣམས་འདུལ་བར་བྱེད་པས་འདུལ་བ་ཞེས་བྱའོ། །མདོའི་དོན་ནི་ལུང་སྡེ་བཞི་པོ་དེ་དོན་གྱི་འདུལ་བ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་དུ་མདོར་བསྡུས་ནས་སྟོན་པས་ན་འདུལ་བའི་མདོ་ཞེས་བྱའོ། །འགྱུར་གྱི་ཕྱག་ལ་ཞར་བྱུང་དང༌། དངོས་གཉིས། དང་པོ་ནི། བསྟན་བཅོས་འདི་ལ་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེ་རེ་བྱས་པའི་བམ་པོ་དགུ་ཡོད་པའི་དང་པོ་འདི་ནས་འཆད་པའོ། །བསྟན་བཅོས་ལ་བམ་གྲངས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། གཞུང་ལ་མང་ཉུང་གི་སྒྲོ་སྐུར་སྤང་བའི་
ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་གཞིར་བཞག་ནས། གང་ན་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ལའོ། །གང་གིས་ན། ལོ་པཎ་རྣམས་ཀྱིས་སོ། །དུས་ནི་བསྟན་བཅོས་བསྒྱུར་བའི་ཐོག་མར་རོ། །ཚུལ་ནི་སྒོ་གསུམ་གུས་པས་སོ། །དགོས་པ་ནི། བར་ཆད་ཞི་ནས་འགྱུར་མཐར་ཕྱིན་པ་སོགས་གནས་སྐབས་དང་མཐར་ཐུག་གི་དོན་དུ་མ་འགྲུབ་པའི་ཆེད་དུའོ། །གསུམ་པ་གཞུང་གི་དོན་ལ་གཉིས། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་དང༌། གཞུང་དོན་དངོས་སོ། དང་པོ་ལ། སྤྱི་དོན་དང་། ཚིག་དོན་གཉིས། དང་པོ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་བྱ་བ་འདིས་འདུལ་བའི་མདོའི་དགོས་སོགས་ཆོས་བཞི་བསྟན་ལ། བསྟན་བཅོས་ཀྱི་ཐོག་མར་དེ་བསྟན་པ་ལ་དགོས་པ་ཡོད་དེ། གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་ཏེ། རྟོག་པ་དང་ལྡན་པ་དག་ནི་འབྲེལ་བ་དང༌། བརྗོད་བྱ་དང༌། དགོས་པ་མེད་པའི་ཚིག་ཀྱང་ཁས་མི་ལེན་ན་བསྟན་བཅོས་ལ་སོགས་པ་ལྟ་ཅི་སྨོས། དེས་ན་ངག་འདི་ལ་བརྟེན་ནས་འདུལ་བའི་མདོ་ལ་བརྗོད་བྱ་དང༌། དགོས་པ་དང༌། ཉིང་དགོས་དང༌། འབྲེལ་བ་མེད་པའི་ལོག་རྟོག་དང༌། དོན་མི་འགྱུར་གྱི་ཐེ་ཚོམ་བསལ་ནས་དགོས་སོགས་ཆོས་བཞི་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་དང༌། ཡོད་པར་ངེས་པ་བསྐྱེད་ནས་བསྟན་བཅོས་ལ་འཇུག་པར་འགྱུར་པའི་ཕྱིར་རོ། །འོ་ན་དགོས་སོགས་ཆོས་བཞི་པོ་གང་ཞེ་ན། སྤྱིར་བསྟན་བཅོས་ལུས་ལ་ཡོད་
པའི་དགོས་སོགས་ཆོས་བཞི། དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི། ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞིའོ། །དང་པོ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བརྗོད་བྱ་དང༌། འདི་ལ་བརྟེན་ནས་ཚུལ་ཁྲིམས་དེ་རྟོགས་པ་དགོས་པ་དང༌། དེ་ལ་བརྟེན་ནས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ཉིང་དགོས་དང༌། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་བསྟན་བཅོས་འདི་ལ་རག་ལས་པ་ནི་འབྲེལ་བའོ། །འོ་ན་དགོས་སོགས་ཆོས་བཞི་པོ་ཚིག་གང་གིས་ཇི་ལྟར་བསྟན་ཞེ་ན། ངེས་པར་འབྱུང་བ་ཞེས་པས་ཉིང་དགོས་དང༌། ཚུལ་ཁྲིམས་ཞེས་པས་བརྗོད་བྱ་དངོས་སུ་བསྟན་ལ་དགོས་པ་དང་འབྲེལ་བ་ནི་ཤུགས་ལ་བསྟན་ཏེ། མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཚུལ་ཁྲིམས་རྟོགས་པར་བྱ་བའི་ཕྱིར་དུ་མདོ་འདི་བསྟན་པའི་ཕྱིར་རོ། །འོ་ན་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གང་གྲུབ་ཅེ་ན། དེ་བྱུང་གི་འབྲེལ་བ་གྲུབ་སྟེ། བསྟན་བཅོས་འདི་ལ་བརྟེན་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྟོགས་པ་འབྱུང༌། དེ་རྟོགས་ནས་ཉམས་སུ་བླངས་པ་ལས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །གལ་ཏེ་དེ་མི་འཐད་དེ། མྱ་ངན་ལས་འདས་པ་འདུས་མ་བྱས་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། མྱ་ངན་ལས་འདས་པ་འདུས་མ་བྱས་ཡིན་ཀྱང་དེ་འཐོབ་པ་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འགྲེལ་བར། འདུལ་བའི་མདོ་དང་དགོས་པ་གཉིས་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་ཡིན་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །གལ་ཏེ་འདིས་ཚུལ་ཁྲིམས་བསྟན་ན། ལུང་སྡེ་བཞི་ནས་འབྱུང་བ་སྟོན་ནམ་མི་འབྱུང་བ་སྟོན། དང་པོ་ལྟར་ན་ལུང་དང་ཟློས་པའི་སྐྱོན་ཡོད་ལ། ལུང་སྡེ་བཞི་ནས་མི་འབྱུང་བ་སྟོན་ན། བསྟན་བཅོས་རྣམ་དག་མིན་པར་འགྱུར་རོ་ཞེ་ན། ལུང་ནས་འབྱུང་བ་སྟོན་ཀྱང་ཟློས་པའི་སྐྱོན་མེད་དེ། འདི་ལ་
དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་ཏེ། མ་རྟོགས་པ་རྟོགས་པའི་དགོས་པ་དང༌། ལོག་རྟོག་བསལ་བའི་དགོས་པ་དང༌། མདོར་བསྡུས་ལ་དགའ་བའི་བསམ་པ་བསྐང་བའི་དགོས་པ་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་འགྲེལ་དུ་མ་རྟོགས་པ་རྟོགས་པའི་དགོས་པ་དང༌། བཅས་རྗེས་བཅས་སུ་མ་རྟོགས་པ་རྟོགས་པའི་དགོས་པ་དང༌། རུང་མཐུན་དུ་མ་རྟོགས་པ་རྟོགས་པའི་དགོས་པ་དང༌། ཚིག་གཞན་གྱིས་དོན་གཞན་བསྟན་པ་མ་རྟོགས་པ་རྟོགས་པའི་དགོས་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལུང་དུ་གཞི་དང་ཕྲན་ཚེགས་དང་ཞུ་བ་སོགས་གོ་རིམ་འཁྲུགས་པ་ལྟ་བུར་སྣང་བ་ལ། འདིར་གཞིའི་སྐབས་སུ། དང་པོར་གཞི། དེའི་རྗེས་སུ་ཕྲན་ཚེགས། དེའི་རྗེས་སུ་ཞུ་བ་སོགས་བསྟན་པས། གཞི་རྩ་བ་དང༌། ཕྲན་ཚེགས་འགྲེལ་པ་དང༌། ཞུ་བ་སོགས་འགྲེལ་བཤད་ལྟ་བུར་གོ་བའི་ཕྱིར་དང༌། རྣམ་འབྱེད་ཀྱི་སྐབས་སུ། དང་པོར་རྣམ་འབྱེད་དང༌། དེའི་རྗེས་སུ་ཕྲན་ཚེགས། དེའི་རྗེས་སུ་ཞུ་བ་སོགས་བསྟན་པས། རྣམ་འབྱེད་རྩ་བ་དང༌། ཕྲན་ཚེགས་འགྲེལ་པ་དང༌། ཞུ་བ་སོགས་འགྲེལ་བཤད་དུ་གོ་བའི་ཕྱིར་རོ། །གཉིས་པ་ཡང་གྲུབ་སྟེ། ལུང་དུ་སྒྲུབ་པའི་རྗེས་སུ་སྒྲུབ་པ་དང༌། གནང་བའི་རྗེས་སུ་གནང་བ་དང༌། དགག་པའི་རྗེས་སུ་དགག་པ་བསྟན་པ་སོགས་ཟློས་པ་ལྟ་བུ་དང༌། སྒྲུབ་པ་དང་གནང་བའི་རྗེས་སུ་དགག་པ་དང༌། དགག་པའི་རྗེས་སུ་སྒྲུབ་པ་དང་གནང་བ་བསྟན་པ་སོགས་འགལ་བ་ལྟ་བུར་སྣང་བ་ལ། འདིར་གང་གཙོ་ཆེ་བའི་སྒོ་ནས་བསྟན་པས་བདེ་བླག་ཏུ་རྟོགས་པའི་ཕྱིར། དཔེར་ན་ལུང་དུ་དང་པོར་བྲན་རབ་ཏུ་འབྱུང་བར་གནང༌། དེ་ལ་ཉེས་དམིགས་འགའ་ཞིག་བྱུང་བས། ཕྱིས་བྲན་རབ་ཏུ་བྱུང་བ་བཀག་པ་གཉིས་ཕྱི་མ་གཙོ་ཆེ་བས་འདིར་བཀོལ་བ་བྲན་དང་སྦྱར་བ་བཞིན་ནོ། །རུང་མཐུན་དུ་མ་རྟོགས་པ་རྟོགས་པའི་དགོས་པ་ཡོད་དེ། ལུང་དུ་ཆོས་
ལ་ལ་གཞི་གཅིག་ཁོ་ན་དང་སྦྱར་ནས་གསུངས་ཀྱང༌། འདིར་སྤྱིར་བསྟན་པས། གཞི་གཞན་དང་སྦྱོར་བ་ཡང་རྟོགས་པར་འགྱུར་བའི་ཕྱིར། དཔེར་ན་ལུང་དུ་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཞེས་བསླབ་པ་མ་ཕུལ་བ་ནི་ཚངས་པར་སྤྱོད་པ་དང་སྦྱར་ཡང༌། འདིར་སྤྱིར་བསྟན་པས། མ་བྱིན་པར་ལེན་པ་སོགས་དང་སྦྱོར་བ་ཡང་རྟོགས་པ་ལྟ་བུའོ། །ཚིག་གཞན་གྱིས་དོན་གཞན་བསྟན་པ་མ་རྟོགས་པ་རྟོགས་པའི་དགོས་པ་ནི། ལུང་དུ་ཁྱམས་སུ་རྣལ་འབྱོར་བསྒོམ་པར་མི་བྱའོ། །གནས་ཁང་དང་སྒོ་ཁང་དང༌། དགོན་པར་རྣལ་འབྱོར་བསྒོམ་པར་མི་བྱའོ། །ཞེས་གསུངས་པ་ལ། དེ་དག་ཏུ་རྣལ་འབྱོར་མི་སྒོམ་ན་བསྒོམ་པའི་གནས་གཞན་ཡང་མི་རྙེད་པས། ལུང་དེའི་དོན། འདིར་མངོན་པར་འདུ་བར་ཡང་མི་བྱའོ། །རྣམ་པར་གཡེང་བར་བྱེད་པ་དང༌། གཏུམ་པོ་དང་གྱ་ཚོམ་པ་དག་སྤང་བར་རིགས་སོ་ཞེས་མི་མང་པོ་འདུ་བ་དང་ཅ་ཅོ་ལ་སོགས་པས་སེམས་གཡེང་བ་དང༌། ཀྱལ་ཀ་ཅན་ལ་སོགས་པ་གྱ་ཚོམ་བྱེད་པ་ཡོད་པའི་ཁྱམས་སོགས་དང༌། ཆོམ་རྐུན་པ་དང༌། སེང་གེ་ལ་སོགས་པ་སྲོག་ཆགས་གཏུམ་པོ་ཡོད་པའི་དགོན་པར་རྣལ་འབྱོར་མི་སྒོམ་པའི་དོན་ཡིན་པར་བསྟན་པ་ལྟ་བུའོ། །ལོག་རྟོག་བསལ་བའི་དགོས་པ་ཡོད་དེ། སྤྱིར་མདོ་ཀུན་གྱིས་ལོག་རྟོག་སེལ་ལ། ཁྱད་པར་དུ། མ་ཐོབ་པ་ཐོབ་པར་བྱེད་པའི་སྐབས་སུ། གསོལ་བའི་འོག་ཏུ་ཡང་རུང་ངོ༌། །ཞེས་དང༌། ཐོབ་པ་མི་ཉམས་པར་བསྲུང་བའི་སྐབས་སུ། དེར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་དེ་ནི་བསྐུར་བའི་འོ་ཞེས་སོགས་དང༌། ཉམས་ན་ཕྱིར་འཆོས་པའི་སྐབས་སུ། ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏོ། །དེ་ནི་མི་བཟང་སྟེ། མདོ་སྡེ་དང་འགལ་བའི་ཕྱིར་རོ་ཞེས་སོགས་ཀྱིས་ལོག་རྟོག་སེལ་བའི་ཕྱིར་རོ། །མདོར་བསྡུས་ལ་དགའ་བའི་བསམ་པ་བསྐང་བའི་དགོས་པ་ཡོད་དེ།
དབང་པོ་རྣོན་པོ་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་གོ་བ་དང༌། དབང་པོ་རྟུལ་པོ་ལུང་གི་ཚིག་རྒྱས་པ་འཛིན་མི་ནུས་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་ཚིག་བསྡུས་ནས་དོན་ཚང་བར་བསྟན་པའི་ཕྱིར་རོ། །དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞི་ནི། བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་ནི་ངག་འདིའི་བརྗོད་བྱ་ཡིན་ཏེ། འདིས་དེ་སྟོན་པར་བྱེད་པའི་ཕྱིར། ངག་འདི་ལ་བརྟེན་ནས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དགོས་པ་དང༌། དེ་ལ་བརྟེན་ནས་གདུལ་བྱ་བསྟན་བཅོས་ལ་འཇུག་པ་སོགས་ཉིང་དགོས་དང་། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་ངག་འདི་ལ་རག་ལས་པ་ནི་འབྲེལ་བའོ། །ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི་ནི། དཔེར་ན། ཇ་སྐོལ་ཅིག་ཅེས་པ་ལ། ཇ་སྐོལ་བ་བརྗོད་བྱ་དང༌། ཉན་པ་པོས་དེ་རྟོགས་པ་དགོས་པ་དང༌། དེ་ལ་བརྟེན་ནས་དོན་གྲུབ་པ་ཉིང་དགོས་དང༌། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་ངག་དེ་ལ་རག་ལས་པ་འབྲེལ་བའོ། །གཉིས་པ་ཚིག་དོན་ནི། ངེས་པ་ནི་གདོན་མི་ཟ་བ་འབྱུང་བ་ཞེས་པ་དོན་བཞི་ལ་འཇུག་སྟེ། རྐང་གིས་འགྲོ་བ་ལ་འཇུག་པ་ནི་གྲོང་ནས་འབྱུང་བ་དང༌། གྲོང་ཁྱེར་ནས་འབྱུང་བ་ཞེས་བྱ་བ་ལྟ་བུ། བཞོན་པས་འགྲོ་བ་ལ་འཇུག་པ་ནི་གླང་པོ་ཆེ་ལ་ཞོན་ནས་འབྱུང་བ་ཞེས་བྱ་བ་ལྟ་བུ། ལམ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། ལམ་ནས་འབྱུང་བའི་ཕྱིར་རོ། །ཐོབ་པར་བྱ་བ་ལ་ཡང་འཇུག་སྟེ། འབྱུང་བ་ནི་ཐོབ་པར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། །དེ་དག་ལས་འདིར་ནི་ཐོབ་པར་བྱ་བ་ཁོ་ན་བཟུང་སྟེ་ངེས་པར་ཞེས་བྱ་བའི་ཁྱད་པར་གྱི་ཚིག་དང་འབྲེལ་བའི་ཕྱིར་རོ། །དེས་ན་མཐར་གདོན་མི་ཟ་བར་ཐོབ་པར་བྱ་བས་ན། ངེས་པར་འབྱུང་བ་སྟེ་ལྷག་མེད་ཀྱི་མྱང་འདས་སོ། །འདིས་ལམ་དང་ལྷག་བཅས་མྱང་འདས་མཐར་ཐུག་གི་ཉིང་དགོས་ཡིན་པ་བཅད་དེ། དེ་གཉིས་ནི་མཐར་
གདོན་མི་ཟ་བར་ཐོབ་བྱ་མིན་པའི་ཕྱིར་ཏེ། དེ་གཉིས་ནི་ལྷག་མེད་མྱང་འདས་ཐོབ་པའི་ཐབས་སུ་བསྟན་པར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །དེ་གཉིས་མཐར་ཐུག་གི་ཉིང་དགོས་མིན་ཀྱང་ཉིང་དགོས་ནི་ཡིན་ཏེ། འགྲེལ་བར། དོན་གང་གི་ཕྱིར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སྦྱོང་གི་ཚུལ་ཞེས་དང༌། སུམ་བརྒྱ་པར། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །ཞེས་གསུངས་སོ། །ཡང་ན་ངེས་པའི་དོན་རྟག་པའམ་ཕྱིར་མི་ལྡོག་པ་ལ་བྱས་ནས། རྟག་པར་རམ་ཕྱིར་མི་ལྡོག་པར་ཐོབ་པར་བྱ་བས་ན་ངེས་པར་འབྱུང་བ་ལྷག་མེད་མྱང་འདས་སོ། །འདིས་ཕྱི་རོལ་བའི་སྤངས་པ་བཅད་དེ། ཕྱི་རོལ་བའི་སྤངས་པ་ནི་སླར་ལྡོག་པའི་ཕྱིར་རོ། །ལྷག་མེད་མྱང་འདས་དེ་ཐོབ་པར་བྱེད་པའི་ཚུལ་ཁྲིམས་ཡིན་པས་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཏེ་སྤོང་བདུན་འཁོར་བཅས་སོ། །དེ་ཡང་ཚུལ་ཁྲིམས་ནི་མྱང་འདས་ཐོབ་བྱེད་ཡིན་གྱི་སྐྱེད་བྱེད་མ་ཡིན་ཏེ། མྱང་འདས་འདུས་མ་བྱས་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་མྱང་འདས་ཐོབ་བྱེད་མ་ཡིན་ཏེ། ཡེ་ཤེས་ཀྱིས་ཉོན་མོངས་པ་སྤངས་ནས་མྱང་འདས་ཐོབ་དགོས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཚུལ་ཁྲིམས་དེ་མྱང་འདས་དངོས་སུ་ཐོབ་བྱེད་མིན་ཡང་བརྒྱུད་ནས་ཐོབ་བྱེད་ཡིན་པའི་ཕྱིར་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ། ཏིང་ངེ་འཛིན་ལ་བརྟེན་ནས་ཡེ་ཤེས་སྐྱེ་ལ་དེས་ཉོན་མོངས་སྤོང་བའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། ཚུལ་ཁྲིམས་ལ་གནས་ཚུལ་ཁྲིམས་ལ་བརྟེན་ནས་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཞེས་དང༌། སོ་སོར་ཐར་པར། འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །
ཞེས་གསུངས་སོ། །སྤོང་བདུན་ནི། མི་ཚངས་སྤྱོད་དང་མ་བྱིན་ལེན་དང་སྲོག་གཅོད་སྤོང་བ་སྟེ་ལུས་ཀྱི་གསུམ་དང་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤོང་བ་སྟེ་ངག་གི་བཞི་དང་བདུན་ཡིན་ལ་ཆང་འཐུང་བ་སྤོང་བ་སོགས་འཁོར་ཡིན་ནོ། །དེ་ཡང་དགེ་སློང་གི་སྡོམ་པ་སྤོང་བདུན་འཁོར་བཅས་དང༌། དགེ་ཚུལ་སོགས་ཀྱི་སྡོམ་པ་ནི་སྤོང་བ་བཞི་འཁོར་བཅས་ཡིན་ནོ། །འོ་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ལུགས་ལ་སྡོམ་པའི་ངོ་བོ་གང་ཞེ་ན། ཁ་ཅིག་ན་རེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་འཁྲུངས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པ་ལྟར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ། མདོ་སྡེ་པ་ནི་སྤོང་བའི་སེམས་པ་ས་བོན་དང་བཅས་པར་འདོད་དོ་ཟེར། སློབ་དཔོན་ཡོན་ཏན་འོད་ས་གསུམ་པ་ལ་གནས་པའི་བྱང་སེམས་སུ་འདོད་པ་ལྟར་ན། བྱེ་བྲག་ཏུ་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་རང་ལུགས་སུ་མི་བཞེད་པས། སྤོང་བའི་སེམས་པ་ས་བོན་དང་བཅས་པར་བཞེད་དམ་སྙམ་སྟེ་གོང་འོག་ཀུན་ཏུ་དཔྱད་པར་བྱའོ། །ཅིའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་གདུང་བ་བསིལ་བར་བྱེད་པས་ཚུལ་ཁྲིམས་ཞེས་བྱའོ། །དབྱེ་ན་དགེ་སློང་ཕ་མ། དགེ་སློབ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཀྱི་སྡོམ་པ་སྟེ་བརྒྱད་ཡོད་ལ། བསྙེན་གནས་ལ་ཕ་མ་གཉིས་སུ་མ་ཕྱེ་བ་ནི་དུས་ཐུང་བས་སོ། །ཁ་ཅིག་ན་རེ་མ་ནིང་ལའང་བསྙེན་གནས་ཡོད་པས་ཕ་མ་གཉིས་སུ་མ་ཕྱེའོ་ཞེས་ཟེར། དེ་ཡང་མིང་གི་སྒོ་ནས་བརྒྱད་ཡོད་ཀྱང༌། རྫས་སུ་བཞི་ཡིན་ཏེ། དགེ་སློང་ཕ་མའི་སྡོམ་པ་རྫས་གཅིག །དགེ་སློབ་མ་དང་དགེ་ཚུལ་ཕ་མའི་སྡོམ་པ་རྫས་གཅིག །དགེ་བསྙེན་ཕ་མའི་སྡོམ་པ་རྫས་གཅིག་པའི་ཕྱིར་ཏེ། མཚན་གྱུར་པ་ན་སྡོམ་པ་མི་གཏོང་བར་མིང་འཕོ་བའི་ཕྱིར། འོ་ན་སྡོམ་
པ་གསུམ་རིམ་ཅན་དུ་བླངས་པའི་ཚེ། སྲོག་གཅོད་སྤོང་བ་སོགས་སོར་གནས་ནས། སྤོང་བ་གཞན་འཕེལ་བ་ཡིན་ནམ། སྲོག་གཅོད་སྤོང་བ་སོགས་རྫས་ཐ་དད་པར་སྐྱེ་ཞེ་ན། རྫས་ཐ་དད་པར་སྐྱེ་སྟེ། རྫས་གཅིག་ཡིན་ན་དགེ་སློང་གི་བསླབ་པ་ཕུལ་ནས་དགེ་ཚུལ་ལ་གནས་སུ་མི་རུང་བར་འགྱུར་རོ། །རྒྱུད་གཅིག་ལ་སྲོག་གཅོད་སྤོང་བ་སོགས་རྫས་ཐ་དད་པ་གསུམ་ཅིག་ཅར་ཡོད་པར་འགལ་ལོ་ཞེ་ན། མི་འགལ་ཏེ། ཕྱི་མ་བླངས་པས་སྔ་མ་མི་གཏོང་བའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །སྡོམ་པའི་ངོ་བོ་སྤོང་བའི་སེམས་པར་འདོད་པ་ལྟར་ན། གང་ཟག་གཅིག་གི་རྒྱུད་ལ་སྲོག་གཅོད་སྤོང་པའི་སེམས་པ་རིས་མཐུན་རྫས་ཐ་དད་པ་གསུམ་ཅིག་ཅར་མེད་དེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བ་ཡིན་པའི་ཕྱིར་རོ། །རྫས་གཅིག་ཡིན་ཀྱང་གཅིག་ལོག་པས་ཅིག་ཤོས་ལྡོག་མི་དགོས་ཏེ། གསེར་བུམ་ལོག་ན་བུམ་པ་ལྡོག་མི་དགོས་པ་བཞིན་ནོ། ། དབང་དུ་བྱས་ཞེས་པའི་སྐད་དོད། ཨ་ཐ་ཞེས་པ་དོན་དུ་མ་ལ་འཇུག་སྟེ། བཀྲ་ཤིས་པ་འདི་ལས་ཡུན་རིང་དུ་འཚོ་བ་དང་མཐུན་པ་བརྗོད་པར་བྱའོ། །ཞེས་པ་ལྟ་བུ་ཨ་ཐ་བཀྲ་ཤིས་པ་ལ་བརྗོད་པ་ལྟ་བུ་དང༌། དེ་ནས་བཅོམ་ལྡན་འདས་ཞེས་པ་ལྟ་བུ་ཨ་ཐ་དེ་ནས་ཞེས་པའི་ཚིག་ཕྲད་ལ་བརྗོད་པ་ལྟ་བུ་དང༌། དེ་མ་ཐག་ཏུ་སོམ་ཉི་ཐམས་ཅད་རྣམ་པར་བཅད་ནས་ཞེས་ཨ་ཐ་དེ་མ་ཐག་པ་ལ་བརྗོད་པ་དང༌། སྒྲའི་རྗེས་སུ་བསྟན་པའི་དབང་དུ་བྱའོ་ཞེས་ཨ་ཐ་དབང་དུ་བྱ་བ་ལ་བརྗོད་པ་ལྟ་བུ་ཡོད་པ་ལས་འདིར་ནི་དབང་དུ་བྱ་བ་ཁོ་ན་དང་སྦྱར་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་ཞེས་པའི་ཁྱད་པར་གྱི་ཚིག་དང་འབྲེལ་བའི་ཕྱིར་དང༌། རང་གི་རྣམ་བཤད་ལས་ཀྱང་བཤད་པའི་ཕྱིར་རོ། །དེས་ན་དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས། ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བར་ནི་རུང་བར་རོ་ཞེས་པའི་བར་གྱི་མདོ་ཐམས་ཅད་ངེས་པར་འབྱུང་བའི་ཚུལ་ཁྲིམས་
ཀྱི་དབང་དུ་བྱས་ཏེ་བཤད་པར་བྱའོ་ཞེས་དམ་བཅས་པའོ། །དེ་ལྟར་ན་མདོའི་ཚོགས་འདི་ལུང་སྡེ་བཞིའི་དོན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་འཆད་པ་ཡིན་ཏེ། ཚུལ་ཁྲིམས་དེ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་འཆོས་པ་གང་རུང་གི་དབང་དུ་བྱས་ནས་ལེགས་པར་གཏན་ལ་འབེབས་པའི་ཕྱིར་རོ། །ངག་དོན་ནི། འདུལ་བའི་མདོ་ཆོས་ཅན། བརྗོད་བྱ་ཡོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁྱོད་ཀྱི་བརྗོད་བྱ་དེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པའི་ཕྱིར་ཞེས་བརྗོད་དུ་མི་རུང་ངོ༌། །ཅིའི་ཕྱིར་ན་འདུལ་བའི་མདོའི་བརྗོད་བྱ་ཆོས་ཅན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཡིན་པར་ཐལ། ལྟུང་བ་སྡེ་ལྔ་དེ་ཁྱོད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་འབྱེད་ཀྱིས་ལྟུང་བ་སྡེ་ལྔ་བརྗོད་བྱར་བྱེད་པའི་ཕྱིར། དེས་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་ལ། དེའི་ཡན་ལག་ཏུ་ལྟུང་བ་སྡེ་ལྔ་སོགས་ཀྱང་སྟོན་པར་བྱེད་དོ། །འདུལ་བའི་མདོ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་གདུལ་བྱས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྟོགས་པར་འགྱུར་པའི་ཕྱིར་རོ། །དེ་ཆོས་ཅན། ཉིང་དགོས་ཡོད་དེ། ཁྱོད་ཀྱི་དགོས་པ་དེ་ལ་བརྟེན་ནས་གདུལ་བྱས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་དེ་ཁྱོད་ཀྱི་ཉིང་དགོས་ཡིན་པའི་ཕྱིར། ཁྱོད་ཀྱི་ཉིང་དགོས་དེ་ལྷག་མེད་མྱང་འདས་ཡིན་པའི་ཕྱིར་ཞེས་བརྗོད་དུ་མི་རུང་སྟེ། ལམ་དང་ལྷག་བཅས་མྱང་འདས་སོགས་ཀྱང་ཉིང་དགོས་ཡིན་པའི་ཕྱིར་རོ། དེ་ཆོས་ཅན། འབྲེལ་པ་ཡོད་དེ། ཁྱོད་ཀྱི་ཉིང་དགོས་དེ་ཁྱོད་ཀྱི་དགོས་པ་ལ་རག་ལས། ཁྱོད་ཀྱི་དགོས་པ་དེ་བསྟན་བཅོས་ཁྱོད་ལ་རག་ལས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་འདིའི་བརྗོད་བྱ་མ་ཡིན་ཏེ། འདིས་བྱང་སེམས་ཀྱི་སྡོམ་པ་དང་གསང་
སྔགས་ཀྱི་སྡོམ་པ་མ་བསྟན་པའི་ཕྱིར། དེས་ན་རབ་བྱུང་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ་དེ་འདིའི་བརྗོད་བྱ་ཡིན་ནོ། །སོ་ཐར་གྱི་སྡོམ་པ་རྟོགས་པ་དེ་འདིའི་དགོས་པ་མ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་རྟོགས་པ་འདི་ལ་རག་མ་ལས་པའི་ཕྱིར་ཏེ། འདི་མ་བརྩམས་པའི་སྔ་རོལ་ཏུ། སྟོན་པས་སོ་ཐར་གྱི་སྡོམ་པ་རྟོགས་པའི་ཕྱིར། ལྷག་མེད་ཀྱི་མྱང་འདས་ཐོབ་པ་ཡང་འདིའི་ཉིང་དགོས་མིན་ཏེ། འདི་ལ་མ་ལྟོས་པར་སྟོན་པས་ལྷག་མེད་མྱང་འདས་ཐོབ་པའི་ཕྱིར་ཞེས་ཟེར་ཞིང༌། ངེས་པར་འབྱུང་བ་ཞེས་པས་འདིའི་ཉིང་དགོས་དངོས་སུ་བསྟན། ཚུལ་ཁྲིམས་ཞེས་པས་བརྗོད་བྱ་དངོས་སུ་བསྟན་ཞེས་ཟེར་བ་ནི་འགལ་བར་ དོགས་སོ། །བསྟན་བཅོས་རྩོམ་པའི་ཐོག་མར་བརྩམ་པར་དམ་བཅའ་བྱས་པ ་ལ་དགོས་པ་ཡོད་དེ། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་། དམ་པ་རྣམས་དམ་བཅའི་ཁུར་མི་འདོར་བས་བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་གཞུང་དོན་དངོས་ལ་གཉིས། སློབ་པ་པོ་རྟེན་གྱི་གང་ཟག་དང༌། དེས་བསླབ་པར་བྱ་བ་བསྟན་པའོ། །ཞེས་པའམ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་འཆོས་པའི་ཐབས་སྟོན་པ་གསུམ་དུ་བསྡུས་ཀྱང་རུང་བས། དང་པོ་ལ་གསུམ། ལུང་གཞི་དང༌། ཕྲན་ཚེགས་དང༌། ཞུ་བའི་སྐབས་ན་འབྱུང་བའོ། །དང་པོ་ལ་གཉིས། སྔོན་ཆོག་དང༌། ད་ལྟར་གྱི་ཆོ་གའོ། །དང་པོ་ལ་ཚིག་དོན་དང༌། མཐའ་བཅད་པའོ། དང་པོ་ནི། བསྟན་བཅོས་འདི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་རྩོམ་ན། རིམ་པ་ཇི་ལྟར་རྩོམ་ཞེ་ན། དང་པོ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རབ་བྱུང་གི་གཞི་བརྗོད་པར་བྱ་སྟེ། འོག་ནས་འབྱུང་བའི་བསླབ་བའི་གཞི་མཐའ་དག་ནི་
རབ་བྱུང་གི་ཡིན་གྱི་ཁྱིམ་པའི་མིན་པའི་ཕྱིར་དང༌། སྤོང་བདུན་གྱི་སོ་ཐར་གྱི་སྡོམ་པ་ཡང་རབ་བྱུང་ཁོ་ནའི་ཡིན་པའི་ཕྱིར་དང༌། ལུང་གཞི་ལས་ཀྱང་དང་པོར་རབ་བྱུང་གི་གཞི་བསྟན་པའི་ཕྱིར་རོ། །འདི་ལ་ཡང་སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་གཉིས་ལས། དང་པོར་སྔོན་ཆོག་བསྟན་པར་བྱ་སྟེ། དེ་ལུང་དུ་དང་པོར་བསྟན་པའི་ཕྱིར་དང༌། བརྗོད་པར་བྱ་བ་ཉུང་བའི་ཕྱིར་རོ། །ཅིའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་ཞེ་ན། ད་ལྟར་གྱི་ཆོ་ག་ལས་སྔར་བྱུང་བ་དང༌། མཁན་སློབ་དང་བཅས་པའི་ཆོ་ག་ལས་སྔར་བྱུང་བའི་ཆོ་ག་ཡིན་པས་སྔོན་གྱི་ཆོ་ག་ཞེས་བྱའོ། །སྔོན་དུ་ཇི་ལྟར་བསྟན་ན། བདག་ཅག་གི་སྟོན་པ་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་ཕལ་ཆེར་ཚུར་ཤོག་གིས་བསྙེན་རྫོགས་མཛད་ལ། དེའི་ཚེ་དགེ་སློང་ཞིག་གི་དྲུང་དུ་རབ་བྱུང་བསྙེན་རྫོགས་ལ་འོངས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་བས་བར་སྐབས་སུ་སྲོག་གི་བར་ཆད་དུ་གྱུར་པ་ལ་བརྟེན་ནས། ང་ཡི་ཉན་ཐོས་རྣམས་ཐག་རིང་པོ་ནས་འོང་བས་སྡུག་བསྔལ་བར་གྱུར་ཏོ་སྙམ་དུ་དགོངས་ནས། དེང་ཕྱིན་ཆད་དགེ་འདུན་འདུས་པས་རབ་བྱུང་བསྙེན་རྫོགས་བྱའོ་ཞེས་སྔོན་ཆོག་གསུངས་སོ། །འོ་ན་སྔོན་ཆོག་དང་ད་ལྟར་ཆོ་གའི་ཁྱད་པར་གང་ཞེ་ན། གསུམ་སྟེ། སྐྱེ་བ་རྒྱུའི་ཁྱད་པར། འབྲས་བུ་སྐྱེ་ཚུལ་གྱི་ཁྱད་པར། དེས་ན་ཆོ་ག་གཞན་ཡིན་པར་བསྟན་པའོ། །དང་པོ་ནི། ཡུལ་གང་ལ་སྐྱེ་བ་རྒྱུའི་ཁྱད་པར་ནི། ད་ལྟར་གྱི་ཆོ་ག་ལ། བཅུ་ཚོགས་ལྔ་ཚོགས་དང༌། དངོས་སུ་མ་འདུས་པར་འདུན་པ་ཕུལ་ནས་ལས་བྱེད་པ་དང༌། དཀྱིལ་འཁོར་བའི་ལས་བྱེད་པ་ཡོད་ལ། འདིར་ནི་ཆོས་གསུམ་ལྡན་གྱི་དགེ་འདུན་མཚམས་ནང་དེ་ན་ཡོད་པ་ཐམས་ཅད་འདུས་པ་ན་བྱའོ། །སྡོམ་པ་ནོད་པ་པོའི་ཆ་ལུགས་ཀྱི་ཁྱད་པར་ནི། ད་ལྟར་གྱི་ཆོ་ག་ལ་ཆོས་གོས་གསུམ་མཁན་པོས་བྱིན་གྱིས་བརླབས་ནས་བསྐོན་པ་དགོས་ལ། འདིར་ནི་ནོད་པ་པོ་
རང་གིས་སྐྲ་དང་ཁ་སྤུ་བྲེགས་ཆོས་གོས་གསུམ་བགོས་ཏེ། རབ་ཏུ་བྱུང་བའི་ཆ་ལུགས་འདི་བཞིན་དུ་རྫོགས་པར་བྱས། ད་ལྟར་གྱི་ཆོ་ག་ལ་ཕྱག་ཚན་མང་པོ་དགོས་ཀྱང་འདིར་ནི་མང་པོ་མི་དགོས་པར་དགེ་འདུན་གྱི་རྒན་རིམ་ལ་ཡན་ལག་ལྔས་ལན་གསུམ་གསུམ་ཕྱག་འཚལ་ཏེ། སྤྱོད་ལམ་ཐལ་མོ་སྦྱར་སྟན་མེད་པར་ཙོག་ཙོག་པོར་འདུག་ཅིང་འདི་ལའང་ཐལ་མོ་སྦྱར་བ་ཡུན་རིང་པོ་དགོས་མི་དགོས་ཀྱི་ཁྱད་པར་ཡོད་དོ། །འདི་སྦྱིན་པའི་ལས་ཡིན་པས། ཡུལ་དགེ་འདུན་ལ་བདག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པར་གྱུར་པ་ལན་གསུམ་དང༌། ཁྱད་པར་ནི། ད་ལྟར་གྱི་ཆོ་ག་ལ་མཁན་པོས་ངོ་ཆེན་བྱས། ལས་བྱེད་པས་བརྡ་སྦྱར་ནས་གསོལ་བ་འདེབས་ལ། སྔོན་ཆོག་ལ་རང་ཉིད་ཀྱིས་གསོལ་བ་འདེབས་པའོ། ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ནི། གསོལ་བ་གཅིག་དང༌། བརྗོད་པ་གསུམ་སྟེ་གསོལ་བཞིའི་ལས་ཀྱིས་སོ། །ཁྱད་པར་ནི། ད་ལྟར་གྱི་ཆོ་ག་ལ་མཐུན་རྐྱེན་ཚང་བ་དང༌། འགལ་རྐྱེན་དང་བྲལ་བ་སོགས་བརྗོད་དགོས་ལ་སྔོན་ཆོག་ལ་མི་དགོས་སོ། །འབྲས་བུ་སྐྱེ་བའི་ཁྱད་པར་ནི། ད་ལྟར་ཆོ་ག་ལ། དང་པོར་རབ་བྱུང་དང་དེའི་རྗེས་སུ་བསྙེན་རྫོགས་བསྒྲུབ་ལ། སྔོན་ཆོག་ལ་དུས་ཅིག་ཅར་ཁྱིམ་པའི་རྟགས་སྤོང་བ་དང་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པའི་བར་མ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པའོ། །བསྙེན་རྫོགས་ནི་རྫོགས་པར་བསྙེན་པ་སྟེ་རྫོགས་པ་ནི་གནོད་འཚེ་ཐམས་ཅད་དང་བྲལ་བའི་མྱང་འདས་ཡིན་ལ། དེ་ལ་ཉེ་བས་ན་བསྙེན་རྫོགས་ཏེ་དགེ་སློང་གི་སྡོམ་པའོ། །རབ་ཏུ་བྱུང་བ་ཞེས་པས་དགེ་ཚུལ་བསྟན་པ་མ་ཡིན་ཏེ། དགེ་ཚུལ་ལེན་པ་ནི་བསྟན་པ་ལ་རིམ་གྱིས་བསླབ་པའི་ཆེད་ཡིན་ལ། འདིར་རིམ་གྱིས་བསླབ་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་ཆོ་ག་གཞན་ཡིན་པར་བསྟན་
པ་ནི། བཤད་མ་ཐག་པ་དེ་ལྟ་བུ་ནི་སྔོན་གྱི་ཆོ་ག་ཡིན་གྱི་ད་ལྟ་ནི་བྱར་མི་རུང་ཞེས་པའོ། །ཁ་ཅིག་ན་རེ། ལྟ་བུ་ཞེས་པ་མཚོན་པའི་ཚིག་ཡིན་པས་སྔོན་ཆོག་གཞན་ཡང་ཡོད་པར་བསྟན་ཞེས་ཟེར་རོ། །གལ་ཏེ་སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་གཉིས་བསྟན་པ་དོན་མེད་པར་ཐལ། དེ་གཉིས་གང་རུང་ཞིག་བསྟན་པས་ཆོག་པའི་ཕྱིར་ཏེ། སྔོན་ཆོག་གིས་ཀྱང་རབ་བྱུང་བསྙེན་རྫོགས་བསྒྲུབ་ནུས་ལ་ད་ལྟར་ཆོ་གས་ཀྱང་རབ་བྱུང་བསྙེན་རྫོགས་བསྒྲུབ་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་གཉིས་ཀས་བསྒྲུབ་ནུས་ཀྱང་གདུལ་བྱ་ལ་ལྟོས་ནས་གཉིས་བསྟན་པའི་ཕྱིར་ཏེ། སྔོན་གྱི་གང་ཟག་རྣམས་རྒྱུད་དག་པས་བསྟན་པ་ལ་རིམ་གྱིས་བསླབ་མི་དགོས་ཤིང་མཁན་སློབ་མེད་པར་ཡང་སངས་རྒྱས་ཀྱི་བཀའ་རྫོགས་པ་དང༌། དེ་དག་བསོད་ནམས་བསགས་པ་ཡིན་པས་ནད་དཀོན་པ་དང༌། ནད་བྱུང་དུ་ཟིན་ཀྱང་སྨན་དང་ནད་གཡོག་སོགས་རྙེད་པ་ལ་སྔོན་ཆོག་གསུངས་ལ། ད་ལྟ་ནི་དེ་ལྟ་བུའི་རྒྱུད་དག་པ་མེད་པས་ད་ལྟར་གྱི་ཆོ་ག་གསུངས་པས་སོ། །འོ་ན་ད་ལྟ་སྔོན་ཆོག་བསྟན་པ་དོན་མེད་དོ་ཞེ་ན། སྐྱོན་མེད་དེ། སྔོན་གྱི་དུས་ན་དེ་ལྟ་བུ་བྱུང་ཡང་ད་ལྟར་ནི་བྱར་མི་རུང་ངོ་ཞེས་གོ་བའི་ཕྱིར་རོ། །ད་ལྟ་སྔོན་ཆོག་གིས་བསྙེན་རྫོགས་བྱར་མི་རུང་ཡང་བྱས་ན་སྐྱེ་བར་མངོན་ཏེ། ད་ལྟ་བར་ཆད་མ་དྲིས་པ་དང༌། དགེ་ཚུལ་སྔོན་དུ་མ་སོང་བ་དང༌། མཁན་པོ་མེད་པར་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བར་ཡོད་པའི་ཕྱིར་རོ། །གཉིས་པ་མཐའ་བཅད་པ་ནི། ཁ་ཅིག་ན་རེ། སྔོན་གྱི་ཆོ་ག་བཅུ་ཡོད་ལ། དེའི་ནང་ནས་རབ་བྱུང་སློབ་དཔོན་མེད་པས་བསྙེན་པར་རྫོགས་པ་ནི་སངས་རྒྱས་མ་བྱོན་པའི་དུས་སུ་བྱུང་ཞིང༌། ཚུར་ཤོག་སངས་རྒྱས་ནས་མྱ་ངན་ལས་འདའ་ཁའི་བར་དུ་བྱུང་ལ། དེ་ལ་ཉེས་དམིགས་འགའ་ཞིག་བྱུང་ནས་གསོལ་བཞིའི་ཆོ་ག་འདི་བྱུང་ངོ༌། །གཞན་རྣམས་སངས་
རྒྱས་ནས་རིང་པོ་མ་ལོན་པ་ན་བྱུང་སྟེ། དེ་དག་ཀྱང་ད་ལྟར་ཆོ་ག་མ་བྱུང་གི་བར་དུ་བྱུང་བས་སྔོན་གྱི་ཆོ་ག་ཞེས་བྱ་ཞིང༌། ད་ལྟར་ཆོ་ག་ནི་སངས་རྒྱས་ནས་ལོ་དྲུག་གམ་བཅུ་གཉིས་ན་བྱུང་ཟེར་རོ། །དེ་ནི་མི་འཐད་དེ། ལུང་གཞི་དང་མདོ་འགྲེལ་རྣམས་ཀྱིས་གསོལ་བཞིའི་ཆོ་ག་འདི་ཉིད་སྔོན་ཆོག་ཏུ་གསུངས་པའི་ཕྱིར་དང༌། མ་མོར། བསྙེན་པར་རྫོགས་པར་འོས་པ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང༌། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང༌། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་དང༌། དགེ་སློང་ཚུར་ཤོག་ཅེས་གསུངས་པས་དང༌། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་དང༌། ཡུལ་མཐའ་འཁོབ་ན་འདུལ་བ་འཛིན་པ་དང་ལྔའི་དགེ་འདུན་ལས་དང༌། ཡུལ་དབུས་སུ་བཅུ་འདུས་པའམ་དེ་ལས་ལྷག་པ་ལས་དང༌། བླ་མའི་ཆོས་ཁས་བླངས་པས་དང༌། ཕོ་ཉས་དང༌། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ་ཞེས་དང༌། མཛོད་འགྲེལ་དུ། བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཟེར་བ་བསྡུ་བའི་ཕྱིར་སོགས་པའི་སྒྲ་སྨོས་ཏེ། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་གཉིས་སོ། །ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་བྱ་བས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོའོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ། །འདུལ་བ་འཛིན་པ་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་སྡེ་བཟང་དྲུག་ཅུའི་
ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། དེ་དག་གི་སོ་སོ་ཐར་བའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ནོ་ཞེས་གསུངས་ལ། དེ་དག་ཏུ་བསྙེན་པར་རྫོགས་པ་བཅུར་སྔོན་དང་ད་ལྟར་མ་ཕྱེ་བའི་ཕྱིར་དང༌། འཕྲིན་ཆོག་ཡིན་ན་ད་ལྟར་གྱི་ཆོ་ག་མིན་པར་འགལ་ཏེ། ཆོས་སྦྱིན་མ་ད་ལྟར་ཆོ་གས་རབ་བྱུང་དགེ་ཚུལ་མ་སོགས་བསྒྲུབས་པའི་ཕྱིར་དང༌། ད་ལྟར་ཆོ་ག་གནང་བའི་རྗེས་ལ་ལྕི་ཆོས་དང་ལྔ་ཚོགས་སོགས་བྱུང་བས་སྔོན་ཡིན་པའང་མི་འཐད་ལ། རང་བྱུང་དང་ཡེ་ཤེས་ཁོང་དུ་ཆུད་པ་ལ་རིག་བྱེད་ཀྱང་མི་དགོས་པའི་ཕྱིར། ཆོ་ག་ཡིན་པའང་མི་འཐད་པའི་ཕྱིར་རོ། །སྐྱབས་འགྲོ་ལས་མ་བྱུང་བར་དུ་ཡིན་པར་མ་མོར་གསུངས་ཤིང༌། ངེས་ཞུགས་དང་ཁས་བླངས་དེ་དག་ཉིད་ལ་ཡིན་པས་ད་ལྟར་ཆོ་གའི་བར་དུ་བྱུང་གསུང་པ་ཡང་རྩིང་བ་ཡིན་སྙམ་མོ། །ངེས་པ་ལ་ཞུགས་ཞེས་པ་མཐོང་ལམ་སྐྱེས་པ་སྟེ། རྣམ་འབྱེད་འགྲེལ་པར། མཐོང་བའི་ལམ་སྐྱེས་པ་དགེ་སློང་ཉིད་ལ་བཀོད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་སྐྱེས་པས་དགེ་སློང་གི་སྡོམ་པ་ཉིད་ཐོབ་པ་སྟེ། སྨོན་ལམ་གྱི་དབང་གིས་དགེ་སྦྱོང་གི་ལམ་འཁོར་དང་བཅས་པ་ཐོབ་པས་དགེ་སློང་གི་དངོས་པོ་རྫོགས་པར་བསྙེན་པ་ཉིད་ལ་བཀོད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། རྒྱལ་སྲས་སུ། ངེས་པར་འཇུག་པས་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་འཇུག་པས་སོ་ཞེས་སོ། །འདིའི་དྲི་བ་དང་ལན་ནི། སྟོན་པས་ལེགས་སྦྱིན་གཅིག་ཏུ་གཅེས་པ་གང་ཡིན། ཐར་པའོ། །དེ་ལ་དགོས་པ་གང་ཡིན། དད་པའོ་ཞེས་པར་པཎ་ཆེན་ཤཱཀྱ་ཤྲཱི་གསུང་ལ། དེ་སྙིགས་མ་ལྔའི་མདོ་ནས་འབྱུང་ཟེར་རོ། །དེ་དག་ཏུ་སྔོན་ཆོག་འདི་ལོགས་སུ་མ་གསུངས་པ་ནི་གསོལ་བཞིའི་ལས་ཡིན་པས་ལྔ་ཚོགས་དང་བཅུ་ཚོགས་བཤད་པར་འདུས་པར་དགོངས་པའོ། །དེ་
དག་ཆོས་རྗེ་དམར་སྟོན་པའི་གསུང་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་ལ། གཞན་དག་ན་རེ། རང་བྱུང་དང་ཡེ་ཤེས་ཁོང་དུ་ཆུད་པར་བྱེད་པ་སོགས་ཀྱང་ཆོ་ག་ཡིན་ཏེ། སྡོམ་པ་ཐོབ་པར་བྱེད་པའི་རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར། དེ་དག་གི་དངོས་གཞིའི་དུས་ན་རྣམ་པར་རིག་བྱེད་མེད་ཀྱང་སྦྱོར་བའི་དུས་ན་རྣམ་པར་རིག་བྱེད་ཡོད་དེ། སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་ནི་སྔོན་འགྲོ་རབ་བྱུང་གི་ཆ་ལུགས་ཁྱད་པར་ཅན་བསྒྲུབ་པ་ལ་བརྟེན་པའི་ཕྱིར་དང༌། ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་ནི་ཉེ་བའི་སྦྱོར་བ་བདེན་བཞིའི་ཆོས་བསྟན་པ་ལ་བརྟེན་བའི་ཕྱིར་རོ། །དེ་ལྟ་མིན་པར་སྔོན་ཆོག་གཅིག་ཁོ་ན་ཡིན་ན། སྔོན་ཆོག་ཆོས་ཅན། དབྱེ་བ་མེད་པར་ཐལ། གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །འདོད་ན། རང་གི་རྣམ་བཤད་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་ལས་སྔ་རོལ་ཏུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན་ཞེས་བཤད་པ་དང་འགལ་ལོ། སྔོན་ཆོག་དུ་མ་ཡོད་དེ། སངས་རྒྱས་ཀྱིས་གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་མང་དུ་མཁྱེན་པའི་ཕྱིར་རོ། །འོ་ན་གསོལ་བཞིའི་སྔོན་ཆོག་འདིར་སྨོས་ལ་སྔོན་ཆོག་གཞན་འདིར་མ་སྨོས་པ་ཅི་ཡིན་ན། གསོལ་བཞིའི་སྔོན་ཆོག་འདི་ད་ལྟར་ཆོ་ག་དང་རྣམ་པ་འདྲ་བས་ད་ལྟར་ཡང་བྱར་རུང་ངམ་སྙམ་པའི་ དོགས་པ ་བསལ་དགོས་པའི་ཕྱིར་དང༌། ཚུར་ཤོག་ལ་སོགས་པ་ནི་དེང་སང་བྱར་རུང་ངམ་སྙམ་པའི་ དོགས་པ ་བསལ་མི་དགོས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཉིས་པ་ད་ལྟར་གྱི་ཆོ་ག་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་བའི་ཐབས་དང༌། མི་ཉམས་པར་བསྲུང་བའི་ཐབས་དང༌། འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་དོ། །དང་པོ་ལ་གཉིས། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པར་བྱེད་པའི་ཐབས་སོ། །དང་པོ་ལ་གཉིས། སྦྱོར་པ་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ལ་བཞི།
རྒྱུ་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་མཁན་པོ་ལ་བརྟེན་དགོས་པར་བསྟན་པ་དང༌། རྒྱུད་དག་པར་བྱ་བའི་ཕྱིར་བར་ཆད་དྲི་ཞིང་ཡོངས་སུ་དག་པ་གཟུང་བའི་ཚུལ་དང༌། བསྟན་པ་ལ་རིམ་གྱིས་བསླབ་པའི་ཕྱིར་སྡོམ་པ་སྦྱིན་པའི་རིམ་པ་དང༌། རྒྱུད་སྣོད་རུང་དུ་བྱ་བའི་ཕྱིར་རབ་ཏུ་དབྱུང་བའོ། དང་པོ་ནི། སྔོན་ཆོག་གི་རྗེས་སུ་ད་ལྟར་གྱི་ཆོ་ག་འཆད་པའི་རྒྱུ་མཚན་ཡོད་དེ། སྔོན་ཆོག་ལ་མཁན་སློབ་མེད་པར་རབ་བྱུང་བསྙེན་རྫོགས་བྱས་པ་རྣམས་ཆོས་གོས་ལེགས་པར་མ་བགོས་ལེགས་པར་མ་སྦྱངས། སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པས་ཁྱིམ་པ་རྣམས་མ་དད་པ་དང༌། ནད་པ་ཞིག་ལ་ནད་གཡོག་མེད་པ་གཟིགས་ནས་དེང་ཕྱིན་ཆད་ཉན་ཐོས་རྣམས་ཕན་ཚུན་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང༌། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དང་བཅས་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་ཞེས་ད་ལྟར་ཆོ་ག་གསུངས་པའི་ཕྱིར་རོ། །ད་ལྟར་ཆོ་ག་འདི་དུས་ནམ་གྱི་ཚེ་བྱུང་ཞེ་ན། ཁ་ཅིག་ན་རེ་སངས་རྒྱས་ནས་ལོ་བཅུ་གསུམ་ནས་བྱུང་སྟེ། ལོ་བཅུ་གཉིས་ཡན་ཆད་དུ་བསྟན་པ་སྐྱོན་མེད་པས་མི་ཚངས་སྤྱོད་ལ་སོགས་པའི་བསླབ་བྱ་བརྗོད་པ་མེད་པའི་ཕྱིར་ཟེར་ཡང༌། སངས་རྒྱས་ནས་ལོ་དྲུག་ནས་བྱུང་སྟེ། སངས་རྒྱས་ནས་ལོ་དྲུག་སོང་བའི་ཚེ། ཡབ་སྲས་མཇལ་བའི་འཕྲིན་པ་འཆར་ཁས་བྱས། དེའི་ཚེ་ཤཱ་རིའི་བུས་འཆར་ཁ་ད་ལྟར་གྱི་ཆོ་གས་རབ་བྱུང་བསྙེན་རྫོགས་བྱས་པར་གསུངས་པའི་ཕྱིར་རོ། །འོ་ན་ད་ལྟར་གྱི་ཆོ་ག་དེ་གང་ལ་བརྟེན་དགོས་ཤེ་ན། ད་ལྟར་ཆོ་གས་རབ་བྱུང་བསྙེན་རྫོགས་འདོད་པ་རྣམས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དེའི་ཕྱིར་དུ་མཚན་ཉིད་དང་ལྡན་པའི་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་སྟེ་བརྟེན་པ་ལ་ད་ལྟར་ཆོ་གས་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་
པ་སྐྱེ་ཡི་མི་གནས་པ་ལ་མི་སྐྱེའོ། །མཁན་པོ་ལ་མ་བརྟེན་པར་སྡོམ་པ་གཏན་ནས་མི་སྐྱེ་བ་མིན་ཏེ། དེ་དང་ལྡན་པའི་ལྟར་མཁན་པོ་ཉིད་མེད་པ་ལ་ཡང་ངོ་ཞེས་གསུངས་པས་སོ། །རབ་བྱུང་མཁན་པོ་ལ་བརྟེན་པར་བསྟན་པས་དགེ་ཚུལ་ཡང་མཁན་པོ་ལ་བརྟེན་པར་གྲུབ་སྟེ་དགེ་ཚུལ་གྱི་སྡོམ་པ་ཡང་རབ་བྱུང་ལ་བརྟེན་པའི་ཕྱིར་རོ། །རྩ་བར་དགེ་ཚུལ་ཞེས་དངོས་སུ་མ་སྨོས་པ་ནི་རབ་བྱུང་མཁན་པོ་ཁོ་ནས་འཐོབ་ལ། དགེ་ཚུལ་གྱི་སྡོམ་པ་ནི་སློབ་དཔོན་ལས་དངོས་སུ་འཐོབ་པའི་ཕྱིར་རོ། །འགའ་ཞིག་ལ་ཞེས་མིང་དངོས་སུ་མ་སྨོས་པ་ནི་རབ་བྱུང་གི་མཁན་པོ་ཁོ་ནས་བསྙེན་རྫོགས་ཀྱི་མཁན་པོ་བྱེད་མི་དགོས་པར་རང་གང་ལ་མོས་པ་དེ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས་ཆོག་པའི་དོན་ནོ། །དེ་ཡང་མཁན་བུའི་ངོས་ནས་ཡིན་གྱི། མཁན་པོའི་ངོས་ནས་ནི་དང་པོའི་མཁན་པོ་དེ་ཉིད་ཀྱིས་བསྙེན་རྫོགས་ཀྱི་མཁན་པོ་བྱེད་དགོས་པར་བསྟན་ནོ། །གཉིས་པ་ནི། མཁན་པོར་འགྱུར་བ་དེས་བསྒྲུབ་བྱ་དེ་ཆོ་ག་གང་གིས་གཟུང་བར་བྱ་ཞེ་ན། དང་པོ་དགེ་ཚུལ་གྱི་མཁན་པོའི་སྟ་གོན་ལ་གནས་པ་ཉིད་ཀྱིས་རབ་བྱུང་བྱེད་པར་འདོད་པ་འོངས་ན། མ་བསད་པ་སོགས་སྡོམ་པ་སྐྱེ་བའི་བར་ཆད་དང༌། ཕ་མས་མ་གནང་བ་སོགས་སྡོམ་པ་གནས་པའི་བར་ཆད་དང༌། ནད་པ་སོགས་སྡོམ་པ་ཁྱད་པར་དུ་འགྱུར་བའི་བར་ཆད་དང༌། ལག་རྡུམ་སོགས་མཛེས་པའི་བར་ཆད་དང་མི་ལྡན་ནམ་ཞེས་དྲིས་ནས་མི་ལྡན་པར་ཡོངས་སུ་དག་པ་ལ་ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་བར་བྱའི་མ་དག་པ་ལ་སྐབས་མི་དབྱེ་སྟེ། ཁོ་ཉིད་ལ་མི་ཕན་ཞིང་བསྟན་པ་ལ་གནོད་པའི་ཕྱིར་རོ། །གསུམ་པ་ནི། བར་ཆད་དང་མི་ལྡན་པ་ལ་གོ་རིམ་ཇི་ལྟར་སྡོམ་པ་སྦྱིན་ཞེ་ན། སྤང་བྱ་ལྔ་ཇི་སྲིད་འཚོའི་བར་དུ་སྤོང་པ་མནོས་པའི་དགེ་བསྙེན་ཏེ། དགེ་བ་མྱང་འདས་ལ་ཉེ་བས་ན་དགེ་བསྙེན་ཉིད་དང༌། སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བ་མནོས་པའི་
དགེ་ཚུལ་ཏེ། དགེ་ཚུལ་གྱི་སྐད་དོད་ཤྲ་མ་ཎིར་བར་བྱེད་པ་ལ་འཇུག་པས་ཀློག་པ་དང་བསམ་གཏན་དང་བླ་མའི་བྱ་བས་ངལ་བར་བྱེད་པས་ན་དགེ་ཚུལ་ཉིད་དང༌། ལུས་ངག་གི་སྤང་བྱ་བདུན་པོ་ཐམས་ཅད་ཇི་སྲིད་འཚོའི་བར་དུ་སྤོང་བ་མནོས་པའི་དགེ་སློང་སྟེ་དགེ་བ་སློང་བས་ན་དགེ་སློང་ཉིད་དག་གི་སྔ་མ་སྔ་མ་བསྙེན་པར་མ་རྫོགས་པ་སྟེ་མ་ཐོབ་པར་ཕྱི་མ་ཕྱི་མ་མི་བྱ་སྟེ། བསྟན་པ་ལ་རིམ་གྱིས་མ་བསླབས་པའི་ཉེས་པར་འགྱུར་བའི་ཕྱིར། སྔ་མ་མེད་པར་ཕྱི་མ་གཏན་ནས་མི་སྐྱེ་བ་ནི་མ་ཡིན་ཏེ། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ་ཞེས་དང༌། འགྲེལ་བར་དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང༌། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་ལ་དེ་བཞིན་དུ་དགེ་ཚུལ་གྱི་སྡོམ་པ་མེད་པར་ཡང་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཡིན་པའི་ཕྱིར་རོ། །དེའི་ཤེས་བྱེད་དུ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། ཉེ་བར་འཁོར་བསྙེན་པར་རྫོགས་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དགེ་བསྙེན་གྱི་སྡོམ་པ་མེད་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཁུངས་ཀྱང་དེ་ཉིད་དོ། །འོ་ན་དགེ་བསྙེན་དང་དགེ་ཚུལ་ལ་བསྙེན་པར་རྫོགས་པའི་སྒྲ་ཇི་ལྟར་འཇུག་ཅེ་ན། སྒྲ་དོག་པའི་དབང་དུ་བྱས་ན། བསྙེན་པར་རྫོགས་པའི་སྒྲ་དགེ་སློང་ཕ་མ་ཁོ་ན་ལ་འཇུག་ཀྱང༌། སྒྲ་ཡངས་པའི་དབང་དུ་བྱས་ན་རྫོགས་པ་མྱང་འདས་དང༌། བསྙེན་པ་ཉེ་བའི་དོན་ཡིན་པས་བསམ་པ་ཐམས་ཅད་དུ་མྱང་འདས་དང་ཉེ་བ་ཡིན་པས་བསྙེན་པར་རྫོགས་པ་ཞེས་བྱའོ། །འོ་ན་ཁྱིམ་པ་ལོ་ཉི་ཤུ་ལོན་པ་ཞིག་དགེ་བསྙེན་གྱི་དེ་མ་ཐག་ཏུ་དགེ་ཚུལ་དང༌། དགེ་ཚུལ་གྱི་དེ་མ་ཐག་ཏུ་བསྙེན་རྫོགས་བླང་དུ་རུང་ངམ་མི་རུང་ཞེ་ན། རུང་སྟེ་ཕྲན་ཚེགས་ལས། ཡོ་བྱད་དྲུག་ཚང་ནས་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་
རྫོགས་པར་བྱའོ་ཞེས་གསུངས་པས་སོ། །བུད་མེད་ཀྱིས་དགེ་ཚུལ་མའི་དེ་མ་ཐག་ཏུ་བསྙེན་རྫོགས་བྱར་མི་རུང་སྟེ། བར་སྐབས་སུ་དགེ་སློབ་མའི་སྡོམ་པ་ལངས་ནས་སྤྱད་དགོས་པའི་ཕྱིར་རོ། །བསྙེན་རྫོགས་ལ་དགེ་བསྙེན་དང་དགེ་ཚུལ་སྔོན་དུ་འགྲོ་དགོས་ན། དེ་གཉིས་ཇི་ལྟར་བྱིན་ཞེ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཚིག་རྩོམ་པ་སྟེ་སྦྱོར་བ་དང༌། དགེ་བསྙེན་ཉིད་དུ་ཁས་བླང་བ་དང་། དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ། །དོན་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ་ཞེས་ལན་གསུམ་དང༌། རྣམ་གྲངས་ཐ་མ་ལ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱ་ལ། དགེ་ཚུལ་ལའང་འདོན་པ་བསྒྱུར་རོ། །དེ་ལྟར་ན་གང་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའི་དཀོན་མཆོག་གསུམ་ནི་སྐྱབས་ཡིན་ལ། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང་དཀོན་མཆོག་གསུམ་ལ་འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཤེས་ནས་བསམ་པ་ཐག་པ་ནས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་འཇུག་པར་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་དོན་ཏེ་ངོ་བོ་ངག་གི་རང་བཞིན་འཁོར་དང་བཅས་ན་ཕུང་པོ་ལྔའོ། །དཀོན་མཆོག་གསུམ་གྱི་ངོ་བོ་གང་ཞེ་ན། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། ཞེས་དང༌། གཞི་འགྲེལ་ལས། སངས་རྒྱས་ལ་ཞེས་བྱ་བ་ནི་མི་སློབ་
པ་ལ་སྟེ། སངས་རྒྱས་སུ་བྱེད་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ལའོ། །ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། །དགེ་འདུན་ལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་ལ་སྟེ་དགེ་འདུན་དུ་བྱེད་པ་ལའོ། །ཞེས་སངས་རྒྱས་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་གྱི་གཟུགས་སྐུ་སངས་རྒྱས་མིན་ཏེ། སོ་སྐྱེའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར། དགེ་འདུན་ནི་དགེ་འདུན་དུ་བྱེད་པའི་ཆོས་ཉན་ཐོས་ཀྱི་སློབ་མི་སློབ་གཉིས་ཀ་ཡིན་གྱི་གང་ཟག་མིན་ལ་ཆོས་ནི་མྱང་འདས་འགོག་བདེན་ཡིན་གྱི་ལུང་གི་ཆོས་ནི་སྐྱབས་མིན་ལ། རྟོགས་པའི་ཆོས་ནི་སངས་རྒྱས་དང་དགེ་འདུན་གྱི་ནང་དུ་འདུས་པས་ལོགས་སུ་མ་བསྟན་ནོ། །གཟུགས་སྐུ་སངས་རྒྱས་མིན་ན་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་མི་སྲིད་པར་འགྱུར་ཏེ། སངས་རྒྱས་ཀྱི་གཟུགས་སྐུ་ནི་སངས་རྒྱས་མིན། ཡེ་ཤེས་ལ་སུས་ཀྱང་ཁྲག་འབྱིན་མི་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སངས་རྒྱས་ཀྱི་རྟེན་ལ་གནོད་པ་བྱས་པས་བརྟེན་པ་སངས་རྒྱས་ལ་ཡང་གནོད་པ་བྱས་པར་འགྱུར་བའི་ཕྱིར་ཟེར་རོ། །སངས་རྒྱས་ཀྱི་གཟུགས་སྐུ་དེ་སོ་སྐྱེའི་གནས་སྐབས་དང་ཁྱད་པར་མེད་པ་མི་འཐད་དེ། མངོན་རྟོགས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཐོབ་པས་རྟེན་གང་ཟག་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་འགྱུར་བའི་ཕྱིར་རོ། །མདོ་སྡེ་པ་ན་རེ་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཞེས་མི་འབྱུང་གི་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་བས་རྟེན་སངས་རྒྱས་ཡིན་པ་དེ་ལ་ཁྲག་འབྱིན་པའི་ཕྱིར་ཞེས་སྐྱོན་སྤོང་བྱེད་རིགས་ལ། དེ་ལྟ་མིན་ན་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་སངས་རྒྱས་དགྲ་བཅོམ་མིན་པར་འགྱུར་རོ་ཞེས་ཟེར་རོ། །དོན་འདི་གཉིས་ཀྱི་སྤྱོད་པ་ལ་སྐྱབས་འགྲོ་བྱེེད་པ་ཅི་ཞེ་ན། མྱང་འདས་ཀྱི་བསམ་པ་
བརྟན་པོ་མེད་པར་སོ་ཐར་ཀྱི་སྡོམ་པ་མི་སྐྱེ་བས་སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བརྟན་པོ་བསྒྲུབ་པའི་ཕྱིར་ཏེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་རྟེན་པར་བྱེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་རྟེན་པར་བྱེད། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་རྟེན་པར་བྱེད་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་ནི་སུ་ཡང་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་ཅེས་གསུངས། འོ་ན་བསྙེན་རྫོགས་ཀྱི་ཚེ་སྐྱབས་འགྲོ་མི་བྱེད་པས་མྱང་འདས་ཀྱི་བསམ་པ་གང་གིས་འགྲུབ་ཅེ་ན། བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་པས་འགྲུབ་སྟེ་དེའི་དོན་རྫོགས་པ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་མྱང་འདས་ཡིན་ལ། བསྙེན་པ་ནི་ཉེ་བ་ཡིན་པས་བསམ་པ་ཐམས་ཅད་ཀྱིས་བདག་མྱ་ངན་ལས་འདས་པ་ལ་ཉེ་བར་མཛད་དུ་གསོལ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་གཞན་གྱི་རྗེས་ཟློས་བྱས་པས་འཐོབ་པ་ཡིན་གྱི་ནོར་བྱིན་པ་ལེན་པའི་ཚུལ་གྱིས་འཐོབ་པ་མ་ཡིན་ཏེ། སྡོམ་པ་སྐྱེ་བ་རང་གི་སེམས་ལ་རག་ལས་པའི་ཕྱིར་དང༌། དེ་ལྟ་མིན་ན་སློབ་མས་སྡོམ་པ་ཐོབ་པ་ན་འབོགས་པ་པོ་ལ་སྡོམ་པ་མེད་པར་འགྱུར་ཏེ་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དག་ནི་རེ་རེར་ཟད་པའི་ཕྱིར་རོ། །འོ་ན་མྱང་འདས་ཀྱི་བསམ་པ་མེད་པར་སོ་ཐར་གྱི་སྡོམ་པ་མི་སྐྱེའམ་ཞེ་ན་མི་སྐྱེ་སྟེ། སོ་སོ་ཐར་པའི་དོན་སྡིག་པ་ལས་ཐར་པ་ཡིན་ལ། སྲིད་པ་ལ་བརྟེན་པས་དེ་ལས་ཐར་པ་མི་ནུས་པའི་ཕྱིར་ཏེ། ཊཱིཀྐར་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ཞེས་སོགས་དང༌།
མཛོད་འགྲེལ་ལས། ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་སོ་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན་དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོར་ཐར་བར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བར་གསུངས་པ་ནི་ངེས་འབྱུང་གི་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། མདོ་རྩ་འགྲེལ་དུ་སྡོམ་པ་སྐྱེ་མི་སྐྱེའི་བཤད་པ་རྣམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར་རོ། །མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པར་སྡོམ་པ་ཙམ་སྐྱེ་བ་ཡོད་དེ། གཞི་ལས། ཀུན་དགའ་བོའི་ཚ་བོ་གཉིས་དང༌། ཕྲན་ཚེགས་ལས། མཛེས་དགའ་བོ་དང༌། རྣམ་འབྱེད་ལས། འཆར་ཀ་དང༌། ཉེ་སྡེ་ལ་སྡོམ་པ་ལེན་དུས་ན་མྱང་འདས་ཀྱི་བསམ་པ་མེད་ལ་སྡོམ་པ་སྐྱེ་བའི་ཕྱིར། དེ་དག་ལ་དེའི་ཚེ་མྱང་འདས་ཀྱི་བསམ་པ་མེད་དེ། ཀུན་དགའ་བོའི་ཚ་བོ་གཉིས་ལྟོ་ཕྱིར་རབ་ཏུ་བྱུང་བ་དང༌། མཛེས་དགའ་བོ་དང་འཆར་ཀ་གཉིས་སྟོན་པའི་ངོ་མ་ཟློག་པར་རབ་ཏུ་བྱུང་བ་དང༌། ཉེ་སྡེ་སྲོག་ཚོལ་ལ་རབ་ཏུ་བྱུང་བར་གསུངས་པས་སོ། །དེ་དག་ལ་སྡོམ་པ་མ་སྐྱེས་ན་རབ་བྱུང་གི་ཆ་ལུགས་ཅན་རྣམས་སྡོམ་པ་མེད་པས་ཀྱང་དགྲ་བཅོམ་པ་ཐོབ་པ་ཡོད་པར་འགྱུར་རོ། །མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ན་དེང་སང་གི་རབ་བྱུང་ཕལ་ཆེར་ལ་སྡོམ་པ་མ་སྐྱེས་པར་ཐལ། ཕལ་ཆེར་མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པའི་ཕྱིར། འདོད་ན་དེང་སང་སངས་རྒྱས་ཀྱི་བསྟན་པ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་དག་ལ་ངེས་འབྱུང་གི་བསམ་པ་ཡོད་ཏེ། དེ་དག་སྲིད་པ་ཐ་མ་པ་ཡིན་པའི་ཕྱིར་དང༌། གཞིར། འཆར་ཀ་རང་ཉིད་དད་པས་ཀྱང་རབ་ཏུ་བྱུང་ཞེས་དང༌། ཕྲན་ཚེགས་འགྲེལ་བར། གལ་ཏེ་དགའ་བོ་དུས་ཐམས་ཅད་དུ་འབྲོས་པའི་བསམ་པ་
དང་ལྡན་པར་གྱུར་པ་ཡིན་ན་དེ་ལ་ཇི་ལྟར་སྡོམ་པ་སྐྱེ་བར་འགྱུར། སྡོམ་པ་སྐྱེ་བ་བསྟན་པ་དང་དགེ་བའི་སེམས་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཞེས་བརྗོད་པར་བྱེད་དེ། ཞེས་ དོགས་པ ་བསུ་ནས་འདིར་བླ་མའི་ལུང་ལས། དགའ་བོ་ནི་ཤིན་ཏུ་འདོད་ཆགས་དྲག་པས་སེམས་བརྟན་པ་དང༌། སེམས་ཉོན་མོངས་པ་ཅན་ཡིན་ཏེ་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དང་ཉེ་བར་འདུག་པ་ན་དེའི་སེམས་འདོད་ཆགས་དང་ཀུན་ནས་ལྡང་བ་ལྡོག་པ་དང༌། དགེ་བའི་སེམས་མངོན་དུ་གྱུར་པ་ཡིན་པས་དགེ་བའི་སེམས་དང་སྡོམ་པ་སྐྱེ་བ་ཞེས་བྱ་བ་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེང་སང་གི་རབ་བྱུང་ཕལ་ཆེ་བ་ལ་མྱང་འདས་ཀྱི་བསམ་པ་མེད་པས་ངེས་འབྱུང་གི་སྡོམ་པ་སྐྱེ་བ་མེད་པར་འདོད་པའང་མི་འཐད་དེ། མྱང་འདས་ཀྱི་བསམ་པ་བརྟན་པོ་རྒྱུན་ཆགས་སུ་མེད་ཀྱང་སྡོམ་པ་ལེན་པའི་ཚེ་མཁན་སློབ་ཀྱིས་མྱང་འདས་ཀྱི་བསམ་པ་བརྟན་པོ་དགོས་སོ་ཞེས་ལེགས་པར་བརྡ་སྤྲད་པ་ལས་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཕྱིར། དཔེར་ན་མཁན་སློབ་ཀྱིས་ལེགས་པར་བརྡ་སྤྲད་པ་ལས་སྡོམ་པ་ཐོབ་དུས་ཤེས་པ་བཞིན་ནོ། །ཁོ་བོ་ནི་རང་གི་རྒྱུད་ལ་དཔགས་ནས་དེང་སང་གི་རབ་བྱུང་ཕལ་ཆེར་ལ་ངེས་འབྱུང་གི་སྡོམ་པ་མེད་དོ་ཞེས་སྐུར་བ་མི་འདེབས་སོ། །འོ་ན་འཇིགས་སྐྱོབ་དང་ལེགས་སྨོན་གཉིས་སོ་ཐར་གྱི་སྡོམ་པ་ཡིན་ནམ་མིན། ཕྱིས་མྱང་འདས་ཀྱི་བསམ་པ་སྐྱེས་པ་ན་ངེས་འབྱུང་གི་ཚུལ་ཁྲིམས་སུ་འགྱུར་རམ་མི་འགྱུར་ཞེ་ན། དེ་གཉིས་སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། མཛོད་འགྲེལ་ལས། ཕྱི་རོལ་པ་ལ་སོ་ཐར་གྱི་སྡོམ་པ་མེད་པའི་སྒྲུབ་བྱེད་དུ་དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོར་ཐར་པར་བྱེད་པ་མ་ཡིན་ནོ་ཞེས་བཀོད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར། ཁ་ཅིག་ན་རེ་སོ་ཐར་གྱི་སྡོམ་པ་ཡིན་ལ། འཇིགས་སྐྱོབ་དང་ལེགས་སྨོན་ཞེས་པ་རྒྱུའི་ཀུན་སློང་གི་དབང་དུ་བྱས་པ་ཡིན་གྱི་དུས་ཀྱི་ཀུན་སློང་
མྱང་འདས་ཀྱི་བསམ་པ་དགོས་ཏེ། ཆོས་ལ་སྐྱབས་སུ་འགྲོ་དགོས་ལ། སྐྱབས་འགྲོའི་ཡུལ་ཆོས་ནི་མྱང་འདས་ཡིན། དེ་རྟེན་དུ་ཁས་མི་ལེན་ན་སྐྱབས་སུ་མི་འགྲོ་བས་སྡོམ་པ་མི་སྐྱེ་ལ། དེ་རྟེན་དུ་ཁས་ལེན་ན་དེ་ཉིད་མྱང་འདས་ཀྱི་བསམ་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་གཉིས་ངེས་འབྱུང་གི་ཚུལ་ཁྲིམས་སུ་འགྱུར་བ་ཕྱིས་མྱང་འདས་ཀྱི་བསམ་པ་སྐྱེ་བ་ལ་ལྟོས་མི་དགོས་ཟེར་རོ། །དགེ་བསྙེན་དང་དགེ་ཚུལ་དུ་ཁས་བླངས་པའི་འོག་ཏུ་ཅི་བྱ་ཞེ་ན། དེའི་འོག་དེ་མ་ཐག་ཏུ་དགེ་བསྙེན་གྱི་སྤང་བྱ་ལྔ༌། དགེ་ཚུལ་གྱི་སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤང་ངོ་ཞེས་བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱའོ། །དགེ་ཚུལ་ལ་རེ་ཞིག་གནས་ན་སྡོམ་པ་ཐོབ་པའི་དེ་མ་ཐག་ཏུ་སྡོམ་པ་ཐོབ་དུས་བརྗོད་ནས་དེའི་རྗེས་སུ་བསླབ་པ་བརྗོད་དགོས་སོ། །བཞི་པ་ལ་གཉིས། སྦྱོར་བའི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ལ་གསུམ། ཁྲེལ་ཡོད་བསྐྱེད་པའི་ཕྱིར་གནས་ལ་ཞུ་ཞིང་གསོལ་བ། ཆོས་འདི་བའི་བསམ་པ་བསྐྱེད་པའི་ཕྱིར་རྟགས་སྦྱིན་པ། བར་ཆད་སྤང་བའི་ཕྱིར་མཚན་བརྟག་པའོ། །དང་པོ་ནི། བསྒྲུབ་བྱ་དེ་གང་གིས་དགེ་བསྙེན་དུ་བསྒྲུབ་ཅིང༌། དེའི་འོག་ཏུ་གང་གིས་དགེ་ཚུལ་དུ་བསྒྲུབ་ཅེ་ན། མཁན་པོ་རང་གིས་བསྒྲུབ་བྱ་དེ་དགེ་བསྙེན་ཉིད་དུ་བསྒྲུབས་ནས་དེའི་འོག་ཏུ་བསྒྲུབ་བྱ་དེ་རབ་ཏུ་འབྱུང་བ་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་དགེ་འདུན་ལ་ཞུས་ཤིག་ཅེས་གཏད་པར་བྱའོ། །གཏད་པའི་དགེ་སློང་གིས་ཅི་འདི་བར་ཆད་ཀྱི་ཆོས་ཀྱིས་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་གོ་ཞེས་ཟེར་ན་ཞུ་བར་བྱ་མ་དག་ན་ཞུ་བར་མི་བྱའོ། །དགེ་འདུན་ཇི་ལྟར་གནས་པ་ལ་ཚུལ་ཇི་ལྟར་ཞུ་ཞེ་ན། གནས་མལ་བཤམས་པ་སོགས་བྱས་ནས་དགེ་འདུན་ཐམས་ཅད་འདུས་པ་ལ་བསྒྲུབ་བྱ་དེ་ཕྱག་འཚལ་བ་དང་སྤྱོད་ལམ་བསྟེན་དུ་བཅུག་ནས་ཞུར་ཡང་རུང་ལ་དགེ་
འདུན་གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་ངོ༌། །ཁ་ཅིག་ན་རེ། གནས་སོ་སོ་ན་འཁོད་པ་ལ་ཞུ་བ་ཡང་དགེ་སློང་བཞིར་ལོངས་པ་དགོས་ཏེ། ཊཱིཀྐར། དགེ་འདུན་དུ་གྱུར་པའི་དགེ་སློང་ཞེས་དང༌། འདིས་རྐུ་ཐབས་སུ་འགྱུར་བར་གསུངས་པའི་ཕྱིར་ཟེར། གཞན་དག་ན་རེ། གང་ཟག་ལའང་ཞུ་སྟེ་རེ་རེ་ནས་ཞུས་པས་ཐམས་ཅད་ལ་ཞུས་པར་འགྱུར་བའི་ཕྱིར་དང༌། ཊཱིཀ་ཆུང་དུ། གང་ཟག་ལ་ཞུ་བར་གསུངས་པའི་ཕྱིར། དགེ་འདུན་དུ་གྱུར་པ་ཞེས་གསུངས་པ་དང་མི་འགལ་ཏེ། ཡ་གྱལ་ལ་ཚོགས་པའི་མིང་གིས་བཏགས་པའི་ཕྱིར། དཔེར་ན་འཆར་ཀ་ལ་དེའི་ཕྱིར་ཁྱོད་དྲུག་སྡེ་ཡིན་ནོ་ཞེས་བརྗོད་པ་བཞིན། ཡང་ན་དེའི་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་རང་རང་གི་གནས་ཁང་སོ་སོ་ན་འཁོད་པ་ལའང་ཞུར་རུང་བའི་དོན་ཡིན་པའི་ཕྱིར། འདིའི་ལྟར་ན་ཡུལ་དེའི་དྲུང་དུ་ཙོག་པུར་འདུག་སྟེ་ལན་གསུམ་བརྗོད་དགོས་སོ། །ཞུས་པའི་དགེ་འདུན་རྣམས་ཀྱིས་ཅི་བྱ་ཞེ་ན། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །བར་ཆད་ཀྱིས་དག་ན་གནང་མ་དག་ན་མི་གནང་ཞེས་བྱ་བའི་དོན་ནོ། །བར་ཆད་དྲིས་པའི་འོག་ཏུ་བསྒྲུབ་བྱ་དེས་མཁན་པོར་འགྱུར་བར་འོས་པ་ལ་མཁན་པོར་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱི་སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ་ཞེས་ལན་གསུམ་དང༌། ཐ་མ་ལ་མཁན་པོ་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ་ཞེས་བརྗོད་པར་བྱའོ། །མཁན་པོའི་དོན་ནི་མཁན་པོའི་སྐད་དོད་ཨུ་པ་ཞེས་པ་ཉེ་བ་ལ་འཇུག་ལ་དེ་ལ་རྐྱེན་བྱིན་པས་ཉེ་བར་འཛིན་པ་དང༌། ཉེ་བར་སྦྱར་བ་དང་ཉེ་བར་ལུང་འབོགས་པས་མཁན་པོ་ཞེས་བྱའོ། །གཉིས་པ་ནི། དེའི་འོག་ཏུ་ཅི་བྱ་ན། མཁན་པོ་རང་ངམ་དེས་བསྐོས་པས་གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་
ཚད་ལས་ལྷག་པ་བྲེག་པར་བྱ་སྟེ། དོན་དང་བྱ་བ་མང་བ་དང༌། མཛེས་པའི་ང་རྒྱལ་དང་སྲོག་ཆགས་ལ་གནོད་པ་སྤང་བ་དང་ཆོས་འདི་བའི་བསམ་པ་བསྐྱེད་པའི་ཕྱིར་རོ། །གཙུག་ཕུད་ནི་རེ་ཞིག་བཞག་སྟེ་རབ་ཏུ་འབྱུང་བར་ངེས་མ་ངེས་ཤེས་པར་བྱ་བའི་ཕྱིར་རོ། གཙུག་ཕུད་གང་གི་ཚེ་འདྲེག་ཅེ་ན། གཙུག་ཕུད་འདྲེག་པར་སྤྲོའམ་ཞེས་དྲིས་ལ་བྲེག་ཏུ་སྟེར་ན་གཙུག་ཕུད་དེ་བྲེག་པར་བྱའོ། །སྐྲ་དང་ཁ་སྤུ་བྲེགས་ནས་དུས་དང་མཐུན་པའི་ཆུས་ཁྲུས་བྱའོ། །ཁྲུས་བྱས་ནས་མཁན་པོས་བླ་གོས་དང་མཐང་གོས་ངུར་སྨྲིག་སེར་པོས་མཚོན་པ་རབ་བྱུང་གི་ཚུལ་དང་མཐུན་པའི་ཚོན་གྱིས་ཁ་བསྒྱུར་བ་སྦྱིན་པར་བྱའོ། །ལྷུང་བཟེད་ཀྱང་སྦྱིན་ལ་ཁ་ཅིག་དེང་སང་དགེ་ཚུལ་གྱི་ཚེ་གདིང་བ་དང་ཆུ་ཚགས་ཀྱང་སྦྱིན་པ་ནི་མ་དག་སྟེ། གང་ནས་ཀྱང་མ་བཤད་པའི་ཕྱིར་ཞེས་ཟེར་ཡང་འདི་ལ་བསྙེན་རྫོགས་ཀྱི་ཚེ་སྦྱིན་པའི་རུང་མཐུན་སྦྱར་དུ་རུང་སྟེ། མདོ་རྩ་འགྲེལ་ལས་དེའི་ཚེ་ལྷུང་བཟེད་སྦྱིན་པ་མ་བཤད་ཀྱང་སྦྱིན་དུ་རུང་བ་བཞིན་ནོ། །དེ་ནས་བསྒྲུབ་བྱས་མཁན་པོ་རྐང་པ་གཉིས་ལ་གཏུགས་པའི་ཕྱག་བྱས་ཏེ་གོས་དེ་དག་བླང་བར་བྱའོ། །དེའི་འོག་ཏུ་མཁན་པོས་བསྒྲུབ་བྱ་དེ་ལ་གོས་དེ་དག་བསྐོན་པར་བྱའོ། །ད་ལྟ་བླ་གོས་དང་མཐང་གོས་སྦྲགས་ནས་བསྐྱོན་པའི་ལག་ལན་ནི་མ་དག་སྟེ། སྨད་ཀྱི་ཆོས་གོས་སྟོད་དུ་གྱོན་དུ་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། བསྐོན་པ་ན་བསྒྲུབ་བྱ་ལ་ཟ་མ་དང་མ་ནིང་སོགས་ཀྱི་སྐྱོན་ཡོད་མེད་ཤེས་པའི་ཕྱིར་དུ་བསྒྲུབ་བྱའི་མཚན་དེས་མ་ཚོར་མི་ཤེས་པར་བརྟག་པར་བྱའོ། །མཚན་བརྟག་པ་ནི་མཁན་པོར་ཁས་བླངས་ནས་འདིའི་བར་གང་དུ་བྱས་ཀྱང་རུང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས། རང་ལུགས། གཞན་ལུགས་སོ། །དང་པོ་ནི་བསྒྲུབ་བྱ་དེ་ཟ་མ་ལ་སོགས་པའི་སྐྱོན་དང་བྲལ་བར་ཤེས་ནས་ཅི་བྱ་ཞེ་ན། སྐྱབས་སུ་འགྲོ་བ་རྩོམ་པའི་སྦྱོར་བ་བྱས་ནས་བར་མ་རབ་ཏུ་
བྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །འདིའི་སྦྱོར་བ་ལ་སྐྱབས་འགྲོ་བྱེད་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་མཚན་ཡོད་དེ། རབ་ཏུ་བྱུང་བ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ལ་མྱང་འདས་ཀྱི་བསམ་པ་མེད་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་མི་ནུས། སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བསྒྲུབ་པའི་ཕྱིར་རོ། །ཁ་ཅིག་ན་རེ། འདིར་མཁན་པོར་གསོལ་བ་དང༌། ཁྱིམ་པའི་རྟགས་སྤོང་བ་དང༌། རབ་ཏུ་བྱུང་བའི་རྟགས་ལེན་པའི་བར་མ་གསུམ་གསར་དུ་འཐོབ་ཟེར་བ་མི་འཐད་དེ། མཁན་པོར་གསོལ་བའི་བར་མ་ནི་མཁན་པོར་ཁས་བླངས་བའི་ཚེ་ན་ཐོབ་ཟིན་པའི་ཕྱིར། སྐྱབས་སུ་འགྲོ་བའི་བར་མ་དང་གསུམ་ཟེར་ཡང་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ་ཞེས་འབྱུང་བས། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དང༌། ཁྱིམ་པའི་རྟགས་སྤོང་བ་དང་རབ་ཏུ་བྱུང་བའི་རྟགས་ལེན་པའི་བར་མ་དང་གསུམ་ཡིན་ནམ་སྙམ་མོ། །གཉིས་པ་ནི། འདུལ་བ་འཛིན་པ་ཁ་ཅིག་མཁན་པོར་གསོལ་བའི་འོག་སྐྲ་དང་ཁ་སྤུ་བྲེག་པ་སོགས་མ་བྱས་པར་རབ་བྱུང་བྱ་སྟེ། དགེ་ཚུལ་ཉིད་རང་བྱུང་ཁོ་ན་ལ་བྱེད་པ་བཞིན་དུ། སྐྲ་དང་ཁ་སྤུ་བྲེག་པ་དང་ངུར་སྨྲིག་སྦྱིན་པ་དང་བསྐོན་པ་ཡང་རབ་བྱུང་ཁོ་ནའི་ཚུལ་ཡིན་པའི་ཕྱིར་ཞེས་ཟེར་རོ། དེ་ནི་མི་འཐད་དེ། ལུང་གཞི་ལས། སྐྲ་བྲེགས་ཤིང་ཆོས་གོས་བསྐོན་ནས་དེའི་འོག་ཏུ་རབ་ཏུ་དབྱུང་བར་གསུངས་པ་དང་འགལ་བའི་ཕྱིར་དང༌། རབ་ཏུ་བྱུང་བའི་འོག་ཏུ་གཙུག་ཕུད་བཞག་པ་དང་མཚན་བརྟག་པ་དགོས་པ་མེད་པའི་ཕྱིར་ཏེ། དེ་དག་ནི་རབ་ཏུ་འབྱུང་དུ་རུང་མི་རུང་བརྟག་པའི་ཆེད་ཡིན་པའི་ཕྱིར་རོ། །ཕ་རོལ་པོའི་སྒྲུབ་བྱེད་ཀྱང་མ་ངེས་ཏེ་བསྙེན་རྫོགས་ཚེ་ན་བསྙེན་པར་རྫོགས་ཟིན་ནས་ཆོས་གོས་གསུམ་བྱིན་གྱིས་རློབ་པ་དང་བསྐོན་པ་སོགས་བྱེད་རིགས་པར་ཐལ། དེ་དག་ཀྱང་བསྙེན་པར་རྫོགས་པ་ཁོ་ནའི་ཚུལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། གལ་
ཏེ་རབ་ཏུ་བྱུང་ནས་ཆོས་གོས་བསྐོན་པར་རིགས་ཏེ། ཁྱིམ་པ་ལ་ཆོས་གོས་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའི་ཉེས་པར་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱིར་བཏང་དམིགས་བསལ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་བསྙེན་རྫོགས་ཀྱི་ཚེ་བསྒྲུབ་བྱས་ཐོས་པར་གསོལ་བཞིའི་ལས་བྱར་མི་རུང་བར་ཐལ། ཐོས་པར་བྱ་བ་མ་ཡིན་པས་ཐོས་པའི་ཉེས་པར་འགྱུར་བའི་ཕྱིར། ཞེས་མཚུངས་སོ། །བོད་ཁ་ཅིག་དེ་ཁོ་ནར་བྱ་བ་བཀག་ནས་མཁན་པོར་གསོལ་བའི་འོག་དང་འདི་གཉིས་གང་དུ་བྱས་ཀྱང་རུང་ངོ་ཞེས་ཟེར་རོ། །གཉིས་པ་དངོས་གཞི་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི་རབ་བྱུང་བསྒྲུབས་ནས་མཁན་པོས་ཅི་བྱ་ཞེ་ན། བསྒྲུབ་བྱ་དེ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་ནུས་པའི་དགེ་སློང་ལ་འདི་ལ་དགེ་ཚུལ་གྱི་སྡོམ་པ་བྱིན་ཅིག་ཅེས་གཏད་པར་བྱའོ། །མཁན་པོ་རང་གིས་སྡོམ་པ་བྱིན་ནའང་སྐྱེ་མོད། དགེ་ཚུལ་ནི་གཞོན་ནུ་ལ་བྱེད་པ་ཤས་ཆེ་བས་ཕ་མ་གཉིས་ཀྱིས་བུ་ཚ་སྐྱོང་བ་བཞིན་དུ་མཁན་སློབ་གཉིས་ཀས་བསྐྱང་བའི་ཕྱིར་དང༌། ཕ་མ་དང་བྲལ་ལོ་སྙམ་པའི་ཡིད་བསྲིང་བའི་ཕྱིར་རོ་ཞེས་ཟེར་རོ། །གཏད་པའི་དགེ་སློང་དེས་ཅི་བྱ་ཞེ་ན། ཅི་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲིས་ནས་དག་ན་དགེ་ཚུལ་དུ་བསྒྲུབ་ཀྱི་མ་དག་ན་མི་སྒྲུབ་བོ། །ཁ་ཅིག་དགེ་ཚུལ་ཟིན་མ་ཐག་བླ་གོས་མཐང་གོས་གདིང་བ་ལྷུང་བཟེད་བཞི་བྱིན་གྱིས་རློབ་པར་བྱེད་པ་ནི་མི་འཐད་དེ། ལུང་དུ་དགེ་ཚུལ་ཕ་མ་བསྒྲུབ་པའི་ཆོ་གའི་སྐབས་གང་ནས་ཀྱང་མི་འབྱུང་བའི་ཕྱིར་དང༌། ཀརྨ་ཤ་ཏམ་སོགས་ཡོན་ཏན་འོད་ཀྱི་གཞུང་དང་དེའི་རྗེས་འབྲང་གི་འགྲེལ་བ་རྣམས་ནས་མི་འབྱུང་བའི་ཕྱིར་རོ། །ཞུ་བ་མང་ཤོས་སུ་བཙུན་པ་དགེ་སློང་གིས་སུའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི་དགེ་སློང་གིས་དགེ་སློང་དང་དགེ་ཚུལ་ཕའི་
མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་ཕས་ནི་དགེ་སློང་དང་དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་མས་ནི་དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློབ་མས་ནི་དགེ་སློང་མ་དང༌། དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་མས་ནི་དགེ་སློང་མ་དང་དགེ་སློབ་མ་དང༌། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། སླར་དབྱུང་བ་དང་བསྔོ་བ་ཡང་དེ་བཞིན་དུ་བྱའོ་ཞེས་བཤད་པ་ནི་ལུང་མ་དག་པ་སྟེ་དེའི་སྐབས་ནས་དགེ་ཚུལ་དང་དགེ་ཚུལ་མ་ལ་ཆོས་གོས་དང་འབྲལ་བའི་ཉེས་པ་འབྱུང་བར་བཤད་དོ། །དེས་ན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་བས་གཏན་ལ་ཕབ་པའི་ཞུ་བ་ཁ་ཆེ་བ་ལས། བཙུན་པ་དགེ་སློང་གིས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བར་འཁོར་དགེ་སློང་གིས་ནི་དགེ་སློང་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །བཙུན་པ་དགེ་སློང་མས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བར་འཁོར་དགེ་སློང་མས་ནི་དགེ་སློང་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དབྱུང་བ་དང་རུང་བར་བྱ་བ་ཡང་དེ་བཞིན་དུ་བྱའོ་ཞེས་བཤད་པ་ལྟར་བྱའོ། །གཉིས་པ་ཞར་བྱུང་ལ་གསུམ། བླ་མ་རྣམས་ཀྱི་དབྱེ་བ། བླ་མར་འགྱུར་བའི་དུས། གྱུར་པ་ལ་མཚན་ནས་སྨོས་པའི་རིམ་པའོ། །དང་པོ་ནི དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་དགེ་སློང་དེ་དགེ་ཚུལ་དེའི་ཅི་ཡིན་ཞེ་ན། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་དགེ་སློང་དེ་ནི་དགེ་ཚུལ་དེའི་སློབ་དཔོན་ཡིན་ཏེ། རབ་བྱུང་ཉེ་བར་བསྒྲུབ་པར་བྱེད་པ་དེ་རབ་བྱུང་དེའི་མཁན་པོ་ཡིན་པ་བཞིན་ནོ། །སློབ་དཔོན་དེ་ཁོ་ནར་མ་ཟད་དེ། ལྐོག་ཏུ་བར་ཆད་འདྲི་བའི་གསང་སྟེ་སྟོན་པ་དང་དགེ་འདུན་གྱི་དབུས་སུ་
གསོལ་བཞིའི་ལས་བྱེད་པ་དང༌། མཁན་པོ་མེད་པའི་ཚེ་གནས་སྦྱིན་པ་དང༌། ཀློག་ཏུ་འཇུག་པ་ཡང་སློབ་དཔོན་ཡིན་ཏེ། ལུང་དུ་སློབ་དཔོན་ནི་ལྔ༌། མཁན་པོ་ནི་གཉིས་སོ་ཞེས་གསུངས་པས་སོ། །དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་སློབ་དཔོན་ཡིན་ཡང་དེ་མ་ཐག་ཏུ་མཁན་པོར་འགྱུར་བས་ལོགས་སུ་མ་བགྲངས་སོ། །སློབ་དཔོན་ལྔར་ངེས་པའི་རྒྱུ་མཚན་ཅི་ཞེ་ན། ངེས་ཏེ། སློབ་དཔོན་ལ་སྡོམ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་སྲུང་བར་བྱེད་པ་དང༌། ཆོས་ཤེས་པར་བྱེད་པ་གསུམ་དུ་ངེས་ལ། དང་པོ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་བྱེད་པ་དང༌། ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པར་བྱེད་པ་གཉིས། ཕྱི་མ་ལ་ཡང་རྒྱུད་ལ་བར་ཆད་ཡོད་མེད་བརྟག་པ་དང༌། རྒྱུད་དག་པ་ལ་སྡོམ་པ་སྟེར་བ་གཉིས་སུ་ངེས་པའི་ཕྱིར་གོ་རིམ་ཡང་དེ་ལྟར་ངེས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ལ་གཉིས། སློབ་དཔོན་དུ་འགྱུར་བའི་དུས་དང༌། མཁན་པོར་འགྱུར་བའི་དུས་སོ། །དང་པོ་ནི། གང་གི་ཚེ་དེ་དག་སློབ་དཔོན་དུ་འགྱུར་ཞེ་ན། སློབ་མའི་དགོས་པ་གང་གིས་སློབ་དཔོན་དུ་འགྱུར་བའི་དགོས་པའི་དོན་གྲུབ་ན་དེའི་སློབ་དཔོན་དུ་གྱུར་པ་ཉིད་དེ། དེའི་ཚེ་དེའི་སློབ་དཔོན་དུ་འགྱུར་བའི་རྒྱུ་མཐར་ཐུག་པའི་ཕྱིར། དཔེར་ན་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་བྱེད་པ་དེ་བསྒྲུབ་བྱ་ལ་སྡོམ་པ་སྐྱེས་པ་ན་དེའི་སློབ་དཔོན་དུ་གྱུར་པ་བཞིན་ནོ། །གསང་སྟེ་སྟོན་པ་ནི་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུས་པ་ན་སློབ་དཔོན་དུ་གྱུར་ཏེ། ཊཱིཀྐར། གསང་སྟེ་སྟོན་པའི་དགོས་པ་ཡོངས་སུ་རྫོགས་ན་གསང་སྟེ་སྟོན་པའི་སློབ་དཔོན་ཉིད་དུ་གྱུར་པ་ཡིན་ནོ། །ཞེས་དང༌། ཤེས་རབ་བྱེད་པར། གསང་སྟེ་སྟོན་པའི་སློབ་དཔོན་ནི་བར་ཆད་དྲི་བའི་ལས་བྱས་ཟིན་ནས་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་རོ་ཞེས་བཤད་དོ། །ཁ་ཅིག་ན་རེ། གསང་སྟེ་
སྟོན་པའང་སྡོམ་པ་སྐྱེས་པ་ན་སློབ་དཔོན་དུ་འགྱུར་ཏེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་སློབ་དཔོན་ཡིན་པའི་ཕྱིར་ཞེ་ན། འོ་ན་མཁན་པོ་ཡང་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་མཁན་པོ་མ་ཡིན་པར་ཐལ། ལེན་པ་པོས་སྡོམ་ པ་མ་ཐོབ་པར་མཁན་པོར་གྱུར་པའི་ཕྱིར། ཁོ་ན་རེ། དེ་གཉིས་མི་མཚུངས་ཏེ། མཁན་པོ་ལ་དོགས ་གཅོད་ཟུར་བ་བྱུང་ལ་གསང་སྟོན་ལ་ དོགས་གཅོད་ཟུར་བ་མ་བྱུང་བའི་ཕྱིར་ཟེར་རོ། །གཉིས་པ ་ནི། མཁན་པོ་ཉིད་ཀྱང་དོན་གྲུབ་ན་གྱུར་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཁན་པོར་གསོལ་བ་བཏབ་པའི་ཚེ་མཁན་པོར་ཁས་བླངས་པ་ན་མཁན་པོ་དེར་གྱུར་པའི་ཕྱིར་རོ། །དེ་ལྟར་བཅའ་བ་མཛད་པའི་རྒྱུ་མཚན་མཁན་པོ་ནི་ཐམས་ཅད་དུ་གཉེར་ཆེ་བས་འགྱུར་གྱིས་ དོགས་པའམ། རབ་བྱུང་གི་ཚེ་རྟགས་དང་བར་མ་སྟེར་བ་དང༌། བསྙེན་རྫོགས་ཀྱི་ཚེ་རྟགས་བྱིན་གྱིས་རློབ་པ ་སོགས་མཁན་པོར་གྱུར་བས་འགྲུབ་པའི་ཕྱིར་རོ། །གཉིས་པ། རྒྱས་བཤད་ལ་གསུམ། ཐོབ་པར་བྱེད་པའི་བླ་མར་འགྱུར་བའི་དུས། མི་ཉམས་པར་བསྲུང་བའི་བླ་མར་འགྱུར་བའི་དུས། ཆོས་ཤེས་པར་བྱེད་པའི་བླ་མར་འགྱུར་བའི་དུས་སོ། །དང་པོ་ལ་གཉིས། སློབ་དཔོན་དུ་འགྱུར་བའི་དུས། མཁན་པོར་འགྱུར་བའི་དུས་སོ། །དང་པོ་ནི་དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་བཤད་ན་གང་གི་ཚེ་དོན་གྲུབ་ཅེ་ན། དགེ་ཚུལ་དང་དགེ་སློང་ཉེ་བར་བསྒྲུབ་པ་ལ་བརྗོད་པ་གསུམ་ཡོད་པའི་ཐ་མ་གང་ཡིན་པ་ལ་འགྲུབ་ལ་ཐ་མ་ལའང་ཆ་གསུམ་ཡོད་པའི་ཆ་གསུམ་པ་ལ་དོན་གྲུབ་པས་དེའི་ཚེ་སློབ་དཔོན་དུ་གྱུར་པ་ཉིད་དོ། །དཔེར་ན་དགེ་ཚུལ་གྱི་ཆོ་ག་ལ་སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་གསུམ་ལས་བདག་བརྗོད་དགེ་ཚུལ་དུ་ཞེས་པའི་མཇུག་གཞན་བརྗོད་པ་སློབ་དཔོན་གྱིས་ཞེས་པའི་གོང་གི་དུས་སུ་དགེ་ཚུལ་ཉིད་ཀྱི་སྡོམ་པ་སྐྱེས་པས་དོན་གྲུབ་པ་བཞིན་ནོ། །དེ་ཡང་གཞན་དགེ་ཚུལ་དུ་སྒྲུབ་པར་བྱེད་པས་བརྗོད་
པའི་ཚེ་སྐྱེས་པ་ཡིན་གྱི་བསྒྲུབ་བྱས་བརྗོད་པ་ལ་མི་ལྟོས་སོ། །གཉིས་པ་ནི། མཁན་པོར་གྲུབ་པའི་དོན་ཡང་དེ་ཁོ་ན་ལྟར་ཡིན་ནམ་ཞེ་ན། མཁན་པོར་གསོལ་བ་ན་གཞན་བརྗོད་པའི་དུས་འདིར་རྣམ་གྲངས་ཐ་མ་ལ་ཁས་བླངས་པ་ཉིད་ཀྱིས་མཁན་པོའི་དོན་གྲུབ་པས་དེའི་ཚེ་མཁན་པོ་མཁན་པོས་རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པར་བགྱིའོ་ཞེས་བརྗོད་ཀྱི། བཙུན་པ་མཁན་པོས་ཞེས་སམ་སློབ་དཔོན་མཁན་པོས་ཞེས་མི་བརྗོད་དོ། །གཉིས་པ་ནི། སློབ་དཔོན་ཐ་མ་གཉིས་སུ་འགྱུར་བའི་དོན་ནམ་གྱི་ཚེ་འགྲུབ་ཅེ་ན། གནས་སྦྱིན་པ་ནི་འོས་པ་ལ་གནས་ཀྱི་སློབ་དཔོན་དུ་གསོལ་བ་བཏབ་ནས་དུས་ཞག་གཅིག་དགོས་པ་གནས་སུ་འཛིན་པ་ཉིད་ཀྱི་ཕྱིར་མཚམས་ནང་གཅིག་ཏུ་ཉེ་བར་གནས་པ་མཐར་ཐུག་ནས་སྐྱ་རེངས་ཤར་བ་ན་གནས་ཀྱི་སློབ་དཔོན་དུ་གྲུབ་པའོ། །གསུམ་པ་ནི། ཀློག་པའི་སློབ་དཔོན་ནི་སངས་རྒྱས་ཀྱི་བཀའ་འམ་དེའི་དགོངས་འགྲེལ་ཚིགས་སུ་བཅད་པ་གཅིག་གམ་དེའི་ཚད་དུ་ལོངས་པའི་ལྷུག་པའམ་དེ་ལས་ཀྱང་མང་བ་གཉིས་ཀས་དཔོན་སློབ་ཀྱི་འདུ་ཤེས་བཞག་ནས་ལན་གསུམ་བཟླས་ན་ཀློག་པ་མཐར་ཐུག་པས་སློབ་དཔོན་དུ་གྱུར་པའོ། །འོ་ན་གྱི་ནར་ལན་གསུམ་བཟླས་པས་ཀྱང་ཀློག་པའི་སློབ་དཔོན་དུ་འགྱུར་རམ་ཞེ་ན། མི་འགྱུར་ཏེ་ཀློག་པ་སྟེ་སློབ་དཔོན་དུ་འཛིན་པའི་བསམ་པ་མེད་པས་ལན་སྟོང་བརྗོད་ཀྱང་ཀློག་པའི་སློབ་དཔོན་མ་ཡིན་ཏེ། ཁ་ཏོན་གོམས་པར་བྱེད་པ་བཞིན་ཁ་ཏོན་ལ་སོགས་པ་ནི་བཟུང་ཟིན་གོམས་པར་བྱེད་པ་ཡིན་ལ། ཀློག་པ་ནི་སྔར་མ་བཟུང་བ་འཛིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་གྱུར་པ་ལ་མཚན་ནས་སྨོས་པའི་རིམ་པ་ནི། མཁན་སློབ་ཏུ་གྱུར་པ་ལ་མཚན་ནས་ཇི་ལྟར་བརྗོད་པར་བྱ་ཞེ་ན། མཁན་སློབ་དེ་གཉིས་ལ་སློབ་དཔོན་དང་མཁན་པོ་ཞེས་པ་ལས་གཞན་དུ་བཙུན་པ་
ཞེས་སོགས་ཉེ་བར་ཡང་མི་བརྗོད་ན་རིང་བ་ནས་ལྟ་ཅི་སྨོས། དེས་ན་སློབ་དཔོན་ལའང་སློབ་དཔོན་ཞེས་དང༌། མཁན་པོ་ལ་ཡང་མཁན་པོ་ཞེས་བརྗོད་པར་བྱའོ། །འགྲེལ་པར། རྒན་པ་ལ་ཡང་ཉེ་བའི་ཚིག་དང་བྲལ་བར་མི་བཟུང་ཞེས་འབྱུང་བས་ཉེ་བའི་ཚིག་གི་བརྗོད་ཚུལ་ནི། རྒན་པ་ལ་བཙུན་པའམ་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་བརྗོད་པར་བྱ་སྟེ། འདི་ལ་གནས་བརྟན་དང་ཞེས་སོགས་དང༌། ཕྲན་ཚེགས་ལས། འོན་ཀྱང་ཚེ་དང་ལྡན་པ་ཞེས་བོད་པའམ་བཙུན་པ་ཞེས་བོད་པ་གཉིས་ཀུན་ཏུ་སྤྱད་པར་བྱའོ་ཞེས་དང༌། ཕྲན་ཚེགས་འགྲེལ་པར། གཞོན་པས་དགེ་སློང་ཤིན་ཏུ་རྒན་པ་ལ་ཡང་ཚེ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱེད་ན་ཉེས་པ་མེད་པར་སྣང་སྟེ། གང་གི་ཕྱིར་འདི་སྐད་དུ་ཚེ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཞེས་དང༌། སུམ་བརྒྱ་བར། རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད། །གཞོན་ལའང་ཚེ་དང་ལྡན་པའི་ཉེ་ཚིག་གིས། །དེ་བཞིན་གནས་བརྟན་ཞེས་པའི་ཉེ་ཚིག་བརྗོད། །དེ་ལྟར་འདིར་ནི་མིང་སྨོས་རིམ་པ་ཡིན། །ཞེས་དང༌། འོད་ལྡན་དུ། འང་གི་སྒྲས་ནི་རྒན་པ་ལ་ཡང་བྱའོ། །དེ་བཞིན་དུ་རྒན་པ་ལ་ཡང་རུང་གཞོན་པ་ལ་ཡང་རུང་གནས་བརྟན་ཞེས་བྱ་བའི་ཉེ་བའི་ཚིག་གིས་བརྗོད་པར་བྱའོ་ཞེས་གཞོན་པ་ལ་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་བརྗོད་ཀྱི་བཙུན་པ་ཞེས་མི་བརྗོད་དེ། བཙུན་པའི་སྐད་དོད་བནྡེ་ཞེས་པ་ཕྱག་འོས་ཡིན་ལ་གཞོན་པ་ཕྱག་འོས་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་བཙུན་པ་དང་གནས་བརྟན་དང་ཚེ་དང་ལྡན་པ་ཞེས་བྱ་ཞེ་ན། ཕྱག་འོས་ཡིན་པས་ན་བཙུན་པ་ཞེས་བྱ་སྟེ། གཞི་འགྲེལ་ལས། བཙུན་པ་ཞེས་བྱ་ནི་མཆོད་པའི་ཚིག་སྟེ་ཤིན་ཏུ་དག་པ་དང་བདེ་བ་བསྐྱེད་པའི་ཕྱིར་ཞེས་གསུངས། འདིའི་གནས་པ་གཞན་ལ་རག་མ་ལས་པས་གནས་བརྟན་ཏེ། རྣམ་འབྱེད་འགྲེལ་བར་གཞན་ལ་མི་རྟེན་པས་ཞེས་གསུངས།
སེང་བཟང་གིས། ལྷ་དང་བཅས་པའི་འཇིག་རྟེན་ན་མཆོད་པ་ལ་སོགས་པས་གཙོ་བོར་གྱུར་པའི་ཕྱིར་གནས་བརྟན་ནོ། །ཞེས་སོ། །ཚེ་ཁྱད་པར་ཅན་དང་ལྡན་པས་ཚེ་དང་ལྡན་པ་སྟེ། སེང་བཟང་གིས། ཚེ་འདོད་པར་གྱུར་པས་ཚེ་དང་ལྡན་པ་སྟེ། ཞེས་དང༌། ཕྲན་ཚེགས་འགྲེལ་བར། མངོན་པར་འདོད་པའི་ཚེ་དང་ལྡན་པའི་ཕྱིར་རོ་ཞེས་སོ། །འོན་ཀྱང་ཁྱིམ་པ་ལ་ཡང་ཚེ་དང་ལྡན་པ་ཞེས་བརྗོད་དུ་རུང་ངོ༌། །གནས་བརྟན་ལ་ལོ་བཅུ་ལོན་དགོས་ལ་ལོ་བཅུ་ལོན་ཡང་ལྔ་ཕྲུགས་དང་མི་ལྡན་ན་གནས་བརྟན་བྱིས་པའོ། །གཞན་ལ་དགེ་བའི་བཤེས་གཉེན་ལ་སོགས་པའི་ཉེ་ཚིག་ཀྱང་རུང་ངོ༌། །མཁན་སློབ་ལས་གཞན་ལ་མཁན་སློབ་ཅེས་བརྗོད་དུ་རུང་ངམ་ཞེ་ན། མཁན་སློབ་ལས་གཞན་ལ་མཁན་སློབ་ཅེས་བརྗོད་པར་མི་བྱ་སྟེ། བརྗོད་ན་གཞན་དང་མཁན་སློབ་མཉམ་པར་སོང་བས་མཁན་སློབ་ལ་མ་གུས་པར་འགྱུར་བའི་ཕྱིར་རོ། །སློབ་དཔོན་ལ་སློབ་དཔོན་ཆེ་གེ་མོ་ཞེས་པ་ལྟར་མཁན་པོ་ལའང་མཁན་པོའི་སྒྲ་འབའ་ཞིག་གིས་བརྗོད་དམ་ཞེ་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་བཟུང་ངོ༌། །བཅས་པ་ཞེས་པའི་ནི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་པ་དང༌། མཁན་པོ་ཞེས་པའི་བར་དུ་ཚིག་གཞན་གྱིས་མ་ཆོད་པར་བརྗོད་དགོས་པའི་དོན་ནོ། །འོན་ཀྱང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་ཞེས་བརྗོད་དུ་རུང་ངོ༌། །ཁ་ཅིག་མཁན་པོ་འདས་སམ་ཐག་རིང་པོར་སོང་ན་དེ་སྐད་མ་བརྗོད་ཀྱང་ཉེས་པ་མེད་ཟེར་རོ། །དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་གའོ། །ཚིགས་ཕྱི་མ་སྦྱོར་དངོས་མཇུག་གསུམ། གཉིས་པ་ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག་ལ་གསུམ། སྦྱོར་དངོས་མཇུག་གི་ཆོ་གའོ། །དང་པོ་ལ་གསུམ། ཁྲེལ་ཡོད་བསྐྱེད་པའི་ཕྱིར་གནས་ལ་ཞུ་ཞིང་གསོལ་བ། ཆོས་འདི་བའི་བསམ་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་རྟགས་
སྦྱིན་པ། རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར་བར་ཆད་དྲི་ཞིང་བསྙེན་པར་རྫོགས་པར་གསོལ་བའོ། །དང་པོ་ནི། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་མི་བྱའོ་ཞེས་བཤད་ན། དགེ་ཚུལ་གྱི་འོག་ཏུ་ཇི་ལྟར་བསྙེན་པར་རྫོགས་པར་བྱ་ཞེ་ན། བསྙེན་རྫོགས་ཀྱི་སྡོམ་པ་ནི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་སྡོམ་པ་ཐམས་ཅད་ཀྱི་མཆོག་ཡིན་པས་དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པ་བླང་བར་བྱའི། རབ་བྱུང་བ་དང་དགེ་ཚུལ་ལྟར་གང་ཟག་ལས་ནི་མ་ཡིན་ནོ། །ཐབས་གང་གིས་བྱ་ཞེ་ན། བསྙེན་རྫོགས་ཀྱི་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པ་ལས་གྲལ་ལ་མ་འདུས་པ་ནས། དགེ་འདུན་དང་ལས་བྱེད་པ་དང་གསང་སྟེ་སྟོན་པ་ལ་ཡང་འདི་དང་འདི་བརྗོད་ཅེས་གསོལ་བ་གདབ་པར་བྱ་སྟེ། གཞི་དང་ཀར་ཤར། ལས་ཀྱི་གནས་སུ་འདུ་བར་འགྱུར་བའི་དགེ་འདུན་ལ་ཡང་གསོལ་བ་གདབ་པར་བྱ་ཞེས་དང༌། དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པར་བསྡམ་པར་བྱ་བ་དང༌། བཤགས་པར་བྱ་བ་དང་ཞེས་སོགས་གསུངས་སོ། །རྩ་བར་དགེ་སློང་ཞེས་པ་གསང་སྟེ་སྟོན་པ་དང་སྦྱར་གྱི་ལས་བྱེད་པ་དང་སྦྱར་མི་དགོས་ཏེ། གསང་སྟེ་སྟོན་པ་ལྐོག་ཏུ་བར་ཆད་འདྲི་བ་ཡིན་པས་དགེ་སློང་མ་ཡིན་པས་ཀྱང་རུང་ངམ་སྙམ་པའི་ དོགས་པ ་བསལ་དགོས་ལ། ལས་བྱེད་པ་ནི་དགེ་འདུན་གྱི་དབུས་སུ་ལས་བྱེད་པས་དགེ་སློང་ཡིན་པར་གྲུབ་པའི་ཕྱིར་རོ། །དེ་ནས་དགེ་འདུན་རྣམས་འདུས་ནས་མཐུན་པར་གྱུར་པ་ན། བསྒྲུབ་བྱ་དེ་སྟོན་པ་དང་དགེ་སློང་རེ་རེ་ལ་ཕྱག་འཚལ་ཏུ་བཅུག་མཁན་པོ་ལ་ཕྱག་འཚལ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་བས་མནན་ཙོག་པུར་འདུག་ཐལ་མོ་སྦྱར་ནས། མཁན་པོའམ་སློབ་དཔོན་ནམ་བཙུན་པ་དགོངས་སུ་གསོལ་ཞེས་སོགས་ཀྱིས་མཁན་པོར་གསོལ་བར་བྱའོ། །ཚིགས་སྔ་མའི་མཁན་པོ་ཡིན་
ཡང་འདིར་མཁན་པོར་གསོལ་དགོས་ཏེ་ཚིགས་སྔ་ཕྱིའི་ཆོ་ག་ཐ་དད་པའི་ཕྱིར་རོ། །གཉིས་པ་ནི། མཁན་པོར་གསོལ་བའི་འོག་ཏུ་ཅི་བྱ་ཞེ་ན། གཞན་ལ་བཅོལ་བས་མི་འགྲུབ་པས་མཁན་པོ་དེ་རང་གིས་བསྒྲུབ་བྱ་དེ་ལ་ཆོས་བསྒྲུབ་པའི་གང་ཟག་གི་གོས་ཡིན་པས་ན་ཆོས་གོས་སྣམ་སྦྱར་བླ་གོས་མཐང་གོས་གསུམ་དྲས་ཤིང་དྲུབས་པ་ཡོད་ན་དངོས་ཀྱི་བྱིན་རླབས་དང་མེད་ན་རྒྱུ་རས་ཡུག་ལྟ་བུ་ལ་ཡང་རྒྱུའི་བྱིན་གྱིས་བརླབ་པར་བྱའོ། །གསུམ་ཞེས་པས་དེའི་ཚེ་གདིང་བ་བྱིན་གྱིས་བརླབས་ཀྱང་རུང་ངོ༌། །ཚུལ་ཇི་ལྟར་བྱིན་གྱིས་རློབ་ན་ཆོས་གོས་སོ་སོར་བལྟ་བ་སློབ་མའི་ཕྲག་པ་གཡོན་ལ་བཀལ་གཉིས་ཀ་འགྲེང་ལག་པས་བཟུང་སྟེ་རིམ་པ་བཞིན་བྱིན་གྱིས་བརླབ་བོ། །ཁ་ཅིག་ན་རེ། འདིར་མཁན་པོས་བྱིན་གྱིས་མ་བརླབས་སམ་གཉིས་ཀས་འགྲེང་སྟེ་མ་བྱས་ན་བྱིན་བརླབས་མི་འཆགས་ལ། སྐབས་གཞན་དུ་མཁན་པོས་བྱིན་གྱིས་རླབས་མི་དགོས་ཟེར་རོ། །བྱིན་གྱིས་བརླབས་པའི་འོག་ཏུ་བསྐོན་པར་བྱ་སྟེ་ཆ་ལུགས་ཀྱི་དོན་དུ་ཆོས་གོས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར་འདི་ཡང་དངོས་ཀྱི་བྱིན་རླབས་ཅན་གྱི་དབང་དུ་བྱས་ཀྱི་རས་ཡུག་དཀར་པོ་ལྟ་བུ་རྒྱུའི་བྱིན་རླབས་བྱས་པ་ནི་མི་བསྐོན་ནོ། །སྣམ་སྦྱར་དང་བཅས་པའི་ཚེ་དགེ་འདུན་སྤྱི་ལ་ཕྱག་བྱའོ། །བྱིན་གྱིས་རློབ་པའི་སྔོན་དུ་ཡང་ཕྱག་འཚལ་དུ་གཞུག་གོ །ཆོས་གོས་སུ་མ་ཟད་ལྷུང་བཟེད་ཀྱང་མཁན་པོ་རང་གིས་བྱིན་གྱིས་བརླབ་བོ། །ཇི་ལྟར་བྱིན་གྱིས་བརླབ་ན་དགེ་སློང་གིས་ལྷུང་བཟེད་དེ་ལག་པ་གཡོན་པར་བཞག་གཡས་པས་བཀབ་སྟེ་རྒན་རིམ་བཞིན་དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས། མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་ཚད་གསུམ་ལས་མི་ཆུང་ངམ་མི་ཆེའམ་ཁ་དོག་མི་སྐྱའམ་ཞེས་དགེ་འདུན་ལ་བསྟན་ནས་བྱིན་གྱིས་བརླབ་བོ། །ལན་
ནི་ཐམས་ཅད་ཀྱིས་དེ་ལྟ་བུ་མ་ཡིན་ཏེ་རུང་བ་ཚད་ལྡན་ལེགས་པར་ཁ་བསྒྱུར་བ་ཡིན་ན་ལྷུང་བཟེད་བཟང་པོ་ཞེས་བརྗོད་པར་བྱའོ། །ཆོས་གོས་དགེ་འདུན་ལ་བསྟན་མི་དགོས་ལ་ལྷུང་བཟེད་དགེ་འདུན་ལ་བསྟན་དགོས་པ་ཅི་ཞེ་ན། རྒྱུ་མཚན་ཡོད་དེ། ཆོས་གོས་ལ་རྒྱུའི་བྱིན་རླབས་འཆགས་ལ། ལྷུང་བཟེད་ལ་རྒྱུའི་བྱིན་རླབས་མི་འཆགས་པའི་ཕྱིར་ཏེ། ཆོས་གོས་ཀྱི་རྒྱུ་རས་ཡུག་ལྟ་བུ་ལ་གོས་ཀྱི་བློ་སྐྱེ་ལ། ལྷུང་བཟེད་ཀྱི་རྒྱུ་འཇིམ་པ་དང་ལྕགས་གོང་ལྟ་བུ་ལ་སྣོད་སྤྱད་ཀྱི་བློ་མི་སྐྱེ་བའི་ཕྱིར་རོ། །ཞེས་ཁ་ཅིག་ཟེར་རོ། །འོ་ན་ལྷུང་བཟེད་ཆེ་ཆུང་དང་སྐྱ་བོ་ལ་ལྷུང་བཟེད་ཀྱི་བྱིན་རླབས་འཆགས་པར་ཐལ། དེ་དག་ལ་ལྷུང་བཟེད་ཀྱི་བློ་སྐྱེ་བའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་ལྷུང་བཟེད་ལ་རྒྱུའི་བྱིན་རླབས་མི་འཆགས་པར་འདོད་པ་དང་འགལ་ལ། འགྲེལ་བར་བྱིན་རླབས་མི་འཆགས་པར་བཤད་པ་དང་ཡང་འགལ་ལོ་ཞེས་བརྗོད་ན་ལན་ཇི་ལྟར་འདེབས་བསམ་དགོས་སོ། །ཆོས་གོས་དང་ལྷུང་བཟེད་མེད་ན་སྡོམ་པ་མི་སྐྱེ་བ་མ་ཡིན་ཏེ། ཞུ་བར་ཆོས་གོས་དང་ལྷུང་བཟེད་མེད་པར་བསྙེན་པར་རྫོགས་ན་རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ལྷུང་བཟེད་བྱིན་གྱིས་བརླབས་པའི་འོག་ཏུ་ཅི་བྱ་ཞེ་ན། བར་ཆད་དང་ལྡན་པ་ལ་སྡོམ་པ་མི་སྐྱེ་བའམ་སྐྱེ་ཡང་སྦྱིན་པར་མི་འོས་པ་ཡོད་པས་བར་ཆད་དྲི་དགོས་དྲི་བ་བོ་ཡང་བསྐོ་དགོས་ལ། ཐོས་པར་བྱ་བ་མིན་པས་ཐོས་པའི་ཉེས་པ་སྤང་བའི་ཕྱིར་བསྒྲུབ་བྱ་དེ་ཚིག་ཐོས་པའི་ཉེ་འཁོར་ལས་བཀར། མཐོང་བའི་ཉེ་འཁོར་དུ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་དུ་བཅུག་ནས་ལས་བྱེད་པས་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པའི་དགེ་སློང་དེ་གང་ཡིན་ཞེས་བྱ་བས་བདག་མིང་འདི་ཞེས་བྱ་བའོ་ཞེས་སྨྲ་བཅུག་སྟེ། འགྲེལ་པར།
གང་ཡིན་ཞེས་བྱ་བ་དེ་ནི་སྔགས་ཀྱི་ཚིག་གི་ཡི་གེ་དང་པོར་བླངས་པ་ཡིན་ཏེ། ཞེས་བཤད་པ་ནི་རྒྱ་སྐད་ཀྱི་དབང་དུ་བྱས་པའོ། །མི་སྤྲོ་བཞིན་དུ་བསྐོ་ན་དགེ་འདུན་གྱི་ལས་ཆོས་དང་མི་ལྡན་པར་འགྱུར་ཞིང༌། དེས་ཀྱང་ལས་དགའ་ཞིང་གུས་པས་མི་བསྒྲུབ་པས། གསང་སྟེ་སྟོན་པར་སྤྲོའམ་ཞེས་དྲིས་ནས། དེས་ཀྱང་སྤྲོ་ཞེས་བརྗོད་པར་བྱས་ནས་གསང་སྟོན་དགེ་འདུན་ལ་བསྐོ་བར་གསོལ་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འོ་ན་གསང་སྟེ་སྟོན་པ་བསྐོ་བའི་ལས་འདི་དང༌། དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་གཉིས། གནས་སྐབས་དང་དགོས་པ་དང༌། ལས་ཀྱི་ངོ་བོ་འདྲ་བ་ལ་སྡོམ་པ་ལེན་པ་པོས་ཆོ་ག་འདི་ཐོས་སུ་མི་རུང་ལ། འོག་མ་ཐོས་སུ་རུང་བའི་རྒྱུ་མཚན་ཅི་ཞེ་ན། འདི་ནི་བར་ཆད་མེད་པར་ངེས་པར་བྱས་མ་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བ་མ་མཛད་པའི་ཕྱིར་དང༌། འོག་མ་ནི་གསང་སྟེ་སྟོན་པས་བར་ཆད་མེད་པར་ངེས་པར་བྱས་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བའི་ཕྱིར་རོ་ཞེས་ཁ་ཅིག་ཟེར་རོ། །དེ་ནས་བསྐོས་པའི་དགེ་སློང་དེས་བསྒྲུབ་བྱའི་གན་དུ་ཕྱིན་ཏེ་རང་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཞེས་བྱ་བ་སོགས་ཀྱིས་བསྒྲུབ་བྱ་དེ་ལ་ལྐོག་ཏུ་བར་ཆད་ཀྱི་ཆོས་རྣམས་རྗེས་སུ་བསྟན་པར་བྱའོ། །བར་ཆད་དྲིས་ཟིན་ནས་བསྒྲུབ་བྱ་ལ་ཁོ་བོས་མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག་ཅེས་སྨྲས་ནས་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་གསང་སྟེ་རྗེས་སུ་བསྟན་ན་ཞེས་བྱ་བའི་ཚིག་གིས་དགེ་འདུན་ལ་སྒྲུབ་བྱེད་བར་ཆད་ཀྱི་ཆོས་ཀྱིས་ཡོངས་སུ་དག་པ་གོ་བར་བྱས་ཏེ་ཅི་མཆི་ཞིག་གམ་ཞེས་
བྱ་བས་དེ་ནང་དུ་འོང་བ་དགེ་འདུན་ལ་ཞུ་བར་བྱའོ། །ཞུས་པ་ན་དགེ་འདུན་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །དག་ན་གནང་མ་དག་ན་མི་གནང་བའི་དོན་ནོ། །དགེ་འདུན་གྱིས་གནང་ནས་ནང་དུ་འོངས་པ་ན་དགེ་འདུན་ལ་ཕྱག་བྱའོ། །དེ་ནས་ལས་བྱེད་པས་དེ་སྟོན་པ་དང་དགེ་འདུན་ལ་ཕྱག་འཚལ་དུ་བཅུག་ནས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་དགེ་འདུན་ལ་ལན་གསུམ་དུ་གསོལ་བ་འདེབས་སུ་གཞུག་གོ །དེ་ཡང་རང་གིས་བརྗོད་ནུས་ན་རང་ཉིད་ཀྱིས་བྱ། མི་ནུས་ན་ལས་བྱེད་པ་ལ་ཕྱག་འཚལ་ནས་མདུན་དུ་འདུག་སྟེ་དེའི་རྗེས་ཟློས་བྱའོ། །གསོལ་བ་བཏབ་པའི་འོག་ཏུ་བར་ཆད་དྲི་བའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལས་བྱས་ནས། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་སྟེ་ལས་བྱེད་པས་དགེ་འདུན་གྱི་དབུས་སུ་ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་ཅེས་སོགས་ཀྱིས་བར་ཆད་དྲི་བར་བྱའོ། །གསང་སྟེ་སྟོན་པས་བར་ཆད་དྲིས་ནས་བར་ཆད་དང་མི་ལྡན་པར་བརྡ་སྤྲད་ཟིན་པས་འདིར་དྲི་ཅི་དགོས་སྙམ་ན། བར་ཆད་སྔར་མ་དྲན་པ་ཕྱིས་དྲན་པ་ཡང་སྲིད། གསར་དུ་སྐྱེས་པ་ཡང་སྲིད། གཙོ་ཆེར་དགེ་འདུན་ཐུགས་ཆེས་པའི་ཕྱིར་འདིར་ཡང་འདྲི་བ་ཡིན་ནོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། ལས་བྱེད་པས་བར་ཆད་དྲིས་པའི་འོག་ཏུ་མངོན་གྱུར་པ་བཅུ་ཚང་བ་ལས་སྡོམ་པ་སྐྱེ་བ་སོགས་བརྗོད་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ་གཉིས། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་དུ་རྫོགས་དུས་གོ་བར་བྱ་བ་དང༌། བསླབ་བྱ་ཤེས་ནས་བསྲུང་བའི་ཕྱིར་དུ་གདམས་ངག་བརྗོད་པའོ། །དང་པོ་ནི། བསྙེན་པར་རྫོགས་པའི་འོག་ཏུ་ཅི་བྱ་ཞེ་ན། བསྙེན་པར་རྫོགས་ཟིན་པའི་དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །ལས་བྱེད་པ་ནི་ཆོ་ག་ལྷག་མ་མ་རྫོགས་ཀྱི་བར་དུ་སྟན་ལས་ལྡང་བ་མི་རིགས་པས་དགེ་
སློང་གཞན་གང་ཡང་རུང་བས་བྱའོ། །གྲིབ་ཚོད་གང་གིས་གཞལ་ན་གྲིབ་ཚོད་གཞལ་བ་དེ་ནི་ཐུར་མ་སོར་བཞི་པས་གཞལ་ན་བཟང་སྟེ་རྟོགས་སླ་བའི་ཕྱིར་རོ། །དབྱུག་པ་རིང་པོ་དང་གོམ་པས་མི་འཇལ་ཏེ་རྟོགས་དཀའ་བའི་ཕྱིར་རོ། །མིང་མ་གྲགས་པ་གཞན་གྱི་ཐ་སྙད་བསྟན་པའི་ཕྱིར་ཐུར་མ་སོར་བཞི་པ་དང་དེ་དང་ཚད་མཉམ་པའི་གྲིབ་མ་དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱ་སྟེ། སྐྱེས་བུའི་སྐད་དོད་པུ་རུ་ཥ་ནི་ནུས་པ་དང་ལྡན་པ་ཡིན་ལ་ཐུར་མ་སོར་བཞི་པ་དེ་ཡང་གྲིབ་མ་བསྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གྲིབ་མ་སོར་རེ་ལ་རྐང་པ་ཞེས་བྱའོ། །ཐ་སྙད་དེ་ལྟར་བཏགས་པའི་དགོས་པ་ནི་རྐུ་ཐབས་སུ་ཞུགས་པ་སོགས་ཀྱིས་ཐ་སྙད་དེ་མི་ཤེས་པར་བྱ་བའི་ཕྱིར་རོ། །གྲིབ་མ་འབའ་ཞིག་རིག་པར་བྱའམ་ཞེ་ན། ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་ཉི་ཤུ་རྩ་གཉིས་ཀྱང་རིག་པར་བྱའོ། །ཉི་ཤུ་རྩ་གཉིས་ནི་སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཐུན་དང་པོ་དང༌། ཐུན་དང་པོའི་ཕྱེ་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐུན་མ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་མ་ནུབ་པ་དང༌། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བའོ། །ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བའི་དོན་གང་ཞེ་ན། ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ལ་བྱེད་ལ་འདི་ཉིད་ལེགས་ཏེ་སྔ་དྲོ་སོགས་དང་མི་ཟློས་པའི་ཕྱིར་ཟེར་བ་ཡང་མི་འཐད་དེ། ཉི་མ་སྤྲིན་ལ་སོགས་པས་བསྒྲིབས་པའི་ཚེ་དུས་ཀྱི་ཁྱད་པར་མི་ཤེས་པའི་སྐྱོན་ཡོད་པའི་ཕྱིར། དེས་ན་ཉི་མ་ཤར་ནས་ནུབ་
ཀྱི་བར་གྱི་ལམ་ཇི་ཙམ་ཡོད་པའི་བརྒྱད་ཆ་དང་བཞི་ཆ་ཡིན་ཏེ། གཞི་ལས། ཉི་མ་ཤར་བ་བརྗོད་ནས་དེའི་འོག་ཏུ་ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་སོགས་བརྗོད་པ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། བརྒྱད་ཆ་ལུས་པ་ལ་ཕྲན་ཚེགས་ལས། ཕྱི་དྲོའི་བཞི་ཆ་དང་ཕྱི་དྲོའི་བརྒྱད་ཆ་ཞེས་དང༌། མའི་རྣམ་འབྱེད་ལས། ཉི་མ་རྩེ་དང༌། དྲོས་བུ་ཆུང་དང༌། དྲོས་ཆེན་དང་ཞེས་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། བཞི་ཆ་ཤར་བ་ལ་ཀརྨ་ཤ་ཏཾ་ལས། ཉི་མ་དྲོས་བུ་ཆུང་དང༌། ཉི་མ་དྲོས་པོ་ཆེ་ཞེས་དང༌། རྣམ་འབྱེད་འགྲེལ་ལས། ཉི་མའི་བརྒྱད་ཆ་ཤར་བ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ལ་འགྲོ་བའི་ལམ་གྱི་བརྒྱད་ཆ་ཆོད་པའོ་ཞེས་གསུངས་སོ། །དེར་མ་ཟད་དུས་ཚིགས་ཀྱང་རིག་པར་བྱའོ། །དུས་ཚོད་དུ་ཡོད་ཅེ་ན། དུས་ཚོད་དེ་དག་ནི་ལྔའོ། །ལྔ་གང་ཞེ་ན། གྲང་བ་དགུན་གྱི་དུས་དང༌། ཚ་བ་དཔྱིད་ཀྱི་དུས་དང༌། ཆར་འབབ་པ་དབྱར་གྱི་དུས་དང༌། དུས་ཐུང་ངུར་གནས་པས་ཤི་བ་དང་འདྲ་བས་དབྱར་ཐུང་ངུའི་དུས་དང༌། དབྱར་ཡང་ཡིན་དུས་རིང་པོ་ཡང་ཡིན་པས་དབྱར་རིང་པོའི་དུས་རྣམས་སོ། །དེ་དག་ལ་དུས་ཇི་ཙམ་ཡོད་ཅེ་ན། ཡར་ངོའི་ཚེས་གཅིག་ལ་སྐར་མ་ལྷ་མཚམས། བཅོ་ལྔ་ལ་སྨིན་དྲུག །གནམ་སྟོང་ལ་གདུ་བུ་ཡོད་པའི་ཟླ་བ་དེ་སྟོན་ཟླ་ཐ་ཆུང་ཡིན་པར་མདོ་སྡེ་བཅུ་གཉིས་པ་ནས་བཤད་ལ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས། དུས་དང༌། དགུན་གྱི་ཐོག་མ་དང༌། མགོའི་ཟླ་བ་འཛིན་པ་ཡིན་པས་དང་པོ་དགུན་དཔྱིད་གཉིས་ནི་ཟླ་བ་བཞི་བཞིའོ། །དེ་ཡང་མགོ་དང༌། རྒྱལ་དང༌། མཆུ་དང༌། དབོའི་ཟླ་བ་བཞི་ནི་དགུན་གྱི་དུས་དང༌། ནག་པ་དང༌། ས་ག་དང༌། སྣྲོན་དང༌། ཆུ་སྟོད་ཀྱི་ཟླ་བ་བཞི་ནི་དཔྱིད་ཀྱི་དུས་སོ། །དེ་གཉིས་ཀྱི་འོག་མ་དབྱར་གྱི་དུས་ནི་གྲོ་བཞིན་གྱི་ཟླ་བ་གཅིག་གོ །དེའི་འོག་མ་དབྱར་ཐུང་ངུའི་དུས་ནི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ཁྲུམས་སྟོད་ཟླ་བའི་ཚེས་གཅིག་གི་ཉིན་ཞག་གཅིག་
གོ །དུས་ཐ་མ་དབྱར་རིང་པོ་ནི་དབྱར་ཐུང་ངུའི་ཉིན་ཞག་གཅིག་པོ་དེས་ཟླ་བ་གསུམ་དུ་མ་ཆོག་པའི་ཁྲུམས་སྟོད། ཐ་སྐར་དང༌། སྨིན་དྲུག་གི་ཟླ་བ་སྟེ་གསུམ་མོ། །དུས་ལ་ལྔར་ཕྱེ་བ་ནི། དབྱར་ཐུང་བའི་དུས་དེ་ངོས་བཟུང་བའི་ཆེད་ཡིན་ཏེ། དེ་ལ་དབྱར་ཕྱི་མའི་ཁས་ལེན་བྱེད་པའི་ཕྱིར་རོ། །དུས་གསུམ་དུ་ཡང་ཡོད་དེ། དགུན་དང་དཔྱིད་དང་དབྱར་ཏེ་དེ་རེ་རེ་ལ་ཟླ་བ་བཞི་བཞི་ཡོད་ལ། དེ་ནི་དམན་པ་ཕྱག་དར་ཁྲོད་ཀྱི་ཚད་རྟོགས་པར་བྱ་བའི་ཕྱིར་རོ། །དུས་བཞིར་ཡང་ཡོད་དེ། དགུན་དཔྱིད་དབྱར་སྟོན་ཏེ་དེ་རེ་རེ་ལ་རབ་འབྲིང་པོ་ཐ་ཆུང་གི་ཟླ་བ་གསུམ་རེ་ཡོད་ལ་དེ་ནི་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བསྟན་པའོ། །དུས་དྲུག་ཏུ་ཡང་ཡོད་དེ་དགུན་དང༌། དགུན་སྨད་དང༌། དཔྱིད་དང༌། སོ་ག་དང༌། དབྱར་དང་སྟོན་ཏེ་དེ་རེ་རེ་ལ་ཟླ་བ་གཉིས་རེ་ཡོད་པ་དེ་ནི་གསོ་སྦྱོང་བཅུ་བཞི་པའི་དུས་རྟོགས་པར་བྱ་བའི་ཕྱིར་རོ། །རྩ་བར་ཕྲ་རིམ་ནས་བཤད་ཀྱང་གོ་བར་བྱེད་པའི་ཚེ་བརྗོད་པ་པོས་བརྗོད་བདེ་ཞིང་ཉན་པ་པོས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་རགས་རིམ་ནས་བརྗོད་པར་བྱ་སྟེ། ལོ་འདིའི་དུས་ཚིགས་ལྔའི་ཟླ་བ་འདིའི་ཚེས་གྲངས་འདི་ལ་ཉིན་མོ་ཡིན་ན་གྲིབ་ཚོད་སྐྱེ་བུ་དང་རྐང་པ་འདི་ཙམ་ལ་ཁྱོད་བསྙེན་པར་རྫོགས་སོ་ཞེས་སམ། མཚན་མོ་ཡིན་ན་མཚན་མོའི་ཆ་འདི་ཙམ་ལ་བསྙེན་པར་རྫོགས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕྲ་རིམ་ནས་བརྗོད་དགོས་ཏེ། རགས་རིམ་ནས་བརྗོད་ན་དགུན་ཉི་མ་ཐུང་དུས་གྲིབ་ཚོད་འཕྲལ་ལ་རིང་ཐུང་དུ་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་མ་ཐག་ཏུ་གྲིབ་ཚོད་བཙལ་ནས་དེའི་འོག་ཏུ་རགས་རིམ་ནས་བརྗོད་པའི་ཕྱིར་རོ། །གཉིས་པ་བསླབ་བྱ་ཤེས་ནས་བསྲུང་བའི་ཕྱིར་གདམས་ངག་བརྗོད་པ་ནི། རྫོགས་དུས་བརྗོད་པའི་འོག་ཏུ་ལས་བྱེད་པས། གོས་ཕྱག་དར་ཁྲོད་པ། ཟས་བསོད་སྙོམས། གནས་མལ་ཤིང་དྲུང༌། སྨན་བཀུས་ཏེ་བོར་བ་རྣམས་ལ་
གནས་ནས་ཚངས་པར་སྤྱད་པར་བྱའོ་ཞེས་བརྗོད་པར་བྱའོ། །དགོས་པ་ནི་གོས་ལ་སོགས་པ་ལ་འདོད་པ་བསོད་སྙོམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་སྤང་བའི་ཕྱིར་རོ། །སྦྱངས་པའི་ཡོན་ཏན་གཞན་དགུ་མ་བརྗོད་དེ། ཞེ་སྡང་ཅན་ལ་མ་གནང་བའི་ཕྱིར་རོ། །དེ་ནས་ལྟུང་བར་འགྱུར་བའི་ཆོས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བཞི་པོ་རྣམས་བརྗོད་པར་བྱའོ། །ཕམ་པ་བཞིའི་བསླབ་པ་མ་བཅས་པའི་ཚེ་བསྙེན་པར་རྫོགས་མ་ཐག་པ་ལ་ཕམ་པ་བཞི་བརྗོད་མི་དགོས་སོ། །ཁ་ཅིག་ན་རེ། འདུལ་བའི་ཚིག་དོན་ལ་མཁས་པའི་དགེ་ཚུལ་བསྙེན་པར་རྫོགས་པ་ལ་བསླབ་བྱ་ཤེེས་པའི་ཕྱིར་དུ་བརྗོད་མི་དགོས་ཀྱི་བསླབ་པ་བསྲུང་བའི་ཕྱིར་བརྗོད་དགོས་ཟེར་རོ། །དུལ་ཞིང་ཞི་བའི་དགེ་སྦྱོང་དུ་བྱེད་པའི་ཆོས་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་རྣམས་ཀྱང་བརྗོད་པར་བྱའོ། །སྤང་བླང་དེ་དག་ལ་སློབ་མི་ནུས་སོ་སྙམ་པ་དགག་པའི་ཕྱིར་དུ། ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ནའང་ཅི་མ་རུང་སྙམ་དུ་མཆོག་ཏུ་འདོད་པར་བྱ་བ་དེ་ད་ཁྱོད་མཁན་པོར་འོས་པ་དང༌། སློབ་དཔོན་དུ་འོས་པ་གཉིས་དང༌། དགེ་འདུན་མཐུན་པ་དང༌། གསོལ་བ་དང༌། བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པ་ཡང་དག་པ་ཉིད་ཀྱིས་རྫོགས་པར་ཐོབ་པ་ཉིད་ཡིན་པས་དེའི་ཕྱིར་བསླབ་དགོས་སོ་ཞེས་བརྗོད་ནས་སློབ་དགོས་ཀྱང་བདག་གསར་བུ་ཡིན་པས་མི་ཤེས་སོ་སྙམ་ན། དེ་རིང་བསྙེན་པར་རྫོགས་པ་དང༌། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་གཉིས་རང་བཞིན་སྤོང་བ་ཚུལ་ཁྲིམས་ཀྱིས་མཉམ་པ་དང༌། བཅས་པ་སྤོང་བ་བསླབ་པས་མཉམ་པ་དང༌། ཆོས་ཀྱི་ལོངས་སྤྱོད་སོ་སོར་ཐར་བའི་མདོ་འདོན་པས་མཉམ་པར་གྱུར་བ་ཉིད་ཡིན་པས། དེ་དག་
ཇི་ལྟར་བསྒྲུབ་པ་ལ་སློབས་ཤིག་ཅེས་ངེས་པར་སྦྱར་བར་བྱའོ། །དེ་ལྟར་བསླབ་དགོས་མོད་བདག་ན་བ་ལ་སོགས་པར་གྱུར་ན་གཡོག་བྱེད་པ་མེད་དོ་སྙམ་པའི་ དོགས་པ ་བསལ་བའི་ཕྱིར་འཇིག་རྟེན་པའི་ཕ་དང་བུའི་ཚུལ་དང་འབྲེལ་བའི་གཟུགས་བརྙན་དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་རབ་ཏུ་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་རབ་ཏུ་བཞག་པར་བྱའོ། །ཁྱོད་ཀྱིས་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་གསོན་གྱི་བར་དུ་ནད་གཡོག་བྱའོ་ཞེས་བརྗོད་པར་བྱའོ། །མཁན་པོ་ལ་གུས་པར་བྱ་དགོས་མོད་གཞན་ལ་བྱ་མི་དགོས་སམ་སྙམ་ན་དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ་ཞེས་དུལ་བར་གནས་པ་ཉིད་ལ་སྦྱར་བར་བྱའོ། །དེ་ཙམ་བྱས་པས་ཆོག་གམ་སྙམ་ན། རབ་ཏུ་བྱུང་བའི་དགོས་པ་ལུང་ནོད་པ་དང༌། ཁ་ཏོན་དང་ཚུལ་གཞན་ཡིད་ལ་བྱེད་པ་དང༌། མཁས་པར་བྱ་བའི་དངོས་པོ་ལ་མཁས་པ་དང༌། བསླབ་པ་གསུམ་མ་ཐོབ་པ་ཐོབ་པ་དང་ཐོབ་པ་མི་ཉམས་པར་བསྲུང་བ་རྗེས་སུ་བསྒྲུབ་པ་ལ་ཡང་སྦྱར་བར་བྱའོ། །སྤང་བྱ་ཕམ་པ་བཞི་སྤོང་བ་ཙམ་གྱིས་ཆོག་གམ་སྙམ་ན། སྤང་བྱ་མ་ལུས་པ་སྐབས་འདིར་རེ་རེ་ནས་དངོས་སུ་མ་བརྗོད་པ་གཉེན་པོ་བླངས་པ་སོ་སོར་ཐར་བའི་འདོན་པ་སོགས་ལ་བརྟེན་ནས་ཡོངས་སུ་ཤེས་པའི་བསྒྲུབ་དགོས་པར་འགྱུར་བ་དགེ་འདུན་ལྷག་མ་ལ་སོགས་པ་ཉིད་ཀྱང་བརྗོད་པར་བྱའོ། །དེ་ནས་ཁྱོད་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་བསྙེན་པར་རྫོགས་པ་ཐོབ་པ་ཡིན་པས་གོང་གི་བསླབ་བྱ་དེ་རྣམས་ནན་ཏན་
གྱིས་བསྒྲུབ་དགོས་སོ། །ཞེས་གུས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག་ཅེས་རབ་བྱུང་བསྙེན་རྫོགས་ཀྱི་བསྒྲུབ་པར་བྱ་བ་དགེ་སྦྱོང་གི་ཚུལ་དེ་བསྒྲུབ་པའི་ཐབས་བག་ཡོད་བརྗོད་པ་དང་བཅས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བསྲུང་ཐབས་བཅུ་གཅིག་བརྗོད་ཀྱང་ལྔར་འདུས་ཏེ། གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། རང་གིས་བསམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་བསྟན་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བའོ། །དང་པོ་ནི། ཚུལ་དང་འབྲེལ་བའི་གཟུགས་བརྙན་ཞེས་དང༌། དུལ་བར་གནས་པ་ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། དགེ་སྦྱོང་བྱེད་པ་ཞེས་སོགས་དང༌། དགོས་པ་རྗེས་སུ་བསྒྲུབ་པ་ཞེས་སོགས་དང༌། གུས་པ་ལ་ཞེས་སོགས་དང༌། བསྒྲུབ་པར་བྱ་བ་ཞེས་སོགས་ཀྱིས་བསྟན། གསུམ་པ་ནི། ལྟུང་བར་འགྱུར་བའི་ཞེས་སོགས་དང༌། མ་བརྗོད་པ་ཡང་དག་པར་བླངས་པ་ཞེས་སོགས་བསྟན་ནོ། །བཞི་པ་ནི། གནས་རྣམས་བརྗོད་པར་བྱའོ་ཞེས་པས་བསྟན། ལྔ་པ་ནི། ཚུལ་ཁྲིམས་ཀྱིས་མཉམ་པ་ཞེས་པས་བསྟན། དེ་ལྟར་བསྲུང་དགོས་པའི་རྒྱུ་མཚན་ནི་མཆོག་ཏུ་འདོད་པར་ཞེས་སོགས་ཀྱིས་བསྟན་ནོ། །འདི་རྣམས་རྒྱས་པར་ནི་འོག་ནས་འཆད་དོ། །བསྙེན་པར་རྫོགས་པའི་ཆོ་གའོ། །གཉིས་པ་མི་ཉམས་པར་བསྲུང་བའི་ཐབས་ལ་གཉིས། གནས་དང་གནས་པའི་ཚུལ་ཁྲིམས་དང༌། གནས་དང་གནས་པའི་མཚན་ཉིད་དོ། །དང་པོ་ལ་གཉིས། གནས་པའི་ཚུལ་ཁྲིམས། གནས་ཀྱི་ཚུལ་ཁྲིམས་སོ། །དང་པོ་ལ་གསུམ། བྱ་བ་ཞུ་བའི་མཚན་ཉིད་དམིགས་བསལ་དང་བཅས་པ། རང་གཞན་གྱིས་བསྙེན་བཀུར་ཇི་ལྟར་བྱ་བ། དམན་པའི་གནས་སུ་མ་གཞུག་ཅིང་དམན་པའི་གནས་ནས་བསླང་བའོ། །དང་པོ་ནི། དེ་ལྟར་སྡོམ་
པ་ཐོབ་ནས་བསྲུང་དགོས་ལ། བསྙེན་པར་རྫོགས་མ་ཐག་ཏུ་རང་ཉིད་བླང་དོར་ལ་མ་བྱང་བས་དང་པོར་གནས་ལ་བརྟེན་ནས་བསྲུང་ཚུལ་སྟོན་པ་ནི། གནས་པར་བྱེད་པས་ན་གནས་པ་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་དེ་ལ་གནས་པར་བྱ་བས་ན་གནས་མཁན་སློབ་ལ་མ་ཞུས་ཤིང་མ་དྲིས་པར་ལྷུང་བཟེད་དང་ཆོས་གོས་ཁ་བསྒྱུར་བ་སོགས་ཀྱི་བྱ་བ་མི་བྱ་སྟེ། དེ་དག་རང་གིས་མི་ཤེས་པས་ངེས་པར་ཞུ་དགོས་པའི་ཕྱིར་རོ། །བྱ་བ་མི་རུང་བར་ངེས་པ་དང༌། སྦྱོར་བ་ཆུང་ངུས་དེའི་མདོ་ལ་བྱ་བའི་ཕྲན་ཚེགས་རྣམས་མི་ཞུ་ལ་བྱ་བ་རུང་མི་རུང་ཐེ་ཚོམ་ཟ་བ་དང་རུང་བར་ངེས་ཀྱང་འབད་པས་བསྒྲུབ་དགོས་པ་རྣམས་ཞུ་ལ། འོན་ཀྱང་ཡུལ་དུས་ཀྱི་དབང་གིས་གནས་ལ་ཞུ་མི་དགོས་པའི་དམིགས་བསལ་དུ་མ་འོག་ནས་འཆད་དོ། །བྱ་བ་ཚུལ་ཇི་ལྟར་ཞུ་ཞེ་ན། ཁ་ཅིག་ན་རེ། བྱ་བ་ཞུ་བ་ན་བྱ་བ་ན་རང་གི་མིང་ནས་སྨོས་མི་དགོས་ཏེ། ཀུན་ཏུ་སྤྱད་པར་རུང་བ་དག་བགྱིད་པར་ཞུ་འཚལ་ཞེས་ཞུ་སྟེ། འོད་ལྡན་ལས། ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ། །ཞེས་ཞུ་བར་བཤད་པའི་ཕྱིར་ཞེ་ན། མི་འཐད་དེ། འོད་ལྡན་ལས་བཤད་པ་དེ་བྱ་བ་ཞུ་བའི་གཞི་རུང་བ་དག་ཞུ་བར་བསྟན་པ་ཡིན་གྱི་བྱ་བ་ཞུ་ཚལ་བསྟན་པ་མ་ཡིན་པའི་ཕྱིར་དང༌། རྣམ་འབྱེད་ནས་སྣམ་སྦྱར་འཚམ་པར་ཞུ། ཉིན་མོ་སྤྱོད་པ་ལ་མཆི་བར་ཞུ། བསོད་སྙོམས་ལ་མཆི་བར་ཞུ་ཞེས་དང༌། ལོ་དྲི་བ་ལས་ཆག་ཆག་དང༌། ཕྱག་དང་ཀློག་པ་དང༌། ཁ་ཏོན་དང་དགེ་བའི་ཕྱོགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་བགྱིད་ཅེས་རང་རང་གི་མིང་ནས་སྨོས་ཏེ་ཞུ་བར་གསུངས་པའི་ཕྱིར་དང༌། རང་རང་གི་མིང་ནས་མ་སྨོས་ན་བྱ་བ་རུང་མི་རུང་ཐེ་ཚོམ་མི་ཆོད་པའི་ཕྱིར་རོ། །དེས་ན་བྱ་བ་རང་རང་གི་མིང་ནས་སྨོས་ཏེ་ཞུ་དགོས་སོ། །དམིགས་བསལ་ནི། བཤང་བ་གཅི་བ་དང་སོ་ཤིང་དོར་བ་དང་ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཞར་བྱུང་གི་ཕྱག་བྱ་བ་ནི་ཞུ་དགོས་པ་
ལ་མ་གཏོགས་སོ། །ཉེ་འཁོར་ནི་གཙུག་ལག་ཁང་དེའི་འདྲུ་བ་དང་འཚོད་པ་ལ་སོགས་པས་ཁྱབ་པའི་གནས་སོ། །གཙུག་ལག་ཁང་ར་བས་བསྐོར་ན་ར་བའི་ཕྱི་རོལ་དང༌། ར་བས་མ་བསྐོར་ན་གཙུག་ལག་ཁང་གི་རྩིག་དྲུང་ནས་འདོམ་བཞི་བཅུ་རྩ་དགུའི་ཚུན་ཆད་དུ་འཆག་ཏུ་འགྲོ་བ་ཡང་ཞུ་དགོས་པ་ལ་མ་གཏོགས་སོ། །དེར་ཡང་མཆོད་རྟེན་ལ་ཕྱག་འཚལ་དུ་འགྲོ་བ་ནི་ཞུ་དགོས་སོ། །གཉིས་པ་ནི། གནས་པས་གནས་ལ་བསྙེན་བཀུར་ཇི་ལྟར་བྱ་ཞེ་ན། གནས་དེ་ལྷུང་བཟེད་བསྲེག་པ་སོགས་དང༌། ཆོས་གོས་དྲུབ་པ་དང་ཁ་བསྒྱུར་བ་སོགས་ཀྱི་ལས་བྱེད་པ་ན་ཨེ་མའོ་བདག་གིས་བྱའོ་ཞེའམ། གཞན་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །གནས་དེ་ཉིད་ལ་ནད་གཡོག་དགོས་པའམ་དེས་གཞན་གྱི་ནད་གཡོག་བྱེད་པ་ན་ཨེ་མའོ་ནད་གཡོག་འདི་བདག་གིས་བྱའོ་ཞེའམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །གནས་དེ་ཉིད་ཀྱི་འགྱོད་སེལ་དགོས་པའམ་དེས་གཞན་གྱི་འགྱོད་པ་བསལ་བ་བྱེད་ན་ཨེ་མའོ་འགྱོད་པ་བསལ་བ་འདི་བདག་གིས་བྱའོ་ཞེའམ་གཞན་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །གནས་དེ་ཉིད་ཀྱི་སྡིག་པ་ཅན་གྱི་ལྟ་བ་སྤང་པའམ་དེས་གཞན་གྱི་སྡིག་པ་ཅན་གྱི་ལྟ་བ་སྤང་བ་བྱེད་པ་ན། ཨེ་མའོ་སྡིག་པ་སྤང་བ་འདི་བདག་གིས་བྱའོ་ཞེའམ་གཞན་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ཡིན་པས་དེའི་འགྱོད་པ་བསལ་མི་དགོས་སོ་ཞེ་ན། སྐྱོན་མེད་དེ། དྲན་པ་ཉམས་པ་དང་མངོན་པ་མི་ཤེས་པ་སྲིེད་པའི་ཕྱིར་རོ། །ཡང་ན་དེ་ཉིད་ཀྱི་འགྱོད་པ་དང་སྡིག་ལྟ་སྤང་མི་དགོས་ཀྱང་དེས་གཞན་གྱི་འགྱོད་པ་སེལ་བ་དང་སྡིག་ལྟ་སྤོང་བ་ན་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་འབའ་ཞིག་བྱའམ་ཞེ་ན། གནས་ལ་ནན་ཏུར་བྱེད་པ་འདོད་པའི་དགེ་འདུན་ལ་ཨེ་མའོ་དགེ་འདུན་གྱིས་
བདག་གི་གནས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་བརྩོན་པ་ཤས་ཆེན་པོར་བསྒྲུབ་པར་བྱའོ། །ནན་ཏུར་སྦྱོར་བ་གནག་ཀྱང་ཉེས་པ་ལས་བཟློག་པའི་ཐབས་ཡིན་པས་དེ་མི་བྱ་བར་གསོལ་བ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ནན་ཏུར་མ་བྱས་ཀྱང་ཉེས་པ་ལས་ལྡོག་པར་འགྱུར་བའི་ཚེ་ནན་ཏུར་བྱེད་པ་དགག་པའམ། ཡང་ན་རང་གིས་བསམ་པ་དཀར་བའི་ངོས་ནས་དེ་མི་བྱའོ་ཞེས་གསོལ་བ་ཡིན་པའི་ཕྱིར། ནན་ཏུར་མི་བྱ་བར་འབད་ཀྱང་ནན་ཏུར་བྱས་ན་ཇི་ལྟར་བྱ་ཞེ་ན། ནན་ཏུར་བྱས་ན་ཨེ་མའོ་དགེ་འདུན་གྱིས་གནས་འདི་ལ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །འོ་ན་སྡེ་སྣོད་འཛིན་པ་སོགས་ལ་ནན་ཏུར་མི་བྱ་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་སྡེ་སྣོད་འཛིན་པ་སོགས་ལ་ནན་ཏུར་བྱས་ན་དགེ་འདུན་བྱེ་བའི་དགག་བྱ་ཡོད་པ་ལ་དགོངས་པ་ཡིན་པའི་ཕྱིར་རམ། ཡང་ན་གལ་ཏེ་ནན་ཏུར་བྱས་ན་ཞེས་བརྟག་པ་མཐའ་བཟུང་ཡིན་པའི་ཕྱིར་རོ། །གནས་སྤོ་བ་དང༌། གཞི་ནས་སྤོ་བ་དང༌། མགུ་བར་བྱ་བ་དང༌། གཞི་ནས་མགུ་བར་བྱ་བ་འདོད་པ་ལ་དགེ་འདུན་གྱིས་སྤོ་བ་ལ་སོགས་པ་སྦྱིན་དུ་གཞུག་པར་བྱ་ཞིང་མགུ་བ་སྤྱད་ནས་དབྱུང་བར་འདོད་པ་ལ་འདི་དབྱུང་བར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། སྤོ་བ་ལ་སོགས་པ་ནི་འོག་ནས་འཆད་དོ། །གཉིས་པ་ནི། འོ་ན་གནས་ཀྱིས་གནས་པ་ལ་ཇི་ལྟར་བྱ་ཞེ་ན། གནས་དེས་ཀྱང་གནས་པ་དེ་ལ་ལྷུང་བཟེད་ཀྱི་ལས་ལ་སོགས་པ་དེ་བྱ་སྟེ་བྱ་བ་ཞུ་བ་ནི་མ་གཏོགས་ཏེ། བྱ་བ་ཡིན་མིན་ལ་རང་ཉིད་མཁས་པའི་ཕྱིར་རོ། །འོ་ན་ཆོས་གོས་ཀྱི་ལས་ལྟ་བུ་ཞིག་ལ་གནས་དང་གནས་པ་གཉིས་ལག་སྤོང་བྱེད་དགོས་པ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། གནས་པས་གནས་ཀྱི་བྱ་བ་བསྒྲུབ་པར་གསུངས་པ་ནི་གནས་རང་གིས་བྱ་བ་དེ་བསྒྲུབ་ནུས་ཀྱང་གནས་པས་བསྒྲུབ་དགོས་ལ། གནས་ཀྱིས་གནས་
པའི་བྱ་བ་བསྒྲུབ་པར་གསུངས་པ་ནི། གནས་པ་རང་གིས་བྱ་བ་དེ་བསྒྲུབ་མི་ནུས་ན་གནས་ཀྱི་སྒྲུབ་པར་བྱེད་པའི་དོན་ནོ། །གཉིས་པ་གནས་དང༌གནས་པའི་མཚན་ཉིད་ལ་གཉིས། བཅས་པའི་སྐབས། རྗེས་བཅས་ཀྱིསྐབས་སོ། །དང་པོ་ལ་གཉིས། བཙུན་པ་བརྟན་པའི་ཡན་ལག མཁས་ཤིང་ཕན་འདོགས་ཀྱི་ཡན་ལག་གོ །དང་པོ་ནི། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བཤད་ན། གནས་དང་གནས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བསྙེན་པར་རྫོགས་ནས་བར་མ་ཆད་དུ་ལོ་བཅུ་མ་ལོན་པར་གཞན་གྱི་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་ཉིད་དང་གནས་ཀྱི་སློབ་དཔོན་ཉིད་དང་རང་ཉིད་ཀྱང་མི་གནས་པ་སྟེ་གནས་ལ་མ་བརྟེན་པར་འདུག་པར་མི་བྱ་སྟེ། དེ་གསུམ་རུང་བའི་བཙུན་པ་བརྟན་པའི་ཡན་ལག་མ་ཚང་བའི་ཕྱིར། དེས་ན་དེ་གསུམ་རུང་བ་ལ་བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་དགོས་ལ་མ་ལོན་པ་ནི་གནས་པའི་རིགས་ཡིན་ནོ། །མི་གནས་པར་འདུག་པར་མི་བྱའོ་ཞེས་པས་རང་ཉིད་ཀྱང་གནས་ལ་ངེས་པར་བརྟེན་དགོས་པར་བསྟན་ནོ། །མདོ་འདི་ལ་བརྟེན་ནས་འདུལ་བ་མི་ཤེས་པར་མཁན་པོ་ཉིད་དང༌། གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་བྱ་བ་ཡང་དོན་གྱིས་གྲུབ་སྟེ་ལོ་བཅུ་ལོན་པ་དང་འདུལ་བ་ཤེས་པ་གཉིས་གཞན་གྱི་མཁན་སོགས་གསུམ་རུང་བའི་གཙོ་བོའི་ཡན་ལག་ཏུ་མཚུངས་པའི་ཕྱིར། དེས་ན་མདོ་འདི་དང་པོར་བསྟན་ལ་ལོ་བཅུ་ལོན་པ་ནི། ལྔ་པ་དང་པོའི་ཡན་ལག་ལྔ་པ་ཡང་ཡིན་ནོ། །དེ་ལྟར་ན་ལོ་བཅུ་ལོན་པ་དང་འདུལ་བ་ཤེས་ནས་མཁན་པོ་སོགས་བྱར་རུང་བས་ལྔ་པ་ལྷག་མ་རྣམས་ཀྱི་གཞི་ཡིན་གྱི་སློབ་པ་ཉིད་ལ་སོགས་པ་ནི་ཁྱད་པར་ཡིན་ཏེ། དེ་མེད་ཀྱང་མཁན་སོགས་བྱར་རུང་བའི་ཕྱིར་རོ། །གཉིས་པ། མཁས་ཤིང་ཕན་འདོགས་ཀྱི་ཡན་ལག་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ལོ་བཅུ་མ་ལོན་པར་ཞེས་
བཤད་ན་ལོ་བཅུ་ལོན་པ་ཐམས་ཅད་ཀྱིས་མཁན་སོགས་བྱར་རུང་བས་ཁྱབ་བམ་ཞེ་ན། ལོ་བཅུ་ལོན་ཀྱང་འོག་ནས་འབྱུང་བའི་ལྔ་ཚན་ཉེར་གཅིག་དག་ལས་ལྔ་ཚན་ལྷན་ཅིག་ཏུ་སྦྱར་བ་གང་རུང་གཅིག་དང་ཡང་མི་ལྡན་པས་མཁན་སོགས་གསུམ་བྱར་རུང་བ་མ་ཡིན་ཏེ། དེ་གསུམ་རུང་བའི་མཁས་པའི་ཡན་ལག་མ་ཚང་བའི་ཕྱིར། དེས་ན་གསུམ་པོ་རུང་བ་ལ་མཁས་པའི་ཡན་ལག་ལྔ་པ་ཉེར་གཅིག་གང་རུང་དང་ལྡན་པ་དགོས་ལ་མི་ལྡན་པ་ནི་གནས་པའི་རིགས་ཡིན་ནོ། །དེ་ཡང་ལྔ་ཚན་ཉེར་གཅིག་གང་རུང་དང་ལྡན་པ་དགོས་ཀྱི་ཐམས་ཅད་དང་ལྡན་པ་མི་དགོས་ཏེ། དུས་གཅིག་ཏུ་གང་ཟག་གཅིག་ལྔ་ཚན་ཉེར་གཅིག་དང་ལྡན་པ་མི་སྲིད་པའི་ཕྱིར་ཏེ། འདུལ་བ་འབའ་ཞིག་ཤེས་པ་དང་སྡེ་སྣོད་གསུམ་ག་ཤེས་པ་འགལ་བའི་ཕྱིར་དང༌། སློབ་པ་དང་མི་སློབ་པ་འགལ་བའི་ཕྱིར་རོ། །གཉིས་པ་ལ་བཞི། སྡེ་སྣོད་གཉིས་ཤེས་པའི་ཡོན་ཏན། སྡེ་སྣོད་གསུམ་ཤེས་པའི། དགེ་སྦྱོང་གི་ཚུལ་གྱི། འདུལ་བའི་སྡེ་སྣོད་ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་ཞེས་བཤད་ན། ལྷན་ཅིག་སྦྱར་བ་དེ་གང་ཞེ་ན། དེའི་སྡོམ་ནི། ལོ་བཅུ་ལོན་དང་འཛིན་དང་མཁས། །རིག་དང་གསལ་དང་འཛིན་འཇུག་དང༌། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང༌། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པའི་གོ་རིམ་བཞིན་དུ་སྟོན་པ་ནི། གནས་པ་ན་པའི་ནད་གཡོག་རང་གིས་བྱེད་དམ། གཞན་བྱེད་དུ་འཇུག་ནུས་པ་དང་འདིས་སྙིང་རྗེ་དང་ལྡན་ཞིང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་ལྡན་པར་བསྟན་ཏེ། གཉིས་པོ་དེ་དང་ལྡན་ན་ནད་གཡོག་བྱེད་ནུས་པས་སོ། །བྱ་བ་འདིས་བདག་ལྟུང་བ་དང་བཅས་པར་གྱུར་ཏམ་མ་གྱུར་
སྙམ་པའི་འགྱོད་པ་བསལ་བར་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པ་དང་འདིས་འདུལ་བ་ལ་གནས་པར་བསྟན་ཏེ། ལྟུང་བ་ཡིན་མིན་དང་ལྕི་ཡང་ཤེས་པས་འགྱོད་པ་སེལ་བར་ནུས་པའི་ཕྱིར་རོ། །སྡིག་ཅན་གྱི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་བཞི་སྤང་བ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པ་དང་འདིས་ཆོས་མངོན་པ་ཤེས་པར་བསྟན་ཏེ། མངོན་པ་ཤེས་པས་ལྟ་ངན་དེ་དག་སྤང་བར་ནུས་པའི་ཕྱིར། སློབ་མ་གནས་སམ་ཡུལ་གང་ལ་མི་དགའ་བ་དོར་ནས་དགའ་བའི་གནས་སུ་འཇོག་པ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པ་དང༌། དེ་དག་གི་སྟེང་དུ་ལོ་བཅུ་ལོན་པ་ནི་ལྔ་པ་དང་པོའོ། །བྱེད་དུ་འཇུག་ནུས་པའི་དོན་རང་གིས་ནུས་པའི་སྟེང་དུ་གཞན་བྱེད་དུ་འཇུག་ནུས་པ་ཡིན་གྱི་རང་གིས་མི་ནུས་པར་གཞན་ལ་བཅོལ་བ་ཙམ་གྱིས་མི་ཆོག་སྟེ། དེ་ལྟ་མིན་ན་འདུལ་བ་ལ་གནས་པའི་དོན་ཡང་གཞན་ལ་བཅོལ་བ་ཙམ་གྱིས་འགྲུབ་པར་ཐལ་བའི་ཕྱིར། རང་གིས་ནུས་ན་གཞན་ལ་བཅོལ་བས་ཅི་བྱ་ཞེ་ན། གདུལ་བྱ་འདུལ་བ་ལ་ལྟོས་པ་ཡིན་ཏེ། ལ་ལ་འདུལ་བ་ནི་ལ་ལས་ནུས་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་དུ་ནུས་པ་མ་ཡིན་པའི་ཕྱིར། དཔེར་ན་གདུལ་བྱ་ཁ་ཅིག་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ཉན་ཐོས་ཀྱིས་འདུལ་དགོས་པ་བཞིན་ནོ། །གཉིས་པ་ལ་གཉིས། ཡན་ལག་ཐུན་མོང་བ། ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྡེ་སྣོད་མངོན་པར་ཤེས་པ་ནས་བཟུང་སྟེ་སློབ་པ་ཉིད་དོ་ཞེས་པ་ཡན་ཆད་རྩ་བར་དངོས་སུ་བསྟན་པའི་ལྔ་པ་གྲངས་ཚང་བ་ཕུན་སུམ་ཚོགས་གཉིས་ཡིན་ལ། དེ་མིན་པ་གཞན་བཅུ་གཉིས་ལ་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཉིད་དེ། འགྲེལ་པར། འདི་ལ་ཚུལ་ཁྲིམས་འཆལ་བའི་སྐབས་མེད་པའི་ཕྱིར་དེས་ན་འདི་ནི་དགེ་བའོ་ཞེས་བྱ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་སོ། །ཤེས་རབ་བྱེད་པར། ཕམ་ལྷག་རྣམས་ཀྱིས་མ་ཉམས་
པ་སྟེ་དགེ་སློང་དུ་ཚུད་པར་བྱའོ་ཞེ་ན། ཁ་ཅིག་ན་རེ། དེ་མི་འཐད་དེ། བཅས་པའི་ཁ་ན་མ་ཐོ་བ་ཁང་ཆེན་གྱི་ལྷག་མ་ལྟ་བུས་གོས་ཀྱང་འཆལ་བའི་ཚུལ་ཁྲིམས་སུ་མི་འགྱུར་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་དུད་འགྲོ་གསོད་པའི་ལྟུང་བྱེད་ལྟ་བུས་གོས་ན་ཡང་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་བའི་ཕྱིར། དེས་ན་ཚུལ་ཁྲིམས་དང་ལྡན་པའི་ཚད་དགེ་སློང་ཕམ་པས་མ་གོས་ཤིང་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། འོད་ལྡན་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་ཞེས་ཟེར་རོ། །ཚུལ་ཁྲིམས་དང་ལྡན་པ་དེ་དང༌། བསྟན་བཅོས་མང་དུ་ཐོས་པ་ཉིད་སྦྱར་ཏེ་ལྔ་པ་གྲངས་ཚང་བར་འགྱུར་བ་དང༌། ལུང་དུ། ལྔ་པ་བཅུ་གཉིས་པོ་ཐམས་ཅད་ལ་བཤད་པ་འདིར་ཐུན་མོང་དུ་བསྡུས་ཏེ་བསྟན་པས་ཚིག་ཚོགས་བསྐྱུང་བའི་དགོས་པ་ཡོད་དོ། །འོ་ན་བསྟན་བཅོས་གང་མང་དུ་ཐོས་པ་སྦྱར་ཞེ་ན། སྤྱོད་སོགས་གཉིས་ལ་མདོ་སྡེ་དང་མངོན་པ་མང་དུ་ཐོས་པ་དང༌། དྲན་ལྡན་སོགས་གསུམ་ལ་འདུལ་བ་དང༌། གཞན་བདུན་ལ་ཐུན་མོང་བའི་བསྟན་བཅོས་གཞན་མང་དུ་ཐོས་པ་སྦྱར་རོ། །གཉིས་པ་ལ་གཉིས། ཚིག་དོན་གཉིས་ཀ་ཤེས་པའི་ཡོན་ཏན། དོན་ཤེས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། རང་འཛིན་པའི་ཡོན་ཏན། གཞན་འཛིན་དུ་འཇུག་པའི་ཡོན་ཏན་ནོ། །དང་པོ་ནི། ཚུལ་ལྡན་མང་ཐོས་དེ་གཉིས་གང་ལ་སྦྱར་ཞེ་ན། བསླབ་པ་གསུམ་གྱི་སྡེ་ཚན་གྱི་སྣོད་དམ་གནས་མདོ་སྡེ་དང་འདུལ་བ་དང་མངོན་པའི་གཞུང་མངོན་པར་ཤེས་པ་ཉིད་ལ་སྦྱར། འདིས་འཛིན་མཁས་རིག་གསལ་བཞི་སྟོན་ཏེ། སྡེ་སྣོད་གསུམ་གྱི་ཚིག་དོན་བཟུང་བ་མི་བརྗེད་པར་འཛིན་པ་དང༌། ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག མཁས་པ་ནི་སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་སོ་སོར་བྱེད་ནུས་པ་དང་
ཚུལ་ལྡན་མང་ཐོས་སྦྱར་བ་ལྔ་པ་གཅིག །རིག་པ་ནི། མངོན་རྗེས་དང་ལུང་ལ་བརྟེན་ནས་སྡེ་སྣོད་གསུམ་རྩོམ་པར་ནུས་པ་དང་ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག །གསལ་བ་ནི། རང་གིས་སྡེ་སྣོད་གསུམ་བརྩམས་པ་དེ་གཞན་ལ་གསལ་བར་སྟོན་ནུས་པ་དང༌། ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག གསལ་བ་ནི། རང་གིས་སྡེ་སྣོད་གསུམ་བརྩམས་པ་དེ་གཞན་ལ་གསལ་བར་སྟོན་ནུས་པ་དང་། ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག་གོ །གཉིས་པ་དོན་ཤེས་པའི་ཡོན་ཏན་ལ་བཞི། བསླབ་པ་གསུམ་ཤེས་པའི་ཡོན་ཏན། ཚུལ་ཁྲིམས་ཤེས་པའི་ཡོན་ཏན། ཕུན་སུམ་ཚོགས་གཉིས་ཀྱི་ཡོན་ཏན། ཚོགས་སྦྱོར་གཉིས་ཀྱི་ཡོན་ཏན་ནོ། །དང་པོ་ལ་གཉིས། རང་སློབ་པའི་ཡོན་ཏན། གཞན་སློབ་ཏུ་འཇུག་པའི་ཡོན་ཏན་ནོ། །དང་པོ་ནི། ལྷག་པའི་ཚུལ་ཁྲིམས་སོ་སོར་ཐར་པར་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་དང༌། ལྷག་པའི་སེམས་བསམ་གཏན་བཞི་དང༌། ལྷག་པའི་ཤེས་རབ་ཟག་མེད་ཀྱི་ལམ་དེ་དག་གི་བླང་དོར་ཤེས་ནས་སློབ་པ་དང༌། ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག་གོ །གསུམ་པ་དེ་ལ་ཅིའི་ཕྱིར་ལྷག་པ་ཞེས་བྱ་ཞེ་ན། མྱང་འདས་ནི་སྡུག་བསྔལ་རྒྱུ་བཅས་ཟད་པར་སྤངས་པས་མཆོག་ཏུ་བདེ་ཞིང་མི་འགྱུར་བས་ལྷག་པ་ཡིན་ལ་དེ་ཐོབ་པའི་དོན་དུ་སློབ་པ་དང་དེ་དག་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི་ཕྱི་རོལ་པ་དང་ཐུན་མོང་མ་ཡིན་པས་ལྷག་པ་ཞེས་བྱའོ། །ཁ་ཅིག་ན་རེ། སོ་ཐར་གྱི་སྤང་བྱ་མཐའ་དག་སྤོང་ཞིང་བླང་བྱ་མཐའ་དག་ལ་སློབ་པའི་བསྙེན་རྫོགས་ཀྱི་སྡོམ་པ་ནི། དགེ་ཚུལ་གྱི་སྡོམ་པ་སོགས་སྤོང་བཞིའི་ཚུལ་ཁྲིམས་ལས་ལྷག་པས་ལྷག་པའི་ཚུལ་ཁྲིམས་དང༌། བསམ་གཏན་བཞི་པོ་རྣམས་འདོད་སེམས་དམིགས་ཡུལ་ལ་རྒྱུན་མི་བརྟན་པར་འཕྲོ་བ་རྣམས་ལས་ལྷག་པས་ལྷག་པའི་སེམས་དང༌། མཐོང་ལམ་སོགས་ཟག་མེད་ཀྱི་ཤེས་རབ་རྣམས་ཟག་
བཅས་ཀྱི་ཤེས་རབ་རྣམས་ལས་ལྷག་པས་ལྷག་པའི་ཤེས་རབ་ཡིན་གྱི། ཕྱི་རོལ་པའི་ཚུལ་ཁྲིམས་ལས་ལྷག་པས་ལྷག་པའི་ཚུལ་ཁྲིམས་ཟེར་བ་མི་འཐད་དེ། དེ་ལྟ་ན་དགེ་ཚུལ་གྱི་སྡོམ་པ་ཡང་དེར་འགྱུར་ཟེར། དགེ་ཚུལ་གྱི་སྡོམ་པ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་ཁས་བླངས་པ་ལ་ཉེས་པ་མེད་དེ། ཉན་སར། སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡུས་པའི་ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་ཞེས་གསུངས། བསླབ་པ་གསུམ་ལ་སློབ་པའི་དོན་ད་གཟོད་སློབ་པ་དང་གོམས་ཟིན་མིན་གྱི་དོན་ཁོང་དུ་ཆུད་ནས་བསྒོམ་པ་ཡིན་པས་ངེས་པར་འཕགས་རྒྱུད་ལ་ཡོད་མི་དགོས་སོ། །གཉིས་པ་ནི། བསླབ་པ་གསུམ་ལ་རང་གིས་སློབ་པའི་སྟེང་དུ་གཞན་སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དང་ཚུལ་ལྡན་མང་ཐོས་སྦྱར་བས་ལྔ་པ་གཅིག་གོ །གཉིས་པ་ནི། ལྷག་པ་མྱང་འདས་ཀྱི་ཆེད་དུ་སྤྱོད་པ་འདུལ་བ་ནས་བཤད་པའི་འགྲོ་འོང་ལ་སོགས་པའི་སྤྱོད་ལམ་དང་ལྷག་པའི་འདུལ་བ་ནི་ཚུལ་ཁྲིམས་ཡིན་ལ་འདིར་ནི་དེ་སྟོན་པར་བྱེད་པའི་རྣམ་འབྱེད་གཞི་ཕྲན་ཚེགས་གཞུང་བླ་མ་རྣམས་ཡིན་ཏེ། སློབ་མ་རྣམས་འདུལ་བར་བྱེད་པའི་ཕྱིར་རོ། །ལྷག་པའི་སོ་སོར་ཐར་པ་ནི་ཚུལ་ཁྲིམས་ཏེ། སོ་སོར་ཐར་པའི་སྐད་དོད། པྲ་ཏི་མོཀྵ་ཞེས་པའི་པྲ་ཏི་དང་པོ་དང༌། སོ་སོ་དང་ཐབས་གསུམ་ལ་འཇུག་པས་དང་པོར་སྡོམ་མིན་ལས་ཐར་པས་དང་པོར་ཐར་པ་དང༌། གང་བསྲུངས་པ་དེ་ཐར་གྱི་མ་བསྲུངས་པ་མ་ཐར་བས་སོ་སོར་ཐར་པ་དང༌། ཐར་པ་མྱང་འདས་ཐོབ་པའི་ཐབས་ཡིན་པས་ཐར་པའི་ཐབས་ཡིན་ལ། འདིར་ནི་དེ་སྟོན་པར་བྱེད་པའི་སོ་ཐར་གྱི་མདོའོ། །གསུམ་པོ་དེ་ལ་ཡང་སྔ་མ་དེ་བཞིན་དུ་སློབ་པ་དང་སློབ་འཇུག་གི་ལྔ་པ་གཉིས་ཡོད་དོ། །གསུམ་པ་ཕུན་སུམ་ཚོགས་གཉིས་ཀྱི་ཡོན་ཏན་ལ་གཉིས་ལས་དང་པོ་ནི། དཀོན་མཆོག་གསུམ་ལ་དང་པའི་དད་པ་ཕུན་སུམ་
ཚོགས་པ་ཉིད་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་དང༌། འདུལ་བ་ཤེས་པའི་ཐོས་པ་ཕུན་སུམ་ཚོགས་པ་ཉིད་དང༌། སེམས་བྱུང་མ་ཆགས་པའི་ངོ་བོ་ཉིད་ཀྱི་གཏོང་བ་ཕུན་སུམ་ཚོགས་པ་ཉིད་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དེ། ཕུན་སུམ་ཚོགས་པ་ནི་ལྡན་པ་ཡིན་ལ་ལྡན་པ་ལ་ཕུན་སུམ་ཚོགས་པའི་སྒྲས་སྟོན་པ་ནི་དེ་དག་ཁྱད་པར་ཅན་དང་ལྡན་པར་སྟོན་པ་ཡིན་ཏེ། ལྟ་བ་ཕུན་སུམ་ཚོགས་པ་བཞིན་ནོ། །ཕུན་སུམ་ཚོགས་པ་གཉིས་པ་ནི། འདུལ་བ་ཤེས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཉིད་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དང༌། ཏིང་ངེ་འཛིན་དང་ཤེས་རབ་གཉིས་སེམས་ཀྱི་ས་མང་པོ་པ་ཡིན་པས་དེ་ཙམ་བཅད་པའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་སྨོས་སོ། །ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བ་མི་སློབ་པའི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་ལ་ཡང་འདུས་བྱས་རྣམ་གྲོལ་དང༌། འདུས་མ་བྱས་རྣམ་གྲོལ་གཉིས་ལས་འདིར་འདུས་བྱས་མོས་པ་རྣམ་གྲོལ་བཟུང་སྟེ། ལྔ་ཕྲུགས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །རྣམ་གྲོལ་དེ་ཤེས་པས་སྡུག་བསྔལ་ཤེས་སོ་ཀུན་འབྱུང་སྤངས་སོ་ཞེས་སོགས་ཟད་པ་ཤེས་པ་དང༌། སྡུག་བསྔལ་ཤེས་ཏེ་ཡང་ཤེས་པར་བྱར་མེད་ཅེས་སོགས་མི་སྐྱེ་བ་ཤེས་པ་དང༌། དེ་མཐོང་བ་ནི་ཟད་མི་སྐྱེ་ཤེས་ལས་གཞན་པའི་མི་སློབ་པའི་ཤེས་རབ་ཟག་མེད་རྣམས་ཀྱིས་ཀྱང་ཕུན་སུམ་ཚོགས་པ་ཉིད་དོ། །འོ་ན་ཕུན་སུམ་ཚོགས་པ་གཉིས་པའི་ལྔ་པ་འདི་མི་སློབ་པའི་ལྔ་པ་དང་ཟློས་པའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་མེད་དེ། ཡན་ལག་དང་པོ་སོགས་ལ་ཁྱད་ཡོད་པའི་ཕྱིར་དང༌། མི་སློབ་པའི་ལྔ་པ་དང་ལྡན་ན་ཕུན་སུམ་ཚོགས་པ་གཉིས་པའི་
ལྔ་པ་ལྡན་པས་མ་ཁྱབ་པའི་ཕྱིར་ཏེ། མི་སློབ་པའི་རྣམ་གྲོལ་དང་ལྡན་ན། མི་སློབ་པའི་རྣམ་གྲོལ་ཕུན་ཚོགས་མི་དགོས་པའི་ཕྱིར། དགྲ་བཅོམ་པ་དབང་རྟུལ་བཞིན་ནོ། །ཁ་ཅིག་ན་རེ། ཕུན་སུམ་ཚོགས་པ་གཉིས་པའི་ལྔ་པ་ནི་སོ་སྐྱེའི་རྒྱུད་ལ་ཡོད་དེ། དེ་ཤེས་པ་ཞེས་སོགས་ཀྱི་དོན། མི་སློབ་པའི་རྣམ་གྲོལ་སོགས་ཐོས་བསམ་གྱིས་ཤེས་པ་ལ་དགོངས་པའི་ཕྱིར་ཏེ། ཤེས་རབ་བྱེད་པར། དེའི་ཡེ་ཤེས་མཐོང་བ་ཡང་ངོ་ཞེས་པ་ནི་མཉན་པ་དང་བསམ་པས་དགྲ་བཅོམ་པའི་མྱ་ངན་འདས་པའི་རང་བཞིན་ཞི་བ་མཐོང་བའོ་ཞེས་བཤད་པའི་ཕྱིར་ཟེར་བ་མི་འཐད་དེ། ཉོན་མོངས་པའི་འཆིང་བས་བཅིངས་བ་རྣམས་མི་སློབ་པའི་རྣམ་གྲོལ་ཕུན་སུམ་ཚོགས་པ་འགལ་བའི་ཕྱིར་རོ། །བཞི་པ་ལ་གཉིས། ཡན་ལག་ཐུན་མོང༌བ། ཐུན་མོང་མ་ཡིན་པའོ། །དང་པོ་ནི། འདི་མན་ཆད་སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཚང་བ་ལ་ཚུལ་ལྡན་མང་ཐོས་སྦྱར་བར་མ་ཟད་དགེ་བ་མ་སྐྱེས་པ་བསྐྱེད། སྐྱེས་པ་འཕེལ། མི་དགེ་བ་མ་སྐྱེས་པ་མི་སྐྱེད། སྐྱེས་པ་སྤོང་བའི་བརྩོན་འགྲུས་བརྩམས་པ་ཉིད་དང༌། མང་དུ་ཐོས་པའི་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་ཏེ། ལྔ་པ་ཚང་བ་དང་ཚིག་ཚོགས་བསྐྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། ཚོགས་ལམ་པའི་ཡོན་ཏན། བསྲིངས་པ་གཉིས་ལྡན་གྱི་ཡོན་ཏན། སྐྱོན་དང་བྲལ་བའི་ཡོན་ཏན་ནོ། །དང་པོ་ནི། བཞི་པོ་དེ་གང་དང་སྦྱར་ཞེ་ན། བཞི་པོ་དེ་དྲན་པ་ཉེར་གཞག་དང་ལྡན་པ་དང་སྦྱར་བས་ལྔ་པ་གཅིག་གོ །གཉིས་པ་ནི། ཡུལ་འདུ་འཛི་དང་སེམས་རྣམ་རྟོག་ལས་དབེན་ཞིང་ནང་དུ་ཡང་དག་བཞག་པ་ཉིད་དང་གོང་གི་བཞི་པོ་སྦྱར་བས་ལྔ་པ་གཅིག་གོ །གསུམ་པ་ནི། བྱིང་རྒོད་དང་བྲལ་བས་སེམས་མཉམ་པར་བཞག་པ་ཉིད་དང་གོང་གི་བཞི་པོ་སྦྱར་བས་ལྔ་པ་གཅིག་གོ །གསུམ་པ་དགེ་སྦྱོང་ཚུལ་གྱི་ཡོན་ཏན་ལ་གཉིས། སློབ་པའི་
ཡོན་ཏན། མི་སློབ་པའི་ཡོན་ཏན་ནོ། །དང་པོ་ནི། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤོང་བའི་ཕྱིར་དུ་སློབ་པའི་ངང་ཚུལ་ཅན་ཡིན་པས་སློབ་པ་ཉིད་དེ་འབྲས་བུ་དང་པོ་གསུམ་གྱི་ཞུགས་གནས་གཉིས་གཉིས། དགྲ་བཅོམ་ཞུགས་པ་དང་བདུན་གྱི་རྒྱུད་ལ་ཡོད་པའི་ཟག་མེད་ཀྱི་ཚུལ་ཁྲིམས་དང༌། ཟག་མེད་ཀྱི་ཏིང་ངེ་འཛིན་དང༌། ཟག་མེད་ཀྱི་ཤེས་རབ་དང༌། སློབ་པའི་མོས་པ་རྣམ་གྲོལ་དང་དེ་ཤེས་པ་ནི་ཆོས་ཤེས་ལ་སོགས་པ་དང༌། མཐོང་བ་ནི་ཆོས་བཟོད་ལ་སོགས་པའོ། །སྒོམ་ལམ་པ་ལ་བཟོད་པ་མེད་པས་བར་ཆད་མེད་ལམ་ལ་མཐོང་བ་ཞེས་བྱའོ། །གཉིས་པ་ནི། ཉོན་མོངས་པ་སྤང་བའི་ཕྱིར་རམ་འབྲས་བུ་གཞན་ཐོབ་པའི་ཕྱིར་དུ་སློབ་མི་དགོས་པས་ན་མི་སློབ་པ་ཉིད་དེ་དགྲ་བཅོམ་པ་ཡིན་ལ། རང་དོན་གྲུབ་ནས་གཞན་དོན་བྱེད་པར་འོས་པ་དང༌། ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པ་དང༌། ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་པ་ཞེས་བྱའོ། །དགྲ་བཅོམ་པའི་རྒྱུད་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། འདུས་བྱས་རྣམ་གྲོལ་དང༌། རྣམ་གྲོལ་དེ་ཤེས་པ་ཟད་མི་སྐྱེ་ཤེས་པ་དང་མཐོང་བ་དེ་གཉིས་ལས་གཞན་པའི་མི་སློབ་པའི་ལྟ་བའོ། །འདིར་བསྟན་གྱི་རྣམ་གྲོལ་སྤངས་པ་ལ་བྱེད་པ་མི་འཐད་དེ། ལྔ་ཕྲུགས་ཀྱི་ཡན་ལག་ཡིན་པའི་ཕྱིར་དང༌། ཕུང་པོར་བཤད་ལ་འདུས་མ་བྱས་ཕུང་པོར་མི་རུང་བའི་ཕྱིར། འདུལ་བ་ཤེས་པ་མེད་མི་རུང་ཡིན་པས། གཉིས་པོ་འདིའི་སྐབས་སུ་འདུལ་བ་ཤེས་པ་གང་གིས་བསྟན། ཚུལ་ཁྲིམས་དང་ལྡན་པ་ཞེས་པས་བསྟན་པ་མི་འཐད་དེ། འདིར་བསྟན་གྱི་ཚུལ་ཁྲིམས་ནི་ཟག་མེད་ཀྱི་ཚུལ་ཁྲིམས་ཡིན་ལ། ཟག་མེད་ཀྱི་ཚུལ་ཁྲིམས་དང་ལྡན་ན་འདུལ་བ་ཤེས་པས་མ་ཁྱབ་པའི་ཕྱིར་ཞེ་ན། ལོ་བཅུ་ལོན་པ་མེད་མི་རུང་དུ་བསྟན་པས་འགྲུབ་སྟེ། འདི་དག་འཕགས་པ་ཡིན་པས་བསླབ་པ་ལ་གུས་པའི་ཕྱིར་འདུལ་བ་
སློབ་ལ། བློ་མིག་དང་ལྡན་པས་ལོ་བཅུའི་ནང་དུ་ཤེས་པར་ཡང་ནུས་པའི་ཕྱིར། བཞི་པ་འདུལ་བའི་སྡེ་སྣོད་ཤེས་པའི་ཡོན་ཏན་ལ་གསུམ། དོན་ཤེས་པའི་ཡོན་ཏན། འཁོར་ལ་མ་ཆགས་པའི་ཡོན་ཏན། ཚིག་དོན་གཉིས་ཀ་ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། བསླབ་པའི་གཞི་རྣམས་གང་ལས་བྱུང་བའི་གླེང་གཞི་དང་རྒྱུ་མཚན་དང་བྱེད་རྒྱུ་ནི་བྱུང་བ་ཡིན་པས་དེ་མངོན་པར་ཤེས་པ་ཉིད་དང༌། དེ་ལ་བསླབ་པའི་གཞི་ནི་གསུམ་སྟེ། བསླབ་པར་བྱ་བ་ཡང་ཡིན་གཞི་ཡང་ཡིན་པ་སྲོག་གཅོད་སྤང་པ་ལྟ་བུ་དང༌། དེ་བརྗོད་བྱར་བྱེད་པའི་ཚིག་དང༌། དེ་མི་འབྱུང་བར་བྱ་བའི་ཕྱིར་དུ་བསླབ་པའི་གཞི་ལྟུང་བ་རྣམས་ལས་འདིར་ནི་ཕྱི་མ་གཉིས་གང་རུང་ངོ༌། །གླེང་གཞི་ནི། བམ་ལྔར། གླེང་གཞི་ནི་ཡུལ་དང་གང་ཟག་དང་ཉོན་མོངས་པ་དང་ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །ཞེས་བཤད་ལ། དཔེར་ན་ཡུལ་སྤོང་བྱེད་དུ། གང་ཟག་བཟང་སྦྱིན་གྱིས། ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་མི་ཚངས་སྤྱོད་སྤོང་བའི་བསླབ་པ་བཅས་པ་ལྟ་བུའོ། །རྒྱུ་མཚན་ནི། བསླབ་པ་འཆའ་བའི་རྒྱུ་མཚན་དགག་བྱ་ཉེས་དམིགས་སོ། །བྱེད་རྒྱུ་ནི་རྒྱུ་ཚོགས་ཏེ། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞིའོ། །བྱུང་བ་མངོན་པར་ཤེས་པ་ལ་གཉིས་ཏེ། བྱུང་ལ་མ་བཅས་པའི་བྱུང་བ་ཤེས་པ་དང༌། བྱུང་ལ་བཅས་པའི་བྱུང་བ་ཤེས་པའོ། །དང་པོ་ནི། གླེང་གཞི་ལས་བྱུང་ཡང་བཅས་པ་མ་མཛད་པ་ལྟ་བུ། གཉིས་པ་ལ། བཅས་པའི་བྱུང་བ་ཤེས་པ་དང༌། རྗེས་སུ་བཅས་པའི་བྱུང་བ་ཤེས་པ་གཉིས་སོ། །བཅས་པ་ནི་དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གཞི་རྣམ་པར་བཞག་པའི་བཀའ་ཡིན་ཏེ། དེས་བསླབ་པའི་མཚམས་རྣམ་པར་བཞག་པའི་ཕྱིར། རྣམ་འབྱེད་དུ། སྔར་བསླབ་པའི་གཞི་མ་བཅས་ཞེས་པའི་འགྲེལ་པར། སྔར་
ཁྲིམས་སུ་བྱ་བ་མ་གསུངས་ཞེས་དང༌། ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་ན། །ཞེས་གསུངས་པ་ལྟར་རོ། །རྗེས་སུ་བཅས་པ་ནི་བྱ་བའི་རིགས་གཅིག་ལ་ཕྱིས་བཅས་པ་གཉིས་པ་མཛད་ པ་སྟེ་དངོས་བཅས་ཀྱི་དོགས ་གཅོད་ཡིན་ལ་དེ་མངོན་པར་ཤེས་པ་ཉིད་དང༌། རྗེས་བཅས་ལ་དགུ་སྟེ། སྒྲུབ་པའི་རྗེས་སུ་སྒྲུབ་པ་དང༌། གནང་བ་དང༌། དགག་པ་བཅས་པ་དང༌། གནང་བའི་རྗེས་སུ་གནང་བ་དང༌། སྒྲུབ་པ་དང༌། དགག་པ་བཅས་པ་དང༌། དགག་པའི་རྗེས་སུ་དགག་པ་དང༌། སྒྲུབ་པ་དང་གནང་བ་བཅས་པའོ། །སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ་ནི། དབྱར་སྔ་མ་ཁས་ལེན་དགོས་པར་བསྟན་ནས་དེ་མ་གྲུབ་ན་དབྱར་ཕྱི་མ་ངེས་པར་ཁས་ལེན་དགོས་པར་བསྟན་པ་ལྟ་བུའོ། །སྒྲུབ་པའི་རྗེས་སུ་གནང་བ་བཅས་པ་ནི། སྔར་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་མཚན་མོ་ཆོས་བཤད་ཉན་བྱ་དགོས་པར་བསྟན་ནས་ནད་པས་དེ་མ་བྱས་པ་ལ་ཉེས་པ་མེད་པར་བསྟན་པ་ལྟ་བུའོ། །སྒྲུབ་པའི་རྗེས་སུ་དགག་པ་བཅས་པ་ནི། སྔར་གསོ་སྦྱོང་དང་དབྱར་ཁས་བླང་བ་བསྒྲུབ་དགོས་པར་བསྟན་ནས་གནས་ལ་བརྟེན་པ་དང་འདོམས་པའི་ཚེ་གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་གནས་པར་ཁས་བླང་བར་མི་བྱའོ་ཞེས་བཀག་པ་ལྟ་བུའོ། །གནང་བའི་རྗེས་སུ་གནང་བ་བཅས་པ་ནི། སྔར་ལྷམ་སྣའི་སྦུབས་ཅན་གནང་ནས་ཕྱིས་ཡུ་ཐུང་དང་ཡུ་རིང་སོགས་གནང་བ་ལྟ་བུའོ། །གནང་བའི་རྗེས་སུ་སྒྲུབ་པ་བཅས་པ་ནི། ལམ་གྲོགས་དང་བཅས་ཏེ་འགྲོར་རུང་བ་གནང་ནས་ལམ་གྲོགས་ན་ན་ངེས་པར་ནད་གཡོག་བྱེད་དགོས་པར་བསྟན་པ་ལྟ་བུའོ། །གནང་བའི་རྗེས་སུ་དགག་པ་བཅས་པ་ནི། མཆིལ་ལྷམ་གནང་ནས་དེ་སྒྲ་ཀྲོག་ཀྲོག་ཟེར་བ་བཀག་པ་ལྟ་བུའོ། །དགག་པའི་རྗེས་སུ་དགག་པ་བཅས་པ་ནི། དང་པོར་མི་ཚངས་སྤྱོད་བཀག་ནས་ཕྱིས་སྤྲ་མོ་ལ་མི་ཚངས་སྤྱོད་བཀག་པ་ལྟ་བུའོ། །དགག་པའི་རྗེས་
སུ་སྒྲུབ་པ་བཅས་པ་ནི་སྔར་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མདུན་དུ་འགྲོ་བ་བཀག་ནས་ཉམ་ང་བ་ལ་སོགས་པའི་ཚེ་མདུན་དུ་འགྲོ་དགོས་པར་བསྟན་པར་ལྟ་བུའོ། །དགག་པའི་རྗེས་སུ་གནང་བ་བཅས་པ་ནི། དུས་མིན་གྱི་ཁ་ཟས་ཟ་བ་བཀག་ནས་ནད་པ་ལ་དུས་མིན་པར་དུས་རུང་གི་ཁ་ཟས་གནང་བ་ལྟ་བུའོ། །རྗེས་བཅས་རྣམས་ཀྱི་བཅས་པའི་མཚན་ཉིད་དོར་རམ་མི་དོར་ཞེ་ན། སྒྲུབ་པའི་རྗེས་སུ་སྒྲུབ་པ་དང༌། གནང་བའི་རྗེས་སུ་གནང་བ་དང༌། དགག་པའི་རྗེས་སུ་དགག་པ་བཅས་པ་གསུམ་ནི་བཅས་པའི་མཚན་ཉིད་མི་འདོར་ཏེ། སྔར་བཅས་ཀྱི་རིགས་མ་དོར་བར་སོ་ན་ཡོད་ཅིང་རྗེས་སུ་བཅས་པའི་དགོས་པ་ནི་གང་ཟག་གི་ལོག་རྟོག་བསལ་བའི་ཕྱིར་རོ། །ལྷག་མ་དྲུག་ནི་སྔར་བཅས་ཀྱི་མཚན་ཉིད་དོར་ཏེ་སྔར་གྱི་སྒྲུབ་པའི་རྒྱུ་མཚན་དོར་ནས་དགག་དགོས་པར་བཅས་པ་སོགས་ཡིན་པའི་ཕྱིར་རོ། །བཀག་པ་ཙམ་བཅས་པ་ཞེས་པས་བསྟན་ཟིན་པས། སྲོག་ལ་བབ་ཀྱང་མི་བྱའོ་ཞེས་བཀག་པ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བླུད་མི་འཐུང་ངོ་ཞེས་གསུངས་པ་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་གསུངས་པ་ལྟ་བུ་མངོན་པར་ཤེས་པ་ཉིད་དང༌། གནང་བ་ཙམ་བཅས་པ་ཞེས་པས་བསྟན་ཟིན་པས། གཞི་དེ་བྱས་ཀྱང་ལྟུང་བ་མེད་མ་བྱས་ཀྱང་ལྟུང་བ་མེད་པའི་གནང་བ་སྟེ། དཔེར་ན་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་དུ་ཉིན་མོའི་སུམ་ཆ་བདེ་བ་མིན་པ་ལ་ཕྱི་རོལ་པའི་བསྟན་བཅོས་བཀླག་པ་གནང་བ་ལྟ་བུ་མངོན་པར་ཏེ་གསལ་བར་ཤེས་པ་ཉིད་དོ། །གཉིས་པ་ལ་གཉིས། ཡན་ལག་ཐུན་མོང་བ། ཐུན་མོང་མ་ཡིན་པའོ། །དང་པོ་ནི། མངོན་མཐོ་དང་ངེས་ལེགས་འཐོབ་པ་ལ་བར་དུ་གཅོད་པ་སྲོག་གཅོད་པ་སོགས་མངོན་པར་ཤེས་པ་ཉིད་དང༌། དེ་ལ་བར་དུ་གཅོད་པ་མིན་
པ་སྒྲུབ་པ་དང་གནང་བའི་བྱ་བ་མངོན་པར་ཤེས་པ་ཉིད་དང༌། འདི་གཉིས་ཀྱིས་འདུལ་བ་ལ་གནས་པའི་དོན་བསྟན་ནོ། །ཡན་ལག་གཉིས་པོ་དེ་གཞན་ལ་གསལ་བར་སྟོན་ནུས་པའི་སྨྲ་བ་པོ་ཉིད་དང༌། སློབ་མ་ལ་སོགས་པ་བྱ་བ་མིན་པ་ལས་ལྡོག་ཅིང་བྱ་བ་ལ་འཇུག་པ་དང་རྗེས་སུ་མཐུན་པར་སྟོན་པ་ཉིད་དེ། གཉིས་པ་ནི། བཞི་པོ་དེ་ཇི་ལྟར་ལྔ་པ་ཡིན་ཞེ་ན། བདག་ཉིད་ཡུལ་གཞན་དུ་འགྲོ་བ་ལྟ་བུའི་ཚེ་སློབ་མ་གནས་གཞན་ལ་གཏན་དུ་གནས་འཆར་གཞུག་ནུས་པ་ཉིད་དང༌། བཞི་པོ་དེ་སྦྱར་བས་ལྔ་པ་གཅིག་གོ །བདག་ཉིད་ཡུལ་དེ་ཉིད་དུ་སྤོ་བ་སོགས་སྤྱོད་པ་ལྟ་བུའི་ཚེ་སློབ་མ་གནས་གཞན་ལ་རེ་ཞིག་གནས་འཆར་གཞུག་ནུས་པ་ཉིད་དང༌། བཞི་པོ་དེ་སྦྱར་བས་ལྔ་པ་གཅིག་གོ །གསུམ་པ་ཚིག་དོན་གཉིས་ཀ་ཤེས་པའི་ཡོན་ཏན་ནི། དེས་ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བ་སྡེ་ལྔ་མངོན་པར་ཤེས་པ་ཉིད་དང༌། དེ་ལས་བཟློག་པ་བྱ་བའི་ཆ་རྣམས་ལྟུང་བ་མིན་པ་མངོན་པར་ཤེས་པ་ཉིད་དང༌། དེ་གཉིས་ནི་སློབ་མ་བྱ་བ་ལ་སྦྱོར་བ་དང༌། བྱ་བ་མིན་པ་ལས་བཟློག་པ་ལ་དགོས་སོ། །ཡང་བ་དང་ལྕི་བ་ཉིད་ནི་བསྡུ་བར། ངོ་བོ་ཉིད་དང་བྱེད་པ་དང༌། །གཞི་དང་བསམ་དང་ཚོགས་པའོ། །ཞེས་བཤད་དེ། ངོ་བོ་ཉིད་ཀྱིས་ལྕི་ཡང་ནི་གོང་མ་ལྕི་ལ་འོག་མ་ཡང་བའམ། ཕམ་པ་ལྷག་མ། དེ་མན་ཆད་རྣམས་ཆེ་འབྲིང་ཆུང་ངུའོ། །བྱེད་པའི་སྒོ་ནས་ལྕི་ཡང་ནི་སྦྱོར་བ་དྲག་ཞན་ཏེ་མི་ཤེས་པ་དང་བག་མེད་པས་བྱས་པ་ཡང༌། ཉོན་མོངས་མང་བས་བྱས་པ་འབྲིང༌། མ་གུས་པས་བྱས་པ་ལྕི་བའོ། །གཞིའི་སྒོ་ནས་ལྕི་ཡང་ནི་ཡུལ་ཁྱད་པར་ཅན་ལ་བརྟེན་པ་ལྕི། ཕལ་པ་ལ་བརྟེན་པ་ཡང་སྟེ་མི་བསད་ན་ཕམ་པ། དུད་འགྲོ་བསད་ན་ལྟུང་བྱེད་ལྟ་བུའོ། །བསམ་པའི་སྒོ་ནས་ལྕི་ཡང་ནི་ཀུན་སློང་དྲག་ཞན་ནོ། །ཚོགས་པའི་སྒོ་ནས་ལྕི་ཡང་ནི་ལྔ་ཚུན་ཆད་ཡང༌། དེ་ནས་གྲངས་ཤེས་པ་ཚུན་ཆད་འབྲིང༌། གྲངས་མི་ཤེས་པ་ལྕིའོ། །
རྟེན་གྱི་སྒོ་ནས་ལྕི་ཡང་ནི། མཁས་པས་བྱས་པ་ཡང༌མི་ཤེས་པས་བྱས་པ་ལྕི་སྟེ། མི་མཁས་པས་ན་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་དག་མངོན་པར་ཤེས་པ་ཉིད་དང༌། དེས་འདུལ་བའི་དོན་ཤེས་པ་བསྟན་ནོ། །ཚིག་ཤེས་པ་ནི་སོ་སོར་ཐར་པའི་མདོ་དང༌། འདུལ་བ་རྒྱས་པ་མཐའ་དག་ཁ་ཏོན་དུ་ཐོན་པ་ཉིད་དོ། །གཉིས་པ་རྗེས་བཅས་ཀྱི་སྐབས་ནི། ལོ་བཅུ་ལོན་པ་ལྔ་པ་དང་མི་ལྡན་པ་དག་གིས་ཇི་ལྟར་བྱ་ཞེ་ན། རྒན་པ་ཆོས་ལྔ་ལྡན་མཚམས་ནང་དེ་ན་མེད་ན་གཞོན་པ་ལྔ་ཕྲུགས་དང་ལྡན་པ་ལ་གནས་བཅའ་འོ། །གཞིར། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལགས་ལ་དེ་སོ་སོར་ཐར་པའི་མདོ་གདོན་པ་རྒྱས་པར་བཀླགས་པ་དང་ཐོན་པ་མ་ལགས་ན་དེས་ཀྱང་གཞན་ལ་གནས་པས་མཆིས་པར་བགྱི་བའམ། ཉེ་བར་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ་ཞེས་གསུངས་སོ། །འོ་ན་དེས་ཉེ་གནས་ཀྱི་ཚུལ་ཁྲིམས་ཐམས་ཅད་བྱ་དགོས་སམ་ཞེ་ན། རྒན་པས་གཞོན་པ་ལ་ལུས་འདུད་དེ་ཕྱག་བྱ་བ་འབའ་ཞིག་མ་གཏོགས་པ་གཞན་ཐམས་ཅད་བྱའོ། །དེ་དག་ཐམས་ཅད་ལམ་དུ་ཞུགས་པས་ཀྱང་ངེས་པར་བྱ་དགོས་སམ་ཞེ་ན། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ཡུལ་གཞན་དུ་ལྗོངས་རྒྱུར་འགྲོ་བར་བྱའོ། །འདིར་ལོ་ལྔ་ལོན་པ་དང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་གང་གཙོ་ཞེ་ན། གཉིས་ཀ་གཙོ་སྟེ། དེས་ན་དེ་གཉིས་ལྡན་པ་ལས་གཞན་དུ་གང་རུང་མི་ལྡན་ན་དགྲ་བཅོམ་པ་སྔོན་གྱི་གནས་དྲན་པས་འདས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པས་མ་འོངས་པ་དང༌།
ཟག་པ་ཟད་པ་ཤེས་པས་ད་ལྟར་བ་སྟེ་གསུམ་རིག་པ་ཡིན་ཡང་གནས་མ་བཅས་པར་ལྗོངས་རྒྱུ་བར་མི་བྱའོ། །གླེང་གཞིར། བཙུན་པ་གསུམ་རིག་པ་དྲི་མ་གསུམ་སྤངས་ལ་དེ་ལོ་ལྔ་མ་ལགས་ཤིང་ཆོས་ལྔ་དང་མི་ལྡན་ན་དེས་ཀྱང་མི་གནས་པར་ལྗོངས་རྒྱུ་ཞིང་འཆི་བར་མི་བགྱིའམ། ཉེ་བར་འཁོར་མི་བྱའོ་ཞེས་གསུངས་སོ། །འདིས་དགྲ་བཅོམ་པ་ལ་ལྟུང་བ་འབྱུང་བར་བསྟན་ལ། ཉན་ས་ལས། དགྲ་བཅོམ་པ་ལ་ཉེས་པ་མེད་དེ། ཉོན་མོངས་ཅན་གྱི་ལྟུང་བ་མི་སྲིད་པའི་ཕྱིར་རོ། །ཞེས་པ་རང་བཞིན་གྱི་ཉེས་པ་མེད་པ་ལ་དགོངས་ཏེ། གཏམ་གཞིར། དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་མ་བསྟན་གྱི་ཉེས་པར་འགྱུར་ཏེ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལོ་ལྔ་ལོན་པ་ལྗོངས་རྒྱུར་འགྲོར་རུང་བ་ལ་ལྔ་པ་མཚོན་དོན་ཡིན་ནམ་ངེས་བཟུང་ཡིན་ཞེ་ན། ཁ་ཅིག་ངེས་བཟུང་ཡིན་ཏེ། འགྲེལ་བར། ཅི་སྟེ་ལོ་ལྔ་ལོན་ན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་ན་ཡང་འགྲོ་བར་མི་བྱ་སྟེ་ཞེས་དང༌། གཞི་ལས། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོར་ཐར་པ་དང་རྒྱས་པ་བཀླགས་པ་དང་ཐོན་པ་མ་ལགས་ན། དེས་མི་གནས་པར་ལྗོངས་རྒྱུར་མཆི་བར་མི་བགྱིའམ། ཉེ་བར་འཁོར་མི་བྱ་སྟེ་ཞེས་གསུངས་པས་སོ། །ཟེར་ཡང་མཚོན་དོན་ཡིན་ཏེ། འདི་བག་ཡངས་སུ་གནང་བ་ཡིན་ལ་གཞན་དུ་ན་དེ་ཉིད་ཆེས་དཀོན་པས་བག་ཡངས་སུ་མི་འགྱུར་བའི་ཕྱིར་དང་རྒྱ་ཆེ་བ་དང་མངོན་པར་རྟོགས་པ་ཕུལ་དུ་བྱུང་བའི་ལྔ་པ་ཡོད་པའི་ཕྱིར་རོ། །དེས་ན་ལོ་ལྔ་ལོན་པ་མཚོན་དོན་ཡིན་པ་ལྟར་ལྔ་པ་ཐ་མས་ཀྱང་ལྔ་པ་གཞན་མཚོན་པ་ཡིན་ལ། གོང་གི་ལུང་དེ་དག་གིས་མི་གནོད་དེ། དེ་དག་མཚོན་དོན་ཡིན་པར་ལན་འདེབས་པའི་ཕྱིར། ཐ་མ་དེས་མཚོན་པ་ནི་བཤད་མ་ཐག་པའི་ཉེ་བ་ཡིན་པས་སོ། །གནས་ཀྱི་སྐབས་སོ། །འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད། གསུམ་པ་འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་ལ་གཉིས། སྤྱི་དོན་
དང༌། ཚིག་དོན་ནོ། །དང་པོ་ནི། བར་ཆད་ཀྱི་ངོ་བོ་ནི་ཆོས་འདི་བའི་རབ་བྱུང་སོགས་བྱར་རུང་བའི་གེགས་ཡིན་ལ། བར་ཆད་ལ་དབྱེ་ན་བཞི་སྟེ། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གནས་པ་ལ་བར་དུ་གཅོད་པ་ཕ་མས་མ་གནང་བ་ལྟ་བུ་དང༌། སྡོམ་པ་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པ་ནད་པ་ལྟ་བུ་དང༌། སྡོམ་ལྡན་མཛེས་པ་ལ་བར་དུ་གཅོད་པ་ལག་རྡུམ་ལ་སོགས་པ་ལྟ་བུའོ། །དང་པོ་ལ་བཞི་སྟེ། ལུས་ཀྱི་རྟེན་མིན་པས་སྡོམ་པ་མི་སྐྱེ་བ་དུད་འགྲོ་དང་སྒྲ་མི་སྙན་པ་ལ་སོགས་པ་ལྟ་བུ་དང༌། ལས་སྒྲིབ་ཀྱི་དབང་གིས་སྡོམ་པ་མི་སྐྱེ་བ་མཚམས་མེད་བྱས་པ་ལྟ་བུ་དང༌། གནས་སྐབས་ཀྱི་དབང་གིས་སྡོམ་པ་མི་སྐྱེ་བ་ཁྱིམ་པའི་ཆ་ལུགས་ཅན་ལྟ་བུ་དང༌། བསམ་པའི་དབང་གིས་སྡོམ་པ་མི་སྐྱེ་བ་ལེན་སེམས་ལོག་པ་ལྟ་བུའོ། །བར་ཆད་དེ་ངོ་བོའི་ཆ་ནས་བསྡུ་ན། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་གཙོ་བོའི་བར་ཆད་དང༌། སྐྱེ་ཡང་རབ་ཏུ་དབྱུང་བར་མི་འོས་པ་གཙོ་བོ་མིན་པའི་བར་ཆད་གཉིས་སུ་འདུས་ལ། དུས་ཀྱི་ཆ་ནས་ལོ་ཉི་ཤུ་མ་ལོན་པ་དང༌། ཕ་མས་མ་གནང་བ་ལྟ་བུ་རེ་ཞིག་པའི་བར་ཆད་དང༌། ཕ་མ་བསད་པ་ལྟ་བུ་གཏན་དུ་བའི་བར་ཆད་གཉིས་སུ་འདུའོ། །བར་ཆད་ཀྱི་བྱེད་ལས་ནི། འབོགས་པ་པོ་ལ་ལྷག་མ་དང་ལྟུང་བྱེད་ཉེས་བྱས་ཅི་རིགས་པ་བསྐྱེད་པ་དང༌། ལེན་པ་པོ་ལ་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་སོགས་བཞི་བྱེད་དོ། །བར་ཆད་རྣམས་སྐྱེས་པ་དང་བུད་མེད་ཀྱི་རྟེན་གང་ལ་བཞག་ཅེ་ན། བུད་མེད་འདྲ་བའི་སྐྱེས་པ་དང༌། བུད་མེད་ཀྱིས་དུབ་པ་ལྟ་བུ་སྐྱེས་པ་ཁོ་ན་ལ་བཞག །སྔོན་རབ་ཏུ་བྱུང་བ་དང༌། དགེ་སློང་མའི་ཕམ་པ་ཐུན་མོང་མིན་པ་བཞི་ལྟ་བུ་ནི་བུད་མེད་ཁོ་ན་ལ་བཞག །ཕ་མ་བསད་པ་སོགས་ཕལ་ཆེ་བ་སྐྱེས་པ་དང་བུད་མེད་གཉིས་ཀ་ལ་བཞག་གོ །ལྟུང་བ་བསྐྱེད་པ་ལ་དངོས་པོ་དང་འདུ་ཤེས་གང་གཙོ་ཆེ་ཞེ་ན། བར་ཆད་ཅན་རབ་ཏུ་བྱུང་
བས་ལྟུང་བ་བསྐྱེད་པ་ལ་འདུ་ཤེས་གཙོ་ཆེ་ལ། བར་ཆད་དུ་འགྱུར་བའི་ལྡོག་པ་ནས་སྤྱིར་བཏང་ལ་དངོས་པོ་གཙོ་ཆེའོ། །ཅིའི་ཕྱིར་བར་ཆད་ཅེས་བྱ་ཞེ་ན། རང་རང་གི་སྐབས་ཀྱི་སྡོམ་པ་སྦྱིན་དུ་རུང་བའི་གེགས་བྱེད་པས་བར་ཆད་བྱེད་ཅེས་བྱའོ། །བར་ཆད་དྲིས་པའི་དགོས་པ་གང་ཞེ་ན། དགོས་པ་ཡོད་དེ། བར་ཆད་མ་དྲིས་པའི་ཉེས་པ་ཁེགས་པ་དང༌། བར་ཆད་ཡོད་མེད་རྟོགས་པའི་ཕྱིར་རོ། །ཡུལ་གང་ལ་འདྲི་ན། རབ་བྱུང་བསྙེན་རྫོགས་ཀྱི་ཕྱིར་འོངས་པ་ལ་དངོས་སུ་དྲིའོ། །གང་གིས་འདྲི་ན་རབ་བྱུང་གི་ཚེ་དང་པོའི་མཁན་པོས་དྲི། བསྙེན་རྫོགས་ཀྱི་ཚེ་གསང་སྟེ་སྟོན་པ་དང་ལས་བྱེད་པས་དྲིའོ། །ཚུལ་ཇི་ལྟར་དྲི་ཞེ་ན། འགལ་རྐྱེན་རྣམས་ནི་མ་བསད་པ་མ་ཡིན་ནམ་ཞེས་དགག་ཚིག་གིས་དྲི་ལ། མཐུན་རྐྱེན་རྣམས་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ་ཞེས་པ་ལྟ་བུ་སྒྲུབ་པའི་ཚིག་གིས་དྲིའོ། །དྲིས་ནས་བར་ཆད་དང་མི་ལྡན་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བགྱིའོ་ཞེས་པ་ལྟ་བུ་སྐབས་དབྱེ་ལ། བར་ཆད་ལྡན་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གཉིས་པ་ཚིག་དོན་ལ་བཞི། བསམ་པ་དང་ལུས་རྟེན་རུང་མ་ཐོབ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང༌། གཞན་གྱི་དབང་དུ་གྱུར་པ་དང༌། ལུས་ཐོབ་པ་ལས་ཉམས་པ་དང༌། རྣམ་པར་སྨིན་པ་དང་ལས་ཀྱི་སྒྲིབ་པས་མི་སྐྱེ་བར་བསྟན་པ་དང༌། སྐྱེ་ཡང་རབ་ཏུ་དབྱུང་བར་མི་འོས་པའི་བར་ཆད་དོ། །དང་པོ་ལ་གཉིས། བསམ་པ་རྟེན་རུང་མ་ཐོབ་པ། ལུས་རྟེན་རུང་མ་ཐོབ་པའོ། །དང་པོ་ལ་གསུམ་ལས། བར་ཆད་དྲི་ཚུལ་མུ་སྟེགས་ཅན་ལ་མཚོན་པ་ནི། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་བཤད་ན། བར་ཆད་གང་དྲི་ཞེ་ན། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མཁན་པོས་ཁྱོད་རྟག་ཆད་ཀྱི་ལྟ་བ་ཅན་གྱི་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱའོ། །དག་
གིས་ཞེས་མང་ཚིག་སྨོས་པ་ནི་བསྙེན་པར་རྫོགས་པར་བྱེད་པ་དག་གིས་གསང་སྟེ་སྟོན་པ་བསྐོས་ནས་དེས་དྲིས་པ་ལ་དེ་དག་གིས་དྲི་ཞེས་བཏགས་པ་ཡིན་ནོ། །དྲིས་པའི་ཚེ་མུ་སྟེགས་ཅན་ཡིན་ཟེར་ན་ཤཱཀྱ་དང་མེ་ལ་ལྷར་བཟུང་ནས་སྦྱིན་སྲེག་བྱེད་པ་དང་རལ་པ་རིང་པོར་འཇོག་པའི་ཆ་ལུགས་ཅན་གཉིས་ནི་རབ་ཏུ་དབྱུང་སྟེ། དེ་གཉིས་ཀྱི་རབ་བྱུང་བསྙེན་རྫོགས་བདེན་གྱི་རྒྱུས་མ་ཡིན་པའི་ཕྱིར་ཏེ། དགེ་སློང་དག་ད་ནི་ཉེ་དུ་རྣམས་ལ་ཉེ་དུའི་ཡོངས་སུ་སྤང་བ་སྦྱིན་ནོ་ཞེས་དང༌། མེ་པ་རལ་པ་ཅན་ནི་ལས་རྒྱུ་འབྲས་ཁས་ལེན་པའི་ཕྱིར་རོ། །དེ་གཉིས་མ་གཏོགས་པའི་སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །གཉིས་པ་ཚིག་ཚེགས་ཆུང་བའི་ཕྱིར་མིང་དང་མིང་ཅན་སྦྱར་བ་ནི། བཀོལ་བ་མིང་ངོ༌། །དེའི་མིང་ཅན་དེ་ནི་མདོ་སྔ་མའི་མུ་སྟེགས་ཅན་དང་ཕྱི་མའི་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཟུར་དུ་བཀོལ་བ་སྟེ་བོར་བའོ། །དེས་ན་འོག་ནས་བཀོལ་བ་ཞེས་པའི་སྒྲ་ཡོད་པ་དེར། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཆེ་གེ་མོ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ༌། །དེ་དྲིས་པ་ན་ཡིན་ཟེར་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་སྦྱར་བའི་དོན་ཡིན་ནོ། །གང་ལ་སྦྱོར་བ་ནི་འོག་ནས་སྟོན་ནོ། །གསུམ་པ་ཞར་ལ་མགུ་བ་བརྟག་པ་ནི། འོ་ན་སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་རབ་བྱུང་སོགས་མི་བྱ་ན། ཇི་ཙམ་གྱིས་སེམས་མགུ་བར་རིག་པར་བྱ་ཞེ་ན། སངས་རྒྱས་ནི་ཐམས་ཅད་མཁྱེན་པ། ཆོས་ནི་ལེགས་པར་གསུངས་པ། དགེ་འདུན་ནི་ལེགས་པར་ཞུགས་པ་ལ་སོགས་པ་ཡིན་ནོ་ཞེས་དཀོན་མཆོག་གསུམ་པོ་རྣམས་ཀྱི་བསྔགས་པ་དང་ལམ་ལོག་པར་སྟོན་པ་དང་སྐྲ་འབལ་བ་དང་ཆུ་དང་མཚོན་གྱིས་འཆི་བ་དང༌། གཅེར་བུར་འགྲེང་ཞིང་ཟ་བ་སོགས་མུ་སྟེགས་
ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་སྒྲོ་མ་བཏགས་པར་ཡང་དག་པར་བརྗོད་པ་ན་སེམས་མི་གཡོ་ཞིང་མི་འཁྲུགས་པ་ཉིད་ནི་སེམས་མགུ་བར་གྱུར་བ་ཉིད་དོ། །སེམས་མགུ་བར་གཡོ་སྒྱུས་ཁས་ལེན་པ་ཡང་སྲིད་པས་ལེགས་པར་བརྟག་དགོས་པས་སེམས་མི་མགུ་བ་དེ་དང་མི་ལྡན་པར་ཁས་ལེན་པའི་མུ་སྟེགས་ཅན་དེ་ལེགས་པར་མགུ་བར་གྱུར་པ་དེའི་དོན་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་ཆོས་གསུམ་ལྡན་གྱི་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ། །ཟླ་བ་བཞིའི་བར་དུ་དེའི་ཟས་སུས་སྦྱིན་ཞེ་ན། དེའི་ཟན་ནི་དགེ་འདུན་ལས་སྦྱིན་ནོ། །དེའི་གོས་ནི་མཁན་པོ་ལས་སྦྱིན་ནོ། །དེ་ལས་སུ་བསྐོ་བའི་བྱེད་པ་པོ་ཡིན་ཏེ། དེ་དགེ་ཚུལ་ལས་ཀྱང་གཞོན་པའི་ཕྱིར་རོ། །གཉིས་པ་ལུས་རྟེན་རུང་མ་ཐོབ་པའི་བར་ཆད་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང༌། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱའོ། །གནས་གཅིག་གི་དྲུང་དུ་དགེ་ཚུལ་གཅིག་ལས་ལྷག་པ་གཉིས་སོགས་ཉེ་བར་བཞག་པར་མི་བྱ་སྟེ་དེ་གཉིས་ཡན་ཆད་གནས་གཅིག་ཏུ་བཞག་ན་རྩེ་ཞིང་གཡེང་བའི་ཕྱིར་རོ། །གལ་ཏེ་གཉིས་ལྷན་ཅིག་ཏུ་ངེས་པར་རབ་ཏུ་འབྱུང་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་ཅིག་ཅར་རབ་ཏུ་བྱུང་ལ་རྒན་པ་བསྙེན་པར་རྫོགས་པར་བྱའོ། །དེ་ལྟ་ན་དགེ་ཚུལ་གཅིག་ལས་ལྷག་པ་བཞག་པའི་ཉེས་པ་མེད་དོ། །གལ་ཏེ་རྒན་པས་ལོ་ཉི་ཤུ་མ་ལོན་ན་གནས་གཞན་པ་རེ་ཞིག་གནས་པའི་དོན་དུ་གཏད་པར་བྱའོ། །གང་ལ་གཏད་པ་དེས་དགེ་ཚུལ་དེ་མཁན་པོ་ལས་དབྲོག་པར་མི་བྱ་སྟེ། དེ་ལ་རེ་ཞིག་གཏད་པ་ཡིན་གྱི་གཏན་དུ་བྱིན་པ་མིན་པའི་ཕྱིར་རོ། །དགེ་ཚུལ་དེས་ལོ་ཉི་ཤུ་ལོན་པའི་ཚེ་སུས་བསྙེན་རྫོགས་བྱ་ཞེ་ན། མཁན་པོས་བསྙེན་པར་རྫོགས་པར་
བྱའོ། །གང་ལ་གཏད་པ་དེས་དེ་མི་སྟེར་བ་ལས་མཐུས་བཀུག་སྟེ་བསྙེན་པར་རྫོགས་པར་བྱའོ། །གཉིས་པ་ནི། ཀོལ་བ་ཞེས་པ་བྲན་དང་སྦྱར་བར་བྱའོ། །འདི་སྐྱེ་བ་ཉེས་བྱས་ཡིན་ལ་དགག་བྱ་རིགས་ཆེན་པོ་བསྟན་པ་ལ་འཇུག་པའི་གེགས་དང་མཁན་སློབ་སོགས་ལ་གནོད་པ་འོང་བ་དང༌། ཁོ་ཉིད་རབ་ཏུ་བྱུང་བ་ལས་འབེབས་པའོ། །ཁྱོད་བུ་ལོན་ཅན་ཡིན་ནམ་བཏང་སྟེ་བོར་ལ་དེའི་གནས་སུ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་སོགས་བཀོལ་བ་དང་སྦྱར་རོ། །གང་ཡང་རུང་ཞེས་པས་ཉུང་ངུས་ཀྱང་བར་ཆད་དུ་འགྱུར་བར་བསྟན། རབ་བྱུང་གི་ཚེ་བུ་ལོན་ཆགས་པ་མིན་ནམ་ཞེས་གསུངས་པ་དང་འདི་གཉིས་གང་བྱས་ཀྱང་རུང་ངོ༌། །བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བས་མ་ཁྱབ་སྟེ། བུ་ལོན་འཇལ་བར་ནུས་སོ་ཟེར་ན་རབ་ཏུ་དབྱུང་ངོ༌། །ཕ་མས་མ་གནང་བ་སྔར་རབ་ཏུ་བྱུང་བའམ་གནང་ཡང་ཕྱིས་བཀག་པ་ནི་རབ་ཏུ་དབྱུང་བར་འདོད་པ་ཕ་མ་མིའི་འགྲོ་བ་པ་གཉིས་ཀའམ། གང་རུང་གསོན་ཅིང་ཕ་མ་དེ་གཉིས་ཀྱིས་རབ་ཏུ་འབྱུང་བར་མ་གནང་བ་དངོས་སམ་བརྒྱུད་པས་རྒྱལ་པོའམ་ཕ་མའི་བཀའ་ལས་འདའ་མི་ནུས་པའི་ཡུལ་ཐག་མི་རིང་བ་ཞག་བདུན་རབ་ཏུ་མི་དབྱུང་བར་ཞག་བདུན་བསྲེལ་བར་བྱའོ། །བརྐུས་སོའི་སྐུར་བ་སྤང་བའི་ཕྱིར་རོ། །དེ་ལྟ་བུ་དེ་ཡུལ་ཐག་རིང་ན་ཡང་ཞག་བདུན་བསྲེལ་བའི་འོག་ཏུ་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །རབ་ཏུ་དབྱུང་བར་འདོད་པ་ཞག་བདུན་བསྲེལ་བ་དེའི་ཟན་ནི་དགེ་འདུན་གྱིས་གནང་བ་བྱིན་ན་དགེ་འདུན་གྱི་ལས་བྱིན་ན་རུང་ངོ༌། །གལ་ཏེ་གཅིག་ལ་མ་ཞུས་ནའང་མི་སྦྱིན་ནོ། །བཀོལ་བ་ཕ་མས་གནང་ངམ། ཞེས་བརྗོད་ལ་མཇུག་ཏུ་ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཡང་ན་ཁྱོད་ལ་ནད་
གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་དྲིར་རུང་ངོ༌། །རུང་ངོ་ཞེས་པ་ནི་དེ་གཉིས་གང་རུང་བརྗོད་པས་ཆོག་པའི་དོན་ནོ། །བསྙེན་པར་རྫོགས་པར་བྱེད་པ་དག་གིས་ནི། བསྒྲུབ་བྱ་དེ་ལ་མི་རྣམས་ཀྱི་ལུས་ལ་ནད་ཀྱི་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་ཞེས་སོགས་བྱེ་བྲག་ཏུ་བྱས་ནས་དྲིའོ། །ནད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །བཀོལ་བ་དངོས་སུ་མ་སྦྱར་བ་ནི། སྤྱིར་འདྲི་བ་དང་བྱེ་བྲག་ཏུ་འདྲི་བ་གཉིས་ཡོད་པས་སོ། །བར་ཆད་ཀྱི་ནད་ནི་ནད་གང་རུང་མངོན་གྱུར་དང་ལྡན་པའོ། །དགག་བྱ་ནི་སྡོམ་པ་ཁྱད་པར་དུ་འགྲོ་བའི་བར་ཆད་དང༌། འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །རབ་བྱུང་གི་ཚེ་ནད་སྤྱི་ཙམ་དྲིས་པས་ཆོག་ལ་བསྙེན་རྫོགས་ཀྱི་ཚེ་ནད་བྱེ་བྲག་ཏུ་ཕྱེ་ནས་འདྲི་དགོས་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་མཚན་ཡོད་དེ། རབ་བྱུང་ནི་ལོ་བདུན་ལོན་པ་ལ་རུང་བས་དེའི་ཚེ་ནད་ཅུང་ཟད་ཙམ་ལ་ཡང་ནད་དུ་འཛིན་པས་རྟོགས་སླ་ལ། བསྙེན་རྫོགས་ནི་ལོ་ཉི་ཤུ་ལོན་པ་ཡན་ཆད་ལ་བྱེད་པས་དེའི་ཚེ་ནད་ཅུང་ཟད་ཙམ་ལ་ནད་དུ་མི་འཛིན་པས་བྱེ་བྲག་ཏུ་ཕྱེ་ནས་མ་དྲིས་ན་རྟོགས་དཀའ་བའི་ཕྱིར་རོ། །གསུམ་པ་ནི། བཀོལ་བ་རྒྱུ་ལས་ལྡོག་པའི་ཆད་པ་ཁས་མི་ལེན་པ་ཡན་ཆད་ལ་སྦྱར་ལ། སྤྲུལ་པ་སོགས་འདི་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་མ་ནིང་སོགས་དང་འདྲའོ། །སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དེ་ལྟ་བུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་རྟགས་ཅན་ནི་དགེ་འདུན་གྱིས་བསྙིལ་བར་བྱའོ། །མི་མ་ཡིན་པ་མིར་སྤྲུལ་པའོ། །རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་སྤྲུལ་པ་མིན་ནམ་ཞེས་འདྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱའོ། །སྤྲུལ་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །དེ་ལྟ་བུ་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་སྦྱར། མ་ནིང་སོགས་ལའང་དེ་བཞིན་ནོ། །མི་མ་ཡིན་པ་ལ་སོ་ཐར་གྱི་
སྡོམ་པ་མི་སྐྱེ་བའི་རྒྱུ་མཚན་ནི། ལྷ་འདོད་ཡོན་ལ་ཡིད་གཡེངས། ངན་སོང་གསུམ་རང་རང་གི་སྡུག་བསྔལ་གྱིས་གཡེངས་པའི་ཕྱིར་རམ། ལྷ་ལ་ཡང་དག་པར་ལེན་པ་མེད། ངན་སོང་པ་རྣམས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཤས་ཆེན་པོ་མེད་པའི་ཕྱིར་རོ། །སྤྲུལ་ནུས་པའི་མི་ལ་སྡོམ་པ་སྐྱེར་རུང་ལ། འགྲེལ་ཆུང་ལས། སྤྲུལ་ནུས་པའི་མི་སྤྲུལ་པས་བསྙེམས་ནས་ང་རྒྱལ་ཆེ་བས་སྡོམ་པ་མི་སྐྱེ་བར་བཤད་དོ། །རྟེན་གཅིག་ལ་ཉོན་མོངས་པ་གཉིས་ཀྱིས་གནོད་པ་འམ། གནོད་པས་དབང་པོ་ཉམས་པའི་མ་ནིང་བཀོལ་བ་དང་སྦྱར་རོ། །དེ་ལ་སྡོམ་པ་མི་སྐྱེ་བའི་རྒྱུ་མཚན་ནི་རྟེན་གཉིས་ཀའི་ཉོན་མོངས་ཤས་ཆེ་བའི་ཕྱིར་རམ། སོ་སོར་རྟོག་མི་བཟོད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་ཤས་ཆེར་མེད་པའི་ཕྱིར་རོ། །མ་ནིང་དེ་ནི་རྣམ་པ་ལྔའོ། །གང་ཞེ་ན། སྐྱེས་ཙམ་ནས་ཕོ་མོ་གཉིས་ཀའི་མཚན་ཡོད་པའམ། མཚན་གཏན་ནས་མེད་པ་དབྱིབས་སྐྱེས་པ་འདྲ་བ་སྐྱེས་ནས་མ་ནིང་སྟེ། ཚིག་ལེར། གང་སྐྱེས་ཉིད་ནས་མཚན་མ་ནི། གཉིས་ཀའམ་མེད་པ་སྐྱེས་ནས་ཡིན། །ཞེས་སོ། །ཟླ་ཕྱེད་ཕོའི་འདོད་པ་བསྟེན། ཟླ་ཕྱེད་མོའི་འདོད་པ་བསྟེན་པས་ཟླ་བ་ཕྱེད་པའི་མ་ནིང་དང༌། དེས་ཟླ་བ་གཅིག་པའི་མ་ནིང་སོགས་ཀྱང་མཚོན་ཏེ། ཚིག་ལེར། འདིར་ནི་སོགས་སྒྲ་མི་མངོན་དང༌། །ཟླ་སོགས་མ་ནིང་གྲུབ་པ་ཡིན། །ཞེས་སོ། །གཟུགས་ཁམས་པ་ལ་ཕོ་མོའི་མཚན་མེད་ཀྱང་མ་ནིང་མིན་ནོ། །སྐྱེས་པའམ་བུད་མེད་གཞན་གྱིས་བརྩལ་བ་ན་དབང་པོ་ལས་སུ་རུང་བ་ལྡང་གཞན་གྱི་ཆ་མི་ལྡང་བ་འཁྱུད་ནས་ལྡང་བའི་མ་ནིང་དང༌། གཞན་གྱིས་བརྩལ་བའི་བུད་མེད་ལ་སོགས་པ་མཐོང་བའི་ཚེ་ཕྲག་དོག་གིས་དབང་པོ་ལས་སུ་རུང་གིས་གཞན་གྱི་ཚེ་མིན་པ་ཕྲག་དོག་ཅན་གྱི་མ་ནིང་དང༌། ཕོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པའི་མ་ནིང་ངོ༌། །ལྔ་པོ་འདི་ཐམས་ཅད་བསྙིལ་བར་བྱའམ་ཞེ་ན།
མ་ནིང་ལྔ་པོ་འདི་ལས་ཐ་མ་ཉམས་པ་མ་ནིང་ནི་མ་ནིང་གི་ཉེས་པ་གཞན་གྱིས་བརྩལ་བར་འདོད་པ་ལ་སོགས་པ་བསྟེན་ན་བསྙིལ་ལ་ཉེས་པ་མི་བསྟེན་བར་དུ་མི་བསྙིལ་ལོ། །འདིས་ཉམས་པ་མ་ནིང་གི་རྒྱུད་ལ་སྡོམ་པ་ཡོད་པར་བསྟན་ཟེར་རོ། །ཤེས་རབ་བྱེད་པར། ཕོ་མཚན་ཆད་ནས་མོའི་འདོད་ཆགས་བྱུང་ན་ཁྲིམས་མི་འཆགས། སྔོན་ཁྲིམས་ཆགས་པ་ཡང་མེད་པར་གྱུར་ཏེ་ཞེའོ། །རྐུ་ཐབས་སུ་གནས་པ་བཀོལ་བ་དང་སྦྱར་རོ། །གང་རྐུ་བར་བྱ་བ་ནི་དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་ཆོས་དང་ལྡན་པ་དང༌། རང་ལ་གནང་བའི་ལས་མིན་པ་དང༌། ལས་ཚན་གཉིས་ཡན་ཆད་ཡིན་པའོ། །རང་ཉིད་རྫོགས་པའི་སྡོམ་པ་མི་ལྡན་པ་ཆོས་འདི་བའི་རྟགས་ཅན་ཏེ་ཁྱིམ་པས་སོ་སོར་ཐར་པ་ཉན་དུ་རུང་བའི་ཕྱིར་རོ། །གནས་མཚམས་ནང་ཡིན་པའོ། །འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་ལས་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་ཉན་པར་རྩོམ་པ། མཐར་ཐུག་ལས་ཚན་གཉིས་ཉམས་སུ་མྱོང་བའོ། །ཚིག་དོན་ནི། བསྙེན་པར་རྫོགས་པའི་ཆོ་ག་དང་པོ་ནས་མ་བྱས་པ་ཉིད་དུ་ཤེས་པའམ། ཆོ་ག་བྱས་ཀྱང་མཐུན་རྐྱེན་མ་ཚང་བའམ་འགལ་རྐྱེན་མ་སྤངས་པས་བསྙེན་པར་རྫོགས་པ་མ་ཆགས་པ་ཉིད་དུ་ཤེས་ལ་ལས་ཚན་ལན་གཉིས་སུ་གྲོགས་དགེ་འདུན་དང་ལྷན་ཅིག་མཚམས་ནང་གཅིག་ཏུ་གསོལ་བ་ལ་སོགས་པའི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་རྐུ་ཐབས་སུ་གནས་པ་དེ་ཉིད་ཡིན་ནོ། །འོ་ན་གཞིར། ལན་གཉིས་ལན་གསུམ་དུ་གསུངས་ལ་འདིར་ཅིའི་ཕྱིར་གསུམ་མ་སྨོས་ཤེ་ན། སྐྱོན་མེད་དེ། གཞིར་གསུམ་ཞེས་གསུངས་པ་ནི་རྒྱུན་བསྟན་པ་ཡིན་པའི་ཕྱིར་རོ། །འགྲེལ་པར། རབ་ཏུ་འབྱིན་པའི་ཞུ་བ་ཐོས་པས་ཀྱང་རྐུ་ཐབས་སུ་གནས་པར་བཤད་དོ། །ཁ་ཅིག་ལས་ཉམས་སུ་མྱོང་བས་རྐུ་ཐབས་ཡིན་གྱི་འཕྲལ་གྱི་བྱ་བ་ཉམས་སུ་མྱོང་བས་མ་ཡིན་ནོ་ཟེར་ཡང་འགྲེལ་བ་སོགས་ཀྱི་དགོངས་པ་དབང་བཙན་པར་
བྱའོ། །མུ་སྟེགས་ཅན་ཞུགས་པ་དང་བཀོལ་བ་སྦྱར་རོ། །མུ་སྟེགས་ཅན་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཡིན་པ་འདིས་བར་མ་རབ་བྱུང་མན་ཆད་དང་ལྡན་པར་བསྟན་ནོ། །མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་པ་དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་ལུགས་ཆོས་གོས་འདི་བོར་ཏེ་མུ་སྟེགས་ཅན་གྱི་རྒྱལ་མཚན་དེས་འདུག་ནས་དེར་སྐྱ་རེངས་ཤར་ན་མུ་སྟེགས་ཅན་ཞུགས་པ་དེ་ཉིད་དོ། །ཁ་ཅིག་ཆོས་གོས་འདི་བོར་ཏེ་ཞེས་སྨོས་ཀྱི་ལྟ་བ་འདི་བོར་ཏེ་ཞེས་མ་སྨོས་པ་ཅི་ཡིན་ཞེ་ན་དང་པོ་ནས་མུ་སྟེགས་ཀྱི་ལྟ་བ་དང་ལྡན་ན་ནང་པ་སངས་རྒྱས་པའི་ལྟ་བ་དང་པོ་ནས་མེད་པའི་ཕྱིར་དང༌། གོས་ལ་ནང་པ་དང་ཕྱི་པ་གཉིས་ཀའི་གོས་དུས་གཅིག་ཏུ་གྱོན་དུ་བཏུབ་ཀྱང༌། ལྟ་བ་ལ་མུ་སྟེགས་པའི་ལྟ་བ་དང་ལྡན་ན་ཆོས་འདི་བའི་ལྟ་བ་མེད་པར་གྲུབ་པའི་ཕྱིར་ཟེར་རོ། །ཆོས་གོས་བོར་བ་སོགས་དེ་མ་བྱས་པ་ཡང་མུ་སྟེགས་ཅན་ཞུགས་པ་ཡོད་དེ། རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་པ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ལན་གཉིས་ཉམས་སུ་མྱོང་ན་མུ་སྟེགས་ཅན་ཞུགས་པ་ཡིན་ཏེ། རྐུ་ཐབས་དང་འདྲའོ། །མ་བསད་པ་དང༌། ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་བྱས་པ་དང༌། ལྔ་པོ་དེའི་ངོ་བོ་དང་གང་གིས་འགྲུབ་པ་དང་འབྱུང་བའི་དུས་ནི་མཛོད་ལས་བཤད་པ་ལྟར་རོ། །དགེ་སློང་མ་འདོད་ལོག་གིས་སུན་ཕྱུང་བ་དང༌། ཕམ་པར་འགྱུར་བ་བཞི་ལས་གང་ཡང་རུང་བ་འཆབ་བཅས་ཤིག་བྱུང་བ་མ་ཡིན་ནམ་ཞེས་འདྲིའོ། །གང་ཡང་རུང་བ་ཞེས་པས་གང་རུང་གཅིག་གིས་ཀྱང་སྡོམ་པ་མི་སྐྱེ་བར་བསྟན་པ་ཡིན་ནོ། །ཕམ་པ་བྱུང་བས་སྡོམ་པ་མི་སྐྱེ་བ་ལ་འཆབ་བཅས་དགོས་སམ་མི་དགོས་ཤེ་ན། དགོས་ཏེ་ཞུ་བར། བསླབ་པ་བསྩལ་བས་བསླབ་
པ་ཕུལ་ཏེ་བསྙེན་པར་རྫོགས་པར་བགྱིས་ནས་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེེད་པ་ནི་འདས་པ་དང་བཅས་པའོ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་སྐྱེ་ཡང་རབ་ཏུ་དབྱུང་བར་མི་འོས་པའི་བར་ཆད་ནི། ད་ནི་སྐྱེ་བའི་ཆོས་ཅན་རབ་ཏུ་དབྱུང་བར་མི་འོས་པ་སྟོན་པ་ནི། དགེ་སློང་དགེ་ཚུལ་ལམ་ཁྱིམ་པར་བབས་པའམ། དགེ་ཚུལ་ཁྱིམ་པར་བབས་པ་ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཡིན་ཀྱང་ནན་ཏུར་གྱི་རྒྱུ་ལས་བཟློག་པའི་ཆད་པ་འཐབ་ཀྲོལ་མི་བྱེད་པ་ལྟ་བུ་ཁས་མི་ལེེན་པ་དག་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་སྟེ། རྒྱུ་ཞེ་བས་བཏང་བས་སྡོམ་པ་སྐྱེ་ཡང་ངག་ཏུ་མི་གཏོང་བས་དགེ་འདུན་ལ་མ་གུས་པའི་ཕྱིར་རོ། །ཞུ་བར་མི་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་རྒྱུ་ཞེས་པས་མི་གཏོང་བ་ལ་དགོངས་པའི་ཕྱིར་རོ། །ཁ་ཅིག་དེའི་སྐྱོན་སྤོང་འདི་རྒྱུ་གཏོང་བར་ཁས་ལེན་ཆད་པ་བཟོད་གསོལ་ཁས་མི་ལེན་པ་ཡིན་ལ། འོག་མ་རྒྱུ་གཏོང་བར་ཁས་མི་ལེན་པ་ཡིན་ཟེར་བ་མི་འཐད་དེ། འགྲེལ་པར། རྒྱུ་དེ་ལས་བཟློག་པ་འཐབ་ཀྲོལ་མི་བྱེད་པ་ལ་སོགས་པ་ཁས་མི་ལེན་པ་ཞེས་གསུངས་པ་དང་འགལ་ལོ། །ཁ་ཅིག་འདི་བསྡིགས་པ་ལ་སོགས་པ་བཞི་ཡིན་ལ། འོག་མ་གནས་ཕྱུང་བདུན་ལ་དགོངས་ཟེར་བ་མི་འཐད་དེ། འོག་མའི་འགྲེལ་པར། འདིར་གནས་ནས་ཕྱུང་བ་སྨོས་པ་འདི་ནི་དཔེ་ཙམ་དུ་ཟད་ཀྱི། ཆད་པའི་ལས་བྱེད་དུ་བཅུག་པ་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །བདག་རྒྱུ་གཏོང་གིས་རྫོགས་པར་གྱིས་ཤིག་ཟེར་ན་རྫོགས་པར་བྱའོ། །བསྙེན་པར་རྫོགས་ནས་བཟོད་པ་གསོལ་དགོས་སམ་ཞེ་ན། མི་དགོས་ཏེ། བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་པའི་ཕྱིར། གལ་ཏེ་བསྙེན་པར་རྫོགས་ནས་འཐབ་ཀྲོལ་མི་བྱེད་པ་ཁས་མི་ལེན་པ་ནི་དགེ་འདུན་ཚོགས་པ་ཡོད་ན་ཡང་ཆད་
པས་བཅད་དོ། །གལ་ཏེ་ཆད་པས་བཅད་པའི་ཚེ་ལྟུང་བ་མ་མཐོང་ངོ་། །ཟེར་ན་རྫུན་སྨྲ་བའི་ལྟུང་བྱེད་དོ། །ད་ནི་སྐྱེ་བའི་ཆོས་ལྷག་མ་བཀག་པ་རྣམས་ཀྱང་བསྟན་པའི་ཕྱིར་ལག་རྡུམ་དག་དང་ཞེས་སོགས་གསུངས་ཏེ། ལག་པའི་མཁྲིག་མ་མན་ཆད་ཆད་པའི་ལག་རྡུམ་དག་དང་ལོང་བུ་མན་མེད་པར་རྐང་རྡུམ་དང༌། ལག་སོར་སྦྲུལ་མགོའི་གདེངས་ཀ་ལྟ་བུར་ཟླུམ་པོར་འཇས་པ་དང༌། མཆུ་གཉིས་མེད་པ་དང༌། ལུས་ལ་ཁབ་ལ་སོགས་པས་བཙགས་ཏེ་སྣག་ཚ་ལ་སོགས་པས་ཁྱི་རྗེས་ལ་སོགས་པའི་མངོན་མཚན་བཏབ་པའི་རྨ་མཚན་ཅན་དང༌། རྒན་ཆེས་པས་སྦྱོར་མི་བཟོད་པ་དང༌། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་ནུས་པ་ལོ་བདུན་མ་ལོན་པ་གཞོན་ཆེས་པ་དང༌། ལེག་ལེག་པོར་འགྲོ་བ་འཐེང་པོ་དང༌། བརླའི་ཕྱོགས་རླུང་གིས་ཉམས་པ་སྨད་འཆལ་དང༌། མིག་ཡ་གཅིག་ཞར་བ་དང༌། མཁྲིག་མའི་ཕྱོགས་ནས་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་བྱ་བ་ཅུང་ཟད་ཀྱང་མི་ནུས་པ་ལག་སོར་རྡུམ་པོ་དང༌། བྲང་དང་སྒལ་ཚིགས་ཞུམ་པའི་སྒུར་པོ་དང་ལུས་ཧ་ཅང་ཆུང་བ་མིའུ་ཐུང་དང༌། ལྐོག་མ་ན་ལྦ་བ་ཡོད་པ་དང༌། སྨྲ་མི་ནུས་པ་ལྐུགས་པ་དང༌། དོན་དང་བཅས་པའི་སྒྲ་མི་ཐོས་པའི་འོན་པ་དང༌། ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བ་རྟེན་འཕྱེ་དང༌། ནད་ཀྱི་རིགས་རྐང་བམ་ཡོད་པ་དང༌། བུད་མེད་ཤས་ཆེར་བསྟེན་པས་དུབ་པ་དང༌། མི་བཟོད་པའི་ཁུར་ཐོགས་པ་ཉིད་ཀྱིས་དུབ་པ་དང༌། མི་གང་ལམ་དུ་འགྲོ་དྲགས་པ་ཉིད་ཀྱིས་དུབ་པ་རྣམས་དང་ཟོས་པ་ཐམས་ཅད་མ་ཞུ་བར་ཐུར་དུ་འབྱུང་བ་ཡ་ཟ་མ་ལུག་དང༌། ལང་ཚོ་ལ་མ་བབ་པར་རྒས་པས་ཉམས་པ་བཞིན་དུ་གྱུར་པ་གཏའ་གམ་དང༌། དེ་ལྟ་བུའི་མི་རྣམས་ནི་དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགག་པ་མཛད་དེ་རིགས་དང་ལུས་ལ་སྐྱོན་མ་ཆགས་པའི་མཛེས་པ་རབ་ཏུ་
དབྱུང་བ་དང༌། མ་བསད་པ་ལ་སོགས་པའི་བར་ཆད་ཀྱིས་ཡོངས་སུ་དག་པ་བསྙེན་པར་རྫོགས་པར་རྫོགས་པའི་སངས་རྒྱས་ཀྱིས་རབ་ཏུ་མཁྱེན་ཏེ། རྫོགས་པའི་སངས་རྒྱས་ཞེས་པ་བདེན་པའི་མཚན་མངའ་བ་ཉིད་ཀྱིས་བཀའ་སྩལ་ཏོ། །ཡང་ན་རྫུན་མི་གསུང་བས་བདེན་པའི་མཚན་ཏེ། ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྟུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་མ་ཡིན། །ཞེས་གསུངས་སོ། །རིགས་དང་ལུས་ལ་སྐྱོན་མ་ཆགས་པ་བསྡུ་བར་བྱ་བའི་སྐབས་རྫོགས་ཏེ་རབ་ཏུ་འབྱུང་བའི་གཞི་རྫོགས་སོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། ཐུན་མོང་བའི་སྤྲོས་པ། བུད་མེད་ཀྱི་ཆོ་གའི་ཁྱད་པར་རོ། །དང་པོ་ལ་གཉིས། འཐོབ་པར་བྱེད་པའི་སྤྲོས་པ། ཐོབ་པ་མི་ཉམས་པར་བསྲུང་བའི་སྤྲོས་པའོ། །དང་པོ་ལ་གསུམ། འགལ་རྐྱེན་བར་ཆད་ཀྱི་སྤྲོས་པ། དངོས་གཞི་མཇུག་དང་བཅས་པའི་སྤྲོས་པ། སྦྱོར་བའི་ཆོ་གའི་སྤྲོས་པའོ། །དང་པོ་ལ་གཉིས། བར་ཆད་ཅན། དགག་པ་བྱུང་བ་འཁོར་དུ་མི་བཞག་པའོ། །དང་པོ་ལ་བཞི། ཕ་མས་མ་གནང་བས་མཚོན་པ། བུ་ལོན་ཅན་གྱིས་མཚོན་པ། བྲན་གྱིས་མཚོན་པ། ལག་རྡུམ་ལ་སོགས་པས་མཚོན་པའོ། །དང་པོ་ནི། གཞི་རྩ་བའི་སྐབས་སུ་བར་ཆད་རྣམས་མཇུག་ཏུ་བསྟན། འགྲེལ་བ་ཕྲན་ཚེགས་ཀྱི་སྐབས་སུ་བར་ཆད་རྣམས་སྔོན་དུ་བསྟན་པས་རྩ་འགྲེལ་གོ་རིམ་མི་མཐུན་པའི་སྐྱོན་ཡོད་ཞེ་ན་སྐྱོན་མེད་དེ། བར་ཆད་སྟོན་པའི་གཞུང་རྣམས་ཀྱི་བར་དུ་གཞུང་གཞན་མ་ཞུགས་པར་ཕྱོགས་གཅིག་ཏུ་བསྟན་པས་རྟོགས་སླ་བའི་ཕྱིར་རོ། །བཀོལ་བ་རྒྱལ་པོས་བཀྲབས་པ་དང་སྦྱར་རོ། །མིའི་རྒྱལ་པོ་གསོན་པར་གནས་པས་གཅེས་པར་བཀྲབས་པའི་བློན་པོའམ་རུ་བའོ། །རྒྱལ་པོས་བཀྲབས་པ་ཐམས་ཅད་རབ་ཏུ་
མི་དབྱུང་ངམ་ཞེ་ན། རྒྱལ་པོའམ་དེ་བས་དབང་ཆེ་བས་རབ་ཏུ་འབྱུང་བར་མ་གནང་བ་རྒྱལ་པོ་དེའི་ཚིག་དངོས་སམ་བརྒྱུད་པས་འདའ་མི་ནུས་པའི་ཡུལ་ཐག་མི་རིང་བ་ན་གནས་པ་རབ་ཏུ་མི་དབྱུང་ངོ༌། །འདི་ཕ་མས་མ་གནང་བས་མཚོན་པ་ནི་སྡུག་ཅིང་ཕངས་པར་འདྲ་བས་སོ། །གཉིས་པ་ནི། བཀོལ་བ་ཆོམ་རྐུན་པ་ལ་གྲགས་ཤིང་ཤེས་པ་དང་སྦྱར་ལ། འདི་ནི་ཡུལ་ཐག་རིང་ཡང་བར་ཆད་དུ་འགྱུར་ལ་ཆོམ་རྐུན་པར་མི་ཤེས་ན་སྐྱོན་མེད་དོ། །དགག་བྱ་ནི་དགེ་སྦྱོང་ཆོམ་རྐུན་པ་ཞེས་གཞན་མ་དད་པའོ། །འདིས་ཕུང་ཀྲོལ་བ་མཚོན་ནོ། །གསུམ་པ་ནི། ལྷམ་མཁན་ཀོ་ལྤགས་མཁན་དང༌། གདོལ་བ་རིགས་ངན་དང༌། གཡུང་པོ་ཀླ་ཀློ་དང༌། གང་གི་ལག་ནས་ཟན་བཟའ་བར་མི་བྱ་བ་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ། །བཞི་པ་ནི། ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་གྱི་དེར་གྲངས་ངེས་པ་མིན་པས་སྐྲ་སེར་ལ་སོགས་པའང་རབ་ཏུ་མི་དབྱུང་ངོ༌། །འདི་ལྟར་སྐྲ་ངོ་བོ་ཉིད་ཀྱིས་སེར་བ། ཡུང་བས་ཁ་བསྒྱུར་བ་ལྟ་བུ་དང༌། སྐྲ་སེངྒེའི་སྐྲ་ལྟར་སེར་སྐྱར་གྱུར་པ་དང༌། དེ་བཞིན་དུ་སྐྲ་ནི་རམས་ཀྱིས་བསྒྱུར་བ་ལྟར་ལྗང་ཁུ་ཁ་དང༌། མི་རྣམས་སྐྲ་ནི་དང་པོ་ནས་དཀར་བ་བཀག་གི །ཕྱིས་མགོ་སྐྱར་གྱུར་པ་མ་བཀག་གོ །སྐྲ་གླང་པོ་ཆེའི་སྤུ་འདྲ་བ་དང༌། མགོ་ཟངས་མའི་བུམ་པ་ལྟར་དང་པོ་ནས་སྐྲ་མེད་པ་དང༌། མགོ་ལ་སུལ་གཉིས་སམ་གསུམ་ལ་སོགས་པ་ཡོད་པའི་འབར་འབུར་ཅན་དང༌། ལུས་ལ་ལྟོས་ཏེ་མགོ་ཧ་ཅང་ཆེ་བ་གླང་པོ་ཆེ་དང༌། ལུས་ཧ་ཅང་སྦོམ་པས་ལས་སུ་མི་རུང་བ་དང༌། ལུས་འབྲས་ཀྱི་སྲུབས་གླེབས་པ་འདྲ་བ་ལེབ་ལེབ་པོ་དང༌། བོང་བུའི་མགོ་ལྟ་བུ་དང༌། ཕག་གི་མགོ་ལྟ་བུ་དང༌། མགོ་གཉིས་པ་དང༌། དཔྲལ་བ་ཡན་ཆད་མཚོག་མ་མེད་པའི་མགོ་ཆུང་བ་དང༌། རྣ་བ་གླང་པོ་ཆེའི་འདྲ་བ་དང༌། དེ་བཞིན་དུ་རྟའི་རྣ་བ་འདྲ་བ་དང༌། བ་གླང་གི་རྣ་བ་འདྲ་བ་དང༌། སྤྲེའུའི་རྣ་བ་འདྲ་བ་
དང༌། བོང་བུའི་རྣ་བ་འདྲ་བ་དང༌། ཕག་གི་རྣ་བ་འདྲ་བ་དང༌། དང་པོ་ནས་རྣ་བ་གཅིག་ཡོད་པ་དང༌། རྣ་བ་དང་པོ་ནས་མེད་པ་དང༌། མིག་ཙནྡན་དམར་པོ་ལྟར་ཁ་དོག་དམར་བ་དང༌། མིག་ཚད་ལས་འདས་ཏེ་ཧ་ཅང་ཆེ་བ་དང༌། མིག་ཧ་ཅང་ཆུང་ཞིང་ཟླུམ་པ་དང༌། མིག་ཁ་དོག་དམར་སེར་འདྲེས་མར་ཡོད་པ་ཧ་ཅང་སེར་བ་དང༌། མིག་མཆིང་བུ་ལྟར་འཚེར་བ་ཤེལ་མིག་དང༌། ཆུའི་ཆུ་བུར་ལྟར་ཕྱི་རོལ་ཏུ་རློ་བ་མིག་ཆུ་བུར་ལྟ་བུ་དང༌། དང་པོ་ནས་མིག་གཅིག་ལས་མེད་པ་དང༌། མིག་གཏན་ནས་མེད་པ་དང༌། སྣ་གླང་པོ་ཆེའི་སྣ་འདྲ་བ་དང༌། དེ་བཞིན་དུ་རྟའི་སྣ་འདྲ་བ་དང༌། བ་ལང་གི་སྣ་འདྲ་བ་དང༌། སྤྲེའུའི་སྣ་འདྲ་བ་དང༌། བོང་བུའི་སྣ་འདྲ་བ་དང༌། ཕག་གི་སྣ་འདྲ་བ་དང༌། སྣའི་སྦུབས་གཅིག་པ་དང༌། སྣ་གཏན་ནས་མེད་པ་དང༌། ཀོས་ཀོ་གླང་ཆེན་གྱི་ཀོས་འདྲ་བ་དང༌། དེ་བཞིན་དུ་རྟའི་ཀོས་འདྲ་བ་དང༌། བ་ལང་གི་ཀོས་འདྲ་བ་དང༌། སྤྲེའུའི་ཀོས་འདྲ་བ་དང༌། བོང་བུའི་ཀོས་འདྲ་བ་དང༌། ཕག་གི་ཀོས་འདྲ་བ་དང༌། ཀོས་ཀོ་གཡས་སམ། གཡོན་གཅིག་པུ་ཡོད་པའི་ཀོས་སྨྱུང་བ་དང་ནི་ཀོས་ཀོ་གཏན་ནས་མེད་པ་དང༌། སོ་གླང་ཆེན་གྱི་སོ་འདྲ་བ་དང༌། དེ་བཞིན་དུ་རྟའི་སོ་འདྲ་བ་དང༌། བ་ལང་གི་སོ་འདྲ་བ་དང༌། སྤྲེའུའི་སོ་འདྲ་བ་དང༌། བོང་བུའི་སོ་འདྲ་བ་དང༌། ཕག་གི་སོ་འདྲ་བ་དང༌། སོའི་བར་མེད་པའམ་སོ་གཅིག་པུ་ཀེ་རེ་འདུག་པའི་སོ་གཅིག་པ་དང༌། སོ་གཏན་ནས་མེད་པ་དང༌། མགུལ་བ་ཧ་ཅང་རིང་ཆེས་པ་དང༌། མགུལ་པ་མེད་པར་མགོ་བྲང་ལ་འབྱར་བའི་མཇིང་ནུབ་པ་དང༌། མགོ་མདུན་དུ་གུག་པས་མིག་ཕྲག་པ་དང་མཉམ་པ་ཕྲག་མིག་དང༌། ཡང་ན་ཕྲག་པའི་ཕྱོགས་ཁོ་ན་ན་མིག་ཡོད་པའི་ཕྲག་མིག་དང་ཆེས་སྒུར་བས་མི་མཛེས་པ་དང༌། ཕོ་མཚན་ཆད་པ་དང༌། རླིག་པ་རླུང་གིས་རླུགས་པར་གྱུར་པ་དང༌། འབྲས་བུ་གཅིག་ལས་མེད་པ་རླིག་གཅིག་པ་དང༌། རླིག་པ་གཏན་ནས་མེད་པ་དང༌། ལུས་ཚད་ལས་འདས་ནས་ཧ་ཅང་རིང་བ་དང༌། ཧ་ཅང་བོལ་བུ་ཐུང་བ་དང༌། ལུས་སྐེམ་པོ་དང༌། རྩོལ་བ་
ཆུང་ངུས་ཀྱང་དབུགས་རྩེག་པ་མ་འོས་པར་ངལ་སྐྱེན་པ་དང༌། ཤ་མདོག་ཧ་ཅང་སྔོ་བ་དང༌། སེར་བ་དང༌། དཀར་བ་དང༌། དམར་བས་མི་མཛེས་པའི་ཁ་དོག་རྣམ་པ་བཞི་དང༌། ལྷའི་ཁ་དོག་མཛེས་པ་ལྟ་བུ་ནི་མ་བཀག་གོ །རྐང་པ་ཡོམ་པོའམ། ས་ལ་རྐང་འཆལ་ཞིང་འགྲོ་བའི་གྱོལ་པོ་དང༌། རྐང་པ་གཉིས་གཅིག་གི་སྟེང་དུ་གཅིག་འདོར་ཞིང་འགྲོ་བ་ཉམས་པའོ། །ལག་རྡུམ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་སྐྲ་སེར་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་གཟུང་བར་བྱའོ། །གཉིས་པ་ནི། ལྷམ་མཁན་ལ་སོགས་པ་རིགས་དང༌། ལག་རྡུམ་ལ་སོགས་པ་ལུས་ལ་སྐྱོན་ཆགས་པ་གཞན་གྱིས་རབ་ཏུ་བྱུང་བ་ནི་འཁོར་དུ་ཉེ་བར་བཞག་པར་མི་བྱའོ། །གཉིས་པ་དངོས་གཞི་མཇུག་དང་བཅས་པའི་སྤྲོས་པ་ནི། སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་ཞེས་གསུངས་པས། ལྷན་ཅིག་ཏུ་རབ་ཏུ་འབྱུང་དུ་རུང་ཡང་བསྙེན་རྫོགས་མི་རུང་ངམ། རུང་ན་བཞི་ལ་སོགས་པ་ཡང་ཅིག་ཅར་རུང་ངམ་སྙམ་ན། དཀྱིལ་འཁོར་བའི་མཚམས་ནང་གཅིག་ཏུ་བསྙེན་པར་རྫོགས་པར་འདོད་པ་དུ་མ་མཁན་པོ་གཅིག་པ་གྲངས་གསུམ་མན་ཆད་གསོལ་བཞིའི་ལས་ཀྱི་ཚིག་གཅིག་གི་ཅིག་ཅར་བསྙེན་པར་རྫོགས་པ་བྱར་རུང་ལ། མཚམས་ནང་གཅིག་པོ་དེར་བཞི་ལ་སོགས་པ་ཚིག་གཅིག་གིས་ཅིག་ཅར་བསྙེན་པར་རྫོགས་སུ་མི་རུང་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་མི་བྱ་བའི་ཕྱིར་རོ། །མཚམས་ཐ་དད་ཡིན་ན་ལས་བྱེད་པས་མཚམས་མནན་ནས་ལས་བྱས་ན། མཚམས་རེ་རེ་བསྒྲུབ་བྱ་གཉིས་གཉིས་ཏེ་བཞི་ཅིག་ཅར་བྱར་རུང་སྟེ། ཞུ་བ་ལས། བཙུན་པ་གསོལ་བ་གཅིག་དང་ལས་གཅིག་གིས་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིད་ན་ལས་ཀྱང་བགྱིས་ལ་དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མ་མཆིས་སམ། ཨུ་པ་ལི་ཡོད་དེ། ལས་བྱེད་པའི་དགེ་སློང་གིས་མཚམས་
མནན་ཏེ་འདུག་ལ་གཉིས་ནི་མཚམས་ཀྱི་ནང་དུ་བཞག །གཉིས་ནི་མཚམས་ཀྱི་ཕྱི་རོལ་ཏུ་བཞག་སྟེ་ལས་བྱས་སོ་ཞེས་གསུངས་སོ། །དུས་མཉམ་པ་དེ་དག་བསྙེན་བཀུར་གྱི་གནས་དང་གནས་མིན་པ་གང་ཞེ་ན། སྡོམ་པ་ཐོབ་དུས་མཉམ་པ་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་ཕྱག་མི་བྱ་སྟེ། ཕྱག་བྱ་བའི་ཡུལ་ནི་སྡོམ་པས་རྒན་པ་དང་དེ་བཞིན་གཤེེེགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །གྲལ་ལ་ནི། སྔར་འོངས་པ་དང་པོ་ཡིན་པས་དེ་གྲལ་མགོར་སྡོད་ལ་ལས་ལ་ནི་ཕྱིས་འོངས་པ་དེས་དང་པོར་བྱའོ། །གསུམ་པ་སྦྱོར་བའི་ཆོ་གའི་སྤྲོས་པ་ལ་གཉིས། རྟགས་ཡིན་མིན་བསྟན་པ་དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གཉིས། ལུས་ཀྱི་རྟགས། སྣོད་སྤྱད་ཀྱི་རྟགས་སོ། །དང་པོ་ལ་གཉིས། སྐྲ་དང་སེན་མོ་བྲེག་པའི་ཆོ་ག ལུས་གཙང་མས་གོས་བགོ་བའི་ཕྱིར་ཁྲུས་བྱ་བའོ། །དང་པོ་ནི། གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེག་པར་བྱའོ། །གཙུག་ཕུད་ཀྱང་བྲེག་གོ་ཞེས་སྟེར་ན་དེའོ་ཞེས་གསུང་མོད། མི་ཉམས་པར་བསྲུང་བའི་ཚེ་བྲེག་མི་དགོས་སམ་ཞེ་ན། གྲོང་གི་འདུ་འཛིས་དབེན་པའི་དགོན་པ་པས་སྐྲ་སོར་གཉིས་ལས་ལྷག་པར་མི་བཞག་གོ །སྐྲ་སྨོས་པས་ཁ་སྤུ་ཡང་གོ་བས་ཟུར་དུ་མ་སྨོས་སོ། །སོར་གཉིས་ནི་སྲིད་དུ་སོར་གཉིས་ཡིན་གྱི། དཀྲིས་པའི་སོར་གཉིས་ནི་མ་ཡིན་ཏེ། དེ་ལྟ་ན་སོར་ལྔར་འགྱུར་བའི་ཕྱིར་རོ། །གྲོང་མཐའ་པས་ནི་སོར་གཉིས་དེའི་འོག་མ་སོར་ཕྱེད་དང་གཉིས་ཉིད་ལས་ལྷག་པ་མི་བཞག་གོ། དེ་གཉིས་ཀྱི་ཁྱད་པར་ནི་འདྲེག་མཁན་དཀོན་མེད་ཀྱིས་བཞག་ལ། ཁ་ཅིག་རྟགས་འདྲེ་བ་ཤས་ཆེ་ཆུང་གི་ཡིན་ཟེར། སྐྲ་ཇི་ལྟར་བྲེག་ཅེ་ན། སྐྲ་བ་ལང་གི་སྤུ་འདྲ་བར་ཆན་པས་མི་བྲེག་གོ །དམིགས་བསལ་ནི། རྨའི་ཐན་ཀོར་ནི་མ་གཏོགས་ཏེ་ཆན་པས་བྲེག་གོ །སྐྲ་བྲེག་མོད་གཙུག་ཕུད་མི་བྲེག་གམ་ཞེ་ན། འདྲེག་མཁན་གཙུག་ཕུད་བྱེད་དུ་མི་གཞུག་གོ །ལུས་གཞན་གྱི་སྤུ་ཡང་བྲེག་གམ་ཞེ་ན། འདོམས་ཀྱི་སྤུ་བྲེག་
ཏུ་མི་གཞུག་གོ །དམིགས་བསལ་ནི། རྨའི་ཆེད་དུ་སྐབས་བཀྲུ་བ་སོགས་ཐབས་གཞན་གྱིས་མི་འཚོ་ན་སྡེ་སྣོད་འཛིན་པ་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲིས་ཏེ་འདྲེག་ཏུ་གཞུག་གོ །བྱིན་པའི་སྤུ་བྲེག་པ་ཡང་རྨ་དེའི་ཕྱིར་མ་ཡིན་པར་འདྲེག་པ་བྱེད་དུ་མི་གཞུག་གོ །འདོམས་དང་བྱིན་པ་ལས་ལུས་གཞན་མགྲིན་པ་མན་གྱི་སྤུ་ཡང་རྨའི་ཕྱིར་མིན་པར་བྲེག་པར་མི་བྱའོ། །སེན་མོ་མཐའ་དམའ་ཞིང་དབུས་མཐོ་བ་སྤུ་གྲིའི་སོ་ལྟ་བུའམ། དབུས་དང་མཐའ་མཉམ་པ་སྟེའུའི་སོ་ལྟ་བུར་བྲེག་པར་བྱའོ། །སེན་མོ་དེ་དག་མཛེས་པར་བྱ་བའི་ཕྱིར་མཚོན་གྱིས་སྤྱིལ་བར་མི་བྱའོ། །དྲི་མ་བསལ་བའི་ཕྱིར་ཅུང་ཟད་བྲུད་པར་བྱའོ། །གོས་གང་གིས་གནས་གང་དུ་ཇི་ལྟར་བྲེག་ཅིང་དོར་བར་བྱ་ཞེ་ན། ཆོས་གོས་བླ་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ། །མཐང་གོས་གྱོན་པ་བཀག་པ་མ་ཡིན་ཏེ། དེ་བཀག་ན་གཅེར་བུ་ཁོ་ན་ལ་བྲེག་དགོས་པར་འགྱུར་རོ། །སྐྲ་དང་ཁ་སྤུ་བྲེག་པའི་ཚེ་གྱོན་པའི་ཕྱིར་སྐྲ་བཟེད་བཅང་བར་བྱའོ། །སྐྲ་བཟེད་ཀྱི་ཚད་ནི། མེ་ཏོག་ཕྲེང་རྒྱུད་ལས། བསྲུང་བའི་དོན་དུ་སྐྲ་བཟེད་ནི། །རྒྱར་ནི་ཕྱེད་དང་གཉིས་ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་པ་བཅང་བར་མི་བྱའོ། །ཞེས་གསུང༌། འདི་གྱོན་པ་ཡིན་གྱི་གདིང་བའི་ཕྱིར་མ་ཡིན་ཏེ། མེད་ན་རྔུལ་གཟན་གྱིས་སོ་ཞེས་གསུངས་ལ་རྔུལ་གཟན་གདིང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྐྲ་བཟེད་མེད་ན་རྔུལ་གཟན་གྱོན་པ་ཉིད་ཀྱིས་བྲེག་གོ །རྩྭ་དང་ལོ་མ་སོགས་བཏིང་བར་ཡང་འདུག་སྟེ་སྐྲ་བྲེག་པར་མི་བྱའོ། །ཁྱམས་ལ་སོགས་པ་གང་དུ་དགེ་འདུན་ཕྱག་དར་འཕྱག་པར་ཡང་སྐྲ་སོགས་བྲེག་པར་མི་བྱའོ། །དམིགས་བསལ་ནི། སྦྱོར་མི་བཟོད་པའི་རྒན་པོ་དང་ནད་པ་དང༌། རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་འདྲེག་ཏུ་གཞུག་པར་བྱའོ། །བྲེགས་ཟིན་ནས་ཕྱོགས་དེར་ཆུས་བཏབ་པ་སོགས་བྱི་དོར་
བྱའོ། །བྲེགས་པའི་སྐྲ་ནི་གར་བབ་ཏུ་མི་དོར་བར་ཕྱག་དར་ཁྲོད་དུ་དོར་རོ། །སེན་མོ་བཅད་པ་ཡང་བཏིང་བ་ནས་དོར་བའི་བར་དེ་བཞིན་ནོ། །དགེ་སློང་མའི་སྐྲ་འདྲེག་པ་ན། དགེ་སློང་མ་དེ་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མ་གཞན་གྱིས་ཞལ་ཏ་མ་བྱས་པར་སྐྱེས་པས་དེའི་སྐྲ་མི་བྲེག་གོ །དགེ་སློང་མ་དེ་འདྲེག་མཁན་སྐྱེས་པ་ལ་ཀུན་ཏུ་ཆགས་པར་གྱུར་ན་ཞལ་ཏ་བྱེད་པ་མོས་ཆགས་པར་མི་འགྱུར་བའི་ཐབས་རྗེས་སུ་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། ཕུ་ནུ་མོ་དྲན་པ་ཚུལ་བཞིན་དུ་ཉེ་བར་ཞོག་ཅིག ཅི་རྣག་གི་ལུས་འདི་ལ་ཀུན་ཏུ་ཆགས་པར་བྱ་བའི་སྙིང་པོ་ཡོད་དམ་ཞེས་སོ། །འདྲེག་མཁན་དགེ་སློང་མ་ལ་ཆགས་པ་ལ་ནི། དགེ་སློང་མ་འདི་ལ་ན་ཚོད་དང་བསྟུན་ནས་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་ཞོག་ཅིག་ཅེས་སོ། །གཉིས་པ། ལུས་གཙང་མས་གོས་བགོ་བའི་ཕྱིར་ཁྲུས་བྱ་བ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། སྐྲ་དང་ཁ་སྤུ་བྲེག་པ་དེ་བྱས་ནས་ལུས་རིལ་ཁྲུས་བྱའོ། །དེ་མ་གྲུབ་ན་ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་བྱའོ། །གཉིས་པ་རྒྱས་བཤད་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ནི། འདོམས་ཀྱི་སྤུ་དང་ཡན་ལག་གི་རྣམ་པ་མ་གཡོགས་པའི་སྒྲེན་མོར་ཁྲུས་མི་བྱའོ། །དགེ་སློང་མས་སྐྱེས་པ་ཁྲུས་བྱེད་པའི་ཆུ་ངོགས་སུ་ཁྲུས་མི་བྱའོ། །དགེ་སློང་མས་བུད་མེད་ཀྱི་ཆུ་ངོགས་སུ་ཡང་སྐྱུ་རུ་རའི་ཕྱེ་མས་ཁྲུས་མི་བྱའོ། །ཕ་མ་གཉིས་ཀས་མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་གླ་རྩི་ལ་སོགས་པའི་དྲིས་བསྒོས་པས་བཀྲུར་རུང་ངོ༌། །ཕྱེ་མ་དྲིས་བསྒོས་པ་དེ་ནི་བླང་བར་བྱའོ། །ནད་པས་ནི་ཕྱེ་མ་སྨན་གྱིས་བསྒོས་པ་ཡང་བླང་དུ་རུང་ངོ༌། །དགེ་སློང་མས་ནམ་ཡང་བུད་མེད་ལ་ཕྱེ་མས་མི་གཏོར་རོ། །ཁྲུས་ཀྱི་ཞར་ལ་ཤམ་ཐབས་ཀྱི་མ་མཐའི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་བཅིངས་མ་མདུད་པར་སྐས་དང་ཤིང་ལ་སོགས་ལ་མི་འཛེག་གོ །དེ་ནི་འདོམས་མཐོང་བ་སྤང་བའི་ཕྱིར་རོ། །འབབ་
པ་དང་འཛེག་པ་ལས་གཞན་གྱི་དུས་སུ་ཤམ་ཐབས་ཀྱི་མཐའ་མདུད་པ་དེ་ལྟར་མི་བྱའོ། །ཁ་ཡང་འདོམས་ཀྱི་ཕྱོགས་དང་མཐུན་པས་གོས་ལ་སོགས་པས་ཁ་མ་བཀབ་པ་གླལ་ལ་སོགས་པའི་ཚེ་ཁ་གདང་བར་མི་བྱའོ། །ཁྲུས་བྱེད་པའི་ཚེ་ཁྲུས་རས་ཅི་དགར་བཅང་བར་བྱའོ། །ཁྲུས་རས་ཉིས་རིམ་ལ་ནི་སྲོག་ཆགས་དག་ཀུན་ཏུ་ཆགས་སོ། །ཊཱིཀྐར། ཀུན་ཏུ་ཞེས་སྨོས་པ་ནི་འགྲེལ་བ་བྱེད་པ་ན་རེ་གཞུང་མཛེས་པ་བསྒྲུབ་པའི་ཕྱིར་ཞེས་ཟེར་རོ། །གཞན་འདོད་བཀོད་པ་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པ་སྟེ། རང་གི་རྣམ་བཤད་ལས་ཀུན་ཏུ་ཞེས་བྱ་བ་ནི་གཞུང་མཛེས་པ་བསྒྲུབ་པའི་ཕྱིར་ཉེ་བར་བཟུང་སྟེ་ཞེས་བཤད་དོ། །ཀུན་ཏུ་ཞེས་པས་ཊཱིཀྐར། ཁོ་བོ་ནི་ཡི་གེ་ལྷག་པ་ཡོད་པའི་ཕྱིར་དོན་ཡང་ལྷག་པ་ཡོད་པར་ཤེས་པར་བྱའོ། །ཞེས་སྨྲས་ཏེ། གོས་ཉིས་རིམ་ལ་སྲོག་ཆགས་དག་ལྷག་པར་འཆགས་པར་འགྱུར་བས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་རས་ཉིས་རིམ་གྱིས་ཁྲུས་མི་བྱའོ། །ཆོས་གོས་གསུམ་པའི་ཡི་དམ་བླངས་པས་ཀྱང་ཁྲུས་རས་བཅང་བར་བྱའོ། །འོ་ན་ཆོས་གོས་བཞི་བར་འགྱུར་རོ་ཞེ་ན། ཁ་ཅིག་ན་རེ། སྐྱོན་མེད་དེ། ཆོས་གོས་ཀྱི་གཙོ་བོ་གསུམ་ཡིན་པས་ཆོས་གོས་གསུམ་པ་ཞེས་བརྗོད་པའི་ཕྱིར་ཟེར་རོ། །མཁས་པ་ཁ་ཅིག་ཆོས་གོས་གསུམ་པ་ལ་ཁྲུས་རས་སུ་མ་ཟད་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་གནང་སྟེ། འདོད་ཆུང་ཆོག་ཤེས་ཀྱིས་བཅང་དུ་རུང་བ་ཙམ་དུ་ཡང་བསྟན་པ་ཡིན་གསུངས་པ་ལ་གཞན་དག་ན་རེ། དེ་མི་འཐད་དེ། འདི་བའི་ལུགས་ཀྱི་ཁྲུས་རས་ཡོ་བྱད་བཅུ་གསུམ་གྱི་ནང་དུ་མ་གཏོགས་པ་མ་ཤེས་པའི་ཕྱིར། གཏོགས་ན་ཡོ་བྱད་བཅུ་བཞིར་འགྱུར་ཏེ། གཞུང་དུ་ཁྲུས་རས་མ་ཐེ་བ་གདོང་ཕྱིས་སོགས་བཅུ་གསུམ་གསུངས་པའི་ཕྱིར། དུལ་བ་ལྷས། ཁྲུས་རས་དང་བཅུ་གསུམ་དུ་བཤད་ཀྱང་། སློབ་དཔོན་ཡོན་ཏན་
འོད་མི་བཞེད་དེ། གོས་གཞིར་དེ་མ་གཏོགས་པ་བཅུ་གསུམ་རང་རང་གི་མིང་གིས་སྨོས་པའི་ཕྱིར། དེས་ན་ཆོས་གོས་གསུམ་པས་ཡོ་བྱད་བཅུ་གསུམ་པོ་འཆང་དུ་རུང་བ་ལ་ཐེ་ཚོམ་མེད་ཀྱི། ཁྲུས་རས་དེར་མ་གཏོགས་པས་འཆང་དུ་མི་རུང་ངམ་སྙམ་དུ་ དོགས་པ ་བསལ་བའི་ཕྱིར་མདོ་འདི་བྱས་སོ། །ཆོས་གོས་གསུམ་པ་ཞེས་པ་འདོད་ཆུང་ཆོག་ཤེས་ཀྱི་དོན་དུ་བླ་གོས་ལ་སོགས་པ་ལྷག་པོ་རུང་བ་བྱས་པའི་སྒོ་ནས་མི་འཆང་པ་ཡིན་གྱི། མཁོ་བའི་ཡོ་བྱད་བཅུ་གསུམ་པོ་གཞན་མི་འཆང་བ་མ་ཡིན་ནོ། །ཞེས་ཟེར་རོ། །ཁྲུས་རས་མེད་ན་མདུན་དང་རྒྱབ་ནས་སྦ་བའི་གནས་རྣམས་ལོ་མ་དག་གིས་ཀླན་ལ་སྐྱེ་བོ་གཞན་གྱིས་དབེན་པའི་ཕྱོགས་སུ་ཁྲུས་བྱའོ། །ཁྲུས་རས་ཆིག་རྐྱང་ལ་སྲོག་ཆགས་ཆགས་ན་ཆུས་བཤལ་བས་མེད་པར་འགྱུར་རོ། །ཁྲུས་དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུ་བྱའི་གཞན་དུ་མི་བྱའོ། །ལྷུང་བཟེད་སོགས་བཀྲུས་པའི་བཙོག་ཆུ་ཡང་སྟོར་ཁུང་དུ་དབོ་བར་བྱའོ། །ཁྲུས་ཀྱི་ཆེད་དུ་ཁང་པ་ལོགས་སུ་བྱའོ། །ཁྲུས་ཁང་དེར་འོག་ཏུ་སོ་ཕག་གི་གཅལ་དགྲམ་མོ། །ཕྱི་རོལ་ཏུ་ཆུ་འགྲོ་བའི་ཕྱིར་དུ་དེ་ལ་སྟོར་ཁུང་གདོད་དོ། །རྫབ་ཀྱི་ལྗན་ལྗིན་བསལ་བར་བྱའོ། །སྟོར་ཁུང་དུ་ཁྲུས་བྱེད་ན་ཁྲུས་ཁང་དུ་རྫབ་མི་འབྱུང་ངོ༌། །སོ་ཕག་གི་དུམ་བུས་དྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་དྲུད་པར་མི་བྱའོ། །སོ་ཕག་གི་དུམ་བུ་དེ་ནི་གྲི་སོགས་རྣོན་པོ་དང༌། རྒྱ་མཚོའི་དབུ་བ་སོགས་བཞར་སྤྱད་གཉིས་ཀྱིས་མཚོན་པའི་དཔེ་ཡིན་པས་དེ་དག་གིས་ཀྱང་མི་དྲུད་དོ། །ཉ་ཕྱིས་ནི་མེས་སྦྱངས་ཏེ་མི་རྩུབ་པར་བྱས་ནས་དྲུད་པར་བྱའོ། །དགེ་སློང་མས་ནི་ཁྲུས་སམ་གཞན་གྱི་ཚེ་ལུས་ཀྱི་ཆ་གང་དུ་ཁུ་ཚུར་དག་དང་གོས་དྲིལ་བ་དག་ཡན་ཆད་གང་གིས་ཀྱང་དྲུད་པར་མི་བྱའོ། །བུད་མེད་ནི་འདོད་ཆགས་ཤས་ཆེ་བས་རྐྱེན་དེས་ཉོན་མོངས་པའི་འགྱུར་བ་བསྐྱེད་པ་སྤང་པའི་ཕྱིར་རོ། །ཁྲུས་བྱས་ནས་ཆོས་གོས་གཤེར་བར་འགྱུར་བའི་
ཆུའི་ཐིགས་པ་དང་མ་བྲལ་བར་ཆོས་གོས་དག་བགོ་བར་མི་བྱའོ། །ཆུ་ཐིགས་མ་སྐམ་གྱི་བར་དུ་བསྡད་ལོང་མེད་ན་ལུས་ཕྱིས་བཅང་བར་བྱའོ། །ལུས་ཕྱིས་མེད་ན་ཡུད་ཙམ་ཞིག་ཆུ་ཐིགས་མྱུར་དུ་འབྲུལ་བའི་ཕྱིར་དུ་ཙོག་པུར་འདུག་ལ་དེ་ནས་ཁྲུས་རས་ཀྱིས་ལུས་ཕྱིས་ཏེ་ཆོས་གོས་བགོ་བར་བྱའོ། །གཉིས་པ་ཞར་བྱུང་ལ་གཉིས། བསྲོ་ཁང་བསྟེན་པ། ལེགས་སྦྱར་གྱི་ཁྲུས་བསྟེན་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ལུས་བསྲོ་ཞིང་བ་སྤུའི་བུ་ག་སྣུམ་གྱིས་གང་བར་བྱེད་པའི་བསྲོ་ཁང་བསྟེན་པར་བྱ་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། མ་མོ་ལས། དུགས་ཁང་ལ་ཡོན་ཏན་ལྔ་སྟེ། རྡུལ་དང་དྲི་མ་འབྱང་བ་དང༌། པགས་པ་མདངས་གསལ་པ་དང༌། པགས་པ་ལ་ནད་ཡོད་པ་རྣམས་འབྱིན་པ་དང༌། རླུང་དང་བད་ཀན་རྣམས་མེད་པར་བྱེད་པ་དང༌། དུགས་ཁང་ནི་ནད་མེད་པར་བྱེད་པའོ། །ཡང་སྔ་མ་བཞིའི་སྟེང་དུ་དུགས་ཁང་དུ་སྐྱོ་བ་བསྐྱེད་པར་བྱའོ་ཞེས་སོ། །འདི་ནི་རེག་བྱ་བསྟེན་པ་བཀག་གམ་སྙམ་པ་བསལ་བའི་ཕྱིར་གནང་བའོ། །གཉིས་པ་རྒྱས་བཤད་ནི། བསྲོ་ཁང་གི་ཁང་པ་གང་དུ་བྱ་ཞེ་ན། བསྲོ་ཁང་གི་ཁང་པ་བྱ་བ་ནི་གྲམས་ས་ཆེ་བར་བཟང་སྟེ། དེར་རླན་ཆུང་བའི་ཕྱིར་རོ། །དུ་བ་མི་འཐུམས་པའི་ཕྱིར་དུ་ཁང་པ་དེའི་དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་བྱ་སྟེ། དམའ་ན་དུ་བ་སངས་དཀའ་ལ་མཐོས་ན་མུན་པར་འགྱུར་བའི་ཕྱིར་རོ། །སྐར་ཁུང་དེར་བྱེའུ་སོགས་མི་འོང་བའི་ཕྱིར་དུ་སྐར་ཁུང་དྲ་བ་ཅན་དང༌། སྲོག་ཆགས་ཕྲ་མོ་དང་རླུང་དགག་པའི་ཕྱིར་དུ་ཤིང་ལེབ་ལ་བྱས་པའི་སྒོ་གླེགས་དང༌། དེ་བཅད་པའི་ཐབས་འཁོར་གཏན་ནི་སྒོ་གླེགས་ཀྱི་དཀྱིལ་གྱི་ཕྱོགས་སུ་ཤིང་ཁྲུ་གང་ཙམ་གདགས་ཤིང༌། སྒོ་སྐྱེས་ལ་དེ་གཞུག་པའི་གཟུངས་གཏོད་དེ། ཤིང་དེ་འཁོར་ལོ་བཞིན་བསྐོར་ནས་གཟུངས་དེར་འཇུག་པ་དང༌། སྒོའི་ཡ་ཕུབས་ལ་བཏགས་པའི་གནམ་
གཟེར་དང༌། རྩིག་པའི་སྦུབས་སུ་འཇུག་པའི་ཤིང་རིང་པོ་འཕྲེད་གཏན་དང་བཅས་པ་གཞུག་གོ །འཕྲེད་གཏན་འཇུག་པ་དང་འབྱིན་པའི་ཐབས་དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་གོ །བསྲོ་ཁང་གི་སྒོར་སྒོ་གླེགས་དང་དེ་བཅད་པའི་ཐབས་སྒོ་གཏན་དང༌། ཕྱིར་འདྲེན་པར་བྱེད་པ་ལྕགས་ལས་བྱས་པའི་ཡང་མིག་དང༌། ནང་དུ་འདྲེན་པ་ལག་གཟུངས་རྣམས་ལེགས་པར་བྱའོ། །ཆུ་དྲོན་བཞག་པའི་ཕྱིར་དུ་བསྲོ་ཁང་གི་ནང་གི་ཕྱོགས་སུ་བཞག་སྟེགས་བྱའོ། །བདེ་བར་གནས་པའི་རྐྱེན་མེ་བུད་པའི་གནས་ཀྱི་སར་འོག་ཏུ་སོ་ཕག་གི་གཅལ་གཞུག་པར་བྱའོ། །མེ་མི་འཆི་བར་བྱ་བའི་ཕྱིར་དུ་བཟླུམ་པོར་བྱས་ཏེ་སྦ་བར་བྱའོ། །མེ་སྦ་བ་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་ནལ་ཟེ་བཅང་བར་བྱའོ། །བསྲོ་ཁང་དུ་མེ་འབར་བ་ན་མེ་འབར་བའི་དུགས་ཀྱིས་མི་སྨྱ་བ་མི་འཁྲུག་པར་བྱ་བའི་ཕྱིར་ནང་དུ་འཇུག་པ་བསྡད་པར་བྱའོ། །མེས་བརྒྱལ་བའི་བོག་པ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཡུངས་མར་དུ་བསྲེས་པ་དག་མེར་བླུགས་སོ། །དེ་དྲི་མི་ཞིམ་པ་ཉིད་བསལ་བའི་ཕྱིར་བདུག་སྤོས་མེར་བླུགས་སོ། །བསྲོ་ཁང་དུ་དུད་པས་མཆི་མ་འཛག་ན་ནས་ཀྱིས་བག་ཟན་གྱིས་མཆི་མ་བཅད་དོ། །སྐྱུ་རུ་རའི་ཕྱེ་མ་བགྲུས་པ་མཉེན་པོར་གྱུར་པའི་ཆང་བུས་ཀྱང་མཆི་མ་བཅད་དུ་རུང་ངོ༌། །བསྲོ་ཁང་དེར་རྩྭ་བམ་གཤིབས་པའི་སྟན་གདིང་ངོ༌། །རྐང་པ་ས་ལ་བཞག་པ་ན་རྡུལ་གྱིས་གོས་པས་བསྲོ་ཁང་གི་ས་གཞིར་སྐྱེ་བ་ཉིད་ཀྱིས་སམ་སྦངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ། །གཡན་པ་ཕྲུགས་པའི་ཆེད་དུ་ལྕགས་ལས་བྱས་པའི་ཕྲུགས་སྤྱད་གཟར་ཆུང་བྱའོ། །རྫས་ཀྱི་བླ་ཁང་སྐྱོང་གིས་ཕྲུགས་སྤྱད་དེ་ལུང་མིག་ནས་ཐ་གུས་བཏགས་ཏེ་དབེན་པར་བཞག་གོ །དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་བསྲེགས་པས་རུང་བར་བྱའོ། །བསྲོ་ཁང་དེར་དགེ་སློང་གིས་ཁྲུས་མི་བྱའོ། །འོ་ན་གང་དུ་ཁྲུས་བྱ་ན། ཁྲུས་དེའི་ཆེད་དུ་ཁྲུས་ཁང་བྱའོ། །ཁྲུས་ཆུ་ལྡུགས་པར་བྱེད་པའི་དགེ་སློང་གི་ཆོས་
གོས་དག་ཆུས་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་སྒྲོན་པའི་ཁྲུས་དོང་བྱས་པར་ཞུགས་ནས་ཁྲུས་བྱའོ། །ཁྲུས་ཁང་དེ་ལ་ཕྱི་རོལ་ཏུ་ཆུ་འགྲོ་བའི་ཕྱིར་དུ་སྟོར་ཁུང་གདོད་དོ། །ཁྲུས་ཆུ་ཧ་ཅང་ཚ་བས་བརྣགས་མི་བཟོད་ན། དགེ་སློང་ཕྱི་མ་རྣམས་ལ་ཆུ་ཧ་ཅང་ཚའོ་ཞེས་སྦྲན་པར་བྱའོ། །ཆུ་ཚ་བ་དེར་ཆུ་གྲང་མོས་བསྲེའོ། །བཀྲུ་བཤལ་དང་ཆག་ཆག་གི་ཆུ་ལ་སོགས་པར་ཡང་ཚ་ན་གྲང་མོས་བསྲེའོ། །ཁྲུས་ཁང་དེར་ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། །སྔར་དྲོ་དུས་ཀྱི་ཁྲུས་ཆོག་བསྟན་ལ། སྐབས་འདིར་དགུན་གྲང་དུས་ཀྱི་ཁྲུས་ཆོག་བསྟན་ནོ། །དེས་ན་བསྲོ་ཁང་ནི་དགུན་ཁྲུས་ཀྱི་ཆུ་བསྲོ་བ་དང་ཁྲུས་བྱས་པའི་མཇུག་ཏུ་གྲང་བ་བསལ་བའི་ཕྱིར་མེ་ལྡེ་བའི་དོན་དུ་གནང་ངོ༌། །དེའི་ཕྱིར་ཚ་བའི་དུས་ནི་དགེ་སློང་གིས་འཇུག་ངོགས་གང་ཡང་རུང་བར་ཁྲུས་བྱ་ལ། དགུན་གྱི་དུས་སུ་བསྲོ་ཁང་དང་འབྲེལ་བའི་ཁྲུས་ཁང་དུ་ཁྲུས་བྱ་བར་བསྟན་ནོ། །གལ་ཏེ་བསྲོ་ཁང་དུ་ཞུགས་པས་ཉམས་སྨས་པར་གྱུར་ན། ཁྱེའུ་སུས་གྲོ་བར་བཟའ་འོ། །བསྲོ་ཁང་དུ་ཞུགས་པ་ན་དགེ་སློང་རྣམས་ཆ་ལུགས་དང་བྲལ་བས་ཀུན་ཏུ་རྒྱུ་ལ་སོགས་པ་བསྲོ་ཁང་དེར་ངོ་མི་ཤེས་པ་འགའ་ཞིག་ཁོ་བོ་ཁྱེད་ཅག་ལས་གང་རུང་ཡིན་ནོ་ཞེས་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་བསྲོ་ཁང་དེར་གནས་པར་གཏོགས་པའི་དགེ་སློང་རྣམས་ཀྱིས་ཤན་བསྲེ་བ་དེ་ངེས་པར་ཤེས་པར་བྱ་བའི་ཕྱིར་ཁྱོད་སུ་ཡིན་ཞེས་དྲི་བར་བྱ་ཞིང་ནང་དུ་མ་ཞུགས་པ་འཇུག་འདོད་པ་ལ་དྲི་བར་བྱ་བ་དེའི་ཆེད་དུ་དགེ་སློང་སྒོ་བ་བསྐོའོ། །གང་གི་ཕྱིར་བསྐོ་ན་གཞན་དེར་མི་འཇུག་པར་བྱ་བའི་ཕྱིར་རོ། །བསྐོས་པ་དེས་བསྲོ་ཁང་དེར་ཁྱིམ་པ་མ་དད་པ་འཇུག་ཏུ་མི་གཞུག་གོ །བསྲོ་ཁང་དེར་བསྐུ་མཉེ་སོགས་བྱི་དོར་གྱི་ལས་ནི་རང་གི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ། །གཞན་མ་མོ་ལས་ནི་གཞོན་
རབས་དག་གིས་བྱའོ། །ཞེས་སོ། །བྱི་དོར་གྱི་ལས་ཀྱི་ངོ་བོ་ནི་མེ་སྦར་བ་དང་ཟངས་དང་འབྲུ་མར་དང་སོ་ཤིང་དང་བ་ལང་གི་ལྕི་བ་དང༌། ས་དང་ཕྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་བཞག་པ་དང༌། ཤིང་བརྟག་པ་དང་དྲིལ་ཕྱི་དང་སྣུམ་གྱིས་བསྐུ་བ་དང་འཕྱག་པ་དང་ཕྱག་དར་དོར་བ་ལ་སོགས་པའོ། །ལྷན་ཅིག་གནས་པ་ལ་སོགས་པ་དེ་དག་གི་བྱི་དོར་གྱི་ལས་ནི་ཕན་ཚུན་གཅིག་གིས་གཅིག་ལའོ། །ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བསྲོ་ཁང་དེར་ཁྲིའུ་དང་ཉ་ཕྱིས་སོགས་སྣོད་སྤྱད་དག་ཀྱང་གཙང་སྦྲ་ཉིད་བྱས་ནས་རང་རང་གི་གནས་ཇི་ལྟ་བར་གཞག་གོ །བུམ་པ་དང་རས་ལ་སོགས་པའི་སྣོད་སྤྱད་ཐམས་ཅད་ལ་ཆོ་ག་དེ་བཞིན་དུ་གཙང་སྦྲ་བྱས་ནས་རང་རང་གི་གནས་ཇི་ལྟ་བར་གཞག་གོ །གང་ཟག་དང་དགེ་འདུན་གྱི་ཡོ་བྱད་ཐམས་ཅད་ལ་དབེན་པར་བཞག་པ་ལ་སོགས་པས་ལེགས་པར་སྦ་བ་དང་བསྐམ་པ་དང་བཀྲུ་བ་ལ་སོགས་པ་བྱི་དོར་བྱའོ། །བསྲོ་ཁང་དེར་འཇུག་པའི་ཚེ་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ། །མཛེས་ཤིང་འོ་བཟེ་བར་འཇུག་པར་བྱའོ། །མཛེས་པ་ཇི་ལྟ་བུ་ཞེ་ན། ལུས་ངག་མི་གཡེང་བར་ལེགས་པར་བསྡམས་པ་དང༌། འཇུག་ལྡོག་གི་སྤྱོད་ལམ་མཛེས་པ་དང༌། སེམས་ཉེ་བར་ཞི་བ་ཤེས་བཞིན་དུའོ། །གཞན་མེ་ལྡེ་བའི་མདུན་དུ་འདུག་སྟེ་མི་ལྡེའོ། །ནང་དུ་ཞུགས་པ་ན་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་འདུ་འཛིའི་གཏམ་སྤང་ངོ༌། །འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། འཕགས་པའི་མི་སྨྲ་བ་མི་རྟག་སོགས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་དམིགས་པས་འདུག་གོ །བསྲོ་ཁང་གི་བྱ་བ་ཐམས་ཅད་རྫོགས་པའི་མཇུག་ཏུ་སྟོན་པ་ལ་ཕྱག་འཚལ་བ་དང༌། མདོ་འདོན་པ་དང༌། བསྔོ་བ་སྟེ་རྒྱུད་ཆགས་གསུམ་པ་གདོན་ནོ། །སངས་རྒྱས་ཀྱིས་མ་བཀག་ཅིང་གནང་བའི་གོས་གང་རུང་ཞིག་ཁོ་ན་གྱོན་པས་བྱི་དོར་ཐམས་ཅད་མི་བྱ་བ་ཡིན་གྱི་ལུས་འབའ་ཞིག་གིས་མིན་ལ་གནས་ཐམས་ཅད་དུ་ཡིན་གྱི་བསྲོ་ཁང་
འབའ་ཞིག་ཏུ་མིན་ནོ། །བཀག་པའི་གོས་གཉིས་གྱོན་པས་མི་བྱའོ། །ལུས་ཀྱི་བྱི་དོར་གྱི་ལས་དེ་མ་དད་པ་བྱེད་དུ་མི་གཞུག་གོ །འོ་ན་དད་པ་དང་ལྡན་པ་དེ་གང་ཞེ་ན། དད་པ་ཡོད་ཙམ་མ་ཡིན་གྱི། བྱི་དོར་གྱི་ལས་འདི་དང་གོང་མ་དེར་མ་དད་པ་མི་གཞུག་གོ །ཞེས་པ་ལ་ཡང་དད་པ་བརྟན་ཞིང་མི་གཡོ་བ་ནི་དད་པ་ཅན་དུ་འདོད་དོ། །ངོ་ཚ་མེད་པ་སྡིག་བྱེད་པ་ཁ་ཅིག་ཚུལ་ཁྲིམས་འཆལ་ཀྱང༌། མཁས་པ་དང་རྒན་པའི་ང་རྒྱལ་གྱིས་ཚུལ་ཁྲིམས་དང་ལྡན་པ་ལས་བསྙེན་བཀུར་བདག་གིར་བྱེད་པ་སྲིད་པས་དེ་དགག་པ་ནི། སེང་གེ་ལྟ་བུ་ཚུལ་ཁྲིམས་དང་ལྡན་པས་ལྦ་ལྟ་བུ་ཚུལ་ཁྲིམས་འཆལ་བ་ལ་བསྙེན་བཀུར་མི་བྱའོ། །ཚུལ་ཁྲིམས་དང་ལྡན་པ་ནི་སེང་གེ་ལྟ་བུ་ཡིན་ཏེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པས་མི་ཐུབ་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་བ་ནི་ལྦ་ལྟ་བུ་ཡིན་ཏེ། ཁྱི་ལྟ་བུ་ཉོན་མོངས་པས་ཕམ་པར་བྱས་པའི་ཕྱིར་རོ། །དཀོན་བརྩེགས་ལས། ཚུལ་ལྡན་དང་སེངྒེ་ལ་འདྲ་ཆོས་བཞི་སྟེ་མི་གཙང་བའི་ཁུང་དུ་མི་འཇུག །དེར་མི་གཞོལ། འཚོ་བ་གཙང༌། གཅན་གཟན་ཕྲ་མོས་ཕམ་པར་མི་ནུས་པའོ། །ཚུལ་འཆལ་དང་ལྦ་ལ་འདྲ་ཆོས་བཞི་སྟེ། མི་གཙང་བའི་ཁུང་དུ་འཇུག །དེར་གཞོལ། འཚོ་བ་མི་གཙང༌། གཅན་གཟན་ཕྲ་མོས་ཕམ་པར་ནུས་པའོ། །ཞུ་བ་ལས་ཚུལ་ལྡན་གྱིས་ཚུལ་འཆལ་ལ་ཤེས་བཞིན་དུ་སོ་ཤིང་སྟོབ་པ་འདག་རྫས་སྟོབ་པ་སོགས་བྱེད་ན་ལོ་སྟོང་ཕྲག་དགུ་བཅུར་དམྱལ་བར་སྐྱེ་བ་དང༌། ཚུལ་འཆལ་དང་ལྷན་ཅིག་སྐྱ་རེངས་མ་ཤར་གྱི་བར་དུ་ཉལ་ན་ལོ་སྟོང་ཕྲག་དགུ་བཅུ་དང༌། སྐྱ་རེངས་ཤར་གྱི་བར་དུ་ཉལ་ན་ལོ་བྱེ་བ་ཕྲག་བཞི་བཅུར་དམྱལ་བར་སྐྱེ་བར་གསུངས་སོ། །ཚུལ་འཆལ་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐོང་ཐོས་དོགས་གསུམ་གྱི་ཤེས་པར་བྱའོ། །དེའི་དམིགས་བསལ་ནི། སློབ་དཔོན་དང་མཁན་པོ་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ཕམ་པ་བཞི་ཅར་
བྱུང་བའམ་ལྟུང་བ་སྡེ་ལྔ་ཅར་བྱུང་བ་ལ་ཡང་བསྙེན་བཀུར་བྱ་སྟེ། དེ་གཉིས་ནི་བསྟན་པ་ལ་འཇུག་པའི་སྒོར་གྱུར་པ་ཡིན་པའི་ཕྱིར་དང༌། སྡོམ་པ་སྐྱེ་བ་དང་ལེགས་པར་བསྲུང་བ་དང་ཆོས་ཁོང་དུ་ཆུད་པའི་རྒྱུ་ཡིན་པས་ཤིན་ཏུ་དྲིན་ཆེ་བའི་ཕྱིར་རོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་བསྙེན་བཀུར་བྱ་སྟེ། ཕ་མ་ནི་ཕན་འདོགས་ཀྱི་ཞིང་ཡིན་པའི་ཕྱིར་དང༌། ནད་པ་ནི་སྙིང་རྗེའི་ཞིང་ཡིན་པའི་ཕྱིར། དཀོན་མཆོག་གསུམ་པོས་ཀྱང་བསྙེན་བཀུར་བྱའོ། །ཕྲན་ཚེགས་ལས། གང་ནད་པ་ལ་རིམ་གྲོ་བྱེད་པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཡང་ངོ་ཞེས་པ་རབ་ཏུ་བྱུང་བ་ཡིན་ན་ལྟ་ཅི་སྨོས་ཞེས་པའོ། །དེ་བཞིན་ཡུལ་ཁྱད་པར་ཅན་གཞན་ལའང་རུང་ངོ༌། །གཉིས་པ་ལེགས་སྦྱར་གྱི་ཁྲུས་བསྟེན་པ་ནི། ན་མི་ན་ཐམས་ཅད་ཀྱིས་ལེགས་པར་སྦྱར་པའི་ཁྲུས་ཀྱིས་བཀྲུའོ། །ལེགས་སྦྱར་གྱི་ཁྲུས་ཀྱི་ངོ་བོ་གང་ཞེ་ན། རླུང་ལ་སོགས་པ་འདྲེན་པར་བྱེད་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་ལེགས་སྦྱར་གྱི་ཁྲུས་དེའི་མིང་ཡིན་ནོ། །དེ་འབའ་ཞིག་གིས་བཀྲུའམ་ཞེ་ན། འབྲུ་མར་ལ་སོགས་པས་བསྐུ་མཉེ་བྱས་ནས་ཕྱིས་བཀྲུ་སྟེ་མི་རྩུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མི་རྩུབ་པའི་ཕྱིར་བསྐུ་མཉེ་བྱས་པ་དེ་དང་བྲལ་བའི་ཕྱིར་སྲན་ཆུང་གི་ཕྱེ་མ་ལ་སོགས་པ་ཁྲུས་ཆལ་གྱིས་ལུས་བཀྲུས་ཏེ་ཁྲུས་བྱའོ། །ཁྲུས་ཆལ་གྱིས་ལུས་བཀྲུས་ན་རྩུབ་པར་མི་འགྱུར་རམ་ཞེ་ན། སྔ་མ་མི་རྩུབ་པའི་ཆེད་དུ་ཕྱིས་ལྡུགས་པའི་ཆུའི་བུམ་པ་ཕྱི་མར་འབྲུ་མར་ལ་སོགས་པའི་སྣུམ་ཐིགས་པ་གཉིས་སམ་གསུམ་བླུགས་སོ། །གང་དུ་ཁྲུས་བྱ་ན་ལྕགས་ཀྱི་གཞོང་རིང་གྲུ་ཆུང་ངུའི་རྣམ་པ་འདྲ་བར་ཁྲུས་བྱའོ། །དེ་ནི་ཁྲུས་རས་བཞིན་དུ་ཐམས་ཅད་ཀྱིས་མི་བཅང་བར་ནད་པ་འབའ་ཞིག་གིས་བཅང་བར་བྱའོ། །ཆུ་དྲོན་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ལྕགས་ཀྱི་གཞོང་རིང་དེའི་སྟེང་དུ་ཁ་གབ་གཞུག་གོ །ཡུན་རིང་གནས་པ་
གཉའ་བ་མིན་པའི་ཕྱིར་དུ་ལྕགས་ཀྱི་གཞོང་རིང་དེའི་གཉའ་བའི་ཕྱོགས་སུ་སྔས་ནང་ཚངས་ཅན་གཞུག་གོ། ཁྲུས་བྱས་པའི་མཇུག་ཏུ་གཙུག་ལག་ཁང་གི་གར་བབ་བབ་ཏུ་རྐང་པ་མི་བཀྲུའོ། །གང་དུ་བཀྲུ་ན་རྐང་པ་བཀྲུ་བ་དེའི་གནས་ནི་ལྦ་ཁར་རོ། །རྐང་ཁྲུས་ཀྱི་གཞི་བྱའོ། །གང་དུ་བྱ་ན། གཙུག་ལག་ཁང་གི་སྟེང་ཡང་ཐོག་གི་སྒོ་ལ་ལྟོས་པའི་ཤར་ལྷོའི་མཚམས་སུའོ། །རྣམ་པ་ཇི་ལྟ་བུ་བྱ་ན། རུས་སྦལ་གྱི་རྒྱབ་ཀྱི་རྣམ་པ་འདྲ་བ་རུད་རུད་པོ་རྩུབ་པར་རོ། །བདེ་བར་གནས་པར་བྱ་བའི་ཕྱིར་རྐང་ལག་བཀྲུ་བའི་སྣོད་ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ། །ཁ་ཅིག་ས་ལས་བྱས་པ་ཞེས་སྨོས་པས་ཟངས་ལས་བྱས་པ་བཀག་གོ་ཟེར་བ་མི་འཐད་དེ། དེ་ལྟར་ན་ཤིང་ལས་བྱས་པ་སོགས་ཀྱང་བཀག་པར་འགྱུར་བས་ས་ལས་བྱས་པ་ཁོ་ན་ཞེས་སྨོས་རིགས་པར་འགྱུར་རོ། །དེས་ན་གསེར་ལས་བྱས་པ་སོགས་བཀག་གི །ཟངས་དང་ལྕགས་ལས་བྱས་པ་མ་བཀག་གོ །ཆོལ་ཟངས་དབྱིབས་ཇི་ལྟ་བུ་བྱ་ཞེ་ན། ཆོལ་ཟངས་དེ་མི་ལྡོག་པར་བྱ་བའི་ཕྱིར་དུ་ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་མཉམ་ལ་དབུས་སྙིང་པོ་ཅན། སྙིང་པོ་དེ་ནང་གི་དབུས་ན་ཡོད་པ་ཀ་དམ་པའི་མེ་ཏོག་འདྲ་བ་ལྕོག་ལྕོག་པོར་འདུག་པ་ལ་རྩུབ་པ་རུད་རུད་པོ་དང་ལྡན་པའོ། །རྐང་པ་བཀྲུས་པའི་རྗེས་ལ་ཆུ་གཞན་གྱིས་བཀྲུས་ནས་ཁ་སྦུབ་ཏུ་གཞག་གོ །ཕྱོགས་གང་དུ་གཞག་ན་དགེ་འདུན་གྱི་ཆོལ་ཟངས་ནི་ཁང་ཐོག་ཏུའོ། །གང་ཟག་གི་ཆོལ་ཟངས་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ། །གཙུག་ལག་ཁང་ཉམས་པ་སྤང་བའི་ཕྱིར་དུ་གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་ལ་སོགས་པ་བྱས་པ་དེར་ཆུས་བྱུག་གོ །ཡང་ན་རྣམ་པ་གཞན་གྱིས་བསྐུའོ། །རྣམ་པ་ཇི་ལྟར་བསྐུ་ཞེ་ན། མདུང་རྩེའི་རྣམ་པ་ལྟ་བུའམ། རྫ་རྔའི་རྣམ་པ་ལྟ་བུར་རོ། །ཟླུམ་པོ་དང་ཟླ་གམ་བཀག་གོ །གང་གིས་བསྐུ་ན་བ་ལང་
གི་ལྕི་བའམ་འཇིམ་པས་སོ། །དཀོན་མཆོག་མཆོད་པའི་དོན་དུ་ལྕི་བ་སོགས་ཀྱིས་བསྐུ་བ་ལ་ནི་དབྱིབས་ཀྱི་རྣམ་པ་ངེས་པ་མེད་དོ། །གཉིས་པ་སྣོད་སྤྱད་ཀྱི་རྟགས་ལ་ལྔ། མཚན་ཉིད་དང་ལྡན་པའི་ལྷུང་བཟེད་མེད་དུ་མི་རུང་བ་དམིགས་བསལ་དང་བཅས་པ། ལོག་པར་ལོངས་སྤྱོད་པ་དགག་པ། གཞག་པའི་གནས་དང་གནས་མིན་པ་བསྟན་པ། བསྐུར་བ་དང་མི་བསྐུར་བའི་ཚུལ། གུས་པ་བསྐྱེད་ཅིང་བཅོས་ལེགས་བྱ་བའོ། །དང་པོ་ནི། ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ལྷུང་བཟེད་ཚད་ལས་ཆུང་ངུ་དང་ཚད་ལས་ཆེན་པོ་དང་ཁ་དོག་སྐྱ་བས་ཀྱང་རབ་བྱུང་བསྙེན་རྫོགས་མི་བྱའོ། །འོ་ན་ལྷུང་བཟེད་ཀྱི་ཚད་གང་ཞེ་ན། ཤོང་བ་དེ་ནི་རིགས་པ་ཡིན་ནོ། །གང་དུ་ཤོང་བ་རིགས་ཤེ་ན། ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་མཆུའམ་མུ་ཁོ་ན་ནས་གཞལ་བའི་མཐེ་བོའི་ལྟོ་གང་སྟེ། མཐེ་བོའི་ཚིགས་ཀྱི་ཕྱོགས་གཅིག་ནས་བརྩམས་ཏེ་ཚིགས་ཀྱི་ཕྱོགས་གཅིག་གི་བར་ཏེ། དེ་ཡང་ལྟོ་ནས་དཀྲིས་པའི་ཞེང་ཚད་དེ། རྣམ་ཊཱིཀ་ཏུ། མཐེ་བོའི་ཞེང་ཚད་ཀྱི་སོར་གཅིག་ཅེས་དང༌། གཞི་ཊཱིཀ་ཏུ། མཐེ་བོའི་སོར་གཅིག་སྟེ། མཐེ་བོའི་ཚིགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ་ཚིགས་དེ་ཉིད་ཀྱི་ཕྱོགས་གཅིག་གི་བར་དུ་ལྟོ་རོལ་ནས་གཞལ་བ་ཞེས་དང༌། ཤེས་རབ་བྱེད་པར། མཐེ་བོའི་སོར་གཅིག་ཅེས་དང༌། བམ་ལྔར། མཐེ་བོ་སོར་གཅིག་སྟེ་མཐེ་བོའི་ཚིགས་དང་པོའི་ཟུར་ཡ་གཅིག་ནས་ལྟོ་རོལ་དུ་དཀྲིས་ཏེ་ཟུར་ཡ་གཅིག་ལ་ཐུག་པའོ་ཞེས་དང༌། གོས་གཞིར། མཐེབ་སོར་དང༌། མཐེ་བོའི་ལྟོ་གང་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །དེས་ན་མཐེབ་སོར་གཅིག་གི་ལྷག་མ་སྨད་ཀྱི་ཆར་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །གང་ཤོང་བ་རིགས་པ་ཡིན་ཞེ་ན། འབྲས་འཕེལ་པོའམ་མཐུག་པོ་ཆེ་སྐམ་པོ་ཡུལ་མ་ག་དྷ་དབུས་འགྱུར་འཆང་གི་བྲེའུ་ཆུང་གང་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །བྲེའུ་ཆུང་གི་ཚད་གང་ཞེ་ན། ཊཱིཀྐ། བམ་ལྔ།
རྣམ་ཊཱིཀྐ། གཞི་ཊཱིཀ་རྣམས་སུ་མ་ག་དྷའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷའི་སྲང་བཅུ་དྲུག་སྟེ། མ་ག་དྷའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །བོད་ཀྱི་སྲང་ཚད་དུ་བརྩི་ན་ནི་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩིས་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ་ཞེས་བཤད་དོ། །དེ་དྲུག་ཕུལ་ནི་དོ་ཡིན་ཏེ། ཊཱིཀྐར། ཕུལ་གང་ལ་ནི་དབུས་ཀྱི་སྲང་བརྒྱད་ཀྱི་ཚད་དོ་ཞེས་དང༌། ཕྲན་ཚེགས་ཊཱིཀྐར། དྲུག་ཕུལ་ནི་སྲང་བརྒྱད་ཤོང་བ་ཡིན་ལ་ཞེས་སོ། །དེ་འབའ་ཞིག་ཤོང་བ་རིགས་སམ་ཞེ་ན། བཙོས་པ་ན་སུམ་འཕེལ་དུ་གྱུར་པ་ཤོང་བ་དེ་རིགས་པ་ཡིན་ནོ། །བམ་ལྔར། འབྲས་དྲུས་པ་སྐམ་ནི་ཆན་དུ་བཙོས་ན་སུམ་འགྱུར་དུ་བརྩིའོ་ཞེས་སོ། །དེ་ཡང་བོད་ཀྱི་བྲེ་གང་ཡིན་ཏེ། བམ་ལྔར། འབྲས་དྲུས་པ་བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་དོ་ཡོད་དོ། །དེའི་ཆན་ནི་སུམ་འགྱུར་ཏེ་བྲེ་ཕྱེད་དང་ལྔ་ཡོད་དོ། །ཞེས་སོ། །བོད་བྲེའི་ཚད་ནི། ཁྱོར་བ་ཉི་ཤུ་རྩ་གཅིག་ཤོང་བ་སྟེ། བམ་ལྔར། མ་ག་དྷའི་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །མ་ག་དྷའི་བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ་ཞེས་སོ། །དེ་འབའ་ཞིག་ཤོང་བ་རིགས་པ་ཡིན་ནམ་ཞེ་ན། སྲན་ཚོད་གཤེར་ཚོད་དང་བཅས་ཚོད་མ་བྱ་ན་དང་བཅས་པ་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །དེ་གཉིས་ཀྱི་ཚད་ཇི་ཙམ་ཞེ་ན། ཊཱིཀྐར། ཚོད་མ་དག་མང་བ་ཡིན་མོད་ཀྱི་འོན་ཀྱང་ཚོད་མ་ཇི་ཙམ་གྱིས་འབྲས་ཆན་སྤག་ནུས་པ་དེའི་ཚད་ཁོ་ནའི་ཚོད་མ་འདིར་བཟུང་གི་ལྷག་པ་ནི་མ་ཡིན་ཞེས་དང༌། བམ་ལྔར། དེའི་རྐྱེན་གྱིས་ཚོད་མ་དང་བཅས་པ་ཞེས་གསུངས་ཀྱི་ཚད་གསལ་པོ་མ་བྱུང་ལ་རྒྱ་ལ་སོགས་པ་ནི་འགྲེལ་ཆུང་དུ། འབྲས་ཆན་གྱི་སུམ་ཆ་ཞེས་བཤད་པས། དྲུག་ཕུལ་གསུམ་ལྟ་བུའོ་ཟེར་རོ། །ཁ་ཅིག་འབྲས་ཆན་གྱི་སུམ་ཆ་ཡིན་པས་ཕུལ་དོ་ལྟ་བུ་ཡིན་ཟེར་དེ་ལྟར་ཕུལ་དགུའམ་བརྒྱད་ཤོང་བ་དེ་ནི་རིགས་པ་ཡིན་
ནོ། །གང་ཡིན་པར་རིགས་ན། དགེ་སློང་གིས་བྱིན་གྱིས་བརླབ་རུང་གི་ལྷུང་བཟེད་ཆུང་ངུར་རིགས་པ་ཡིན་ནོ། །འབྲིང་དང་ཆེན་པོའི་ཚད་ཇི་ལྟ་བུ་ཞེ་ན། ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་ཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་གང་ལས་ལྷག་པ་དོར་མ་ཆོག་པ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཤོང་བ་དེ་ནི་ལྷུང་བཟེད་འབྲིང་དུ་རིགས་པ་ཡིན་ནོ། །བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཤོང་བ་དེ་ནི་ལྷུང་བཟེད་ཆེན་པོར་རིགས་པ་ཡིན་ནོ། །ཆོས་རྗེ་བུ་ན་རེ། ལྷུང་བཟེད་ཆུང་བ་ཚོང་འདུས་འགུར་མོའི་གསེར་བྲེའི་འབྲས་ཆན་བྲེ་ལྔ། ཚོད་མ་བྲེ་གང་དང་སུམ་གཉིས། མཐེ་བོའི་ལྟོ་གང་གི་གོ་ས་ལ་བཞི་གསུམ། བསྡོམས་ན་བྲེ་བདུན་དང་ལྔ་ཕུལ་དོ་འབྱུང་ལ། ཆེ་ཚད་དེ་ཉིས་འགྱུར། འབྲིང་དེ་གཉིས་ཀྱི་བར་གང་ཡང་རུང་བའོ་ཞེས་གསུངས་པ་ནི་དཔྱད་པར་བྱའོ། །དགེ་སློང་མའི་ལྷུང་བཟེད་ཀྱི་ཚད་གང་ཞེ་ན། དགེ་སློང་མས་དགེ་སློང་གི་ལྷུང་བཟེད་ཆུང་ངུ་ལས་ལྷག་པ་མི་བཅང་སྟེ། དགེ་སློང་གི་ལྷུང་བཟེད་ཆུང་ཚད་དེ་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་དུ་འགྱུར་བའི་ཕྱིར་རོ། །དགེ་སློང་མའི་ལྷུང་བཟེད་ཆུང་ངུ་ལྟོ་འགྲངས་པ་ཙམ་ཤོང་བ་ཡིན་ལ་འབྲིང་ནི་དེ་གཉིས་ཀྱི་བར་གང་རུང་ཤོང་བ་ཡིན་ཏེ། མ་རྣམ་དུ། ཆེན་པོ་ནི་ཡུལ་མ་ག་དྷའི་བྲེའུ་ཆུང་གང་ངོ༌། །ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དོ། །དེའི་བར་ནི་བར་མའོ་ཞེས་དང༌། ཊཱིཀྐར། དགེ་སློང་རྣམས་ཀྱི་ལྷུང་བཟེད་ཆུང་ངུ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ཀྱི་ཆེན་པོ་ཡིན་ཏེ། དེ་ལས་ལྷག་པ་བཅང་བར་མི་བྱའོ། །དེ་དག་གི་ཆུང་ངུ་ནི་འབྲས་ཐུག་པོ་ཆེ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །འབྲིང་ནི་དེ་གཉིས་ཀྱི་བར་གྱི་མཚམས་ཡིན་པར་དོན་གྱིས་ཁོང་དུ་ཆུད་པར་བྱའོ་ཞེས་དང༌། བམ་ལྔར། དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ཆེན་པོ་ནི་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཆུང་ངུ་དང་ཚད་གཅིག་སྟེ། འབྲིང་དང་ཆུང་ངུ་ཡང་དེ་བཞིན་དུ་ན་སྨད་དེ། ཆུང་ཚད་ནི་འགྲངས་
པ་ཙམ་ཤོང་བ་ཡིན་ནོ། །ཞེས་སོ། །དགེ་སློང་མ་དེས་ལྷུང་བཟེད་དེའི་འོག་གཞིར་ཞ་ཉེའི་དབྱར་འདབ་གཞག་པར་བྱའོ། །སྦྱར་བའི་མ་ཡིན་ནོ། །དབྱིབས་ཇི་ལྟར་བྱ་ན། བྱང་ཆུབ་དང་པ་ཏ་ལའི་ལོ་མའམ་ལག་མཐིལ་གྱི་དབྱིབས་ལྟ་བུར་རོ། །ཚད་ལས་ཀྱང་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལ་སོགས་པ་དེ་ཙམ་བྱའོ། །རབ་བྱུང་ལ་སོགས་པའི་ཚེ་རང་དབང་བ་མེད་ན་བརྙན་པོས་ཀྱང་ལྷུང་བཟེད་དེ་ཉིད་དང་བཅས་པ་ཡིན་པས་མི་ལྡན་པའི་ཉེས་པ་མེད་དོ། །ཆོས་གོས་གསུམ་གདིང་བ་ཆུ་ཚགས་ཏེ་ལྔ་པོ་ཡང་ལྷུང་བཟེད་དེ་བཞིན་དུ་བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ། །དབྱར་ལྷུང་བཟེད་སྤྱོད་པ་འབྲེལ་ཆུང་བས་མེད་ཀྱང་རུང་ངམ་སྙམ་ན། དབྱར་དག་ལྷུང་བཟེད་མེད་དུ་མི་རུང་སྟེ། ཆོས་གོས་སོགས་བཞིན་ནོ། །ལྷུང་བཟེད་མེད་པར་ཡུལ་གཞན་དུ་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །དམིགས་བསལ་ནི། ཆོམ་རྐུན་གྱི་འཇིགས་པ་དང་བཅས་པའི་གནས་སུ་འགྲོ་ན་བྱིན་གྱིས་བརླབ་རུང་གི་ལྷུང་བཟེད་ཆུང་ཚད་ལས་ཀྱང་ཆུང་བའི་ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ། །ཁ་ཅིག་ཆོས་གོས་ལའང་རིགས་པ་མཚུངས་ཟེར་རོ། །ལྷུང་བཟེད་བརྙན་པོ་ཙམ་ཡང་མེད་ན་རབ་ཏུ་དབྱུང་བར་བྱ་བསྙེན་རྫོགས་མི་བྱའོ། །གཉིས་པ་ལོག་པར་ལོངས་སྤྱོད་པ་དགག་པ་ནི། ལྷུུང་བ་སྤང་བའི་འགྲེང་བཞིན་དུ་ལྷུང་བཟེད་སྣོད་ནས་དབྱུང་བ་དང་སྣོད་དུ་གཞུག་པ་དང་བསྐམ་པར་མི་བྱའོ། །ལྷུང་བཟེད་ལ་མི་གཟན་པ་རན་པར་སྤྱད་པར་བྱའོ། །རན་པར་ཇི་ལྟར་སྤྱད་ན། སྣོད་གཞན་གྱིས་སྤངས་པ་ལྷུང་བཟེད་དེར་མི་བླུགས་སོ། །ལྷུང་བཟེད་དེས་ཕྱག་དར་མི་དོར་རོ། །དེས་ཤིང་ཐོག་སོགས་ཟོས་པའི་ལྷག་ངན་པ་ཡང་མི་དོར་རོ། །དེར་ལག་པ་བཀྲུས་པ་དང་ཁ་བཤལ་བའི་ཆུ་མི་བླུགས་སོ། །དེ་དག་ནི་དྲང་སྲོང་གི་སྣོད་ལ་མ་གུས་པ་སྤང་བའི་ཕྱིར་རོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་ལྷུང་བཟེད་བྱི་དོར་བྱེད་དུ་མི་གཞུག་གོ །བྱེ་
མ་ཅན་དང༌། ལྕི་བས་ལྷུང་བཟེད་བྱི་དོར་མི་བྱའོ། །ལྷུང་བཟེད་ཧ་ཅང་གཤེར་བཞིན་སྣོད་དུ་ཕྱིར་མི་གཞུག་གོ །དེ་བཙའ་ཆགས་པ་སྤང་བའི་ཕྱིར་རོ། །རྩུབ་པར་འགྱུར་པས་ཧ་ཅང་བསྐམ་པར་མི་བྱའོ། །གསུམ་པ་བཞག་པའི་གནས་དང་གནས་མིན་པ་བསྟན་པ་ནི། ལྷུང་བཟེད་རྡོའི་སྟེང་དུ་རེ་ཞིག་ཀྱང་མི་བཞག་སྟེ་འཆག་པ་སྤང་དགོས་པས་སོ། །བཤང་གཅི་སོགས་མི་གཙང་བའི་ཕྱོགས་སུ་མི་བཞག་སྟེ། ལྷུང་བཟེད་ནི་ཤིན་ཏུ་རུང་བ་ཡིན་པའི་ཕྱིར་རོ། །ཁྱམས་ལ་སོགས་པའི་ཕྱོགས་གར་བབ་བབ་ཏུ་ལྷུང་བཟེད་རེ་ཞིག་མི་བཞག་གོ །གར་བབ་བབ་དེར་གཏན་དུ་མི་བཞག་གོ །གང་དུ་བཞག་ན་ལྷུང་བཟེད་བཞག་པ་དེའི་ཆེད་དུ་ངོས་ཁུང་བྱའོ། །ཇི་ལྟར་བྱ་ན་གཙུག་ལག་ཁང་དང་ཁང་ཁྱིམ་དག་བརྩིག་པའི་ཚེ་བྱའི། རྩིག་པ་བྱས་ཟིན་པ་བརྐོ་བས་ངོས་ཁུང་བྱ་བ་ནི་མ་ཡིན་ནོ། །དགེ་སློང་དགོན་པ་པ་རྣམས་ཀྱིས་ལྷུང་བཟེད་བཞག་པའི་སྣོད་སྐོན་བུ་ཁ་སྦྱར་བྱའོ། །རྒྱུ་ཅི་ལས་བྱས་པ་བྱ་ཞེ་ན། ལྕུག་མའམ་སྲད་བུ་ལས་བྱས་པའོ། །དེའི་ཕྱི་ནང་ལྕི་བ་དང་ས་བསྲེས་པས་བྱུགས་པའོ། །སྐོན་བུ་དེ་ལ་ཁ་བཀབ་ཀྱང་ལྕུག་མའམ་སྲད་བུ་ལས་བྱས་པ། ལྕི་བ་དང་སས་བྱུགས་པ་རྣམ་པ་དེ་ལྟ་བུ་དང་བཅས་པ་བྱའོ། །སྐོན་བུ་ཁ་སྦྱར་དེ་ནི་གཟར་ཐག་གིས་ཤིང་ལ་སྦྱངས་ན་བཟང་ངོ༌། །སྐོན་བུ་ཁ་སྦྱར་དེ་སྲིལ་ལ་སོགས་པའི་གནོད་པ་སྤང་བའི་ཕྱིར་ས་ལ་མི་བཞག་གོ །སྐོན་བུ་ཁ་སྦྱར་དེ་ཡུལ་གཞན་དུ་མི་བསྐུར་རོ། །ཁུར་འཁྱེར་བ་སོགས་ཀྱི་སྐྱོན་སྤང་བའི་ཕྱིར་རོ། །བཞི་པ་བསྐུར་བ་དང་མི་བསྐུར་བའི་ཚུལ་ནི། ལྷུང་བཟེད་དེ་སྣོད་དུ་བཅུག་སྟེ་ཡུལ་གཞན་དུ་བསྐུར་བར་བྱའོ། །འགྲོ་བའི་ཚེ་ལྷུང་བཟེད་ལག་པས་མི་བསྐུར་རོ། །འོ་ན་ཅིས་བསྐུར་ན། ལྷུང་བཟེད་དེ་ཡུལ་གཞན་དུ་བསྐུར་བ་ནི་སྣོད་ལ་ལུང་ཐག་བཏགས་ཏེ་མཆན་ཁུར་གྱིས་ཁུར་ན་བཟང་ངོ༌། །ལྷུང་བཟེད་དང་སྨན་དང་ཁབ་རལ་དང་ལྷན་པ་ལ་སོགས་པའི་བར་བུར་དག་
སྣོད་ཐ་དད་པར་གཞུག་གོ །ལྷུང་བཟེད་ལ་སོགས་པའི་སྣོད་དེ་དག་བཅང་བར་བྱའོ། །དེ་དག་ལ་བཅང་བའི་ལུང་ཐག་མཉམ་པར་གདགས་པར་མི་བྱ་བར་རིང་ཐུང་དུ་བྱའོ། །སྡུལ་མི་འདོད་པས་ན་ལུང་ཐག་ཞེང་ཆུང་ངུ་དག་ཀྱང་མི་བྱ་བར་ཞེང་ཆེན་པོ་བྱའོ། །ཞེང་ཆེས་པས་བསྟབས་ནས་ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་དབུས་སུ་ཕྱིང་བུས་སྦྱར་བར་བྱའོ། །ཕྱིང་བུ་དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་ཏེ་བར་སྐབས་སུ་བྱ་རོག་རྐང་གི་དབྱིབས་འདྲ་བ་དྲུབ་པར་བྱའོ། །ལྔ་པ་གུས་པ་བསྐྱེད་ཅིང་བཅོས་ལེགས་བྱ་བ་ལ་གཉིས་ལས། གུས་པར་བྱ་བ་ནི་ལྷུང་བཟེད་མིག་བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབ་ཅིང་བསྐྱང་བར་བྱའོ། །སྣམ་སྦྱར་པགས་པ་དང་འདྲ་བར་རླུང་དང་ཉི་མ་དང་ཆར་བ་སོགས་ལས་བསྐྱབ་པར་བྱའོ། །བླ་གོས་ལ་སོགས་པའི་ཆོས་གོས་ལྷག་མ་ཡང་པགས་པ་དང་འདྲ་བར་བསྐྱབ་བོ། །གཉིས་པ་བཅོས་པར་བྱ་བ་ལ་གཉིས་ལས། མདོར་བསྟན་ནི། ལྷུང་བཟེད་ལ་སོགས་པ་ལོངས་སྤྱད་པས་དེངས་ན་ཇི་ལྟར་བྱ་ཞེ་ན། ལྷུང་བཟེད་གླན་པ་དང་ཁ་བསྒྱུར་བ་སོགས་དང༌། ཆོས་གོས་བཀྲུ་བ་དང་དྲུབ་པ་སོགས་ཀྱི་བཅོས་ལེགས་བྱ་བ་ཡལ་བར་མི་དོར་རོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། གླན་པར་བྱ་བ་ནི། བཅོས་ལེགས་བྱ་བར་བཤད་ན་གང་ལ་ཇི་ལྟར་བཅོས་ལེགས་བྱ་ཞེ་ན། ལྷུང་བཟེད་ལ་བུག་པ་བྱུང་ན་ལྷན་པ་གླན་པ་ལ་ནན་ཏན་བྱའོ། །གང་དུ་བྱ་ན་ལག་བཟོའི་ཐ་སྙད་སྤང་བའི་ཕྱིར་སྐྱེ་བོས་དབེན་པའི་ཕྱོགས་སུ་བྱའོ། །དེ་ལ་མགར་སྤྱད་དགོས་པས། དགེ་འདུན་གྱིས་གླན་པའི་མགར་སྤྱད་དག་བསྲེལ་བར་བྱའོ། །གང་ཟག་གིས་མི་སྲེལ་ལོ། །ལྷུང་བཟེད་གང་ལ་ཅིས་གླན་ཞེ་ན། ལྷུང་བཟེད་ཀྱི་བུ་གུའི་ལྷན་པར་བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་ལ་ཅ་དང་སྤྲ་ཚིལ་དང་རོ་ཉེ་ཞ་ཉེ་དཀར་པོ་དང་ཚོན་མོ་སྟེ། ཞ་ཉེ་ནག་པོ་དག་མི་བཟང་སྟེ་མི་སྲ་བའི་ཕྱིར་རོ། །
འོ་ན་གང་བཟང་ན་ལྕགས་ལས་བྱས་པའི་ལྷན་རིང་དང་ཐམ་ཕྲན་ལྕགས་གཟེར་མགོ་ལེབ་དང༌། ལྕགས་ལས་བྱས་པའི་ལྷན་པ་ཟླུམ་པོའམ་གྲུ་བཞིའམ་ཟུར་གསུམ་དང༌། དེ་ཉིད་ཀྱི་མཐའ་ཐམས་ཅད་སོག་ལེ་ལྟ་བུ་དང་ལྡན་པ་ཆུ་སྲིན་གྱི་སོ་ལྟ་བུ་དག་བཟང་སྟེ་སྲ་བའི་ཕྱིར་རོ། །ཕྱེ་མས་ཀྱང་གླན་ན་བཟང་ངོ༌། །གང་གི་ཕྱེ་མ་ཞེ་ན། ལྕགས་ཀྱི་ཕྱེ་མའམ་རྡོའི་ཕྱེ་མ་བརྡར་བས་གླན་ནོ། །དེ་འབའ་ཞིག་གིས་གླན་ནམ་ཞེ་ན། འབྲུ་མར་དང་བརྡར་བ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པས་གླན་ནོ། །གང་གིས་བརྡར་ན་ལྕགས་སམ་རྡོའི་བྱེ་བྲག་ཀུ་རུ་བིན་དས་བརྡར་རོ། །ལྷུང་བཟེད་ཇི་ལྟར་གྱུར་པ་ལ་གླན་ཞེ་ན། །ལྷུང་བཟེད་དྲོ་བ་ལ་ཕྱེ་མས་གླན་ནོ། །དེའི་སྟེང་དུ་གྲོ་གས་གཡོགས་ཏེ་དེའི་སྟེང་དུ་འཇིམ་པས་བསྐུས་ལ་དེ་ནས་ལྷུང་བཟེད་ཅི་རན་ཙམ་དུ་བསྲོའོ། །ལྷུང་བཟེད་ལ་ལྷན་པ་གླན་པ་འབྲུ་མར་གྱིས་སྦངས་ལ་རྡོ་འཇམ་པོས་བརྡར་རོ། །ལྕགས་ལྷུང་གི་ལྷན་པ་བསྟན་ཟིན་ནས། ས་ལས་བྱས་པའི་ལྷུང་བཟེད་ནི་བུ་རམ་དང་འཇིམ་པ་བསྲེས་པས་གླན་ནོ། །གཉིས་པ་ལེགས་པར་བྱ་བ་ནི། ལྕགས་ལྷུང་ནར་མར་ཟས་ལ་སྤྱོད་པ་ཉིད་ན་ཟླ་བ་དྲུག་གི་འོག་ཏུ་ཁ་བསྒྱུར་བའི་ཕྱིར་དུ་བསྲེག་པར་འོས་པ་ཉིད་ཡིན་ནོ། །གལ་ཏེ་ས་ལས་བྱས་པའི་ལྷུང་བཟེད་ཟས་ལ་ནར་མར་སྤྱོད་པ་ཡིན་ན་ཟླ་བ་ཕྱེད་ནས་བསྲེག་པར་བྱའོ། །ལྷུང་བཟེད་བསྲེག་དགོས་པ་དང་དབྱར་འཛོམ་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་ལྷུང་བཟེད་བསྲེག་པར་འོས་པའི་ཚེ་དབྱར་བྱུང་ན་ལྷུང་བཟེད་དེའི་བྱ་བ་ད་ནང་ཟ་བ་དང་སང་ཟས་ལ་འཁྱེར་བ་ལ་སོགས་པ་དེའི་བར་དུ་སྣུམ་གྱིས་བསྐུ་བ་དང་རྩུབ་ཁྲུས་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ། །གསུམ་པ་བསྲེག་པའི་ཚུལ་ནི་ལྷུང་བཟེད་དེ་བསྲེག་པར་བྱའོ། །ཐབས་གང་གིས་བསྲེག་ན་ལྷུང་བཟེད་བསྲེག་པ་དེའི་ཆེད་དུ་རྫ་བོ་བསྲེལ་བར་བྱའོ། །རྫ་བོ་ཇི་ལྟ་བུ་ཞེ་ན། རྫ་བོ་དེ་ཉིད་དུ་རྫ་མཁན་གྱིས་བྱས་ནས་གྲུབ་པའམ་དབྱིབ་མོ་ཡང་རུང་ངོ༌། །
དབྱིབ་མོ་ཇི་ལྟར་བྱ་ན། རྫ་གཞན་ཐལ་བས་བཀང་སྟེ། རྫ་གཟོང་སྟེ་ལྕགས་ཕུར་གྱིས་བརྐོས་ན་བཟང་ངོ༌། །རྫ་གཟོང་དེ་བཅང་བར་བྱའོ། །རྫ་བོ་དེས་དུ་བ་མི་འཆོར་བར་ལྷུང་བཟེད་དེ་དགབ་བོ། །ཕུབ་མ་དང་འཇིམ་པ་སྦྱར་བས་རྫ་བོའི་ཕྱི་རོལ་བྱུགས་པས་སོ། །འབྲུ་མར་གྱི་ཚིགས་མའམ་ལྕི་བས་རྫ་བོའི་ནང་བྱུགས་པས་སོ། །ཕྱི་ནང་བྱུགས་པ་དེ་སྐམ་པར་གྱུར་པས་དགབ་པར་བྱའོ། །ས་གཞི་གང་དུ་གཞི་ཅི་བཏིང་བའི་སྟེང་དུ་ལྷུང་བཟེད་བཞག་པ་ལ་རྫ་བོས་དགབ་ཅེ་ན། ས་གཞི་བྱི་དོར་བྱས་པར་ཕུབ་མ་གདིང་ཞིང་དུ་བ་འཆོར་བར་བྱེད་པའི་རྒྱུ་འབྲུ་མར་གྱི་ཚིགས་མ་འབའ་ཆ་དང་ཨ་རུ་ར་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ལྷུང་བཟེད་ཁ་བུབ་ཏུ་བཞག་པ་ལ་རྫ་བོས་དགབ་བོ། །དེ་ནས་བ་ལང་གི་ལྕི་བ་དང་སོག་མས་རྫ་བོ་བཅེར་ཏེ་མེ་སྦར་རོ། །ཏེ་བོར་ཏེ་ཤིན་ཏུ་གྲངས་ནས་ལྷུང་བཟེད་དབྱུང་ངོ༌། །ལན་དུ་བསྲེག་ཅེ་ན། ལྷུང་བཟེད་ཀྱི་ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་གྱི་བར་དུ་ཡང་ཡང་བཟླས་པར་བྱའོ། །ཇི་ལྟར་བཟླས་ན་བྱི་དོར་བྱས་ཤིང་བསྲེགས་པའི་གནས་སུ་གཞུག་པར་བྱའོ། །སྲོག་ཆགས་ཕྲ་མོ་རྣམས་ལ་སྙིང་བརྩེ་བས་བསྲེག་པའི་ཉེ་འཁོར་ཕྱག་དར་དང་ཆུས་ཆག་ཆག་བྱའོ། །གཉིས་པ་ཞར་བྱུང་ནི། བསྙེན་པར་རྫོགས་པར་འདོད་པའི་ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་བར་བྱའོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་དེ་ནི་དེ་ཉིད་ཀྱིས་མ་ཚོར་བར་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ། །སྒྱུ་ཐབས་ཇི་ལྟ་བུ་ཞེ་ན། ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་དངོས་པོ་དབབ་པ་ལ་སོགས་པས་སོ། །བར་ཆད་སྤང་བའི་ཕྱིར་བསྙེན་པར་རྫོགས་པར་འདོད་པ་མཁན་པོ་ཉིད་དུ་ཕྱོགས་པས་སློབ་དཔོན་ལ་སོགས་པ་ལ་གསོལ་བ་བཏབ་པའི་ཉིན་གང་ཚུན་ཆད་ཙམ་ཤིང་ལ་འཛེག་ཏུ་མི་གཞུག་
གོ །བསྙེན་པར་རྫོགས་པར་འདོད་པ་དེ་མཐོང་བའི་སྤྱོད་ཡུལ་ལས་འདས་པའི་མཚམས་གྱི་ཕྱི་རོལ་ཏུ་མི་བཏང་ངོ༌། །གསང་སྟེ་སྟོན་པ་བསྐོ་བའི་ཚེ། དགེ་འདུན་གྱིས་བསྙེན་པར་རྫོགས་པར་འདོད་པ་དེ་ཚིག་མི་ཐོས་ཤིང་མིག་གིས་བལྟར་སྣང་བའི་ཉེ་འཁོར་དུ་བཀར་ཏེ་ཚོགས་དགེ་འདུན་ལ་མངོན་དུ་ཕྱོགས་པར་འགྲེང་སྟེ་འདུད་པ་དང་བཅས་པས་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ། །ཁྱིམ་པ་ལ་དགེ་སློང་གི་གནས་རྣམས་བརྗོད་པར་མི་བྱ་སྟེ། འདི་བྱ་དཀའ་འོ་སྙམ་ནས་རབ་བྱུང་གི་བར་ཆད་སྤང་བའི་ཕྱིར་རོ། །བསྙེན་པར་རྫོགས་མ་ཐག་པ་ལ་གནས་མི་བརྗོད་པར་མི་བྱ་སྟེ། དེའི་ཚེ་སེམས་མཐུན་པས་གནས་རྣམས་བསྒྲུབ་པར་སྤྲོ་བའི་ཕྱིར་རོ། །ཐོབ་པ་མི་ཉམས་པར་བསྲུང་བའི་སྤྲོས་པ། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་སྤྲོས་པ་ལ་བཞི། གནས་དང་གནས་པའི་ཚུལ་ཁྲིམས་ཀྱི་སྤྲོས་པ་དང༌། ཞར་ལ་ནད་པ་གསོ་བའི་ཚུལ་ཁྲིམས་དང༌། གནས་བརྟན་དང་ཕྱི་བཞིན་འབྲང་བའི་ཚུལ་ཁྲིམས་དང༌། དེ་ལས་གཞན་པའི་ཚུལ་ཁྲིམས་སོ། །དང་པོ་ལ་བཞི། གནས་དང་གནས་པའི་ཚུལ་ཁྲིམས་དངོས་དང༌། ཐུན་མོང་དུ་ཇི་ལྟར་བྱ་བ་དང༌། གནས་པས་ཇི་ལྟར་བྱ་བ་དང༌། གནས་ཀྱིས་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། གནས་པའི་ཚུལ་ཁྲིམས་དང༌། གནས་ཀྱི་ཚུལ་ཁྲིམས་སོ། །དང་པོ་ལ་གསུམ་ལས། གནས་མེད་དུ་མི་རུང་བ་དམིགས་བསལ་དང་བཅས་པ་ནི། གཙུག་ལག་ཁང་གང་ན་གནས་མེད་པ་དེར་གསོ་སྦྱོང་མ་འོངས་པ་ལ་བསྡད་པར་དང་དབྱར་སྔ་མ་གནས་པར་ཁས་བླང་བར་མི་བྱ་སྟེ། དེ་བས་གནས་ལ་བརྟེན་པ་དགོས་པ་ཆེ་བའི་ཕྱིར་དང༌། དབྱར་ཕྱི་མ་ཁས་བླང་དུ་ཡོད་པའི་ཕྱིར་རོ། །དབྱར་སྔ་མ་གནས་པ་ཁས་བླང་བའི་ཚེ་གནས་མེད་པར་གྱུར་ན་དབྱར་སྔ་མ་རྗེས་སུ་བསྲུང་བར་མི་བྱ་བར་གནས་ཡོད་ས་དེ་འགྲོ་བར་བྱའོ། །དབྱར་ཕྱི་མ་ལ་ཡང་ཁས་བླངས་ནས་གནས་མེད་པར་གྱུར་ན་ཟླ་བ་དང་པོ་གཉིས་ལས་ལྷག་པ་བསྲུང་བར་མི་བྱའོ། །དང་པོ།
གཉིས་ནི་བསྲུང་དགོས་ཏེ། དབྱར་ཁས་ལེན་གསུམ་པ་མེད་པའི་ཕྱིར་རོ། །ཟླ་བ་གཉིས་པོའི་བར་ལ་གནས་བཙལ་དགོས་ན་ཇི་ལྟར་བཙལ་ཞེ་ན། ཡོན་བདག་གིས་རྙེད་པ་སྦྱོར་བའི་གནས་ཁང་དང་ལས་ལ་མི་བསྐོ་བ་དང་ཉེ་གནས་དགེ་ཚུལ་ལ་སོགས་པའི་སྟ་གོན་གྱིས་གནས་དེ་བཙལ་བར་བྱའོ། །ཟླ་བ་གཉིས་པོའི་ཚེ་གནས་མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་བྱ་བ་ཞུ་བར་བྱའོ། །དེའི་ཚེ་ཆེས་རྒན་པས་མ་ཞུས་པར་ཡང་བྱ་བ་བྱའོ། །གནས་མཚན་ཉིད་པ་ཡོད་ན་ཡང་གཞོན་ནུའི་ནང་ནས་རྒན་པ་ལ་རེ་ཞིག་གི་གནས་ཉིད་ཀྱིས་བྱ་བ་ཞུ་བར་བྱ་སྟེ། འདི་ནི་ཁྱོད་དང་མཁན་པོ་གཅིག་པ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་ཞུ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གནས་ལ་མ་ཞུས་པར་ཚུལ་ཁྲིམས་འཆལ་བ་དེ་ལྟ་བུ་ལ་བདག་གིས་རྐང་པ་མཉེ་བ་སོགས་བསྙེན་བཀུར་མི་བྱ། དེས་ཀྱང་བདག་ལ་བསྙེན་བཀུར་གྱི་ལས་བྱེད་པ་བདག་གིར་མི་བྱའོ། །མི་གནས་པར་འདུག་པར་མི་བྱ་བའི་དམིགས་བསལ་ནི། གནས་པར་འོས་པ་གནས་ཡོངས་སུ་འཚོལ་བ་ལ་ཞུགས་པ་ནི་གནས་མེད་ན་རེ་ཞིག་མི་གནས་པར་འདུག་པ་ལ་ཉེས་པ་མེད་དོ། །ཇི་སྲིད་དུ་ཉེས་པ་མེད་ན། ཞག་ལྔའི་མཐར་ཐུག་པའི་བར་དུ་ཉེས་པ་མེད་པའོ། །དེ་ལ་དགེ་འདུན་གྱི་རྙེད་པ་ཡོད་ན་འོས་པ་ཉིད་དོ། །དགེ་སློང་གློ་བུར་དུ་འོངས་པས་ནི་ཉི་མ་དང་པོ་ལ་ངལ་བསོས་ནས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱའོ། །ཉི་མ་གཅིག་ནི་གནས་པའི་ཆེད་དུ་གནས་བཅའ་བར་མི་བྱའོ། །གནས་པར་བྱ་བ་ཉེ་བར་མི་གནས་པར་ཞུ་ས་མེད་ན་གཞན་ལ་ཞུ་བར་བྱའོ། །མ་ཞུས་པར་བྱ་བ་མི་བྱ་བའི་དམིགས་བསལ་ནི། གནས་པས་ལས་སུ་བསྐོས་པར་སོང་བ་ན་ལས་སུ་བྱ་བ་དེ་གཞན་བྱུང་ན་གཞན་དེ་བསྒྲུབ་པའི་ཕྱིར་མ་ཞུས་ཀྱང་ཉེས་པ་མེད་དེ། སྔར་ཞུས་པ་དེ་ཉིད་བྱ་བ་ཕྱི་མའི་ཡང་ཞུ་བ་
ཡིན་པའི་ཕྱིར་རོ། །གཉིས་པ་གནས་སུ་གཟུང་བའི་ཚུལ་ནི། གནས་བཅའ་དགོས་ན་གནས་ཇི་ལྟ་བུ་ལ་བཅའ་ཞེ་ན། དགེ་སློང་གང་ཡང་རུང་བ་ལ་གནས་བཅའ་བར་མི་བྱའོ། །འོ་ན་གང་ལ་བཅའ་ན། གཞན་ལ་དྲི་བ་དང་ལུས་ངག་གི་ཀུན་སྤྱོད་ལ་སོགས་པ་ལ་བརྟགས་པས་ཚུལ་ཁྲིམས་དང་འདུལ་བ་ཤེས་པ་དང་འཁོར་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་གནས་སུ་གཟུང་བར་བྱའོ། །ཆོ་ག་གང་གིས་གཟུང་ཞེ་ན། དགེ་བསྙེན་ལ་སོགས་པའི་སྡོམ་པ་ལེན་པ་བཞིན་དུ་ལན་གསུམ་སྔོན་དུ་བཏང་ནས་གཟུང་ངོ༌། །འོ་ན་ཐལ་མོ་སྦྱར་ནས་ལེན་ནམ་ཞེ་ན། གནས་པའི་ལག་པ་གཉིས་ཀྱིས་གནས་ཀྱི་རྐང་མཐིལ་གཉིས་ལ་བཅངས་ནས་ལེན་ནོ། །དེས་ན་གནས་ནི། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ལྟ་མཚན་མཐུན་པ། ཐ་སྙད་གསུམ་ལྡན། ས་རང་བཞིན་དུ་གནས་པ། མཚམས་ནང་དུ་གནས་པ། ཐ་མལ་བའི་གཟུགས་སུ་འདུག་པ། བརྟན་མཁས་དང་ལྡན་པ། བརྩེ་བ་དང་བཟོད་པ་དང་ལྡན་པ། ནང་འཁོར་བ་དག་པ། ཕན་འདོགས་ལ་བརྩོན་པ། སྔར་གནས་སུ་མ་གྲུབ་པ་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་འཆའ་བར་གསོལ་ན། བཙུན་པས་བདག་ལ་གནས་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་མཆིས་སོ། །ཞེས་ལན་གསུམ་བཟླས་སོ། །དགེ་ཚུལ་གྱི་གནས་ཡིན་ཡང་གནས་ཀྱི་ཆོ་ག་བྱ་སྟེ་མཁན་པོ་བཞིན་ནོ། །དེ་ལྟ་བུ་ལ་བརྟེན་ན་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་ཡོན་ཏན་འཕེལ་བར་འགྱུར་ཏེ། སྐྱེས་རབས་ལས། དམ་པའི་སྐྱེ་བོ་སུས་ཀྱང་མི་བསྲིང་སྟེ། དུལ་བའི་ཚུལ་གྱིས་དགེ་ལ་བརྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་འགོས་པར་འགྱུར། །ཞེས་པ་ལྟར་རོ། །གནས་ཀྱིས་ཀྱང་ཐམས་ཅད་ལ་གནས་སྦྱིན་པར་མི་བྱ་བར། འདི་མྱང་འདས་ཀྱི་བསམ་པ་ཅན་ཡིན་ནམ། བསླབ་པ་ལ་གུས་
པ་ཡིན་ནམ་ཞེས་ཡོངས་སུ་བརྟགས་ནས་གནས་སྦྱིན་ནོ། །གནས་དང་གནས་པ་གཉིས་ཇི་ལྟར་གནས་པར་བྱ་ཞེ་ན། གནས་ཀྱིས་གནས་པ་ལ་བུའི་འདུ་ཤེས་དང༌། གནས་པས་གནས་ལ་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ། །འོ་ན་མཁན་པོ་ལ་ཡང་གནས་བཅའ་དགོས་སམ་ཞེ་ན། མཁན་པོ་དེ་ཉིད་གནས་པར་བྱ་བ་ཉིད་ཡིན་པ་དེའི་ཕྱིར་མཁན་པོ་དེ་ལ་ཇི་སྐད་བཤད་པའི་ཆོ་གས་གནས་དེ་མི་བཅའ་བའོ། །གང་གིས་གནས་བཅས་པ་འཇིག་ཅེེ་ན། གནས་དང་གནས་པ་གཉིས་ཀ་ལ་ཕན་ཚུན་མི་ལྟོས་པ་ཉིད་ཀྱི་སེམས་ཅིག་ཅར་རམ་རིམ་གྱིས་བྱུང་ན་གནས་བཅས་པ་ཉིད་འཇིག་པའི་རྒྱུ་ཡིན་གྱི་གང་རུང་ཞིག་ལ་མི་ལྟོས་པའི་སེམས་སྐྱེས་པས་མ་ཡིན་ནོ། །གནས་ཀྱི་འོས་དུ་མ་ཚོགས་ན་གང་ལ་གནས་པར་བྱ་ཞེ་ན། མཁན་པོ་མ་ཡིན་པའི་གནས་དུ་མ་དག་ཚོགས་ན་གནས་པའི་འདོད་པས་གནས་ལ་འཇུག་པར་བྱའོ། །མཁན་པོ་དེ་དང་ལྷན་ཅིག་ཏུ་གནས་དུ་མ་ཚོགས་ན་མཁན་པོ་དེ་ཉིད་ཀྱིས་གནས་པར་བྱའོ། །གསུམ་པ་གནས་ལ་གུས་པ་བསྐྱེད་ཚུལ་ནི། མཁན་པོ་ལངས་པ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །གནས་གཞན་ལའང་འདྲའོ། །གནས་འདུག་པའི་གཙུག་ལག་ཁང་དེ་ན་གནས་པ་ཡང་འདུག་ན་གནས་པས་གནས་ཀྱི་དྲུང་དུ་ཉིན་པར་ལན་གསུམ་དུ་འགྲོ་བར་བྱའོ། །གལ་ཏེ་གནས་དགོན་པ་ན་འདུག་ལ་དེ་ལ་ཡང་རྒྱང་གྲགས་ཙམ་ཞིག་ཡོད་ན་གནས་པས་ཉིན་པར་ལན་རེ་གནས་ཀྱི་དྲུང་དུ་འགྲོ་བར་བྱའོ། །དགོན་པ་དེ་རྒྱང་གྲགས་ལྔ་ཕན་ཆད་ཡོད་ན་ཞག་ལྔའམ་དྲུག་ཅིང་གནས་ཀྱི་དྲུང་དུ་ལན་རེ་འགྲོ་བར་བྱའོ། །དགོན་པ་དེ་དག་དཔག་ཚད་ཕྱེད་དང་གསུམ་དག་ཡོད་ན་གསོ་སྦྱོང་གི་ཚེ་འགྲོ་བར་བྱའོ། །གཉིས་པ་གནས་ཀྱི་ཚུལ་ཁྲིམས་ནི། གནས་པ་ཆད་པས་བཅད་པར་འོས་པ་གནས་ཀྱིས་ཆད་པས་མི་བཅད་པར་མི་བྱའོ། །ཆད་པ་དུ་ཡོད་ན། ཆད་པ་ནི་ལྔའོ། །ལྔ་གང་ཞེ་ན།
ཕན་ཚུན་གཏམ་འདྲི་བར་མི་བྱ་བ་དང༌། མི་སྡུག་པ་བསྒོམ་པ་ལ་སོགས་པའི་གདམས་ངག་མི་སྦྱིན་པ་དང༌། དེས་བསྙེན་བཀུར་བྱེད་དུ་མི་གཞུག་པ་དང༌། ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་དང༌། འཆད་ཉན་སོགས་དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་དང༌། གནས་དགག་པ་སྟེ་གནས་འཆར་མི་གཞུག་པར་བྱའོ། །ཆད་པ་དེ་དག་གང་ལ་འོས་ཤེ་ན། མ་དད་པ་དང༌། ལེ་ལོ་ཅན་དང༌། བཀའ་བློ་མི་བདེ་བ་དང༌། མ་གུས་པ་དང༌། སྡིག་པའི་གྲོགས་བྱེད་པ་ལ་ཆད་པ་དེ་དག་འོས་པ་ཉིད་དོ། །གནས་ཀྱིས་ཆད་པས་བཅད་པ་དགེ་སློང་གཞན་གྱིས་ལེན་པར་བྱེད་པ་ལ་དགེ་འདུན་དབྱེན་དུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །ཆད་པས་བཅད་ཀྱང་བཟོད་པ་གསོལ་བའི་ཕྱིར་དུ་གུས་པར་མི་བྱེད་ན་དྲང་པོར་བྱ་བའི་ཕྱིར་གནས་ཀྱིས་དགེ་སློང་ཤེས་ཉེན་ཅན་གཞན་བསྐོ་བར་བྱའོ། །ཆད་པའི་རྒྱུ་མ་དད་པ་སོགས་བཏང་བ་གནས་ལ་བཟོད་པ་གསོལ་བར་བྱེད་པ་ལ་གནས་ཀྱིས་བཟོད་པར་བྱའོ། །དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཆད་པས་བཅད་པར་མི་འོས་པ་ལ་ཆད་པས་བཅད་པར་མི་བྱའོ། །ཆད་པའི་རྒྱུ་བཏང་བ་བཟོད་པ་བྱ་བར་འོས་པ་ལ་མི་བཟོད་པར་མི་བྱའོ། །རྒྱུ་མ་བཏང་བ་བཟོད་པ་བྱ་བར་མི་འོས་པ་ལ་བཟོད་པར་མི་བྱ་སྟེ། ལང་ཤོར་སྤང་བའི་ཕྱིར་རོ། །ཐབས་གང་གིས་ཀྱང་དྲང་པོར་མི་བྱེད་པ་ཉིད་ཡིན་ན། དེ་གནས་ཁང་ནས་བསྐྲད་པར་བྱའོ། །ཡོ་བྱད་མེད་པར་བསྐྲད་དམ་ཞེ་ན། བསྐྲད་བྱ་དགེ་ཚུལ་ལ་ནི་ཆུ་ཚགས་དང་རིལ་བ་སྤྱི་བླུགས་དང་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེ་བསྐྲད་པར་བྱའོ། །བསྐྲད་བྱ་དེ་གལ་ཏེ་ལོ་ལོན་ཞིང་མྱུར་དུ་བསྙེན་པར་རྫོགས་པ་འདོད་པ་ཞིག་ཡིན་ན་ཆོས་གོས་གསུམ་གདིང་བ་ལྷུང་བཟེད་དེ་ཡོ་བྱད་ལྔ་དང༌། ཆུ་ཚགས་ཀྱང་བྱིན་ཏེ་བསྐྲད་པར་བྱའོ། །བསྐྲད་བྱ་བསྙེན་པར་རྫོགས་པ་ལ་ཡང་ཡོ་བྱད་དྲུག་བྱིན་ནས་བསྐྲད་པར་བྱའོ། །དེ་ལྟར་བསྐྲད་པ་ན། དྲང་པོར་གྱུར་ཏེ་བཟོད་
པ་གསོལ་ན་སེངྒེ་ཟས་གང་སྤང་བ་དེ་ཕྱིས་མི་ལེན་པ་ལྟར་གྱ་ཚོམ་མི་བྱ་བར་ཕྱིར་བླང་བར་བྱའོ། །དགེ་འདུན་གྱིས་ཁྲིམས་དེ་མ་བྱས་ཀྱང་ཉེས་པ་མེད་ལ། བྱས་ན་དགེ་སློང་རྣམས་ལ་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་མི་བྱའོ། །གཉིས་པ་ཐུན་མོང་དུ་ཇི་ལྟར་བྱ་བ་ནི། མཚན་མོ་ཁའི་ནང་དུ་དྲི་མ་གནས་པ་ནི་མ་བཀྲུས་པ་ཉིད་ཡིན་པས། དྲི་མ་དེ་མ་སྦྱངས་ཀྱི་བར་དུ་ཕྱག་འཚལ་བ་དང་བཟའ་བ་ལ་སོགས་པ་མི་བྱའོ། །འོ་ན་དྲི་མ་ཇི་ལྟར་སྦྱང་ན། སོ་ཤིང་གིས་ཁ་སྦྱངས་ནས་སོ་ཤིང་དེ་དབེན་པར་དོར་རོ། །བཤང་གཅི་བྱ་བ་ཡང་དབེན་པར་བྱའོ། །སྐྱེ་བོ་མང་པོས་ལོངས་སྤྱད་དུ་རུང་བའི་ཤིང་ངམ་རྩིག་པའི་དྲུང་དུ་སོ་ཤིང་དང་བཤང་གཅི་མི་དོར། སོ་ཤིང་དེའི་ཚད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ། །བད་ཀན་མང་བའི་ནི་སྔར་བསྟན་པའི་སོ་ཤིང་གི་ཚད་མེད་ན་སོར་བཞི་ལས་ལྷག་པ་སོར་ཕྱེད་དང་ལྔ་ཡན་ཆད་ཀྱིས་བྱའོ། །གནས་ཁང་དུ་སོ་ཤིང་དོར་དུ་མི་རུང་ངམ་སྙམ་ན། གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བ་ལ་མི་རིགས་པ་མེད་དོ། །སོ་ཤིང་དོར་བ་དེ་ལ་ལྦ་ཁ་ཡང་མི་དབེན་པར་མི་འགྱུར་རོ། །ལྦ་ཁ་དེར་ཁྲུ་གང་ཁོར་ཡུག་ཏུ་སོ་ཤིང་དོར་བ་དང་རྐང་པ་བཀྲུ་བ་སོགས་རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ། །སོ་ཤིང་དོར་བ་དེའི་རྗེས་དེ་མ་ཐག་ལ་ལྕེ་བཞར་བར་བྱའོ། །ཅིས་བཞར་ཞེ་ན། ལྕེ་བཞར་ཉེ་བར་གཞག་པར་བྱའོ། །རྒྱུ་ཅི་ལས་བྱས་པ་ཞེ་ན། ཁབ་ཀྱི་རྫས་ར་གན་དང་ཟངས་དང་འཁར་བ་དང་ལྕགས་དག་ལ་བྱས་པའོ། །ལྕེ་བཞར་མེད་ན། ལྕེ་བཞར་བའི་དོན་འདི་ལ་སོ་ཤིང་གི་ཚལ་བས་ལྕེ་བཞར་དུ་རུང་ངོ༌། །སོ་ཤིང་གི་ཚལ་བ་དེ་ཧ་ཅང་ཟུར་མི་རྣོ་བར་བྱ་བའི་ཕྱིར། ཕན་ཚུན་གཅིག་གིས་གཅིག་ལ་འདྲུད་པར་བྱའོ། །ཟུར་མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུད་བཞར་བྱའོ། །མི་རྣོ་བས་ཀྱང་དལ་གྱིས་མ་ཡིན་པར་འདྲུད་བཞར་མི་བྱའོ། །དལ་བུས་ཇི་ལྟར་བྱ་ཞེ་ན། སོ་ལ་སོགས་པ་
དེ་དག་གི་ཤ་རྙིལ་ལ་སོགས་པ་ལ་མི་གནོད་པར་བྱའོ། །སོ་དང་ལྕེ་གཉིས་ཀྱི་དྲུད་བཞར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མ་བསྐུས་པར་མི་དོར་རོ། །སེ་གོལ་ལ་སོགས་པའི་སྒྲ་མ་བྱས་པར་སོ་ཤིང་མི་དོར་རོ། །དེ་ནི་དཔེ་ཡིན་པས་བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་ཟས་གྱེན་དུ་སྐྱུགས་པ་དང་མ་ཞུ་བར་ཐུར་དུ་རླུགས་པ་དང་དོར་བར་བྱ་བ་གཞན་དག་ཀྱང་སྒྲ་མ་བྱས་པར་མི་དོར་རོ། །སོ་ཤིང་དེ་ལས་བྱི་དོར་འབྱུང་བ་བཞིན་དུ་འདག་རྫས་དང་ལྕི་བས་ཀྱང་བྱི་དོར་འབྱུང་ངོ༌། །གསུམ་པ་གནས་པས་གནས་ལ་བསྙེན་བཀུར་ཇི་ལྟར་བྱ་བ་ནི། ལུས་ཀྱི་བྱ་བ་སོ་ཤིང་དོར་བ་སོགས་བསྒྲུབ་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱའོ། །འདི་མན་ཆད་གནས་པས་བསྒྲུབ་པའི་དབང་དུ་བྱས་ཏེ་འཆད་པ་ནི། ལུས་ཀྱི་བྱ་བ་བསྒྲུབས་མ་ཐག་མཆོད་རྟེན་ལ་ཕྱག་འཚལ་བ་དེ་ནས། དེ་མ་ཐག་ཏུ་གནས་པས་གནས་ཀྱི་དྲུང་དུ་སྔར་སོང་སྟེ་ཕྱག་བྱའོ། །རྒན་ནམ་འོན་ཏེ་གཞོན་ཡང་རུང༌། །གང་ལ་ཆོས་ནི་ཐོས་གྱུར་པ། །དེ་ལ་ཐོག་མར་ཕྱག་བྱས་ཏེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཞེས་སོ། །སངས་རྒྱས་པས་དང་པོར་བླ་མ་ལ་ཕྱག་བྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེའི་ཚེ་ཕྱག་གི་བསླབ་པའི་གཞི་མ་བཅས་ལ། འདི་བསླབ་པ་བཅས་ནས་ཡིན་ཏེ། ཚིག་ལེར། བརྟུལ་ཞུགས་ཅན་གྱིས་བླ་མ་པས། །སྔར་ཉིད་མལ་ནས་ལངས་ནས་ནི། སོ་ཤིང་བཅས་ནས་དེ་འོག་ཏུ། །སྟོན་པ་ལ་ནི་ཕྱག་བྱའོ། །དེ་ནས་རབ་གུས་བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །དེ་ནི་དེ་ལ་གདམས་ངག་སོགས། །ཆོ་ག་བཞིན་དུ་ཕན་འདོགས་ཡིན། །ཞེས་དང༌། ལྡང་བྱེད་ལ་གསུངས་པ་བཞིན་ནོ། །ཡང་ན་གནས་ཁང་ཐ་དད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་ལྔ་བཅུ་པར། གདོང་དང་སོ་ཡི་དྲི་བཀྲུས་ནས། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་
བར་བྱ། །ཞེས་སོགས་གསུངས། ཕྱག་འཚལ་ནས་དགུང་ལ་སྐུ་ཁམས་བདེའམ་ཞེས་སྙུན་གསོལ། བདེ་ཟེར་ན། འདག་རྫས་དང་སོ་ཤིང་དང་ཆུ་ལ་སོགས་པ་དབུལ་ལོ། །འདི་ནི་འབགས་པ་ལ་ཕྱག་མི་བྱ་བའི་དམིགས་བསལ་ལོ། །དེ་ནས་ཚང་མང་སྟེ། གཡོས་ཁང་བལྟས་ཏེ་བཟའ་བཏུང་ཇི་ལྟར་བུ་སྟ་གོན་བགྱི་ཞེས་གནས་ལ་བརྗོད་པར་བྱའོ། །བརྗོད་པ་ན་དངོས་པོ་འདི་ལ་དགའ་ཟེེར་ན། གང་ལ་དགའ་བ་དེ་བསྟབས་པ་ཉིད་དུ་བྱའོ་སྙམ་དུ་ཡིད་ལ་བྱའོ། །ཟས་ཟོས་ནས་གནས་ཀྱི་ལྷུང་བཟེད་བཀྲུ་བར་བྱའོ། །གལ་ཏེ་གནས་དེ་བསོད་སྙོམས་པ་ཞིག་ཡིན་ན་གསིལ་བྱེད་འཁར་གསིལ་ཀྱང་བྱི་དོར་བྱའོ། །འཁར་གསིལ་དུམ་བུ་གསུམ་དུ་བྱ་བ་ནི་བསླབ་པ་གསུམ་གྱི་བརྡ། འབྲེང་བས་དཀྲི་བ་ནི་བསླབ་པ་གསུམ་ཟུང་དུ་འབྲེལ་བའི་བརྡ། ཡར་རྩེ་ལ་ཅུང་གཞོགས་བརྒྱད་ཡོད་པ་འཕགས་ལམ་ཡན་ལག་བརྒྱད། འཁོར་ལོ་གཅིག་བྱ་བ་ནི་ཆོས་ཀྱི་འཁོར་ལོ་སྐོར་ཅིག་པའི་བརྡ། རྭ་བཞི་ནི་བདེན་པ་བཞི། མཉན་བྱ་བཅུ་གཉིས་ནི་གསུང་རབ་ཡན་ལག་བཅུ་གཉིས། མཆོད་རྟེན་གཉིས་ནི་ཆོས་སྐུ་དང་གཟུགས་སྐུ་གཉིས། ལྕགས་ཀྱུ་ནི་ངན་སོང་ནས་འདྲེན་པའི་བརྡ། མར་རྩེའི་རྒྱ་འདུན་ནི་ངན་སོང་གསུམ་གྱི་སྒོ་འགེགས་པའི་བརྡ་ཡིན་ནོ། །གལ་ཏེ་བསོད་སྙོམས་ཀྱི་ས་དེར་ཆུ་འཚག་པའི་དགོས་པ་ཡོད་ན་ཆུ་ཚགས་ཀྱང་བྱི་དོར་བྱའོ། །གལ་ཏེ་གནས་པ་དེ་ཡང་བསོད་སྙོམས་པ་ཡིན་ན་ལྷན་ཅིག་ཏུ་བསོད་སྙོམས་ལ་འཇུག་གམ་སོ་སོར་འཇུག་ཅེས་གནས་ལ་ཞུ་བར་བྱའོ། །གལ་ཏེ་གནས་དེ་ལྷན་ཅིག་བསོད་སྙོམས་ལ་འཇུག་པར་བཟོད་ཅིང་འདོད་ན་གནས་དེ་ཉིད་དང་ལྷན་ཅིག་བསོད་སྙོམས་ལ་འཇུག་པར་བྱའོ། །ལྷན་ཅིག་ཞུགས་པའི་ཚེ་གླང་པོ་ཆེ་ལ་སོགས་པ་དང་ཕྲད་པ་དང༌། གཡང་ས་དང༌། འདམ་རྫབ་ལ་སོགས་པ་ཉམ་ང་བ་ལ་སོགས་པར་གནས་པས་མདུན་དུ་
འགྲོ་བར་བྱའོ། །གལ་ཏེ་གནས་པས་བསོད་སྙོམས་བསོད་པ་བཟང་བ་ཞིག་རྙེད་ན་གནས་དེ་ལ་བདར་བ་མཆོད་པར་བྱའོ། །གལ་ཏེ་གནས་དང་མ་འགྲོགས་པར་བསོད་སྙོམས་ལ་སོང་ན། གནས་པས་ཕྱིར་འོངས་ནས་གནས་ལ་བསོད་སྙོམས་བསྟན་པར་བྱའོ། །བཟའ་བ་དང་བཅའ་བ་ཆེས་མཆོག་ཏུ་གྱུར་པ་འདི་བཞེས་ཤིག་ཅེས་གནས་ལ་དབུལ་བར་བྱའོ། །གནས་དེས་བསོད་པ་སྟོབ་པ་འབའ་ཞིག་ཏུ་མ་ཟད་བྱ་བ་ཐམས་ཅད་ལ་གནས་པ་ལ་མི་གནོད་པ་དེ་ལྟར་ཚོད་རིག་པར་བྱའོ། །གནས་ཀྱི་ཆུ་སྣོད་སྤྱི་བླུགས་ལ་སོགས་པ་དགང་བར་བྱའོ། །གདུགས་ཚོད་ལ་བབ་བོ་ཞེས་ཟན་གྱི་དུས་བརྗོད་པར་བྱའོ། །གནས་ཀྱིས་ཟས་ཟོས་ཟིན་ནས་གནས་པས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་ལ་སོགས་པར་བཀྲུ་བར་བྱའོ། །བཀྲུས་པ་དེ་དག་རང་རང་གི་གནས་སུ་གཞག་པར་བྱའོ། །གནས་མཆོད་རྟེན་ལ་ཕྱག་འཚལ་བ་ན། གནས་པས་འདག་རྫས་དང་ཆུ་དང་ཕྱགས་མ་ལ་སོགས་དབུལ་ལོ། །གནས་ཀྱི་རྐང་པ་བཀྲུ་བར་གཏོགས་པ་བསྐུ་མཉེ་དང་དྲིལ་ཕྱི་ལ་སོགས་པ་ལ་གནས་པས་ནན་ཏན་བྱའོ། །གནས་པས་གནས་ཀྱི་མལ་དང་སྟན་བཤམ་པར་བྱའོ། །ནུབ་མོ་ཉལ་བ་ན་ཤམ་ཐབས་ཀྱི་གཟན་དབུལ་བར་བྱའོ། །ཤམ་ཐབས་ཀྱི་གཟན་ཕུལ་བའི་རྗེས་སུ་ཤམ་ཐབས་བླང་བར་བྱའོ། །རྐང་པ་བཀྲུ་བའི་ཆུ་དང་རྐང་རྟེན་དང་རྐང་ཁྲུས་ཀྱི་སྣོད་ཆོལ་ཟངས་དབུལ་བར་བྱའོ། །གནས་ཀྱི་མཆིལ་ལྷམ་གཉིས་ཕྱི་བར་བྱའོ། །གནས་དེ་དགེ་འདུན་གྱི་ཕྱག་བདར་སོགས་སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པར་ཕྱགས་མ་ཐོགས་པ་མཐོང་ན་དེ་བདག་གིས་བླང་བ་ལ་སོགས་པས་གནས་དེ་ལས་ཆུང་བར་བྱའོ། །སྤོ་བ་སྤྱོད་པ་ལ་སོགས་པའི་ཚེ་ཕྱག་བདར་སོགས་ཀྱི་ལས་བྱེད་པར་དགེ་འདུན་གྱིས་བསྐོས་པ་ཡིན་ན་དེ་ཉིད་ཀྱི་ལས་ཡིན་ནོ། །ཡང་གནས་དགེ་འདུན་གྱིས་སྲ་བརྐྱང་འདིང་བར་བསྐོས་པ་སོགས་གོས་འཚེམ་པ་ཉིད་དུ་བསྐོས་
ན་རང་གི་བྱ་བ་ཡིན་ལ། དེ་ལྟར་མ་བསྐོས་པར་ཁབ་ཐོགས་པ་ཡང་མཐོང་ན་ལས་ཆུང་ངུར་བྱའོ། །ཤིང་ཐོག་ལ་སོགས་པ་རུང་བར་བྱ་བ་དང་མཆོད་རྟེན་སོགས་ལ་སྐྱེས་པའི་སྔོ་ཆུང་ངུ་བརྔ་བ་དང་མེ་ཏོག་དང་འབྲས་བུ་བཏོག་པ་དང་སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པར་ཡང་དགེ་ཚུལ་བསྐོའོ། །ཡང་ཞེས་པས་གནས་ཀྱི་ཆེད་དུ་མ་ཟད་དགེ་འདུན་གྱི་ཕྱིར་ཡང་དགེ་ཚུལ་བསྐོ་ཞེས་བསྟན། ཕྱི་ནས་ནང་དུ་འོང་བར་འདོད་པས་སྒོ་གླེགས་ལ་ལག་པ་སོགས་ཀྱིས་བརྡབ་པས་གནས་ཁང་གི་ནང་ན་གནས་པ་ལ་གོ་བར་བྱའོ། །སྒོ་གླེགས་ལ་བརྡབ་པ་དེ་ནི་དལ་བུས་བྱ་བ་དང༌། ཡུན་མི་རིང་བར་བྱའོ། །སྒོ་གླེགས་དེ་དྲག་ཏུ་མི་དབུལ་ལོ། །ཧ་ཅང་མི་མགྱོགས་པར་དལ་བུས་ཤེས་བཞིན་དུ་གནས་ཁང་ལ་སོགས་པའི་ནང་དུ་འཇུག་པ་དང་ཕྱིར་འབྱུང་བ་དང་ཆོས་གོས་སྒོ་སྐྱེས་ལ་མི་དྲུད་པར་བྱའོ། །གནས་པས་གནས་དེ་ལ་བཀུར་སྟི་བྱའོ། །གནས་དེ་ལ་བཞར་བ་ཐག་མི་རིང་བར་འདུག་པར་བྱའོ། །གནས་དེ་དང་ཞེ་འགྲས་པ་ལ་གནས་པས་མི་བཞར་རོ། །གནས་པས་གནས་དེ་ལ་ཁྲེལ་ཡོད་པས་གནས་པར་བྱའོ། །གནས་པས་གནས་དེའི་བྱ་བ་ཐམས་ཅད་ལ་ལེ་ལོ་མེད་པར་གྲིམ་པར་བྱ་བ་དང༌། གནས་ཀྱི་ཆོས་གོས་ལ་སོགས་པའི་ལས་ལ་གུས་པར་བྱ་བ་དང༌། གནས་ཀྱི་བྱ་བ་ལ་འགྲོ་ལྡོག་སོགས་བྱེད་པའི་ཚེ་མཛེས་པས་འཇུག་པར་བྱའོ། །གནས་ཀྱི་བྱ་བ་ལ་བག་སྐྱོང་བ་ཞུམ་པར་བྱེད་པ་ངོ་ཚ་དང་ལྡན་པ་དང༌། ཞུམ་པའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་མི་འཇུག་པ་གུས་པ་དང་བཅས་པ་དང༌། གནས་མཐོང་ན་རྗེས་དང་བཅས་པ་དང༌། གནས་ཀྱི་བྱ་བ་ལ་ང་རྒྱལ་བཅོམ་པས་སེམས་དམའ་བ་དང་ཤེས་བཞིན་གྱིས་རང་གི་དོན་ཀློག་པ་དང་བསམ་གཏན་སོགས་མི་ཉམས་པར་བྱའོ། །བྱ་བ་ཐམས་ཅད་ལ་དགེ་བ་གང་ཡིན་ཞེས་དགེ་
བ་འཚོལ་བ་ཅན་དུ་བྱའོ། །འཇིག་རྟེན་གྱི་སྤྱོད་པ་ལ་གདུ་བར་མི་བྱའོ། །གནས་བསླབ་པ་ལ་གཡེལ་བ་སོགས་ཉེས་བྱེད་ལ་འཇུག་ན་གནས་པས་བཟློག་པར་བྱའོ། །གནས་དེ་ལ་བརྟེན་པས་གནས་པའི་དགེ་བ་བསམ་གཏན་དང་ཀློག་པ་སོགས་མི་འཕེལ་ན་དགེ་བ་འཕེལ་བ་དེ་བྱེད་པའི་གནས་གཞན་ལ་བདག་ཉིད་གཏད་པར་གསོལ་བར་བྱའོ། །བཞི་པ་གནས་ཀྱིས་ཇི་ལྟར་བྱ་བ་ནི་དེ་ལྟར་གསོལ་བ་ན་གནས་དེས་ཀྱང་གནས་ཀྱི་འོས་འདྲི་བ་ལ་སོགས་པས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱ། གནས་ཀྱིས་གནས་པ་ཚུལ་ཁྲིམས་འཆལ་བ་སོགས་སྡིག་པའི་གྲོགས་པོ་དང་འགྲོགས་པ་ལས་བཟློག་པར་བྱའོ། །བསམ་གཏན་དང་ཀློག་པ་སོགས་ཀྱི་དགེ་བ་ལ་སྦྱར་བར་བྱའོ། །གནས་ཀྱིས་གནས་པ་དེ་ལ་ཆོས་དང་ཟང་ཟིང་གིས་དགེ་བ་དེ་ཉེ་བར་བསྒྲུབ་པར་བྱའོ། །གནས་ཀྱིས་གནས་པ་དགེ་འདུན་ལྷག་མ་སོགས་ཀྱི་ལྟུང་བ་ལས་བསླང་བ་དང༌། ཆོས་གོས་དང་ལྷུང་བཟེད་སོགས་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་ལྷུང་བཟེད་དང་ཆོས་གོས་སོགས་ཁ་ན་མ་ཐོ་བ་མེད་པ་བསྒྲུབ་པ་ལ་བརྩོན་པར་བྱའོ། །གནས་པས་ཀྱང་གནས་ལ་དེ་རྣམས་བསྒྲུབ་པ་ལ་བརྩོན་པར་བྱའོ། །གཉིས་པ་ཞར་ལ་ནད་པ་གསོ་བའི་ཚུལ་ཁྲིམས་ལ་གསུམ། ནད་གཡོག་བརྟག་པ་དང༌། སྨན་བརྟག་པ་དང༌། ནད་གཡོག་གིས་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་དང་གནས་པ་ཕན་ཚུན་ནད་གཡོག་བྱ་དགོས་པས། ལྷན་ཅིག་གནས་པ་མཁན་བུ་དང་དེ་ལས་གཞན་པའི་སློབ་མ་ཉེ་གནས་དང༌། མཁན་པོ་དང༌། སློབ་དཔོན་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཅུགས་པའི་གཏམ་འདྲེས་པ་དང༌། ལྷན་ཅིག་ཏུ་བག་ཕེབས་པའི་གཏམ་སྨྲ་བ་ཕེབས་པར་སྨྲ་བ་དང༌། གང་དང་ལྷན་ཅིག་གནས་གཅིག་ན་འདུག་པ་དང་ལམ་གཅིག་ཏུ་འགྲོགས་པས་འདྲེས་པའི་སྨོན་འདྲིན་དང༌། གང་གིས་གང་མཐོང་ངམ་ཐོས་མ་ཐག་རྗེས་སུ་མཐུན་
པའི་རྐྱེན་མེད་པར་ཡང་དགའ་བ་ཡོད་པའི་འགྲོགས་བཤེས་ཀྱིས་ནད་གཡོག་བྱའོ། །ལྷན་ཅིག་གནས་པ་ལ་སོགས་པའི་ནད་གཡོག་བྱེད་པ་དང་པོ་མེད་ན། ཉེ་གནས་ལ་སོགས་པ་འོག་མ་རྣམས་ཀྱིས་ནད་གཡོག་བྱའོ། །ནད་གཡོག་བྱ་བའི་སྐབས་འདིར་སློབ་དཔོན་སྨོས་པས་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་པས། ནད་གཡོག་མཁན་པོ་མེད་ན་གནས་ཀྱི་སློབ་དཔོན་གྱིས་ནད་གཡོག་བྱ། དེ་མེད་ན་ལས་བྱེེད་པས་སོ། །དེ་མེད་ན་གསང་སྟེ་སྟོན་པས་སོ། །དེ་མེད་ན་དགེ་ཚུལ་དུ་སྒྲུབ་པར་བྱེད་པས་སོ། །དེ་མེད་ན་ཀློག་པའི་སློབ་དཔོན་གྱིས་ནད་གཡོག་བྱའོ། །ནད་གཡོག་བྱ་དགོས་པ་རྣམས་ཅིག་ཅར་ན་ཞིང་ཐམས་ཅད་ཀྱི་ནད་གཡོག་བྱེད་མི་ནུས་ན་གནས་པར་བྱ་བའི་ནད་གཡོག་བྱའོ། །གནས་དུ་མ་ཡོད་ན་གནས་གང་དང་ཞུ་ཞིང་ལྷན་ཅིག་འཇུག་པའི་ནད་གཡོག་བྱའོ། །ནད་གཡོག་གི་སྐབས་འདིར། རབ་བྱུང་དེའི་རྟགས་བརྩམས་པ་སྐྲ་བྲེགས་པ་ལ་སོགས་པ་བྱས་པ་དེ་ཡང་རབ་ཏུ་བྱུང་བ་དང་འདྲ་བར་ནད་གཡོག་བྱའོ། །ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་དོར་རོ། །ཇི་ལྟར་མི་དོར་ན། ཚངས་པ་མཚུངས་པར་སྤྱོད་པ་ན་བ་དེ་ལ་ནད་གཡོག་མེད་ན་གཅིག་དང་གཉིས་ལ་སོགས་པ་ནས་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་ནད་གཡོག་བསྐོ་བར་བྱའོ། །གཉིས་པ་ནི། དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་གི་ནད་གཡོག་སོགས་ཀྱིས་སྤྱད་དུ་མི་རུང་ངོ༌། །དགེ་འདུན་གྱིསྨན་དང་ནད་པ་རང་གི་སྨན་མེད་པ་ཉིད་ཡིན་ན་སྨན་དེ་ནད་གཡོག་གིས་ཡོན་བདག་གཞན་འཚོལ་དུ་གཞུག་གོ །ཡོན་བདག་ལ་བཙལ་ཡང་མ་འབྱོར་ན་དགེ་འདུན་གྱི་དཀོར་ལས་སྨན་ཉོ་བའི་ཟོང་སྦྱིན་པར་བྱའོ། །དགེ་འདུན་གྱི་ཟོང་མེད་ན་སངས་རྒྱས་ཀྱི་དཀོར་ཟས་སྦྱིན་ཞིང༌། ཐ་ན་སྐུ་གཟུགས་ལ་གསོལ་བ་དང༌། མཆོད་རྟེན་ལ་བཏགས་པའི་རྒྱན་ལ་སོགས་པ་མན་ཆད་ཀྱང་
སྦྱིན་པར་བྱའོ། །ནད་པ་རང་དང་དེའི་འཁོར་གྱིས་མ་འབྱོར་ན། ནད་པ་དེའི་ཕྱིར་དུ་དགེ་འདུན་གྱི་དཀོར་ལས་དཀོན་མཆོག་གསུམ་ལ་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི་མཆོད་པ་བྱའོ། །དགེ་འདུན་གྱི་དཀོར་མེད་ན་སངས་རྒྱས་ཀྱི་དཀོར་ལས་ཐམས་ཅད་བྱའོ། །དགེ་འདུན་དང་སངས་རྒྱས་དེ་གཉིས་ཀྱི་དཀོར་ལས་བླངས་པ་ནད་པ་དེས་མ་ཤི་ལ་འབྱོར་བ་ཡོད་ན་བསབ་པར་བྱ་ལ། མེད་ན་མ་བསབས་ཀྱང་ཉེས་པ་མེད་དེ། བསམ་པ་དག་པའི་ཕྱིར་དང༌། ཞིང་ཆེན་པོའི་གནས་སྐབས་སུ་སྤྱད་པའི་ཕྱིར་རོ། །གསུམ་པ་ནི། ནད་གཡོག་གིས་ནད་པ་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ། །ནད་པ་དེའི་ཚིག་དོན་དང་ལྡན་པ་འཚོ་བ་ལ་ཕན་པ་དང༌། ཆོས་དང་ལྡན་པ། བསོད་ནམས་ལ་ཕན་པ་ནད་གཡོག་གིས་གཅག་པར་མི་བྱ། ནད་པ་དེ་ལྷག་པར་ཆགས་པའི་དངོས་པོ་ལྷུང་བཟེད་ལ་སོགས་པ་ཁྱེར་ཤོག་ཅེས་འགུགས་ན། ནད་གཡོག་གིས་དགག་པར་མི་བྱ་བར་བསྟན་པར་བྱའོ། །ནད་གཡོག་གིས་ནད་པ་དེ་ལ་མི་གདམས་པར་མི་བྱ་བར་གདམས་ངག་སྦྱིན་ནོ། །ནད་གཡོག་གིས་བྱིན་པའི་གདམས་ངག་དེ་ནད་པས་འདའ་བར་མི་བྱའོ། །ནད་གཡོག་དེས་ནད་ པ་དེ་འཆིར་དོགས ་ན་དགེ་འདུན་གྱི་མལ་སྟན་ལས་ནད་པ་དེ་བླངས་ཏེ་གང་ཟག་གི་མལ་སྟན་ལ་གཞག་པར་བྱའོ། །ཐབས་གང་གིས་གཞག་ཅེ་ན། བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱི་སྒྱུ་ཐབས་ཀྱིས་གཞག་པར་བྱའོ། །འཆིར་དོགས་པའི་གནས་སྐབས་ཇི་ལྟར་ཤེས་པར་བྱ་ཞེ་ན། འཆི་བ་དེའི་གནས་སྐབས་ཀྱི་རྟགས་འཆི་ལྟས་སོགས་ཡོངས་སུ་བརྟག་པ་ལ་ཡང་དང་ཡང་དུ་འབད་པར་བྱའོ། །ནད་པ་དེས་རྨེ་ཞིང་བཙོག་པར་བྱས་པའི་ཤི་བའི་གོས་དེ་དག་བཀྲུ་བ་ནི། ནད་གཡོག་དེས་བྱ་བ་ཉིད་ཡིན་ནོ། །གསུམ་པ་གནས་བརྟན་དང་ཕྱི་བཞིན་འབྲང་བའི་ཚུལ་ཁྲིམས་ལ་གསུམ། ཕན་ཚུན་བསྡད་པའི་སྐབས་དང༌། གནས་བརྟན་གྱི་ཚུལ་ཁྲིམས་དང༌། ཕྱི་བཞིན་འབྲང་བའི་ཚུལ་ཁྲིམས་སོ། །
དང་པོ་ནི། དགེ་འདུན་འདུས་པ་ན་གྲོང་ལ་སོགས་པར་འགྲོ་བའི་ཚེ་དགེ་འདུན་དེའི་གནས་བརྟན་དགེ་འདུན་རྣམས་ཀྱི་མདུན་དུ་འགྲོ་བར་བྱའོ། །འགྲོ་བའི་ཚེ་དགེ་སློང་དག་ཐོགས་ན་གནས་བརྟན་གྱིས་བསྡད་པར་བྱའོ། །དགེ་སློང་དེ་དག་གིས་གནས་བརྟན་དེ་ཐོགས་ན་བསྡད་པར་བྱའོ། །ཡང་ཞེས་པས་གནས་བརྟན་འབའ་ཞིག་ཏུ་མ་ཟད་དགེ་སློང་དེ་དག་ཕན་ཚུན་ཐོགས་ན་ཡང་བསྡད་པར་བྱའོ། །གནས་བརྟན་ནང་ནས་མ་བྱུང་བ་ལ་དགེ་སློང་དག་གིས་མི་རིང་བར་སོང་སྟེ་བསྡད་པར་བྱའོ། །གནས་བརྟན་གྲོང་གི་ཉེ་འཁོར་དུ་ཐོགས་པ་ལ་ཡང་དགེ་སློང་དག་གིས་བསྡད་པར་བྱའོ། །གལ་ཏེ་དགེ་སློང་དག་གྲོང་དུ་འཇུག་པ་ན་གནས་བརྟན་ཕྱི་བཞིན་འོང་བ་སྣང་ན་ཡང་བསྡད་པར་བྱའོ། །དགེ་སློང་རྣམས་དེ་ལྟར་བསྡད་པ་ན་གལ་ཏེ་གྲོང་ནས། སྦྲོན་པ་འོང་ན་ཡང་སྦྲོན་པ་དེ་ལ་དགེ་སློང་རྣམས་ཀྱིས་གནས་བརྟན་མ་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཟས་ཀྱི་ཕྱིར་གྲོང་དུ་སོང་བ་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་གནས་བརྟན་བསྒུགས་པའི་དུས་ཡོད་ན་ཡང་བསྡད་པར་བྱ་འོངས་ཀྱི་བར་དུ་ཅུང་ཟད་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གདུགས་ཚོད་ལ་བབ་ན་བསྒུགས་པའི་དུས་མེད་ན་གྲལ་མགོ་དེར་གནས་བརྟན་དེའི་སྟན་གཞག་པར་བྱའོ། །གཉིས་པ་ནི། གནས་བརྟན་གྱིས་དགེ་སློང་རྣམས་ཁྱིམ་གྱི་ནང་དུ་འདུག་པ་དང་ཕྱི་རོལ་ཏུ་ཡང་འདི་ན་ཁ་ཅིག་ལེགས་པར་མ་བགོས་པ་དང་ལེགས་པར་སྦྱངས་པར་མ་གྱུར་ཏམ་ཞེས་སོ་སོར་བརྟག་པར་བྱའོ། །བརྟགས་པ་ན་སྟོད་གཡོགས་ལེགས་པར་མ་བགོས་པ་ཉིད་དམ། སྨད་གཡོགས་ལེགས་པར་མ་སྦྱངས་པ་ཉིད་ཡིན་ན། ཆ་ལུགས་མཛེས་པར་བྱ་བའི་ཕྱིར་ལེགས་པར་མ་བགོས་པ་དང་མ་སྦྱངས་པ་དེ་གཉིས་ལ་ལག་བརྡ་སོགས་བྱའོ། །བརྡ་བྱས་ཀྱང་མ་གོ་ན་དེ་གཉིས་ཀྱི་དྲུང་ན་མོ་བརྡ་བྱེད་དུ་གཞུག་གོ །དྲུང་ན་མོས་
བརྡ་བྱས་ཀྱང་མཛེས་པར་མ་གྱུར་ན་གནས་བརྟན་རང་གིས་མཛེས་པར་བྱའོ། །གནས་བརྟན་གྱིས་གསར་བུ་དེ་དག་ལ་འདུ་འཛིའི་གཏམ་ཀུན་ཏུ་སྨྲ་བར་མི་བྱའོ། །གཙུག་ལག་ཁང་དང་དགོན་པ་དེར་གསར་བུ་དེ་དག་གིས་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཇུག་པ་གནས་པ་ཀུན་ཏུ་སྤྱོད་པ་སོགས་དེ་འཛིན་དུ་གཞུག་པར་བྱ་ཞིང་ཚུལ་ཁྲིམས་དེ་ལ་ནན་ཏན་བྱ་བ་ལ་ངེས་པར་སྦྱར་བར་ཡང་བྱའོ། །དགེ་སློང་གློ་བུར་དུ་འོངས་པས་ནི་རང་གི་འཁོར་ལྷན་ཅིག་ཏུ་འོངས་པ་རྣམས་ལ་སོ་སོར་བརྟགས་བགྲངས་ནས་གནས་མལ་གྱི་ཕྱིར་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ། །འགྲོ་བར་ཆས་པའི་གནས་བརྟན་གྱིས་ནི་གང་དུ་འགྲོ་བའི་ཕྱོགས་དང་གང་ནས་འགྲོ་བའི་ལམ་དང་ལམ་གྲོགས་མགྲོན་པོ་དང་དགོན་པ་སོགས་གནས་དང་དེར་ཕྱིན་པ་རྣམས་ཀྱི་གནས་མལ་དང་གྲོགས་ན་ན་གང་གིས་ཀྱང་མི་འདོར་བ་ཉིད་བརྟགས་ནས་འཕག་པར་བྱའི་གཞན་དུ་མི་འཕག་གོ །འགྲོ་བར་ཆས་པའི་གནས་བརྟན་གྱིས་གནས་ནས་རིང་པོར་མ་སོན་པར་གཞི་ནས་ཆ་བ་སོགས་བྱ་བ་ཐམས་ཅད་ཟིན་པའི་ཐ་མར་དགེ་སློང་ལ་ལའི་རྫས་ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ། །འགྲོ་བར་ཆས་པའི་གནས་བརྟན་གྱིས་གསར་བུ་རྣམས་མི་རྒོད་པ་ཉེ་བར་ཞི་བ་ཉིད་དང་མ་ཁེངས་པ་ང་རྒྱལ་བཅོམ་པ་ཉིད་ལ་ངེས་པར་སྦྱར་བར་བྱའོ། །གྲོང་དུ་ཕྱིན་པའི་ཚེ་ཁྱིམ་ཕྱིར་ཉེ་བ་ན་འགྲོ་བའི་གནས་བརྟན་དུ་མ་ཟད་གནས་བརྟན་ཐམས་ཅད་ཀྱིས་གསར་བུ་དང་རྒན་པ་ཐམས་ཅད་ཀྱང་མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་སྦྱར་བར་བྱའོ། །འགྲོ་བར་ཆས་པའི་གནས་བརྟན་གྱིས་རང་གི་འཁོར་མིང་ལ་སོགས་པའི་མཚན་མས་ཀུན་ཤེས་པར་བྱའོ། །བསོད་སྙོམས་ལ་སོགས་པའི་སྤྱོད་ཡུལ་དང་འཆག་པ་ལ་སོགས་པའི་སྤྱོད་ལམ་བསྟན་པ་དང༌། ལུང་ནོད་པ་དང་ཁ་ཏོན་ལ་སོགས་པ་དང་བཟའ་བཏུང་སོགས་
ཟས་ཀྱི་རྙེད་པ་དང༌། སྨན་དང་ནད་གཡོག་སོགས་ཀྱིས་ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པའི་བྱ་བ་བསྒྲུབས་པས་གསར་བུ་རྣམས་ལ་ཕན་གདགས་པར་བྱའོ། །དབྱར་གནས་པར་ཁས་བླངས་པའི་གནས་བརྟན་གྱིས་གཙུག་ལག་ཁང་བྱི་དོར་མི་བྱེད་པ་ལ་ནི་གྲོས་བཏབ་སྟེ་བྱི་དོར་བྱེད་དུ་གཞུག་ཅིང་རང་ཉིད་ཀྱིས་བྱི་དོར་བྱེད་པ་ལ་ནི་རབ་ཏུ་བྱུང་བའི་ཚུལ་དང་མཐུན་ནོ་ཞེས་སྤྲོ་བར་བྱའོ། །གནས་བརྟན་ཐམས་ཅད་ཀྱིས་རང་གི་འཁོར་དུ་གཏོགས་པ་ཆོས་ཀྱི་གཏམ་འདོད་པ་དག་ལ་གང་ལ་གང་འོས་དང་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབས་པས་ཕན་གདགས་པར་བྱའོ། །འཕགས་པའི་མི་སྨྲ་བ་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ལ་དགའ་བ་དག་བཏང་སྙོམས་སུ་གཞག་གོ །ཚུལ་བཞིན་ཡིད་བྱེད་མེད་པར་གྱི་ནར་ཁ་རོག་འདུག་པ་ལ་བཏང་སྙོམས་སུ་མི་གཞག་གོ །གནས་བརྟན་གྱིས་གཙུག་ལག་ཁང་དུ་ཁྱིམ་པ་ཉེ་བར་འོངས་པའི་འཚལ་མ་ཟན་སྦྱོར་དུ་གཞུག་གོ །དེ་ལྟར་བཅུག་པ་ན། དགེ་སློང་དག་ཟས་ཀྱི་སྟ་གོན་མི་བྱེད་དམ། ཁྱིམ་པ་ཟན་མི་འདོད་ན་གནས་བརྟན་གྱིས་ཁྱིམ་པ་དེ་དག་ལ་སྦྱིན་པ་ལ་སོགས་པ་ཆོས་དང་ལྡན་པའི་གཏམ་བྱས་ནས་དེ་དག་དགའ་བར་བྱ་བའི་ཕྱིར་བདག་ཅག་དགེ་སློང་རྣམས་ལ་ཆོས་ཀྱི་སྦྱིན་པ་འདི་ཡོད་དོ་ཞེས་བརྗོད་པར་བྱའོ། །གནས་བརྟན་དུ་མ་ཟད་འཁོར་དེ་དང་ལྡན་པའི་དགེ་སློང་ཐམས་ཅད་ཀྱིས་རང་རང་གི་འཁོར་ལ་སོ་སོར་བརྟག་པར་བྱའོ། །བརྟགས་པ་ན་མི་དགོས་པ་བྱེད་པའི་དོན་མེད་པར་སྤྱོད་པས་དུས་འདའ་བར་བྱེད་ན་ཚར་བཅད་དོ། །འཁོར་དང་ལྡན་པའི་དགེ་སློང་གིས་འཁོར་དེ་ལ་འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པ་འཁོར་དེ་ཇི་ལྟ་བ་བཞིན་བྱའོ། །འཕྲོས་གཏམ་སྣ་ཚོགས་དང༌། གཏམ་ཆོས་འདུལ་བ་དང་འགལ་བ་མེད་པར་བྱའོ། །གསུམ་པ་ནི། ཕྱི་བཞིན་འབྲང་བའི་དགེ་
སྦྱོང་རང་གི་གནས་ཀྱི་མདུན་དུ་འགྲོ་བར་མི་བྱའོ། །གནས་བརྟན་གྱི་གོང་དུ་འདུག་པ་དང་འགྲེང་བར་ཡང་མི་བྱའོ། །བླ་མས་སྨྲས་ན་དེའི་འོག་ཏུ་ལན་སྨྲ་བར་བྱ་ཞིང༌། ཡང་ན་བླ་མས་སྨྲས་པ་དེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་ཅང་མི་སྨྲ་བར་བསྒྲུབ་པར་བྱའོ། །བླ་མའི་གཏམ་གྱི་བར་ཆད་མི་བྱའོ། །གཏན་ནས་མི་བྱའམ་ཞེ་ན། བླ་མས་ཆོས་མ་ཡིན་པ་མི་རིགས་པ་སྨྲ་ན་བཟློག་པར་བྱའོ། །བླ་མས་ཆོས་ཀྱི་གཏམ་སྨྲ་ན་ལེགས་སོ་ཞེས་རྗེས་སུ་ཡི་རང་བར་བྱའོ། །བླ་མ་ལ་ཆོས་དང་ལྡན་པའི་རྙེད་པ་བྱུང་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་བླང་བར་བྱ་སྟེ། བླ་མ་རང་གིས་ལེན་པ་ཚུལ་མ་ཡིན་པའི་ཕྱིར་རོ། །བཞི་པ་དེ་ལས་གཞན་པའི་ཚུལ་ཁྲིམས་ལ་ལྔ། ཁྱིམ་དུ་འགྲོ་བའི་ཚུལ་ཁྲིམས། དྲན་པ་དང་ལུང་ལ་བརྟེན་པ། གཉུག་མར་བའི་ཚུལ་ཁྲིམས། གསར་བུའི་ཚུལ་ཁྲིམས། གཡོག་འཁོར་དང་གནས་བསྐྱང་བའོ། །དང་པོ་ནི། དགེ་སློང་ཁྱིམ་དུ་འགྲོ་བས་ཁྱིམ་དུ་མི་རྒོད་པ་དང་མ་ཁེངས་པ་དང་ཁྱིམ་དུ་ཡུན་རིང་དུ་མི་གནས་པར་མྱུར་དུ་ཕྱིར་འགྲོ་བའི་སེམས་བྱའོ། །ཡུལ་རྣམས་ལས་མིག་ཕྱིར་བསླན་པའི་མིག་སྨད་པ་དང༌། ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །ཇི་ལྟར་བྱ་ན། སྦྱིན་པ་སྟེ། གང་གིས་སྦྱིན་པར་བྱེད་པ་ལུས་ངག་གི་ལས་ཀུན་སློང་དང་བཅས་པ་དང༌། སྦྱིན་པར་བྱ་བ་དངོས་པོ་སྟེ། དེ་ཡང་སྦྱིན་བདག་དང་དངོས་པོ་དང་ཞིང་གི་ཁྱད་པར་དུ་འགྱུར་ཚུལ་སྟོན་པ་སྟེ། མཛོད་དུ། དེ་ཡི་ཁྱད་པར་སྦྱིན་བདག་དང༌། །དངོས་དང་ཞིང་གི་ཁྱད་པར་ལས། །སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། །གུས་ལ་སོགས་པ་སྦྱིན་པར་བྱེད། །དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང༌། །དུས་དང་བར་ཆད་མེད་པར་རྙེད། །ཁ་དོག་ལ་སོགས་ཕུན་སུམ་དངོས། །དེ་ལས་གཟུགས་བཟང་གྲགས་ལྡན་པ། །དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རེག་ན་བདེ་ལུས་འགྱུར། །འགྲོ་དང་སྡུག་བསྔལ་ཕན་འདོགས་དང༌། །ཡོན་ཏན་རྣམས་ཀྱིས་
ཞིང་ཁྱད་འཕགས། །ཞེས་སོགས་དང༌། གཞིར། བློ་ལྡན་ཆོས་དང་མཐུན་པ་ཡིས། །ནོར་རྙེད་བསག་པར་མི་བྱ་སྟེ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡི། །ཡོན་གནས་ལ་ནི་ཡོན་དུ་འབུལ། །དགེ་སྦྱོང་བྲམ་ཟེ་ངེས་པ་དང༌། །ཕོངས་པ་ལེགས་པར་ཚིམ་བྱས་ན། །ཤེས་རབ་ཅན་དེ་ལུས་ཞིག་ནས། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །མཁས་པས་དེ་ལྟར་ཤེས་བྱས་ནས། །དད་ལྡན་ཆགས་པ་མེད་སེམས་ཀྱིས། །ཡོན་གནས་རྣམས་ལ་བྱིན་པ་ནི། དཔའ་བོ་སེར་སྣ་མེད་པས་བསྔགས། །ཞེས་སོ། །དབང་པོ་རྣམས་དུལ་བ་དང༌། ལུས་ངག་ཡང་དག་པར་བསྡམ་པ་དང༌། རབ་བྱུང་གི་ཚུལ་ཁྲིམས་དང་ཁྱིམ་པ་ལ་ཡང་ཇི་སྲིད་འཚོའི་བར་དུ་མི་ཚངས་སྤྱོད་སྤོང་བའི་ཚངས་པར་སྤྱོད་པ་ལ་གནས་པ་དང༌། གསོ་སྦྱོང་བསྙེན་གནས་ཡན་ལག་བརྒྱད་པ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་ལྔ་བཟུང་བའི་དགེ་བསྙེན་དག་ལ་ཁྱིམ་པ་དེ་དག་ངེས་པར་སྦྱར་བར་བྱའོ། །གཉིས་པ་ནི། ཁྱིམ་དུ་འདུག་པ་དང༌། བསོད་སྙོམས་ལེན་པ་དང༌། འགྲོ་འདུག་སོགས་ལྟུང་བ་འབྱུང་བའི་སྒོར་གྱུར་པའི་ལུས་ངག་གི་འཇུག་པ་ཐམས་ཅད་ལ་ལྟུང་བ་མི་འབྱུང་བ་དེ་ལྟར་དང་པོ་ནས་དྲན་པས་བསྒྲུབ་པར་བྱའོ། །རྗེས་སུ་འགྲོ་བ་བླ་མས་བསླབས་པ་དེ་སློབ་མས་མི་བྱ་བར་མི་བྱའོ། །གསུམ་པ་ནི། ཁྱིམ་པའམ་རབ་བྱུང་ཞིག་གཙུག་ལག་ཁང་དུ་འོངས་པ་ལེགས་ཞེས་འོངས་པས་བརྗོད་པའི་སྔར་སྙན་པ་བརྗོད་པར་བྱའོ། །འོངས་པ་ལ་ངོམ་ཟུམ་མེད་པར་བཞིན་གྱི་མདངས་གསལ་བར་བྱའོ། །འོངས་པ་དེ་ལ་འཛུམ་པ་ཡིད་ཙམ་རྒོད་པ་སྔར་བྱའོ། །ཁྲོ་གཉེར་མེད་པར་བྱའོ། །གལ་ཏེ་ཁྱིམ་པ་ཞིག་གཙུག་ལག་ཁང་དུ་འོངས་ན་དེ་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །དགེ་སློང་གྲོང་མཐའ་པས་ནི་གཙུག་ལག་ཁང་དེར་ཁྱིམ་པ་མི་འོང་ན་ཀུན་དགའ་བར་འགྱུར་བ་ཟས་སྐོམ་ལ་
སོགས་པ་ཅི་ནུས་པ་བསླུག་པས་ཏེ་སྦྱིན་པར་བྱའོ། །དགོན་པ་པས་ཁྱིམ་པ་འོངས་པ་ལ་ཆུ་དང་སྟན་བསྟབ་པར་བྱའོ། །བཞི་པ་ནི། ཕྱག་བདར་དང་མལ་དང་སྟན་བཤམ་པ་དང་ཆུ་བཞག་པ་དང༌། ཤིང་ཐོག་བྲིམ་པ་དང༌། ལྷུང་བཟེད་ལ་སོགས་པར་ཟན་དྲང་བ་ནི་གསར་བུས་བྱའོ། །ལྔ་པ་ནི། གཡོག་འཁོར་གྱི་བྱ་བ་ཚུལ་དང་མི་མཐུན་པ་ལྷ་དྲག་པོའི་རྟེན་འཛུགས་པ་སོགས་གལ་ཏེ་དགེ་སློང་རང་དང་ཡུལ་མི་ལྟ་བུ་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་གཞག་གོ །གལ་ཏེ་དེས་རང་གཞན་ལ་གནོད་པ་དེ་ལྟར་ན་དྲག་པོས་རྒྱུན་བཅད་ནུས་ཀྱང་བྱ་བ་མི་མཐུན་པ་དེ་དག་རྒྱུན་བཅད་ལ་ལོ་ལྔའི་དུས་སྟོན་སོགས་ཆོས་དང་ལྡན་པའི་སེམས་བསྐྱེད་ནས་དགེ་བ་བྱ་བ་དེས་གྲོས་གདབ་པར་བྱའོ། །ཆོས་དང་ལྡན་པའི་བྱ་བ་ལ་བཞག་པ། དེའི་གཞི་ལས་གཡོག་འཁོར་མི་དགའ་ཞིང་ཡུལ་གཞན་དུ་འཕོ་བ་ལྟ་ན་དེ་དག་ཅི་ནས་ཀྱང་གཞན་དུ་མི་འགྲོ་ཞིང་བྱ་བ་མི་མཐུན་པ་དེ་ཡང་རྒྱུན་གཅོད་པར་སྦྱིན་པ་དང་སྙན་པར་སྨྲ་བ་སོགས་ཀྱིས་ཕྱིར་བསྡུ་བར་བྱའོ། །རང་གཞན་ལ་གནོད་པའི་གཡོག་འཁོར་གྱི་བྱ་བ་མི་མཐུན་པ་དེ་ཐབས་གང་གིས་ཀྱང་རྒྱུན་གཅོད་པར་མི་ནུས་པ་ཉིད་ཡིན་ན། བདག་ཉིད་གནས་གཞན་དུ་འགྲོ་བར་བྱའོ། །བྱ་བ་མི་མཐུན་པ་རྒྱུན་གཅོད་པ་དང་ཆོས་ལྡན་ལ་བཞག་པ་དེའི་རྐྱེན་གྱིས་གཡོག་འཁོར་དང་ལྷན་ཅིག་རྩོད་ཅིང་འཐབ་པའི་ཚིག་སྨྲ་བར་མི་བྱའོ། །དགེ་འདུན་གྱི་ཀུན་དགའ་ར་བར་ཆོམ་རྐུན་སོགས་ཀྱིས་གནོད་པ་བྱེད་ན་ཅི་ནས་ཀྱང་གཡོག་འཁོར་གྱིས་རྐུན་པོ་དེ་ཉིད་འཛིན་དུ་གཞུག་པའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་བྱའོ། །གཡོག་འཁོར་འཛིན་དུ་མི་འགྲོ་ན། བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་རྒྱལ་ཚབ་ཏུ་དབང་བསྐུར་བའི་གཞོན་ནུ་དང་རྒྱལ་པོའི་མཛའ་བཤེས་དང་ཞང་བློན་དང་རྒྱལ་པོས་བཀྲབས་པ་དང༌། རྒྱལ་པོའི་ཞབས་འབྲིང་གཉུག་མ་དག་ལ་སྐད་སྦྱར་ཏེ་མི་རིགས་པའི་ཆད་པས་མི་གཅོད་པའི་
གྲྭ་དག་པར་ཐུལ་འོག་ཏུ་གཞུག་ཅིང་ཕམ་པར་བྱའོ། །དགེ་སློང་གི་སྐབས་སྨྲས་ཟིན་ཏོ། །གཉིས་པ། བུད་མེད་ཀྱི་ཆོ་གའི་ཁྱད་པར་ལ་གསུམ། སྦྱོར་བའི་ཆོ་གའི་ཁྱད་པར། མཇུག་ཏུ་བརྗོད་པའི་ཁྱད་པར། འགལ་རྐྱེན་བར་ཆད་ཀྱི་ཁྱད་པར་རོ། །དང་པོ་ལ་ལྔ་ལས། སྡོམ་པ་སྐྱེ་བའི་གནས་ཀྱི་ཁྱད་པར་ནི། བུད་མེད་རབ་བྱུང་སོགས་ཇི་ལྟར་བྱ་ཞེ་ན། སྐྱེས་པ་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་དེ་བུད་མེད་ཀྱི་ཡང་ཡིན་ནོ། །ཁྱད་པར་མེད་དམ་ཞེ་ན། སྐྱེས་པའི་ཆོ་གའི་སྐབས་སུ་དགེ་སློང་ཞེས་སྨོས་པ་དག་གི་གནས་སུ་འདིར་དགེ་སློང་མ་ཞེས་བརྗོད་དེ། དཔེར་ན། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་པ་དེར་དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་དང༌། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་དེར། དགེ་སློང་མའི་དགེ་འདུན་ལ་ཞུ་བའི་དགེ་སློང་མ་ལ་གཏད་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །འོ་ན་དགེ་སློང་གི་གནས་ཐམས་ཅད་དུ་དགེ་སློང་མ་ཞེས་བརྗོད་པར་བྱ་བས་ཁྱབ་བམ་ཞེ་ན། རབ་ཏུ་འབྱུང་བ་ཐམས་ཅད་ཀྱི་སྐབས་སུ་དགེ་སློང་གི་གནས་སུ་དགེ་སློང་མ་ཞེས་བརྗོད་པར་བྱའོ། །བསྙེན་རྫོགས་ཀྱི་སྐབས་སུ་ཇི་ལྟར་བྱ་ཞེ་ན། བསྙེན་པར་རྫོགས་པར་བྱེད་པ་ལ་ནི་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པ་དེ་གསོལ་བ་ལ་སོགས་པ་དགེ་སློང་གིས་བྱེད་དགོས་པས་དེ་ལས་གཞན་པའི་གསང་སྟེ་སྟོན་པ་དང་མཁན་པོ་ལ་སོགས་པ་དགེ་སློང་ཞེས་སྨོས་པའི་གནས་སུ་དགེ་སློང་མ་ཞེས་བརྗོད་པར་བྱའོ། །ཁྱད་པར་གཞན་མེད་དམ་ཞེ་ན། བུད་མེད་བསྙེན་པར་རྫོགས་པར་གསོལ་བ་ལ་སོགས་པའི་སྐབས་འདིར་དགེ་སློང་མའི་དགེ་འདུན་གྱི་སྟེང་དུ་དགེ་སློང་གི་དགེ་འདུན་གྱིས་བསྣན་པར་བྱའོ། །གཉིས་པ་བར་ཆད་དྲི་བའི་ཁྱད་པར་ནི། མའི་དགེ་འདུན་འབའ་ཞིག་དང་གཉིས་
ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལ་ལན་འདེབས་པའི་ཚིག་དག །དགེ་སློང་མས་བསྒྲིབས་པ་སྟེ་བར་དུ་བཅད་པ་ལ་བྱ་སྟེ། ངོ་མི་ཚ་བར་བྱ་བའི་ཕྱིར་རོ། །གསུམ་པ་བསླབ་པའི་ཚིགས་ཀྱི་ཁྱད་པར་ལ་བཞི་ལས། ཚིགས་གཞན་ཡོད་པ་ཉིད་དུ་བསྟན་པ་ནི། བུད་མེད་ལ་ནི་དགེ་ཚུལ་མ་དང་དགེ་སློང་མའི་བར་ན་དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་དོ། །གཉིས་པ་མཁན་མོ་ལ་བརྟེན་དགོས་པར་བསྟན་པ་ནི། དགེ་སློང་མ་དེ་ཡང་དགེ་སློབ་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ཁོ་ན་ལ་ཡོད་དོ། །གསུམ་པ་སྦྱིན་པ་དང་སྤྱད་པའི་དུས་ནི། དགེ་སློབ་མ་དེ་སྐབས་གང་དུ་སྦྱིན་དུས་ཇི་སྲིད་དུ་སྤྱད་ཅེ་ན། དགེ་ཚུལ་མ་ཉིད་ཐོབ་པ་དང༌། དགེ་སློང་མ་ཉིད་མ་ཐོབ་པའི་བར་སྐབས་སུ་སྦྱིན་ཞིང་སྤྱད་པའི་དུས་ནི་ལོ་གཉིས་སོ། །ལོ་གཉིས་ལས་ལྷག་ན་ཡང་བརྟུལ་ཞུགས་དེ་མི་ཉམས་ཤིང་བསྲུང་དགོས་མོད། འོན་ཀྱང་ལོ་གཉིས་སུ་མ་སྤྱད་པར་བསྙེན་རྫོགས་མི་བྱའོ་ཞེས་དུས་ངེས་པ་མཛད་པ་ཡིན་ནོ། །དེ་གཉིས་ཀྱི་བར་ལ་ཡུན་རིང་པོ་ཡོད་ན་གང་ལ་སྐྱེ་ཞེ་ན། བུད་མེད་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོར་དགེ་སློབ་མ་སྤྱད་པའི་དུས་ལོ་གཉིས་པོ་དེས་མ་ལོན་པའི་དང་པོ་བཅོ་བརྒྱད་དང་བཅུ་ལོན་པ་ལ་དགེ་སློབ་མའི་སྡོམ་པ་སྐྱེའོ། །གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་དང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བསྙེན་པར་རྫོགས་པའི་དུས་ཡིན་ལ། བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བའི་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ། །བཞི་པ་ཇི་ལྟར་སྦྱིན་པའི་ཆོ་ག་ནི། དེ་ཇི་ལྟར་སྐྱེ་ཞེ་ན། དགེ་སློབ་མ་དེ་སྦྱིན་པ་ལས་སྐྱེའོ། །སུས་སྦྱིན་པ་ལས་སྐྱེ་ན། དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པ་ལས་སྐྱེའོ། །ཇི་ལྟར་སྦྱིན་ཞེ་ན། དགེ་སློབ་མ་སྦྱིན་པ་ནི་བསླབ་པའི་སྡོམ་པ་ཞེས་བྱ་བས་སྦྱིན་གྱི། དགེ་སློབ་མའི་སྡོམ་པའི་མིང་གིས་མི་སྦྱིན་ནོ། །བསླབ་པའི་སྡོམ་པ་བྱིན་ལ། དེའི་འོག་ཏུ་ལས་བྱེད་པ་མོས་དགེ་སློབ་མའི་བསླབ་པ་ཆོས་དྲུག་
དང་རྗེས་སུ་མཐུན་པའི་ཆོས་དྲུག་བརྗོད་པར་བྱའོ། །ཆོས་དྲུག་ནི། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་དང་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང༌། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་པའོ། །རྗེས་སུ་མཐུན་པའི་ཆོས་དྲུག་ནི། གསེར་ལ་གཟུང་བར་མི་བྱ་ཞིང༌། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །ཞེས་པའོ། །དེས་ན་དགེ་སློབ་མའི་སྡོམ་པ་ནི་དགེ་ཚུལ་མའི་སྡོམ་པའི་སྟེང་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤྱོད་པར་ཁས་བླངས་པ་ཙམ་ཡིན་པས། དགེ་ཚུལ་གྱི་སྡོམ་པ་ལས་རྫས་ལོགས་ན་མེད་དེ། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་དུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་ཞེ་ན། སྤང་བྱ་གཉུག་མའི་ཆོས་འཛིན་པས་ཆོས་དྲུག་དང༌། སྤང་བྱ་གློ་བུར་བའི་ཆོས་འཛིན་པས་རྗེས་སུ་མཐུན་པའི་ཆོས་དྲུག་གོ་ཞེས་ཕྲན་ཚེགས་འགྲེལ་པ་ལས་བཤད་དོ། །བཞི་པ་རྒྱུད་སྣོད་དུ་རུང་བའི་ཁྱད་པར་ནི། དགེ་སློབ་མ་ལོ་གཉིས་སྤྱད་པའི་འོག་ཁོ་ནར་བསྙེན་རྫོགས་བྱའམ་ཞེ་ན། ཚངས་པ་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པས་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པ་དེ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །འོ་ན་དེ་མ་བྱས་པར་དགེ་སློང་མའི་སྡོམ་པ་མི་སྐྱེ་བས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། ཕ་ཆོག་གི་བུད་མེད་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་པའི་ཕྱིར་དང༌། ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་བསྙེན་པར་རྫོགས་པ་ཡོད་པའི་ཕྱིར་རོ། །དེས་ན་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་ད་ལྟར་མ་ཆོག་གིས་བསྙེན་རྫོགས་བྱས་ཀྱང་སྡོམ་པ་མི་སྐྱེའོ། །ཚངས་
སྤྱོད་ཉེར་གནས་ཀྱི་སྡོམ་པ་འདི་སྡོམ་པ་བཏགས་པ་བ་ཡིན་ཏེ། འདི་ལ་ཁྱད་པར་གྱི་བསྲུང་བྱ་གང་ལས་ཀྱང་མ་གསུངས་སོ། །དེ་གང་གི་ཚེ་སྦྱིན་ཞེ་ན། གསང་སྟེ་བསྟན་པའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱིས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དེ་སྦྱིན་པར་བྱའོ། །གང་བྱས་ནས་སྦྱིན་ཞེ་ན། དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ལས་བྱེད་པ་མོས་བར་ཆད་དྲིས་ནས་སྦྱིན་ནོ། །ཇི་ལྟར་སྦྱིན་ཞེ་ན། དགེ་སློང་མའི་དགེ་འདུན་ལ་གསོལ་བ་ལན་གསུམ་བཏབ་པ་བྱས་ནས་སྦྱིན་ནོ། །ལྔ་པ་རྟགས་ཀྱི་ཁྱད་པར་ནི། དགེ་སློབ་མ་བསྙེན་པར་རྫོགས་པ་ལ་ཆོས་གོས་དག་ནི་ཐུན་མོང་བས་གསུམ་དང་ཤིང་ང་དཔུང་བཅད་དང༌། རྔུལ་གཟན་ཏེ་ལྔ་ཉིད་དོ། །གཉིས་པ་མཇུག་ཏུ་བརྗོད་པའི་ཁྱད་པར་ནི། གནས་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་པ་གཞན་གསུམ་བརྗོད་ཀྱི་ཤིང་དྲུང་མི་བརྗོད་དེ། དགེ་སློང་མས་དགོན་པར་འདུག་ཏུ་མི་རུང་བའི་ཕྱིར་ཏེ། སྐྱེས་བུ་འཕྱོན་མ་པས་ཚངས་སྤྱོད་རང་དབང་མེད་པར་སུན་འབྱིན་པར་འགྱུར་བའི་ཕྱིར་རོ། །ལྟུང་བར་འགྱུར་བ་རྣམས་ཐུན་མོང་བ་བཞི་དང༌། རེག་པ་དང་ནི་ལུས་བཀན་དང༌། །འཆབ་པ་དང་ནི་བཟློག་པའོ། །ཞེས་པའི་ཐུན་མོང་མ་ཡིན་པ་བཞི་སྟེ་བརྒྱད་ཉིད་བརྗོད་དོ། །ལྕི་བའི་ཆོས་བརྒྱད་རྣམས་བརྗོད་པར་བྱའོ། །བརྒྱད་ནི། དགེ་སློང་མས་དགེ་སློང་རྣམས་ལ་བསྙེན་པར་རྫོགས་པར་གསོལ་བ། ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་བཙལ་བ། དགེ་སློང་མེད་པའི་གནས་སུ་དབྱར་ཁས་མི་བླང་བས་ཏེ་ཕའི་དགེ་འདུན་དང་འབྲེལ་བ་གསུམ། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་སོགས་ཀྱིས་གླེང་བར་མི་བྱ་བ་སྤྱོ་བར་མི་བྱ་བ། གསར་བུ་ལ་ཡང་ཕྱག་བྱ་བ་སྟེ་ཕ་ཡན་གར་པ་དང་འབྲེལ་བ་གསུམ། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་དང༌། དགག་དབྱེ་བྱ་བས་ཏེ་གཉིས་ཀ་དང་འབྲེལ་བ་གཉིས་ཏེ་བརྒྱད་དོ། །དུས་ནམ་གྱི་ཚེ་ལྕི་བའི་ཆོས་རྣམས་བརྗོད་པར་བྱ་ཞེ་ན། ལྟུང་བར་འགྱུར་བ་བརྗོད་པ་རྫོགས་པ་དང༌། དགེ་སྦྱོང་བྱེད་པའི་ཆོས་རྣམས་
མ་བརྗོད་པའི་བར་སྐབས་སུ་བརྗོད་པར་བྱའོ། །གསུམ་པ་བར་ཆད་ཀྱི་ཁྱད་པར་ནི། བཀོལ་བ་དྲུག་པོ་དག་སྦྱར་བར་བྱའོ། །དྲུག་པོ་དེ་ལ་ནི་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ། །དྲུག་པོ་གང་ཞེ་ན། མཚན་གཉིས་ཡོད་པའོ། །མོ་མཚན་དང་བཤང་མགོ་གཅིག་ཏུ་གྱུར་པའི་གེླ་འདམས་པ་མོའི་དབང་པོ་ནས་རྟག་ཏུ་ཟླ་མཚན་ཟག་པའོ། །མངལ་ན་ཟླ་མཚན་གྱི་ཁྲག་མེད་པའི་ཟླ་མཚན་མི་ཟག་པའོ། །ཤེས་རབ་བྱེད་པར། བཅུ་གཉིས་མན་ཆད་ལ་མི་ཟག་པ་དང༌། ལྔ་བཅུ་ཡན་ཆད་ལ་ཁྲག་མི་ཟག་པ་མ་གཏོགས་པར་བཤད། མཚན་ཙམ་ཡོད་པའོ། །དེ་གང་ཞེ་ན། མཚན་མ་ཙམ་དུ་གྱུར་པའི་མོ་མཚན་ཡོད་པ་ནི། མཚན་མ་ཙམ་ཡོད་པ་དེ་ཞེས་བྱའོ། །སྔོན་རབ་ཏུ་བྱུང་བ་བསླབ་པ་ཕུལ་ནས་མཚན་མ་གྱུར་པའོ། །ངག་དོན་ནི། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཕྱིར་ཉེ་བར་འོངས་པ་ལ་དྲུག་པོ་དེ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང༌། དྲུག་པོ་དེ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །རབ་ཏུ་འབྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །གསུམ་པ་ཞུ་བ་ཕལ་ཆེ་བའི་སྐབས་ལ་ལྔ། སྡོམ་པ་སྐྱེ་བ་དང་མི་སྐྱེ་བའི་བར་ཆད། སྐྱེ་ལ་ཉེས་བྱས་ཀྱི་བར་ཆད། བར་ཆད་ཀྱི་མཚོན་དོན། བར་ཆད་ཀྱི་མཚན་ཉིད། སྐྱེ་མི་སྐྱེ་ དོགས་གཅོད་དང་བཅས་པའོ། །དང་པོ་ལ་བཞི་ལས། རྒྱུད་ཀྱི་ཁྱད་པར་གྱིས་སྐྱེ་མི་སྐྱེའི་བྱེ་བྲག་བསྟན་པ ་ནི། ལྷ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་གཉིས་ནི་སོ་ཐར་གྱི་སྡོམ་པའི་ཞིང་ངམ་རྟེན་མ་ཡིན་ནོ། །སྒྲ་མི་སྙན་པ་རྣམས་ལ་སྡོམ་པ་ཡང་དག་པར་ལེན་པ་མེད་པ་དང༌། ཏིང་ངེ་འཛིན་མེད་པ་དང༌། སྡིག་པའི་བྱ་བའི་བསམ་པ་མེད་པའི་ཕྱིར། ཀླུ་ལ་བསྙེན་གནས་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། བར་མ་དགེ་
བ་ཙམ་ལ་དགོངས་པའི་ཕྱིར། མཚན་ལན་གསུམ་གྱུར་པ་ཡང་སྡོམ་པའི་ཞིང་མ་ཡིན་ཏེ། དེ་མ་ནིང་གི་རིགས་ཡིན་པའི་ཕྱིར་རོ། །མཚན་གྱུར་ཐེངས་དང་པོ་གཉིས་ལ་ནི་སྡོམ་པ་མི་ཉམས་སོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར་ཞེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མཚན་གྱུར་ཐེངས་དང་པོ་གཉིས་ལ་དགོངས་པའི་ཕྱིར། སྡོམ་པ་ཡང་དག་པར་ལེན་པ་ཉིད་ཀྱི་ཚེ་མཚན་གྱུར་ན་ཡང་སྡོམ་པ་སྐྱེ་སྟེ་ཕ་ཆོག་མ་ཆོག་གཉིས་ཀས་ཕ་མ་གཉིས་ཀ་བསྙེན་པར་རྫོགས་པར་འགྱུར་བའི་ཕྱིར། གཉིས་པ་ཡུལ་གྱི་ཁྱད་པར་གྱིས་སྐྱེ་མི་སྐྱེའི་བྱེ་བྲག་བསྟན་པ་ནི། མཁན་པོ་དེ་དང་ལྡན་པའི་དགེ་ཚུལ་སོགས་པའི་སྡོམ་པ་སྐྱེ་བ་ལྟར། མཁན་པོ་གཏན་ནས་མེད་པ་ལ་ཡང་སྡོམ་པ་སྐྱེ་བ་ཡོད་དེ། མཁན་པོ་དེ་སྡོམ་པ་མེད་ན་མི་འབྱུང་བའི་རྒྱུ་མིན་པའི་ཕྱིར་དང༌། མཁན་པོའི་བྱ་བ་མ་བྱས་པར་ཡང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་དང༌། མཁན་པོར་མ་གསོལ་བར་ཡང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་དང༌། ཞུ་བར། །མཁན་པོ་མ་མཆིས་པར་རྫོགས་ན་རྫོགས་ཞེས་བྱའམ་མ་རྫོགས་ཞེས་བྱ། རྫོགས་ཞེས་བྱ་སྟེ་རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། གལ་ཏེ་མཁན་པོའི་མིང་མ་བརྗོད་ན་སྡོམ་པ་མི་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཡོད་ན་མིང་བརྗོད་དགོས་པ་ལ་དགོངས་པའི་ཕྱིར། དཔེར་ན་སྤྱོད་ཡུལ་གྱི་གྲོང་བརྗོད་པ་ལ་སོགས་པ་བཞིན་ནོ། །འོ་ན་གཞིར། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་ཁ་ཅིག་མི་འགལ་ཏེ། མཁན་པོའི་བྱ་བ་བྱེད་པའི་དུས་ན་མེད་པ་ལ་མི་སྐྱེ་ལ། དངོས་གཞིའི་དུས་ན་མེད་ཀྱང་སྐྱེ་བའི་ཕྱིར་ཟེར་བ་མི་འཐད་དེ། བྱ་བ་བྱེད་པའི་དུས་ན་ཡོད་པ་ཉིད་ཡོད་པ་ཡིན་པའི་ཕྱིར་དང༌། མཁན་པོའི་བྱ་བ་རྣམས་མ་བྱས་ཀྱང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། ཁ་ཅིག །གོང་མ་
མཁན་པོ་དང་ལྡན་པའི་སྡོམ་པའི་དབང་དུ་བྱས། འདི་མཁན་པོ་དང་མི་ལྡན་པའི་སྡོམ་པའི་དབང་དུ་བྱས་ཟེར་བ་ཡང་མི་འཐད་དེ། དགེ་ཚུལ་གྱི་སྡོམ་པ་ནི་མཁན་པོ་དང་ལྡན་པའི་སྡོམ་པའི་རིགས་ཁོ་ན་ཡིན་པའི་ཕྱིར། ཁ་ཅིག །བསམ་ངོའི་མཁན་པོ་ཡོད་ཅིང་མཚན་ཉིད་པ་མེད་པ་ལ་འདི་གསུངས་ལ། སྔ་མ་བསམ་ངོའི་མཁན་པོ་མེད་པ་ལ་གསུངས་ཟེར་བ་མི་འཐད་དེ། བསམ་ངོར་ཡོད་པ་ཉིད་ཡོད་པ་ཡིན་པའི་ཕྱིར་དང༌། གཞུང་འོག་མ་དང་ཡང་ཟློས་པར་འགྱུར་བའི་ཕྱིར་རོ། །ཁ་ཅིག །མཁན་པོ་གཏན་ནས་མེད་པའམ་ཚུལ་ཁྲིམས་འཆལ་བ་ཅན་ལ་སྡོམ་པ་མི་སྐྱེ་བ་ནི་གཞིའི་དགོངས་པ་ཡིན་ལ། འདིར་ནི། ལོ་བཅུ་མ་ལོན་པའམ། ལྔ་ཕྲུགས་དང་མི་ལྡན་པ་ལྟ་བུ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་གྱི། ཚུལ་ཁྲིམས་དང་ལྡན་པ་ངེས་པར་དགོས་ཏེ། མཁན་པོའི་ཚུལ་ཁྲིམས་རལ་བ་ལ་སོགས་པས་སྡོམ་པ་མ་ཆགས་པའི་ཕྱིར་ཟེར་བའང་མི་འཐད་དེ། མདོ་འདི་གཉིས་དང་འགལ་བ་དང༌། མ་བསད་པའི་གང་ཟག་གིས་ལྷན་ཅིག་གནས་པས་དགྲ་བཅོམ་ཐོབ་པར་གསུངས་པ་དང་འགལ་བའི་ཕྱིར། རང་ལུགས་ནི། སྔ་མ་ད་ལྟར་ཆོ་གས་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྐྱེ་བ་ལ་དགོངས་ལ། འདི་སྐྱེ་ལ་ཉེས་བྱས་ལ་དགོངས་པས་མི་འགལ་ལོ། །མ་མོར། གང་ཟག་བཅུ་ནི་བསྙེན་པར་མ་རྫོགས་ཏེ་མཁན་པོ་མེད་པ་དང༌། ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མཁན་པོ་མེད་པས་ལེན་སེམས་ལོག་པ་ལ་དགོངས་པའི་ཕྱིར། མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང༌། མཁན་པོ་མཚན་ཉིད་པར་འདུ་ཤེས་ན་སྐྱེ་སྟེ། ཞུ་བར། བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་
གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་ན་ནི་བསྙེན་པར་མ་རྫོགས་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ་ཞེས་གསུངས། ལེན་པར་བྱེད་པས་མཁན་པོ་བསྙེན་པར་མ་རྫོགས་པའམ་ཉམས་པ་ཡིན་པས། དགེ་སློང་མ་ཡིན་པར་ཤེས་ནས་ལེན་སེམས་ལོག་ན་མི་སྐྱེའོ། །གསུམ་པ་ཆོ་ག་ཁྱད་པར་ཅན་ལས་ཉམས་པས་མི་སྐྱེ་བར་བསྟན་པ་ནི། བསྙེན་པར་རྫོགས་པར་འདོད་པས་མཁན་པོ་དེ་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ་ཡང་སྡོམ་པ་མི་སྐྱེའོ། །བསྒྲུབ་བྱ་དང་མཁན་པོ་དེ་གཉིས་ཀྱི་མིང་བརྗོད་དགོས་སར་མ་བརྗོད་ན་ཡང་སྡོམ་པ་མི་སྐྱེའོ། །དགེ་འདུན་གྱི་མཚན་བརྗོད་དགོས་སར་མ་བརྗོད་ན་ཡང༌། དགེ་འདུན་དེའི་སྐྱེ་གནས་ཀྱི་སྡོམ་པ་མི་སྐྱེའོ། །བཞི་པ་རྟགས་ལ་སོགས་པ་ཉམས་པས་མི་སྐྱེ་བར་བསྟན་པ་ནི། སྐྲ་དང་ཁ་སྤུ་མ་བྲེགས་པ་སོགས་ཁྱིམ་པའི་རྒྱལ་མཚན་ཅན་དང་གཡང་གཞི་འཆང་བ་སོགས་མུ་སྟེགས་ཅན་གྱི་རྒྱལ་མཚན་ཆ་ལུགས་ཅན་ལ་ཡང་རབ་བྱུང་གི་སྡོམ་པ་མི་སྐྱེའོ། །ཡང་དག་པར་བླངས་པ་སྔོན་དུ་མ་སོང་བར་འཇིག་རྟེན་གྱི་ངོ་ཚ་དང་བྲལ་བ་གོས་མེད་པའི་སྒྲེན་མོ་དང་སེམས་ཤིན་ཏུ་འཁྲུགས་པ་དང༌། བུད་མེད་གང་དང་ཉལ་པོ་བྱས་པའི་སྐྱེས་པ་འཆི་བར་འགྱུར་བའི་མཚན་དུག་མ་དག་ལ་ཡང་སྡོམ་པ་མི་སྐྱེའོ། །ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུས་གནས་ཕྱུང་ལ་སོགས་པའི་ནན་ཏུར་བྱས་པ་བསླབ་པ་ཕུལ་ཏེ་སླར་ཡང་རབ་ཏུ་འབྱུང་བར་གསོལ་བ་ནན་ཏུར་གྱི་རྒྱུ་དེ་ལས་ཟློག་པར་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་སྡོམ་པ་མི་སྐྱེའོ། །གཉིས་པ་སྐྱེ་ལ་ཉེས་བྱས་སུ་འགྱུར་བ་བསྟན་པ་ནི་ཚིགས་སྔ་མ་དགེ་བསྙེན་མེད་པ་ཉིད་ལ་དགེ་ཚུལ་ལ་སོགས་པ་བྱིན་པ་ནི་སྡོམ་པ་སྐྱེ་ལ་ཉེས་བྱས་ཙམ་དུ་ཟད་དོ། །མཁན་པོར་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ཡང་སྡོམ་པ་སྐྱེའོ། བར་ཆད་མ་དྲིས་པར་བསྙེན་པར་རྫོགས་པར་བྱས་ན་ཡང་སྡོམ་པ་སྐྱེའོ། །བར་ཆད་དེ་མེད་པར་
བར་ཆད་དེ་ཡོད་པར་ཁས་ལེན་པ་ལ་སྡོམ་པ་བྱིན་ན་ཡང་སྡོམ་པ་སྐྱེ་ལ་ཉེས་བྱས་སོ། །གསུམ་པ་བར་ཆད་ཀྱི་མཚོན་དོན་ལ་གསུམ་ལས། ལག་རྡུམ་དང་ནད་པས་མཚོན་པའི་དོན་ནི། དབྱིབས་དང་སྐད་ལ་སོགས་པ་སྐྱེས་པའི་རྣམ་པ་འདྲ་བའི་བུད་མེད་དང་བུད་མེད་ཀྱི་རྣམ་པ་འདྲ་བའི་སྐྱེས་པ་མཚན་གྱི་རྣམ་པ་བུད་མེད་དང་སྐྱེས་པ་ལས་གཞན་མ་ཡིན་པ་ལ་ཡང་སྡོམ་པ་སྐྱེའོ། །འོ་ན་དེ་དགག་མི་དགོས་སམ་ཞེ་ན། སྐྱེས་པ་འདྲ་བའི་བུད་མེད་ལ་སོགས་པ་དེ་ནི་སྔར་བསྟན་པའི་ལག་རྡུམ་ལ་སོགས་པས་བར་ཆད་དང་ལྡན་པར་འཕངས་པ་ཡིན་ཏེ། དེ་ལྟ་བུའི་མི་རྣམས་ནི། དྲང་སྲོང་ཆེན་པོས་དགག་པ་མཛད། །ཅེས་གསུངས་པའི་ཕྱིར་རོ། །རྨེ་བ་དང་ཤ་མཚན་སོགས་མི་སྡུག་པ་སྡིིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང༌། གླིང་གཞན་ནས་སྐྱེས་པ་ཁ་སྣ་ལ་སོགས་པ་ཚུལ་བྱད་མི་འདྲ་བ་ཉིད་ཀྱང་ལག་རྡུམ་ལ་སོགས་པས་འཕངས་པ་ཡིན་ནོ། །གླིང་གཞན་ན་ཞེས་སྨོས་པས་ཆོག་མོད། ཚུལ་བྱད་མི་འདྲ་བ་སྨོས་ཅི་དགོས་ཤེ་ན། དགོས་ཏེ། ཚུལ་བྱད་མི་འདྲ་བ་དེ་བར་ཆད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། གླིང་གཅིག་ནས་སྐྱེས་ཀྱང་གདོང་ཁྱིའི་ལྟ་བུ་དང༌། རྣ་བ་གྱོན་པ་ལ་སོགས་པ་བཀག་ལ་གླིང་གཞན་དུ་སྐྱེས་ཀྱང་ཚུལ་བྱད་འདྲ་བ་མ་བཀག་པའི་ཕྱིར། དཔེར་ན་གླིང་ཕྲན་དུ་སྐྱེས་པ་མ་བཀག་པ་བཞིན། ལག་རྡུམ་ལ་སོགས་པས་འཕངས་པ་གཞན་ཡང་བསྟན་པའི་ཕྱིར། སེན་མོ་གཅིག་པ་དང༌། ལག་པ་འབྱས་ཏེ་ལག་པ་དང་དཔུང་མགོ་ཕྲག་པའི་ཕྱོགས་སུ་ལྟེབས་པ་དང༌། གཞོགས་ཕྱེད་རླུང་གིས་བསྐམས་པའི་འབྱས་པ་དང་། མགོ་སྨྱུང་དང༌། སྐྲ་སྒྲ་སྒྲེ་ལང་ལོང་ཅན་དང༌། རྒྱབ་སྒུར་བ་དང་མདུན་དགྱེ་བ་དང༌། མདུན་རྒྱབ་གཉིས་དགྱེ་སྒུར་གྱུར་བ་དང༌། སོར་མོ་དྲུག་པ་དང༌། སོར་མོ་འབྱར་བ་དང༌། སོར་མོ་མེད་པ་དང༌། མིག་རྫི་མ་ནང་དུ་འཛུག་པ་དང༌། མིག་ནེའུ་ལེའི་
ལྟ་བུ་དང༌། མིག་འུག་པའི་ལྟ་བུ་དང་། མིག་གི་གྲྭ་ཟུར་གཉིས་ཕྱིན་ཅི་ལོག་པ་དང༌། སྣ་གོང་བར་མེད་པར་མིག་གཉིས་བར་འཛིངས་པ་དང༌། མིག་ཧ་ཅང་འཕྱང་བ་རློ་བ་དང༌། རྫི་མའི་སྤུ་མེད་པ་མིག་སླེའོ་དང༌། མིག་གི་སྙིང་པོའི་ལྟག་ན་སྙིང་པོ་གཉིས་པ་ཡོད་པའི་ཟླུམ་པོ་དང༌། མིག་ཧ་ཅང་ཡངས་པའི་མིག་པོ་ཆེ་དང༌། མིག་འཛེར་ཅན་དང༌། མིག་ཤུ་བ་ཅན་དང༌། མིག་འབྲུམ་བུ་ཅན་དང༌། རྣ་བ་ཧ་ཅང་སེར་བ་དང༌། ཧ་ཅང་དཀར་བ་དང༌། ཧ་ཅང་དམར་བ་དང༌། རྣ་བ་འཁྲིས་ཏེ་སྦུབས་ཅན་དང༌། ཁྱིར་རྔོ་གཡའ་བ་ཆུང་ངུ་ཡོད་པ་དང༌། ཁྱིམ་རྔོ་འཕུངས་པ་འབྲིང་ཡོད་པ་དང༌། ཁྱིར་རྔོ་ཆེ་བ་ཡོད་པ་དང༌། རླིག་པ་གཉིས་ཀྱི་ནང་དུ་ཕོ་མཚན་ནུབ་པ་དང༌། བསྙེན་པར་རྫོགས་པ་མི་ཤེས་པ་གླེན་པ་དང༌། ལྕེ་གཏན་མེད་པ་དང༌། རྐང་ལག་གཅིག་པ་དང༌། རྐང་ལག་མེད་པ་དང༌། སྐྲ་ཁ་དོག་སྔོན་པོ་དང༌། མགོ་གླང་པོ་ཆེའི་ལྟ་བུ་དང༌། རྟའི་མགོ་ལྟ་བུ་དང༌། ཁྱིའི་མགོ་ལྟ་བུ་དང༌། བ་ལང་གི་མགོ་ལྟ་བུ་དང༌། ལུག་གི་མགོ་ལྟ་བུ་དང༌། རི་དྭགས་ཀྱི་མགོ་ལྟ་བུ་དང༌། ཉའི་མགོ་ལྟ་བུ་དང༌། སྦྲུལ་གྱི་མགོ་ལྟ་བུ་དང༌། མགོ་རིང་བ་དང༌། མགོ་མང་བ་དང༌། མགུལ་བ་ལ་ཤིང་ཏ་ལའི་གཉེར་མ་ལྟ་བུའི་རི་མོ་དང་ལྡན་པ་དང༌། སྐྲངས་པས་དུབ་པ་དང༌། འགྲོ་འདུག་ལ་སོགས་པའི་སྤྱོད་ལམ་གྱིས་དུབ་པ་དེ་དག་ལས་སེན་མོ་གཅིག་པ་ལ་སོགས་པ་མིན་པ་རྣམས་ལག་རྡུམ་ལ་སོགས་པས་འཕངས་སོ། །ལག་པ་འབྱས་ཏེ་འདེབས་པ་ལ་སོགས་པ་གཞན་དག་ནི་ན་བས་འཕངས་སོ། །གཉིས་པ་རྐུན་པོས་མཚོན་པའི་དོན་ནི། རྐུན་པོས་ནི་སྙིང་རྗེ་མེད་པའི་ཕུང་ཀྲོལ་བ་འཕངས་ཏེ། སྡིག་པ་ལ་འཇུག་པར་འདྲ་བའི་ཕྱིར་རོ། །དེ་གཉིས་ལ་ཁྱད་པར་ཡོད་དེ། རྐུན་པོ་ནི་མ་བྱིན་པར་ལེན་པ་ཡིན་ལ། ཕུང་ཀྲོལ་བ་ནི་ཆུད་གསོན་པ་དང་གསོད་པ་ལ་སོགས་པས་སྙིང་རྗེ་མེད་པའོ། །གསུམ་པ་ཕ་མས་མ་གནང་བས་མཚོན་པའི་དོན་ནི། རྒྱལ་པོ་ཕ་མ་དང་འདྲ་བར་
འབངས་རྣམས་བརྩེ་བས་སྐྱོང་བའི་བསམ་པ་ཅན་ཉིད་ཀྱིས་རབ་ཏུ་འབྱུང་བར་གནང་བ་ནི་ཕ་མས་གནང་བ་དང་འདྲ་བར་རབ་ཏུ་དབྱུང་དུ་རུང་ངོ༌། །ཕ་མ་དངོས་མིན་ཡང་བུ་དེ་ཡོངས་སུ་འཛིན་པར་བྱེད་པའི་སྐྱེས་པ་དང་བུད་མེད་གཉིས་ཀྱང་རབ་ཏུ་འབྱུང་བའི་ཕྱིར་གནང་བ་དང༌། ཞག་བདུན་བསྲེལ་བ་དང༌། དགེ་འདུན་ལ་ཞུ་བ་དག་ལ་ཕ་མ་དང་འདྲའོ། །ཕ་མ་མི་མ་ཡིན་པའི་འགྲོ་བ་གཉིས་ནི་གནང་བ་དང་བསྲེལ་བ་དང་ཞུ་བ་དག་ལ་ཕ་མ་དང་འདྲ་བ་མ་ཡིན་ནོ། །བཞི་པ་བར་ཆད་ཀྱི་མཚན་ཉིད་ལ་གཉིས་ལས། མཚམས་མེད་པའི་བར་ཆད་ཀྱི་མཚན་ཉིད་ནི། ཕ་མ་དུད་འགྲོ་དེ་གཉིས་བསད་པ་ལས་མཚམས་མེད་པར་མི་འགྱུར་ཏེ། འགྲོ་བ་རིགས་མཐུན་སྐྱེད་པ་མེད་པས་དྲིན་ཆུང་བའི་ཕྱིར་རོ། །འོ་ན་གང་ལས་མཚམས་མེད་དུ་འགྱུར་ཞེ་ན། མཚམས་མེད་པ་དེ་ནི་ལུས་འདི་སྐྱེད་པར་བྱེད་པའི་ཕ་མ་མིའི་འགྲོ་བ་པ་གཉིས་བསད་པ་ལས་འགྱུར་ཏེ། ཕ་མ་མཚན་གྱུར་པ་གཉིས་བསད་པ་ལས་ཀྱང་མཚམས་མེད་དུ་འགྱུར་རོ། །མ་བསད་པ་ལ་སོགས་པ་རབ་བྱུང་བཀག་པ་ནི། མཚམས་མེད་པ་དེ་བྱས་པ་ཉིད་གཙོ་བོ་ཡིན་གྱི་བསད་པ་ཙམ་ནི་གཙོ་བོ་མ་ཡིན་ཏེ། ཕ་མ་དུད་འགྲོ་བསད་ཀྱང་རབ་ཏུ་འབྱུང་དུ་རུང་བ་ལྟ་བུ། གཉིས་པ་སུན་ཕྱུང་བ་བར་ཆད་ཀྱི་མཚན་ཉིད་ནི། དགེ་སློང་མ་སུན་ཕྱུང་བ་ཞེས་བཤད་ན། སྐྱེས་པས་དགེ་སློང་མ་ལ་ཅི་ཞིག་བྱས་ན་དགེ་སློང་མ་སུན་ཕྱུང་བར་འགྱུར། བུད་མེད་ཀྱིས་དགེ་སློང་ལ་ཅི་ཞིག་བྱས་ན་དགེ་སློང་སུན་ཕྱུང་བར་འགྱུར་ཞེ་ན། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་ཞིང་ཕམ་པར་འགྱུར་བ་བཞིའམ་བརྒྱད་མ་བྱུང་བའི་དགེ་སློང་དང་དགེ་སློང་མ་ཉིད་ལ་མི་ཚངས་པར་སྤྱད་པས་དེ་ལས་བྱུང་བའི་རེག་པའི་བདེ་བ་ཉམས་སུ་མྱོང་བ་དག་དགེ་སློང་དང་དགེ་སློང་མ་སུན་ཕྱུང་བ་ཡིན་ནོ། །ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་ཞེས་སྨོས་པ་ནི། དགེ་སློང་མ་རེག་པ་དང་ལུས་བཀན་གྱིས་
ཕམ་པར་གྱུར་པ་ལ་མི་ཚངས་པར་སྤྱད་ཀྱང་དགེ་སློང་མ་སུན་འབྱུང་བར་མི་འགྱུར་བར་བསྟན། མི་ཚངས་པར་སྤྱད་པས་སུན་ཕྱུང་བར་འགྱུར་གྱི། དེ་ལས་གཞན་གྱིས་མི་འགྱུར་བའི་རྒྱུ་མཚན་ནི། མི་ཚངས་པར་སྤྱད་པས་གཞན་གྱི་ཚངས་སྤྱོད་ལ་ཤིན་ཏུ་གནོད་པའི་ཕྱིར་རོ། །ཉམས་སུ་མྱོང་བ་ཞེས་སྨོས་པ་ནི། རེག་པའི་བདེ་བ་ཉམས་སུ་མ་མྱོང་བར་ལུང་མ་བསྟན་གྱི་སེམས་ལྟ་བུས་སུན་ཕྱུང་བ་མ་ཡིན་པར་བསྟན། དག་ཅེས་སྨོས་པ་ལ་དགོས་པ་ཡོད་དེ། དགེ་སློང་གིས་ཀྱང་དགེ་སློང་མ་སུན་ཕྱུང༌། དགེ་སློང་མས་ཀྱང་དགེ་སློང་སུན་ཕྱུང་བ་སྲིད་པའི་ཕྱིར། གཉིས་ཀས་དུས་གཅིག་ཏུ་ཉམས་སུ་མྱོང་བ་ཡན་ལག་ཏུ་མི་དགོས་ཏེ། གཞན་གྱི་ཉེས་པས་གཞན་ལ་མི་གོས་པའི་ཕྱིར་རོ། །དེ་ལྟ་མིན་ན། འདོད་ཆགས་དང་བྲལ་བ་སུན་ཕྱུང་བར་མི་འགྱུར་རོ། །དེས་ན་ཕན་ཚུན་སུན་འབྱིན་ན། གང་གིས་ཉམས་སུ་མྱོང་བ་དེ་སུན་ཕྱུང་བ་ཡིན་ནོ། །ལྔ་པ་སྐྱེ་བ་དང་མི་སྐྱེ་བ་ དོགས་གཅོད་དང་བཅས་པ ་ལ་བཞི་ལས། སྔོན་རབ་ཏུ་བྱུང་བ་ལ་ དོགས་པ ་བཅད་པ་ནི། བུད་མེད་བསླབ་པ་ཕུལ་བ་མཚན་གྱུར་ནས། སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་རུང་བ་ཉིད་ཡིན་ཏེ། སྐྱེས་པ་ལ་སྔོན་རབ་ཏུ་བྱུང་བ་ཙམ་བར་ཆད་མ་ཡིན་པའི་ཕྱིར། གཉིས་པ་སྔོན་ལྟུང་བ་བྱུང་བ་ལ་ དོགས་པ ་བཅད་པ་ནི། སྤྱིར་ཕམ་པར་གྱུར་པ་ལ་སྡོམ་པ་སྐྱེ་བ་མེད་ཀྱང༌། དགེ་སློང་མ་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་བསླབ་པ་ཕུལ་ནས་སྐྱེས་པར་མཚན་གྱུར་པ་ཡང་རབ་བྱུང་བསྙེན་རྫོགས་བྱར་རུང་སྟེ། མཚན་གྱུར་པའི་སྟོབས་ཀྱིས་ཕམ་པ་ཐུན་མོང་མ་ཡིན་པ་དེ་ཉམས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་བུད་མེད་ཀྱི་ལས་ཀྱི་ཁ་སྐོང་ལ་ དོགས་པ ་བཅད་པ་ནི། དགེ་འདུན་གྱིས་བསྣན་པར་གསུངས་ན། དགེ་འདུན་གང་གིས་བསྣན་ཞེ་ན། བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་གཉུག་མར་གནས་པའི་དགེ་འདུན་རྣམས་ཡན་ལག་ཉིད་ཡིན་གྱི་གློ་བུར་དུ་
འོངས་པ་དང་འགྲོ་བར་ཆས་པ་ནི་ཡན་ལག་མ་ཡིན་ཏེ། གདམས་ངག་གསོལ་བ་སོགས་གཉུག་མར་གནས་པ་དེ་ལ་བྱེད་དགོས་པའི་ཕྱིར། གསོ་སྦྱོང་གི་གཞིར་གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས། བཞི་པ་འགལ་རྐྱེན་བར་ཆད་ཀྱིས་མི་སྐྱེ་བར་བསྟན་པ་ནི། སྡོམ་པ་སྐྱེ་བ་ལ་སྐད་ཅིག་མ་དུ་མས་བར་དུ་ཆོད་པའི་ཚེ་ཉིད་ན་ལེན་སེམས་ལོག་པའི་སྒོ་ནས་ཕུལ་ན་སྡོམ་པ་མི་སྐྱེ་སྟེ། དེའི་ཚེ་བསམ་པ་མཐུན་པ་མ་ཚང་བའི་ཕྱིར། ཡང་དེའི་ཚེ་མཚན་གཉིས་ཅིག་ཅར་སྐྱེས་པས་རྟེན་ཉམས་ན་སྡོམ་པ་མི་སྐྱེ་སྟེ། སྐྱེ་བའི་བར་ཆད་མ་སྤངས་པའི་ཕྱིར། ཤུགས་ལ་སྡོམ་པ་སྐྱེ་བའི་དངོས་རྒྱུའི་ཚེ་སྡོམ་པ་སྐྱེ་བ་ལ་གང་གིས་ཀྱང་གེགས་བྱ་བར་མི་ནུས་ཏེ། རྒྱུ་ནུས་པ་ཐོགས་མེད་སྔོན་དུ་སོང་བའི་ཕྱིར། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་ནུས། །ཞེས་གསུངས་པ་ལྟར་རོ། །རབ་ཏུ་འབྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །གཉིས་པ་དེས་བསླབ་པར་བྱ་བའི་མཚན་ཉིད་ལ་གཉིས། སྤང་བའི་བསླབ་བྱ་དང༌། ཉམས་སུ་བླང་བའི་བསླབ་བྱའོ། །དང་པོ་ལ་གཉིས། སྡེ་ལྔ་སོ་སོའི་མཚན་ཉིད་དང༌། ཞུ་བ་སྤྱིར་བསྟན་པའོ། །དང་པོ་ལ་གཉིས། དགེ་སློང་གི་སྡེ་ལྔ་སྤྱིར་བཤད་པ། དགེ་སློང་མའི་སྡེ་ལྔ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཐུན་མོང་བ་བསླབ་པ་འབུལ་བའི་ཆོ་ག་དང༌། སྡེ་ལྔ་བཤད་པ་དངོས་སོ། །དང་པོ་ལ། སྤྱི་དོན་དང༌། གཞུང་དོན་གཉིས་སོ། །དང་པོ་ནི། བསླབ་པ་འབུལ་བའི་ཆོ་ག་གསུངས་པ་ལ་དགོས་པ་ཡོད་དེ། དེ་ལྟར་མཐུན་རྐྱེན་ཚང་བ་དང་འགལ་རྐྱེན་སྤངས་པས་སྡོམ་པ་སྐྱེས་ཤིང༌། གཏོང་རྒྱུས་མ་བཏང་བ་ལ་འོག་གི་སྡེ་ལྔ་བཅས་པར་གོ་བ་དང༌། འདིས་སྡོམ་པ་གཏོང་བས་སྤང་བྱའི་གཙོ་བོར་གོ་བའི་ཕྱིར་དང༌། རྣམ་པ་གཅིག་ཏུ་ན། ཡུལ་སྤོང་བ་ལ་སོགས་པས་སྡོམ་པ་བསྲུང་བར་མ་ནུས་ན་
བསླབ་པ་ཕུལ་བས་སྔར་བསྲུངས་པའི་ཕན་ཡོན་འབྱུང༌། ད་ལྟ་ལྟུང་བ་མི་འབྱུང༌། ཕྱིས་སྡོམ་པ་ལེན་ན་སྐྱེ་བའི་དགོས་པ་ཤེས་པའི་ཕྱིར། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཛིན་པ་བས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང༌། །ཞེས་གསུངས་པ་ལྟ་བུའོ། །ལུང་དུ། མི་ཚངས་པར་སྤྱོད་པ་དང་སྦྱར་ནས་གསུངས་ཀྱང༌། འདིར་དེ་ལས་ལོགས་སུ་བསྟན་པ་ལ་དགོས་པ་ཡོད་དེ། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་པ། མ་བྱིན་ལེན་སོགས་ལ་ཡང་སྦྱོར་བ་གོ་བར་བྱ་བའི་ཕྱིར་རོ། །འོ་ན་སྡོམ་པ་གཏོང་བའི་རྒྱུ་གཞན་རྣམས་འདིར་མ་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱུ་མཚན་ཡོད་དེ། ལུང་རྣམ་འབྱེད་དུ་གཞན་མ་གསུངས་པའི་ཕྱིར་དང༌། འདི་གང་ཟག་མར་འབབ་པ་ལ་མཁོ་བས་བསྟན་ལ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང༌། །ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་པ་མཚན་ལན་གསུམ་གྱུར་པ་དང་བསྟེན་པའི་ཕྱིར་ཞེས་པ་དང༌། ལོ་ཉི་ཤུ་མ་ལོན་པ་སོགས་དང་ཅི་རིགས་པར་བཤད་ལ། མཚན་འདས་བསྙེན་གནས་ཁོ་ནའི་གཏོང་ཚུལ་ཡིན་ཞིང་ཕྱི་མ་གཉིས་གྲུབ་མཐའ་མ་ཡིན་བས་མ་བཤད་དོ། །ལུང་དུ་བསླབ་པ་ཉམས་པ་ཞེས་བཤད་པ་ནི། འདིས་གོ་སྟེ། མ་མོར། དེ་གཉིས་ལ་ཁྱད་པར་མེད་པར་བཤད་ལ། བམ་ལྔར། བསླབ་པ་ཕུལ་བ་དང་བསླབ་པ་ཉམས་པར་བྱས་པ་གཉིས་ཀ་ལ་སྡོམ་པ་མེད་པ་ཉིད་དུ་འདྲ་སྟེ། བསླབ་པ་ཕུལ་བས་ནི་བཏང་བའི་སྒོ་ནས་སྡོམ་པ་མེད་པར་བྱས་ལ། བསླབ་པ་ཉམས་པར་བྱས་པས་ནི་བསླབ་པའི་ཡུལ་མཐུ་མེད་པར་བྱས་པའི་སྒོ་ནས་སྡོམ་པ་མེད་པར་བྱས་པ་ཡིན་ནོ་ཞེས་གསུངས། ཕུལ་བ་ནི་གཞུང་ན་
གསལ་ལ། ཉམས་པར་བྱས་པ་ནི། རྣམ་འབྱེད་ལས། བསླབ་པ་ཉམས་པར་བྱས་པ་ནི། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ་ཚངས་པར་སྤྱོད་པ་སྤྱད་དཀའ་འོ། །རབ་ཏུ་དབེན་པར་བྱ་དཀའ་འོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གཏོང་འདོད་པའི་ཚིག་རྗོད་པར་བྱེད་པའོ་ཞེས་གསུངས། བསླབ་པ་འབུལ་བ་ནི་དགག་སྒྲུབ་ཀྱི་བསླབ་པ་གང་ཡིན་ཞེ་ན། སྤྱིར་བཏང་ལ་དགག་པའི་བསླབ་པ་ཡིན་ཏེ། འདིས་སྡོམ་པ་གཏོང་བས་བར་ཆད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཇི་ལྟར་བྱས་ཀྱང་སྡོམ་པ་བསྲུང་མི་ནུས་པར་ཕམ་པའི་རྒྱུ་ལ་འཇུག་པར་འགྱུར་ན། བསླབ་པ་འབུལ་བ་ནི་སྒྲུབ་པའི་བསླབ་པ་ཡིན་ཏེ། བསླབ་པ་མ་ཕུལ་བར་ཉེས་སྤྱོད་ལ་ཞུགས་ན་ཕམ་པའི་ཉེས་པ་འབྱུང་ལ། བསླབ་པ་ཕུལ་བས་སྔར་བསྲུངས་པའི་ཕན་ཡོན་འབྱུང༌། ད་ལྟ་ལྟུང་བ་མི་འབྱུང༌། ཕྱིས་ལེན་ན་སྡོམ་པ་སྐྱེ་བའི་ཕྱིར། བསླབ་པ་འབུལ་བའི་ཡུལ་ནི་ཐ་སྙད་ལྔ་ལྡན། ལུས་ཐ་མལ་པར་གནས་པ། བདག་ཉིད་ལས་རྒྱུད་ཐ་དད་པའོ། །གང་འབུལ་བའི་དངོས་པོ་ནི། རང་གི་རྒྱུན་དུ་གཏོགས་པའི་བསླབ་པ་ཡིན་པ། གང་གིས་འབུལ་བའི་རྟེན་ནི། ཤེས་པ་རང་བཞིན་དུ་གནས་པ། གཟུགས་མ་བསྒྱུར་བ་མི་སྣང་བར་མ་བྱས་པའོ། །འདུ་ཤེས་མ་འཁྲུལ་བ་ཀུན་སློང་བསླབ་པ་གཏོང་བར་འདོད་པས་སྦྱོར་བ་ལུས་ངག་གང་རུང་གིས་རིག་པར་བྱས་ཏེ་མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །གཞུང་དོན་ལ་གཉིས་ལས། བསླབ་པ་འབུལ་བའི་མཚན་ཉིད་ནི། ཐ་མལ་བའི་བློའི་རང་བཞིན་སྐྱོ་བ་ལ་སོགས་པས་ཉམས་པའི་གང་ཟག་གིས་བསླབ་པ་འབུལ་བ་བྱས་པ་ཉིད་ནི་བསླབ་པ་ཕུལ་བ་ཉིད་མ་ཡིན་ནོ། །བྱ་མི་བྱ་རང་དབང་མེད་པའི་ཕྱིར་རོ། །རང་བཞིན་ཉམས་པ་དེ་ལ་བསླབ་པ་ཕུལ་བ་ཡང་ཕུལ་བ་མ་ཡིན་ཏེ། དེ་ཐ་སྙད་ཀྱི་ཡུལ་མ་ཡིན་པའི་
ཕྱིར་རོ། །སྨྲ་གཏན་ནས་མི་ཤེས་པའི་ལྐུགས་པ་ལ་བསླབ་པ་ཕུལ་བ་ཡང་ཕུལ་བ་མ་ཡིན་ནོ། །རྣམ་ཊཱིཀ་ཏུ། ལྐུགས་པ་ཞེས་འདིར་སྨོས་པ་ནི་གཞུང་ཡིན་པས་དེ་ཡང་མི་རིགས་ཏེ། བརྡ་ཕྲོད་ན་གོ་བར་བྱེད་པ་མེད་དུ་ཟིན་ཀྱང་ཕུལ་བར་འགྱུར་བའི་ཕྱིར་ཏེ། འཆི་བར་ངེས་པ་ལ་སོགས་པ་ལྟ་བུ་དང༌། ལྕེ་ཐོབ་པ་གོ་བར་བྱེད་པ་སྲིད་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། འཆི་བར་ངེས་པ་ནི། སྨྲ་ཤེས་དོན་གོའི་རིགས་དང་ལྡན་པས་ཡུལ་དུ་རུང་ལ། ལྐུགས་པ་དེའི་རིགས་དང་མི་ལྡན་ཞིང་ཕྱིས་ལྕེ་ཐོབ་པ་ནི་མ་ངེས་ཏེ། ཕྱིས་འབྱུང་བ་ད་ལྟར་བའི་ཡན་ལག་ཏུ་མི་རིགས་པའི་ཕྱིར་རོ། །ལྷ་ཀླུ་སོགས་མི་མ་ཡིན་པའི་འགྲོ་བ་པ་ལ་བསླབ་པ་ཕུལ་བ་ཡང་ཕུལ་བ་མ་ཡིན་ནོ། །གླེན་པ་དང་འོན་པ་སོགས་མ་གོ་བ་ཉིད་ལ་ཕུལ་བ་ཡང་ཕུལ་བ་མ་ཡིན་ནོ། །ཉན་པ་པོ་མེད་པའི་དབེན་པར་འདུ་ཤེས་སམ་མི་དབེན་པར་འདུ་ཤེས་ཀྱང་རུང༌། དེར་ཕུལ་བ་ཡང་ཕུལ་བ་མ་ཡིན་ནོ། །མི་དབེན་པ་ལ་དབེན་བར་འདུ་ཤེས་པས་ཕུལ་བ་ཡང་ཕུལ་བ་མ་ཡིན་ནོ། །གཉིས་པ་འབུལ་བའི་ཆོ་ག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་བསླབ་པ་འབུལ་ལོ། །དེ་ནི་བསླབ་པ་རང་གི་ངོ་བོ་བཏང་བའོ། །སངས་རྒྱས་སམ་ཆོས་སམ་དགེ་འདུན་འབུལ་བ་ནི་སྡོམ་པའི་རྩ་བ་བཏང་བའོ། །སྡོམ་པ་གཏོང་འདོད་ཀྱི་བསམ་པ་མེད་པར་དཀོན་མཆོག་གཏོང་བ་བརྗོད་པས་སྡོམ་པ་གཏོང་བ་མ་ཡིན་ཏེ། དགེ་སློང་མ་ནག་མོས་བསམ་པ་ཐག་པ་ནས་དཀོན་མཆོག་གསུམ་བཏང་བས་ལྷག་མའི་ཉེས་པ་བྱུང་བ་བཞིན་ནོ། །མདོ་སྡེའམ། འདུལ་བའམ། མ་མོའམ། སློབ་དཔོན་ནམ། མཁན་པོ་འབུལ་བ་ནི། སྡོམ་པ་ལ་ཉེ་བར་སྦྱོར་བ་ཡོངས་སུ་བཏང་བའི་ཕྱིར་རོ། །བདག་ཁྱིམ་པར་གཟུང་དུ་གསོལ་ཞེས་པ་ནི་བསླབ་པའི་ས་བཏང་བས་བསླབ་པ་བཏང་བ་ཡིན་ནོ། །དགེ་ཚུལ་དུ་གཟུང་དུ་གསོལ། ཞེས་པས་དགེ་སློང་གི་སྡོམ་པ་གཏོང་གི །དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་
པ་གཏོང་བར་མ་ངེས་སོ། །ཟ་མ་དབང་པོ་ལས་སུ་མི་རུང་བ་སྟེ། ཚིག་ལེར། གང་ཞིག་གྲོང་བའི་ཆོས་དག་གི །ནུས་མེད་དེ་ནི་ཟ་མའོ། །ཞེས་བཤད། མ་ནིང་མཚན་གཉིས་པ་དང༌། མཚན་ཉམས་པ་དང༌། ས་བོན་མེད་པའོ། །དགེ་སློང་མ་སུན་ཕྱུང་བའམ། རྐུ་ཐབས་སུ་གནས་པ་ནི་བཤད་ཟིན་ནོ། །ཐ་དད་དུ་གནས་པ་ཆོས་མ་ཡིན་པའི་ཕྱོགས་པ་དང་གནས་ནས་ཕྱུང་བའོ། །གནས་པར་མི་བྱ་བ་ཕམ་པ་བྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གཟུང་དུ་གསོལ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པའམ་ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ། །འབུལ་ཞེས་པ། བསླབ་པ་ནས་མཁན་པོའི་བར་ལ་སྦྱར། བདག་དང་གཟུང་དུ་གསོལ་ཞེས་པ། ཁྱིམ་པ་ནས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་ཐོག་མཐར་རིམ་པ་བཞིན་དུ་སྦྱར། ལྟ་བུ་ནི། ཊཱིཀྐར། ཚིག་ཏུ་མ་སྨྲས་པར་གཏོང་བའི་མཚན་པ་ལས་ཀྱང་ཕུལ་བར་འགྱུར་ཏེ། དེས་ན་ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང་ཕུལ་བར་འགྱུར་ལ། ངག་གི་རྣམ་པར་རིག་བྱེད་ལས་ཀྱང་ཕུལ་བར་འགྱུར་རོ་ཞེས་གསུངས། མ་མོར། སྤྲིང་ཡིག་དང༌། ལག་བརྡ་མཚན་མས་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བར་གསུངས། ཁ་ཅིག་དེ་ཕ་རོལ་པོས་དོན་མ་གོ་བ་ལ་དགོངས་པས་མི་འགལ་ཟེར་རོ། །བསླབ་པ་འབུལ་བའི་ཆོ་གའོ། །གཉིས་པ་སྡེ་ལྔ་བཤད་པ་དངོས་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གསུམ། ལྟུང་བའི་མཐའ་དཔྱད་པ། རྟེན་གྱི་ཡན་ལག །བསྡུས་དོན་བཤད་པའོ། །དང་པོ་ནི། རྣམ་འབྱེད་ཀྱི་དངོས་ཀྱི་བརྗོད་བྱ་ཕལ་ཆེ་བ་ནི། ལྟུང་
བ་སྡེ་ལྔ་ཡིན་ཏེ། ཊཱིཀྐར། ད་ནི་རྣམ་པར་འབྱེད་པར་གཏོགས་པའི་ལྟུང་བ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ་ཞེས་དང་། རྣམ་ཊཱིཀ་ཏུ། དེ་ལ་འདིར་ལྟུང་བ་སྡེ་ལྔ་པོ་དག་ནི་བརྗོད་པར་བྱ་བའོ། །ཞེས་བཤད། འདི་ལ་བཅུ། དབྱེ་བ། བསྡུ་བ། ངོ་བོ། མཚན་ཉིད། རྒྱུ། གྲངས་ངེས། གོ་རིམ། སྒྲ་དོན། བསྲུངས་པའི་ཕན་ཡོན། མ་བསྲུངས་པའི་ཉེས་དམིགས་སོ། །དང་པོ་ནི། རབ་ཏུ་བྱུང་བའི་རྟེན་གྱི་ལྟུང་བ་ཙམ་དབྱེ་གཞི་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་དཔག་ཏུ་མེད་ལ། སྡེ་ཚན་གྱི་སྒོ་ནས་དབྱེ་ན་ཕན་པའི་སྡེ་ཚན་ལ་སོགས་པ་ལྔ་ཡོད་དེ། ཊཱིཀྐར། ལྟུང་བྱེད་སྡེ་ལྔ་པོ་ཕམ་པར་འགྱུར་བའི་སྡེ་དང༌། དགེ་འདུན་ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོ་སོར་བཤགས་པའི་སྡེ་དང༌། བསླབ་པའི་སྡེ་ཞེས་དང༌། བསྡུ་བར། ལྟུང་བའི་སྡེ་ཚན་རྣམ་ལྔ་སྟེ། །དེ་ལ་བསླབ་བྱ་རྣམ་པ་བཞི། །ཞེས་དང༌། གཞིར་ནི། སྡོོམ་སོགས་ལྟ་སོགས་བྱ་ཉུང་དང༌། འདྲེས་པར་གནས་པ་མེད་སོགས་དང༌། ཞེས་སོ། །འོད་ལྡན་དུ། ལྟུང་བ་རིགས་ལྔ་ཞེས་བཤད། སྦོམ་པོ་དང་ཉེས་བྱས་ལྔ་པོ་དེར་མ་འདུས་སོ་ཞེ་ན། སྐྱོན་མེད་དེ། སྦོམ་པོ་ཕམ་པས་ཀུན་ནས་བསླང་བ་ཕམ་པའི་སྡེ་ཚན་དུ་གཏོགས་ལ། ལྷག་མས་ཀུན་ནས་བསླང་བ་ལྷག་མའི་སྡེ་ཚན་དུ་གཏོགས་ཤིང༌། སྦོམ་པོ་ཐམས་ཅད་གཉིས་པོ་དེར་འདུས་པའི་ཕྱིར་ཏེ། ལྷག་མ་དང་བཅས་པར་ཞེས་སོགས་དང༌། རྣམ་འབྱེད་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང་དགེ་འདུན་ལྷག་མ་ལས་བྱུང་བའོ་ཞེས་དང༌། འདུལ་བྱེད་ལས། ཉེས་པ་སྦོམ་པོ་ཇི་ལྟར་བཤད་པར་བགྱི། ཉེ་བར་འཁོར། ཉེས་པ་སྦོམ་པོ་ནི་བཞི་པོ་འདི་དག་ཡིན་ཏེ། ཕམ་པར་འགྱུར་བས་ཀུན་ནས་བསླང་བ་ལྕི་བ་དང༌། ཕམ་པར་འགྱུར་བས་ཀུན་ནས་བསླང་བ་ཡང་བ་དང་། དགེ་འདུ་ལྷག་མས་ཀུན་ནས་བསླང་བ་ལྕི་བ་དང༌། དགེ་འདུན་ལྷག་མས་ཀུན་ནས་བསླང་བ་ཡང་བའོ་ཞེས་དང༌། ཊཱིཀྐར། དགེ་འདུན་ལྷག་མའི་སྡེ་ཚན་དུ་གཏོགས་པའི་དངོས་
གཞིའམ། ཉེས་པ་སྦོམ་པོའམ། ཉེས་བྱས་ལྷག་པར་སྤྱོད་ན་ཡང་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་དགེ་ཚུལ་ལ་སོགས་པའི་ཉེས་པ་རྣམས་ཀྱང་འདུས་པ་ཡིན་ནོ། །གཉིས་པ་ལ། དངོས་དང་བཅས་རང་གི་ཁྱད་པར་དཔྱད་པའོ། །དང་པོ་ནི། ལྟུང་བ་དེ་འདུ་ཤེས་ཀྱི་ཆ་ནས་བསྡུ་ན། འདུ་ཤེས་གཙོ་བ་དང༌། དངོས་པོ་གཙོ་བ་གཉིས་སུ་འདུས་ཏེ། འོད་ལྡན་ལས། བསླབ་པའི་གཞི་ནི་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང༌། དངོས་པོ་གཙོ་བོར་བྱ་བའོ་ཞེས་སོ། །སྦྱོར་བའི་ཆ་ནས་རྒྱུན་དང་ལྡན་པ་སྦྱོར་མཐའི་བར་གཞན་དུས་ཀྱིས་ཆོད་དུ་བཏུབ་པ་སྲོག་གཅོད་ལྟ་བུ་དང༌། རྒྱུན་དང་མི་ལྡན་པ་ཚོད་དུ་མི་བཏུབ་པ་རེག་པ་ལྟ་བུའོ། །གཅིག་འཕྲོས་སུ་ལྟུང་བ་ནི་གཉིས་ཏེ། ན་རེ་བ་དང་སྐད་ཅིག་མ། །ཞེས་སོ། །ཡང་ན་དེ་མི་དགེ་བ་དང་ལུང་མ་བསྟན་གཉིས་སྟོན་པ་ཡང་ཡིན་ནོ། །མཐར་ཐུག་གི་ཆ་ནས་འཕེན་པས་མི་འགྲུབ་པ་མཐར་ཐུག་གི་ཚེ་རང་གི་ལུས་ཤེས་དང་འབྲེལ་དགོས་པ་མི་ཚངས་སྤྱོད་ལྟ་བུ་དང༌། འགྲུབ་པ་མཐར་ཐུག་གི་ཚེ་རང་གི་ལུས་ཤེས་དང་འབྲེལ་མི་དགོས་པ་སྲོག་གཅོད་པ་ལྟ་བུའོ། །གཞིའི་ཆ་ནས། སེམས་ཅན་ལ་བརྟེན་པ་དང་སེམས་ཅན་མ་ཡིན་པ་ལ་བརྟེན་པ་གཉིས། བྱེད་པའི་ཆ་ནས་རང་གིས་བསྒྲུབ་དགོས་པ་དང་བཅོལ་ཡང་རྫོགས་པ་གཉིས། འབྱུང་བའི་སྒོ་ནས་ལུས་དང་ངག་གི་ལས་གཉིས། བྱ་བའི་ཆ་ནས་བྱ་བ་མི་བྱེད་པ་དང༌། བྱ་བ་མ་ཡིན་པ་བྱེད་པ་གཉིས་ཏེ། བསྡུ་བ་ལས། བྱ་བ་མི་བྱེད་པ་དང་ནི། །མི་བྱ་བ་ནི་བྱེད་པའི་ཕྱིར། །མི་སྦྱོར་བ་དང་སྦྱོར་བཅས་ལས། །ལྟུང་བའི་ཉེས་པ་འབྱུང་བར་འགྱུར། །ཞེས་སོ། །གཉིས་པ་ནི། བཅས་རང་གི་ཁྱད་པར་གང་ཞེ་ན། ཁ་ཅིག །རྟེན་གཉིས་ཀ་ལ་སྡིག་ཏུ་འགྱུར་བ་རང་བཞིན་དང༌། རབ་བྱུང་ཁོ་ན་ལ་སྡིག་ཏུ་འགྱུར་བ་བཅས་པ་ཡིན་ཞེས་དང༌། རྐྱེན་དགོས་ལ་ལྟོས་ཏེ་གནང་བ་མེད་པ་རང་བཞིན་དང༌། ཡོད་པ་བཅས་པ་ཡིན་ཞེས་
དང༌། ལྟུང་བའི་རིགས་གཅིག་ལ་ཡང༌། ཉོན་མོངས་ཅན་གྱི་ཀུན་ནས་བསླང་བ་རང་བཞིན། དགེ་བ་དང་ལུང་མ་བསྟན་གྱིས་ཀུན་ནས་བསླང་བ་བཅས་པ་སྟེ། བཅས་ལྟུང་ཐམས་ཅད་ལུང་མ་བསྟན་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། དེ་དག་ལ་ཆང་འཐུང་བ་མཐའ་གཅིག་ཏུ་བཅས་ལྟུང་ཡིན་པར་བསྟན་པས་གནོད་པའི་ཕྱིར། རང་ལུགས་ནི། ལྟུང་བ་དེའི་རྒྱུའི་རིགས་ཐམས་ཅད་ཉོན་མོངས་པ་ཅན་དུ་ངེས་པ་རང་བཞིན་ཡིན་ལ། གཉེན་པོའི་བློས་ཀྱང་བྱེད་སྲིད་པ་ནི་བཅས་པའི་ལྟུང་བ་ཡིན་ཏེ། མཛོད་ཊཱིཀ་ཏུ། ཅི་ལྟར་ན་མྱོས་པར་འགྱུར་བ་རྣམས་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན། ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་བར་གཉེན་པོའི་བློ་ཁོ་ནས་བཏུང་བར་ངེས་སོ། །གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ། །གང་མྱོས་པར་མི་འགྱུར་བར་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་ཅན་མ་ཡིན་ནོ། །ཞེས་དང༌། རྣམ་ཊཱིཀ་ཏུ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི། ཉོན་མོངས་ཅན་གྱི་སེམས་ལས་བྱུང་བ་སྟེ། ངོ་བོ་ཉིད་ཀྱི་སྐྱོན་ཆགས་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི། ཉོན་མོངས་ཅན་མིན་ཡང་བཅས་པའི་དབང་གིས་བཀག་པའོ་ཞེས་སོ། །དེས་ན་མྱོས་པར་འགྱུར་བ་འཐུང་བའི་ཁ་ན་མ་ཐོ་བའམ། ཁྱོད་དང་བཅས་པ་ལ་རྐྱེན་དགོས་ལ་ལྟོས་ཏེ་གནང་བ་ཡོད་པའི་ཁ་ན་མ་ཐོ་བའི་རིགས་ཡིན་པ་དེ་བཅས་པའི་ལྟུང་བ་དང༌། མྱོས་པར་འགྱུར་བ་འཐུངས་པའི་ཁ་ན་མ་ཐོ་བ་ལས་གཞན་པ་གང་ཞིག །ཁྱོད་དང་བཅས་པ་ལ་རྐྱེན་དགོས་པ་ལ་ལྟོས་ཏེ་གནང་བ་མེད་པའི་ལྟུང་བའི་རིགས་ཡིན་པ་དེ་རང་བཞིན་གྱི་ལྟུང་བ་ཡིན་ནོ། །ཁྱོད་དང་བཅས་པ་ཞེས་པ་ནི། ལྟུང་བ་དེའི་ཀུན་སློང་སོགས་རྒྱུ་ཚོགས་ཕལ་ཆེར་ཚང་བ་ལ་བྱའོ། ཊཱིཀྐར།
སྲོག་ལ་བབས་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བླུད་མི་བཏུང་ངོ་ཞེས་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་སོགས་གསུངས། གསུམ་པ་ངོ་བོ་ལ་གསུམ་ལས། དངོས་ནི། བྱེ་བྲག་ཏུ་སྨྲ་བ་ལྟར་ན། རིག་བྱེད་དང་རིག་བྱེད་མིན་པའི་གཟུགས་མི་དགེའམ། རིག་བྱེད་ཀྱི་གཟུགས་ལུང་དུ་མ་བསྟན་པ་སྟེ། གཏམ་གྱི་གཞིར། ལྟུང་བ་ནི་རྣམ་པར་རིག་བྱེད་ཅེས་ཀྱང་བྱ་ལ། རྣམ་པར་རིག་བྱེད་མིན་པ་ཞེས་ཀྱང་བྱའོ། །ཞེས་དང༌། དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཞེས་འདྲི་བ་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པར་བརྗོད་པར་བྱའོ། །ཞེས་སོགས་གསུངས། དེ་ཡང་རང་བཞིན་དང་བཅས་པ་བསམ་བཞིན་དུ་འདས་པ་ནི་སྔ་མ་ཡིན་ལ། བཅས་པ་མ་བསམས་པར་འདས་པ་ནི་ཕྱི་མ་སྟེ། གཏམ་དུ། ལུང་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་བསམས་བཞིན་དུ་འདའ་བར་བྱེད་པ་ནི་ལུང་དུ་བསྟན་པའོ། །ལུང་མ་བསྟན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་མ་བསམས་པར་འདས་པ་ནི་ལུང་མ་བསྟན་པའོ་ཞེས་བྱའོ་ཞེས་གསུངས། དྲི་ཚིག་གི་ཊཱིཀྐར། མཆོད་རྟེན་གྱི་འཁོར་སར་རྩྭ་སྔོན་མེད་པར་བྱེད་པ་དང༌། བསམ་བཞིན་མིན་པར་བསླབ་པའི་གཞི་ལས་འདས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་དང༌། འོད་ལྡན་ལས། ལྟུང་བའི་རང་བཞིན་ཅི་ཞེ་ན། ལུས་ཀྱི་དང་ངག་གི་ལས་འདས་པའི་རང་བཞིན་ནོ། །ཅི་སྟེ་ཡིད་ཀྱི་ཐལ་བའི་རང་བཞིན་ཅིའི་ཕྱིར་ལྟུང་བ་མིན་ཞེ་ན། ཡིད་ཀྱི་སྡོམ་པ་ལ་སོ་སོར་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར་
རོ་ཞེས་སོ། །གཉིས་པ་ལྟུང་བ་འགྲུབ་པ་ལ་རིག་བྱེད་དགོས་མི་དགོས་དཔྱད་པ་ནི། ཁ་ཅིག །ལྟུང་བ་ནི་གཉིས་ཏེ། བྱ་བ་མི་བྱེད་པ་དང་མི་བྱ་བ་བྱ་བའོ། །དང་པོ་ལ་རིག་བྱེད་མི་དགོས་ཏེ། བྱ་བ་མ་བྱས་པ་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར་ཏེ། ལུང་དུ། བཙུན་པ། ལུས་སུ་ཡང་མ་ཐོན་ངག་ཏུ་ཡང་མ་ཐོན་པར་དགེ་སློང་མར་མི་རུང་བ་མཆིས་སམ། ཡོད་དེ། དགེ་སློང་མ་ཟླ་མོའི་ཕམ་པ་འཆབ་ནའོ། །ཞེས་དང༌། སེམས་འབའ་ཞིག་ལ་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ། གསོ་སྦྱོང་མི་བྱེད་པའོ་ཞེས་དང༌། མཛོད་ཊཱིཀ་ཏུ། བྱེ་བྲག་སྨྲ་བ་ཡང་དེ་ལྟར་འདོད་པར་གསུངས་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ན་རེ། ལྟུང་བ་འགྲུབ་པ་ལ་རིག་བྱེད་ངེས་པར་དགོས་ཏེ། འདོད་པའི་རིག་བྱེད་མིན་པ་འགྲུབ་པ་ལ་རིག་བྱེད་ངེས་པར་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་མཛོད་ཊཱིཀ་ཏུ། གཉིས་ཀ་ཡང་མི་བྱེད་ན་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཇི་ལྟར་ན་དེ་གཉིས་ཀྱི་ལམ་དུ་འགྱུར་ཏེ། འདི་ལ་འབད་པར་བྱའོ་ཞེས་གསུངས་པའི་ཕྱིར་དང༌། ཊཱིཀྐར། ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི་ཡིད་ཀྱི་ནི་མིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར། ཞེས་དང༌། ཞུ་བའི་ཊཱིཀྐར། ལུས་ངག་གི་བྱེད་པ་མེད་ན་རྣམ་པར་རིག་བྱེད་མེད་ལ། དེ་མེད་ན་ལྟུང་བ་མེད་པའི་ཕྱིར་ཞེས་གསུངས། ལུང་སྔ་མ་དག །རྣམ་པར་རིག་བྱེད་ཅུང་ཟད་ཙམ་ལས་མེད་པ་ལ་དགོངས་ཏེ། དེས་དྲང་སྲོང་རྣམས་དོན་གྱིས་ན་རྣམ་པར་རིག་བྱེད་བྱེད་པ་ཡིན་ཏེ། མི་མིན་རྣམས་ཀྱིས་དེ་དག་གི་སྡིག་པའི་བསམ་པ་སེམས་ཅན་ཡོངས་སུ་འདོར་བར་ཞུགས་པ་ཡིན་པར་རྟོགས་ནས་དེ་དག་ལ་དད་པ་རྣམས་གང་དག་གིས་ན་དྲང་སྲོང་དེ་དག་ལ་ལས་ཀྱི་ལམ་སྐྱེ་བར་འགྱུར་བ་ལུས་ཀྱིས་བྱེད་དོ། །ཇི་ལྟར་ན་གཞན་གྱི་རྣམ་པར་རིག་བྱེད་ཀྱིས་འགྱུར་ཞེ་ན། དེ་ལྟ་བུ་ལ་ནི་གདོན་མི་ཟ་བར་ལུས་དང་ངག་འགྱུར་བ་ཡང་འབྱུང་ངོ༌། །ཞེས་གསུངས།
འོ་ན་ཡིད་ཀྱི་ཉེས་བྱས་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། རབ་བྱུང་ངམ་དགེ་སྦྱོང་གི་ཚུལ་དང་མི་མཐུན་པ་ཙམ་གྱིས་བཀག་ཅིང་ཉེས་བྱས་སུ་གསུངས་ཀྱི། ལྟུང་བའི་ངོ་བོ་ཡོངས་སུ་རྫོགས་པར་གྲུབ་པ་མིན་ནོ། །གསུམ་པ་སྡིག་ལྟུང་ངོ་བོ་གཅིག་གམ་ཐ་དད་དཔྱད་པ་ནི། ཁ་ཅིག །རང་བཞིན་གྱི་ལྟུང་བ་དང་དེའི་སྡིག་གཉིས་ངོ་བོ་ཐ་དད་ཡིན་ཏེ། སྡིག་རྟེན་ཐུན་མོང་བ་ཡིན་ལ། ལྟུང་བ་རབ་ཏུ་བྱུང་བའི་རྟེན་ཅན་ཡིན་པའི་ཕྱིར་དང༌། སྐྱེད་བྱེད་ཀྱི་རྒྱུ་དང་ཕྱིར་བཅོས་ཐ་དད་པའི་ཞེས་གསུངས་ལ། འོ་ན་རང་བཞིན་གྱི་ལྟུང་བ་ཆོས་ཅན། མི་དགེ་བ་མ་ཡིན་པར་ཐལ། སྡིག་པ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། འདོད་ན། མི་དགེ་བ་དང་མི་དགེ་བའི་ལས་ལམ་དུ་བཤད་པ་དང་འགལ། གཞན་ཡང༌། ཊཱིཀྐར། མཚམས་མེད་པ་གསུམ་པོ་ཕ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དག་གིས་སྐུར་བ་འདེབས་པ་དེ་ལ་ནི་དགེ་འདུན་ལྷག་མར་གྱུར་ཏེ། དེ་གསུམ་ཕམ་པར་འགྱུར་བའི་ཕྱིར་རོ། །མཚམས་མེད་པ་གཉིས་པོ། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་བ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུུར་ཏེ། དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ་ཞེས་དང༌། བམ་ལྔར། ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་སྡིག་པའི་མཚན་ཉིད་འཛིན་པའི་ཕྱིར་རོ་ཞེས་དང༌། ཚིག་ལེར། བསད་ན་ངན་འགྲོར་འགྲོ་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་དང༌། དེའི་ཊཱིཀྐར། ཕས་ཕམ་པ་བྱུང་ན་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བ་བཞིན་དུ། ཉེས་པ་སྦོམ་པོ་བྱུང་ལ་ཚུལ་བཞིན་དུ་མ་བཤགས་ན་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ནོ་ཞེས་གསུངས། དེ་བཞིན་དུ་བཅས་པའི་ལྟུང་བ་མི་དགེ་བ་ཡང་སྡིག་པ་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ནོ། །ཁ་ཅིག །བྱེབྲག་ཏུ་སྨྲ་བ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མི་འདོད་ཟེར་བ་མི་འཐད་དེ།
དོན་གྲུབ་ཏུ། དུ་མའི་དབུས་ན་འདུག་པའི་ཕྱིར། །དུ་མ་ཉིད་དུ་རྣམ་རྟོག་ལ། །འདི་ལྟར་ལྡོག་པའི་སྒོ་ནས་ནི། །མང་པོ་ཉིད་དུ་སྤྱིར་རྟོག་མོད། །ཅེས་གསུངས་སོ། །འོ་ན་བཅས་ལྟུང་མི་དགེ་བ་ཡོད་དམ་ཞེ་ན། ཡོད་དེ། རྣམ་འབྱེད་ལས། ལྟུང་བྱེད་དོ་ཞེས་བྱ་བ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས། ངན་སོང་དང་ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལས་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་ལྟུང་བྱེད་ཐམས་ཅད་ལ་གསུངས་ཤིང༌། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱིས་ནི་བཅས་པ་ཡང༌། །ཞེས་དང༌། དེའི་འགྲེལ་བར། རང་བཞིན་གྱིས་འཆལ་བའི་ཚུལ་ཁྲིམས་མིན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅས་པ། དུས་མིན་པའི་ཟས་ལ་སོགས་པ་གང་དག་ཡིན་པ་དེ་དག་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ཏེ། བསླབ་པ་མནོས་པས་དེ་དག་སྤྱད་ན་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་རོ་ཞེས་དང༌། རྒྱས་སྲས་ལས། དེ་དག་སྤོང་བར་མནོས་པ་བཅོམ་ལྡན་འདས་ཀྱི་བཀའ་ལ་མ་གུས་པའི་ཕྱིར་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་ཏེ། ཤུགས་ཀྱིས་ན་ཚུལ་ཁྲིམས་མ་མནོས་ན་ནི་འཆལ་བའི་ཚུལ་ཁྲིམས་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཞེས་དང༌། དགེ་སློང་གི་ལོ་དྲི་བར། ཕམ་ལྷག་སྦོམ་ལྟུང་སོར་ཉེས་རྣམས་བསྲུངས་ན། དབང་བྱེད་ནས་རིས་བཞིའི་བར་སྐྱེ་ཞིང༌། མ་བསྲུངས་བའི་ཉེས་དམིགས་ཚ་བ་ནས་ཡང་སོས་ཀྱིས་བར་རིམ་བཞིན་སྐྱེ་བར་གསུངས་སོ། །གཞན་ཡང་སྡིག་ལྟུང་ངོ་བོ་ཐ་དད་ན། མི་གཅིག་བསད་པས་རྟེན་གཅིག་ལ་ལས་ལམ་རྫས་ཐ་དད་པ་གཉིས་འབྱུང་བར་འགྱུར་རོ། །བཞི་པ་མཚན་ཉིད་ལ། ལྟུང་བའི་མཚན་
ཉིད། སྟོན་པའི་བཅས་པ་ལས་འདས་པའི་རབ་བྱུང་གི་ཁ་ན་མ་ཐོ་བ། ཕམ་པའི་མཚན་ཉིད། བསྙེན་པར་རྫོགས་པའི་དངོས་གཞིའི་ལྟུང་བ་གང་ཞིག །ཁྱོད་ཀྱི་དག་བྱེད་ཆད་པའི་བསླབ་པ་ལ་ལྟོས་པའི་རིགས་ཡིན་པ། འོད་ལྡན་ལས། དེ་བརླག་འགྱུར་ཞེས་བྱ་བ་ནི། དགེ་ཚུལ་ལ་ཡང་ཕམ་པ་སྟེ། ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཕམ་པ་དང་བྱེད་ལས་འདྲ་བས་ཕམ་པར་བཤད་པ་ཙམ་ཡིན་པའི་ཕྱིར། དགེ་འདུན་ལྷག་མའི་མཚན་ཉིད། གང་ཞིག །ངོ་བོའི་ཆ་ནས་དབྱུང་བས་ཁྱོད་ལས་བསླང་དུ་རུང་བའི་རིགས་ཡིན་པ། ཡང་ན། གང་ཞིག །ངོ་བོའི་ཆ་ནས་ཕམ་པ་ལས་ཡང་ཞིང་སྤང་བ་སོགས་ལས་ལྕི་བའི་རིགས་ཡིན་པ། དེས་མན་ཆད་ཀྱང་ཤེས་པར་བྱ། ཁ་ཅིག་ཕམ་པའི་མཚན་ཉིད། བསྙེན་པར་རྫོགས་པའི་རྒྱུད་དང་འགལ་ལ་ངོ་བོའི་ཆ་ནས་ལྷག་མ་མན་ཆད་ལས་ཆད་པའི་ལས་ལྕི་རུ་རུང་བ་ཞེས་ཟེར། ལྔ་པ་རྒྱུ་ནི། མི་ཤེས་པ་ལ་སོགས་པ་བཞི་སྟེ། བསྡུ་བ་ལས། བྱ་བ་མི་བྱེད་པ་དང་ནི། །མི་བྱ་བ་ནི་བྱེད་པའི་ཕྱིར། །མི་སྦྱོར་བ་དང་སྦྱོར་བཅས་ལས། །ལྟུང་བའི་ཉེས་པ་འབྱུང་བར་འགྱུར། །དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པ། །ཞེས་པ་ལྟར་རམ། ཡང་ན་བདག་ཏུ་འཛིན་པ་སྟེ། རྣམ་འགྲེལ་ལས། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་དང༌། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །ཞེས་གསུངས་པ་ལྟ་བུའོ། །སོ་སོའི་རྒྱུ་ནི། རང་རང་གི་སྐབས་སུ་ལྟུང་བ་བརྩིས་པ་ལས་ཤེས་པར་བྱའོ། །དྲུག་པ་གྲངས་ངེས་ནི། བཅས་པ་མི་འདྲ་བ་ལྔ་ཡིན་པའི་ཕྱིར་སྡེ་ཚན་ལྔ་ཡིན་ལ། བཅས་པ་ལྔར་འཇོག་པ་ནི། དེ་ཙམ་གྱིས་དགག་བྱ་དགག་པ་དང་བསྒྲུབ་བྱ་བསྒྲུབ་པར་ནུས་པའི་ཕྱིར། རྩ་བ་བཞིའི་གྲངས་ངེས་ནི།
དུག་གསུམ་རགས་པ་བཞི་དགག་པའི་ཕྱིར་ཡིན་ལ། གཞན་ནི་དེ་ཙམ་གྱིས་དགག་དགོས་འགྲུབ་པ་ལ་དགོངས་སོ། །བདུན་པ་གོ་རིམ་ནི། སྡེ་ཚན་ལྔའི་གོ་རིམ་ཆད་པའི་ལྕི་རིམ་ཡིན་ལ། ཕམ་པ་བཞིའི་གོ་རིམ་ནི། འདིར་བསླབ་པ་བཅས་པའི་རིམ་པ་དང༌། བསྐལ་བ་དང་པོའི་དུས་སུ་ལས་ལམ་འདི་དག་ཇི་ལྟར་བྱུང་བའི་རིམ་པ་དང༌། གཞན་ནི་ཕལ་ཆེར་བཅས་པའི་རིམ་པ་ཡིན་ནོ། །བརྒྱད་པ་སྒྲ་དོན་ནི། འདིས་ལྟུང་བར་བྱེད་པས་ན་ལྟུང་བ་དང༌། སྡིག་པའི་མཚན་ཉིད་འཛིན་པའི་ཕྱིར་རམ། དམ་པས་སྨད་པས་ཁ་ན་མ་ཐོ་བ་དང༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང༌། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པས་ཉེས་པ་སྟེ། རྣམ་གྲངས་ཀྱང་དེ་དག་ཡིན་ནོ། །ཕམ་པའི་སྒྲ་དོན་ནི། གཞན་སྤང་བྱ་རྒྱལ་བར་བྱེད་ཅིང་གཉེན་པོ་ཕམ་པར་བྱེད་པས་ཕམ་པ་སྟེ། ཊཱིཀྐར། གཞན་རྒྱལ་བར་བྱེད་དུ་བཅུག་པ་ནི་གཞན་རྒྱལ་བའོ། །དེ་ལ་ཡོད་པའི་ཉེས་པ་ནི་ཕམ་པའོ། །དེ་བྱེད་པར་འགྱུར་བའི་ཕྱིར་ཕམ་པར་འགྱུར་བ་སྟེ་ལྟུང་བའོ་ཞེས་དང༌། གཞིའི་ཊཱིཀྐར། ཕམ་པར་གྱུར་བ་ཞེས་བྱ་བ་ནི། ཉོན་མོངས་པའི་དགྲ་དག་གིས་ཟིལ་གྱིས་མནན་པའི་ཕྱིར་ཞེས་སོ། །གཞན་དག་ནི་རང་རང་གི་སྐབས་སུ་ཤེས་པར་བྱའོ། །དགུ་པ་ཕན་ཡོན་ནི། བསླབ་པ་བཅས་པའི་ཕན་ཡོན་དགེ་འདུན་བསྡུ་བ་ལ་སོགས་པ་བཅུའོ། །བསྲུངས་པའི་ཕན་ཡོན་ནི། བམ་ལྔར། ཚུལ་ཁྲིམས་ཀྱི་ཕན་ཡོན་རྣམ་པ་བཅུ་སྟེ། འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པར་འགྱུར་བ་དང༌། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ཕྱོགས་བཅུར་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང༌། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང༌། གཉིད་ལོག་པ་ན་ལྷ་རྣམས་བསྲུང་བར་འགྱུར་བ་དང༌། གཞན་ལས་སྡིག་པའི་བག་ཚ་བ་དང༌། འཇིགས་པ་དང་དངང་བ་མེད་པར་འགྱུར་བ་དང༌། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་
དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང༌། གནོད་སྦྱིན་དང་མི་མིན་པ་དང་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང༌། གཞན་ལས་ཆོས་གོས་ལ་སོགས་པ་དག་ཆོས་ཀྱིས་ཚེགས་ཆུང་ངུས་ཐོབ་པར་འགྱུར་བ་དང༌། གང་དུ་སྐྱེ་བར་འདོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བ་དང༌། གཞན་ཡང༌། གཞི་དང༌། རྣམ་འབྱེད་ལས། རབ་ཏུ་བྱུང་བའི་ཕན་ཡོན་ལྔ་བཤད་པ་དང༌། ཆོས་ཀྱི་ཚོང་དཔོན་གྱིས་བསྟོད་པ་བརྗོད་པ་དང༌། འཆར་ཀ་གཟེངས་བསྟོད་པའི་སྐབས་ལ་སོགས་པར་ཤེས་པར་བྱའོ། །བཅུ་པ་མ་བསྲུངས་པའི་ཉེས་དམིགས་ནི། སྟོན་པས་སྨོད་པ་དང༌། མཁན་སློབ་ལ་སོགས་པ་གྲོགས་དམ་པས་སྨོད་པ་དང༌། བདག་ཉིད་ཀྱིས་སྨོད་པར་འགྱུར་བ་དང༌། དེས་མ་སྨད་ཀྱང་ཆོས་ཉིད་ཀྱིས་སྨོད་པར་འགྱུར་བ་དང༌། དམ་པའི་ཆོས་མ་ཐོས་པ་ཐོས་པར་མི་འགྱུར་བ་དང༌། ཐོས་པ་བརྗེད་པ་དང༌། མ་རྟོགས་པ་མི་རྟོགས་པ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པའི་སྒྲ་གྲགས་པ་དང༌། འགྱོད་པ་དང་བཅས་ཏེ་འཆི་བར་འགྱུར་བ་དང་ངན་སོང་གསུམ་དུ་སྐྱེ་བ་ལ་སོགས་པ་དུ་མ་ཡོད་དོ། །གཉིས་རྟེན་གྱི་ཡན་ལག་ནི། སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་དང༌། བསླབ་པ་བཅས་པ་དང་འབྲེལ་བ་དང༌། ཤེས་པ་རང་བཞིན་དུ་གནས་པ་གསུམ་ཐམས་ཅད་ཀྱི་ཡན་ལག་ཡིན་ལ། གཟུགས་གཞན་དུ་མ་བསྒྱུར་བ་དང༌། མི་སྣང་བར་མ་བྱས་པ་དང༌། མཚན་མ་གྱུར་པ་གསུམ་འགའ་ཞིག་གི་ཡང་ཡན་ལག་ཡིན་ནོ། །གསུམ་པ་བསྡུས་དོན་བཤད་པ་ལ། རྣམ་འབྱེད་ཀྱི་དཀྱུས་འདི་རྣམས་རྣམ་པ་གསུམ་གྱིས་ས་གཅོད་པར་མཛད་དེ། ལྟུང་བ་རྣམ་གཞག་དང༌། ལྟུང་བ་མེད་པ་དང༌། བསླབ་བྱའོ། །དང་པོ་ནི། དངོས་
གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་རྣམ་པར་བཞག་པ་སྟེ། བམ་ལྔར། ལྟུང་བ་རྣམ་པར་བཞག་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ཅི་རིགས་པར་རྣམ་པར་བཞག་པའོ། །ཞེས་པ་ལྟར་རོ། །དེ་ལ་ཡན་ལག་གི་མཚན་ཉིད་དང༌། སེལ་བ་གཉིས། ཡན་ལག་ནི་རྒྱུ་ཡིན་ལ། མཚན་ཉིད་ནི་ངོ་བོ། དེ་ཡང་བཞི་སྟེ། གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་གི་ཡན་ལག་གོ །གཞི་ལ་དབྱེ་བ་དུ་མ་ཡོད་ཅིང༌། བསམ་པ་ལ་ཀུན་སློང་དང་འདུ་ཤེས་གཉིས་སོ། །འདུ་ཤེས་དང་སྦྱོར་བའི་ཡན་ལག་མ་ཚང་བ་ལའང་དངོས་གཞི་འབྱུང་བ་ཡོད་དོ། །གལ་ཏེ་རྒྱུ་མ་ཚང་བ་ལ་འབྲས་བུ་འབྱུང་བ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། སྤྱིར་བཏང་དང་དམིགས་བསལ་ཡིན་པའི་ཕྱིར། མཁན་སོགས་མེད་པར་སྡོམ་པ་སྐྱེ་བ་དང༌། དགྲ་བཅོམ་པ་ལ་ཉོན་མོངས་སྐྱེ་བ་བཞིན་ནོ། །སེལ་བ་ལ་སེལ་བའི་ངོ་བོ་དང༌། དབྱེ་བ་དང༌། ཅིར་འགྱུར་བ་གསུམ་མོ། །དང་པོ་ནི། ལྟུང་བ་རང་རང་གི་དངོས་གཞི་ལ་ཡན་ལག་ཅི་རིགས་པ་མ་ཚང་ཞིང་ཁ་ཅིག་ཚང་བ་གང་ཞིག །ལྟུང་བ་གཞན་གྱི་དངོས་གཞི་ལ་སོགས་པའི་རྒྱུར་མ་བཞག་པ། གཅིག་ཕམ་པ་དང་པོའི་རྒྱུ་ཚང་བ་ལས་གཞན་པ་ཐམས་ཅད་དེའི་སེལ་བ་ཡིན་ཏེ། བག་ཙམ་གྱི་ལྷག་མ་གཞི་མེད་ཀྱི་སེལ་བ་ཡིན་པ་དང༌། དུད་འགྲོ་གསོད་པའི་ལྟུང་བྱེད་སྲོག་གཅོད་ཕམ་པའི་སེལ་བ་ཡིན་པ་ལྟ་བུའོ། །ཞེས་ཟེར་བ་མི་འཐད་དེ། ཕན་ཚུན་སེལ་བར་འགྱུར་བ་དང་སེལ་བའི་བརྡ་སྦྱར་བ་ཡང་དོན་མེད་དུ་འགྱུར་བའི་ཕྱིར། དེས་ན་ལྟུང་བ་གང་གི་དབང་དུ་བྱས་པའི་ཡན་ལག་ཚོགས་པ་དེས་དེའི་དངོས་གཞི་བསྐྱེད་པ་སེལ་བའམ། ཡན་ལག་མ་ཚང་བ་དེས་སེལ་བས་ན་སེལ་བའོ། །གལ་ཏེ་ཀུན་སློང་ལྟ་བུའི་ཡན་ལག་མ་ཚང་བ་དེས་སེལ་བས་སེལ་བ་ཟེར་བ་ཡིན་ནོ་ཞེ་ན། མ་ཡིན་དགག་ཡིན་ན་དོན་གཅིག་ལ། མེད་དགག་ཡིན་ན་སེལ་བ་ལ་ཅིར་འགྱུར་སོགས་མི་རིགས་སོ། །དབྱེ་ན།
ལྟུང་བའི་ཡན་ལག་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་གང་རུང་རེ་རེ་མ་ཚང་བ་དང་གཉིས་གཉིས་མ་ཚང་བ་ལ་སོགས་པ་དུ་མ་ཡོད་ལ། ཐུན་མོང་གི་ཡན་ལག་མ་ཚང་བ་ཡང་དེར་འདུས་སོ། །ཅིར་འགྱུར་ལ་དངོས་དང༌། དེ་ལས་འཕྲོས་པ་སྦོམ་པོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ། ན་སྨད་དང༌། ཆེས་ན་སྨད་དང༌། ལྟུང་བ་མེད་པའོ། །དང་པོ་ནི། ཕམ་ལྷག་གི་སྐབས་སུ་སྦོམ་པོ་སྟེ། དངོས་གཞི་དེ་ལས་ཚིགས་འོག་མར་ན་སྨད་པའི་ཕྱིར་རོ། །དེ་ཡང་ཡན་ལག་གཅིག་གམ་གཉིས་མ་ཚང་བ་ལྟ་བུ་ལ་འབྱུང་སྟེ། ཊཱིཀྐར། རང་གི་ལ་གཞན་གྱིས་ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ལའང་སྦོམ་པོ་ཁོ་ན་སྟེ། རང་གི་འདུ་ཤེས་པ་དང༌། ཡོངས་སུ་མ་བཟུང་བར་འདུ་ཤེས་པར་བཅས་པ་ནི་ལྟུང་བ་ལ་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པའམ། ཡོངས་སུ་བཟུང་བ་དང་བཅས་པར་འདུ་ཤེས་པ་ཡང་སྦོམ་པོ་ཁོ་ནའོ། །ཞེས་གསུངས་པ་ལྟ་བུའོ། །ཊཱིཀྐར། ཁ་ཅིག་ཏུ་ཡན་ལག་གསུམ་མམ་གཉིས་མ་ཚང་བ་ལ་ཉེས་བྱས་སུ་འདོད་དོ་ཞེས་གསུངས་པས། གཉིས་མ་ཚང་ལ་ཉེས་བྱས་སུ་ངེས་པ་མིན་ནམ་ཞེ་ན། མིན་ཏེ། ཁ་ཅིག་ཏུ་ཞེས་པ་སྐབས་ཁ་ཅིག་ཏུ་ཞེས་པ་ཡིན་པའི་ཕྱིར། གསུམ་ཞེས་པས་གཉིས་མ་ཚང་ལ་སྦོམ་པོ་ཡོད་པར་གྲུབ་པའི་ཕྱིར་རོ། །གསུམ་ཞེས་པ་རྒྱུན་མིན་ནམ་ཞེ་ན། མ་ཡིན་ཏེ། དོགས་པ ་དེ་ལྟ་བུ་བསལ་བའི་ཕྱིར་དུ་གོ་རིམ་གསུམ་མམ་གཉིས་ཞེས་སྨོས་པ་མཁས་པའི་གསུང་ཡིན་ནོ། །གཞན་ཡང་ཡན་ལག་གཅིག་མ་ཚང་ལ་ལྟུང་མེད་ཀྱང་ཡོད་དོ། །གཉིས་པ་ནི། ཕམ་ལྷག་གི་སྐབས་སུ་ཉེས་བྱས་ཏེ། དངོས་གཞི་དེ་ལས་ཚིགས་འོག་མའི་ཡང་འོག་མར་ན་སྨད་པའི་ཕྱིར་རོ། །ཚུལ་དེ་ལྟུང་བ་གཞན་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །གསུམ་པ་ནི། ཡན་ལག་ཁ་ཅིག་ཡོད་ཀྱང་གཞན་མེད་པས་ལྟུང་བ་མེད་པ་སྟེ། མ་བསམས་
པ་ལ་ལྟུང་བ་མེད་པ་ལྟ་བུའོ། །ལྟུང་བ་དངོས་གཞི་འབྱུང་བ་ལ། བསླབ་པ་བཅས་པ་དང་འབྲེལ་བ་ཡན་ལག་ཡིན་པར་ལས་དང་པོ་པ་ལ་ལྟུང་བ་མེད་ཅེས་གསུངས་པ་སེལ་བའི་ལྟུང་མེད་མ་ཡིན་ཏེ། དེའི་ཚེ་ལྟུང་བ་དེའི་ཡན་ལག་རྣམ་པར་མ་བཞག་པའི་ཕྱིར་རོ། །གཉིས་པ་དེ་ལས་འཕྲོས་པ་སྤོམ་པོའི་དོན་ལ། སྤྱིར་ཕམ་ལྷག་གཉིས་ལ་སྦོམ་པོ་ཞེས་བྱ་སྟེ། མ་མོར། ཉེས་པ་སྦོམ་པའི་ཉེས་པ་གང་ཞེ་ན། ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མའོ། །ཅིའི་ཕྱིར་ཉེས་པ་སྦོམ་པོ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ན་ཉེས་པ་སྦོམ་པོ་ཞེས་བྱ་སྟེ། ཉེས་པ་སྦོམ་པོ་ཡིན་པས་ན་སྦོམ་པོ་དང༌། རང་བཞིན་གྱིས་ཉེས་པ་སྦོམ་པོ་ཡིན་པས་ན་ཉེས་པ་སྦོམ་པོ་སྟེ། དེ་ནི་ཉེས་པ་སྦོམ་པོ་ཞེས་བྱའོ་ཞེས་གསུངས། འདིར་ནི་དམན་པ་སྦོམ་པོ་སྟོན་པར་བྱེད་པ་ལ། འོད་ལྡན་ལས། དེ་ལྟར་བྱས་ན་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང༌། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི། ཉེས་པ་ཆུང་ངུ་ཞེས་བྱ་བ་ཡིན་ནོ་ཞེས་གསུངས། དེ་གཉིས་ཀྱི་ཁྱད་པར་ལ་མཁས་པ་དག །སྔ་མ་ནི་རྟེན་དགེ་སློང་ཕ་མ་དང༌། སྡེ་ཚན་ཕམ་ལྷག་ཁོ་ན་དང༌། གནས་སྐབས་སྦྱོར་དངོས་དང༌། གདགས་གཞི་གཅིག་དང༌། ཕྱིར་བཅོས་སྦོམ་པོའི་མིང་གིས་བྱེད་པ་སྟེ། མཚན་ཉིད་པ་ཡིན་ནོ། །ཕྱི་མ་རྟེན་སྡེ་ལྔ་ཐམས་ཅད་དང༌། སྡེ་ཚན་སྡེ་ལྔ་ཐམས་ཅད་དང་། གནས་སྐབས་སྦྱོར་བའི་སྦྱོར་བ་སོགས་ཐམས་ཅད་དང༌། གདགས་གཞི་གཅིག་གམ་དུ་མ་དང༌། ཕྱིར་བཅོས་གང་ལ་བཏགས་པ་དེ་ཉིད་ཀྱིས་བྱེད་དེ། བཏགས་པ་བ་ཡིན་ནོ་གསུངས་སོ། །མཚན་ཉིད་པ་ལ་ལྔ། དབྱེ་བ། བསྡུ་བ། ངོ་བོ། སྒྲ་དོན། མཁས་པ་དག་གི་ལུགས་དཔྱད་པའོ། །དང་པོ་ནི། མཚན་ཉིད་པ་ལ་བཞི་སྟེ། ཕམ་པར་གཏོགས་པའི་ལྕི་ཡང་གཉིས། ལྷག་མར་གཏོགས་པའི་ལྕི་ཡང་གཉིས་སོ། །ཤིན་ཏུ་ལྕི་བ་ལ་སོགས་པའི་སྒོ་ནས་ཕྱེ་ན་བརྒྱད་དུ་ཡོད་དེ། ཚིག་ལེར།
ལྕི་དང་ཤིན་ཏུ་ལྕི་བ་ཉིད། །ཡང་དང་ཤིན་ཏུ་ཡང་བ་སྟེ། །ཕས་ཕམ་པས་ནི་ཀུན་བསླང་བའི། །སྦོམ་པོ་རྣམ་པ་བཞི་ཡིན་ནོ། །སྐྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་ཡང་བ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང༌། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་དགེ་འདུན་ལྷག་མ་ཡིས། །ཀུན་སློང་སྦོམ་པོ་རྣམ་པ་བཞི། །ཞེས་གསུངས། གཉིས་པ་ནི། ཕམ་པ་དང༌། ལྷག་མས་ཀུན་ནས་བསླང་བ་གཉིས་སུ་འདུའོ། །དེ་མཚན་ཉིད་པ་ཇི་ལྟར་ཡིན་ཞེ་ན། འོད་ལྡན་ལས། འོ་ན་རྣམ་པར་འབྱེད་པ་ལས་ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང༌། དགེ་འདུན་ལྷག་མ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ཉེས་པ་མེད་དེ། ཉེས་པ་སྦོམ་པོ་གཉིས་ཆུང་བའི་ཚིག་ཡིན་པར་དགོངས་པའི་ཕྱིར་རོ། །ཞེས་གསུངས། གསུམ་པ་ནི། སྦོམ་པོའི་རྒྱུ་ཚོགས་ཚང་བ་ལས་སྐྱེས་པའི་རིག་བྱེད་དམ་རིག་བྱེད་མིན་པ་གང་ཞིག །སྦོམ་པོའི་མིང་གི་ཕྱིར་བཅོས་བྱ་བའི་རིགས་ཡིན་པའོ། །བཞི་པ་ནི། ཕམ་ལྷག་དངོས་གཞི་ལས་དམན་ཞིང་ལྟུང་བ་གཞན་ལས་ཁ་ན་མ་ཐོ་བ་ཆེ་བས་ན་དམན་པ་སྦོམ་པོ་ཞེས་བྱ་སྟེ། སྦོམ་པོ་ཞེས་པ་ནི་ཚིག་གི་ཕྱོགས་གཅིག་སྨོས་པ་ཡིན་ནོ། །འོད་ལྡན་ལས། དམན་པ་སྦོམ་པོ་ཞེས་བྱ་བ་ནི་ཆུང་བའི་རྣམ་གྲངས་ཡིན་ཏེ། ཨུཏྤ་ལའི་ཕྲེང་བ་ལས། འདི་སྐད་ཅེས། དམན་པ་སྦོམ་པོ་ཞེས་བྱ་བའི་ཚིག་འདི་ནི་རིལ་གྱིས་མིན་པ་དང༌། གླང་པོ་ཆེའི་གཙོ་བོ་དག་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རིལ་གྱིས་མིན་པ་ནི་ཆུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས། ལྔ་པ་ནི། རྒྱ་འདུལ་འཛིན་ན་རེ། སྦོམ་པོ་མཚན་ཉིད་པ་གཉིས་ཁོ་ན་སྟེ། སྦྱོར་བ་དང་དངོས་གཞིའི་སྦོམ་པོའོ་ཞེས་ཟེར། དེ་ལ་ཁ་ཅིག་ན་རེ། འདུན་པ་ལོག་པའི་སྦོམ་པོ་
སྦོམ་པོ་མིན་པར་ཐལ། དེ་གཉིས་གང་རུང་མ་ཡིན་པའི་ཕྱིར་ཏེ། དངོས་གཞི་ལ་སྦྱོར་བ་མེད་པའི་ཕྱིར། མཐར་ཐུག་པ་མེད་པའི་ཕྱིར། དེ་ལ་པཎྜི་ཏ་ནེ་པ་ན་རེ། དངོས་གཞི་བསྐྱེད་ངེས་མེད་ཀྱང༌། སྦྱོར་བ་དངོས་ཡིན་པའི་ཕྱིར་སྦྱོར་སྦོམ་ཡིན་ནོ་ཞེས་ཟེར་བ་ལེགས། ཤ་མི་ན་རེ། སྦོམ་པོ་གསུམ་སྟེ། སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་རྣམ་པའི་སྦོམ་པོ་དང༌། དངོས་གཞིའི་རྣམ་པའི་སྦོམ་པོའོ། །དང་པོ་ནི། ཕམ་པ་བསྐྱེད་ངེས་ཀྱི་ནོམ་ཉུག་གི་སྐབས་སུ་སྐྱེས་པ་ལྟ་བུའོ། །གཉིས་པ་ནི། མཐར་མ་ཐུག་པའི་ལྟུང་བ་གང་ཞིག །རང་རང་གི་སྦྱོར་བ་མཚན་ཉིད་པ་དང་མཉམ་པ་སྟེ། སྦྱོར་བ་མཚན་ཉིད་པ་བརྩམས་ནས་འདུན་པ་ལོག་པ་ལ་སོགས་པའོ། །ངེས་ཚིག་ནི། མཐར་མ་ཐུག་པས་སྦྱོར་བ། མཚན་ཉིད་པ་མིན་པར་རྣམ་པ་ཞེས་བྱའོ། །གསུམ་པ་ནི། མཐར་ཐུག་པའི་ལྟུང་བ་གང་ཞིག །རང་རང་གི་སྦྱོར་བ་མཚན་ཉིད་པ་དང་མཉམ་པ་སྟེ། རྨ་ཉམས་པ་ལ་ཉམས་སུ་མྱོང་བ་ལ་སོགས་པ་ལྟ་བུའོ། །ངེས་ཚིག་ནི། མཐར་ཐུག་པས་ན་དངོས་གཞི། མཚན་ཉིད་པ་མིན་པས་རྣམ་པ་ཞེས་བྱའོ་ཞེས་ཟེར་ལ། དེའི་རྗེས་འབྲང་ཀ་བ་ལ་སོགས་པའང་དེ་ལྟར་བཞེད་ལ། མིའི་འགྲོ་བ་བའི་ལག་པ་གཅོད་པའི་སྦོམ་པོ་སོགས་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པས་སྦོམ་པོ་བཏགས་པ་པ་ཡིན་ཞེས་ཟེར། བྱ་འདུལ་བ་འཛིན་པ་ན་རེ། སྦྱོར་བ་མཚན་ཉིད་པ་བཞི་ཡིན་ཏེ། སྦྱོར་བ་སོགས་གསུམ་དང༌། དངོས་གཞིའི་སྦོམ་པོའོ། །དེ་དག་གི་མཚན་ཉིད་རིམ་པ་བཞིན། ཕམ་ལྷག་དངོས་གཞི་བསྐྱེད་པའི་རྒྱུ་ཚོགས་པ་ལ་མཐར་ཐུག་མ་གཏོགས་པ་ཐམས་ཅད་ཚང་བ་དང་དེའི་ཉེ་བའི་རྒྱུར་གྱུར་བ་དང༌། དེའི་རྒྱུ་ཚོགས་གཞན་ཚང་བ་ལ་སྦྱོར་བའི་དུས་ན་རྒྱུན་ཆད་པ་དང་དངོས་གཞིའི་རྣམ་པའི་སྦོམ་པོ་བསྐྱེད་པའི་རྒྱུ་གཞན་རྣམས་ཀྱང་ཚང་ལ། བརྣག་པའི་དོན་གྱིས་མཐར་ཐུག་པ་དང༌། ཕམ་ལྷག་སྐྱེད་པའི་རྒྱུ་ཅི་
རིགས་པ་མ་ཚང་ཞིང་གཙོ་བོའི་ཡན་ལག་དང་སྦྱོར་བ་ལུས་ངག་ཏུ་གྲུབ་རྒྱུ་ཚོགས་གཞན་ཚང་བ་ལ་མཐར་ཐུག་པའོ། །ལྟུང་བ་རྣམ་གཞག་གི་ཀུན་སློང་མེད་ཀྱང་ཆུད་གཟན་པའི་སྦོམ་པོ་སོགས་ཀྱང་སྦོམ་པོ་ཡིན་ཏེ། ཊཱིཀྐར། ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་ནོམ་པ་ལྕི་བ་དང༌། མི་རུང་བ་ལ་ཡང་བར་བཤད་པ་དང༌། བམ་ལྔར། ཡང་བའི་དཔེར་བསྟན་པས། གཞུང་ནས་ཇི་ལྟར་གསུངས་པ་ལྟར་རིགས་ཞེས་གསུངས་སོ། །ནེ་པ་ནི། སྦྱོར་བ་མཚན་ཉིད་པ་ལ་སྦྱོར་བའི་སྦོམ་པོ་དང་དངོས་གཞིའི་སྦོམ་པོ་གཉིས་ཡོད་ལ། སྦྱོར་བའི་སྦོམ་པོ་ནི། ཕམ་ལྷག་བསྐྱེད་པའི་སྦྱོར་བ་དངོས་རང་གི་ཡན་ལག་ཚང་བ་ཡིན་ལ། དབྱེ་ན། ཕམ་ལྷག་བསྐྱེད་པ་མཐར་ཐུག་འབྲེལ་བ་དང༌། མི་བསྐྱེད་པ་མ་འབྲེལ་བ་གཉིས་སོ། །དངོས་གཞིའི་སྦོམ་པོ་ནི། ཕམ་ལྷག་གི་ཡན་ལག་གཞན་ཚང་གཞིའི་ཡན་ལག་གཅིག་མ་ཚང་བའམ། ཀུན་སློང་གི་རྣམ་པ་ལས་འགའ་ཞིག་མ་ཚང་བའོ། །བཏགས་པ་བ་ཡང་གཉིས་ཡིན་ལ། ཡན་ལག་གཉིས་མ་ཚང་ཕན་ཆད་སྦོམ་པོར་གསུངས་པ་ཐམས་ཅད་བཏགས་པ་བ་ཡིན་ཞེས་གསུངས། ཆོས་རྗེ་དམར་སྟོན་པའི་ལུགས་ལ་སྒྲ་ཡངས་པར་བྱས་ན་སྦོམ་པོ་ཐམས་ཅད་ལ་སྦྱོར་བ་ཞེས་བྱ་སྟེ། མདོར། ཆགས་པའི་སེམས་དང་ལྡན་པ་ཉིད་ན། ཞེས་དང༌། བརྩམས་པ་ཙམ་ན་ཞེས་དང༌། དེ་དང་འབྲེལ་བའི་དོན་ཞེས་དང༌། དེ་དང་འཁྲིག་པ་དང༌། ཞེས་དང༌། རྩོམ་པ་ནི་ཞེས་སོགས་གསུངས་པ་རྣམས་གཞན་དག་དངོས་གཞི་དང་དེའི་རྣམ་པ་ཞེས་གསུངས་པ་དག་ཡིན་པའི་ཕྱིར་དང༌། འགྲེལ་པར་དེ་ལྟར་གསུངས་པའི་ཕྱིར་དང༌། བམ་ལྔར། སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ནོམ་པར་བྱེད་ཉུག་པར་བྱེད་ལ། ཇི་སྲིད་དུ་གནས་ནས་གནས་གཞན་དུ་སྤོ་བར་མི་བྱེད་ཀྱི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །རང་གི་དང་མིའི་མིན་པ་དང་དེར་འདུ་ཤེས་པ་མེད་པ་དང༌། རིན་ཐང་མ་ཚང་བ་དང༌། གནས་ནས་མ་སྤོས་
པ་ན་ཉེས་པ་སྦོམ་པའོ། །བདག་པོ་མེད་པའི་བརྐུས་ན་ཉེས་པ་སྤོམ་པོའོ་ཞེས་སོགས་དང༌། ཕྱིར་བཅོས་བྱེད་པའི་ཚེ་ཡང་ལྕི་ཡང་ཀུན་ལ་སྦྱོར་སྦོམ་ཞེས་གསུངས་པའི་ཕྱིར་དང༌། འོད་ལྡན་ལས། མི་ལ་གཙེ་བ་ཙམ་གྱི་བསམ་པས་མེ་བཏང་བའི་ཕྱིར་འདི་ནི་མཐར་འགྱུར་བ་ལ་སྦྱོར་བ་དང་འདྲ་བའི་ཕྱིར་ཉེས་པ་སྦོམ་པོ་གཞན་ཡིན་པས་ཕྱོགས་དང་མཐུན་པར་བསྡུས་པ་ཡིན་ནོ་ཞེས་སོགས་ནས་སློབ་དཔོན་གྱིས་ཀྱང་གནོད་པ་དང་འདྲ་བ་ཉིད་ཀྱི་ཕྱིར་དངོས་གཞིའི་སྦྱོར་བ་ལས་བྱེ་བྲག་ཏུ་མ་ཕྱེའོ་ཞེས་གསུངས། དེས་ན་སྦོམ་པོ་མཚན་ཉིད་པ་གཉིས་ཏེ། སྦྱོར་བའི་སྦོམ་པོ་དང་སྦྱོར་བའི་རྣམ་པའི་སྦོམ་པོའོ། །དང་པོ་ནི། བསམ་པའི་ཡན་ལག་གི་ཆ་ནས་ཕམ་ལྷག་གང་རུང་བསྐྱེད་དུ་རུང་བའི་སྦྱོར་བའི་ཁ་ན་མ་ཐོ་པའོ། །འདུན་པ་ལོག་ཀྱང་སྦྱོར་བ་དེ་མཚན་ཉིད་པ་ཡིན་ཏེ། བརྩམས་པ་ཙམ་ན་སྦྱོར་བ་ཉིད་མིན་པ་མིན་ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། གཞན་དག་དངོས་གཞི་དང༌། དེའི་རྣམ་པ་ཞེས་གསུངས་པ་རྣམས་ཡིན་ལ། རྣམ་པ་ཞེས་པ་འདིར་འདྲ་བའི་དོན་ཡིན་ཏེ། བརྙན་པ་ཞེས་པའི་ཊཱིཀྐར། སྦྱོར་བ་བཞིན་ཏེ་ཉེས་པ་སྦོམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གལ་ཏེ་དངོས་གཞིའི་རྣམ་པའི་སྦོམ་པོ་ཡོད་དེ། གཞན་གྱི་དོན་ཉིད་དུ་ཞེས་སོགས་གསུངས་པའི་ཕྱིར་ཞེ་ན། འདིར་རྣམ་པ་ཞེས་པ་སྦྱོར་བ་ཡིན་ཏེ། ཊཱིཀྐར། དེ་ལ་དངོས་གཞིའི་རྣམ་པ་ཞེས་བྱ་བ་དངོས་གཞིའི་སྦྱོར་བ་སྟེ། དངོས་གཞིའི་ཁ་ན་མ་ཐོ་བ་མ་ཚང་བ་ཉེས་པ་སྦོམ་པོའི་དངོས་གཞིར་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས། གལ་ཏེ་སྔར་ན་ནི་ཞེས་པའི་ཊཱིཀྐར། བརྣོགས་པ་ནི་དངོས་གཞིའི་རྣམ་པའི་སྦོམ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡང་དོན་དེ་ཉིད་ཡིན་ཏེ། ཊཱིཀྐར། དེ་བས་ན་བརྣོགས་པ་དེ་ནི་བསྙེན་པ་ལས་སྦྱོར་བ་ཐ་དད་པ་གཞན་ཡིན་པར་རིག་པར་བྱའོ། །ཞེས་དང༌། འོད་ལྡན་ལས། ཐག་བཅད་པ་ནི་སྔ་ལ། ཕྱི་ནས་སྤགས་པ་ཡིན་ན་དེའི་ཚེ་ཐག་
བཅད་པ་ནི་སྦྱོར་བ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར། ཡང་དངོས་གཞིའི་སྦོམ་པོ་དང་སྦོམ་པོའི་དངོས་གཞི་གཅིག་གོ་སྙམ་ན། སྦྱོར་སྦོམ་ཡང་དངོས་གཞིའི་སྦོམ་པོར་ཐལ་ལོ། །དུད་འགྲོ་ལ་མིར་འདུ་ཤེས་པ་ལ་སྦྱོར་སྦོམ་དུ་བཤད་པ་བཏགས་པ་བ་ཡིན་ཏེ། དངོས་གཞི་ལ་ཕམ་པ་མི་སྐྱེད་པའི་ཕྱིར་ཞེ་ན། མཐོ་ལ་མིར་ཤེས་ནས་གསོད་པའི་སྦྱོར་སྦོམ་དེ་ཆོས་ཅན། སྦྱོར་བའི་སྦོམ་པོ་མིན་པར་ཐལ། དངོས་གཞི་ལ་ཕམ་པ་མི་སྐྱེད་པའི་ཕྱིར། འདོད་མི་ནུས་ཏེ། སྦྱོར་བ་ལ་འདུ་ཤེས་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ལྟུང་བ་མེད་པ་ནི་རྣམ་པ་བཞི་སྟེ། དངོས་གཞིའི་ལྟུང་མེད་དང༌། སྐབས་དེར་གཏོགས་ཀྱི་ལྟུང་མེད་དང༌། ལྟུང་བ་རྣམ་གཞག་གི་ལྟུང་མེད་དང༌། ལྟུང་བ་གཏན་ནས་མེད་པའོ། །དང་པོ་ནི། སྨྱན་གྱི་སྐབས་སུ། ཊཱིཀྐར། ཕྲད་པ་མེད་པར་འཕྲིན་ཕར་བསྐྱལ་ཚུར་བསྐྱལ་བ་ཙམ་ཁོ་ན་ལས་ནི་ཁ་ན་མ་ཐོ་བར་མི་འགྱུར་རོ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། ལས་སུ་མ་བྱས་ཞེས་པའི་ཊཱིཀྐར། དེ་ལ་སྐབས་འདིའི་ཉེས་པ་མེད་པ་ལས་དགོངས་པ་ཡིན་ཏེ། འབྲུ་ཙམ་པ་ལེན་པའི་ཉེས་པ་གཞན་ནི་ཡོད་དོ་ཞེས་པ་ལྟ་བུའོ། །གསུམ་པ་ནི། མཚམས་གཞན་དུ་ཤོ་གམ་དྲལ་བ་ལ་ཉེས་པ་མེད་ཅེས་པ་ལྟ་བུའོ། །འདི་དང་གོང་མ་གཉིས་འདྲ་བར་སྣང་སྟེ། བདག་གིར་མི་བྱེད་ཅེས་པའི་ཊཱིཀྐར། དེ་ལ་ནི་བཅའ་བ་འདིར་གཏོགས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ནི་མེད་དོ། །གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་འོག་ནས་འབྱུང་བ་དེའི་ཉེས་བྱས་ནི་ཡོད་དོ་ཞེས་གསུངས་པའི་ཕྱིར་དང་མ་བོས་པར་ཟན་ཟ་བ་ལ་སོགས་པ་བཞིན་ནོ། །བཞི་པ་ལ་གཉིས། བཅས་རང་གཉིས་ཀའི་ལྟུང་མེད་དང་བཅས་པའི་ལྟུང་མེད་དོ། །དང་པོ་ནི། བསླབ་པ་མ་བཅས་པ་དང༌། ཤེས་པ་རང་བཞིན་དུ་མི་གནས་པ་དང༌། གཙོ་བོ་ཀུན་སློང་མེད་པ་དང༌། བསྒྲུབ་པར་མ་ནུས་པ་རྨི་ལམ་ལྟ་
བུའོ། །གཉིས་པ་ལ་བཞི། དགག་བྱ་མེད་པ། བག་ཡངས་དང་འབྲེལ་བ། བསྒྲུབ་པར་མ་ནུས་པ། རྐྱེན་དགོས་དང་ལྡན་པའོ། །དང་པོ་ནི། རྡོ་བའམ་སོ་ཕག་གི་རིམ་པ་ལྷག་པ་ལྟ་བུའོ། །གཉིས་པ་ནི། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པ་དང༌། རྐྱེན་དཀའ་བས་འཚོ་བ་དང༌། སྲ་བརྐྱང་བཏིང་བ་ལྟ་བུ་ཆེན་པོ་དང༌། འཁར་བའི་གནང་བ་ལྟ་བུ་ཆུང་ངུའོ། །གསུམ་པ་ནི། བཅས་རང་ནང་འདོམས་པའམ། བྱ་དཀའ་བ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལྟ་བུའོ། །བཞི་པ་ལ་གཉིས། རང་གི་རྐྱེན་དགོས་དང་ལྡན་པ་དང༌། གཞན་གྱི་རྐྱེན་དགོས་དང་ལྡན་པའོ། །དང་པོ་ལ་གཉིས། རྐྱེན་དགོས་གཙོ་བོ་དང་ལྡན་པ་དང༌། གཙོ་བོ་མིན་པ་དང་ལྡན་པའོ། །དང་པོ་ལ་གསུམ། ཚུལ་ཁྲིམས་དང༌། དགེ་སྦྱོང་གི་ཚུལ་དང༌། སྲོག་གི་བར་ཆད་དང་ལྡན་པའོ། །དང་པོ་ནི། རང་བཞིན་དང་བཅས་པ་འདོམས་པའོ། །གཉིས་པ་ལམ་སྐྱེ་བ་དང་འདོམས་པའོ། །གསུམ་པ་འཆི་བ་ལ་ཐུག་པ་དང་འདོམས་པའོ། །དེའི་ཚེ་བཅས་པ་རང་བཞིན་གྱི་ཐ་སྙད་པ་དང་ཆང་མ་གཏོས་པ་རྣམས་གནང་སྟེ། སྲོག་གི་ཕྱིར་གནང་བའི་ཕྱིར་དང༌། དེ་བས་ཚུལ་ཁྲིམས་ལྷག་པའི་ཕྱིར། གཞན་ཡང་རྒྱུད་སྦྱང་བའི་ཕྱིར་དུ་ཉོ་ཚོང་སོགས་གནང་ངོ༌། །གཙོ་བོ་མིན་པ་དང་འདོམས་པའང་གསུམ་སྟེ་ལུས་དང་བསོད་ནམས་དང་ལོངས་སྤྱོད་ཀྱི་བར་ཆད་དང་འདོམས་པའོ། །དེ་དག་གི་དོན་དུ་བཅས་པ་ཅི་རིགས་པ་གནང་སྟེ། ནད་པ་ལ་ཕྱི་དྲོའི་ཁ་ཟས་དང༌། དཀོན་མཆོག་མཆོད་པའི་ཕྱིར་དུ་དབྱངས་ལེན་པ་དང༌། རིན་པོ་ཆེ་ལ་རེག་པ་གནང་བ་ལྟ་བུའོ། །གཞན་གྱི་ལ་ཡང་གཉིས་ལས། གཙོ་བོ་གསུམ་ནི་རང་གི་དང་མ་འདོམས་ན་ཆང་མ་གཏོགས་པ་བཅས་པའི་ཐ་སྙད་ཅན་རྣམས་གནང་སྟེ། སྡིག་ཅན་ཉེ་བར་གནས་པའི་ཕྱིར་ནུབ་ལྷག་ཉལ་དང༌། ཕོ་བྲང་དུ་གནས་པ་དང༌། ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་བུད་མེད་ལ་རེག་པ་གནང་བ་ལྟ་བུའོ། །རང་གི་དང་འདོམས་ན་རང་
གཙོ་ཆེ་སྟེ། ཊཱིཀྐར། བདག་ཉིད་དང་བུད་མེད་དེ་སྟག་ལ་སོགས་པའི་འཇིགས་པ་དག་ལས་ཡོངས་སུ་བསྲུང་བར་ནུས་ན་མཚན་མོ་ཡང་དེ་ཉིད་དུ་གནས་པར་བྱའོ། །ཞེས་གསུངས། གཙོ་བོ་མིན་པ་གསུམ་ལའང་ཅི་རིགས་པར་གནང་སྟེ། ནད་གཡོག་གི་ཕྱིར་ནུབ་ལྷག་ཉལ་དང༌། རྐང་པ་གཉིས་ལ་དྲིས་བསྐུ་བ་དང༌། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་ཞེས་པ་ལྟ་བུའོ། །དེས་ན་རང་གི་འདོམས་ན་རང་གཙོ་ཆེ་ལ། འོན་ཀྱང་དགག་བྱ་དང་དགོས་པ་གང་ཆེ་བ་རྩི་བ་ཤིན་ཏུ་གལ་ཆེའོ། །ལྟུང་བ་རྣམ་གཞག་དེ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པས་ན་བསླབ་བྱ་སྟེ། དེ་ལའང་སྐབས་ནས་འབྱུང་བ་འཁྲུར་འཇུག་གི་སྐབས་སུ་འབྱུང་བ་ལྟ་བུ་དང་སྐབས་སུ་གཏོགས་པ་སྟེ། དེ་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་མ་བསླང་བ་དང༌། བསླབ་པའི་གཞི་གཞན་དུ་མ་བཅས་པ་དང༌། ཉེས་པ་མེད་པ་མིན་པ་དང༌། ལྟུང་བ་རྣམ་གཞག་དང་མཐུན་པ་གསུམ་མམ་གང་རུང་གིས་མཐུན་པའོ། །མཐུན་པ་གསུམ་ནི། དགག་བྱ་ཉེས་དམིགས་དང༌། རྒྱུད་པ་རྒྱུར་འགྲོ་དང༌། སྦྱོར་བ་རྗེས་སུ་མཐུན་པའོ། །གཉིས་པ་གཞུང་དོན་ལ་ལྔ། གཅོད་པར་བྱེད་པ་ཕམ་པའི་སྡེ། གསོ་བ་དགེ་འདུན་ལ་རག་ལས་པ་དགེ་འདུན་ལྷག་མའི་སྡེ། ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ། སྨྲེ་སྔགས་འདོན་པའི་སྒོ་ནས་སོ་སོར་བཤགས་པའི་སྡེ། བསླབ་བྱ་ཉེས་བྱས་ཀྱི་སྡེའོ། །དང་པོ་ལ་བཞི། རང་གཞན་གཉིས་ཀའི་ཚངས་སྤྱོད་ལ་གནོད་པ་མི་ཚངས་པར་སྤྱོད་པའི་ཕམ་པ། གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་བྱིན་ལེན་གྱི་ཕམ་པ། གཞན་གྱི་སྲོག་ལ་གནོད་པ་སྲོག་གཅོད་པའི་ཕམ་པ། གཞན་གྱི་དོན་འགྲུབ་པ་ལ་གནོད་པ་རྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ལ་ལུང་གི་བྱེ་བྲག་བཞི་ལས། རྣམ་འབྱེད་ནས་འབྱུང་བ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ནི། བམ་ལྔར། གླེང་གཞི་དང༌། བསླབ་པ་བཅས་པ་དང་
ལྟུང་བ་རྣམ་པར་བཞག་པའི་དོན་སྟོན་ཏེ། དེ་ལ་གླེང་གཞི་ནི། ཡུལ་དང་གང་ཟག་དང་ཉོན་མོངས་པ་དང༌། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་པ་བཅས་པ་ནི། འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བ་བཟློག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་བཞག་པ་ནི། བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་རྣམ་པར་བཞག་པའོ་ཞེས་གསུངས་པས་དོན་གསུམ་སྟེ། བསླབ་པ་འཆའ་བའི་སྙད་ཁ་གླེང་གཞི་དང༌། བཅས་པ་འཇོག་པའི་རྒྱུ་མཚན་དགག་བྱ་ཉེས་དམིགས་དང༌། ལྟུང་བའི་རྒྱུ་ཚོགས་ཡན་ལག་གི་བརྩི་བ་རྣམ་པར་བཞག་པའོ། །དང་པོ་ནི། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་པ་ཡན་ཆད་བསྟན་པ་སྐྱོན་མེད་པར་གནས་པ་ལ་ལོ་བཅུ་གསུམ་པ་ལ་བབ་པ་ན། བཟང་སྦྱིན་གྱིས་ཆུ་བུར་ཕྱུང་བས་ཆོས་ཀྱི་རྗེས་བསླབ་པ་བཅས་པའི་ཕན་ཡོན་བཅུ་པོ་དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་གནས་པར་བྱ་བའི་ཕྱིར་དང༌། བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གནོང་མི་འཁུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་བཞིན་འབྱུང་བར་བྱ་བའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་དང་ཡངས་པར་འགྱུར་བ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་གཟིགས་ཏེ། ཡུལ་སྤོང་བྱེད་དུ་གང་ཟག་བཟང་སྦྱིན་གྱིས། ཉོན་མོངས་པ་འདོད་ཆགས་ཀྱིས་ཉེས་པ་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་མི་ཚངས་སྤྱོད་སྤོང་བའི་བསླབ་པ་འདི་བཅས་སོ། །བཅུ་པོ་དེའི་དོན་ནི། དང་པོ་རིགས་བཞིར་བསྡུ་བའི་ཕྱིར་
རོ། །གཉིས་པ་འདོད་པ་སྤང་ཞིང་ཆོས་བསྟན་པའི་རྗེས་སུ་འཇུག་པས་སོ། །གསུམ་པ་བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བས་སོ། །བཞི་པ་ནན་ཏུར་བྱ་བས་སོ། །ལྔ་པ་འགྱོད་པ་སེལ་བས་སོ། །དྲུག་པ་ཡོ་བྱད་རྐྱེན་དུ་བབ་པ་དག་ཡོད་པས་སོ། །བདུན་པ་ཞུགས་པ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །བརྒྱད་པ་ཀུན་དཀྲིས་གནོན་པས་སོ། །དགུ་པ་བག་ལ་ཉལ་སྤང་བས་སོ། །བཅུ་པ་བསྟན་པ་རྒྱུན་མི་ཆད་པར་འགྱུར་བ་སྟེ། ཐོབ་པ་བདེ་བར་གནས་པ་དང་མ་ཐོབ་པ་བདེ་བར་འཇུག་པའི་ཕྱིར་རོ། །གཉིས་པ་རྒྱུ་མཚན་ལ། མཐོང་ཆོས་ཀྱི་ཉེས་དམིགས་ལུས་དང་སྲོག་དང༌། ཚངས་སྤྱོད་དང་དགེ་སྦྱོང་གི་ཚུལ་དང་ལོངས་སྤྱོད་དང་བསོད་ནམས་ཀྱི་བར་ཆད་དང་གཞན་མ་དད་པ་ལ་སོགས་པའོ། །མ་མཐོང་བའི་ཆོས་ཀྱི་ཉེས་དམིགས་ནི། ལས་ལམ་དག་གིས་འབྲས་བུ་གསུམ་གསུམ་འབྱིན་ཏེ། མཛོད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་གསུངས། རྣམ་སྨིན་འབྲས་བུ་ནི། ཆེ་འབྲིང་ཆུང་ངུས་རིམ་པ་བཞིན་དམྱལ་བ་དུད་འགྲོ་ཡི་དྭགས་སུ་འགྱུར་བར་གསུངས། ཁ་ཅིག་ཏུ་ཆུང་འབྲིང་གཉིས་བཟློག་སྟེ་གསུངས་སོ། །རྒྱུ་མཐུན་གྱི་འབྲས་བུ་ལ། མྱོང་བ་རྒྱུ་མཐུན་ལུས་མི་སྡུག་པ་དང་ཆུང་མ་དགྲ་ཟླ་ཅན་དུ་འགྱུར་བ་ལ་སོགས་པའོ། །བྱེད་པ་རྒྱུ་མཐུན་ནི་མི་ཚངས་སྤྱོད་ལ་དགའ་བ་ཅན་དུ་འགྱུར་བའོ། །བདག་འབྲས་ཡུལ་རྡུལ་འཁྲིགས་པ་ལ་སོགས་པར་སྐྱེ་བའོ། །གསུམ་པ་ཡན་ལག་ལ། ཐུན་མོང་བ་སྔར་བཤད་ལ་ཐུན་མོང་མིན་པ་ལ་བཞི། གཞིའི་ཡན་ལག་དང༌། ཀུན་སློང་གི་ཡན་ལག་དང༌། སྦྱོར་བའི་ཡན་ལག་དང༌། མཐར་ཐུག་གི་ཡན་ལག་གོ །དང་པོ་ལ་གཉིས་ལས། གང་ལ་བརྩལ་བ་ཡུལ་གྱི་ཡན་ལག་ནི། ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་རྨའི་སྒོ་གསུམ་གང་ཡང་རུང་བ་དང༌།
མ་ཉམས་པ་དང༌། བགྲོད་པར་ནུས་པའོ། །དེ་ལ་བརྩལ་བ་རྟེན་གྱི་ཡན་ལག་ནི། རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་པ་དང་ལས་སུ་རུང་བའོ། །ཀུན་སློང་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་རེག་ཅིང་རྩོལ་བར་ཞུགས་པའོ། །མཐར་ཐུག་དེའི་བདེ་བ་ཉམས་སུ་མྱོང་བའོ། །དེ་ལྟར་ཡན་ལག་བརྩིས་པའི་དགོས་པ་ནི། ཡན་ལག་གི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བ་ཤེས་ནས་བསྲུང་བ་དང༌། ཕྱིར་བཅོས་ཀྱི་བྱེ་བྲག་རྣམས་ཤེས་ནས་ཉམས་སུ་བླང་བདེ་བའོ། །གཉིས་པ། གཞུང་དོན་ལ་གཉིས། ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། དགེ་སློང་གིས་གང་བྱས་ན་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་ཞེ་ན། གང་དུ་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན། སྟེན་བྱེད་ཕམ་པར་འགྱུར་ལ། གང་གིས་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན། བསྟེན་བྱ་ཕམ་པར་འགྱུར། གང་བཅུག་ན་ཕམ་པར་འགྱུར་ཞེ་ན། གཅིན་ཟག་བྱེད་ཕོའི་དབང་པོ་བཅུག་ན་ཕམ་པར་འགྱུར། གང་དུ་བཅུག་ཅེ་ན། མོའི་ཟག་བྱེད་དེར་རོ། །མོའི་ཟག་བྱེད་ཇི་ལྟ་བུར་ཕོའི་ཟག་བྱེད་བཅུག་ན་ཕམ་པར་འགྱུར་ཞེ་ན། ནད་ལ་སོགས་པས་མ་ཉམས་པར་རོ། །གཞུག་པར་བྱ་བ་དེ་ཁོ་ནར་ཟད་དམ་ཞེ་ན། མ་ཉམས་པའི་ཁའམ་བཤང་བའི་ལམ་དུ་བཅུག་ན་ཡང་ཕམ་པར་འགྱུར་རོ། །གཉིས་པ་ནི། མ་ཉམས་པར་བཅུག་པ་ལ་ཕམ་པར་འགྱུར་ན། ཉམས་པར་བཅུག་པ་ལ་ཅིར་འགྱུར་ཞེ་ན། གཞུག་པར་བྱ་བ་དང༌གཞུག་པར་བྱེད་པ་ཉམས་པ་དག་ལ་ནི་སྦོམ་པོར་འགྱུར་ཏེ། ཉམས་སུ་མྱོང་བ་རྫོགས་པར་མི་མྱོང་བའི་ཕྱིར་རོ། །བགྲོད་བྱ་འཁྲིག་པ་སྤྱད་དུ་མི་རུང་བ་ཉིད་ལ་ནི་ཕོའི་དབང་པོས་རྩོལ་བར་བྱེད་ན་ན་སྨད་དུ་འགྱུར་ཏེ། རུང་བ་ལ་ཕམ་པ་དང་སྦོམ་པོ་དང་ཉེས་བྱས་སུ་འགྱུར་བ་དེ་མི་རུང་བ་དང་ཉམས་པ་ལ་སྦོམ་
པོ་དང་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །གཉིས་པ་རྒྱས་བཤད་ནི། བགྲོད་པར་བྱ་བ་དུད་འགྲོ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་པ་ཉིད་དང༌། སྐྱེས་པ་ཉིད་དང༌། མ་ནིང་ཉིད་དང༌། རོ་ཉིད་དང༌། སྟེན་པར་བྱེད་པ་ཕོའི་དབང་པོ་དང༌། བསྟེན་པར་བྱ་བ་མོའི་དབང་པོའི་རེག་པ་ཉམས་སུ་མྱོང་བ་ལ་མི་གནོད་པའི་བར་ཆོད་སྲབ་མོས་གཡོགས་མ་ཅན་ཉིད་དག་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་པ་ལ་ནི་ལྟུང་བ་ན་སྨད་པ་མེད་པ་ཕམ་པར་འགྱུར་རོ། །བགྲོད་བྱ་བུད་མེད་ལ་སོགས་པ་གཉིད་ལོག་གམ་བརྒྱལ་བ་ལ་སོགས་པས་མ་ཚོར་བ་དང༌། བགྲོད་པར་བྱེད་པ་སྨྱོ་བ་ལ་སོགས་པ། རང་བཞིན་ཉམས་པའི་གནས་སྐབས་དང༌། བགྲོད་བྱ་མི་འདོད་བཞིན་དུ་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །དགེ་སློང་རང་གི་བསྟེན་པར་བྱ་བ་ཁ་དང་བཤང་ལམ་ལ་སོགས་པར་ཟག་བྱེད་བཅུག་ན་ཡང་ན་སྨད་པ་མེད་དོ། །སྔར་རྨའི་སྒོའི་ཕྱི་རོལ་ཏུ་དྲུད་ཅིང་བརྩལ་ནས་ནང་དུ་ལྡུགས་པའི་ཕྱིར་རྨའི་ནང་དུ་ཟག་བྱེད་བཅུག་པ་ཉིད་ལ་ཡང་ན་སྨད་པ་མེད་དོ། །སྔར་ནང་དུ་སྨྱུགས་ཤིང་ཕྱི་རོལ་ཏུ་དབོ་བར་བྱའི་ནང་དུ་མི་དབོའོ་སྙམ་ནས་བཅུག་རེག་ཉམས་སུ་མྱོང་བར་བྱས་ན་ཡང་ན་སྨད་པ་མེད་དོ། །གཉིས་པ་བསླབ་བྱ་ནི། དགེ་སློང་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །བསྲུང་བ་ཇི་ལྟ་བུ་ཞེ་ན། བསྲུངས་པ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་དང༌། དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང༌། ཤམ་ཐབས་ཀྱི་མཐའ་བཅིངས་པ་ཉིད་དོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའི་སྐབས་སོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། ཁྱིམ་ལ་སོགས་པ་གང་དུ་བུད་མེད་ཀྱི་ཚུལ་མིན་ཡིད་བྱེད་ཀྱི་བསམ་པས་བརྗོད་
པ་སྟེ་འདྲིད་པ་དེར་གནས་པར་མི་བྱའོ། །དགོན་པ་ལ་སོགས་པ་གང་དུ་མི་མིན་པས་འཁྲིག་པ་བསྟེན་པ་ལ་སོགས་པས་གནོད་པའི་ཕྱིར་བརྩལ་བ་དེར་གནས་པར་མི་བྱའོ། །གཉིས་པ་ནི། འདོད་ཆགས་ཤས་ཆེ་བས་ཁུ་བ་འཛག་པའི་སྣོད་རྐྱལ་བུ་བཅང་བར་བྱ་སྟེ། ཆོས་གོས་མི་ཉམས་པར་བྱ་བའི་ཕྱིར་རོ། །རྒྱུ་ཅི་ལས་བྱས་པ་བཅང་ཞེ་ན། རའམ་རི་དྭགས་སམ་བྱི་བའི་པགས་པ་ལས་བྱའོ། །འཛག་སྣོད་དེ་བྱི་དོར་བྱ་དགོས་པས། དྲི་མི་ང་བར་བྱ་བའི་ཕྱིར་བསྐ་བས་བཀྲུ་བ་དང་བསྐམ་པར་བྱའོ། །བཀྲུ་བ་ལ་སོགས་པའི་དུས་སུ་ཅི་བཅང་ཞེ་ན། བཀྲུ་བ་ལ་སོགས་པ་དེའི་དུས་ཀྱི་ཆེད་དུ་འཛག་སྣོད་གཞན་བྱའོ། །ཁུ་བ་ཧ་ཅང་མང་བས་འཛག་སྣོད་ལྡར་བར་གྱུར་ན་དེར་ཕྲུ་བླུགས་སོ། །ཕྲུ་ཇི་འདྲ་བླུགས་ཤེ་ན། བྱེ་མའམ་སའི་བླུགས་སོ། །དུས་ཐམས་ཅད་དུ་འཛག་སྣོད་བཅང་ངམ་ཞེ་ན། ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་འཛག་སྣོད་དེ་ཕོའི་དབང་པོ་ལས་ཕོག་ལ་ཕོའི་དབང་པོ་བཀྲུས་ཏེ་ཟན་ཟ་བ་སོགས་བྱའོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བའོ། །གསུམ་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གསུམ། ཡན་ལག་གི་མཚན་ཉིད། སེལ་བ་ དོགས་གཅོད་དང་བཅས་པ ། སྔ་ཕྱི་འགལ་བའི་སྐྱོན་སྤང་བའོ། །དང་པོ་ནི། གང་དུ་ཟག་བྱེད་བཅུག་ན་ཕམ་པར་འགྱུར་བའི་རྨའི་སྒོ་གསུམ་པོ་དེ་དག་གིས་ཕམ་པ་སྐྱེད་པར་བྱེད་པའི་ཕྱོགས་ཀྱི་དང་པོ་གང་ཡིན་ཞེ་ན། ཁའི་ཕམ་པ་སྐྱེད་པར་བྱེད་པའི་ཕྱོགས་དང་པོ་ནི་སོའི་དྲུང་ཕན་ཆད་ཡིན་ཏེ། དེར་ཟག་བྱེད་བཅུག་ན་ཕམ་པར་འགྱུར། བཤང་བའི་ལམ་གྱི་ཕམ་པ་སྐྱེད་པར་བྱེད་པའི་ཕྱོགས་ཀྱི་དང་པོ་ནི་བཤང་བའི་བུ་གུའི་སྲུབས་ཀྱི་མཐའ་ཕན་ཆད་ཡིན་ནོ། །ཟག་བྱེད་མོའི་དབང་པོས་ཕམ་པ་སྐྱེད་པར་བྱེད་པ་ཉིད་ཀྱི་དང་པོ་ནི། རྨའི་ཁ་ཤུན་གྱི་པགས་རིམ་ཇི་ཙམ་ཡོད་པ་འདས་ནས་ཤའི་རིམ་པ་ལ་ཐུག་པ་ཡན་ཆད་
ཡིན་ནོ། །རྨའི་སྒོ་དེར་ཕོའི་ཟག་བྱེད་ཇི་ཙམ་བཅུག་ན་ཕམ་པར་འགྱུར་ཞེ་ན། ཕོའི་དབང་པོ་དེའི་ནོར་བུ་མཐེ་བོང་གི་རྣམ་པ་འདྲ་བ་རྨའི་སྒོ་གསུམ་དུ་བཅུག་པ་ཉིད་ནི་བཅུག་པ་དེའི་མཐའ་ཡིན་ནོ། །གཉིས་པ་ནི། ཉམས་པ་ཞེས་བཤད་པ་དེའི་ངོ་བོ་གང་ཞེ་ན། གང་ཚུན་ཆད་ཀྱིས་ཕམ་པར་འགྱུར་བའི་རྨའི་ཕྱོགས་ཀྱི་དང་པོ་སྡིག་པ་ལ་སོགས་པས་ཅུང་ཟད་ཟིན་པ་ཉིད་དང༌། ཤས་ཆེར་ཟིན་པ་ཉིད་དང༌། རླུང་ལ་སོགས་པས་སྐྲངས་པ་ཉིད་དང༌། མུགས་པའམ་རུལ་བ་ཉིད་དང༌། ཤ་གཟགས་ནས་མྱགས་པ་ཉིད་དང༌། རྨའི་ནང་གི་དྲི་མ་ལས་སྐྱེས་པའི་སྲོག་ཆགས་དག་གིས་ཟོས་པ་ཉིད་ནི་ཉམས་པ་ཡིན་ནོ། །ལྟ་བུ་ཞེས་པས་དེ་དང་འདྲ་བ་གཞན་ཡང་བཟུང་ངོ༌། །བགྲོད་པར་བྱ་བའི་ལུས་ཉམས་ན་རྨའི་སྒོ་ཉམས་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ་བགྲོད་པར་བྱ་བ་སྐྱེས་པ་བུད་མེད་མ་ནིང་གི་ལུས་ལྟེ་བའི་ཕྱོགས་ལ་སོགས་པ་ནས་ཕྱེད་དུ་བཅད་པ་ཉིད་ཀྱི་རྨའི་སྒོར་ཟག་བྱེད་བཅུག་པ་ལ་ཡང་ལྟུང་བ་ན་སྨད་པ་མེད་དེ་ཕམ་པར་འགྱུར་རོ། །བསྟེན་པར་བྱ་བ་སྐྱེས་པ་དང་བུད་མེད་སོགས་ཀྱི་རྨའི་སྒོ་གསུམ་པོའི་དབུས་ཕྱེད་ཚལ་དུ་གས་ནས་བྱེ་བའི་མཚམས་སླར་འབྱོར་བ་བདེ་བ་མྱོང་བ་ལ་མི་གནོད་པའི་མི་མངོན་པ་ལ་ཡང་བཅུག་རེག་ཉམས་སུ་མྱོང་ན་ན་སྨད་པ་མེད་དོ། །མཚམས་འབྱོར་བ་མངོན་པ་ལ་ནི་ཚིགས་འོག་མ་སྦོམ་པོར་འགྱུར་རོ། །མཐའ་ཉིད་ཅེས་པ་ཡན་ཆད་སྦོམ་པོའི་དབང་དུ་བྱས་པ་ནི་དགེ་སློང་གིས་ཕག་དང་སྤྲེའུ་ལ་སོགས་པ་མེ་ལ་སོགས་པས་བཙོས་པས་རྨ་ཉམས་པའོ། །སྤུ་མེད་པ་དག་ལ་ཞེས་པས་པགས་པ་མེད་པ་འདྲ་བས་ཕམ་པ་བསྐྱེད་དམ་སྙམ་པའི་ དོགས་པ ་བསལ་བའོ། །མགོ་བཅད་པའི་ཁར་བཅུག་ན་སྦོམ་པོའོ། །མགོ་བཅད་ཀྱང་རྨའི་སྒོ་གཞན་གཉིས་མ་ཉམས་པ་ལ་དངོས་གཞིའོ། །དགེ་སློང་གིས་བསྙེན་པར་བྱ་བ་རང་གི་ཁ་བཤང་ལམ་གཉིས་དང༌། སྐྱེས་པའི་
གཉིས་དང་བུད་མེད་དང་མ་ནིང་གི་གསུམ་གསུམ་སྟེ་ལུས་ལས་ཐ་དད་པར་བྱས་པ་དང༌། རང་གི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་དང་སྦྱོར་བར་བྱེད་པ་དང་དེ་བཞིན་དུ་རང་གི་སྟེན་བྱེད་ཐ་དད་པར་བྱས་པ་དང་བསྟེན་བྱ་རྣམས་ཐ་དད་པར་བྱས་པ་དག་དང་སྦྱོར་བ་དང་རང་གི་བསྟེན་བྱ་གཉིས་བཅད་པ་དང༌། སྐྱེས་པ་དང་མ་ནིང་གི་སྟེན་བྱེད་མ་བཅད་པ་དང་སྦྱོར་བ་དང༌། དེ་གཉིས་བཅད་པ་དང་རང་གི་གཉིས་མ་བཅད་པ་དང་སྦྱོར་ན་སྦོམ་པོའོ། །གཅིག་བཅད་གཅིག་མ་བཅད་ལས་གཞན་པ་ལུས་ལས་ཐ་དད་པར་བྱས་པས་གཉིས་ཀྱང་ཕན་ཚུན་དུ་སྦྱར་བ་དང་ལུས་ལས་མ་བཅད་པ་གཉིས་ཀྱང་ཕན་ཚུན་དུ་སྦྱོར་ན་སྦོམ་པོ་སྟེ། དེ་དག་ནི་རང་གཏོགས་པ་རྣམས་སོ། །རང་ལས་གཞན་ཕོ་མོ་མ་ནིང་གསུམ་གྱི་བསྟེན་བྱ་སྟེན་བྱེད་གཉིས་དང་ཅི་རིགས་པར་གཞན་དུ་སྦྱོར་བར་བྱེད་ན་སྟེ་བཅད་པ་དང་མ་བཅད་པ་དང༌། མ་བཅད་པ་དང་བཅད་པ་དང༌། གཉིས་ཀ་བཅད་པ་དང་། གཉིས་ཀ་མ་བཅད་པར་སྦྱོར་བ་སྦོམ་པོ་སྟེ་རང་མ་གཏོགས་པ་དག་གོ །འོ་ན་རང་གཏོགས་པའི་གཉིས་ཀ་མ་བཅད་པ་ལ་ཕམ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རོ་མ་མྱོང་བའི་ཆ་ནས་སྦོམ་པོར་བཤད་པའི་ཕྱིར་རོ། །རང་མ་གཏོགས་པའི་དེ་ལ་སྨྱན་གྱི་ལྷག་མར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འཕྲིན་སྦྱོར་མེད་པ་ལྟ་བུ་ལ་གསུངས་པའི་ཕྱིར་རོ། །རྨའི་སྒོ་ལས་གཞན་པའི་བུ་ག་མཚོན་གྱིས་དྲལ་བ་སོགས་བཅོས་པ་དང༌། མིད་པ་སོགས་དང་པོ་ནས་དོད་པ་ལུས་ལས་བཅད་པ་དང་མ་བཅད་པ་ལ་ཡང་ངོ༌། །བསྟེན་པར་བྱ་བ་མ་ནིང་མོ་ཕོའི་དབང་བོ་ཤོང་བའི་སྦུབས་མེད་པ་བཅད་པ་དང་མ་བཅད་པ་ལ་ཡང་ཟག་བྱེད་རྩོལ་ན་སྦོམ་པོའོ། །མཆུ་གཉིས་ལ་སྦྱར་བ་ཙམ་ལ་ཡང་སྦོམ་པོའོ། །རྨའི་སྒོ་དང་པོའི་ཕྱི་རོལ་གྱི་མཚམས་ལ་ཐུག་པར་གྱུར་ན་ཡང་སྦོམ་པོའོ། །སྣོད་དུ་ཟག་བྱེད་འཇུག་ན་ཡང་སྦོམ་པོའོ། །ཕོའི་དབང་པོ་བལྟབ་ནས་རྨའི་སྒོར་འཇུག་པ་དང༌། ཡན་
ལག་གི་རྣམ་པ་རྨའི་སྒོ་ལ་མ་རེག་པར་འཇུག་པ་གཉིས་ཀྱང་སྦོམ་པོའོ། །གསུམ་པ་ནི། གལ་ཏེ་མི་རེག་པར་འཛུད་པ་སྦོམ་པོ་ཡིན་ན་སྟེན་པར་བྱེད་པ་དང་བསྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། མཐའ་ཕམ་པ་ཉིད་དུ་བརྗོད་པའི་གཡོགས་མ་དེ་ནི་བསྒྲིབས་པ་ཙམ་ཡིན་གྱི། རོ་མྱོང་བ་ལ་གནོད་པ་མ་ཡིན་ཏེ་བསྒྲིབས་པ་ཙམ་དེས་གཡོགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། མ་གཡོགས་པ་དང་འདྲ་བར་རེག་པ་མྱོང་བའི་ཕྱིར་རོ། །དེས་ན་དེ་ལ་ཕམ་པར་འགྱུར་ལ། བསྒྲིབས་པ་ཙམ་ལས་གཞན་པགས་པ་སྟུག་པོ་སོགས་ཀྱིས་གཡོགས་པ་ཉིད་ནི་འདིར་མི་རེག་པར་འཛུད་པས་སྦོམ་པོ་ཉིད་དུ་རྣམ་པར་བཤད་པ་ཡིན་པས་སྔ་ཕྱི་འགལ་བ་མེད་དོ། །ཕམ་པར་འགྱུར་བ་དང་པོ་ཞུ་བའི་སྐབས་ནས་འབྱུང་བའོ། །བཞི་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ། ལྟུང་བ་རྣམ་གཞག །ལྟུང་མེད། བསླབ་བྱའོ། །དང་པོ་ལ་གསུམ་ལས་ཐུན་མོང་བ་རྟེན་གྱི་མཚན་ཉིད་ནི། ཤེས་པའི་རང་བཞིན་ལས་ཉམས་པ་ལ་ལྟུང་མེད་དུ་བཤད་ན། རང་བཞིན་ལས་ཉམས་པའི་ངོ་བོ་གང་ཞེ་ན། སྨྱོ་བ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་གང་རུང་གིས་བདག་དགེ་སློང་གི་དངོས་པོར་མི་ཤེས་ན་ཤེས་པ་རང་བཞིན་གྱིས་ཉམས་པ་ཡིན་ཏེ། ཤེས་པ་རང་དབང་མེད་པའི་ཕྱིར་རོ། །གཉིས་ པ་སེལ་བ་དོགས ་གཅོད་དང་བཅས་པ་ནི། ཉམས་པ་ལ་སྦོམ་པོར་བཤད་པ་དེ་ལ་ཉམས་པ་ཉིད་ནི་གཉིས་ཏེ་རྨའི་ནང་ཉམས་པ་དང༌། ནང་ཉམས་པའི་དབང་གིས་ཕྱི་རོལ་ཉམས་པའོ། །དགེ་སློབ་མས་འཁྲིག་པ་བསྟེན་པའི་ཕྱིར་སྐྱེས་པ་མཐུ་ལྡན་གཞན་ལ་དེ་ལྟར་རུང་ངོ་ཞེས་ཁས་བླངས་པ་ན་དགེ་སློབ་མའི་བསླབ་པ་གཞི་ནས་འཁྲུགས་པ་ཉིད་ཡིན་ཏེ། དེ་
དང་འགལ་བའི་རིག་བྱེད་ཉེ་བར་གནས་པའི་ཕྱིར། དགེ་ཚུལ་མའི་བསླབ་པ་སྐྱེས་པ་ལ་རེག་པ་སྤོང་བ་ནི་འཁྲུགས་པ་མ་ཡིན་ནོ། །དགེ་སློབ་མ་བསླབ་པ་འཁྲུགས་པ་དེ་ལ་བསླབ་པ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ། །བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་དེ་ནི་དགེ་སློང་གི་སྦོམ་པོའོ། །བསྟེན་བྱར་སྟེན་བྱེད་མ་ཆུད་ན་ཡང་སྦོམ་པོའོ། །ཟག་བྱེད་དུ་ཟག་བྱེད་ཆུད་པར་བྱ་བའི་ཕྱིར་རྨ་ཉེད་ན་ཡང་སྦོམ་པོའོ། །བསྟེན་བྱར་སྟེན་བྱེད་འཛུད་པ་ན་སྐྲག་པ་དང་ངོ་ཚ་བས་ཀུན་ཏུ་འདོད་ཆགས་མ་སྐྱེས་ན་སྦོམ་པོའོ། །ཡན་ལག་གི་རྣམ་པ་གླང་ཤུ་ལ་སོགས་པས་རྡོལ་བའི་ཕྱིར་རོ་མ་མྱོང་ན་ཡང་སྦོམ་པོའོ། །ཡན་ལག་གི་རྣམ་པ་ལས་སུ་མི་རུང་བ་བཅུག་ན་ཡང་སྦོམ་པོ་སྟེ་རོ་མྱོང་བ་ལས་སུ་རུང་བ་ལ་ལྟོས་པའི་ཕྱིར་རོ། །བགྲོད་པར་བྱེད་པའི་ལག་པས་བགྲོད་པར་བྱ་བའི་ལག་པར་སྤྲད་དུ་མི་རུང་བ་དང༌། རྐང་པས་རྐང་པར་དང༌། ཚིགས་ཀྱིས་ཚིགས་སུ་དང༌། འདོམས་ཀྱིས་འདོམས་སུ་ལྟ་བུར་སྤྲད་དུ་མི་རུང་ན་སྦོམ་པོའོ། །གཞན་གྱི་མཐུས་བརྩལ་བ་ན་བསྟེན་བྱ་སྟེན་བྱེད་སྤྲད་པའི་ཅུང་ཟད་ཙམ་གཡོ་བ་ཉིད་ཙམ་ལ་སྦོམ་པོའོ། །ཤིང་དང་བ་སོ་དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་བ་ན། འདྲེ་ལ་སོགས་པ་ཞུགས་ཏེ་དབང་པོ་ཙམ་དོད་ན་སྦོམ་པོའོ། །དེ་ལ་བརྩལ་བ་ན་ནང་ན་གནས་པའི་འདྲེ་ལ་སོགས་པས་ཡན་ལག་ཐམས་ཅད་དུ་རེག་པ་སྟེར་ན་དངོས་གཞིའི་ལྟུང་བའོ། །འཁྲིག་པ་བསྟེན་པའི་དོན་དུ་བུད་མེད་ལ་རྩོལ་བའི་གང་ཟག་གིས་མོའི་ཡན་ལག་གི་རྣམ་པར་རྐང་པ་འཛུད་ན་སྦོམ་པོའོ། །བསྟེན་པར་བྱ་བ་རྨའི་སྒོ་ལ་ཡན་ལག་གི་རྣམ་པ་ཕོའི་དབང་པོས་ཕྱི་རོལ་ཏུ་རེག་པ་དེ་ཙམ་ལ་སེམས་གཞོལ་བས་ཕྱི་རོལ་ཏུ་རེག་ན་སྦོམ་པོའོ། །འཁྲིག་པ་བསྟེན་པའི་ཕྱིར་ཚུར་ཤོག་མི་ཚངས་པར་སྤྱོད་དོ་ཞེའམ། སོང་ལ་མི་ཚངས་པར་སྤྱོད་ཅིག་ཅེས་གཞན་ལ་བསྒོ་ན་སྦོམ་པོའོ། །གསུམ་པ་དངོས་གཞིའི་རབ་ཏུ་དབྱེ་བ་ནི། དབང་པོ་རང་བཞིན་གྱིས་ལས་སུ་
རུང་བ་ཉིད་ཡིན་ན། སྟེན་པར་བྱེད་པ་བསྟེན་པར་བྱ་བར་བཅུག་པ་ལ་དངོས་གཞིར་འགྱུར་བས་ན་ན་སྨད་པ་མེད་དོ། །མདུན་མ་མོའི་དབང་པོ་དང༌། ཕྱི་མ་བཤང་ལམ་གཉིས། དང་པོར་གང་དུ་མྱུག་པའི་ལས་བརྩམས་པ་དེ་ལས་གཞན་དུ་ཁུ་བ་གཏུགས་པ་ལ་ན་སྨད་པ་མེད་དེ། ཊཱིཀྐར། སྦྱོར་མཐའི་ཡུལ་ཐ་དད་པས་དངོས་གཞི་མེད་དམ་སྙམ་པའི་ དོགས་པ ་བསལ་བའོ།་།རྨའི་སྒོ་གསུམ་གང་རུང་གཅིག་ཏུ་དང་པོར་མི་ཚངས་སྤྱོད་བརྩམས་ནས་ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པའི་བསམ་པས། བསྟེན་བྱར་སྟེན་བྱེད་འཛུད་པ་ལ་ཡང་ན་སྨད་པ་མེད་དོ། །འདི་ནི་བསམ་པ་མ་རྫོགས་པས་དངོས་གཞི་མི་སྐྱེད་དམ་སྙམ་པའི་ དོགས་པ ་བསལ་བའོ། །མ་ཉམས་བཞིན་དུ་འཁྲུལ་པ་འགའ་ཞིག་གིས་བདག་ནི་དགེ་སློང་གི་དངོས་པོ་ལས་ཉམས་པའོ་སྙམ་པའི་བསམ་པ་ཅན་གྱིས་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །འདི་ནི་འདུ་ཤེས་འཁྲུལ་བ་ཙམ་ལ་ལྟུང་བ་མེད་དམ་སྙམ་པའི་ དོགས་པ ་བསལ་བའོ། །ནད་དང་བྲལ་བར་བྱ་བའི་དོན་ཉིད་ཀྱིས་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །འདི་ནི་དགོས་པའི་ཕྱིར་ལྟུང་བ་མེད་དམ་སྙམ་པའི་ དོགས་པ ་བསལ་བའོ། །ཟག་བྱེད་ལྟ་བུའི་ལམ་ལ་ལམ་མིན་པ་གཞན་ཉིད་དུ་འདུ་ཤེས་པ་དང༌། ལམ་ཡིན་མིན་ཡིད་གཉིས་ཟ་བས་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །འདི་ནི་ཡུལ་ལ་འཁྲུལ་བ་ཙམ་གྱིས་ལྟུང་བ་མེད་དམ་སྙམ་པའི་ དོགས་པ ་སེལ་བའོ། །ལམ་མིན་པ་ལ་ནི་ལམ་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བས་བཅུག་པ་དེ་གཉིས་སྦོམ་པོའོ་དབང་དུ་བྱས་པ་ཉིད་དོ། །གཉིས་པ་ལྟུང་བ་མེད་པ་ནི། བ་ལང་ལ་སོགས་པས་བསྡོས་པའི་དགེ་སློང་བུད་མེད་ཀྱི་སྟེང་དུ་འགྱེལ་བ་རེག་པ་ཉམས་སུ་མྱོང་བར་མི་བྱེད་པ་ནི་ལྟུང་བ་མེད་དོ། །འཇིགས་པ་དང་སྐྲག་པས་ཉམ་ཐག་པའི་བུད་མེད་ཀྱིས་མི་འདོད་བཞིན་དུ་དགེ་སློང་གི་མགུལ་པ་སོགས་ནས་འཁྱུད་པ་ལ་ཡང་རེག་
པ་མ་མྱོང་ན་ལྟུང་བ་མེད་དོ། །མི་འདོད་བཞིན་དུ་དགེ་སློང་གི་མཆུར་བུད་མེད་ཀྱི་མཆུས་རེག་པ་ལ་ཡང་རེག་པ་ཉམས་སུ་མི་མྱོང་ན་ལྟུང་བ་མེད་དོ། །གསུམ་པ་བསླབ་བྱ་ནི། ཁྱིའི་མདུན་དུ་ཟག་བྱེད་ཕྱུང་སྟེ་གཅིན་གཅི་བར་མི་བྱ་སྟེ། ཡན་ལག་གི་རྣམ་པ་ཟིན་པ་སྤང་བའི་ཕྱིར་རོ། །དགོན་པ་ལ་སོགས་པ་གང་དུ་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་དགེ་སློང་གིས་གནས་པར་མི་བྱའོ། །ཆུ་ཀླུང་གང་ན་ཡན་ལག་གི་རྣམ་པ་ཆུ་ན་གནས་པའི་སྲོག་ཆགས་དག་གིས་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་དགེ་སློང་གིས་སྒྲེན་མོར་བརྒལ་བར་མི་བྱའོ། །ཆུ་ཀླུང་དེར་དགེ་སློང་གིས་བུད་མེད་ལ་མ་རེག་པར་ཤེས་བཞིན་དུ་གྲུ་བརྒལ་བར་བྱའོ། །བ་ལང་གི་ནང་དུ་ཡང་ཤེས་བཞིན་དུ་འགྲོ་བར་བྱའོ། །ཆུ་ལེན་པ་སོགས་ཀྱི་ཁྲོན་པ་ཡང་ཤེས་བཞིན་དུ་བརྟག་པར་བྱའོ། །དགེ་སློང་གིས་བསོད་སྙོམས་ལ་ཡང་ཤེས་བཞིན་དུ་གྲོང་དུ་བརྒྱུ་བར་བྱའོ། །དེ་དག་ནི་བུད་མེད་ལ་རེག་པ་སྤང་བའི་ཕྱིར་རོ། །ཕོ་མོའི་མཚན་ལེགས་པར་སོ་སོར་བརྟག་པར་བྱས་ནས་རབ་ཏུ་དབྱུང་བར་བྱ་སྟེ་སྐྱེས་པ་འདྲ་བའི་བུད་མེད་གཞོན་ནུ་རབ་ཏུ་ཕྱུང་ནས་དགེ་སློང་གི་ནང་དུ་བཞག་ན་ཚངས་སྤྱོད་ལ་གནོད་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །དགེ་སློང་གིས་གཅིག་པུ་བླ་གབ་མེད་པར་གློས་ཕབ་ནས་གཉིད་ལོག་པར་མི་བྱའོ། །དགེ་སློང་གཅིག་པུ་བླ་གབ་མེད་པར་གློ་ཕབ་སྟེ་གཉིད་ལོག་པ་དེའི་ཤམ་ཐབས་བུད་པ་ན་དགེ་སློང་དེ་ལ་བུད་མེད་ཀྱིས་བརྩལ་བ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །དགེ་སློང་མས་གནས་ཁང་སྒོ་གླེགས་སོགས་ཀྱིས་སྒོ་མ་བཅད་པར་བསམ་གཏན་ལ་སྙོམས་པར་འཇུག་པར་མི་བྱ། གྲོགས་མོ་ཡོད་དུ་ཟིན་ཀྱང་གློས་ཕབ་ནས་གཉིད་ལོག་པར་ཡང་མི་བྱའོ། །ཕམ་པར་འགྱུར་བ་དང་པོ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བའོ། །གཉིས་པ་གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་བྱིན་པར་ལེན་པའི་ཕམ་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གསུམ་ལས། གླེང་གཞི་ནི། ཡུལ་རྒྱལ་པོའི་
ཁབ་ཏུ། གང་ཟག་ནོར་ཅན་གྱིས་ཉོན་མོངས་པ་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་མ་བྱིན་པར་བླངས་པ་ལ་བརྟེན་ནས། མ་བྱིན་ལེན་སྤོང་བའི་བསླབ་པ་བཅས་སོ། །རྒྱུ་མཚན་ལ། མཐོང་ཆོས་ཀྱི་ཉེས་དམིགས་སྔར་དང་འདྲ། མ་མཐོང་བའི་ཉེས་དམིགས་ལ། རྣམ་སྨིན་སྔར་དང་འདྲ། རྒྱུ་མཐུན་ལ་མྱོང་བ་རྒྱུ་མཐུན་ལོངས་སྤྱོད་ཆུང་བར་འགྱུར་བ་དང༌། བྱེད་པ་རྒྱུ་མཐུན་བརྐུ་བ་ལ་དགའ་བར་འགྱུར་བའོ། །བདག་འབྲས། ཡུལ་སད་སེར་སོགས་གནོད་པ་མང་བར་འགྱུར་བའོ། །གསུམ་པ་ཡན་ལག་ལ་བཞི་ལས། གཞི་ལ་ཡུལ་མིའི་འགྲོ་བ་བ་རང་ལས་རྫས་ཐ་དད་པའོ། །དངོས་པོ་ཁ་ཟས་སུ་བྱས་པ་མིན་པ་དང༌། རིན་ཐང་ཚང་བའོ། །དེ་ཡང་རྐུ་བའི་གནས་དེར་རིན་ཐང་ཚང་བ་དང༌། རྐུ་བའི་དུས་སུ་རིན་ཐང་ཚང་བ་དང༌། བརྐུ་བྱ་ལ་ལྟོས་ནས་རིན་ཐང་ཚང་བ་དང༌། རྐུ་བྱེད་ལ་ལྟོས་ནས་རིན་ཐང་ཚང་བ། སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་བའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་མ་འཁྲུལ་བ། ཀུན་སློང་ནི་གཞན་གྱི་ཡིན་ཏེ་མ་གནང་ཡང་བདག་ཉིད་ཀྱི་འཚོ་བའི་ཆེད་དུ་གཏན་དུ་དབྲལ་སྙམ་པའོ། །སྦྱོར་བ་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པས་བརྐུ་བར་རྩོམ་པའོ། །མཐར་ཐུག་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤོས་སོ། །གཉིས་པ། གཞུང་དོན་ལ་བཞི་ལས། རྣམ་འབྱེད་ནས་འབྱུང་བ་ལ་གཉིས། ལྟུང་བ་རྣམ་བཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ལས། མདོར་བསྟན་ནི། གང་བྱས་ན་རྐུ་བའི་ཕམ་པར་འགྱུར་ཞེ་ན། དགེ་སློང་རང་གིས་བརྐུའམ། གཞན་རང་གིས་དངོས་སུ་བརྐུར་བཅུག་པ་དག་གིས་ཕམ་པར་འགྱུར་རོ། །ཁྱོད་སོང་ལ་རྫས་འདི་ལྟ་བུ་རྐུས་ཤིག་ཅེས་མངགས་པས་རང་གིས་བརྐུའམ་གཞན་བརྐུར་བཅུག་པས་ཀྱང་ཕམ་པར་འགྱུར་རོ། །གང་བརྐུས་ན་ཕམ་པར་འགྱུར་ཞེ་ན། བྱིན་པ་ལ་ཡང་རྐུ་སེམས་ཀྱིས་ལེན་པ་སྲིད་པས་རང་ལ་གཞན་གྱིས་མ་བྱིན་པ་བརྐུས་ན་ཕམ་པར་འགྱུར། ཚད་ཇི་ཙམ་བརྐུས་ན་ཕམ་པར་འགྱུར་
ཞེ་ན། མ་ཤ་ཀ་ལྔའམ་དྲུག་ལ་སོགས་པ་བརྐུས་ན་ཕམ་པར་འགྱུར། ལུང་དུ། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་བས་ལྷག་པ་ཞེས་གསུངས་པ་དེ་བསྡུ་བའི་ཕྱིར་དུ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་སོ། །མ་ཤ་ཀའི་ངོ་བོ་གང་ཞེ་ན། འོད་ལྡན་ལས། མ་ཤ་ཀ་ཞེས་བྱ་བ་པ་ན་ལ་བྱའོ། །ཀརྵ་པ་ཎ་ཞེས་བྱ་བ་ནི་ན་ན་ཀ་ལ་བྱའོ་ཞེེེས་བཤད། དེ་ཡང་གསེར་རམ། དངུལ་ལམ་ཟངས་སམ་ལྕགས་ཀྱི་མ་ཤ་ཅི་རིགས་པ་ཡོད་དེ། ཞུ་བ་ལས། གསེར་གྱི་མ་ཤའམ། དངུལ་གྱི་མ་ཤ་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །ལྕགས་ཀྱི་མ་ཤའམ་ཟངས་ཀྱི་མ་ཤ་བླངས་སམ་ལེན་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ་ཞེས་བཤད། ལྔ་ཞེས་སྨོས་པ་ནི་བསླབ་པ་འཆའ་བའི་ཚེ། མ་ཤ་ཀ་ལྔ། ཀརྵ་པ་ཎའི་བཞི་ཆ་ཡིན་པ་ལ་དགོངས་སོ། །སེམས་གང་གིས་བརྐུས་ན་ཕམ་པར་འགྱུར་ཞེ་ན། ཡིད་གཅུགས་པའི་སེམས་ཀྱིས་ལེན་པ་ལ་ལྟུང་བ་མེད་པས། རྐུ་སེམས་ཀྱིས་བརྐུའམ་བརྐུར་བཅུག་པ་ལ་ཕམ་པར་འགྱུར། མི་མིན་པས་བདག་ཏུ་བཟུང་བ་བརྐུས་ན་ཡང་ཕམ་པར་འགྱུར་རམ་ཞེ་ན། མིའི་འགྲོ་བ་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་བརྐུས་ན་ཕམ་པར་འགྱུར་ལ། འགྲོ་བ་གཞན་གྱིས་བཟུང་བ་བརྐུས་པས་ཕམ་པར་མི་འགྱུར་རོ། །མིས་བཟུང་བ་ལ་གཞན་གྱིས་བཟུང་བར་འདུ་ཤེས་པས་བརྐུས་ན་ཡང་ཕམ་པར་འགྱུར་རམ་ཞེ་ན། མིའི་རྒྱུད་ཀྱིས་བཟུང་བ་དེར་འདུ་ཤེས་པས་བརྐུས་ན་ཕམ་པར་འགྱུར་རོ། །གཉིས་པ་རྒྱས་བཤད་ལ་གསུམ། ཡན་ལག་གི་མཚན་ཉིད་དང༌། སེལ་བ་རྒྱས་བཤད། མཐར་ཐུག་གི་རབ་དབྱེའོ། །དང་པོ་ལ་གསུམ། བདག་པོ་ལ་ དོགས་པ ་བཅད་པ། འདུ་ཤེས་ལ་ དོགས་པ ་བཅད་པ། རིན་ཐང་ལ་དོོགས་པ་བཅད་པའོ། །དང་པོ་ལ་མ་བྱིན་ལེན་གྱི་རྫས་བདག་དེ་ཇི་ལྟ་བུ་ཞེ་ན། དངོས་པོ་ལ་མི་དེ་དབང་བ་དང༌། རྩ་བའི་བདག་པོའམ་གནས་སྐབས་ཀྱི་བདག་པོའི་བསམ་པས་བདག་གིར་བྱས་པ་དང༌། བར་སྐབས་སུ་གཞན་ལ་མ་བསྔོས་པའོ། །དངོས་པོ་ལ་དབང་བ་ལ་བཞི་སྟེ། དབྱར་རྙེད་ལྟ་བུ་སངས་
རྒྱས་བཀའ་སྩལ་གྱིས་བདག་པོར་བཞག་པ་དང༌། ཤོ་གམ་ལྟ་བུ་ཡུལ་ཆོས་ཀྱིས་བདག་པོར་བཞག་པ་དང༌། ཕ་ནོར་ལྟ་བུ་རིགས་རྒྱུད་ཀྱིས་བདག་པོར་བཞག་པ་དང༌། ལིངས་བཏབ་ལྟ་བུ་བསམ་སྦྱོར་གྱིས་བདག་པོར་བཞག་པའོ། །དེ་དག་རྒན་ཞུགས་ལྟ་བུའི་སྟེང་དུ་འཛོམ་པ་སྲིད་ན་གང་གཙོ་ཞེ་ན། སྔ་མ་སྔ་མ་གཙོ་གསུང་ངོ༌། །དེ་ལྟ་ན་གཞུང་དང་པོ་འདི་ལ་བཤད་ཚོད་གཉིས་སུ་ཡོད་པའི་རྣམ་འབྱེད་ལྟར་ན། བཙོ་བླག་མཁན་གྱི་གོས་རླུང་གིས་ཁྱེར་བ་ཉིད་ན་བདག་པོ་དེའི་བདག་གི་བའི་བསམ་པས་མ་བཏང་བ་ནི་བདག་པོ་ཡོད་པ་ཡིན་ཏེ། རྩ་བའི་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །ཤུགས་ལ་ཁྱེར་བ་ཉིད་ན་བསམ་པས་བཏང་བ་ནི་བདག་པོ་ཉིད་དང་བྲལ་བ་ཉིད་ཡིན་ནོ། །ཕྲན་ཚེགས་ལྟར་ན། དགེ་སློང་གི་ཆོས་གོས་ཆོམ་རྐུན་པས་ཁྱེར་བ་ཉིད་ན་དགེ་སློང་གིས་ཐོབ་ཏུ་རེ་བའི་བསམ་པས་མ་བཏང་བ་ནི་བདག་པོ་དགེ་སློང་ཉིད་དང་མ་བྲལ་བ་ཉིད་ཡིན་པས་དེ་དགེ་སློང་གིས་བརྐུས་ཀྱང་ཕམ་བར་མི་འགྱུར་རོ། །བདག་པོ་དང་བཅས་པའི་དུད་འགྲོའི་རྫས་བརྐུས་ན་ཅིར་འགྱུར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་སྨྲ་མི་ཤེས་པ་དུད་འགྲོ་ལ་སོགས་པའི་རྫས་ནི་དུད་འགྲོ་སྐྱོང་བའི་ཞལ་ཏ་བྱེད་པ་དེ་ཉིད་བདག་པོ་ཡིན་པས། དེ་ལ་བརྟེན་པའི་ལྟུང་བར་འགྱུར། དུད་འགྲོའི་ཟས་སྐོམ་ལ་དེ་ལྟར་བཞག་གམ་ཞེ་ན། བདག་པོས་དུད་འགྲོ་ལ་བཟའ་ལྟུང་གི་ཕྱིར་རྩྭ་ཆུ་ལྟ་བུ་བྱིན་པ་ལ་ནི་དུད་འགྲོ་ཉིད་བདག་པོ་ཡིན་གྱི་ཞལ་ཏ་བྱེད་པ་བདག་པོ་མ་ཡིན་ཏེ། ཡང་ཕྱིར་བླང་ངོ་སྙམ་པའི་ཞལ་ཏ་བྱེད་པའི་བསམ་པ་དང་འབྲེལ་བ་ཉིད་མེད་པའི་ཕྱིར་རོ། །བརྒྱུད་ནས་བདག་པོ་ལ་གནོད་ཀྱང་བརྐུས་པར་མི་འགྱུར་ཏེ། བསད་པ་བརྐུས་པ་མིན་པ་བཞིན་ནོ། །ནགས་མེས་བཏང་བས་རི་དྭགས་ལ་སོགས་པ་བཟུང་བ་དེའི་བདག་པོ་གང་ཡིན་ཞེ་ན། རྔོན་པ་ལ་སོགས་པ་ལིངས་པ་དག་གིས་ནགས་མེས་གཏོང་བ་ལ་སོགས་པ་དག་གིས་བཟུང་བའི་ཕྱིར་རི་དྭགས་དང་བྱ་དང་སྡིག་སྦྲུལ་ལིངས་
བཏབ་པ་རྣམས་ལ་ནི་ལིངས་པ་མིན་པ་བདག་པོ་ཉིད་མིན་པས་དེ་རྐུ་སེམས་ཀྱིས་ལེན་ན་ལིངས་པ་ལ་བརྐུས་པར་འགྱུར་རོ། །གཉིས་པ་ནི། གཏེར་ལ་སོགས་བའི་རྫས་ལ་བདག་པོ་དང་བཅས་པ་དང་བདག་པོ་མེད་པ་ཡིན་སྙམ་དུ་བྱེ་བྲག་མ་ཕྱེད་པ་ལ་ནི་བརྐུས་ན་གཞི་ཇི་ལྟ་བ་ལས་ལྟུང་བ་རྣམ་པར་བཞག་སྟེ། བདག་པོ་ཡོད་ན་རིན་ཐང་ཚང་ན་ཕམ་པར་འགྱུར། རིན་ཐང་མ་ཚང་ན་སྦོམ་པོར་འགྱུར་རོ། །གསུམ་པ་ནི། གནས་དུས་ཐ་དད་པས་རྫས་ཀྱི་རིན་ཐང་ཐ་དད་པར་སྣང་ན། གང་གི་རིན་ཐང་བརྩི་ཞེ་ན། རྫས་ཀྱི་རིན་ཐང་ནི་གང་དུ་བརྐུས་པའི་གནས་དང་གང་གི་ཚེ་བརྐུས་པའི་དུས་ཀྱིས་རྫས་དེའི་རིན་ཐང་བརྩིའི་གནས་དུས་གཞན་གྱི་རིན་ཐང་མི་བརྩིའོ། །གཉིས་པ་སེལ་བ་རྒྱས་བཤད་ལ་གཉིས་ལས། དང་པོ་ལྟུང་མེད་ནི། རྐུ་བར་མ་བསམས་པ་ལ་ཅིར་འགྱུར་ཞེ་ན། ཆོས་གོས་ཀྱི་གདང་བརྐུས་པའི་ཞར་ལ་ཆོས་གོས་བྱུང་བ་ལྟ་བུ་རྐུ་བར་མ་བསམས་པར་བླངས་པ་ལ་ལྟུང་བ་མེད་དེ། མ་བྱིན་ལེན་ལ་རྐུ་སེམས་གཙོ་བོའི་ཡན་ལག་ཡིན་བའི་ཕྱིར་རོ། །རྐུ་སེམས་མེད་པར་རང་གི་ཡིན་པ་དང་རེ་ཞིག་བརྙ་བ་དང་ཡིད་གཅུགས་པའི་སེམས་ཀྱིས་ཐོག་མར་འདི་ཁོ་བོས་བླངས་སོ་ཞེས་གཞན་ལ་གོ་བར་བྱས་ཏེ་བླངས་ན་ལྟུང་བ་མེད་དོ། །རང་གི་ལ་རྐུ་སེམས་མེད་པ་སྨོས་ཅི་དགོས་ཤེ་ན། སྐྱིན་པ་འཇལ་དུ་གཞུག་གོ་སྙམ་ནས་ལེན་པ་སྲིད་བའི་ཕྱིར་རོ། །རྐུ་སེམས་མེད་པ་གསུམ་པོ་དེ་ལས་གཞན་གྱིས་ཀྱང་བླངས་པ་ལ་ལྟུང་བ་མེད་དོ། །དཔེར་ན་ཁྱེད་ཀྱིས་ཆེ་གེ་མོའི་ཡོ་བྱད་དེ་ཤེས་སམ། སྨྲས་པ་ཤེས་སོ། །འོ་ན་དེ་བརྐུས་ཞེས་པ་ལྟ་བུ་ལ་འདི་ནི་ཁོ་རང་གི་ཡིན་ནོ་སྙམ་ནས་ལེན་པ་ལྟ་བུའོ། །རྒྱུ་རྣམ་པར་དག་པ་སྙིང་རྗེས་ཀུན་ནས་བསླངས་ཏེ་སྦྱོར་བ་རྣམ་པར་དག་པ་བསྒོམས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་གསད་བྱའི་མི་ལ་སོགས་པ་ཆོམ་རྐུན་ལྟ་བུ་ལས་འཕྲོགས་ནས་བདག་པོ་ལ་གཏད་པ་ལྟ་བུ་ལ་ཉེས་པ་མེད་དེ། བརྐུུས་སོ་ཁྱེར་རོའི་དགག་བྱ་མེད་པའི་ཕྱིར་རོ། །སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་པ་ནི་སྦྱོར་བ་ལུས་ངག་ཐ་མལ་པ་ཡིན་པས་བརྐུས་སོའི་དགག་བྱ་ཡོད་པའོ། །གཉིས་པ་ན་སྨད་དུ་འགྱུར་
བ་ནི། ལྟུང་བ་ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །དེའི་དམིགས་བསལ་ནི་ཕམ་པའི་སྡེ་ཚན་དེ་ལ་གལ་ཏེ་སྦྱོར་བ་དེ་དངོས་གཞི་ཕམ་པའི་ཡིན་ན་སྦོམ་པོ་ཡིན་ལ། སྦྱོར་བའི་སྦྱོར་བ་ཡིན་ན་ཉེས་བྱས་སོ། །འདིར་ཁ་ཅིག་སྦྱོར་བ་ལ་སྦོམ་པོ་མཚན་ཉིད་པ་ཡིན་ན་ཕམ་ལྷག་བསྐྱེད་ངེས་ཟེར་བ་མི་འཐད་དེ། དགེ་སློང་ལ་སྦྱོར་བ་བྱས་ནས་དགེ་ཚུལ་ལ་མཐར་ཐུག་གྲུབ་པ་དང༌། དངོས་གཞིའི་དུས་སུ་རྐུ་སེམས་མེད་པ་དང༌། དུད་འགྲོ་ལ་མིར་ཤེས་པ་དང༌། བརྩམས་པ་ཙམ་ན་སྦྱོར་བ་མིན་པ་མིན་ནོ་ཞེས་སོགས་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཕམ་པ་སྐྱེ་བ་ལ་དེའི་སྔོན་དུ་སྦྱོར་སྦོམ་སྐྱེ་བས་ཀྱང་མ་ཁྱབ་བོ། །དེས་ན་མདོ་འདིའི་དགོངས་པ་ཕམ་པའི་སྦྱོར་བ་ལ་སྦོམ་པོ་བསྐྱེད་པ་ཡིན་ལ། མི་ལ་དུད་འགྲོར་ཤེས་ནས་གསོད་པར་རྩོམ་པ་དུད་འགྲོ་གསོད་པའི་སྦྱོར་བ་ཡིན་ནོ། །ཕམ་པའི་སྡེ་ཚན་ལས་འོག་མ་དགེ་འདུན་ལྷག་མའི་སྡེ་ཚན་ལ་ཡང་དེ་བཞིན་དུ་དངོས་གཞིའི་སྦྱོར་བ་ཡིན་ན་སྦོམ་པོ་དང་སྦྱོར་བའི་སྦྱོར་བ་ཡིན་ན་ཉེས་བྱས་སོ། །མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་ན་ཕམ་པར་འགྱུར་ན་དེར་མ་ཆོག་པ་བརྐུས་ན་ཅིར་འགྱུར་ཞེ་ན། མ་ཤ་ཀ་ལྔར་མ་ཆོག་པ་བརྐུས་ན་ཡན་ལག་གཞན་ཚང་ཡང་སྦོམ་པོ་སྟེ། རིན་ཐང་གི་ཡན་ལག་མ་ཚང་བའི་ཕྱིར་རོ། །མིའི་རྒྱུད་ཀྱིས་བཟུང་བ་ཞེས་བཤད་ན་བདག་པོ་མེད་པའི་གཏེར་ལ་སོགས་པ་བརྐུས་ན་ཅིར་འགྱུར་ཞེ་ན། རྫས་དེ་སྦེད་པར་བྱེད་པ་རབས་ཆད་དམ། མ་ཆད་ཀྱང་དེ་རིགས་རྒྱུད་ཀྱིས་ཡོད་པར་མ་ཤེས་ཤིང༌། ཡུལ་དེའི་བདག་པོས་ཀྱང་མ་ཤེས་པའི་ནོར་ལྟ་བུ་ནི་བདག་པོ་མེད་པའི་གཏེར་ཞེས་བྱ་ལ། དེ་ལྟ་བུས་རྐུས་ན་སྦོམ་པོ་སྟེ་དེ་ལ་དོན་གྱིས་བདག་པོ་ཡོད་ཀྱང་བདག་པོ་དོན་རྟོགས་པ་མེད་པས་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གཞན་གྱི་རྫས་བརྐུས་ན་ཕམ་
པར་འགྱུར་ན། རང་གི་རྫས་བརྐུས་ན་ཅིར་འགྱུར་ཞེ་ན། རང་གི་རྫས་རིན་ཐང་ཚང་བ་ཞིག་གཞན་སྐྱིན་པ་གཞལ་དུ་གཞུག་པའི་ཕྱིར་དུ་རྐུ་སེམས་ཀྱིས་བརྐུས་ན་ཡང་སྦོམ་པོའོ། །རང་གི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་པས་བརྐུས་ན་ཡང་སྦོམ་པོའོ། །བདག་གིར་བྱ་བའི་བསམ་པ་མེད་པར་བདག་པོ་དང་བྲལ་བའི་བསམ་པ་ཙམ་གྱིས་ཕྲལ་ན་ཅིར་འགྱུར་ཞེ་ན། རང་གིས་བདག་གིར་མ་བྱས་པར་འདམ་རྫབ་ལ་སོགས་པར་སྦ་བ་དང༌། སྲེག་པ་སོགས་ཆུད་གསན་པ་དང༌། རི་དྭགས་སོགས་རྒྱས་ཟིན་པ་བཏང་བ་ལ་སོགས་པས་ནོར་བདག་པོ་དང་བྲལ་བར་བྱེད་ན་ཡང་རིན་ཐང་ཚང་ན་སྦོམ་པོའོ། །གནོད་པ་བྱ་བའི་བསམ་པས་ཕྲལ་བ་ལ་སྦོམ་པོར་འགྱུར་ན། སེམས་གཞན་གྱིས་ཕྲལ་པ་ལ་ཅིར་འགྱུར་ཞེ་ན། གནོད་པ་བྱ་བའི་བསམ་པ་མེད་པར་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་རི་དྭགས་རྒྱ་ལ་ཟིན་པ་བཏང་སོགས་བྱས་ན་ཉེས་བྱས་སོ། ཕམ་པའི་དངོས་གཞིར་སྐྱེད་པའི་སྦྱོར་བ་ལ་སྦོམ་པོར་འགྱུར་ན། སྔར་ཕམ་པའི་སྦྱོར་བ་བྱས་ནས་ཕྱིས་ཕམ་པར་འགྱུར་བ་མ་བྱས་པར་བར་སྐབས་སུ་ཕྱིར་ལོག་ན་ཅིར་འགྱུར་ཞེ་ན་སྔར་ཕམ་པའི་སྦྱོར་བ་བྱས་ན་ཕྱིས་བཅོས་ནས་བཟློག་ཏུ་ཟིན་ཀྱང་སྔར་གྱི་སྦྱོར་བ་དེ་མ་བྱས་པ་ཉིད་མིན་པས་སྦོམ་པོའོ། །སྦྱོར་བ་ལ་སྦོམ་པོ་དང་སྦྱོར་བའི་སྦྱོར་བ་ལ་ཉེས་བྱས་ཡིན་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། བརྐུ་བར་བྱ་བའི་རྫས་ལ་ནོམ་པའི་སྔ་རོལ་གྱི་རང་གི་གནས་ནས་ཁྲི་ལས་ལྡང་བ་དང༌། ཤམ་ཐབས་གྱོན་པ་ལ་སོགས་པ་ནི་སྦྱོར་བའི་སྦྱོར་བ་ཉིད་ཡིན་ལ། རྫས་ལ་ནོམ་པ་ནས་གནས་ནས་གནས་སུ་སྦེད་པར་མི་བྱེད་བའི་བར་སྦྱོར་བ་ཡིན་ནོ། །སྦྱོར་བའི་སྦྱོར་བ་ཐམས་ཅད་ལ་ཉེས་བྱས་གཅིག་ཁོ་ན་ཡིན་ནམ་ཞེ་ན། གཞན་གྱི་རྫས་རང་གིས་ཁྱེར་བ་བདག་པོ་མངོན་སུམ་ན་ཡོད་ལ་གོམ་པ་བསྐྱེད་པའམ། ཕྲི་བའི་སྒོ་ནས་བརྐུ་ན་གོམ་པ་རེ་རེ་ལ་སྦྱོར་བའི་སྦྱོར་བ་ཐ་དད་པ་ཡིན་ཏེ། རྫས་རང་ལ་ཡོད་པ་དང་བདག་པོ་
མངོན་སུམ་ན་ཡོད་པའི་ཕྱིར་རོ། །མི་སྣང་བར་འགྲོ་བའི་རྐང་པ་བཏེག་པ་དེ་སྦྱོར་བ་ཡིན་ནོ། །སྦྱོར་བ་གཅིག་ལ་ལྟུང་བ་ཡང་གཅིག་ཏུ་འགྱུར་བས་ཁྱབ་བམ་ཞེ་ན། སེམས་ཅན་དེའི་གཞི་ལ་བརྐུས་པ་དང་མཚོན་གྱིས་བཏབ་པ་དང་གཟས་པ་དང་སྐུར་བ་བཏབ་པ་ལ་སོགས་པ་བྱེད་ན་སེམས་ཅན་སོ་སོ་ལ་བརྟེན་པའི་སྦྱོར་བ་དང་དངོས་གཞི་ཐ་དད་དུ་འགྱུར་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །ནོམ་ཉུག་ལ་སྦོམ་པོ་ཡིན་ན་གྲུ་ཕུར་པ་ལས་བཀྲོལ་བ་ལ་སྦོམ་པོར་འགྱུར་རམ་ཞེ་ན། གྲུ་ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མིན་པས་སྦྱོར་བ་ཡིན་ནོ། །གསུམ་པ་མཐར་ཐུག་གི་རབ་དབྱེ་ནི། མ་བྱིན་པར་ལེན་པའི་དངོས་གཞི་བསྐྱེད་པའི་ཚིགས་དེ་གང་ཞེ་ན། རྨ་ཚོ་ན་རེ། རྫས་གནས་ནས་སྦོས་པ་ཡིན་ཟེར། འོ་ན་རྫས་བདག་གི་ལྐོག་ཏུ་ཞལ་ཏ་བས་སྦས་པ་བརྐུ་བའི་ཚེ་གནས་ནས་སྤོས་ན་ཕམ་པར་འགྱུར་རོ། །འདོད་ན། བརྣོགས་ན་བརྐུས་པ་ཡིན་ཞེས་དང༌། ཊཱིཀྐར། གནས་ནས་སྤོ་བར་བྱེད་ཅིང་དངོས་པོ་ཚང་བ་ཡིན་དུ་ཟིན་ཀྱང་སྦོམ་པོར་འགྱུར་གྱི་ཕམ་པར་ནི་མི་འགྱུར་ཏེ། བརྐུ་བར་ངེས་པ་མེད་པའི་ཕྱིར་ཞེས་པ་དང་འགལ། ཞིང་ཁང་བརྐུ་བ་ཡང་མི་སྲིད་པར་འགྱུར་རོ། །ཞེས་ཟེར་རོ། །ཁ་ཅིག་བསམ་པའི་ཕྱིར་བྱ་བས་ཁྱབ་པ་ཡིན་ཏེ། བཤལ་བ་ལ་ངོས་ལས་འདས་པ་ན་བརྐུས་པ་བཞིན་ཞེས་ཟེར་བ་མི་འཐད་དེ། འོག་གཟུར་གཤགས་བཀྱེ་སྟེ་བརྐུ་བའི་ཚེ་རྒྱལ་བ་ན་བརྐུས་པར་ཐལ། གཤགས་བྱ་བའི་བསམ་པ་མཐར་ཐུག་པའི་ཕྱིར་རོ། །རྒྱ་ན་རེ། གྲུབ་བློ་སྐྱེས་པ་ཡིན་གསུང་བའང་མི་འཐད་དེ། གཏམས་པ་སྦས་པ་ལ་སྔར་བརྣོགས་པའི་ཚེ་བརྐུས་པར་ཐལ། གྲུབ་བློ་ཡོད་པའི་ཕྱིར། གཞན་ཡང་མཐར་ཐུག་གི་རབ་དབྱེ་དུ་མ་སྨོས་པ་དོན་མེད་དུ་འགྱུར་བས་མཐར་ཐུག་གཅིག་ཏུ་བཞག་ཏུ་མེད་ཅེས་ཁ་ཅིག་ཟེར། རང་ལུགས། གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤོས་ཡིན་ཏེ། ལུང་དུ་གནས་སྤོས་གསུམ་མཐར་ཐུག་ཏུ་
གསུངས་པའི་ཕྱིར་དང༌། འགྲེལ་བའི་དཀྱུས་རྣམས་ཀྱང་དེར་གསལ་བའི་ཕྱིར་དང༌། མཛོད་དུའང་གནས་སྤོས་སུ་གསུངས་པའི་ཕྱིར་རོ། །གྲུབ་བློ་མེད་པའི་གནས་སྤོས་པ་ཙམ་ཡང་མཐར་ཐུག་མ་ཡིན་ཏེ། རྐུན་པོ་རྣམས་ལ་ཞེས་དང༌། འདི་ལ་བློ་གྲོས་ཐ་དད་པ་ཞེས་དང༌། ཊཱིཀྐར། གང་མཐུས་བཀྲི་དགོས་སམ་སྒྲ་ཕྱུང་སྟེ་བདའ་དགོས་པ་ན་ནི་དེ་མི་སྣང་བར་གྱུར་པ་ཉིད་དུ་ཕྱིན་ཀྱང་བརྐུས་པ་མ་ཡིན་ཏེ། ཇི་སྲིད་དུ་བག་ཚ་བ་མེད་པའི་ཡུལ་དུ་མ་ཕྱིན་ནམ་དབང་དུ་བྱས་པར་མ་གྱུར་གྱི་བར་དུ་བརྐུས་པ་མིན་ནོ་ཞེས་དང༌། གལ་ཏེ་གཏེར་ལ་སོགས་པ་རང་གི་གནས་སུ་ཟིན་ཀྱང་དེའི་ཁ་བྱེ་བ་ལ་སོགས་པས་སྣང་བར་གྱུར་ན་དེའི་ཚེ་བརྐུས་པ་ཞེས་བྱའོ། །ཅི་སྟེ་ཤིན་ཏུ་ཐག་རིང་པོ་ནས་དྲངས་ཏེ། རྐང་པའི་དྲུང་དུ་འོངས་ཀྱང་ཇི་སྲིད་དུ་སྣང་བར་མ་གྱུར་ན་དེ་ཡང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་རོ། །གལ་ཏེ་རྐུན་མ་མང་པོ་ཞིག་ཡོད་པ་ལས་གཅིག་ཁོ་ན་ཞིག་གིས་གལ་ཏེ་མཐོང་ན་ཡང་ཐམས་ཅད་ཀྱིས་མཐོང་བ་ཁོ་ན་ཡིན་ནོ་ཞེས་སོ། །གནས་ནས་སྤོས་པའི་དོན་ཡང་འདུག་ས་སྤོས་པ་དེ་ཙམ་ཡང་མིན་ཏེ། ཊཱིཀྐར། གནས་ནས་སྤོས་པ་ཞེས་བྱ་བ་ནི་ཕུད་པ་ཡིན་པར་ཤེས་པར་བྱའོ་ཞེས་དང༌། འོད་ལྡན་དུ། གནས་ནས་གནས་སུ་སྦེད་པར་བྱེད་ཅེས་བྱ་བ་ནི། གནས་གང་ན་རྫས་ཡོད་པ་དེ་ནས་གཞན་དུ་སྦེད་པར་བྱེད་པ་སྟེ། དཔེར་ན། གལ་ཏེ་བརྩད་པས་བརྐུ་བ་ན་འོག་གཟུར་བརྩད་ལ་དེར་དེ་ཕ་རོལ་ཀྱི་རེ་བ་མ་ཆད་པའི་གནས་ནས་རེ་བ་ཆད་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་གནས་གཞན་དུ་སྦེད་པར་བྱེད་པ་དང༌། གལ་ཏེ་བླའི་གྲྭར་རྩོད་ན་དེར་ཕ་རོལ་པོ་མ་ཕམ་པའི་གནས་ནས་ཕམ་པའི་གནས་སུ་ཕྱིན་པར་བྱེད་པ་ནི། གནས་ནས་གནས་གཞན་དུ་སྦེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱེད་པ་ལྟ་བུའོ། །ཞེས་སོ། །ཕམ་པ་བསྐྱེད་པའི་ཚེ་རང་ལ་གྲུབ་བློ་མངོན་འགྱུར་མི་དགོས་ཏེ། མངགས་པས་གནས་ནས་སྤོས་པའི་ཚེ་མཐར་ཐུག་ཡིན་པའི་ཕྱིར་དང༌།
མཛོད་དུ། མི་དགེ་བརྒྱད་ཀྱི་བར་དག་དང༌། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང༌། །ཞེས་གསུངས་པའི་ཕྱིར། དེས་ན་འདིའི་མཐར་ཐུག་འཕེན་པས་འགྲུབ་པ་ཡིན་ནོ། །མངགས་པ་དང་གསང་སྔགས་དག་གིས་བརྐུ་བ་ན་བློ་གྲོས་གཅིག་པའི་ཕྱིར་གྲུབ་བློ་ཡོད་པར་འགྱུར་རོ། །ད་ནི་རྐུ་ལུགས་ཐ་དད་པ་དག་གི་མཐར་ཐུག་བསྟན་པར་བྱ་སྟེ། ཁུར་དེ་བྱས་ནས་རྐུ་བ་ལ་ནི་རྫས་དེ་སྡུད་པའི་ཚེ་བརྐུས་པ་མིན་གྱི། ནམ་ཁུར་བརྐུས་པ་ན་བརྐུས་པའོ། །སྡུད་པའི་ཚེ་ཡང་བརྐུ་སེམས་ནི་ཡོད་དོ། །མེ་ཏོག་ལ་སོགས་པ་བཏུས་ནས་གཟོད་བརྐུའོ་སྙམ་པ་ལ་ནི་བཏུ་བའི་ཚེ་བརྐུས་པ་མིན་གྱི་ཕུང་པོ་བརྐུས་པ་ན་བརྐུས་པའོ། །ཆུ་ལ་སོགས་པར་ཤིང་ལ་སོགས་པ་སྤྱིངས་ཏེ་བརྐུ་བ་ནི་ཆུ་ལྟ་བུའི་གནས་ཀྱི་སྟེང་ནས་ཤིང་ལྟ་བུའི་རྫས་ཀྱི་སྟེང་བྱིང་ན་བརྐུས་པའོ། །དེས་ན་ཐུར་དུ་བལྟ་བའི་ངོས་ནུབ་པ་ཙམ་གྱིས་བརྐུས་པ་མ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ། དགེ་སློང་དེའི་བསམ་པ་ལ། རེ་ཞིག་སྤྱིང་བར་བྱ་ལ་ཕྱིས་དབྱུང་ངོ་སྙམ་ན། བྱིང་པ་ཙམ་ན་བརྐུས་པ་མ་ཡིན་ཏེ། དེའི་ཚེ་བརྐུ་བའི་བསམ་པ་མེད་པའི་ཕྱིར། དེས་ན་གཞན་དུ་འཁྱེར་བའི་ཚེ་བརྐུས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། སྤྱིངས་པ་དེར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་དེ་ནི་ཆོས་ཅན། ད་གཟོད་བརྐུ་བའི་བློ་མ་ཡིན་པར་ཐལ། བརྐུས་ཟིན་གཞན་དུ་བསྐུར་བའི་བློ་གྲོས་ཡིན་པའི་ཕྱིར་རོ། །དེས་ན་བྱིང་བ་ན་བརྐུས་པར་འགྱུར་ཏེ། བྱིང་བར་བྱེད་པའི་ཚེ་རྐུ་སེམས་ཡོད་པའི་ཕྱིར་ཏེ། དེའི་ཚེ་ཡང་ལུང་གིས་ལྟུང་བ་རྣམ་པར་གཞག་པའི་ཕྱིར་རོ། །ཤིང་ལ་སོགས་པའི་རྫས་བཤལ་ནས་བརྐུ་བ་ལ་ནི། ཤིང་ལྟ་བུའི་འོག་གི་ངོས་ཀྱི་ས་གཞི་མཚམས་གྱོང་གྲུགས་སོགས་ལས་རྫས་དེའི་ངོས་ཅིག་ཤོས་ཕྱི་མ་འདས་ན་བརྐུས་པའོ། །མཚམས་གཅིག་ལས་འདས་པས་ཀྱང་བརྐུས་པ་ཡིན་ནམ་ཞེ་ན། རྐུ་བྱའི་རྫས་ཀྱིས་ས་གཞི་ཁྱབ་པའི་ཁོངས་སུ་གཏོགས་པའི་མཚམས་དེ་དང་ལྡན་པ་ཉིད་ལ་ནི་ནོན་པའི་མཚམས་ལས་
འདས་པ་ཙམ་གྱིས་བརྐུས་པ་མ་ཡིན་ཏེ། རྫས་ཀྱི་ཕྱི་མཐའི་དུམ་བུ་དེ་ཙམ་གྱིས་འདས་པ་ཙམ་ཡིན་པའི་ཕྱིར་རོ། །འདས་པ་དེ་ཉིད་བརྐུས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྫས་གཅིག་ཏུ་འབྲེལ་བ་ལ་དུམ་བུར་བརྐུར་ཡང་མི་རུང་བའི་ཕྱིར། མཚམས་ཇི་ལྟ་བུ་ཞེ་ན། དེ་ནི་གཉིས་ཏེ། གསལ་བ་དང་མི་གསལ་བའོ། །དང་པོ་ནི། བརྐོས་པ་དང་རྩིག་པ་དང་ཆུ་ཀླུང་སོགས་སོ། །གཉིས་པ་དེའི་མཚན་ཉིད་ནི། གྱོང་གྲུགས་ས་ཞག་འདྲ་བ་དང༌། སེར་ཁ་གས་པ་དང༌། ཡི་གེ་ལ་སོགས་པ་བྲིས་པ་དང་། ཚོན་མི་གཅིག་པའི་ཁ་དོག་གཞན་དང༌། སྒོ་གླེགས་ལ་སོགས་པའི་བར་མཚམས་དང༌། ཞིང་གི་རྣང་རྒལ་ལ་སོགས་པའི་བར་ཆད་དག་གོ །སྲོག་ཆགས་ཀྱི་ལུས་གཅིག་ཡིན་པས་བར་ཆད་གཅིག་ཡིན་ནམ་ཞེ་ན། སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ཐ་དད་པར་རྟག་ཏུ་རུང་བ་རྣམས་བར་ཆད་ཉིད་ཡིན་ནོ། །ས་ལ་སོགས་པའི་སྟེང་དུ་རྩྭ་ལ་སོགས་པ་བཏིང་བ་ལ་ནི་གདིང་བ་བཏིང་བ་ཉིད་རྫས་དེའི་གནས་ཉིད་ཡིན་པས་རྩྭ་ལྟ་བུའི་མཚམས་ལས་འདས་ན་འདས་པ་དང༌། མ་འདས་ན་མ་འདས་པ་ཡིན་གྱི། ས་ལྟ་བུའི་མཚམས་ལས་འདས་པས་འདས་པ་མ་ཡིན་ཏེ། གདིང་བ་དེས་བར་དུ་ཆོད་པའི་ཕྱིར་རོ། །ཤིང་ལ་སོགས་པ་སྐྱེ་བ་ནི། རྫས་བཞག་པ་དང་འདྲ་བར་གནས་དེ་ནས་བསྐྱོད་པ་ན་བརྐུས་པ་ཡིན་གྱི་བཏོན་པ་ཙམ་གྱིས་བརྐུས་པ་མ་ཡིན་ནོ། །རྒྱན་ལ་སོགས་པ་ལག་པ་ལྟ་བུ་ལ་བསྐོན་པ་ནི་ལག་པ་ལྟ་བུ་ལས་ཕུད་ན་བརྐུས་པ་ཡིན་ནོ། །ཤོ་གམ་ནི་ཤོ་གམ་གཞལ་དགོས་པའི་ས་ལས་འདས་ན་བརྐུས་པའོ། །འདི་ལ་བཞི། ས་གང་ལ་དབང་བ་དང༌། བདག་པོ་གང་དང༌། དངོས་པོ་གང་ལ་དང༌། ཚད་ཇི་ཙམ་མོ། །དང་པོ་རྒྱལ་པོས་བསྲུངས་བའི་ས་ཡིན་པ་དང༌། ཡུལ་ཆོས་ཀྱིས་འབེབས་ཤིང་རིལ་པོའམ་ཕྱེད་འདས་གང་རུང་ངོ༌། །གཉིས་པ་རྒྱལ་པོ་བསྲུང་སྐྱོབ་སྦེད་ཀུན་འགེང་པ་སྟེ། རིམ་བཞིན་རང་གི་དང༌། རང་དགྲ་དང་ཕྱི་དགྲ་དང༌། ཆོམ་རྐུན་པ་དང་གསུང་ངོ༌། །ཁ་ཅིག །གཞན་གྱི་དམག་དང་། རང་གི་
དང༌། ཚོར་བ་ནང་གི་དང༌། སྙོན་པ་སྟེ་དབང་ཚོད་ལེན་པ་གསུང་ངོ༌། །གསུམ་པ་ནི་ཟོང་དུ་བྱེད་པ་སྟེ། དེ་ལྟ་མིན་ན་དགེ་སློང་གོས་དང་བཅས་པ་དང་ལམ་བརྒྱགས་དང་བཅས་ཏེ་ལམ་དུ་འཇུག་ཏུ་མི་རུང་བར་འགྱུར་ལ། རྩ་བའི་བྱེ་བྲག་བཤད་པར། མཆོད་རྟེན་དང༌། མཁན་པོ་དང༌། སློབ་དཔོན་དང༌། སྐྱེས་ཀྱི་ཕྱིར་བསྐུར་བ་རྣམས་ལས་ཤོ་གམ་སྦྱིན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་བྱ་བའི་རྒྱུར་མི་འཁྱེར་བས་སོ། །ཞེས་སོ། །བཞི་པ་ནི་ཁྲིམས་ལས་ཇི་ལྟར་འབྱུང་བ་སྟེ། འོད་ལྡན་དུ། ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ། རྩྭ་དང་ཤིང་ལ་སོགས་པ་ནི་དྲུག་ཆ་ཡིན་ནོ་ཞེས་སོ། །ཤོ་གམ་གཞལ་དགོས་པར་ཕྱིན་ནས་ཡང་ཕྱིར་ལོག་གམ། གཞན་དུ་བཟུར་ནས་འགྲོ་བ་ལ་ནི་ཡུལ་ཆོས་གང་ཡིན་པའི་ཁྲིམས་དང་སྦྱར་རོ། །དེས་གྲུ་བཙས་དང༌། ལག་ཅན་ཡང་མཚོན་ནོ། །མི་བརྐུ་བ་ལ་མང་དུ་ཡོད་པས་གང་གི་ཚེ་བརྐུས་པ་ཡིན་ཞེ་ན། མི་ལ་གལ་ཏེ་བརྡ་བྱས་ནས་བརྐུ་ན་བརྡ་དེ་གྲུབ་པ་ན་བརྐུས་པའོ། །གསང་སྔགས་དག་གིས་བརྐུ་ན་མི་དེ་སྣང་བ་ན་བརྐུས་པ་ཡིན་ནོ། །གལ་ཏེ་བྱ་སྤར་བ་དེ་ལྟར་བྱས་ཏེ་བརྐུ་ན་བྱས་སྤར་བ་ན་བརྐུས་པ་ཡིན་ཏེ། བྱ་སྨོས་པས་རྫས་གཞན་ཡང་མཚོན་ཏེ། ནམ་མཁའ་ནི་མཚམས་གཞན་ཡིན་པའི་ཕྱིར་རོ། །དུད་འགྲོ་བཏགས་པ་ཇི་ལྟར་བརྐུས་པ་ཡིན་ཞེ་ན། རི་དྭགས་ལྟ་བུའི་དུད་འགྲོ་བཏགས་པ་ནི་རི་དྭགས་དེ་བཀྲོལ་བ་ན་བརྐུས་པ་ཡིན་ནོ། །མིས་ལོངས་སྤྱོད་པའི་དུད་འགྲོ་ཕུར་པ་ལྟ་བུ་ལ་བརྟོད་པ་དང༌། ཁྱུ་ལས་བཀར་ཏེ་བརྐུ་བ་རྣམ་པ་གཉིས་ནི་བདག་པོ་དང་རྫི་བོ་ཕྱི་བཞིན་ཡོད་ན་དེ་གཉིས་དང་བདག་པོ་དང་རྫི་བོ་མེད་ན་ཁྱུ་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ། །གསང་སྔགས་ཀྱིས་གཏེར་ལ་སོགས་པ་བརྐུ་ན་གང་གི་ཚེ་བརྐུས་པ་ཡིན་ཞེ་ན། གསང་སྔགས་དག་གིས་
གཏེར་ལ་སོགས་པ་འདྲེན་པ་ནི། ཁ་བྱེ་བའམ་ཐག་རིང་ནས་འཕོས་ཏེ་སྣང་བ་ན་བརྐུས་པ་ཡིན་ནོ། །རྐུན་མ་མང་པོ་ཡོད་པ་ལས་གཅིག་ཁོ་ནས་མཐོང་ན་ཡང་ཐམས་ཅད་ཀྱིས་མཐོང་བ་དང་འདྲ་སྟེ། བློ་གྲོས་གཅིག་པའི་ཕྱིར་རོ། །གཏེར་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །གོམ་པ་བསྲི་བ་ལ་སོགས་པས་བརྐུ་ན་གང་གི་ཚེ་བརྐུས་པ་ཡིན་ཞེ་ན། ཕྱི་བཞིན་འབྲང་བ་ལྷན་ཅིག་གནས་པ་དང༌། ནང་བྱན་བྱེད་པ། ཆོས་གོས་སོགས་འབུལ་བའི་བྱ་བ་སྒྲུབ་པར་བྱེད་པ་ཉེ་གནས་དག་གིས་གོམ་པ་ཕྱིར་ནུར་བ་དང༌། ནང་དུ་འབྱངས་པ་དང༌། གཤོང་ལ་སོགས་པར་འབྱམས་པ་གབ་པ་དང༌། གནས་ཁང་ལྟ་བུར་འཇུག་པ་དང༌། ཁང་ཐོག་ལྟ་བུར་འཇོག་པ་དག་གིས་སྔ་མ་ལྟར་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་གྱི། དེ་གཉིས་ཀྱིས་རྫས་དེ་བླངས་པ་ཙམ་ནི་བརྐུས་པ་མིན་ནོ། །གྲུ་ཇི་ལྟར་བརྐུས་པར་བཞག་ཅེ་ན། གྲུ་བརྐུ་བ་ནི་སྐབས་དང་ཡུར་པོ་ཆེ་དང༌། ཆུ་འདལ་པ་དག་གིས་བརྐུ་ན་ཡང་མི་སྣང་བའི་ཚེ་བརྐུས་པ་ཡིན་ནོ། །ཆུ་ཀླུང་ཆེན་པོ་ལ་རྒྱུན་འབབ་པའི་ཕྱོགས་དང་མཐུན་པ་ཉིད་ཀྱིས་བརྐུ་ནའང་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ། །ཆུ་ཀླུང་ཆེན་པོ་དེའི་ཐད་ཀར་བརྐུ་ན་ཡང་ཕ་རོལ་གྱི་འགྲམ་དུ་གྲུ་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ། །ཕ་རོལ་གྱི་འགྲམ་སྣང་ན་ཇི་ལྟར་བརྐུས་པ་ཡིན་ཞེ་ན། འགྲམ་མི་སྣང་བ་དེ་ལས་གཞན་སྣང་བ་ཉིད་ལ་ནི། ཕ་རོལ་ཀྱི་འགྲམ་དེར་ཕྱིན་པ་ན་བརྐུས་པ་ཡིན་ནོ། །རྒྱུན་ལས་བཟློག་ཕྱོགས་ལ་ཇི་ལྟར་བརྐུས་པ་ཡིན་ཞེ་ན། རྒྱུན་ལས་བཟློག་པའི་ཕྱོགས་སུ་འདྲེན་པ་ལ་ནི་བརྐུ་བའི་བསམ་པས་གྲུ་ཚུགས་ལས་འདས་ན་བརྐུས་པའོ། །གྲུ་ཚུགས་ནི། གྲུ་ཕ་རོལ་ནས་ཚུ་རོལ་ཏུ་བཀྲི་བར་བྱེད་པའི་ཕྱོགས་དེ་ནི་གྲུ་ཚུགས་ཡིན་ནོ། །གྲུ་ཚུགས་མེད་ན་གྲུ་གདགས་པའི་ཚད་གནས་ཡིན་ནོ། །གཞན་གྱི་
ཞིང་ལ་སོགས་པ་ལ་ཆུ་གཏོང་འགོག་གིས་ལོ་ཐོག་བརྐུ་བ་དེ་ཇི་ལྟར་རིག་པར་བྱ་ཞེ་ན། གྲུབ་པ་ན་བརྐུས་པ་ཡིན་ནོ། །གང་ན་དགེ་སློང་རང་གིས་ཞིང་ལས་ཀྱི་མཐའ་ལོ་ཐོག་འཕེལ་བའོ། །གང་གི་ཚེ་ན་ཆུ་མོད་པའི་ཚེ་གཏོང་བའམ་དཀོན་པའི་ཚེ་འགོག་པ་ནའོ། །གང་དུ་ན། གཞན་གྱི་ལས་ཀྱི་མཐའ་དག་ལའོ། །ཅིའི་ཆེད་དུ་ན། རང་གི་ལས་ཀྱི་མཐའ་གྲུབ་པ་དེའི་ཆེད་དུའོ། །གྲུབ་པ་ཁྱད་པར་ཇི་ལྟ་བུ་ན་རྒྱུན་པའི་ཞིང་གི་སྐྱེད་མ་གཏོགས་པ་སྟེ་དེ་བརྩི་བར་མི་བྱའི་ཆུ་གཏོང་འགོག་བྱས་པ་ལས་བྱུང་བ་དེ་བརྩི་བར་བྱ། གཞན་གྱི་ལས་ཀྱི་མཐའ་གྲུབ་ན་ཡང་བརྐུས་པ་ཡིན་ནམ་ཞེ་ན། གཞན་ལ་གྲུབ་པ་ལས་གཞན་དུ་ཕུང་བར་གྱུར་པ་ན་བརྐུས་པའོ། །བསམ་པ་གང་གིས་ཤེ་ན། རང་གི་གྲུབ་པར་བྱ་གཞན་གྱི་ཕུང་བར་བྱ་བ་དེར་འདུན་པས་སོ། །དེ་གཉིས་ནི་བརྐུ་བའི་བློ་ཡིན་ནོ། །འདིའི་རིན་ཐང་ནི་རང་གི་ལྷག་པའི་ཆ་དང་གཞན་གྱི་ཕུང་བའི་ཆ་གཉིས་མཐུན་པ་ཉིད་བརྩིའི་རང་གི་ལྷག་ཀྱང་གཞན་གྱི་མ་བྲི་བའམ། གཞན་གྱི་བྲི་ཡང་རང་གི་མ་ལྷག་ན་བརྩི་བར་མི་བྱ་སྟེ། འོད་ལྡན་དུ། ཕ་རོལ་གྱི་ཉེས་པའི་ཚད་ལྷག་པར་གྱུར་ནའོ་ཞེས་བཤད། རྐུན་པོ་རྣམས་ལ་ཤས་ཐོབ་པའི་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་རྐུན་ཤས་ཐོབ་ན་བརྐུས་པ་ཡིན་གྱི། རྐུན་པོས་བརྐུས་པ་ཙམ་གྱི་ཚེ་ན་བརྐུས་པ་མ་ཡིན་ཏེ་བློ་གྲོས་ཐ་དད་པའི་ཕྱིར་རོ། །དགེ་སློང་གིས་ས་གཞི་དང་ཁང་ཁྱིམ་ལ་སོགས་པ་དག་རིབ་མ་དང་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་ནས་བརྐུ་བ་ལ་ནི་མཐའ་ཕན་ཚུན་གྱི་མཚམས་སྦྱོར་བ་ན་བརྐུས་པ་ཡིན་ནོ། །དགེ་སློང་གིས་གཤགས་ཀྱིས་ཕ་རོལ་ཀྱི་རྫས་འཕྲོག་པར་འདོད་པ་ན་གལ་ཏེ་བླའི་གྲར་ནི་གཤགས་དེ་རྒྱལ་ན་བརྐུས་པ་ཡིན་ནོ། །གལ་ཏེ་འོག་གཟུར་
གཤགས་བཀྱེ་ན་ནོར་བདག་ཕ་རོལ་པོས་བཤགས་ཀྱི་སྦྱོར་བ་བཏང་ན་བརྐུས་པ་ཡིན་ནོ། །འོག་གཟུར་གཤགས་རྒྱལ་བ་ཙམ་དེ་ནི་སྦྱོར་བ་ཉིད་དོ། །གཉིས་པ་བསླབ་བྱ་ལ་གཉིས། ཤོ་གམ་པ་དང་འབྲེལ་པའི་བསླབ་བྱ་དང༌། བསླབ་བྱ་གཞན་བསྟན་པའོ། །ཤོ་གམ་བརྐུ་བའི་སེམས་མེད་པ་ལ་རང་གི་རྫས་གཞན་གྱིས་ཤོ་གམ་གཞལ་དགོས་ཀྱི་ས་ནས་འདས་པའམ། གཞན་གྱི་ཤོ་གམ་གཞལ་དགོས་ཀྱི་རྫས་འདས་པ་ལ་ཤོ་གམ་དུ་གཏོགས་པའི་མ་བྱིན་ལེན་གྱི་ཉེས་པ་འབྱུང་བར་ དོགས་པ ་མི་བྱའོ། ཤོ་གམ་གཞལ་དགོས་ཀྱི་རྫས་དགེ་སློང་གི་ལག་ནས་ཚོང་པས་ཁྱེར་ཏེ་ཤོ་གམ་གྱི་གནས་སུ་ཕྱིན་པ་ན་རྫས་དེའི་ཤོ་གམ་གང་གིས་སྦྱིན་ཞེ་ན། ཚོང་པ་གང་གིས་དགེ་སློང་གི་ལག་ནས་རྫས་བླངས་པ་དེ་ཉིད་ཀྱིས་རྫས་དེའི་སྣོད་ཉིད་ལས་ཤོ་གམ་འདི་སྦྱིན་པར་བྱ་བ་ཡིན་ཞིང་དགེ་སློང་གིས་ཀྱང་འདིས་རང་གི་སྣོད་འདི་ལས་ཤོ་གམ་སྦྱིན་པར་འགྱུར་རོ་སྙམ་པའི་བསམ་པས་རྫས་དེ་བསྟན་པར་བྱའོ། །རྒྱལ་པོས་དགེ་སློང་ལ་ཤོ་གམ་མ་བཅད་པར་གནང་བ་ལ་བརྐུ་སེམས་ཀྱིས་གཞན་གྱི་ཤོ་གམ་གཞལ་དགོས་འདས་ན་མ་བརྐུས་པ་མ་ཡིན་ནོ། །དགེ་སློང་ལ་ཤོ་གམ་མི་གཅོད་པར་རྒྱལ་པོ་སོགས་ཀྱིས་མ་གནང་བས། རང་གི་རྫས་ཤོ་གམ་སྦྱིན་མི་དགོས་པའི་ཚོང་པ་སོགས་གཞན་ལ་བསྐུར་ནས་འདའ་བར་མི་བྱའོ། །དགེ་སློང་གིས་མ་ཚོར་བར་གཏོར་བུ་སོགས་སུ་གཞན་གྱིས་ཤོ་གམ་གཞལ་དགོས་ཀྱི་རྫས་བཅུག་སྟེ་ཤོ་གམ་གྱི་ས་ལས་འདའ་བར་བྱེད་པ་མི་འགྲུབ་པར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ། །ཇི་ལྟར་འབད་ཅེ་ན། རང་གི་སྣོད་དུ་གཞན་གྱིས་རྫས་འཇུག་པ་སྲུང་བའི་སྲུང་མ་དགེ་སློང་དུ་མ་བཞག་པར་བྱའོ། །སྲུང་མ་བསོད་སྙོམས་ལ་འགྲོ་བའི་སྐབས་མེད་པས་སྲུང་མ་དེའི་ཟན་ནི་དགེ་སློང་གཞན་དག་
གིས་བསྐྱལ་བར་བྱའོ། །སྲུང་མ་དེས་གཞན་དག་ཤོ་གམ་གཞལ་དགོས་ཀྱི་རྫས་དགེ་སློང་གི་སྣོད་དུ་འཇུག་པ་བཟློག་པར་བྱའོ། །བཟློག་ཏུ་ཟིན་ཀྱང་མ་བཟློག་ན་སྣོད་དུ་རྫས་བཅུག་པ་ཉིད་སྲུང་མ་དེས་དགེ་སློང་དག་ལ་བརྗོད་པར་བྱའོ། །སྲུང་མ་མེད་ན་ཇི་ལྟར་བྱ་ན། བསྲུང་མ་མེད་ན་དགེ་སློང་རང་གིས་རང་ཉིད་བསོད་སྙོམས་ལ་འགྲོ་བའི་ཚེ་ཤོ་གམ་གཞལ་དགོས་ཀྱི་རྫས་གཞན་གྱིས་མ་འཛུད་པར་བྱ་བའི་ཕྱིར་རང་གི་སྣོད་དག་ལ་མཚན་མ་གདབ་པར་བྱའོ། །ཤོ་གམ་གྱི་གནས་སུ་ཕྱིན་པ་ན་གཞན་གྱིས་ལྷུང་བཟེད་ལ་སོགས་པ་ཁྱེར་ཏེ་འོངས་པ་ལ་འདི་ན་ཤོ་གམ་གཞལ་དགོས་ཀྱི་རྫས་ཅུང་ཟད་མེད་དམ་ཞེས་དྲི་བར་བྱའོ། །ཚོང་པས་དགེ་སློང་གི་གཏོར་བུར་གསེར་ལ་སོགས་པ་བཅུག་ན་ཇི་ལྟར་བྱ་ན། དེ་ཐབས་གཞན་གྱིས་དོར་བ་མི་འགྲུབ་ན་རང་གིས་རེག་ནས་དོར་བ་ཉིད་དུ་བྱའོ། །དཀོན་མཆོག་གསུམ་ལ་སོགས་པ་ལ་མ་ཕུལ་ཡང་དེ་དག་ལ་འབུལ་ལོ་སྙམ་དུ་ངེས་པ་སྐྱེས་ན་རྫས་དེ་དག་ལ་ཕུལ་བ་ཉིད་ཡིན་ནོ། །ཕ་མ་དེ་དག་གི་ཆེད་དུ་བསྔོས་པའི་རྫས་དེའི་ཤོ་གམ་གནང་བར་བྱ་བའི་ཕྱིར་ཁྱིམ་གང་ན་ཕ་མ་ལ་མཆོད་པ་བྱེད་པའི་ཁྱིམ་དེ་ནི་སློབ་དཔོན་དང་བཅས་པ་ཡིན། ཚངས་པ་དང་བཅས་པ་ཡིན་ཞེས་སོགས་ཕ་མའི་བསྔགས་པ་བརྗོད་པར་བྱ་བ་ཡིན་ནོ། །དཀོན་མཆོག་གི་རྫས་ཀྱི་ཤོ་གམ་གནང་བར་བྱ་བའི་ཕྱིར་དཀོན་མཆོག་རྣམས་ཀྱི་བསྔགས་པ་ཡང་བརྗོད་པར་བྱའོ། །བསྔགས་པ་བརྗོད་ཀྱང་མ་གནང་ན་ཤོ་གམ་སྦྱིན་པ་མི་ཐོགས་པར་བྱ་བའི་དོན་དུ་དཀོན་མཆོག་གང་ཡང་རུང་བའི་དཀོར་དར་ཟབ་ལ་སོགས་པ་དཀོན་མཆོག་གང་ཡང་རུང་བ་ལས་སྐྱིན་པོར་བླངས་ཏེ་ཤོ་གམ་དུ་སྦྱིན་པར་བྱའོ། །དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་དང་བཅས་ཏེ་འགྲོ་
བར་མི་བྱའོ། །དེའི་རྐྱེན་གྱིས་ཁ་མཆུར་འགྱུར་བ་བཟློག་པའི་ཕྱིར་རོ། །ཤོ་གམ་གཞལ་མི་དགོས་པའི་རྫས་ཇི་ལྟ་བུ་ཞེ་ན། ཤོ་གམ་གཞལ་དགོས་པ་དེ་མིན་པའི་རྫས་ནི་ཐ་ན་བ་ལང་གི་ལྕི་བ་བཙིར་བས་ཀྱང་ཁ་དོག་ངན་པར་བསྒྱུར་བ་དང༌། ཁ་མ་བསྒྱུར་ཡང་བཏགས་ཟིན་པའི་ཕྱི་ལོགས་ཁ་ཚར་དང༌། འཐག་པར་རྩོམ་པའི་སྲོག་ཤིང་གི་སྦུབས་ཕུན་ཚར་མཚོན་གྱིས་བཅད་པ་ཡང་ཤོ་གམ་གཞལ་མི་དགོས་སོ། །དངོས་པོ་དེ་རང་གིས་མ་མཐོང་བ་ལ་ཁ་བསྒྱུར་མ་བསྒྱུར་བཅད་མ་བཅད་ཀྱི་བློ་དེ་མི་འཆགས་པས་རང་གིས་བལྟ་བར་བྱའོ། །གཉིས་པ་ནི། གཞན་གྱི་སྤྱོད་པ་འཚོ་བའི་ཐབས་དགེ་སློང་གིས་ལྡམ་པོ་བྱས་ཏེ་ལྟོལ་བར་མི་བྱའོ། །ཡིད་གཅུགས་པ་མིན་པ་ལ་ལྷུང་བཟེད་དང་ཆོས་གོས་སོགས་བླང་བས་ཡིད་གཅུགས་པར་མི་བྱའོ། །ཡིད་གཅུགས་པ་མིན་པ་དེ་ཉིད་ནི་མཛའ་བཤེས་འོག་མ་ཐ་མ་ལ་ཡིད་གཅུགས་གོང་མ་འབྲིང་དང་ཆེན་པོ་མི་བྱ། འབྲིང་ལ་ཆེན་པོ་མི་བྱའོ། །འོ་ན་གང་ལ་ཡིད་གཅུགས་པར་བྱ་ཞེ་ན། ཡིད་གཅུགས་པར་བྱ་བ་དེ་ནི་སྡུག་པ་འགྲོགས་བཤེས་དང༌། ཡིད་དུ་འཐད་པ་སྨོན་འདྲིན་དང༌། བླ་མ་མཁན་སློབ་དང༌། གང་གི་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་ན་དེ་བསྒྲུབ་པར་འོས་པ་དང༌། རྙེད་བཀུར་ལ་སོགས་པས་མཆོད་པར་འོས་པ་དང༌། ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པས་བསྟོད་པར་འོས་པ་དང༌། བདག་གིས་དེའི་ལྷུང་བཟེད་ལ་སོགས་པ་བླངས་ན་དགའ་བར་འགྱུར་བའོ། །ལྷུང་བཟེད་བསྲེག་པ་སོགས་ལག་པོད་ཀྱི་ལས་ཀྱིས་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ཀྱང་བྱའི་གླ་རྔན་གྱིས་ནི་མ་ཡིན་ཏེ། ལག་བཟོའི་ཐ་སྙད་སྤང་བའི་ཕྱིར་རོ། །ལྷུང་བ་བརྗོད་པ་ལ། ཨ་པ་ས་ཐ་ཞེས་པ་ལྟ་བུ་ཡུལ་རང་རང་གི་ངེས་པའི་ཚིག་ནི་ཕ་རོལ་འདྲིད་པའམ་སླུ་བར་བྱེད་པ་མིན་ནོ། །གཞན་གྱི་གོས་
ལ་སོགས་པ་ལྷུང་བ་མི་འཁྱར་བར་བྱ་བའི་ཕྱིར་བླངས་པ་ཡུན་རིང་དུ་མི་བསྲེལ་ལོ། །བདག་པོ་གང་ཡིན་མི་ཤེས་ན་སུ་ལ་གཏད་ཅེ་ན། ཆོས་གོས་ལ་སོགས་པ་ལྷུང་བ་བླངས་པ་དེ་དགེ་སྐོས་ལ་གཏད་པར་བྱའོ། །དགེ་སྐོས་ཀྱིས་ཇི་ལྟར་བྱ་ཞེ་ན་དགེ་སྐོས་དེས་རྫས་དེ་རབ་ཏུ་བྱུང་བའི་ཡིན་པར་དོགས་ན་དགེ་འདུན་ལ་བསྟན་པར་བྱའོ། །དེའི་བདག་པོ་མ་བྱུང་ན་ཇི་ལྟར་བྱ་ཞེ་ན། རྫས་དེའི་བདག་པོ་མ་བྱུང་ན་གོས་གཟེར་བའི་ཐག་པ་ལ་བཏགས་ཏེ་བཞག་གོ །ནད་པས་འདི་ལ་སྨན་སློངས་ཤིག་ཅེས་མ་གནང་མ་བསྒོ་བ་དེ་ལ་ནད་གཡོགས་སོགས་གཞན་གྱིས་སྨན་མི་བླང་ངོ༌། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བའོ། །གཉིས་པ་ཕྲན་ཚེགས་ནས་འབྱུང་བ་ལ་གསུམ། དགག་པའི་བསླབ་བྱ། གནང་བའི་བསླབ་བྱ། སྒྲུབ་བའི་བསླབ་བྱའོ། །དང་པོ་ལ་བཞི་ལས། ཡོངས་སུ་བཟུང་བ་དང་འབྲེལ་བའི་བསླབ་བྱ་ནི། དུར་ཁྲོད་ཀྱི་རྫས་ལ་སོགས་པ་ཡོངས་སུ་བཟུང་བ་དང་བཅས་པ་རྣམས་བདག་པོས་གནང་བ་ལས་གཞན་ཕྱག་དར་ཁྲོད་པའོ་ཞེས་པའམ་འདི་བདག་གི་ཡིན་ནོ་ཞེས་པའི་ཐབས་ཀྱིས་བདག་གིར་མི་བྱའོ། །གཉིས་པ་རྐུན་པོ་དང་འབྲེལ་བའི་བསླབ་བྱ་ནི། དགེ་སློང་གི་རྫས་ཀུན་པོ་ལ་སོགས་པས་འཕྲོགས་ནས་བདག་གིར་བྱས་པ་རང་གི་འདུ་ཤེས་ཀྱིས་རྒྱལ་པོ་སོགས་ལ་གསོལ་ཏེ། ནན་ཁུགས་ཀྱིས་དགུག་པར་མི་བྱའོ། །འོ་ན་ཇི་ལྟར་དགུག་ཅེ་ན། འཕྲོགས་པ་དེ་ནི་རྐུན་པོ་སོགས་ལ་ཆོས་བཤད་པས་བླང་བར་བྱའོ། །རིན་ཕྱེད་དུ་ཉེ་བ་ཕྱེད་དུ་མ་ལོངས་ཙམ་གྱིས་ཀྱང་བླུ་བར་བྱའོ། །ཆོས་གོས་དང་ལྷུང་བཟེད་ནི་རིན་ཆེན་པོ་ཇི་ཙམ་རི་བས་བླུས་ཀྱང་རུང་སྟེ། དེ་ནི་ཁ་བསྒྱུར་བ་ལ་སོགས་པས་ཉོན་མོངས་པ་སྤང་བའི་ཕྱིར་རོ། །
གསུམ་པ་མི་སྙན་པ་འབྱུང་བ་དང་འབྲེལ་བའི་བསླབ་བྱ་ནི། འདིས་འདི་བསད་དོ་བརྐུས་སོ་ཞེས་པའི་མི་སྙན་པ་འབྱུང་བར་འགྱུར་བ་རྐུན་པོས་མགོ་སུག་དོར་བ་ལྟ་བུ་ནི་བོར་བའོ་ཞེས་རང་གིས་ངེས་པར་བྱས་ཏེ། སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱའོ། །དེ་ནི་རང་འགྱོད་པ་དང་གཞན་མ་དད་པ་སྤང་བའི་ཕྱིར་རོ། །བཞི་པ་རོའི་རྫས་དང་འབྲེལ་བའི་བསླབ་བྱ་ནི། རོའི་རྫས་མི་མིན་པས་བླངས་པ་ཉིད་ནི། མི་མ་ཡིན་དེས་ཡོངས་སུ་མ་བཟུང་བ་ཉིད་མིན་པས་དེ་བརྐུས་ན་སྦོམ་པོའོ། །དུར་ཁྲོད་ཀྱི་རྫས་མི་མིན་གྱིས་བཟུང་བ་དེ་དུར་ཁྲོད་དུ་བསྐྱལ་དགོས་ན་ཇི་ལྟར་འགྲོ་ཞེ་ན། མི་མིན་རབ་ཏུ་གཏུམ་པ་འཁྲུགས་པ་དེའི་ཕྱི་བཞིན་དུ་འགྲོ་བར་བྱའོ། །དུར་ཁྲོད་དུ་ཁྱེར་ནས་རྫས་དེ་རོའི་སྟེང་དུ་ཇི་ལྟར་གཡོག་ཅེ་ན། རོ་ཁ་སྦུབ་ཏུ་བསྙལ་བ་ལ་དེའི་སྟེང་ནས་རྐང་པའི་མཐའ་ནས་བརྩམས་ཏེ་མགོའི་བར་དུ་གཡོགས་པར་བྱའོ། །རོ་མ་རྨས་པ་ལ་མི་མིན་འཇུག་སྐབས་ཡོད་པས་རོ་མ་རྨས་པ་ལས་རྫས་བླང་བར་མི་བྱའོ། །འོ་ན་དེ་རང་ངམ་གཞན་གང་གིས་རྨས་པར་བྱས་ནས་རྫས་བླང་བར་བྱ་ཞེ་ན། རོ་དེ་རང་གིས་རྨས་པའམ་གཞན་རྨས་པར་བྱེད་དུ་གཞུག་པར་མི་བྱའོ། །གཉིས་པ་ནི། བསྟི་བ་ངལ་བསོ་བའི་གནས་ཉིད་དུ་སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་ཅི་བདེར་སྤྱད་པར་བྱའོ། །གསུམ་པ་ནི། དགེ་སློང་དང་དགེ་ཚུལ་མི་འདོད་བཞིན་དུ་འབྲེལ་པས་འཁྲིད་པ་ན་དགེ་སློང་གིས་གཟུང་བར་བྱའོ། །དེ་ལ་ལག་པ་གང་ཤོས་ན་ཞེས་དྲིས་ལ། ཉེ་དུས་བཟུང་བ་ཤོས་ན་ཟེར་ན་མི་བཏང༌། ཁྱོད་ཀྱིས་བཟུང་བ་ཤོས་ན་ཟེར་ན་ཐོངས་ཤིག །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བའོ། །གསུམ་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་བཞི། དངོས་པོའི་སྐབས། བདག་པོའི་སྐབས། རྗེས་སུ་སྒྲུབ་པའི་སྐབས།
མཐར་ཐུག་པའི་སྐབས་སོ། །དང་པོ་ནི། རྣམ་འབྱེད་དུ་མ་ཤ་ཀ་ཞེས་བཤད་པ་ཇི་ལྟ་བུ་ཡིན་ཞེ་ན། ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་གོ །ཀ་ཀ་ནི་ནི། བོ་ན་ཊཱིཀ་ཞེས་བྱ་སྟེ། འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །དེ་ཡང་ཟོང་གི་ཁྱད་པར་ཞིག་ཡིན་ཏེ། ཊཱིཀྐར། ཟོང་ཞེས་བྱ་བ་ནི་ཀ་ཀ་ནི་དང༌། བར་ཏ་ཀ་ལ་སོགས་པའོ་ཞེས་གསུངས་སོ། །མ་ཤ་ཀ་གཅིག་པོ་དེ་ཡང་འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ལྔ་ཁོ་ན་བརྐུ་བ་དེས་ཕམ་པར་འགྱུར་གྱི་གང་བཞི་བརྐུ་བ་དེ་ནི་ཕམ་པར་མི་འགྱུར་རམ་སྙམ་ན། རྣམ་འབྱེད་དུ། མ་ཤ་ཀ་ལྔ་ཉིད་གསུངས་པ་དེ་ནི་ཀརྵ་པ་ཎ་བཞི་ཆའི་དཔེ་ཡིན་པས་དེའི་བཞི་ཆ་བརྐུས་ན་ཕམ་པར་འགྱུར་རོ། །ཀརྵ་པ་ཎ་ནི། གསེར་རམ། དངུལ་ལྟ་བུ་ལས་བྱས་པའི་ཟོང་ཞིག་སྟེ། ཞུ་ཊཱིཀ་ལས། ཀརྵ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བའོ་ཞེས་དང༌། གཞི་ཊཱིཀ་ལས། ཀརྵ་པ་ཎ་ནི། པ་ཎའི་བྱེ་བྲག་སྟེ། མངོན་ཚན་ཅན་ཡིན་ན་ནི་དངུལ་ལས་བྱས་པ་ཡིན་ནོ་ཞེས་དང༌། རྣམ་ཊཱིཀ་ལས། དབྱིག་ཅེས་བྱ་བ་ནི། གསེར་རམ་དངུལ་ལས་མངོན་ཚན་ཅན་དུ་བྱས་པའི་རྫས་སོ་ཞེས་དང༌། མངོན་ཚན་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བའི་མཚན་མ་ཅན་ཏེ་ཟླུམ་པོ་ལ་སོགས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ་ཞེས་སོ། །ལྔ་ཉིད་ནི་ཀརྵ་པ་ཎ་བཞི་ཆའི་དཔེ་ཡིན་ནོ། །གནས་དུས་ཀྱིས་ཀརྵ་པ་ཎའི་དབྱེ་བ་ཐ་དད་དུ་སྣང་སྟེ། ལ་ལར་མ་ཤ་ཀ་བཅུ་གཉིས་ལ་ཀརྵ་པ་ཎ་གཅིག །ལ་ལར་མ་ཤ་ཀ་བཅུ་དྲུག་ལ་ཀརྵ་པ་ཎ་གཅིག །ལ་ལར་མ་ཤ་ཀ་སུམ་ཅུ་རྩ་གཉིས་ལ་ཀརྵ་པ་ཎ་གཅིག་ཡིན་ནོ། །འདི་གནས་དུས་གང་གི་དབང་དུ་བྱས་ཤེ་ན། བསླབ་པ་འཆའ་བའི་ཚེ་མ་ག་དྷ་ལྟ་བུ་གང་ན་ཀརྵ་པ་ཎ་དེའི་ཚིགས་སམ་ཚད་མ་
ཤ་ཀའི་གྲངས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་མ་ཤ་ཀ་ལྔ་ཀརྵ་པ་ཎ་བཞི་ཆའི་དཔེ་ཡིན་ནོ། །དེས་ན་ཀརྵ་པ་ཎའི་བཞི་ཆ་བརྐུས་པ་ཕམ་པའི་རྒྱུའི་གཙོ་བོ་ཡིན་ལ། དེ་ལ་མ་ཤ་ཀ་དུ་ཡོད་པའི་གྲངས་ངེས་པ་མེད་དེ། གཏམ་གྱི་གཞིར། བཙུན་པ་མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀརྵ་པ་ཎ་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་པས་ལྷག་པ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀརྵ་པ་ཎ་གཅིག་ཏུ་འགྱུར་བ་ནའོ་ཞེས་གསུངས་སོ། །འགྲེལ་པ་རྩོམ་པའི་དུས་ནི། པ་ཎ་བཞིས་རིན་ཐང་ཚང་བར་འགྱུར་བར་གསུངས་སོ། །པ་ཎའི་རྣམ་གཞག་མེད་པ་བོད་ཡུལ་ལྟ་བུར་རིན་ཐང་གི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ན་རེ། རྟ་རྒོད་མ་རེ་ཙམ་ཡིན་ཏེ། གསོད་པའི་ཆད་པ་དང་སྒོ་བསྟུན་པའི་ཕྱིར་དང་དེ་ཙམ་གྱིས་དགག་བྱ་རྫོགས་པའི་ཕྱིར། ཁ་ཅིག་ནས་ཁལ་བཞི་ཙམ་ཡིན་ཏེ། འོད་ལྡན་དུ་ཆུ་གཏོང་འགོག་གི་སྐབས་སུ་དེ་ལ་དཔེ་བྱས་པའི་ཕྱིར་གསུང༌། གཞན་དག་ནི། དེ་དག་གི་དགག་བྱ་མི་ཁེགས་པའི་ཕྱིར་དང༌། གསོད་པའི་ཆད་པ་ཁོ་ན་དང་སྒོ་བསྟུན་པའི་རྟགས་ཀྱང་མ་གྲུབ་སྟེ། ཆད་པས་གཅོད་པ་ཙམ་དང་བསྟུན་པའི་ཕྱིར་ཏེ། ཇི་ཙམ་མ་བྱིན་པར་བླངས་ན། གྱོད་ལ་བཀྲི་ཞིང་སྲོག་དང་བྲལ་བར་དྲིས་ཤིག་ཅེས་དང༌། གསོད་དམ་འཆིང་ངམ་སྤྱུག་ཀྱང་རུང་སྟེ་ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ཕལ་གྱིས་བརྐུས་པའི་ཐ་སྙད་དང༌། ཆད་པ་གཅོད་པར་རིག་པ་ཙམ་དུ་ཕྱེད་པ་ཡན་ཆད་ཡིན་པར་རིགས་ཏེ། ལུང་དུ་ཇི་ཙམ་མ་བྱིན་པར་བླངས་ན་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ་ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་སེ་བ་གསུམ་ཙམ་ལ་
དངོས་པོ་ངེས་པར་ཚང་སྟེ་དོན་བརྒྱད་མར། རྒྱ་གར་གྱི་རིན་ཐང་དང་སྦྱར་ན། དངུལ་ཞོ་གཅིག་ཙམ་བརྐུས་ན་ཕས་ཕམ་པར་བརྩིའོ། །ཡང་ཁ་ཅིག་གིས་ཞོའི་བརྒྱད་ཆ་གཅིག་ལ་བྱ་སྟེ་དེ་ཙམ་གྱིས་རིན་ཐང་ཚང་བར་བརྩིའོ་ཞེས་དང༌། སློབ་ཕན་དུ། ནས་ཁལ་ཕྱེད་ལ་དངོས་པོ་ཚང་བར་བཤད་པ་དང༌། ཤེས་རབ་བྱེད་པར། དེང་སང་གི་དུས་དང་སྦྱར་ཏེ་རྒྱ་གར་གྱི་ཡུལ་གྱི་མ་ཤ་ལས། བོད་ཀྱི་དངུལ་གྱི་ཐང་དུ་བརྩིས་ན། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ། བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་ཞེས་སོགས་གསུངས་པའི་ཕྱིར་དང༌། རྙེད་པ་ཆུང་ངུ་ལ་ཡང་པ་ཎ་ལྔ་ལ་སོགས་པ་ཞེས་དང༌། དེའི་ཊཱིཀྐ་དག་གིས། དེ་བས་ཆུང་བ་བསབ་རིན་མེད་པར་གསུངས་པ་དང༌། གོས་ལྕི་བ་བསྟེན་པའི་སྐབས་སུ་རིན་གྱིས་ལྕི་བ་ཀརྵཱ་པ་ཎ་ཉི་ཤུར་གསུངས་པ་དང༌། བྱ་བ་ཕྲན་ཚེགས་དང་དངོས་པོ་ཆུང་ངུའི་རིན་དུ་པ་ཎ་དང་ཀརྵཱ་པ་ཎ་མང་པོ་སྦྱིན་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་བོ་འགའི་ཉམས་རྐྱེན་མ་བྱས་ན་ལེགས་སོ་ཞེས་གསུང་ངོ༌། །ཀརྵཱ་པ་ཎའི་དབྱེ་བ་གནས་དུས་ཀྱིས་ཐ་དད་ན་དེའི་རིན་ཐང་ཇི་ལྟར་བརྩི་ཞེ་ན། བརྐུ་བའི་གནས་དང་བརྐུ་བའི་དུས་ཀྱིས་ཀརྵཱ་པ་ཎ་དེའི་རིན་ཐང་བརྩི་བ་རྣམ་པར་བཞག་གི །ཡུལ་དུས་གཞན་གྱི་རིན་ཐང་མི་བརྩིའོ། །རྫས་གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་དེ་ལ་རིན་ཐང་མེད་པས་དེ་བརྐུས་ན་ཕམ་པར་མི་འགྱུར་རམ་སྙམ་ན། རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་རིན་ཆེ་བ་ཉིད་ཀྱིས་རིན་ཐང་འདི་ཙམ་མོ་ཞེས་གདབ་པར་མི་ནུས་པ་ནི་རིན་ཐང་རབ་ཀྱི་མཐར་ཕྱིན་པ་ཉིད་ཡིན་ཏེ། ཆོས་ཉིད་ཀྱིས་བྱེ་བར་འདེབས་པའི་ཕྱིར་རོ། །དེས་ན་མ་ཤ་ཀ་ལྔ་ལ་སོགས་པའི་སྒྲས་བསྡུས་པ་ཡིན་ནོ། །རིན་ཧ་ཅང་ཆུང་བ་བརྐུས་ན་ལྟུང་བར་མི་འགྱུར་རམ་སྙམ་ན། ཤིན་ཏུ་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ཆོག་པ་གང་ཡིན་པ་དེ་ནི་རིན་བཅད་
པའི་ཁོངས་སུ་མ་གཏོགས་པ་ཉིད་མིན་པས་དེ་བརྐུས་ན་སྦོམ་པོའམ་ཉེས་བྱས་སུ་འགྱུར་རོ། །སངས་རྒྱས་ཀྱི་སྐུ་གདུང་ནི་བཙོང་བར་བྱ་བ་མིན་པས། དེ་བརྐུས་ན་ཅིར་འགྱུར་ཞེ་ན། རིན་ཐང་གདབ་པར་མི་ནུས་པ་བརྐུ་བ་དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་པས། དེ་བརྐུས་ན་ཕམ་པར་འགྱུར་རོ། །རྐུ་སེམས་གང་ཡང་རུང་བས་བརྐུ་བ་ཐམས་ཅད་ལ་ཕམ་པར་འགྱུར་རམ་ཞེ་ན། མཆོད་པའི་དོན་ཉིད་དུ་བརྐུ་ན་ཉེས་བྱས་སོ། །རྐུ་སེམས་ཡོད་དུ་ཟིན་ཀྱང་རེ་ཞིག་མ་དཔེ་ལ་བལྟས་ཏེ་དཔེ་བྲི་བ་ལ་ནི་ཉེས་པ་མེད་དེ། བརྐུ་བའི་ལས་མིན་པའི་ཕྱིར་རོ། །ཞུ་ཊཱིཀ་ལས། ཕ་རོལ་ལ་གོད་པ་མེད་པས་ཟེར་ཏེ་དཔེ་ཡོན་མེད་པའི་དབང་དུ་བྱས་སོ། །ཡོད་ན་དེ་བརྐུས་པར་འགྱུར་རོ། །རྒྱན་ལ་སོགས་པ་བཤིག་སྟེ་བརྐུ་བ་ལ་ནི་བཤིག་པ་དེའི་གནས་སྐབས་བརྐུ་བའི་དངོས་པོ་ཡིན་པས་དེའི་གནས་སྐབས་ཀྱི་རིན་ཐང་བརྩི་བར་བྱའོ། །གླིང་གཞན་བཞིན་དུ། བྱང་ན་ཡང་རྫས་བདག་གིར་འཛིན་པ་ཡོད་དམ་ཞེ་ན། བྱང་གི་སྒྲ་མི་སྙན་ན་ནི་རྫས་བདག་གིར་འཛིན་པ་མེད་པ་ཉིད་དོ། །དེ་བརྐུས་ན་ཅིར་འགྱུར་ཞེ་ན། ཡོངས་སུ་འཛིན་པ་མེད་པའི་རྫས་དེ་ནི་རང་གི་དང་འདྲ་བར་རྐུ་སེམས་ཀྱིས་བརྐུས་ན་སྦོམ་པོར་འགྱུར་རོ། །གཉིས་པ་བདག་པོའི་སྐབས་ནི། བརྐུ་བ་དེའི་དུས་ན་རྫས་བདག་ཉིད་སྲིད་པ་གང་གི་ངོ་བོར་ཡོད་པ་དེ་རྫས་དེའི་བདག་པོ་ཉིད་ཡིན་གྱིས། འདས་པ་དང་འབྱུང་འགྱུར་ནི་མིན་ནོ། །དཔེར་ན་མིས་རྫས་གཏེར་དུ་བཅུག་ནས་ཤི་བ་དང༌། དེ་སྲུང་མ་འདྲེ་ཞིག་ཏུ་སྐྱེས་པའི་ཚེ་བརྐུས་ན་འདྲེ་ལ་བརྐུ་བར་འགྱུར་བ་བཞིན། མཆོད་རྟེན་ལ་བརྐུས་པ་ཡང་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་མེད་པས་རིན་ཐང་ཚང་ན་སྦོམ་པོར་འགྱུར་རོ། །སངས་རྒྱས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཡིན་པས་བརྐུས་
ན་ཕམ་པར་འགྱུར་རམ་ཞེ་ན། སངས་རྒྱས་ལྷག་མེད་དུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་ཡིན་པས་བརྐུས་ན་སྦོམ་པོའོ། །བདག་པོ་གཏན་མེད་མ་ཡིན་ཏེ། མཛོད་ཊཱིཀ་ལས། སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་དེ་དག་ཐམས་ཅད་ཡོངས་སུ་བཟུང་ཟིན་པས་ཞེས་སོ། །ཁ་ཅིག །ལྷག་བཅས་མྱང་འདས་ཀྱི་རྫས་བརྐུས་ན་ཡང་ཕམ་པར་མི་འགྱུར་ཏེ། །བདག་འཛིན་མ་ལུས་པར་སྤང་བའི་ཕྱིར་ཞེས་ཟེར། འོ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། རྒྱུན་ཞུགས་ཀྱི་རྫས་བརྐུས་ན་ཡང་ཕམ་པ་མི་འབྱུང་བར་ཐལ། དེས་བདག་འཛིན་མ་ལུས་པར་སྤངས་པའི་ཕྱིར། གསུམ་པ་རྗེས་སུ་སྒྲུབ་པའི་སྐབས་ལ་གསུམ། སྦོམ་པོའི་རབ་དབྱེ། སྦྱོར་བའི་ས་ཚིགས། སེལ་བ་ དོགས་གཅོད་དང་བཅས་པའོ། །དང་པོ་ནི། གོས་ལ་སོགས་པ ་བརྙན་པ་དེ་ངེས་པར་གཏན་དུ་བྱིན་པ་ཉིད་བཞིན་དུ་བསྲི་བ་མེད་པར་ཉེ་བར་སྤྱོད་ན་ཕམ་པའི་སྦྱོར་བ་བཞིན་དུ་སྦོམ་པོར་འགྱུར་རོ། །བརྙན་པའི་རྟོག་པའི་དབང་གིས་ཕམ་པར་མི་འགྱུར་ལ། འདི་བཞིན་དུ་ཡང་མ་གནང་སྙམ་པ་དང༌། དངོས་པོ་ཚང་བའི་ཡན་ལག་ཡོད་པས་སྦོམ་པོའོ། །རྐུ་སེམས་ཀྱིས་གསང་སྔགས་དང་སྨན་དག་གིས་རྫས་འབུལ་དུ་བཅུག་ན་ཡང་སྦོམ་པོའོ། །ཆད་པས་བཅད་པའི་རྣམ་པ་ལྟ་བུ་ཡིན་པས་ཕམ་པར་མི་འགྱུར་རོ། །ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་བྱིན་པ་ནི་ལོག་འཚོ་ཡིན་གྱི་འདིའི་ཁ་ན་མ་ཐོ་བ་ནི་མེད་དོ། །བདག་གིར་མ་བྱས་པར་གཞན་གྱི་དོན་ཉིད་དུ་བརྐུ་ན་ཡང་དངོས་གཞིའི་རྣམ་པ་སྟེ་ཕམ་པའི་སྦྱོར་བའོ། །རྫས་དེ་གཞན་གྱི་ཡིན་པ་ལ་རྒྱུ་མཚན་འགའ་ཞིག་གིས་བདག་གི་ཡིན་ནོ་བདག་པོས་མ་བཟུང་ངོ༌། །བདག་ལ་བྱིན་པ་ཡིན་ནོ་སྙམ་པའི་རྟོག་པས་ཀྱང་བརྐུ་ན་ཕམ་པའི་སྦྱོར་བའོ། །རྫས་འགའ་
ཞིག་གདམ་སྟེ་གང་བཟང་པོ་བརྐུའོ་སྙམ་དུ་འདོད་པ་ལ་ཡང་སྦོམ་པོའོ། །གཉིས་པ་ནི། ནོམ་ཉུག་མེད་པ་ལ་ལྟུང་བ་བསྐྱེད་རིམ་ཇི་ལྟར་ཡིན་ཞེ་ན། རྒྱན་ལ་དོར་བྱེད་ན་གལ་ཏེ་རྒྱན་དེ་རྒྱལ་བ་ཉིད་དུ་མ་གྱུར་བའི་ཚེ་ན་སྦྱོར་བའོ། །རྒྱན་དེ་ལ་དོར་གྱིས་རྒྱལ་བ་དེ་ནི་བརྐུས་པ་ཡིན་ནོ། །གྲངས་བརྩིས་ལ་དོར་བྱས་པ་ནི་སྦྱོར་བ་དེའི་སྦྱོར་བ་ཡིན་ནོ། །ཤོད་ཐབས་དང་ཁྲམ་ཐབས་ལ་སོགས་པའི་མཚན་མ་ཕྱིས་པ་དང་ལྷག་པར་བསྣན་པ་གཉིས་དང༌། གནས་གཞན་དུ་ལྟག་འོག་བསྣོར་ཅིང་བཞག་པ་ཡང་དོར་བྱེད་པ་དེ་ཉིད་ཡིན་པས་སྦྱོར་བའི་སྦྱོར་བ་ཡིན་ནོ། །གྲངས་དེ་ལ་ནོར་དེ་གྲུབ་པ་ན་བརྐུས་པ་ཡིན་ནོ། །ཚོམས་གཅིག་ཏུ་རང་ཉིད་བགྲངས་ནས་ཡང་རྙེད་པའི་ཕྱིར་བདག་ཉིད་ཚོམས་གཞན་དུ་བགྲང་བ་ཡང་གྲངས་ལ་དོར་བྱེད་པ་དེ་དང་འདྲ་བར་ཉེས་བྱས་དང་གྲུབ་ན་བརྐུས་པ་ཡིན་ནོ། །རང་ཉིད་བགྲངས་པའི་ཚོམས་སྔ་མ་ཉིད་ཕྱི་མ་དག་ལ་བསྙོན་པ་དང༌། ཚོམས་ཕྱི་མ་ཉིད་ཚོམས་སྔ་མ་དག་ལ་བསྙོན་པ་ཡང་དོར་བྱེད་པ་དེ་དང་འདྲའོ། །དོར་བྱེད་པ་དེས་རྙེད་པ་གང་ནས་བླང་ཞེ་ན། དོར་བྱེད་པ་དེའི་སྐལ་བ་ཉིད་ནི་དེ་དག་ཚོམས་གང་དུ་ཐམས་ཅད་ཀྱིས་དང་པོར་བགྲང་བ་དེར་དབང་ངོ༌། །སྐལ་བ་ཡེ་མི་དབང་བ་ཞིག་ང་ཡང་འདིར་གཏོགས་སོ་ཞེས་དབང་བར་སྒྲོགས་པ་ཡང་དོར་བྱེད་པ་དེ་དང་འདྲའོ། །བདག་པོས་ནོར་ལོང་ཞེས་མ་བསྒོས་པར་སློང་བ་ཡང་དོར་བྱེད་པ་དེ་དང་འདྲའོ། །གཡར་པོར་བརྙས་པ་དང་སྔ་ཤུགས་སུ་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བ་ཡིན་པས་སྦོམ་པོའོ། །བརྙས་པ་སོགས་དེ་དག་མི་སྦྱིན་པར་ངེས་ཤིང་བརྣོགས་ན་བརྐུས་པ་ཡིན་ནོ། །གཏམས་པ་ནི་གཉིས་ཏེ། བདག་པོས་མི་ཤེས་པར་ཞལ་ཏ་བས་སྦས་པ་དང༌། ཞལ་ཏ་བའི་མངོན་སུམ་དུ་བདག་པོས་སྦས་པའོ། །སྔ་མ་མདོ་སྔ་མས་བསྟན་ལ་ཕྱི་མ་ནི་
བརྣོགས་པ་ཙོམ་ཀྱིས་བརྐུས་པར་མི་འགྱུར་བས་གཏམས་པ་ཞལ་ཏ་བའི་མངོན་སུམ་དུ་བདག་པོས་སྦས་པ་ལ་གལ་ཏེ་སྤོ་བ་དང་ལྷན་ཅིག་ཏུ་བརྣོགས་ན་དེའི་ཚེ་བརྐུས་པ་ཡིན་ནོ། །གནས་ནས་སྤོས་པའི་འོག་ཏུ་བརྣོགས་ན་དེའི་ཚེ་བརྐུས་པ་ཡིན་ནོ། །གལ་ཏེ་སྤོས་པའི་སྔར་བརྣོགས་ན་ནི་བརྣོགས་པ་དེ་བསྙོན་པ་ལས་སྦྱོར་བ་གཞན་ཉིད་ཡིན་ཏེ། བརྣོགས་པ་ནི་དངོས་གཞིའི་རྣམ་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །བརྣོགས་པའི་སྔར་བསྙོན་ན་ནི་སྦྱོར་བའི་སྦྱོར་བ་ཡིན་ཏེ། བརྣོགས་པས་བར་དུ་ཆོད་པའི་ཕྱིར་རོ། །སྤོས་པའི་ཚེ་བརྐུས་པ་ཡིན་ནོ། །སུམ་བརྒྱ་པར། སྦགས་པའི་སྔ་རོལ་ཐག་བཅད་དེ་བཞིན་བསྙོན། །སྦྱོར་བའི་འདིར་ནི་སྦགས་པ་དངོས་གཞི་ཡིན། ཞེས་དང༌། དེའི་ཊཱིཀྐ་ལས། ཐག་བཅད་པ་ནི་སྔ་ལ། ཕྱི་ནས་སྦགས་པ་ཡིན་ན། དེའི་ཚེ་ཐག་བཅད་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ་ཞེས་གསུངས། འདི་གནས་ནས་སྤོས་པ་ལ་ལྟོས་པ་ནི་རྫས་བདག་གི་མངོན་སུམ་དུ་སྦས་པའི་ཕྱིར་རོ། །གསུམ་པ་ནི། རྣམ་འབྱེད་དུ། །ཆུད་གཟན་པ་ཞེས་པའི་སྤྲོས་པ་བསྟན་པའི་ཕྱིར་དུད་འགྲོའི་སྒྱིད་པ་གཅོད་པ་དང༌། རྩིབ་མ་གཅོག་པ་ལ་སོགས་པ་དང་གསོད་པ་ནི་ཆུད་གཟན་པ་ཡིན་ནོ། །ཤོ་གམ་གཞལ་དགོས་ཀྱི་མཚམས་དང་འབྲེལ་བའི་ནམ་མཁའ་ལས་དགེ་སློང་མཚམས་སུ་ཕྱིན་པས་ཤོ་གམ་གཞལ་དགོས་ཀྱི་རྫས་མདའ་འཕངས་པ་སོགས་དང༌། སྔགས་བརྗོད་པ་སོགས་དང༌། མངོན་ཤེས་མ་གཏོགས་པའི་རྫུ་འཕྲུལ་གྱིས་འདུལ་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །དགེ་སློང་ནམ་མཁའ་ཁོ་ན་ལ་གནས་པ་དང༌། ཤོ་གམ་གྱི་སའི་ཕྱི་རོལ་ཀྱི་མཚམས་ནས་ནམ་མཁའ་ལས་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་པ་ལ་ནི་ལྟུང་བ་
མེད་དོ། །རྒྱལ་པོ་དག་ནི་ས་ལ་དབང་བ་ཡིན་གྱི་ནམ་མཁའ་ལ་མིན་པས་གལ་ཏེ་མཚམས་སུ་ཕྱིན་པར་མ་གྱུར་ན་དེའི་ཚེ་གཞལ་བ་ཉིད་ཀྱང་མི་འབྱུང་ན་ལྟུང་བར་འགྱུར་བ་འབྱུང་རེ་སྐན། དགེ་སློང་མཚམས་ཀྱི་ནང་དུ་ཕྱིན་པས། བསྒོམས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་པ་ལ་ཉེས་པ་མེད་དེ་རྐུ་སེམས་མེད་པའི་ཕྱིར་རོ། །ཤོ་གམ་གཞལ་དགོས་པའི་མཚམས་ལས་མཚམས་གཞན་དུ་ཤོ་གམ་དྲལ་ན་ཡང་ཉེས་པ་མེད་དོ། །གཞན་ལ་ཤོ་གམ་དྲོལ་ཅིག་ཅེས་བསྒོ་ན་ཉེས་བྱས་སོ། །ཤོ་གམ་འདྲལ་བའི་ཕྱིར་ཤོ་གམ་འདྲལ་བའི་ལམ་གཞན་སྟོན་ན་ཡང་ཉེས་བྱས་སོ། །བསྒོ་བ་དང་ལམ་གཞན་སྟོན་པ་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་ན་ཡང་ཉེས་བྱས་ཕྲ་མོར་འགྱུར་རོ། །ཤོ་གམ་གཞལ་དགོས་ཀྱི་སར་ཕྱིན་པས་ལམ་ནས་མ་འདས་པར་ལམ་གོལ་པ་ནས་ཤོ་གམ་གཞལ་དགོས་པའི་རྫས་འདའ་བ་ནི་ལམ་དྲང་པོ་ནས་འདའ་བར་བྱེད་པ་དང་འདྲའོ། །ལུས་དང་ཚེམ་བུ་ལ་ཤོ་གམ་མེད་པ་བཞིན་དུ་དེར་བཅུག་པ་ལ་ཡང་ཤོ་གམ་མེད་དམ་སྙམ་ན། ཁ་དང་ཚོམ་བུའི་ནང་དུ་རྫས་བཅུག་སྟེ་འདའ་བར་བྱེད་པ་ནི་སྒྲོ་བ་ལ་སོགས་པའི་སྐུངས་གཞན་དུ་བཅུག་ནས་འདའ་བ་དང་འདྲའོ། །བརྐུ་བའི་སྦྱོར་བའི་དུས་ན་རྐུ་སེམས་ཡོད་ལ། གནས་ནས་སྤོ་བའི་ཚེ་རྐུ་སེམས་དང་བྲལ་ན་མཐའི་མཐར་ཐུག་པ་མིན་པས་དངོས་གཞིའི་ལྟུང་བ་མེད་ལ་སྦྱོར་བའི་ཉེས་པ་ཡོད་དོ། །སྦྱོར་བའི་གནས་སྐབས་ལ་རྐུ་སེམས་དེ་མེད་ལ་དངོས་གཞིའི་ཚེ་རྐུ་སེམས་ཡོད་ན་དངོས་གཞི་དེ་མ་བྱས་པ་ཉིད་མིན་ནོ། །སྤྲིང་ཡིག་དང་ལག་བརྡ་ལ་སོགས་པས་བརྐུ་བ་ལ་ནི་ན་སྨད་པ་མེད་དོ། །བཞི་པ་མཐར་ཐུག་པའི་སྐབས་ནི། མཐུས་བརྐུ་བའི་ནན་ཁུགས་དང༌། རྫས་ཁྱེར་བ་མི་སྟེར་བ་དངན་ཐེན་གྱིས་རྫས་ཁྱེར་བ་མི་སྟེར་ན་
ཡང་མ་བརྐུས་པ་མིན་ནོ། །ཞུ་བར། བརྐུ་བ་རྣམ་པ་དྲུག་སྟེ། ནན་ཁུགས་ཀྱིས་བརྐུ་བ་དང༌། སྒྱུ་ཐབས་ཀྱིས་དང༌། གཏམས་པ་དང༌། ཕྱིར་བསབ་པ་དང༌། དངན་ཐེན་གྱིས་དང༌། ཆོས་བརྐུ་བའོ་ཞེས་གསུངས་པའི་གཉིས་པོ་འདི་བརྐུས་པ་མིན་ནམ་སྙམ་པའི་ དོགས་པ ་བསལ་བའི་ཕྱིར་རོ། །གླེའུ་ལྟ་བུའི་གནས་དང་བཅས་པ་བརྐུས་པ་ཡང་མ་བརྐུས་པ་མིན་ནོ། །ཞུ་བ་གཉིས་སུ་ནི། བསྐྱོད་ཀྱང་མཐར་མི་འགྱུར་བར་མཆིས་སམ། གནས་གང་དུ་བཞག་པར་གྱུར་བའི་གནས་དེ་སྦོས་ནའོ་ཞེས་འབྱུང༌། དུད་འགྲོ་བསད་པ་ནི་ཆུད་གསན་པ་ཡིན་གྱི་བརྐུས་པ་ཉིད་མིན་ནོ། །བསད་པའི་སྐད་ཅིག་དེ་ཉིད་དམ་དུས་ཕྱིས་གནས་ནས་སྤོ་བར་བྱེད་ན་བརྐུས་པ་ཡིན་ནོ། །དོ་ཤལ་དང་སེ་མོ་དོ་ལ་སོགས་པ་རྫས་མང་པོ་རྒྱུད་གཅིག་ལ་བརྒྱུས་པ་བརྐུ་བའི་ཕྱིར་བསྐྱོད་པ་ན་ཕྱོགས་གཅིག་རང་གི་གནས་ནས་མ་འཕགས་པ་ཡང་བརྐུས་པ་མིན་ཏེ། ཐམས་ཅད་གནས་ནས་འཕགས་པ་ན་བརྐུས་པ་ཡིན་ནོ། །ཤིང་ཐོག་ལ་སོགས་པ་ལྷུང་བ་བརྐུ་བ་ནི་གང་དུ་ལྷུང་བའི་གཞི་དེ་ལས་ཁྱེར་ན་བརྐུས་པ་ཡིན་གྱི་ལྷུང་བ་ཙམ་གྱིས་བརྐུས་པ་མིན་ནོ། །འབྲུ་མར་ལ་སོགས་པ་ཙ་ར་ར་འཛག་པ་དང༌། ནས་ལ་སོགས་པ་འབྲུལ་བར་བྱེད་པའི་འབྲག་དང༌། བང་བ་ལ་སོགས་པའི་བུ་གུ་ནས་ནི་རྫས་དེ་དག་བྱུང་བ་ན་བརྐུས་པ་ཡིན་ནོ། །རྒྱུན་ལ་སྐད་ཅིག་དུ་མ་ཡོད་པས་གང་གི་ཚེ་རིན་ཐང་བརྩི་ཞེ་ན། བུ་གུ་ནས་འབྱིན་པ་འདིར་བྱུང་བ་དང་པོ་ནས་ཐ་མ་དེ་ཚུན་ཆད་རྫས་གཅིག་ཡིན་པས་དེའི་རིན་ཐང་བརྩིའོ། །འབྲུའི་ཕུང་པོ་ལྟ་བུ་ལས་བརྐུ་ན་ལན་རེ་རེ་ཞིང་བླངས་པའི་སྦྱོར་བ་དང་དངོས་གཞི་དག་ཐ་དད་དོ། །གང་ལས་དབྲལ་བར་བྱ་བའི་ནོར་བདག་རྫས་མི་གཅིག་པ་དུ་མ་ཉིད་ཡིན་ན། ནོར་བདག་དེའི་ཆ་སོ་སོ་ལ་བརྟེན་པའི་
བརྐུས་པའི་སྦྱོར་བ་དང་དངོས་གཞི་ཐ་དད་པར་འགྱུར་བས་ནོར་བདག་རེ་རེ་ལས་རིན་ཐང་ཚང་ན་ཕམ་པར་འགྱུར་ལ་མ་ཚང་ན་ན་སྨད་དོ། །རྐུན་པོ་རྣམས་ཀྱང་ནོར་མི་གཅིག་པ་དུ་མ་ཡིན་ན། སོ་སོའི་སྐལ་བའི་ཆ་བརྐུས་པ་ཐ་དད་པའི་ཕྱིར་ནོར་མི་གཅིག་པ་བརྒྱ་ལ་བརྒྱས་བརྐུས་ན་རིན་ཐང་ཚང་བ་ཁྲི་དགོས་པ་ལྟ་བུའོ། །རྐུན་པོ་དུ་མ་འདི་ལ་རྐུན་རྫས་སོ་སོར་བགོད་པར་བྱའོ་སྙམ་དུ་བློ་གྲོས་མི་མཐུན་པ་དུ་མ་ཉིད་ཡིན་ན་རང་རང་གི་སྐལ་བ་ཐོབ་པའི་ཚེ་ན་བརྐུས་པ་ཡིན་གྱི་གནས་ནས་སྦགས་པ་ཙམ་གྱི་ཚེ་བརྐུས་པ་མ་ཡིན་ནོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བའོ། །བཞི་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ། ལྟུང་བ་རྣམ་གཞག །བསླབ་བྱ། ལྟུང་མེད་དོ། །དང་པོ་ལ་གསུམ། བདག་པོ་དང་རྐུ་སེམས་ལ་ དོགས་པ ་བཅད་པ། མཐར་ཐུག་ལ་ དོགས་པ ་བཅད་པ། ཡན་ལག་གི་སེལ་བའོ། །དང་པོ་ནི། དགེ་སློང་གི་རྙེད་པ་བགོད་པ་ན། དེའི་སྐལ་བ་བླང་བའི་སྔ་རོལ་ཏུ་དགེ་སློང་དེ་ཤི་བ་ཉིད་དུ་གྱུར་ན། གང་ནས་སྐལ་བ་བླང་བ་དེ་ཉིད་དུ་གཞག་པར་བྱའི་ཤི་བའི་ཡོ་བྱད་མིན་ནོ། །དེ་ལས་བཟློག་པ་ཤི་བའི་སྔར་དེའི་སྐལ་བ་བླངས་ཟིན་པ་ཤི་བའི་ཡོ་བྱད་ཉིད་དུ་བྱའོ། །དགེ་འདུན་དེའི་ཆེད་དུ་བརྐུ་བ་ནི། རྐུན་པོ་ཡང་བདག་གིར་མི་བྱེད་པ་མ་ཡིན་ཏེ། དགེ་འདུན་ནི་ནོར་གཅིག་པའི་ཕུ་ནུ་དང་འདྲ་བས་སོ། །དེས་ན་རིན་ཐང་ཚང་ན་གང་ཟག་དེ་གཅིག་པུ་ཕམ་པར་འགྱུར་གྱི་རིན་ཐང་སོ་སོར་ཚང་དགོས་པའང་མིན་ལ། དགེ་འདུན་གཞན་ལ་སོ་སོར་ཉེས་པར་ཡང་མི་འགྱུར་ཏེ། མ་བགོས་པའི་ཕྱིར་རོ། །སུམ་བརྒྱ་པར། དགེ་འདུན་དག་ནི་ནོར་གཅིག་སྤུན་འདྲ་བས། །དགེ་འདུན་ཆེད་བྱས་སྐལ་བ་མིན་རྟག་སྟེ། །ཞིང་བགོ་མིན་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །གཞན་དུ་ལུང་ལས་རིན་ཐང་བཅད་མི་འགྱུར། །ཞེས་སོ། །
གནས་གཉིས་བདག་པོ་ཐ་དད་མིན་པའི་རྫས་གཅིག་ནས་གཅིག་ཏུ་བརྐུ་བ་ནི། རང་གི་ནོར་བརྐུ་བ་དང་འདྲ་བས་སྦོམ་པོའོ། །དགེ་སློང་དེ་གང་ནས་ནོར་ལེན་པ་དེར་བདག་པོ་མིན་ལ་གང་དུ་ལེན་པ་དེར་བདག་པོ་ཡིན་ན་ཕམ་པར་འགྱུར་རོ། །རྐུན་པོ་མང་པོ་ཚོགས་ཏེ་ཕྱིན་པ་ན་འགྱོད་པ་སྐྱེས་ཏེ་ཕྱིར་ལོག་གམ། ཕྱིར་མ་ལོག་ཀྱང་མ་བྱིན་པར་མི་བླང་བར་ངེས་པ་སྐྱེས་ན་རྐུན་པོ་ལྷག་མ་རྣམས་ཀྱིས་བརྐུས་པ་ནི་དགེ་སློང་དེའི་ལྟུང་བ་བསྐྱེད་པའི་ཡན་ལག་མ་ཡིན་ཏེ། རྐུན་པོ་དང་ལྷན་ཅིག་བྱ་བ་མེད་པའི་ཕྱིར། དང་པོར་ཞུགས་པ་ན་སྦྱོར་བའི་སྦྱོར་བ་ཉེས་བྱས་སོ། །དངོས་སུ་མ་བྱིན་པར་ནི་མི་བླང་ལ་རྐུན་རྫས་ཀྱི་ཆ་བདག་གིར་བྱ་བར་འདོད་ནས་རྐུན་པོ་རྣམས་དང་ལྷན་ཅིག་འགྲོ་བ་དེ་ནི་མི་བླང་བའི་བསམ་པ་ཉིད་མིན་པས་ཆ་ཐོབ་ཅིང་རིན་ཐང་ཚང་ན་ཕམ་པར་འགྱུར་རོ། །རྐུན་པོ་བྱ་བ་དེར་གཏོགས་པ་ལམ་བསྲུང་བའམ་སོ་བྱེད་པ་སོགས་ཀྱི་ལས་རྗེས་སུ་བསྒྲུབ་པ་ནི་བརྐུ་བའི་བྱ་བ་དེའི་ཆ་མིན་པ་མིན་པས་དེ་ལྟ་བུའི་བྱ་བ་བསྒྲུབས་ཏེ་སྐལ་བ་ཐོབ་ན་དངོས་པོ་ཇི་ལྟ་བུའི་ལྟུང་བར་འགྱུར་རོ། །རྐུན་པོ་རྣམས་ཀྱིས་ལ་ལའི་ལྷན་ཅིག་གནས་པ་དང་ཉེ་གནས་བརྐུས་ནས་དབང་དུ་བྱས་པ་ལ་ཕྱིས་མཁན་པོ་དེས་ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་རྐུ་ཐབས་སམ་ནན་ཁུགས་ཀྱིས་འཕྲོག་པ་ཡང་བརྐུས་པར་མི་འགྱུར་བའི་རྒྱུ་མིན་ནོ། །གཉིས་པ་ནི། སྔར་མཚམས་འབྱོར་ན་ཞེས་པའི་མཚམས་ཇི་ལྟ་བུ་ཞེ་ན། ཡོངས་སུ་བསྐོར་བས་རྐུ་བ་ལ་ནི་མཚམས་འབྱོར་བ་ཉིད་གཙོ་བོ་ཡིན་གྱི། རིབ་མ་ལ་སོགས་པས་བསྐོར་བ་དགོས་པ་མིན་ནོ། །དེས་ན་རང་དང་གཞན་གྱི་ཞིང་གི་བར་དུ་བཙུགས་པའི་ཕུར་པ་ལ་སོགས་པའི་མཚམས་གནས་ནས་སྤོས་པས་རྐུ་བ་ཡང་ཡོངས་སུ་བསྐོར་བས་རྐུ་བ་
འདིས་མ་བསྡུས་པ་མིན་ནོ། །བདག་པོའི་མངོན་སུམ་དུ་སྣང་བའི་རྫས་རྐུ་སེམས་ཀྱིས་བླངས་པ་ཡང་རྫས་དེ་བདག་པོའི་མིག་སྔར་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ། །མི་མཐུས་བཟུང་སྟེ་བརྐུས་པ་ནི་བག་ཕེབས་ཤིང་དབང་དུ་བྱས་པ་ཉིད་ན་བརྐུས་པ་ཡིན་ནོ། །གསུམ་པ་ནི། དགེ་སློང་གཞན་གྱིས་བརྐུས་པ་ན་རྐུ་ཐབས་ཀྱིས་བདག་ཉིད་ཐར་བར་བྱས་པ་ནི་བརྐུས་པ་མ་ཡིན་ཏེ། བདག་ཉིད་ལ་བརྐུས་པ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གང་བརྐུ་བར་བསམས་པའི་དངོས་པོ་དེ་དང་འབྲེལ་བའི་རྫས་བརྐུ་བར་མ་བསམས་པ་བླངས་པ་ནི་མ་བསམས་པ་དེ་བརྐུས་པ་མིན་ནོ། །སྦོམ་པོའི་དབང་དུ་བྱས་པ་ནི། རྐུན་པོ་གང་གིས་རྫས་གང་ལེན་པ་དེ་གང་ཟག་དེའི་ཡིན་ནོ་ཞེས་རྣམ་པར་བཞག་པ་ལ་དགེ་སློང་གིས་གང་ཟག་གཞན་གྱི་དོན་དུ་བརྐུ་བའོ། །གཤེད་མ་དང་བཀྲེན་པས་འདི་བདག་གིས་འཐོབ་བོ་སྙམ་དུ་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་གོས་ལ་སོགས་པ་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་རོ། །ལ་ཕུག་ལ་སོགས་པ་རྩ་བའི་ལྡུམ་ཞིང་དང༌། སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཀུན་དགའ་ར་བ་ལ་སོགས་པ་གསང་སྔགས་དག་གིས་སྐམ་པར་བྱེད་པ་ཡང་སྦོམ་པོའོ། །དགེ་སློང་གིས་རྩྭ་ལ་སོགས་པའི་ཆས་ཀྱིས་བརྔོད་པས་རྟ་བཀྲི་ཞིང་བརྐུ་བར་བྱའོ་སྙམ་པ་དང༌། ཞོན་ཏེ་འདི་བརྐུ་བར་བྱའོ་སྙམ་ནས་གོམ་པ་འདོར་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་ཡང་སྦོམ་པོའོ། །གྲུ་འདིར་ཞུགས་ཏེ་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བ་ཡང་སྦོམ་པོའོ། །རྟའམ་གྲུ་འདི་ལས་འདི་ལྟར་བྱས་ཏེ་བརྐུའོ་སྙམ་ནས་ལུས་འགྱུར་བ་ཡང་སྦོམ་པོའོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དང༌། མཁན་པོ་དང༌། སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པའི་རྫས་ཤོ་གམ་གཞལ་དགོས་པ་
ཤོ་གམ་གྱི་གནས་ནས་འདས་པ་ཡང་སྦོམ་པོའོ། །བརྙས་པ་དང་བསྐྱིས་པ་དག་ཕྱིར་མི་སྦྱིན་ནོ་སྙམ་དུ་བརྣོག་པར་སེམས་པ་ཡང་སྦོམ་པོའོ། །ཡོན་བདག་གིས་གཞན་དགེ་འདུན་གྱི་མཆོད་སྟོན་ལ་སོགས་པའི་དོན་དུ་དགེ་སློང་གི་ལག་ཏུ་རྫས་བྱིན་པ་དགེ་སློང་གིས་དགེ་འདུན་ལ་བཅབས་ཏེ་འགོད་པ་ཡང་སྦོམ་པོ་སྟེ། དགེ་འདུན་གྱིས་མ་ཚོར་བས་བདག་གིར་བྱ་བའི་སེམས་མ་སྐྱེས་པའི་ཕྱིར་རོ། །རྫས་སུས་ཀྱང་ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་ཏེ་བརྐུས་པ་ཡང་སྦོམ་པོའོ། །ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཉ་ཤ་དང་འཁུར་བ་ལ་སོགས་པའི་བསོད་སྙོམས་དབང་བའི་གཞི་མེད་པ་རྐུ་སེམས་ཀྱིས་ནོད་ན་ཡང་སྦོམ་པོའོ། །གང་ཟག་གཞན་གྱིས་སྐལ་བ་བླངས་པ་ལ་བླངས་པ་དེ་མི་ཤེས་པར་རང་ངམ་གཞན་གྱི་དོན་དུ་མི་དབང་བ། བླངས་པ་ཡང་བསོད་སྙོམས་དེ་གཞི་མེད་པ་ཉིད་མིན་ནོ། །བདག་གི་སྐལ་བ་ནོད་པར་མ་བཅོལ་བས་མནོས་ནས་བདག་པོ་ལ་གཏད་ཀྱང་བདག་པོ་དེ་ཉིད་ལ་ཉེས་པ་མེད་དེ། རང་གིས་མ་བླངས་ཤིང་གཞན་ལ་ཡང་མ་བཅོལ་བའི་ཕྱིར་རོ། །དགེ་སློང་སྦྱིན་བདག་གིས་མགྲོན་དུ་མ་བོས་པར་སྦྱིན་བདག་གི་ཟན་ཟ་ན་ཉེས་བྱས་སོ། །ཊཱིཀྐ་ལས། མགྲོན་དུ་མ་བོས་པའི་རྙེད་པ་ནི་གཉིས་ཏེ། བརྒྱ་ལ་བདག་པོས་ཤེས་ཏེ་འདི་བདག་གིས་མགྲོན་དུ་ནི་མ་བོས་མོད་ཀྱི་འོན་ཀྱང་སྦྱིན་ནོ་སྙམ་པ་དང་མི་ཤེས་པ་སྦྱིན་པར་བྱེད་པ་སྟེ། འདི་ལྟར་ཕྱོགས་དེ་གཉིས་ཀ་ལ་ཡང་ཉེས་བྱས་ཉིད་དེ་ཡ་རབས་ཀྱི་ཚུལ་མིན་པའི་ཕྱིར་རོ། །མ་བྱིན་པ་མིན་པའི་ཕྱིར་དང༌། རྐུ་སེམས་ཉིད་མེད་པའི་ཕྱིར། ཕམ་པར་ཡང་མི་འགྱུར་ལ་སྦོམ་པོར་ཡང་མི་འགྱུར་རོ་ཞེས་གསུངས། བརྐུ་བའི་ཆེད་དུ་འགྲོ་བ་ཡང་ཉེས་བྱས་སུ་འགྱུར་རོ། །བརྐུ་བའི་ཆེད་དུ་འགྲོ་བ་དེ་ལས་
འགྲོ་བའི་སྔ་རོལ་ཏུ་གྲོས་བྱེད་པ་ཞེས་བྱ་བ་འདི་ཐ་དད་པ་མིན་ཏེ། དེའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །གཉིས་པ་བསླབ་བྱ་ནི། ཕྱག་དར་ཁྲོད་ལ་སོགས་པ་བདག་པོས་ཀུན་ཏུ་བཟུང་བ་མིན་ནམ་ཞེས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་བླང་བར་བྱའོ། །དེ་ལྟར་བྱས་ན་རང་མི་འགྱོད་ཅིང་གཞན་གྱི་ཚིག་གི་སྐབས་ཀྱང་མེད་པར་འགྱུར་རོ། །རྣམ་པར་འཁྲུགས་པས་ལུས་བསྒྱེལ་ཞིང་བསྙལ་བར་མི་བྱའོ། །དགེ་སློང་གིས་བྱེའུ་དང་ཕུག་རོན་ལ་སོགས་པའི་ཚང་གཞིག་པར་མི་བྱའོ། །དགེ་སློང་གིས་དབྱར་མ་གནས་པའི་གཙུག་ལག་ཁང་དེར་དབྱར་རྙེད་ཀྱི་ཆོས་གོས་ཀྱི་ཆ་མི་བླང་ངོ༌། །ཆོམ་རྐུན་པ་ལས་འདི་བདག་གི་སྦྱིན་བདག་གོ་སྙམ་པའི་སེམས་ཀྱི་རྫས་ལེན་པ་ལ་ཉེས་པ་མེད་དོ། །གང་ཟག་གང་ལས་རྫས་འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པར་མ་གྲགས་པ་ལས་རྫས་བླང་བར་མི་བྱའོ། །ཆོམ་རྐུན་པར་གྲགས་པ་དེ་ལས་བླངས་པ་མཚོན་གྱིས་ཁ་ཚར་དང་ཕུན་ཙར་བཅད་པ་དང༌། ཁ་བསྒྱུར་བ་ལ་སོགས་པས་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ། །དེ་ལྟར་བྱས་ཀྱང་སྔོན་གྱི་བདག་པོ་ན་རེ། འདི་བདག་གི་རྫས་ཆོམ་རྐུན་པར་གྲགས་པས་ཁྱེར་བ་ཡིན་པས་བདག་ལ་བྱིན་ཅིག་ཅེས་སློང་ན་སྦྱིན་ནོ། །ཡོན་པོ་དང་གྱ་གྱུའི་རྣམ་པས་གནོད་པ་བྱེད་པའི་གནད་ལ་བསྒྲེ་བར་མི་བྱའོ། །གསུམ་པ་ལྟུང་མེད་ནི། གསང་སྔགས་དག་གིས་གཞན་གྱིས་འཕྲོགས་པའི་རྫས་གཏོང་བ་ལ་ཉེས་པ་མེད་དོ། །བྱི་བས་ཁྱེར་བའི་རྫས་འདི་བདག་གི་ཡིན་ནོ་སྙམ་དུ་བདག་པོས་བླངས་པ་ལ་ཡང་ཉེས་པ་མེད་དོ། །དགེ་སློང་གཞན་གྱི་རྫས་བྱི་བས་ཁྱེར་བ་ལ་གཞན་དེའི་རྫས་སུ་འདུ་ཤེས་ནས་ལེན་པ་ལ་ཡང་ཉེས་པ་མེད་དོ། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་བའི་རི་དྭགས་རང་གི་གནས་ཁང་དུ་ཞུགས་པ་བླངས་པ་ལ་ཡང་ཉེས་པ་མེད་དེ། ཡོངས་སུ་བསྐྱབ་པའི་
བསམ་པས་བཟུང་བའི་ཕྱིར་རོ། །རི་དྭགས་དེ་ཤི་ན་ཇི་ལྟར་བྱ་ཞེ་ན། གནས་ཁང་དུ་ཞུགས་པའི་རི་དྭགས་དེ་ཤི་ན་རྔོན་པ་དེ་དག་ལ་སྦྱིན་པར་བྱ་བ་ཡིན་ཀྱི་བདག་གིས་བདག་གིར་མི་བྱའོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་སོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།གསུམ་པ་གཞན་གྱི་སྲོག་ལ་གནོད་པ་སྲོག་གཅད་པའི་ཕམ་པ་ལ་བཞི་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ། བྱུང་བ་དང་འབྲེལ་བའི་བསླབ་བྱ། ལྟུང་བ་རྣམ་གཞག །བཅས་པ་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ལ་བཞི་ལས། གཏམ་དང་འབྲེལ་བའི་བསླབ་བྱ་ནི། ནད་པ་དང་མི་ན་པ་ལ་འཆི་བའི་ཕྱིར་དུ་སེམས་པ་དང་རྗེས་སུ་མཐུན་པ་ཤི་ན་རུང་སྙམ་པ་དེའི་ཉེ་བར་བསྒྲུབ་པ་ཁྱོད་དུག་ཟོས་པ་བླའི་འདི་ལྟ་བུའི་མི་འཕྲོད་པ་ཟ་བར་བྱེད་པ་ནི་དེ་ལྟ་མིན་ནོ། །ཞེས་པ་ལྟ་བུ་ཉེ་བར་བསྒྲུབ་པར་མི་བྱའོ། །དེ་ཡང་བསམ་པའི་ཉེས་པ་མེད་པས་ཉེས་བྱས་ཡིན་ལ། ཤི་བར་གྱུར་ཅིག་སྙམ་ན་དེའི་ཚེ་སྦོམ་པོའོ། །ནད་གཡོག་དང་འབྲེལ་བའི་བསླབ་བྱ་ནི། ནད་གཡོག་མི་ཤེས་པ་གླེན་པ་ལ་ནད་པ་འཆི་བའི་དགྲ་བོ་མི་འཆི་བའི་ཐབས་མ་སྨྲས་པར་ནད་པ་དེའི་ནད་གཡོག་ཏུ་མི་བཞག་གོ །ནད་གཡོག་མཁས་པ་བཞག་པའི་གནས་ཡོད་ན། མི་ཤེས་པ་ལ་མི་འཆི་བའི་ཐབས་བསླབས་ནས་ཀྱང་མི་བཞག་གོ །ནང་གཡོག་གིས་འཆི་བའི་འཚོག་ཆས་མཚོན་ལ་སོགས་པ་ནད་པའི་དྲུང་དུ་མི་བཞག་གོ །ནད་པ་དེ་འཆི་བའི་ཕྱིར་དུ་དུག་ཟ་བ་དང་ཐག་པས་འཆིང་བ་སོགས་རྗེས་སུ་བསྒྲུབ་པ་ལས་ནད་གཡོག་གིས་བཟློག་པར་བྱའོ། །རྫས་དང་འབྲེལ་བའི་བསླབ་བྱ་ནི་ལྷུང་བཟེད་དང་ཆོས་གོས་སོགས་རྫས་ཐོབ་པའི་ཕྱིར་དུ་ནད་པ་སོགས་
གཞན་འཆི་བར་འདོད་པར་མི་བྱའོ། །བྱ་བ་མིན་པ་གང་འབྲེལ་བའི་བསླབ་བྱ་ནི། མངལ་ན་གནས་པ་རླུགས་པ་ལ་སོགས་པ་བྱ་བ་མིན་པ་བྱེད་པ་འདས་མ་འོངས་ད་ལྟར་བ་ལ་སེམས་ཀྱིས་མཚོན་པ་ལུས་ངག་གིས་རྗེས་སུ་ཡི་རང་བར་མི་བྱའོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི་ནི། ཡུལ་སྤོང་བྱེད་དུ། གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་མི་བཟོད་པས་ཀུན་ནས་བསླངས་ཏེ་ཉེས་པ་མི་བསད་པ་ལ་བརྟེན་ནས་སྲོག་གཅོད་སྤོང་བའི་བསླབ་པ་བཅས་སོ། །ཁ་ཅིག །དགེ་སྦྱོང་སྦེད་ལ་བཅས་པར་འདོད་པ་མི་འཐད་དེ། ལུང་དང༌། བམ་ལྔ་དང་འགལ་ཞིང༌། རྣམ་ཊཱིཀ་ལས། དགེ་སྦྱོང་སྦེད་ཅེས་བྱ་བ་ནི་མི་ཁྱིམ་པ་ཞིག་གི་མིང་སྟེ། ཞེས་པ་དང་འགལ་བའི་ཕྱིར། རྒྱུ་མཚན་མཐོང་ཆོས་ཀྱི་ཉེས་དམིགས་འདྲ་ལ། མ་མཐོང་བའི་ཉེས་དམིགས་ལ། སྦྱོར་བའི་ཚེ་གཞན་སྡུག་བསྔལ་བར་བྱས་པས་རྣམ་སྨིན་ངན་སོང་གསུམ་དུ་སྐྱེ་བ་དང༌། དངོས་གཞི་བསད་པས་ཚེ་ཐུང་བ་སོགས་མྱོང་བ་རྒྱུ་མཐུན་དང༌། སྲོག་གཅོད་པ་ལ་དགའ་བ་བྱེད་པ་རྒྱུ་མཐུན་ནོ། །རྫས་གཟི་བྱིན་མེད་པར་བྱས་པས་བདག་འབྲས་ཡུལ་གཟི་མཐུ་ཆུང་བར་འགྱུར་རོ། །ཡན་ལག་ལ་བཞི་ལས། གཞི་མིའི་འགྲོ་བ་པ་ཡིན་པ། བདག་ཉིད་ལས་རྒྱུད་ཐ་དད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་བ་ཀུན་སློང་གསོད་པར་འདོད་པའི་འདུན་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པར་གསོད་པར་རྩོམ་པའོ། །མཐར་ཐུག་དེའི་རྐྱེན་གྱིས་སྲོག་འགགས་པའོ། །གཞུང་དོན་ལ་གཉིས་ལས་མདོར་བསྟན་ནི། གང་བྱས་ན་སྲོག་གཅོད་པའི་ཕམ་པར་འགྱུར་ཞེ་ན། སྲོག་བཅད་ན་ཕམ་པར་འགྱུར་རོ། །སྲོག་ནི། བྱེ་བྲག་ཏུ་སྨྲ་བ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་
གང་ཡིན་པའོ། །ཞེས་འདོད་ལ། ཡང་ན་ལུས་འཇུག་པའི་རྟེན་ཁྱད་པར་ཅན་ཡིན་ནོ། །ཀུན་སློང་ཇི་ལྟ་བུས་བཅད་ན་ཕམ་པར་འགྱུར་ཞེ་ན། སྲོག་གཅོད་པ་དེ་ལྟར་བསམས་པས་སོ། །གང་གི་སྲོག་གཅོད་ན་ཕམ་པར་འགྱུར་ཞེ་ན། མིའམ་མིར་ཆགས་པར་གྱུར་བའི་སྲོག་བཅད་ན་ཕམ་པར་འགྱུར། མིར་ཆགས་པ་ནི་མངལ་གྱི་གནས་སྐབས་སུ། སྲོག་ཡིད་ལས་ཀྱི་དབང་པོ་གསུམ་དོད་པ་སྟེ། ནུར་མེར་ནར་གོར་བཞིའོ། །མི་ནི་དབང་པོ་དྲུག་དོད་པ་སྟེ། རྐང་ལག་འགྱུས་པ་དང༌། བཙས་པའི་གནས་སྐབས་བྱིས་པ་གཞོན་ནུ་དར་བབ། བར་མ་རྒན་པོའི་གནས་སྐབས་རྣམས་སོ། །འོ་ན་འགྲོ་བར་མཚུངས་པ་ལ་མི་བསད་ན་ཕམ་པ་དང་། མི་མིན་བསད་པ་ལ་སྦོམ་པོ་དང༌། དུད་འགྲོ་བསད་པ་ལ་ཉེས་བྱས་སུ་འཆར་བ་ཅི་ཡིན་ཞེ་ན། འོད་ལྡན་དུ། མི་རྣམས་ཁོ་ན་ལ་དཀོན་མཆོག་གསུམ་རྣམ་པར་འཇོག་པ་དང་སྡོམ་པ་གསུམ་གནས་ལ། མི་མིན་པ་རྣམས་ལའང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་གནས་ཤིང༌། དུད་འགྲོ་རྣམས་ལ་སྡོམ་པ་མེད་པ་ཡིན་ཞེས་གསུངས་པས། མི་རྣམས་གཙོ་བོ་ཡིན། །མི་མིན་རྣམས་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །མི་ལ་རྒྱུད་གཞན་དུ་འདུ་ཤེས་པས་སྲོག་བཅད་ན་ཡང་ཕམ་པར་འགྱུར་རམ་ཞེ་ན། མི་དེ་ལྟར་འདུ་ཤེས་པ་མ་ནོར་བར་བསད་ན་ཕམ་པར་འགྱུར། སྦྱོར་བ་གང་གིས་བསད་ན་ཕམ་པར་འགྱུར་ཞེ་ན། དུག་དང་མཚོན་ལ་སོགས་པ་གང་ཡང་རུང་བས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། སྦྱོར་བའི་རབ་དབྱེ། གཞིའི་རབ་དབྱེ། མཐར་ཐུག་ལ་ དོགས་པ ་བཅད་པའོ། །དང་པོ་ནི། གང་
ཡང་རུང་བ་ཞེས་པ་རྒྱས་པར་འཆད་པ་ནི། གསོད་པ་ལ་བྱེ་བྲག་མེད་པ་ནི། རང་གི་ལུས་དང༌། ལུས་དེ་དང་འབྲེལ་བ་དབྱིག་ལ་སོགས་དང༌། ལུས་ཀྱིས་འཕངས་པ་བོང་བ་ལ་སོགས་པ་དང༌། ལུས་དེ་དང་འབྲེལ་བ་གཞུས་མདའ་ལ་སོགས་པ་འཕངས་པ་དང༌། གསད་བྱ་བསད་པའི་ཕྱིར་གཞན་ལ་བསྒོ་བ་དང༌། གསད་བྱ་དེ་ཉིད་ལ་རང་གིས་འདི་ལྟར་གྱིས་ཤིག་ཅེས་བསྒོ་བ་རྣམས་སོ། །དུག་དང་བཅས་པའི་ཁ་ཟས་སྦྱིན་པ་དང༌། དུག་གི་ཕྱེ་མ་གོས་ལ་སོགས་པ་ལ་བཏབ་སྟེ་བསྐོན་པ་དང༌། རླུབས་བརྐོ་བ་ལ་སོགས་པའི་དོང་དང༌། ཤིང་སྡོང་བསྒྱེལ་བ་སོགས་དང༌། རང་བཞིན་ཉམས་པ་མྱོས་པར་བྱས་ཏེ་གཏོང་བ་དང༌། འཇིམ་པ་ལ་སོགས་པའི་གཟུགས་རལ་གྲི་སོགས་ཐོགས་པས་བྲང་དུ་འདེབས་པ་དང༌། ས་མདའ་སོགས་འཛུགས་པ་འཁྲུལ་འཁོར་དང༌། མིག་བཀབ་སྟེ་གཏོང་བ་ལྟ་བུའི་སྒྱུ་ཐབས་དང༌། རོ་ལངས་དང་རོ་ལངས་ཕྱེད་པ་རྦོད་པ་དང༌། རྗེས་སུ་སྦྱོར་བ་འཚོལ་བ་རྣམས་སོ། །འཆི་བར་འགྱུར་བ་དེར་གཡང་དུ་གཏོང་བ་ལ་སོགས་པ་ལ་ཡང་བྱེ་བྲག་མེད་དོ། །མེ་དང་ཆུར་འཛུད་པ་ལ་ཡང་བྱེ་བྲག་མེད་དོ། །སྲོག་བཅད་པའི་ཕྱིར་དགུན་གྲང་བ་དང༌། དཔྱིད་ཚ་བར་འདོགས་པ་ལ་ཡང་བྱེ་བྲག་མེད་དོ། །འཆི་བར་འགྱུར་བའི་ཕྱོགས་དེར་ཕོ་ཉར་གཏོང་བ་དང༌། དེར་སོང་ན་འདི་ལྟ་བུ་རྙེད་པར་འགྱུར་ཞེ་འམ། ཕ་མ་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་འདྲིད་པས་གཏོང་བ་ལ་བྱེ་བྲག་མེད་དོ། །བསད་པ་དེ་རྗེས་སུ་བསྒྲུབ་པ་ཆུང་ངུ་རྐང་པའི་མཐེ་བོང་དང་རྒྱ་ཤུག་གི་ཚིག་གུ་དང༌། ཤིང་བལ་གྱིས་བསྣུན་པ་ལྟ་བུ་ལ་ཡང་བྱེ་བྲག་མེད་དོ། །གཉིས་པ་གཞིའི་རབ་དབྱེ་ནི། གསད་པར་བྱ་བ་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་ལ་བྱེ་བྲག་མེད་དོ། །གསུམ་པ་ནི། སྦྱོར་བ་བྱས་པའི་གཞི་དེས་དེའི་ཚེ་ཤི་བའམ། དུས་གཞན་གྱི་
ཚེ་ཤི་ན་ཡང་བྱེ་བྲག་མེད་དོ། །འདི་ལ་རྩོད་པ་སྤང་བ་ལ་གསུམ་ལས། སྦྱོར་བ་ཐ་མ་ཁོ་ན་ལ་ངེས་ཤི་ཡོད་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་མི་བཅུས་ཉི་མ་གཅིག་ལ་སྦྱོར་བ་བྱས་ཏེ། དང་པོས་མི་དེ་ཞག་བཅུ་ན་འཆི་བར་མཚོན་བསྣུན་པ་ནས། ཐ་མས་ད་ལྟ་རང་འཆི་བར་མཚོན་བསྣུན་ན་བཅུ་ཆར་ལ་ཕམ་པ་བསྐྱེད་དམ་མི་བསྐྱེད། བསྐྱེད་ན་ངེས་ཤི་ཐ་མ་ཁོ་ན་ལ་སྣང་ལ། མི་བསྐྱེད་ན་བྱེ་བྲག་ཏུ་བཤད་པ་དང༌། དང་པོ་དགུ་པོ་དག་གིས་ཕམ་པའི་རྣམ་པར་རིག་བྱེད་མིན་པ་བཟུང་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རིག་བྱེད་མིན་པའང་བཟུང་བ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན། འོད་ལྡན་དུ། འགལ་བ་མེད་དེ། བཅུ་ཆར་གྱིའང་སྦྱོར་བ་མཐུན་པའི་ཕྱིར་དང༌། འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་སོ། །འདིའི་དགོངས་པ་ལ། རྨ་ཚོ་སོགས་སྦྱོར་བ་གྲོས་བཅས་ཡིན་གསུང་བ་ནི་མི་འཐད་དེ། དེ་ལྟར་ན་བཅུ་པོ་རང་རང་གིས་མཚོན་བསྣུན་མི་དགོས་པར་འགྱུར་ཏེ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །རྒྱ་ན་རེ། ནུས་པ་མཐུ་བསྡོམས་པ་ཡིན་གསུང་བ་ལ། །དེ་དག་ལས་གཞན་མེད་ན་མི་འཆི་བའི་ཕྱིར་ངེས་ཤི་མེད་པར་འགྱུར་རོ་ཟེར། རང་ལ་ནི་རང་རང་གི་སྟེང་ན་འཆི་ངེས་ཀྱི་སྦྱོར་བ་རེ་རེ་ཡོད་པས་སྦྱོར་བ་མཐུན་པའི་ཕྱིར་དང༌། འབྲས་བུ་མི་དེ་ཤི་བར་གཅིག་པའི་ཕྱིར་ཐམས་ཅད་ལ་སྦྱོར་བ་ངེས་ཤི་ཡོད་པའི་ཕྱིར་འགལ་བ་མེད་དོ། །འཆི་བའི་སྐད་ཅིག་ཐ་མ་ལ་སྦྱོར་བ་བྱས་པས་ནི་ཕམ་པར་མི་འགྱུར་ཏེ། འོད་ལྡན་དུ། དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་བྱེད་པ་དོན་མེད་པ་ཉིད་ཡིན་ནོ་ཞེས་སོ། །དང་པོ་ཤོས་ཁོ་ན་ལ་ངེས་ཤི་ཡོད་པ་ལ་རྩོད་པ་སྤང་བ་ནི། དང་པོས་ཚེས་གཅིག་གི་
ཉིན་པར་ཚེས་བཅུ་ན་འཆི་བར་མཚོན་བསྣུན་པ་ནས་ཐ་མས་ཚེས་བཅུའི་ཉིན་པར་ད་ལྟ་རང་འཆི་བར་མཚོན་བསྣུན་ན་བཅུ་ཆར་ལ་ཕམ་པ་བསྐྱེད་ན་ངེས་ཤི་དང་པོ་ཁོ་ན་ལ་སྣང་ལ། མི་བསྐྱེད་ན་བྱེ་བྲག་བཤད་པ་དང་འགལ་ཞེ་ན། །འདིའི་ལན་ཡང་སྔར་ལྟར་རོ། །དགྲ་བཅོམ་པ་ཆོས་དགའི་འདོད་པ་ནི། ཡང་ཚེའི་སྐད་ཅིག་གཅིག་ལུས་པ་ལའང་གསོད་པ་གང་ཡིན་པ་དེ་ལ་མཐར་འགྱུར་ལ། གཞན་རྣམས་ལ་སྦོམ་པོར་འགྱུར་རོ་ཞེས་ཟེར། གཉིས་པ་སེལ་བ་རྒྱས་བཤད་ལ་གསུམ་ལས། ཀུན་སློང་གི་སེལ་བ་ནི། འཆི་རིགས་པར་གྲོས་བཏབ་པ་ལས་འཆི་བའི་འདུན་པ་བཟློག་པའི་འོག་ཏུ། གྲོས་སྔ་མ་བཟུང་སྟེ་ཤི་ན། གྲོས་སྔ་མ་དེ་ཕམ་པའི་རྒྱུ་ཉིད་མིན་ནོ། །སྦྱོར་བ་སྔ་མ་ལས་སྦོམ་པོར་འགྱུར་རོ། །དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་བསད་པར་མ་བསམས་པ་ཤོས་ཤི་ན་སྦོམ་པོ་དང༌། བསད་པར་བསམས་པ་ཤོས་ཤི་ན་ཕམ་པར་འགྱུར་རོ། །གཉིས་པ་སྦྱོར་བའི་སེལ་བ་ནི། དང་དུ་ལེན་པའི་གཞི་དེ་ལས་གསོད་བྱེད་གསོད་པ་ལ་འཇུག་པའི་གཞི་དེ་དང་དུ་ལེན་ན་སྦོམ་པོ་ཤིན་ཏུ་ལྕི་བར་འགྱུར། ལུས་ངག་གི་རིག་བྱེད་ཡེ་མེད་ན་ཡིད་ཀྱི་ཉེས་པ་ཙམ་དུ་འགྱུར་ལ་འདི་ལ་ནི་རིག་བྱེད་ཡོད་དེ། ཊཱིཀྐར། རྣམ་པ་དེ་ལྟ་བུ་དང་དུ་ལེན་པའི་རྣམ་པ་དེ་ལ་འཇུག་པ་ན་ལུས་འགྱུར་བ་ཡང་གདོན་མི་ཟ་བར་སྐྱེ་ལ་ངག་གི་འགྱུར་བ་ཁོ་བོ་ནི་འགོག་པར་ཡང་མི་བྱེད་ལ་བསྐུལ་བར་མི་བྱེད་དེ་ཁྱོད་ཉིད་ཤེས་སོ་ཞེས་བྱ་བ་ཡང་འབྱུང་བས་དེའི་ཕྱིར་སྦོམ་པོར་བཞག་གོ་ཞེས་གསུངས། ཁ་ཅིག་དང་དུ་ལེན་པ་གཉིས་ཏེ། སྣང་བ་གསོལ་བ་ལ་དང༌། རང་ཉིད་བྱེད་པ་སྨྲ་བ་ལ་དང་དུ་ལེན་པ་ལས། ཕྱི་མ་འདི་ལ་སྦོམ་པོ་སྟེ་དེ་ཡང་བཏགས་པ་བ་ཡིན་ལ། སྔ་མ་ལ་
ལུས་ངག་གིས་དང་དུ་ལེན་ན་ཕམ་པ་སྟེ། སུམ་བརྒྱ་པར། བསད་པར་སྦྱོར་ལ་ཡི་རང་བས་གསོད་ན། དེ་ཡང་མཐར་འགྱུར་གསོད་པར་བྱེད་པ་ལ། ཡིད་ཀྱིས་ཡི་རང་ན་ནི་ཡིད་ཀྱིར་འགྱུར་ཞེས་གསུངས་པའི་ཕྱིར་ཞེས་ཟེར་ཡང༌། །ལྔ་བཅུ་བར། སྦོམ་པོ་ལྕི་བར་གསུངས་པས་སྔ་མ་རིགས་སོ། །གཞན་གྱིས་དགེ་སློང་ལ། ཁྱོད་ཀྱི་མིང་གིས་གསད་བྱའི་མི་ལ་དུག་སྦྱར་མ་ལ་སོགས་པའི་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བས་ཅང་མི་སྨྲ་བས་དང་དུ་ལེན་པ་ཡང་སྦོམ་པོའོ། །འདི་ཡང་རིག་བྱེད་ཡོད་པ་ལ་དགོངས་སོ། །གསུམ་པ་ཡུལ་གྱི་སེལ་བ་ནི། མི་ལས་གཞན་པའི་འགྲོ་བ་བསད་ན་སྦོམ་པོའོ། །དུད་འགྲོ་བསད་ན་ཡང་སྦོམ་པོའམ་ཞེ་ན། དུད་འགྲོ་མིན་པ་དང༌། སྲོག་ཆགས་སུ་གྱུར་བའི་སྤྲུལ་པ་བསད་པ་ལ་ཡང་སྦོམ་པོའོ། །སྲོག་ཆགས་སུ་མ་གྱུར་བའི་སྤྲུལ་པ་བསད་པ་ལ་དངོས་གཞི་ལ་ལྟུང་བ་མེད་དོ། །གསུམ་པ་བཅས་པ་དང་འབྲེལ་བའི་བསླབ་བྱ་ལ་བཞི་ལས། ནད་པ་དང་འབྲེལ་བའི་བསླབ་བྱ་ནི། དགེ་སློང་མི་མཁས་པས་སྨན་པ་སོགས་དྲི་བར་བྱ་བ་ལ་མ་སྨྲས་པར་ནད་པ་ལ་གྱ་ཚོམ་དུ་སྨན་སྦྱིན་པར་མི་བྱའོ། །འོ་ན་སུ་ལ་དྲི་ཞེ་ན་ནད་པ་ལ་སྨན་སྦྱིན་པ་དྲི་བའི་སྐབས་འདིར་སྨན་དཔྱད་ཀྱི་བསྟན་བཅོས་དང་སྨན་སྦྱོར་བ་ཤེས་པའི་སྨན་པ་དང་སྨན་པ་དེ་རབ་ཏུ་བྱུང་བ་དང༌། སྨན་པས་བཀོལ་བ་སྨན་པ་དང་ལྷན་ཅིག་སྤྱོད་པའི་སྨན་གཡོག་བྱ་བ་ལ་མཁས་པ་རྣམས་ལ་དྲི་བར་བྱའོ། །ནད་ཀྱིས་བཀོལ་བ་ལ་ཡང་དྲི་བར་བྱའོ་དགེ་སློང་གནས་བརྟན་རྒན་རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་ཡང་དྲི་བར་བྱའོ། །དྲི་བར་བྱ་བ་སྨན་པ་ལ་སོགས་པ་སྔ་མ་སྔ་མ་མེད་ན། སྨན་པ་རབ་ཏུ་བྱུང་བ་སོགས་ཕྱི་མ་ཕྱི་མ་ལ་དྲིའོ། །མྱུར་དུ་ཤི་ན་སྡུག་བསྔལ་མེད་དོ་སྙམ་པའི་ཕན་པར་འདོད་པ་ཉིད་ཀྱིས་
ནད་པ་འཆི་བའི་ཕྱིར་སྨན་མིན་པ་དུག་ལ་སོགས་པ་བྱིན་ནས་ཤི་བ་ལ་ནི་ན་སྨད་པ་མེད་དེ། བསད་སེམས་ཡོད་པའི་ཕྱིར། གཉིས་པ་ལག་གི་བླ་དང་འབྲེལ་བའི་བསླབ་བྱ་ནི། ཁུར་ལྕི་བས་གདེག་པར་མི་ནུས་པ་རང་གཞན་ལ་གནོད་པ་དེ་ལ་གྲོགས་ཉིད་མི་བྱའོ། །དམིགས་བསལ་ནི། གལ་ཏེ་མེ་ཤོར་བ་ལ་སོགས་པའམ་འདེག་པའི་ཕྱིར་ལས་སུ་བསྐོས་པ་དེ་ལྟ་བུའི་རྐྱེན་གྱིས་ཁུར་གདེག་པའི་ཕྱིར་དུ། ཁྱིམ་པ་དག་རུབ་པ་ཉིད་ལ་ཅིག་ཅར་འདེགས་པར་སྐད་སྦྱར་ཏེ། འདེགས་པར་བྱའོ། །ཁུར་གདེགས་དཀའ་བ་དེ་བཞག་པ་ལ་ཡང་ཅིག་ཅར་བཞག་པ་ཉིད་དུ་སྐད་སྦྱར་རོ། །སོ་ཕག་མི་འཕང་བར་ལག་ནས་ལག་ཏུ་སྦྱིན་པར་བྱའོ། །སྦྱིན་པའི་ཚེ་སོ་ཕག་གི་སྟེང་འོག་གི་ངོས་གོགས་པ་བྱེ་བ་དང༌། སེར་ཁ་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ། །གསུམ་པ་རྐུན་པོ་དང་འབྲེལ་བའི་བསླབ་བྱ་ནི། རྐུན་པོ་སྤ་བཀོང་བའི་བསྡིགས་པའི་ཕྱིར་གནོད་སེམས་མེད་པར་ལུས་ངག་གིས་ཚམ་རྔམ་བྱའོ། །ཚམ་རྔམ་གང་ཞེ་ན། གཎྜི་ལ་སོགས་པ་ཆོམ་རྐུན་པ་ལ་མི་ཕོག་པར་འཕང་བར་བྱའོ། །སོགས་པ་ཞེས་སྨོས་པས་ནི། ལུས་ཀྱིས་ཐིག་རིང་བྱ་བ་དང༌། ངག་གིས་ཁ་ཕྲེང་འོན་ཅིག། གཟར་ཐག་འོན་ཅིག །གསལ་བྱེད་འོན་ཅིག་ཅེས་བྱ་བ་ལ་སོགས་པ་བསྡུའོ། །རྫི་ཕྱོགས་ནས་རྡུལ་གྱི་བུམ་པ་དང༌། ཐལ་བའི་གྱོ་མོ་ཡང་ཕོག་པར་འཕང་ངོ༌། །རྐུན་པོ་སྤ་བཀོང་བའི་ཕྱིར་དུ་འུར་རྡོ་བཅང་བར་བྱ། དེར་བོང་བ་ལ་སོགས་པ་བཅུག་སྟེ་མ་ཕོག་པར་འཕང་ངོ༌། །བཞི་པ་གྲོགས་པོ་དང་འབྲེལ་བའི་བསླབ་བྱ་ནི། དགེ་སློང་ངལ་བ་མི་ཕུལ་ལོ། །དགེ་སློང་མིན་པ་དང་ངལ་བ་མིན་པ་ཕུལ་ན་ཉེས་བྱས་ཕྲ་མོའོ། །དགེ་སློང་ངལ་བ་དེའི་གྲོགས་བྱའོ། །གྲོགས་ཇི་ལྟར་བྱ་ན་དེ་ངལ་གསོར་གཞུག་གོ །དེའི་སྣོད་སྤྱད་ལུས་ལས་ཁྱེར་བ་དག་བླང་བར་བྱའོ། །གལ་ཏེ་དེ་
དང་ལྷན་ཅིག་གནས་སུ་ཕྱིན་པར་མི་ནུས་ལ་ཟས་དང་སྐོམ་གྱི་དུས་སུ་ནི་ཕྱིན་པར་མི་ནུས་པ་མིན་ན་གྲོགས་ཀྱིས་གཙུག་ལག་ཁང་དུ་མྱུར་དུ་ཕྱིན་ཏེ། ངལ་བ་དེའི་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་བཞག་པ་དང་དེའི་ཟན་གྱི་བྱིན་ལེན་བྱ་བ་དང༌། དེ་འོངས་མ་འོངས་བརྟག་པར་བྱའོ། །གལ་ཏེ་ངལ་བ་དེ་ཟན་དང་སྐོམ་གྱི་དུས་སུ་ཡང་གནས་སུ་ཕྱིན་པར་མི་ནུས་ན། གྲོགས་དེས་དེའི་ཟན་དང་སྐོམ་ཁྱེར་ཏེ་བསུ་བར་བྱའོ། །ཕྱི་དྲོ་ཡིན་ན་སྐོམ་ཁྱེར་ཏེ་བསུ་བར་བྱའོ། །གསོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བའོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ནི། གསོད་སེམས་མེད་པར་མིའི་འགྲོ་བ་བའི་ལག་པ་གཅོད་ན་སྦོམ་པོའོ། །ནགས་ནི་གསུམ་སྟེ། སྲོག་ཆགས་ཡོད་པར་ཤེས་པ་དང༌། དོགས་པ ་དང༌། མེད་པའི་ཕྱོགས་སོ། །དང་པོ་ལ་གཉིས་ལས། མང་པོ་ཡོད་པ་ལས་གསད་པར་མ་བསམས་ཀྱང་མང་པོ་ཡོད་པའི་བློས་མི་གཏོང་ན་སྦོམ་པོའོ། །ཉུང་ངུ་ཡོད་ པ་ལ་ཉེས་བྱས་སོ། །དོགས ་པའི་ཕྱོགས་ལའང་དེ་བཞིན་ནོ། །མེད་པའི་ཕྱོགས་ལ་ནི་ལྟུང་བ་མེད་དོ། །འདི་བཞི་ལ་བསད་སེམས་མེད་ཀྱང་སྦོམ་པོ་མཚན་ཉིད་པ་སྟེ། བམ་ལྔར། བཞིའི་དྲུང་དུ་བཤགས་པར་གསུངས་པའི་ཕྱིར་རོ། །སྐྲ་ཅན་མིའི་འགྲོ་བ་པ་འཚོང་ན་སྦོམ་པོའོ། །གང་གིས་བརྐུས་པའི་ཆོམ་རྐུན་པ་དེ་བླའི་གྲྭར་འབུལ་ན་སྦོམ་པོའོ། །བསད་པའི་བསམ་པ་ཡོད་ན་ནི་བསད་པ་ན་གཞི་ཇི་ལྟ་བའི་ཁ་ན་མ་ཐོ་བར་འགྱུར་རོ། །གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བའོ། །གསུམ་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། དགེ་སློང་གིས་གསོད་བྱེད་ལ། །གསད་བྱ་འདི་ནའོ་ཞེས་སྟོན་པས་བསྒོ་བས་བསམས་པ་ཤོས་ཤི་ན་ཕམ་པ་སྟེ། སྟོན་པ་ནི་བསྒོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །མ་བསམས་པ་ཤི་ན་
སྦོམ་པོའོ། །གསད་བྱ་མང་བོའི་རྗེས་སུ་གསོད་བྱེད་འབྲང་བ་ལ་གསད་བྱ་ལྷས་བྱིན་ལྟ་བུ་ཞིག་གསོད་པའི་སེམས་ཀྱིས་དེ་བསྟན་པའི་ཕྱིར་དུ་གསོད་པར་མ་བསམས་པ་རྣམས་ཀྱང་སྟོན་པར་བྱེད་ན་བསད་པར་བསམས་པ་ཤི་ན་ཕམ་པ་བསད་པར་མ་བསམས་པ་ཤི་ན་སྦོམ་པོའོ། །སྔར་དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ཤི་ན་སྦོམ་པོར་བཤད་པ་དེ་དཔེའོ། །བདག་ཉིད་གསོད་ན་སྦྱོར་བ་ལ་སྦོམ་པོར་འགྱུར། དངོས་གཞི་ལ་ལྟུང་བ་མེད་དེ། །ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་པའི་ཕྱིར། །གསོད་པའི་སེམས་སུ་གྱུར་བ་མེད་པར་ལུས་ངག་གིས་མ་ལེགས་པ་གསོད་བྱ་སྟོན་པ་བྱས་ན་ཉེས་བྱེད་པ་དེ་ཉེས་བྱས་སོ། །བསད་པའི་ཆེད་དུ་མ་བསམ་པར་བཞད་གད་ཀྱི་བསམ་པས་མཚོན་འཕང་པས་ཕ་རོལ་པོ་ཤི་བར་འགྲུབ་པ་ནི་དངོས་གཞིའི་བྱེད་པ་པོ་མིན་ནོ། །དགེ་སློང་གིས་གཞན་གསོད་པའི་སྦྱོར་བ་བྱས་ནས་གསད་བྱའི་སྔ་རོལ་ཏུ་རང་ཤིའམ་མཉམ་དུ་ཤི་ན་སྲོག་གཅོག་ཀྱི་དངོས་གཞི་མེད་དེ། ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་པའི་ཕྱིར་རོ། གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བའོ། །བཞི་པ་འདུལ་བྱེད་ཀྱི་སྐབས་ནས་བྱུང་བ་ནི། སྦོམ་པོ་ནི་ཞེས་པ་ནད་པ་ལ་ཞེས་པ་ཡན་ཆད་ལ་སྦྱར། ནད་པ་ན་རེ། བདག་ལ་ཁྲུས་དང་བསྐྱོད་པ་ལ་སོགས་བྱེད་ན་ངེས་པར་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་མི་ཆེས་ཤིང་ཁྲུས་དང་བསྐྱོད་པ་སོགས་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ན་སྦོམ་པོའོ། །ནད་པ་མྱུར་དུ་ཤི་བླའོ་ཞེས་ནད་གཡོག་མི་བྱེད་ན་སྦོམ་པོའོ། །སྨན་ལ་སོགས་པ་མིད་པར་བྱ་བ་མི་འཕྲོད་པ་ཤེས་བཞིན་དུ་སྦྱིན་ན་སྦོམ་པོའོ། །འབྲས་ཡོངས་སུ་མ་སྨིན་པ་སེམས་རྩུབ་པས་རྟོལ་བར་བྱེད་ན་སྦོམ་པོའོ། །དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་བཙིར་བ་ལ་སོགས་པས་ཉོན་
མོངས་པར་བྱེད་ན་སྦོམ་པོའོ། །གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པ་འཆི་བའི་དོན་དུ་སྒྲུབ་པར་བྱེད་ན་ཡང་སྦོམ་པོའོ། །ནད་པ་ལ་མ་བརྟགས་པར་བབ་ཅོལ་དུ་མཚོན་དང་ཐག་པ་ལ་སོགས་པ་སྦྱིན་པར་མི་བྱའོ། །ལག་གི་བླ་བྱེད་པ་ལ་སོགས་པའི་ཞལ་ཏ་བས་བློ་སྔོན་དུ་བཏང་ནས་ཤེས་བཞིན་དུ་བྱའོ། །གདོན་གྱིས་ཟིན་པ་ཐར་པའི་ཕྱིར་དུ་གསང་སྔགས་ཀྱི་ཐལ་ཅག་བྱ་བ་ཡང་ཤེས་བཞིན་དུ་བྱའོ། །མིད་པར་ཟན་ལ་སོགས་པ་ཐོགས་པ་སྩལ་བའི་ཕྱིར་དུ་ཁུ་ཚུར་བསྣུན་པ་སོགས་ཀྱང་ཤེས་བཞིན་དུ་བྱའོ། །ཤེས་བཞིན་དེར་གྱུར་བས་གཞན་ལ་གནོད་པར་མི་འགྱུར་པར་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་རྡོ་བ་དང་ཤིང་ལ་སོགས་པ་དྲིལ་བར་བྱའོ། །འདེགས་པར་བྱེད་པའི་ཕྱོགས་ཉུང་ངུས་འདེགས་པར་བྱ་བ་ལྕི་བ་ལ་འབད་པར་མི་བྱའོ། །ལག་པ་གཉིས་ས་ལ་བཙུགས་རྐང་པ་གཉིས་གནམ་དུ་བསྒྲེངས་ཏེ་སྤྱི་བོ་ཚུགས་སུ་འགྲོ་བར་མི་བྱའོ། །སྨན་དཔྱད་སོགས་མ་བསླབས་པས་ནད་གསོ་བ་ལྟ་བུའི་བསླབ་པ་ལ་སྦྱར་བར་མི་བྱའོ། །མཚོན་འཕོངས་དང་བལྟའོ་ཞེས་པ་ལྟ་བུ་མཚོན་འཕངས་པ་ལ་བསྒོ་བར་མི་བྱའོ། །ནད་པ་ལམ་དུ་འགྲོ་མི་ནུས་པ་ལམ་དུ་མི་བཀྲིའོ། །གསོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་དག་གོ །བཞི་པ་གཞན་གྱི་དོན་འགྲུབ་པ་ལ་གནོད་པ་རྫུན་སྨྲ་བའི་ཕམ་པ་ལ་གཉིས་སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གསུམ་ལས་གླེང་གཞི་ནི། ཡུལ་ཡངས་པ་ཅན་དུ། གང་ཟག་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་ཉོན་མོངས་པ་གྲགས་པ་འདོད་པས་ཀུན་ནས་བསླངས་ཏེ་ཉེས་པ་མིའི་ཆོས་བླ་མ་ཡང་དག་པ་མིན་པ་སྨྲས་པ་ལ་བརྟེན་ནས་རྫུན་སྨྲ་བ་སྤོང་པའི་བསླབ་པ་བཅས་སོ། རྒྱུ་མཚན་ལ། མཐོང་ཆོས་ཀྱི་ཉེས་
དམིགས་འདྲ། མ་མཐོང་བའི་ཉེས་དམིགས་ལ་རྣམ་སྨིན་ངན་སོང་དུ་སྐྱེ་བ། མྱོང་བ་རྒྱུ་མཐུན་སྐུར་བ་མང་བ་དང༌། བྱེད་པ་རྒྱུ་མཐུན་རྫུན་སྨྲ་བ་ལ་དགའ་བའོ། །བདག་འབྲས་ཡུལ་དྲི་ང་བ་དང་ཁ་ཚུབ་ཅན་ལ་སོགས་པར་འགྱུར་བའོ། །ཡན་ལག་ལ་བཞི་ལས། །གཞིའི་ཡན་ལག །གང་ལ་སྨྲ་བའི་ཡུལ། མི་སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མིན་པ་སྟེ་ཐ་སྙད་ལྔ་ལྡན། རང་ལས་རྒྱུད་ཐ་དད་པའོ། །བམ་ལྔར། ཉན་པ་པོ་དོན་གོ་བ། །འགྲོ་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ་ཞེས་གསུངས། གང་སྨྲ་བའི་དངོས་པོ་མི་ཆོས་བླ་མ་ཡིན་པ། བསམ་པ་ལ་གཉིས་ལས་འདུ་ཤེས་འདྲའོ། །ཀུན་སློང་འདུ་ཤེས་བསྒྱུར་བའི་དོན་སྨྲ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔའམ་དྲུག་ལྡན་ཏེ་རང་གི་ཡིན་པ། ངག་ཡིན་པ། བདག་ཉིད་དང་འབྲེལ་བ། གང་བསམས་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །གཞུང་དོན་ལ་གསུམ་ལས། དང་པོ་རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། ལྟུང་བ་རྣམ་གཞག་དང་བསླབ་བྱའོ། །དང་པོ་ལ་གཉིས་ལས། མདོར་བསྟན་ནི། གང་བྱས་ན་སྨྲ་བའི་ཕམ་པར་འགྱུར་ཞེ་ན། དགེ་སློང་གིས་བརྗོད་བྱའི་དོན་བདེན་པའི་འདུ་ཤེེས་གང་ཡིན་པ་དེ་རྫུན་པ་སྟོན་འདོད་ཀྱི་འདུ་ཤེས་ཀྱིས་བསྒྱུར་ཅིང༌། སྦས་ནས་བདག་ཉིད་མིའི་ཆོས་སྒྲིབ་པ་ལྔ་པོ་བླ་མ་དེ་དག་སྤངས་པའོ། །ཡང་ན་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པའོ། །དེ་མི་རྣམས་ཀྱིས་འཐོབ་ཀྱི་ཟ་མ་སོགས་ཀྱིས་ཀྱང་མི་འཐོབ་ན་ངན་སོང་བས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་འདོད་ཁམས་པས་གཟུགས་ཁམས་དང༌། དེ་བས་གཟུགས་མེད་པའི་ཁམས་བླ་མ་ཡིན་ནོ། །ངག་ལ་ཉེས་པ་དུ་མ་སྣང་བ་ལ་འདི་ཁོ་ན་ཕམ་པར་འཆའ་བ་ཅི་
ཡིན་ཞེ་ན། རྣམ་འབྱེད་དུ། འཇིག་རྟེན་ན་ཡོད་ཅིང་སྲིད་པའི་ཆོམ་རྐུན་པ་གསུམ་པར་གསུངས་པས་ཤིན་ཏུ་སྡིག་ཆེ་བ་དང༌། ཚེ་འདི་ལའང་ཉེས་དམིགས་ཆེན་པོ་མཐོང་བའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། སྦྱོར་བའི་རབ་དབྱེ་ལ་གཉིས་ཀྱི་དང་པོ་ཡན་ལག་གི་མཚན་ཉིད་ནི། མི་ཆོས་བླ་མ་དང་ལྡན་པར་སྨྲ་བ་དེ་ཇི་ལྟ་བུ་ཞེ་ན། མཐོང་ངོ༌། །བདག་མཐོང་ངོ༌། །སྒྲ་ཐོས་སོ། །བདག་གིས་ཐོས་སོ། །འགྲོའོ། །བདག་གི་དྲུང་དུ་འོང་ངོ༌། །ལྷན་ཅིག་གཏམ་འདྲེའོ། །ཕེབས་པར་སྨྲའོ། །སོ་སོར་ཀུན་དགའོ། །བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲས་པ་ནི་མི་ཆོས་བླ་མ་སྨྲ་བ་དེ་ཉིད་ཡིན་ནོ། །ཅི་དེ་དག་རྐྱང་པའམ། འོན་ཏེ་ཟླ་དང་བཅས་པ་ཡིན། ཟླ་ཡང་གང་རུང་ཞིག་ཡིན་ནམ། ཁྱད་པར་ཅན་ཞིག་ཡིན་ཞེ་ན། ཟླ་ཁྱད་པར་ཅན་དང་བཅས་པ་ཡིན་ཏེ། ལྷ་བརྒྱ་བྱིན་ལ་སོགས་པ་དང༌། ཀླུ་ནི་ཀླུ་ཕྲ་མོ་རྣམས་དང༌། གནོད་སྦྱིན་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་དང༌། དྲི་ཟ་ལྷའི་རོལ་མོ་མཁན་དང༌། མིའམ་ཅི་དུད་འགྲོ་མིའི་རྣམ་པ་ཅན་ཤིན་ཏུ་གཟུགས་བཟང་པོ་དང་ལྡན་པ་རྣམས་དང༌། ལྟོ་འཕྱེ་ཆེན་པོ་ཀླུ་ཆེན་པོ། །དགའ་པོ་དང༌། ཉེར་དགའ་བོ་ལ་སོགས་པ་རྣམས་དང༌། ཡི་དྭགས་རྐང་པ་ཕྱིར་ལྟ་བ་ལྟོགས་པ་རྣམས་དང༌། ཤ་ཟ་ཡི་དྭགས་ཀྱི་བྱེ་བྲག་སྟེ་ཤ་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པ་དང༌། གྲུལ་བུམ་འབྲས་བུ་བུམ་པའི་རྣམ་པ་འདྲ་བ་སྟེ་བུམ་སྣ་ལ་སོགས་པ་དང་ལུས་སྲུལ་པོ་ཡི་དྭགས་ཀྱི་བྱེ་བྲག་ལུས་ཐུང་ངུ་དྲི་ང་བ་སོགས་དང་རེ་ལྡེ་སོགས་གོན་པ་དེ་དག་གི་ཟླ་ཉིད་ལ་མཐོང་བ་ལ་སོགས་པ་སྨྲས་ན་ཕམ་པའོ། །ཤེས་རབ་བྱེད་པར། དྲི་ཟ་ལྔ་ཕུང་བར་མའི་དྲི་ཟ་དང༌། ལྷ་ལ་རོལ་མོ་བྱེད་ཅིང་འཁོར་བ། མིའམ་ཅི་ལུས་མི་ལ་མགོ་རྟ་དང་
སྦྲུལ་དུ་འདུག་པ། ཤ་ཟ་མི་ལ་ཀྱལ་ཀ་བྱེད་པ་དོན་པོའམ་ཐེའུ་རང་ལྟ་བུའོ་ཟེར་རོ། །དེ་ལ་ཕམ་པར་འགྱུར་པ་ནི་དེ་དག་རང་བཞིན་གྱིས་བསྐལ་བས་མཐོང་བ་སོགས་ལ་མངོན་ཤེས་དགོས་པའི་ཕྱིར་རོ། །འོ་ན་ཁམས་གོང་མའི་ཤེས་པ་འོག་མ་ལ་འཇུག་པས་དེ་དག་གིས་བདག་མཐོང་བ་སོགས་སྨྲས་ན་རྫུན་དུ་ཇི་ལྟར་འགྱུར་ཞེ་ན། དེས་མཐོང་བ་སོགས་རང་གི་མཐོང་བ་སོགས་སུ་སྨྲས་པའི་ཕྱིར་རོ། །རེག་པ་སོགས་ལ་མི་བསྐྱེད་པ་ནི་དེ་དག་གིས་མངོན་ཤེས་མཚོན་མི་ནུས་པའི་ཕྱིར་ཞེས་གསུངས། གཉིས་པ་སེལ་བ་ནི། སྦོམ་པོའི་དབང་དུ་བྱས་པ་ནི། མཐོང་ངོ་ཞེས་སོགས་ཀྱི་ཚིག་དེ་རྡུལ་ཁྲོད་ཀྱི་ཤ་ཟའི་ཟླ་དང་བཅས་ཏེ་སྨྲ་བའོ། །རྡུལ་ཁྲོད་ཀྱི་ཤ་ཟ་ནི་ཕྱག་དར་ཁྲོད་ཀྱི་འདྲེའམ། ཚུབ་མའི་ནང་ན་འདུག་པའི་འདྲེའོ། །གཉིས་པ་ངོ་བོའི་རབ་དབྱེ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། ལྷ་ལ་སོགས་པ་མཐོང་བ་ནི་མི་ཆོས་བླ་མའི་འབྲས་བུ་ཡིན་པས། དེའི་སྒོ་ནས་མི་ཆོས་བླ་མ་སྨྲ་བ་བསྟན་ནས། ད་ནི་མི་ཆོས་བླ་མའི་རང་བཞིན་གང་ཡིན་ཞེ་ན། འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པར་ཤེས་པ་བསམ་གཏན་གྱི་དངོས་གཞིས་བསྡུས་པའི་འདུ་ཤེས་དང༌། རྒྱུ་སྙོམས་འཇུག་གི་བསམ་གཏན་རྣམས་དང༌། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་གཟུགས་མེད་པ་རྣམས་དང༌། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་རྣམས་དང༌། རྫུ་འཕྲུལ་གྱི་ཡུལ་ཤེས་པ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང༌། རྣམ་ཐར་བརྒྱད་དང་ཟིལ་གནོན་བརྒྱད་དང༌། ཟད་པར་ལ་སོགས་པ་ཟག་བཅས་དང་ཟག་མེད་ཀྱི་ཡོན་ཏན་རྣམས་ནི་མི་ཆོས་བླ་མ་ཡིན་ནོ། །གཉིས་པ་སེལ་བ་ནི། སྦོམ་པོའི་དབང་དུ་བྱས་པ་ཉིད་ནི། ཞི་གནས་ནི་ཏིང་ངེ་འཛིན་ཡིན་ལ། དེ་ཡང་
གཉིས་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མི་རྟག་པའི་འདུ་ཤེས་ལ་སོགས་པ་དང༌། མོས་པ་ཡིད་ལ་བྱེད་པ་ཚད་མེད་པ་ལ་སོགས་པ་སྒོམ་བྱུང་མི་ལྕོགས་པ་མེད་པས་བསྡུས་པ་དེ་མ་ཐོབ་པ་འདུ་ཤེས་བསྒྱུར་ནས་སྨྲས་ན་ཕམ་པར་འགྱུར་ལ་འདིར་དེའི་རྒྱུ་མཚན་འདོད་པ་ན་སྤྱོད་པ་ཐོས་བསམ་ལས་བྱུང་བའི་ཤེས་པ་སྟེ། ཏིང་ངེ་འཛིན་མ་གྲུབ་པ་ལུས་ལ་སོགས་པ་དམིགས་པའི་རང་གི་མཚན་ཉིད་འཛིན་པ། དེ་ལ་གཉིས་ལས། ཉོན་མོངས་པ་རྣམ་པར་གནོན་ནུས་པ། དེ་མ་ཐོབ་པར་རང་ཉིད་དེ་དང་ལྡན་པར་འདུ་ཤེས་བསྒྱུར་ཏེ་སྨྲས་ན་སྦོམ་པོའོ། །གསུམ་པ་དེའི་ཆོས་བརྗོད་པས་སྨྲ་བ་ལ་གཉིས་ལས། དངོས་ནི། མི་ཆོས་བླ་མ་དེ་དང་ལྡན་པའི་ཆོས་ཅན་མི་མིན་གྱིས་གནོད་པ་མི་བྱེད་པ་ལ་སོགས་པ་སྨྲ་བ་ནི་མི་ཆོས་བླ་མ་དེ་དང་ལྡན་པ་ཉིད་མ་སྨྲས་པ་མ་ཡིན་ནོ། །གཉིས་པ་སྦྱོར་བའི་སེལ་བ་ དོགས་གཅོད་དང་བཅས་པ ་ནི། རང་ལ་བསམ་ནས་ལྷ་མཐོང་བ་ལ་སོགས་པ་དེ་ཡོད་དོ་ཞེས་དགེ་སློང་རང་གི་བསམ་པ་གཞན་ལ་སྦྱོར་ཞིང་འདོགས་ན་སྦོམ་པོ་སྟེ་དེ་ཡོད་དོ་ཞེས་རང་གི་བསམ་པ་གཞན་ལ་སྟོན་པ་ཉིད་ཡིན་པའི་ཕྱིར་རོ། །དགེ་སློང་སྔར་ནི་ལྷ་མཐོང་བ་དེ་ལྟ་བུ་ཡོད་དེ་ཞེས་གཞན་ལ་སྦྱོར་ཞིང་ཕྱིས་ནི་ང་ཉིད་དོ་ཞེས་རང་ལ་ཉེ་བར་སྦྱོར་ན་གཞན་ལ་བསྟན་པ་མིན་པས་ཕམ་པར་འགྱུར་རོ། །གཉིས་པ་བསླབ་བྱ་ནི། མ་བསམས་མ་བརྟགས་པར་འདས་མ་འོངས་སོགས་ལུང་བསྟན་པར་མི་བྱའོ། །ལུང་དུ། ཕན་ཚུན་ཞེ་ནི་འགྲས་པ་དང༌། །ཆར་འབབ་པ་དང་མཚན་གྱུར་དང༌། །རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་དང༌། །གླང་ཆེན་རྣམས་ཀྱི་སྒྲ་སྐད་དོ། །ཞེས་གསུངས་སོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གཉིས། ཡན་ལག་ལ་ དོགས་པ ་བཅད་ པ། སྦྱོར་བའི་སེལ་
བ་དོགས ་གཅོད་དང་བཅས་པའོ། །དང་པོ་ནི། མི་ཆོས་བླ་མ་འབྲས་བུ་བཞི་གང་རུང་ཐོབ་པ་ཡོངས་སུ་ཉམས་པ་གོ་བར་བྱེད་པ་ནི་མི་ཆོས་བླ་མ་མ་བརྗོད་པ་མིན་ཏེ། རྒྱུན་ཞུགས་ལས་ཉམས་པ་མེད་པའི་ཕྱིར་རོ། །མདོ་སྡེ་པ་ལྟར་ན་དགྲ་བཅོམ་ལས་ཀྱང་ཉམས་པ་མི་སྲིད་ལ། བར་པ་གཉིས་ལས་ཉམས་སྲིད་པར་འདོད་དོ། །བསམ་གཏན་ལ་སོགས་པ་ལས་ཉམས་པ་སྲིད་དོ། །གཉིས་པ་ནི། མི་ཆོས་བླ་མ་དང་ལྡན་པར་ཞེ་བས་བརྗོད་འདོད་པའི་འདུན་པས་དེ་དང་མི་མཐུན་པའི་དོན་ཆུའི་རྒྱུན་ལྟ་བུ་ལ་བསམས་ནས་བདག་ནི་རྒྱུན་དུ་ཞུགས་པའོ་ཞེས་བརྗོད་ན་སྦོམ་པོ་སྟེ། དངོས་སུ་གཞན་ལ་བསམས་པའི་ཕྱིར་རོ། །རྒྱུན་ཞུགས་ལྟ་བུ་བརྗོད་པར་བསམས་པ་ལས་ཕྱིར་འོང་ལ་སོགས་པ’ཐོབ་བོ་ཞེས་ནོར་ན་ཡང་སྦོམ་པོའོ། །བདག་ཅག་གཉིས་འདྲ་ན་ཁྱོད་རྒྱུན་ཞུགས་ཡིན་ནམ་ཞེས་པ་ལྟ་བུ་གཞོགས་སྨོས་ཀྱང་བརྗོད་ན་སྦོམ་པོའོ། །ཁྱོད་ཁོ་བོ་དང་འདྲ་བར་རྒྱུན་ཞུགས་སུ་འགྱུར་རོ། ཁོ་བོ་ནི་རྒྱུན་ཞུུགས་སོགས་མིན་ནོ་ཞེས་ཡང་དག་པ་ཕྱི་མ་ཉིད་ལ་གཞོགས་སྨོས་དེ་མི་འབྱུང་བ་མིན་ནོ། །སྨྲ་བའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བའོ། །གསུམ་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས་ལས། ཡོན་ཏན་བརྗོད་པ་དང་དུ་ལེན་པ་ནི། སྦོམ་པོ་ནི་བཙུན་པ་ནི་དགྲ་བཅོམ་པ། ཆོས་གོས་ལ་སོགས་པ་མཆོག་འོས་པ། བྲམ་ཟེ་སྡིག་པའི་ཆོས་སྩལ་བ། བཙུན་པའི་དབང་པོ་དྲུག་པོ་དག་ནི་མི་སྡུག་པ་སོགས་བསྒོམས་པས་ཤིན་ཏུ་དུལ་བ་ཟག་མེད་ཀྱི་ལམ་བསྐྱེད་པས་སྦས་པ། དྲན་པ་དང་ཤེས་བཞིན་གྱིས་བསྲུངས་པ། ཉོན་མོངས་པ་མེད་པ་ལ་སོགས་པ་མངོན་དུ་གྱུར་བས་ཤིན་ཏུ་བསྒོམས་པ་དག་ཡིན་ནོ། །ཞེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་སྦོམ་པོའོ། །དེ་དག་ཀྱང་ཚིག་གིས་དང་དུ་ལེན་ན་ཕམ་པར་འགྱུར་རོ། །གཉིས་པ་བསྙེན་བཀུར་བསྔགས་པ་དང་
དུ་ལེན་པ་ནི། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་ལོང་ཞིག །ཁྱིམ་དུ་ཞུགས་ཤིག །སྟན་ལ་འདུག་ཅིག །ལག་ཆུ་ཟེད་ཅིག །བཟའ་བ་དང་སྲན་ཚོད་དང་བཅའ་བ་ལོང་ལ་ཟོ་ཞིག །རྗེས་སུ་ཡི་རང་བར་བྱོས་ཤིག །བྱུང་ཞིག་ཅེས་པ་ཅང་མི་སྨྲ་བར་བསོད་སྙོམས་ལེན་པ་ལ་སོགས་པ་དེ་བཞིན་ཉིད་དུ་བསྒྲུབ་ན་སྦོམ་པོའོ། །རྗེས་སུ་ཡི་རང་ལ་གཉིས་ལས། སེམས་ཀྱི་རྗེས་སུ་ཡི་རང་ན་སྦོམ་པོ་དང་ངག་གིས་རྗེས་སུ་ཡི་རང་ན་ཕམ་པའོ། །སྨྲ་བའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ །སྨྲ་བའི་ཕམ་པར་འགྱུར་པ་རྫོགས་སོ།། །།གཉིས་པ་གསོ་བ་དགེ་འདུན་ལ་རག་ལས་པ་དགེ་འདུན་ལྷག་མའི་སྡེ་ལ་གཉིས། །དང་པོས་གྱུར་པ་དང༌། །བསྒོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས། ཆགས་པས་ཀུན་ནས་བསླང་བ་དང༌། གནོད་པས་ཀུན་ནས་བསླང་པའོ། །དང་པོ་ལ་གཉིས། སེམས་ཅན་ལ་ཆགས་པས་ཀུན་ནས་བསླང་བ་དང༌། ཕྱི་རོལ་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ལ་གཉིས། བདག་ཉིད་འདོད་པ་བསྟེན་པ་དང༌། གཞན་པ་སྟེན་དུ་འཇུག་པའོ། །དང་པོ་ལ་གཉིས། ལུས་ཀྱི་རེག་བྱའི་བདེ་བ་ལ་ཆགས་པ་དང༌། སྨྲ་བའི་བདེ་བ་ལ་ཆགས་པའོ། །དང་པོ་ལ་གཉིས། རང་གི་དང༌། གཞན་གྱིའོ། །དང་པོ་ལ་གསུམ་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། ཐུན་མོང་གི་མཚན་ཉིད་དང༌། སྐབས་དོན་བཤད་པའོ། །དང་པོ་ནི། རྨི་ལམ་ནི་གཉིས་ཏེ། གཉིད་དང་ལྡན་པའི་སེམས་དང༌། སེམས་དེའི་ཡུལ་བུད་མེད་ལ་སོགས་པའོ། །དེ་གཉིས་ཀའང་ཆོས་ཅན་དངོས་པོ་མེད་པ་དང་འདྲ་སྟེ་རྫས་སུ་ཡོད་ཀྱང་མཐུན་སྣང་མེད་པས་འཇིག་རྟེན་གྱི་ཐ་སྙད་ཀྱི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེས་ན་རྨི་ལམ་དེའི་འབྲས་བུ་ལུས་ངག་གི་
རྣམ་འགྱུར་དང༌། ཁུ་བ་འབྱིན་པ་ལ་སོགས་པ་ནི་ལྟུང་བའི་རྒྱུར་མ་བྱས་པ་ཉིད་ཡིན་ཏེ། བསྒྲུབ་པར་མི་ནུས་པའི་ཕྱིར། །འདི་ནི་སྡེ་ལྔ་གཞན་ལའང་སྦྱར་རོ། །གཉིས་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གསུམ་ལས། གླེང་གཞི་ནི། ཡུལ་མཉན་ཡོད་དུ། །གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་ཁུ་བ་ཕྱུང་བ་ལ་བརྟེན་ནས་ཁུ་བ་འབྱིན་བའི་དགེ་འདུན་ལྷག་མ་སྤོང་བའི་བསླབ་པ་བཅས་སོ། །རྒྱུ་མཚན། རང་གི་ལུས་ལ་གནོད་པ་དང༌། ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ཡན་ལག་ལ་བཞི་ལས། གང་དབྱུང་བ་རང་གི་ཁུ་བ་ཡིན་པ་དང་པོའི་གནས་ན་གནས་པ། །ཐ་སྙད་དུ་བྱར་ཡོད་པའི་ཚད་དུ་ལོངས་པའོ། །གང་ལས་དབྱུང་བ་སྐྱེས་པའི་ཡན་ལག་གི་རྣམ་པ་ཡིན་པ། གང་གིས་དབྱུང་བ་སེམས་ཅན་དུ་བགྲང་བ་དང་དེའི་རྣམ་པར་གནས་པའོ། །གཉིས་པ་ཀུན་སློང་ཁུ་བ་ཕྱུང་བའི་འདུན་པ་རྒྱུན་ལྡན་ནོ། །གསུམ་པ་སྦྱོར་བ་རེག་ཅིང་བརྩལ་བར་ཞུགས་པའོ། །བཞི་པ་མཐར་ཐུག་སྦུབས་སུ་འོངས་ཤིང་བདེ་བ་མྱོང་བའོ། །གཉིས་པ་གཞུང་དོན་ལ་གཉིས་ལས། དང་པོ་མདོར་བསྟན་ནི། གང་བྱས་ན་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཁུ་བ་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་རོ། །སེམས་ཇི་ལྟ་བུས་ཕྱུང་ན་འགྱུར་ཞེ་ན། ཁུ་བ་འབྱིན་པ་དེར་འདུན་པས་ཕྱུང་ན་འགྱུར་གྱི། རྒྱུག་པ་ལ་སོགས་པའི་རྐྱེན་གྱིས་ཕྱུང་བ་ལ་མིན་ནོ། །གང་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་རང་གི་ཁུ་བའོ། །ཁུ་བ་ནི་ལྔ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། བསྐ་བ་དང༌། སླ་བའོ། །དང་པོ་འཁོར་ལོས་སྒྱུར་རྒྱལ་དང༌། དེའི་བུ་ཐུ་བོ་ལའོ། །གཉིས་པ་བུ་ཕལ་པ་རྣམས་ཀྱིའོ། །གསུམ་པ་སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་བའི་འོ། །བཞི་པ་དབང་པོ་སྨིན་པའིའོ། །
ལྔ་པ་དབང་པོ་མ་སྨིན་པའིའོ། །ཁུ་བ་འབྱུང་བ་དུ་མ་ཡོད་དེ། གནས་ནས་འབྱུང་བ་དང༌། སྦུབས་སུ་འོངས་པ་ལས་འབྱུང་བ་དང༌། དབང་པོའི་མཐའ་ནས་འབྱུང་བའོ། །དེ་དག་ལས་གང་ལ་དགེ་འདུན་ལྷག་མར་འགྱུར་ཞེ་ན། །དང་པོ་གནས་ནས་ཕྱུང་བ་ལ་དགེ་འདུན་ལྷག་མར་འགྱུར་རོ། །གནས་ནས་ཕྱུང་བ་དེའི་མཚན་ཉིད་གང་ཞེ་ན། དེ་མྱོང་བ་ན་འདོད་ཆགས་ཤས་ཆེར་འབྱུང་བ་དང༌། སྙིང་འདར་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་འབྱུང་བའོ། །བདེ་བ་དང་ས་བོན་དང་སྨན་དང་བརྟག་པའི་ཕྱིར་ཁུ་བ་འབྱིན་པ་དུ་མ་ཡོད་ན། ཐམས་ཅད་ལ་ཁ་ན་མ་ཐོ་བ་འདྲའམ་བྱེ་བྲག་ཡོད་ཅེ་ན། བདེ་བ་འདོད་པ་དང༌། རིག་སྔགས་ཀྱི་ཕྱིར་དང༌། བུ་བསྐྱེད་པའི་ས་བོན་གྱི་ཕྱིར་དང༌། ནད་པ་ལ་ཕན་པའི་སྨན་གྱི་ཕྱིར་དང་ས་བོན་འབྱུང་བ་བརྟག་པའི་ཕྱིར་ཁུ་བ་ཕྱུང་བ་དག་ལ་དགེ་འདུན་ལྷག་མར་འགྱུར་བ་ལ་བྱེ་བྲག་མེད་དོ། རྣམ་པ་གང་གིས་འབྱིན་ན་ལྷག་མར་འགྱུར་ཞེ་ན། དབང་པོ་ལ་རེག་པས་ཕྱུང་ན་འགྱུར་གྱི། ཚུལ་མིན་ཡིད་བྱེད་ཙམ་གྱིས་ཕྱུང་བ་ནི་མིན་ནོ། །རེག་པ་ཇི་ལྟ་བུས་ཤེ་ན། བརྩལ་ཞིང་དྲུད་པ་ལ་སོགས་པས་ཡིན་གྱི་ཕྲད་པ་ཙམ་ལས་བྱུང་བ་ནི་མིན་ནོ། །གང་ལ་རེག་པས་ཤེ་ན། ཡན་ལག་གི་རྣམ་པ་ཕོའི་དབང་པོ་ལའོ། །གང་གིས་རེག་པས་ཤེ་ན། རང་གཞན་གྱི་ལག་པ་འབའ་ཞིག་གིས་མ་ཟད་ཕྱི་རོལ་གྱིས་ཀྱང་རེག་པས་སོ། །ཕྱི་རོལ་ཇི་ལྟ་བུས་ཤེ་ན། སེམས་ཅན་དུ་བགྲང་བ་ཤི་བའི་ལུས་ཀྱི་ལག་པ་ལ་སོགས་པས་སོ། །དེ་ཡང་ཡན་ལག་དེའི་རང་གི་རྣམ་པར་གནས་ཤིང་མ་ཉམས་པས་ཕྱུང་ན་ཡིན་གྱིས་གཞན་གྱིས་མིན་ཏེ། ཤའི་དུམ་བུས་ནི་སྦོམ་པོའོ་ཞེས་གསུངས་པའི་ཕྱིར། གཉིས་པ་རྒྱས་བཤད་ལ་
གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། རེག་བརྩལ་གྱི་དོན་བསྟན་པའི་ཕྱིར་ཀུན་ཏུ་བཟུང་བའི། རིལ་གྱིས་བཅངས་པ་དང༌། དེ་ཉིད་དམ་དུ་བཅང་བ་གཉིས་མེད་པར་རེག་པས་ཕྱུང་ན་ཡང་དགེ་འདུན་ལྷག་མའོ། །བུད་མེད་དང་སྐྱེས་པ་ཀུན་ཏུ་སྤྱོད་པའི་གནས་སྐབས་ཀྱི་བདེ་བའི་བྱེ་བྲག་ངེས་པར་མྱོང་བ་དང༌། ལུས་ཀྱི་དབང་པོ་ལས་ཁུ་བ་བྱུང་བ་ཐུག་པའི་བདེ་དང༌། ངད་ལས་པ་གདུང་བ་དང་བྲལ་བའི་བདེ་བ་ཉམས་སུ་མྱོང་བ་དག་ཀྱང་མེད་པར་བརྩལ་བས་རེག་པས་ཕྱུང་ན་ཡང་དགེ་འདུན་ལྷག་མའོ། །སྦུབས་སུ་མ་འོངས་པ་ཕྱུང་ན་དགེ་འདུན་ལྷག་མའོ། །གཉིས་པ་ལ་གསུམ་ལས། དང་པོ་ན་སྨད་ནི། དེ་མ་ཐག་ཏུ་ཁུ་བ་འཕོ་བའི་ཤུགས་ཀྱི་གནས་སྐབས་སུ་ལུས་དང་ཡིད་ཀྱིས་རྩོལ་བ་བཏང་ན་ཁུ་བ་འབྱིན་པའི་བྱ་བ་རྫོགས་པར་མ་བྱས་པ་ཉིད་ཡིན་པས་སྦོམ་པོའོ། །ཁུ་བ་འབྱིན་པའི་བསམ་པས་གར་བྱེད་པ་དང༌། རབ་ཏུ་གར་བྱེད་པས་ཁུ་བ་ཕྱུང་བ་ལ་ནི་ན་སྨད་པ་ཉིད་ཡིན་པས་སྦོམ་པོའོ། །ནམ་མཁའ་ལ་རྐེད་པ་བསྐྱོད་པས་ཁུ་བ་འབྱིན་ན་ཡང་ན་སྨད་པ་ཉིད་དོ། །ཡན་ལག་གི་རྣམ་པ་ལས་ཕྱོགས་གཞན་དུ་རེག་པས་ཕྱུང་བ་ལ་ཡང་སྦོམ་པོའོ། །ཆུའི་རྒྱུན་ལས་བཟློག་པའི་ཕྱོགས་སུ་ཡན་ལག་གི་རྣམ་པ་གཏོད་པས་འབྱིན་ན་ཡང་སྦོམ་པོའོ། །ཡན་ལག་གི་རྣམ་པ་རྫི་ཕྱོགས་མིན་པར་བཏད་དེ་འབྱིན་ན་ཡང་སྦོམ་པོའོ། །བྱེ་བྲག་མངོན་པར་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་བསྒྲུབ་པ་ཡིད་ཀྱིས་དོན་དུ་གཉེར་བ་ལ་ཡང་སྦོམ་པོའོ། །ཁུ་བ་སྦུབས་སུ་འོངས་པའི་འབྱིན་ན་ཡང་སྦོམ་པོའོ། །ཆགས་པའི་སེམས་དང་ལྡན་པ་ཉིད་ན་ཡན་ལག་གི་རྣམ་པ་གཞལ་བའི་ཆེད་དུ་ཡན་ལག་གི་རྣམ་པ་ལ་ལག་པ་སོགས་ཀྱིས་རེག་པ་ནི་འབྱིན་པའི་སྦྱོར་བ་མིན་པ་མིན་པས་སྦོམ་
པོའོ། །གཉིས་པ་ཆེས་ན་སྨད་ནི། ཆགས་སེམས་ཀྱིས་ཡན་ལག་གི་རྣམ་པ་ལ་བལྟ་ན་ཉེས་བྱས་སོ། །ཆགས་སེམས་ཀྱིས་ཡན་ལག་གི་རྣམ་པ་རྒྱུན་ཕྱོགས་དང་རྫི་ཕྱོགས་སུ་གཏོང་ན་ཡང་ཉེས་བྱས་སོ། །གསུམ་པ་ལྟུང་མེད་ནི། བརླ་དང༌། གོས་དང༌། གོས་གཞན་གྱི་རེག་པ་དང༌། གཡན་པ་ཕྲུགས་པ་དག་གིས་བབ་ཅོལ་དུ་ཁུ་བ་འབྱུང་བ་དེའི་དོན་མིན་པར་ཞུགས་པ་ལ་ཁུ་བ་བྱུང་བ་ལ་ནི་ལྟུང་བ་མེད་དོ། །རེག་བྱ་མིན་པ་གཟུགས་སྒྲ་དྲི་རོ་མིག་རྣ་སོགས་ཀྱིས་ཉམས་སུ་མྱོང་བ་ན་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ཡང་ལྟུང་བ་མེད་དོ། །རེག་བྱ་དང་རེག་བྱ་མིན་པའི་ཡུལ་སྔོན་ཉམས་སུ་མྱོང་བ་དྲན་པས་ཁུ་བ་དབྱུང་བས་དེའི་དོན་མིན་པར་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ཡང་ལྟུང་བ་མེད་དོ། །འབྱིན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། སྔར་ཤུགས་དང་སྦུབས་ཞེས་བཤད་པ་དེའི་ངོ་བོ་གང་ཞེ་ན། སྐད་ཅིག་གཉིས་པ་ལ་ཁུ་བ་རང་གི་གནས་ནས་འཕོ་བར་འགྱུར་བ་ནི་ཤུགས་དང༌། རང་གི་གནས་ནས་འཕོས་མ་ཐག་པ་ནི་སྦུབས་སུ་འོང་བའོ། །ཁུ་བ་འབྱུང་བའི་ཆེད་དུ་བརྩམས་པ་ཙམ་ནས་སྦྱོར་བ་བཏང་ན་སྦྱོར་བ་ཉིད་མིན་པ་མིན་པས་སྦོམ་པོའོ། །དབྱུང་བའི་སྦྱོར་བ་མེད་པར་གཉིད་ལོག་པའི་ཚེ་ཕྱུང་བ་ལ་སད་པའི་ཚེ་རོ་མྱང་བ་ནི་སྦྱོར་བ་དེ་དང་ལྡན་པ་ཉིད་ཡིན་པས་སྦོམ་པོའོ། །དགེ་སློང་གིས་ཡན་ལག་གི་རྣམ་པ་ཕྱོགས་ཅུང་ཟད་ཉེད་པ་དང་རིལ་གྱིས་ཡོངས་སུ་ཉེད་པ་དང་འཚིར་བ་བདག་གིར་བྱེད་ན་སྦོམ་པོའོ། །ཡན་ལག་གི་རྣམ་པ་དེ་ལས་སུ་རུང་བ་ལ་ལག་པ་ལ་སོགས་པས་ནོམ་ན་སྦོམ་པོའོ། །སྨན་ཟོས་པས་ཁུ་བ་འབྱིན་ན་བྱུང་བའི་དུས་སུ་འགྱུར་བ་བྱུང་ན་སྦོམ་པོའོ། །མ་
བྱུང་ན་ཉེས་པ་མེད་དོ། །གཞན་གྱི་ཡན་ལག་གི་རྣམ་པ་ལས་ཁུ་བ་འབྱིན་ན་ཡང་སྦོམ་པོའོ། །འབྱིན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ནས་འབྱུང་བའོ། །གསུམ་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། སྔར་རྣམ་འབྱེད་དུ། ཕྱི་རོལ་སེམས་ཅན་དུ་བགྲང་བ་དང༌། དེའི་རྣམ་པར་གནས་པ་ཞེས་པའི་སྤྲོས་པ་བསྟན་པ་ནི། རྣམ་པར་བསྔོས་པ་དང༌། རྣམ་པར་བརྣགས་པ་དང༌། རྣམ་པར་བམ་པ་ལ་སོགས་པ་དང༌། རྣམ་པར་གཞིགས་པ་དང༌། ཀེང་རུས་དག་དང༌། མགོ་དང༌། རྣ་བ་དང༌། སྣ་དག་དང༌། མགུལ་བའི་བར་དང༌། རྩིབས་ལོགས་དང༌། རྒྱབ་དང༌། བྲང་དང༌། གཉེར་མ་དག་དང༌། སྐྲའི་གསེབ་དང༌། ལག་པ་དང༌། ཕྲག་པ་དང༌། དཔུང་པ་དག་དང༌། དཔུང་བའི་བར་དང༌། རྐེད་པ་དང༌། བརླ་དང༌། རྐང་པ་དང༌། སྒྱིད་པ་དག་དང༌། སྒྱིད་པའི་བར་དུ་ཁུ་བ་འབྱིན་ན་དངོས་གཞིའོ། །གཉིས་པ་སེལ་བ་ལ་གསུམ་ལས། གཞིའི་སེལ་བ་ནི། སྦོམ་པོ་ནི། ལྭ་བ་དང༌། ཕྱིང་པ་དང༌། དྲེའུ་རྔོག་དང༌། སྔས་ནང་ཚངས་ཅན་དང༌། ཁྲི་དང་ཁྲིའུ་དང༌། སྟན་ནང་ཚངས་ཅན་དང༌། ཁྲིའི་གསེབ་་དང༌། བུམ་པ་དང༌། བུམ་བུ་དང༌། བུམ་པའི་བར་དང༌། བྱ་མ་བུམ་དང༌། ཆོལ་ཟངས་དང༌། རྡོ་བ་དང༌། སྐྱང་ནུལ་དང༌། སྐྱང་ནུལ་གྱི་བར་དང༌། སྒོ་གཏན་དང༌། ཤའི་དུམ་བུ་དག་ཏུ་འབྱིན་ན་སྦོམ་པོའོ། །གཉིས་པ་སྦྱོར་བའི་སེལ་བ་ནི། རང་གི་ཡན་ལག་གི་རྣམ་པའི་རྨ་བུ་ཁ་འཚིར་ན་སྦོམ་པོའོ། །མོའི་དབང་པོར་ལྷག་པར་སྤྱོད་པར་རྩོམ་པ་ན་བུད་མེད་དུ་བྱས་པ་མོའི་དབང་པོ་འཚིར་ན་སྦོམ་པོའོ། །མོའི་དབང་པོ་དེར་མཐེ་བོང་འཛུད་ན་སྦོམ་པ་སྟེ་མི་ཚངས་སྤྱོད་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། མི་ཚངས་པར་སྤྱོད་པའམ་ཁུ་བ་དབྱུང་བའི་དོན་དུ་ཉེ་བར་འགྲོ་བ་ན་ཁུ་བ་ཤོར་ན་སྦོམ་པོའོ། །ཁུ་བ་དབྱུང་བའི་དོན་དུ་གནས་ནས་གནས་སུ་
འཕོ་བ་ལ་ཁུ་བ་བྱུང་ན་ཡང་སྦོམ་པོའོ། །ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ལས་ཁུ་བ་ཕྱུང་ན་ཡང་སྦོམ་པོའོ། །རྩོལ་བ་མེད་པར་ཁུ་བ་དབྱུང་བའི་འདུན་པས་ཡན་ལག་གི་རྣམ་པ་ལག་པས་འཛིན་པ་ཙམ་ལས་ཁུ་བ་ཕྱུང་ན་སྦོམ་པོའོ། །གསུམ་པ་ལྟུང་མེད་ནི། དབྱུང་བའི་དོན་མིན་པར་བབ་ཅོལ་དུ་འཛག་སྣོད་ལ་དབང་པོ་དྲུད་པ་ལས་བྱུང་བ་ནི་ལྟུང་བ་མེད་དོ། །སྔོན་གྱི་ཆུང་མས་འཁྱུད་པ་ལས་བབ་ཅོལ་དུ་བྱུང་བ་ལ་ཡང་ལྟུང་བ་མེད་དོ། །རྐང་པ་དང༌། བྱིན་པ་དང༌། དཔུང་པ་དང༌། མཐེ་བོ་ལ་སོགས་པ་ནས་བུད་མེད་ཀྱིས་བཟུང་བ་ལ་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ཡང་ལྟུང་བ་མེད་དོ། །འབྱིན་པའི་དགེ་འདུན་ལྷག་མ་འདུལ་བྱེད་ནས་འབྱུང་བའོ། །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །།གཉིས་པ་གཞན་གྱི་ལུས་ཀྱི་རེག་བྱའི་བདེ་བ་ལ་ཆགས་པ་ལ་གསུམ་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས་ལས། ཐུན་མོང་གི་མཚན་ཉིད་དང༌། ཐུམ་མོང་མིན་པའོ། །དང་པོ་ལ་གསུམ། བུད་མེད་བྱེད་པ་པོར་བསྟན་པ། དེ་དག་གི་མཚན་ཉིད། ལྷག་མ་དང་པོ་གསུམ་གྱི་ཐུན་མོང་གི་མཚན་ཉིད་དོ། །དང་པོ་ལ་གཉིས་ལས། དངོས་ནི། བསླབ་པའི་གཞི་འདི་ལ། ལྷག་མའི་བྱེད་པ་པོ་ནི་བུད་མེད་ཉིད་ཡིན་ཏེ། བུད་མེད་ལ་བརྟེན་ནས་འབྱུང་གི་དེ་མེད་པར་མི་འབྱུང་བའི་ཕྱིར་རོ། །དབེན་པ་ན་བུད་མེད་དང་ལྷན་ཅིག་འདུག་པ་དང༌། འགྲེང་བའི་ལྟུང་བྱེད་གཉིས་ཀྱི་བྱེད་པ་པོ་ཡང་བུད་མེད་ཡིན་ནོ། །ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འདུག་པ་དང༌། འགྲེང་བའི་ལྟུང་བྱེད་གཉིས་ལ་ཡང་བྱེད་པ་པོ་བུད་མེད་ཡིན་ནོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་བུད་མེད་ཡིན་ནོ། །རིག་པའི་སྐྱེས་པ་གཞན་གྲོགས་སུ་མེད་པའི་
བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་ནི་བུད་མེད་དོ། །བསླབ་པའི་གཞི་འདིའི་འོག་མ་འཁྲིག་ཚིག་སྨྲ་བ་དང༌། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་གཉིས་པོ་ལ་ཡང་བྱེད་པ་པོ་བུད་མེད་ཉིད་དོ། །ཁྱིམ་པ་མོ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་བུད་མེད་ཉིད་དོ། །ཁྱིམ་པ་མོ་ལ་ཆོས་སྟོན་པའི་གནས་སྐབས་ཐམས་ཅད་དུ་བུད་མེད་ལྟུང་བའི་བྱེད་པ་པོ་ཡིན་ནམ་ཞེ་ན། སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་སྟོན་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་བུད་མེད་ཡིན་གྱི། ཐམས་ཅད་དུ་མིན་ནོ། །སྐྱེས་པ་ཇི་ལྟ་བུ་ཞེ་ན། འཁྲིག་པ་ལས་བྱུང་བའི་ལུས་ངག་གི་སྤྱོད་པ་མངོན་པར་ཤེས་ཤིང་རིག་པའོ། །རིག་པའི་སྐྱེས་པ་ཡོད་ཀྱང་བུད་མེད་མི་རུང་བར་སྦྱར་མའི་སྤྱོད་པ་ཅན་ལ་ཆོས་སྟོན་པའི་ལྟུང་བའི་བྱེད་པ་པོ་ཡང་བུད་མེད་ཡིན་ནོ། །བུད་མེད་མི་རུང་བ་དེ་ནི་རིག་པའི་སྐྱེས་པ་ཡོད་ཀྱང་སྟོན་པར་བྱེད་པའི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་གྱི། དངོས་གཞིའི་བྱེད་པ་པོ་མིན་ནོ། །གཉིས་པ་ཞར་ལ་ཁྲིམས་གྲོགས་ཀྱི་མཚན་ཉིད་ནི། སྒྲ་མི་སྙན་ལ་སོགས་པ་གླིང་གཞན་ནས་སྐྱེས་པའི་རིག་པའི་སྐྱེས་པ་དང༌། རང་གི་གླིང་དུ་སྐྱེས་ཀྱང་སྙོན་ཐབས་མཁན་དང༌། མ་ནིང་ལྟ་བུ་འཁྲིག་པའི་འགྱུར་བ་བསྟེན་པའི་སྐྱེས་པ་གཉིས་ནི་ཡོད་དུ་ཟིན་ཀྱང་ཁྱིམ་པ་མོ་ལ་ཆོས་སྟོན་པའི་སྐབས་འདིར་རིག་པའི་སྐྱེས་པ་ཉིད་དུ་མཆོག་པ་ཉིད་དེ། དེ་གཉིས་ཡོད་ཀྱང་ཁྱིམ་པ་མོ་ལ་སྟོན་ན་ཉེས་བྱས་སོ། །རིག་པ་དེའི་ཡན་ལག་ནི་ལུས་ངག་གི་ཀུན་ཏུ་སྤྱོད་པའི་དོན་བརྡ་ཕྲད་ཅིང་རིག་པ་ཉིད་ཡིན་ནོ། །དེའི་མཚན་ཉིད་ནི། མིའི་འགྲོ་བ་བ་སྐྱེས་པ། སྨྲ་ཤེས་པ། དོན་གོ་བ། རང་བཞིན་དུ་གནས་པ། གླིང་འདི་པ་ཡིན་པ། འགྱུར་བ་བསྟེན་པ་མིན་པ། གཟུགས་མ་བསྒྱུར་
བ། མི་སྣང་བར་མ་བྱས་པ། དམུས་ལོང་མིན་པ་བཅུའོ། །འདི་གཉིས་ལ་ཁྲིམས་གྲོགས་དེ་ལྟ་བུ་ཡོད་ན་དགག་བྱ་མི་རྫོགས་ལ། གཞན་རྣམས་ལ་ཅི་རིགས་པར་ཤེས་པར་བྱའོ། །མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བ་རྣམ་པ་དེ་ལྟ་བུ་ཉིད་ལ་ནི་བུད་མེད་ལ་བརྟེན་པའི་ལྟུང་བ་རྫོགས་པར་བསྐྱེད་ཀྱི་མཚན་ཅིག་ཤོས་ཕོའི་མཚན་དོན་མེད་དོ། །དེ་བཞིན་དུ་མཚན་གཉིས་པ་སྐྱེས་པའི་མཚན་ཤས་ཆེ་བ་རྣམ་པ་དེ་ལྟ་བུ་ཉིད་ལ་ནི་མཚན་ཅིག་ཤོས་བུད་མེད་ཀྱི་མཚན་དོན་མེད་དོ། །མཚན་གཉིས་པའི་མཚན་གཅིག་ཤོས་མོའི་མཚན་ནི་ཁྲིམས་གྲོགས་ཀྱི་སྐབས་འདིར་རིག་པའི་སྐྱེས་པ་ཕྱེད་ཉིད་ཀྱི་བྱ་བ་བྱེད་དེ། དེ་དང་ལྷན་ཅིག་བུད་མེད་དང་ལམ་དུ་འགྲོ་བའམ་ཆོས་སྟོན་ན་ཉེས་བྱས་སོ། །གཉིས་པ་བུད་མེད་བྱེད་པ་པོ་རྣམས་ཀྱི་མཚན་ཉིད་ནི་བུད་མེད་བྱེད་པ་པོ་ཞེས་སྨྲས་ན་བུད་མེད་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཁྱད་པར་ཡོད་ཅེ་ན། བསླབ་པའི་གཞི་འདིའི་འོག་མ་འཁྲིག་ཚིག །བསྙེན་བཀུར། ཆོས་སྟོན་པ་གསུམ་ལ་ཡུལ་བུད་མེད་དེ། ལེགས་པར་སྨྲས་པ་དགེ་བ་དང༌། ཉེས་པ་སྨྲས་པ་མི་དགེ་བ་དག་གི་དོན་ཀུན་ཤེས་པའི་མཐུ་ཡོད་པ་དེ་ཡན་ལག་ཡིན་ནོ། །གསུམ་པོ་དེ་ལས་གཞན་བདུན་པོ་ལ་ཡུལ་དེ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཡིན་ན་ལྟུང་བ་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །འཁྲིག་པ་བསྟེན་པའི་མཐུ་ཡོད་པ་ལས་གཞན་དུ་ན་ཚིགས་འོག་མའི་བྱེད་པ་པོ་ཡིན་ཏེ། གང་ལ་དགེ་འདུན་ལྷག་མར་གྱུར་བ་དེ་ལ་སྦོམ་པོའོ། །གང་ལ་སྦོམ་པོ་དང་ལྟུང་བྱེད་དུ་འགྱུར་བ་དེ་ལ་ཉེས་བྱས་སོ། །མོ་དང་ཕོའི་དབང་པོ་གང་ཡང་མེད་ལ་ནུ་མ་སོགས་བུད་མེད་ཀྱི་རྣམ་པ་བསྟེན་པ་མ་ནིང་མོ་དང༌། ཕོ་མོའི་
དབང་པོ་གང་ཡང་མེད་ལ་ཁ་སྤུ་སོགས་སྐྱེས་པའི་རྣམ་པ་ཅུང་ཟད་བསྟེན་པ་མ་ནིང་ཕོ་དང༌། སྤྲུལ་པ་མོ་སེམས་ཅན་དུ་བགྲང་བ་ལ་ཡང་མཐུ་མེད་པ་དེ་བཞིན་ཏེ་དེ་དང་འདྲའོ། །གསུམ་པ་ལྷག་མ་དང་པོ་གསུམ་གྱི་མཚན་ཉིད་ནི། རེག་པ་དང༌། འཁྲིག་ཚིག་དང༌། བསྙེན་བཀུར་བསྔགས་པ་གསུམ་པོ་འདི་ལ་ཡུལ་སྐྱེས་པ་ཡང་མཐུ་མེད་པ་དང་འདྲའོ། །དེས་ན་གལ་ཏེ་གསུམ་པོ་དེ་དག་གི་ཡུལ་ལ་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་པ་དང་ལྡན་པ་དྲལ་ཞིང་གྱུར་པའི་སེམས་ཀྱིས་མཚན་ཉིད་དང་ལྡན་པའི་ལུས་ལ་རེག་པ་སོགས་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་ཐུན་མོང་མིན་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གླེང་གཞི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་ལུས་ཀྱི་རེག་པ་བདག་གིར་བྱས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན། རང་ཉིད་ཉོན་མོངས་པའི་བསམ་པ་སྐྱེ་བ་དང༌། ཕམ་པ་དང་པོའི་རྒྱུར་འགྱུར་བ་དང༌། གཞན་མ་དད་པ་སྟེ་བུད་མེད་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་རྒྱུ་མཚན་ཐུན་མོང་པ་ཡིན་ལ་ཁྱད་པར་ཅུང་ཟད་ཡོད་པ་རྣམས་ནི་རང་རང་གི་སྐབས་སུ་སྟོན་ནོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་མིའི་བུད་མེད་ཤེས་པ་རང་བཞིན་དུ་གནས་པ། མཚན་དོན་བྱེད་ནུས་པ། ལུས་བསྟེན་རུང་མ་ཉམས་པ། རྨའི་སྒོ་གསུམ་ལས་གཞན་པ། ལུས་དངོས་སམ། སྐྲའམ། དེ་དང་འབྲེལ་བའི་གོས་ཡིན་པའོ། །རེག་བྱེད་ནི་རང་གི་ལུས་ཟག་བྱེད་ལས་གཞན་པ། མིག་ནས་པུས་མོའི་བར་ཡིན་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་འདྲ། ཀུན་སློང་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་རེག་པར་རྩོམ་པའོ། །མཐར་ཐུག་རེག་པ་ལས་བྱུང་བའི་
བདེ་བ་མྱོང་བའོ། །གཞུང་དོན་ལ་གསུམ་ལས། དང་པོ་ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་རེག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་གིས་བུད་མེད་ཀྱི་ལུས་ཀྱི་རེག་པ་བདག་གིར་བྱེད་ན་ལྷག་མར་འགྱུར་རོ། །རེག་པའི་སྐབས་འདིར་ཏེ་གཞན་དུ་མིན་ཞེས་པའོ། །བུད་མེད་ཀྱི་སྐྲ་བསྡུས་པའི་ལན་བུ་ནི་ལུས་དེ་དང་ལྡན་པ་སྟེ་འདྲ་བ་ཡིན་པས་དེ་ལ་རེག་ན་དངོས་གཞིར་འགྱུར་རོ། །སྐྲ་ནི་ལུས་ཀྱི་དབང་པོ་དང་མི་ལྡན་པས་དེ་ལ་རེག་པ་ལ་ལྷག་མར་མི་འགྱུར་རམ་སྙམ་པའི་ དོགས་པ ་བསལ་པའི་ཕྱིར་འདི་བྱས་ཏེ། དེ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་རོ། །རྣམ་ཊཱིཀ་ཏུ། གང་དག་གམ་ཞེས་བྱ་བའི་སྒྲ་དག་གང་ཡང་རུང་བའི་དོན་དུ་ཁས་ལེན་ཅིང༌། ལན་བུ་ནས་བཟུང་བ་ལ་ཡང་དངོས་གཞིར་སྨྲ་བ་དེ་དག་ནི་ལྟུང་བ་བསྟེན་པ་ལས་ལན་བུ་མ་སྨོས་པ་དང་འགལ་ལ། ཞུ་བ་ལས་ཀྱང་སྤུ་ལ་སོགས་པ་ལ་སྦོམ་པོར་གསུངས་པས་དངོས་གཞིར་མ་རུང་ངོ་ཞེས་དང༌། ཞུ་ཊཱིཀ་ཏུ་ཡང་དེ་ལྟར་ཟེར་རོ། །ལན་བུ་དེ་དང་འབྲེལ་བ་ལན་བུའི་ཡན་ལག་ཏུ་གྱུར་པའི་སྐུད་པ་ལ་སོགས་པ་ལ་རེག་ན་ཡང་དངོས་གཞིའོ། །བུད་མེད་ཀྱི་ལུས་ལ་དང་པོ་ལན་ཅིག་སྦྱོར་བའི་ནོམ་པ་དང༌། ཡང་དང་ཡང་དུ་སྦྱོར་བའི་ཉུག་པ་དང༌། མཐར་སྦྱར་ཏེ་སྤྲོད་པ་དང༌། ལག་པ་སོགས་ལ་འཛིན་པ་དང༌། ཡུལ་ཐག་རིང་པོ་ནས་འདྲེན་པ་དང༌། ཐག་ཉེ་བ་ནས་ཁོར་ཡུག་ཏུ་བསྐོར་བའི་ཡོངས་སུ་འདྲེན་པ་དང༌། འོག་ནས་སྟེང་དུ་འཇོག་ཅིང་འཁྱུད་པ་དང༌། སྟེང་ནས་འོག་ཏུ་ཕབ་ཅིང་འགྱུར་བ་དང༌། མཐར་དམ་དུ་སྦྱོར་བ་རྣམས་ལ་ཁ་ན་མ་ཐོ་བ་བྱེ་བྲག་མེད་དེ། །བསྟེན་པར་བྱ་བ་བུད་མེད་སོགས་ཀྱིས་ནོམ་ཉུག་སོགས་བྱས་པ་བདག་གིར་བྱེད་ན་ཡང་བྱེ་བྲག་མེད་དོ། །གོས་ཀྱིས་བར་དུ་ཆོད་པའི་བུད་མེད་ལ་སོགས་པའི་ལུས་ལ་རེག་པ་ལ་
ནི་ཚིགས་འོག་མར་ན་སྨད་དོ། །ཕམ་པ་སོགས་ལས་ན་སྨད་པ་ལ་སྦོམ་པོ་སོགས་སུ་རྣམ་པར་བཞག་པ་ལྟར་ཉེས་བྱས་ཀྱི་ན་སྨད་པར་ནི་ཉེས་བྱས་ལས་གཞན་མིན་པ་ཉེས་བྱས་ཕྲ་མོར་འགྱུུར་རོ། །གཉིས་པ་བསླབ་བྱ་ནི། བསམ་པའི་ཉེས་པ་མེད་ཀྱང་དགེ་སློང་མ་ལ་རེག་པར་མི་བྱའོ། །བུད་མེད་ལ་ཡང་རེག་པར་མི་བྱའོ། །དགེ་སློང་མ་བུད་མེད་ཀྱི་རིགས་ལས་མ་འདས་མོད། འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པས་བསམ་པའི་ཉེས་པ་མེད་ན་དེ་ལ་རེག་པ་ལ་ཉེས་པ་མེད་དམ་སྙམ་པའི་ དོགས་པ ་བསལ་བའི་ཕྱིར་ལོགས་སུ་སྨོས་སོ། །བུད་མེད་ལ་རེག་པར་མི་བྱའོ་ཞེས་པའི་དམིགས་བསལ་ནི། བུད་མེད་ཆུར་སྡུག་བསྔལ་གྱིས་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་བུད་མེད་ལ་རེག་པར་བྱའོ། །ཇི་ལྟར་རེག་པར་བྱ་ཞེ་ན། མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་བཞག་སྟེ་ལག་པའམ་སྐྲ་དག་ལ་རེག་པར་བྱའོ། །བུད་མེད་ཆུས་ཁྱེར་བ་དྲན་པ་ཉམས་ན་དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བརྡལ་བའི་སྟེང་དུ་ཁ་བུབ་ཏུ་གཞག་གོ །ཁ་བུབ་ཏུ་བཞག་པའི་བུད་མེད་དེ་ཁྱིམ་པ་ལ་བརྙན་པའི་ཁྲིའུ་བསྲུང་ཚུལ་ཇི་ལྟར་བསྟན་པ་བཞིན་དུ་དེར་ཕྱོགས་གཅིག་ཏུ་འདུག་སྟེ། རང་གི་ལས་ཀྱང་བྱེད་དེ་ལ་ཡང་སེམས་གཏོད་པའི་སྒོ་ནས་བསྲུང་བར་བྱའོ། །དགེ་སློང་ཟས་ཀྱི་དུས་ལ་བབ་ནས་འགྲོ་ན་ཇི་ལྟར་ཞེ་ན། ཟན་ལ་འགྲོ་བའི་ཚེ་བུད་མེད་དེ་བ་ལང་རྫིའམ་ཕྱུགས་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་བྱའོ། །དགེ་སློང་དེས་བསྒྲལ་བའི་འབད་པ་བྱས་པ་དོན་མེད་པ་སྤང་བའི་ཕྱིར་འཚོའམ་འོན་ཏེ་མིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ། །གསུམ་པ་ལྟུང་མེད་ནི། དགེ་སློང་སེམས་དག་པ་དགེ་ལེགས་ཀྱི་བསམ་པ་དང་ལྡན་པས་བདག་གིས་མ་འཁྱུད་ལ་སྲོག་དང་འབྲལ་ལོ་སྙམ་པའི་སྙིང་བརྩེ་བས་བུད་མེད་ལ་འཁྱུད་པ་ལ་ཉེས་པ་མེད་དོ། །ཡང་ན་
བུད་མེད་སེམས་དག་པས་དགེ་སློང་ལ་བུ་ལ་སོགས་པའི་འདུ་ཤེས་ཀྱིས་འཁྱུད་པ་ལ་ཡང་ཉེས་པ་མེད་དོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། འཁྲིག་པ་དང་ལྡན་པའི་རོ་མྱང་བའི་བསམ་པ་མེད་པར་འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པ་ཉིད་ཀྱིས་དགེ་སློང་གིས་བུད་མེད་ལ་རེག་ན་སྦོམ་པོའོ། །སྙིང་བརྩེ་བས། མེ་དང་ཆུ་དང་གཡང་ས་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་བུད་མེད་ལ་རེག་པ་ལ་ལྟུང་བ་མེད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་དང༌། རང་གི་མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་པས་རེག་པ་ལ་ཡང་ལྟུང་བ་མེད་དེ། འདི་ཡང་ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར། སྔོན་སྤྱད་པའི་བུད་མེད་སོགས་ལ་ཆགས་པ་མེད་པར་ཀུན་དགའ་བར་བྱ་བའི་བསམ་པས་རེག་པ་ལ་ལྟུང་བ་མེད་དོ། །ལུས་ཀྱི་རེག་པ་ཞུ་བའི་སྐབས་ནས་འབྱུང་བའོ། །གསུམ་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ནི། ཟས་དང་ས་དང་བོང་བ་ལ་སོགས་པ་མོའི་དབང་པོར་འཛུད་ན་སྦོམ་པོའོ། །རྐང་པ་དང་ཕྲག་པ་དང་རྩིབ་ལོགས་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ། །བུད་མེད་དེའི་སྟན་ལ་བུད་མེད་ཡོད་དམ་མེད་ཀྱང་རུང་རྐང་པ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །རྫབ་ལ་སོགས་པར་འདྲེད་པར་འགྱེལ་བའི་བུད་མེད་རང་གིས་ལྡང་ནུས་བཞིན་དུ་དགེ་སློང་གིས་སློང་ན་ཉེས་བྱས་སོ། །བུད་མེད་ཀྱིས་དགེ་སློང་ལ་རྐང་པ་སོགས་ཀྱིས་འཕུལ་བ་དང༌། སྟན་ལ་འཕུལ་བ་དང༌། འདྲེད་པར་འགྱེལ་བ་སློང་བ་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མི་འདོད་
བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་མི་འདོད་བཞིན་དུ་མོས་འཁྱུད་པ་ལ་ཡང་རོ་མྱང་བ་མེད་ན་ལྟུང་བ་མེད་དོ། །རང་གི་པང་བར་བུ་མོ་འདུག་པ་ལ་ཡང་ལྟུང་བ་མེད་དོ། །བུད་མེད་འཁྲུལ་པ་རང་དབང་མེད་པར་དགེ་སློང་གི་སྟེང་དུ་འགྱེལ་བ་ལ་ཡང་ལྟུང་བ་མེད་དོ། །ལུས་ཀྱི་རེག་པ་འདུལ་བྱེད་དག་གོ །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའོ། །གཉིས་པ་སྨྲ་བའི་བདེ་བ་ལ་ཆགས་པ་ལ་གཉིས་ལས། འཁྲིག་པ་སྨྲ་བ་ལ་གསུམ་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ནི། གླེང་གཞི། ཡུལ་གང་ཟག་ཉོན་མོངས་པ་གསུམ་འདྲ། ཉེས་པ་འཁྲིག་པ་སྨྲས་པ་ལ་བརྟེན་ནས། བསླབ་པ་འདི་བཅས་སོ། །རྒྱུ་མཚན་འདྲ། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་མིའི་བུད་མེད་མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། སྤྲུལ་པ་མ་ཐོབ་པའོ། །གང་བརྗོད་པའི་དངོས་པོ་ཡུལ་དུས་དེར་འཁྲིག་པར་གྲགས་པའོ། །ཀུན་སློང་འཁྲིག་པ་སྨྲས་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་ཡུལ་དེས་དོན་གོ་བའོ། །གཉིས་པ་ནི། གང་བྱས་ན་འཁྲིག་པ་སྨྲ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག་པ་སྨྲས་ནའོ། །སྒྲ་ཇི་ལྟ་བུས་ཤེ་ན། རྒྱ་ན་ར་ཅན་ལ་སོགས་པ་ཡུལ་དུས་དེར་འཁྲིག་པའི་དངོས་མིང་དུ་ཆགས་པའི་དོན་གྱིས་སྨྲས་ནའོ། །གོ་བར་བྱེད་པའི་སྒྲ་གཉིས་ཏེ། དངོས་དང༌། ཉེར་འདོགས་སོ། །དངོས་ལ་འདི་བཞག་ལ། ཉེ་བར་བཏགས་པ་ནི། ཡུལ་དུས་སུ་གྲགས་ན་དངོས་གཞི། རྒྱ་ལ་སོགས་པའི་ཡི་གེ་དང་ཚིག་གང་ལ་ཉན་པ་མོས་གོ་བར་བྱ་བ་ཉིད་དེ་བརྡ་ཕྲད་པ་ན་མཐའ་དངོས་གཞིར་འགྱུར་རོ། །རྒྱ་ལ་སོགས་པའི་ཚིག་བརྗོད་པ་མེད་པར་འཁྲིག་པ་
དེ་དང་འབྲེལ་བའི་དོན་རྨའི་སྒོ་ལ་སོགས་པ་སྨྲས་པ་ནི་སྦྱོར་བ་མིན་པ་མིན་པས་སྦོམ་པོའོ། །སྲུའི་རྨའི་སྒོ་གསུམ་པོ་དག་ནི་ལེགས་པར་དོད་པ། ལེགས་པར་གནས་པ་ལེགས་པར་གྱུར་པ་དག་གོ་ཞེས་བསྔགས་པ་དང༌། དེ་ལས་ལྡོག་པ་བསྔགས་པ་མིན་པ་དང༌། སྲུ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་གསོལ་བ་དང༌། དགའ་བ་ཉེ་བར་བསྒྲུབ་པའི་འདུན་པ་བསྐྱེད་པའི་ཉེ་བར་གསོལ་བ་དང༌། སྐྱེས་པ་གང་བུད་མེད་གང་ལ་དེ་དང་དེ་བྱེད་པ་དེ་ནི་དེའི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན་ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱས་ན་སྲུ་ཁོ་བོ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲི་བ་དང༌། སྲུའི་རྨའི་སྒོ་གསུམ་པོ་ལེགས་པར་དོད་པ་ལ་སོགས་པ་བདེན་ནམ་ཞེས་ཡོངས་སུ་འདྲི་བ་དང༌། སྲུ་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན། ཁྱོད་དེ་ལ་ཇི་ལྟར་སེམས་ཞེས་བརྗོད་པ་དང༌། སྲུ་ཁོ་བོ་ནམ་ཞིག་ཁྱོད་དང་ལྷན་ཅིག་དེ་དང་དེ་བྱེད་པར་འགྱུར་ཞེས་སྨོན་པ་དང༌། ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག །ཁྱོད་ཀྱི་དེར་མགལ་དུམ་དག་ཆུག་ཅིག་ཅེས་གཤེ་བ་དང༌། བུད་མེད་ཀྱིས་བསྔགས་པ་དང་བསྔགས་པ་མིན་པ་སོགས་དགེ་སློང་ལ་བརྗོད་པ་ན། དགེ་སློང་གིས་དེ་ཉིད་ཕྱིར་སྨྲ་བ་བསྒྲུབ་པ་དག་ལ་ནི་སྦྱོར་བ་ཡིན་པར་བྱེ་བྲག་མེད་དོ། །ཡུལ་དབུས་ན་ཆུ་སྣོད་ཀྱི་བྱེ་བྲག་ཅིག་ལ་ཀུན་དི་ཀ་ཟེར་ལ། ཀོ་ས་ལར་མོའི་དབང་པོ་ལ་ཟེར་བས་དབུས་པའི་དགེ་སློང་གིས་ཀོ་ས་ལར་དོན་གཞན་ཆུ་སྣོད་ལ་བསམས་པས་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་ཀུན་དི་ཀ་གཡར་ཐོང་ཞེས་བརྗོད་པས་གནས་ངན་ལེན་གྱི་ཚིག་ཏུ་གོ་ན་ཡང་ལྟུང་བ་མེད་དོ། །མིང་གི་ཆ་འདྲ་བ་ནས་ལ་ཡ་བ། རྩྭ་ལ་ཡ་ས། ཡོལ་བ་ལ་ཡ་བ་ནི་ཀ །འཁྲིག་
པ་ལ་ཡ་བྷ་ཟེར་བས། ནས་ཀྱི་མིང་ཡ་བ་ཞེས་བརྗོད་པའི་བསམ་པས་དྲག་ཏུ་བརྗོད་པའི་དབང་གིས་ཡ་བྷ་ཞེས་བརྗོད་པ་ལ་ཡང་ཉེས་པ་མེད་དོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། སྲུ་ཁྱོད་ནི་མཛེས་པ་ཡིན་ནོ། །ཁྱོད་ནི་སྡིག་པ་ཅན་ཡིན་ནོ། །རྨའི་སྒོ་མཛེས་པའམ་སྡིག་པ་ཅན་ཡིན་ནོ། །བགོ་བཤའ་གྱིས་ཤིག །ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཞིག ཁོ་བོ་དང་ཕྲད་པར་གྱིས་ཤིག་ཅེས་རྒོད་བག་གི་བསམ་པས་སྨྲས་ན་སྦོམ་པོ་སྟེ་སྦྱོར་བ་གསལ་པོའི་ཡན་ལག་མ་ཚང་བའི་ཕྱིར་རོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ། །གསུམ་པ་འདུལ་བྱེད་ནས་འབྱུང་བ་ནི། ཁྱོད་ནི་མཛེས་པ་ཡིན་ནོ་ཞེས་སོགས་ལ་སྦོམ་པོར་འགྱུར་བ་དེ་བཞིན་དུ་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་གྱི་བུད་མེད་ལ་རྒྱ་ལ་སོགས་པ་སྨྲས་ན་ཡང་སྦོམ་པོའོ། །ལྷག་མ་དངོས་གཞི་མི་བསྐྱེད་དེ། དེའི་ཡུལ་ལ་འཁྲིག་པའི་བསམ་པ་ཤས་ཆེན་པོ་མི་སྐྱེ་བའི་ཕྱིར་རོ། །ཡ་བྷ་གོ་ལ་རེ་བས། སྲུ་ཁོ་བོ་ལ་ནས་ཡ་བ་བྱིན་ཅིག །སྲུ་ཁྱོད་ལ་ཅི་མཐོང་བ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །བུད་མེད་ལ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་སྨྲས་པ་དང༌། བུད་མེད་ཀྱིས་བདག་ལ་སྨྲས་པ། ཁྱོད་ཅི་ལ་དགའ་ཟེར་བ་ལ། དགེ་སློང་གིས་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་པ་དང༌། ཡང་ན། བུད་མེད་ཀྱིས་སྨྲས་པ། ཁྱོད་ཅི་དགའ་བ་བྱིན་ཅིག་ཅེས་ཁྱིམ་བདག་གིས་བདག་ལ་སྨྲས་པས། ཁྱོད་ཅི་ལ་དགའ་ཟེར་བ་ལ་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་སྨྲས་ན་སྦོམ་པོའོ། །སྲུ་ཁོ་བོ་ལ་ཆུ་དང་བཅའ་བ་དང་
ཐུག་པ་དང་བཟའ་བ་བྱིན་ཅིག །ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་སྨྲས་པ་དག་ལ་སྦོམ་པོའོ། །བུད་མེད་ཁྱོད་ལ་བོང་བུ་དག་འཁྲིག་པ་དེ་བྱེད་པར་གྱུར་ཅིག་ཅེས་སྨྲས་ན་སྦོམ་པོའོ། །སྲུ་སྐྱེས་བུ་འཕྱོན་མ་བ་དག་སྣང་ན་དེ་ལ་ཁྱོད་བསོད་སྙོམས་སྤྱོད་དམ་ཞེས་ཟེར་ན་ཡང་སྦོམ་པོའོ། །ཁྱོད་ཀྱི་དེར་མགལ་དུམ་དག་ཆུག་ཅིག་སྨྲ་ན་ཡང་སྦོམ་པོའོ། །དགེ་སློང་མ་བརྟགས་པར་རང་བཞིན་གྱིས་གནས་ངན་ལེན་གྱི་ཚིག་བརྗོད་པ་ལ་གོམས་པས་རྒྱ་ལ་སོགས་པ་གནས་ངན་ལེན་གྱི་ཚིག་དངོས་སུ་སྨྲས་ན་ཡང་སྦོམ་པོའོ། །ལྷག་མ་དངོས་སུ་མི་སྐྱེད་དེ། ཀུན་ཏུ་འདོད་ཆགས་མེད་པའི་ཕྱིར། གལ་ཏེ་ཆགས་སེམས་ཀྱིས་སྨྲས་ན་ལྷག་མར་འགྱུར་རོ། །འཁྲིག་པ་དང་ལྡན་པ་སྨྲ་བ་འདུལ་བྱེད་དག་གོ །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའོ། །གཉིས་པ་བསྙེན་བཀུར་བསྔགས་པ་ལ་གཉིས་ལས། སྤྱི་དོན་ལ། ཉེས་པ་དང་ཀུན་སློང་ལ་བསྙེན་བཀུར་ཞེས་སྦྱར། གཞན་གོང་བཞིན་ནོ། །ཚིག་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་གིས་བུད་མེད་དོན་ཀུན་ཤེས་པའི་མཐུ་ཡོད་པ་ལ། བསྙེན་བཀུར་བསྔགས་པ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་པ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་ཆོས་ཀྱིས་བསྙེན་བཀུར་བྱས་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ །ཞེས་བརྗོད་ན་ལྷག་མར་འགྱུར་རོ། །བུད་མེད་དེས་བསྔགས་པ་ལ་སྲུ་དེ་བཞིན་ནོ་ཞེས་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་ནི་བདག་ཉིད་ཀྱིས་བསྔགས་པ་དེ་དང་འདྲ་བས་དགེ་འདུན་
ལྷག་མར་འགྱུར་རོ། །བུད་མེད་ཀྱིས་སྨྲས་པ་དེ་ཉིད་དགེ་སློང་གིས་ཕྱིར་བཟླས་ན་ཡང་བསྔགས་པ་ཡིན་ནོ། །འཁྲིག་པ་དང་སྦྱར་ལ་བདག་ཉིད་དང་ཉེ་བར་མ་སྦྱར་བ་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་ན་སྦྱོར་བ་ཉིད་དེ་སྦོམ་པོའོ། །བདག་དང་སྦྱར་ལ་འཁྲིག་པ་དང་མ་སྦྱར་བ་ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་བསྙེན་བཀུར་བྱས་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་ན་སྦོམ་པོའོ། །བདག་དང་འཁྲིག་པ་གཉིས་ཀ་དང་མ་སྦྱར་བ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་བསྙེན་བཀུར་བྱས་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་བརྗོད་ན་ནི་སྦྱོར་བ་དེའི་སྦྱོར་བ་ཡིན་པས་ཉེས་བྱས་སོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའོ། །གཉིས་པ་གཞན་འདོད་པ་བསྟེན་དུ་འཇུུག་པ་ལ་གསུམ་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི། ཡུལ་མཉན་ཡོད་དུ་གང་ཟག་དྲུག་སྡེེས་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་སྨྱན་བྱས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་བསམ་གཏན་དང་ཀློག་པ་ལ་གནོད་པ་དང་གཞན་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། སྤྲད་བྱ་ནི་མཚན་གྱི་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། ལུས་བསྟེན་དུ་རུང་བ། མི་མཐུན་པར་གནས་པ། བདག་ཉིད་ལས་རྒྱུད་ཐ་དད་ཅིང༌། ནང་རྒྱུད་ཐ་དད་པ། བདག་པོ་ལྟ་བུ་སྨྱན་བྱེད་ན་དེ་གཉིས་ཐ་སྙད་ལྔ་དང་ལྡན་པའོ། །ཀུན་སློང་ཕྲད་པའི་དོན་དུ་སྤྲད་བྱ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་འཕྲིན་གྱི་སྦྱོར་བ་གསུམ་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་འཕྲིན་གསུམ་བྱེད་པའོ། །མཐར་ཐུག་དེ་གཉིས་ཀྱི་བསྟེན་བྱ་
སྟེན་བྱེད་ཕྲད་པའོ། །གཞུང་དོན་ལ་བཞི་ལས། ཡན་ལག་གི་མཚན་ཉིད་ནི། ནམ་གྱི་ཚེ་སྨྱན་བྱེད་པའི་ལྷག་མར་འགྱུར་ཞེ་ན། གཉིས་ཀྱིས་གཉིས་ཕྲད་ན་འགྱུར་གྱི་ཕྲད་པ་མེད་པར་འཕྲིན་བསྐྱལ་བ་ཙམ་གྱིས་ནི་ལྷག་མར་མི་འགྱུར་རོ། །སུ་དང་ཕྲད་ན་ལྷག་མར་འགྱུར་ཞེ་ན། མིའི་འགྲོ་བ་པ་ཕོའི་དབང་པོ་དང་ལྡན་པ་གཞན་དང་ངོ༌། སུར་ཕྲད་ན་འགྱུར་ཞེ་ན། མིའི་འགྲོ་བ་བ་བུད་མེད་ལ་སོགས་པ་གཞན་དུའོ། །སོགས་ཀྱིས་མཚན་གཉིས་པ་མོའི་མཚན་གྱི་དོན་བྱེད་ནུས་པ་བསྡུའོ། །སྦྱོར་བ་གང་གིས་ཕྲད་ན་འགྱུར་ཞེ་ན། ཕྲད་པ་དེའི་དོན་དུ་སྤྲད་བྱ་གཉིས་སྔར་མི་མཐུན་པ་གཅུགས་པར་མ་གྱུར་པ་མཐུན་པ་གཅུགས་པ་དང་བག་ཕེབས་པ་བསྒྲུབ་པའི་ཕྱིར་ཏེ། མདོར། ཆུང་མའམ་མཛའ་ན་མོ་ཉིད་དུ་ཞེས་སོ། །རྣམ་ཊཱིཀ་ལས། ཆུང་མ་བུད་མེད་གྲགས་པ་ཉིད་དོ། །མཛའ་ན་མོ་བུད་མེད་འཁྱུན་བུ་ཉིད་དོ། །ཞེས་སོ། །ཆུང་མ་ནི་བདུན་ཏེ། ཆུ་ཚིགས་ཀྱིས་བྱིན་པ། རིན་ཆས་ཉོས་པ། བཙན་ཕྲོགས་སུ་ཐོབ་པ། དང་སམ་འདུས་པ། གོས་ཟས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་ཕྲད་པ་དག་གོ །དང་པོ་བུ་མོའི་ཕ་མས་སྐྱེས་པ་ལ་འདི་ཁྱོད་ཀྱི་ཆུང་མར་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་ནས་དེས་བསྲུངས་ཤིན་ཏུ་བསྲུངས་སྦས་ཤིན་ཏུ་སྦས་པའོ། །རྣམ་ཊཱིཀ་ལས། སྔར་ཆུ་བྱིན་ནས་དེའི་རྗེས་སུ་བུ་མོ་ཡང་བྱིན་པའོ་ཞེས་སོ། །གཉིས་པ། བུ་མོའི་ཕ་མ་ལ་རིན་ཆས་ཉོས་ནས་བསྲུང་བའོ། །གསུམ་པ་རྒྱལ་པོའམ། མགོ་རྒྱལ་མཚན་དུ་བྱས་ནས་ཕྲོགས་ཤིང་བསྲུང་བའོ། །བཞི་པ་བུད་མེད་གང་ཞིག་སྐྱེས་པའི་གན་དུ་འོངས་ནས་ཁྱོད་ཀྱིས་བདག་གི་ཁྱིམ་བདག་མཛོད་ཅིག །བདག་གིས་ཁྱོད་ཀྱི་བཙུན་མོ་བགྱིའོ་ཟེར་ནས་བསྲུང་བའོ། །ལྔ་པ་ཁྱོད་ཀྱིས་གོས་ཟས་སྩོལ་ཅིག་ཟེར་ནས་བསྲུང་བའོ། །དྲུག་པ་
རྗེའི་སྲས་ཚུར་སྤྱོན་ཁྱོད་ཀྱི་ནོར་དང་བདག་གི་ནོར་གཅིག་ཏུ་བསྡུས་ཏེ་བདག་ཅག་གཉིས་མཉམ་དུ་འཚོ་བར་བགྱི་ཞིང་བདག་ཅག་གཉིས་ལ་ཁྱེའུའམ་བུ་མོ་མཆི་བར་འགྱུར་བ་དག་གིས་བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུའམ་མང་པོ་ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བགྱིས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གི་ཡོན་བཤད་པར་འགྱུར་ཟེར་ནས་བསྲུང་བའོ། །བདུན་པ་དེའི་དུས་སུ་གླས་ཤིང་ཡུད་ཙམ་པར་གྱུར་ནས་བསྲུང་བའོ། །མཛའ་ན་མོ་ནི་བཅུ་ཡིན་ཏེ། ཕ་མ་མིང་པོ་ཕུ་ནུ་མོ། །གྱུག་གྱོས་ཉེ་དུ་རིགས་དང་ནི། །རུས་ཆགས་ཀྱིས་བསྲུངས་རྣམ་འཁྲུག་མེད། །དེ་དགེ་སློང་མ་དང་ཀུན་ཏུ་རྒྱུ་མོ་ལ་སོགས་པའོ། །སྤྲད་པར་བྱ་བ་ཁྱེའུ་ལྟ་བུ་ལས་སྤྲིང་བ་འཕྲིན་མནོས་པས་གཞན་བུ་མོ་ལྟ་བུ་དེ་ལ་སྤྲིངས་པ་དེ་གོ་བར་བྱས་ཤིང་གང་ལ་གོ་བར་བྱས་པ་དེས་སྨྲས་པའི་འཕྲིན་ལན་དེ་སྔ་མ་གང་ལ་འཕྲིན་མནོས་པ་དེ་ལ་བརྗོད་ནས་དེ་གཉིས་ཕྲད་ན་དགེ་འདུན་ལྷག་མར་འགྱུར་རོ། །འོ་ན་འཕྲིན་ཐ་མ་དེ་ཁྱེའུ་ལྟ་བུ་དེ་ལ་དངོས་སུ་བརྗོད་པ་དགོས་སམ་ཞེ་ན། འཇུག་པ་བར་མ་འཕྲིན་ལན་ཏེ། དེ་འཕྲིན་མནོས་པ་དང་འཕྲིན་ཚུར་སྐྱེལ་བ་གཉིས་ཀྱི་བར་གྱི་དངོས་པོ་ཡིན་པའི་ཕྱིར་བར་མའོ། །བར་མ་དེའི་ཕྱང་ངམ་ཕྲིན་ཡར་དགེ་སློང་རང་གིས་མ་བྱས་པར་མངགས་པའམ། སྤྲད་བྱ་རང་ཉིད་དམ། གཞན་ལས་ཀྱང་ཐོས་པ་ཉིད་ན་སྔ་མ་ལ་བརྗོད་པ་དེ་བྱས་པ་ཉིད་དོ། །གཉིས་པ་ཡན་ལག་ལ་ དོགས་པ ་བཅད་པ་ནི། འཕྲིན་མནོས་པ་དང༌། གོ་བར་བྱས་པ་དང༌། འཕྲིན་ལན་སྔ་མ་ལ་བརྗོད་པ་གསུམ་པོ་དེ་དག་གི་བྱ་བ་ལྟུང་བ་ནི་ཐ་དད་པ་ཉིད་དེ། རེ་རེས་ཀྱང་སྦྱོར་བར་གཏོགས་པའི་ཉེས་པ་སྦོམ་པོ་རེ་སྐྱེད་པར་བྱེད་དོ། །མངལ་ན་གནས་པ་དང་ཟ་མ་དང་རྡེའུ་གསུམ་གཏོར་བ་དང༌། ཆོ་ག་བཏང་བའི་མི་
ཉིད་ལ་འཕྲིན་གྱི་སྦྱོར་བ་བྱེད་ན་རིམ་བཞིན་ཕྲད་པ་དང་མི་མཐུན་པ་མཐུན་པར་བསྒྲུབ་པ་མེད་པས། མཐའ་དངོས་གཞིའི་བྱེད་པ་པོ་མིན་ཡང་འཕྲིན་དེ་དག་སྦྱོར་བ་མིན་པ་མིན་པས་སྦོམ་པོར་འགྱུར་རོ། །འཕྲིན་བྱེད་པ་པོ་སོ་སོ་དགེ་སློང་བཅུ་ལྟ་བུས་སྨྱན་བྱེད་པ་ལ་དངོས་གཞིའི་བྱ་བ་རྫོགས་པར་མེད་པ་མིན་ཏེ། དེ་དག་གི་འབྲས་བུ་ཕྲད་པ་གཅིག་པ་ཉིད་གྲུབ་པའི་ཕྱིར་རོ། །དེས་ན་དེ་དག་ལ་ཉེས་བྱས་དང་སྦོམ་པོ་དང་དགེ་འདུན་ལྷག་མ་ཡང་ཐ་དད་པར་འབྱུང་ངོ༌། །སྨྱན་བྱེད་པའི་སྐབས་འདིར་མངགས་པ་དང་མངགས་པའི་མངགས་པས་ཀྱང་སྨྱན་བྱས་པ་ནི་རང་གིས་བྱས་པ་དང་འདྲའོ། །སྤྲད་བྱ་དེ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་དག་ནི་སྤྲན་པར་བྱ་བ་ཉིད་དང་འདྲ་སྟེ། ཕ་ནི་བསྒོ་བ་དང་བཟློག་པ་ལ་བདག་པོ་ཡིན་ལ། མ་ནི་སྦྱིན་པ་དང་འཕྲོག་པ་ལ་བདག་པོ་ཉིད་ཡིན་པའི་ཕྱིར། ཕ་མ་དེ་དག་ལ་དགེ་སློང་གིས་འཕྲིན་མནོས་པ་དང༌། ཀྱལ་ཁས་ཕྲད་ན་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དེ་གཉིས་ཀྱི་བདག་པོ་མིན་པ་གཞན་ལ་འཕྲིན་གྱི་སྦྱོར་བ་བྱས་པ་ནི་ཉེས་བྱས་སོ། །ཚིག་ཁོ་ན་ཡན་ལག་ཡིན་ནམ་ཞེ་ན། སྤྲིང་ཡིག་དང་ལག་ཡིག་དང༌། སྐྱེད་མོས་ཚལ་ལ་སོགས་པའི་ཡུལ་ཕྱོགས་དང༌། སྔ་དྲོ་ལ་སོགས་པའི་བརྡ་དང༌། གོས་དམར་པོ་གྱོན་པ་ལ་སོགས་པའི་མཚན་མ་རྣམས་ཀྱིས་འཕྲིན་ནོད་པ་དང་བསྐྱལ་བ་སོགས་བྱས་པ་ནི་ཚིག་གིས་བྱས་པ་དང་འདྲ་བར་དོན་གྲུབ་ན་དངོས་གཞིར་འགྱུར་རོ། །གསུམ་པ་མི་མཐུན་པའི་མཚན་ཉིད་ནི། སྨད་འཚོང་མ་ནི་སྐྱེས་པ་ཐམས་ཅད་དང་མཐུན་པར་གྲགས་པས་དེའི་ཡུལ་ལ་འཕྲིན་ནོད་པ་སོགས་བྱས་ཀྱང་མི་མཐུན་པ་མཐུན་པར་བསྒྲུབས་པ་མེད་པས་དགེ་འདུན་ལྷག་མར་མི་
འགྱུར་རམ་སྙམ་ན། སྨད་འཚོང་མ་ནི་ཐང་འགའ་ཕྲད་པ་ཉིད་ཡིན་ཡང་མི་མཐུན་པ་ཉིད་ཡིན་པས་དེའི་ཡུལ་ལ་འཕྲིན་ནོད་པ་སོགས་བྱས་ནས་དོན་གྲུབ་ན་དངོས་གཞིར་འགྱུར་རོ། །སྐྱེས་པ་བདག་པོ་མིན་པས་བུད་མེད་ལ་ཉེས་སྤྱོད་ལན་བཞི་པ་མན་ཆད་གཉིས་སམ་གསུམ་དུ་ཞུགས་པ་ཡང་མི་མཐུན་པ་ཡིན་པས་དེ་ལ་འཕྲིན་བསྐྱལ་བ་སོགས་བྱས་ནས་གྲུབ་ན་དངོས་གཞིའོ། །སྔར་མཐུན་པར་གྱུར་ཀྱང་རྩུབ་པོར་སྨྲ་བ་ལ་སོགས་པས་འཐབས་པ་ཉིད་ན་མཐུན་པ་ཉམས་པ་ཉིད་ཡིན་པས་དེ་ལྟ་བུ་མཐུན་པར་བྱས་ན་དངོས་གཞིར་འགྱུར་རོ། །གལ་ཏེ་བུད་མེད་དེ་སྐྱེས་པ་དབང་བ་ལ་སྐྱེས་པས་འདི་ཁོ་བོའི་ཆུང་མ་མིན་ནོ་ཞེས་ལམ་པོ་ཆེ་ལ་སོགས་པར་བསྒྲགས་པ་ཉིད་ཀྱང་མཐུན་པ་ཉམས་པ་ཡིན་ནོ། །ཆུང་མ་བདུན་པོ་ཐམས་ཅད་ལ་འཐབ་ཚིགས་བདུན་བདུན་ཡོད་པས་དེ་དག་གི་སྐབས་སུ་སྤྲད་པ་ལ་ཅིར་འགྱུར་ཞེ་ན། འཐབ་པ་ཉིད་ཀྱི་མོད་རྩོམ་པ་མ་རྫོགས་པ་དང༌། འོག་ཏུ་མཐར་ཕྱིན་པ་དང༌། དུམ་པ་ཞེས་བྱ་བའི་ཤིང་གི་རྣམ་པ་གཉིས་བཅད་ནས། འདི་གཉིས་མི་འབྱོར་བ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་པ་དང༌། རྡེའུ་གསུམ་ཕྱོགས་མཚམས་སུ་གཏོར་ནས་འདི་གསུམ་མི་ཕྲད་པ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཟེར་བ་དང༌། ཁ་ཅིག །རྡེའུ་མང་པོ་བསྣུན་པ་ཉིད་ཀྱིས་བརྡེགས་པ་ནི་རྡེའུ་གསུམ་གཏོར་བ་ཟེར་རོ། །ཁྱིམ་གྱི་ལས་སམ་ཁྱིམ་བདག་གི་རྐང་པ་བཀྲུ་བ་ལ་སོགས་པ་འཕྲལ་གྱི་བྱ་བ་ཆོ་ག་བཏང་བ་དང༌། ཆུང་མའམ་ཁྱོ་ཤུག་མིན་པར་བསྒྲགས་པ་ཉིད་དང༌། བདག་པོ་བཏང་བའི་ཕྱིར་ལྷ་ཁང་ལ་སོགས་པར་དྲིལ་བསྒྲགས་པ་དག་སྨྱན་བྱེད་ན་འཐབ་ཚིགས་ཇི་སྙེད་བྱུང་བ་དེ་སྙེད་ཀྱི་ལྟུང་བར་འགྱུར་ཏེ། དཔེར་ན་སྲོག་དང་སོ་སོར་ལྡན་པ་ཉིད་དག་སྤྲད་པ་བཞིན་ནོ། །ལྟུང་བ་
ཅིར་འགྱུར་ན་ཆུང་མ་ཐ་མ་བཞི་པོ་ལ་ནི་ལྷག་མར་འགྱུར་ལ། དང་པོ་གསུམ་པོ་དེའི་འཐབ་ཚིགས་དང་པོ་གསུམ་ལ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ། །ཚིགས་བར་མ་གཉིས་ལ་སྤོམ་པོ་དང༌། ཚིགས་དྲུག་པ་དང་བདུན་པ་ལ་ལྷག་མ་བྱེད་པ་ཡིན་ནོ། །བཞི་པ་སྦྱོར་བའི་སེལ་བ་ནི། ཅིའི་ཕྱིར་ཁྱེའུ་འདི་མི་སྤྲད། ཁྱིམ་མི་དབུབ། གྱོས་པོའི་གན་དུ་མི་འགྲོ། བག་མ་མི་ལེན། ཅིའི་ཕྱིར་བུ་མོ་འདི་མི་སྤྲད་གནས་མི་བཙལ། གྱོས་པོའི་གན་དུ་མི་བཀྲི། བག་མར་མི་བཏང་ཟེར་བ་དག་ཀྱང་ཉེས་བྱས་ཏེ། འཕྲིན་སྦྱོར་མེད་པའི་ཕྱིར་རོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། མངལ་ན་གནས་པའི་སྨྱན་བྱེད་པ་དང༌། འབྱུང་བར་འདོད་ཅིང་ད་དུང་མངལ་དུ་ཞུགས་པ་མེད་པ་དང༌། ངེས་པ་བརྟུལ་ཞུགས་ལ་གནས་པ་དང༌། མི་བསྟེན་པ་དབང་པོ་མེད་པ་དང༌། རིན་གྱིས་ཉོས་ནས་ཐོབ་པ་དང༌། སྔར་ནས་མཐུན་ཞིང་གཅུགས་པར་གྱུར་པ་དང༌། ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱི་སྨྱན་བྱེད་ན་སྦོམ་པོའོ། །སྤྲད་བྱ་གཉིས་སྔར་ནས་སྐད་སྦྱར་བ་ཉིད་སྤྲད་པར་བྱ་བའི་ཕྱིར་དགེ་སློང་གིས་དེ་ག་གེ་མོ་ན་འདུག་གོ་ཞེས་སྟོན་པར་བྱེད་ན་སྦོམ་པོའོ། །ཁྱོད་ཀྱིས་དེར་འཐབ་ཀྲོལ་གྱིས་དང་ཁོ་བོས་བུ་མོ་དབྲོག་གོ་ཟེར་བའི་སྤྲིང་བ་མནོས་ནས་འཐབ་ཀྲོལ་གྱིས་འཕྲོག་ཏུ་བཅུག་ན་སྦོམ་པོའོ། །ཆུང་མའམ་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོའོ། །སྤྱིར་བུད་མེད་ཉོས་ཤིག་ཅེས་ཟེར་ན་ཉེས་བྱས་སོ། །སྐྱེས་པ་དང་བུད་མེད་བརྡ་བྱས་པ་ན་དགེ་སློང་དེར་འོངས་ནས་རྙེད་མོད་ཅེས་ཟེར་བ་ཡང་ཉེས་བྱས་སོ། །གཙུག་ལག་ལས། ཉེས་པ་སྦོམ་པོའོ་ཞེས་ཁ་ཅིག་ལས་བྱུང་མོད། དེ་ནི་ལུང་གི་ཡི་གེ་ནོར་བ་འདྲ་སྟེ། ཉེས་བྱས་སུ་རིགས་པར་སྣང་སྟེ། སློབ་དཔོན་གྱིས་
ཉེས་བྱས་སོ་ཞེས་མདོར་བྱས་སོ། །སྨྱན་བྱེད་པ་ཞུ་བའི་སྐབས་སོ། །གསུམ་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་ནི། སྔར་ཕ་མས་བྱིན་ཟིན་པ་ལས་ཕྱིས་མ་བྱིན་ནོ་ཞེས་དོར་བྱེད་པ་སྤྲད་པས་ནི་སྦོམ་པོའོ། །ཆོས་ཀྱི་ཕུང་པོ་དགེ་འདུན་ལ་ཆོས་སྟོན་འདྲེན་ན་འབོད་དོ་ཞེས་བསོད་ནམས་ཀྱི་རྒྱུ་མཚན་སྔོན་དུ་བཏང་སྟེ་བོས་ནས་ཕྲད་ན་སྦོམ་པོའོ། །ཆོས་ཀྱི་ཕུང་པོ་ལས་དོན་གཞན་དང་ལྡན་པ་འདི་ནི་ཁྱོད་ཀྱི་ཁྱིམ་མོ། །འདི་ནི་ཁྱོད་ཀྱི་མི་སྟེ་དོན་ཐམས་ཅད་ལ་བསྐྱང་པར་བྱ་དགོས་སོ་ཞེས་བྱ་བ་ལ་སོགས་པས་བོས་ཏེ་ཕྲད་ན་སྦོམ་པོའོ། །བརྡེག་པའི་སྐབས་སུ་ཀ་བ་ལ་བསྣུན་པར་མི་བྱའོ། །གཞན་ལ་ཡང་མི་བྱའོ་ཞེས་གསུངས་པའི་གཞན་ཞེས་བྱ་བས་ཞེ་སྡང་གི་སྐྱོན་ཆགས་པ་མེད་པར་སེམས་ཅན་ལ་ཁུ་ཚུར་སོགས་བསྣུན་པ་ཡང་མ་འཕངས་པ་ཉིད་མིན་འཕངས་པ་ཡིན་ནོ། །སྨྱན་བྱེད་པ་འདུལ་བྱེད་དག་གོ །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ། །གཉིས་པ་ཕྱི་རོལ་ལོངས་སྤྱོད་ལ་ཆགས་པ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ། ཡན་ལག་ཐུན་མོང་བ་ཁང་པ་ལ་མཚོན་པ་ལ་གསུམ་ལས། ལྟུང་བ་རྣམ་གཞག་ལ་བཞི་ལས། གཞིའི་སེལ་བ་ནི། སྤྱོད་ལམ་བཞི་པོ་འདུག་པ་དང་འགྲེང་བ་དང་ཉལ་བ་དང་འཆག་པ་དག་གི་སྣོད་མིན་པ་དེ་དག་བྱར་མི་རུང་བ་ལུས་མ་བཏུད་པར་འགྲེང་མི་ནུས་པ་དང༌། རྒྱར་སྐྱིལ་ཀྲུང་བཅས་ཏེ་འདུག་མི་ནུས་པ་དང༌། རྐང་པ་བརྐྱང་བ་ལ་སོགས་པས་ཉལ་མི་རུང་བ་སྟེ་སོགས་ཀྱིས་ལག་པ་བརྐྱང་བ་བསྡུའོ། །གོམ་པ་གསུམ་དོར་བའི་སྐབས་མེད་པ་འཆག་པའི་སྣོད་མིན་པའོ། །གནས་དེ་ལྟ་བུ་ཉིད་ལ་ཁང་པ་ཁང་ཆེན་དུ་གཏོགས་པའི་ཉེས་པ་གཏན་ནས་མེད་དེ། དེ་བསྐྱེད་པའི་གཞིའི་ཐ་སྙད་བྱར་མེད་པའི་ཕྱིར་རོ། །དེས་ན་དེ་དག་བྱར་རུང་བ་ཡན་ལག་ཡིན་ནོ། །ཁང་པ་
ཁང་ཆེན་གྱི་ཁྱད་པར་ལ། སངས་རྒྱས་དང་ཆོས་ཀྱི་ཆེད་དུ་བྱས་པ་ཁང་ཆེན་ཡིན་ཏེ། འདི་བརྟེན་པའི་མིང་རྟེན་ལ་བཏགས་པ་ཡིན་པའི་ཕྱིར་རོ། །དགེ་འདུན་ལ་སོགས་པའི་ཆེད་དུ་བྱས་པ་ཁང་པ་ཡིན་ནོ་ཞེས་སོགས་གསུངས། ཁ་ཅིག་དཀོན་མཆོག་གསུམ་གྱི་ཆེད་དུ་བྱས་པ་ཁང་ཆེན་དེ་ལས་གཞན་གྱི་ཆེད་དུ་བྱས་པ་ཁང་པ་ཡིན་ཏེ། གཞན་དུ་ན་དུ་མའི་ཕྱིར་བྱས་པའི་སྦོམ་པོ་གང་དུ་གཏོགས་ཞེས་ཟེར་རོ། །ཆོས་རྗེ་དམར་སྟོན་པའི་གསུང་གིས། སྤྱིར་ཐ་སྙད་བྱས་པ་ཅི་རིགས་སུ་སྣང་ཡང༌། འདིར་ནི་ཚོགས་ཀྱི་དོན་དུ་བྱས་པ་ཁང་ཆེན་དང༌། གཅིག་གི་དོན་དུ་བྱས་པ་ཁང་པ་ཡིན་པར་དངོས་སུ་གསུངས་པ་ཡིན་ནོ། །གཞན་དུ་ན་ཁང་པ་བྱས་པས་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་སྲིད་པར་འགྱུར་རོ། །དུ་མའི་ཕྱིར་གྱི་སྦོམ་པོ་ནི་ཁང་ལྷག་གི་ཁོངས་སུ་གཏོགས་སོ། །ཁྱིམ་པ་བཞི་ལྟ་བུ་དེ་གཙུག་གམ་ཆེན་པོར་འགྱུར་རོ་ཞེ་ན། དེ་ནི་ཁྱེད་ལ་ཡང་མཚུངས་སོ། །དེས་ན་སྒྲ་ལ་འཇུག་ཚུལ་དུ་མ་ཡོད་པས་སྐྱོན་མེད་དོ་གསུངས། གཅིག་གི་དོན་དུ་བྱས་པ་ཁང་པ་དང༌། ཚོགས་ཀྱི་དོན་དུ་བྱས་པ་ཁང་ཆེན་དུ་འདོད་པ་ལ། མཚོ་སྣ་བ་ན་རེ། སངས་རྒྱས་ཞལ་བཞུགས་པའི་ཚེ་ན། སངས་རྒྱས་ཁོ་ན་བཞུགས་པའི་དོན་དུ་བཞུགས་གནས་བརྩིགས་ན་གནས་དེ་ཆོས་ཅན། ཁང་ཆེན་མིན་པར་ཐལ། བཞིར་ལོངས་ཚོགས་ཀྱི་དོན་དུ་བརྩིགས་པ་མིན་པའི་ཕྱིར་རོ། །འདོད་ན། རྣམ་འབྱེད་ལས། ཁང་ཆེན་ཞེས་བྱ་བ་ནི་སྦྱིན་པར་བྱ་བས་ཆེན་པོ་ཡིན་གྱི། ཚད་ཀྱིས་ཆེ་བ་ནི་མིན་ནོ་ཞེས་གསུངས་པ་དང༌། འོད་ལྡན་ལས། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པས་ཁང་ཆེན་ཡིན་པར་
སྒྲུབ་བོ། །སྡིག་བྱེད་ཁྱིམ་པ་བཞིའི་དོན་དུ་དགེ་སློང་གིས་ཁང་པ་བརྩིགས་ན། ཁང་པ་དེ་ཆོས་ཅན། ཁང་ཆེན་མིན་པར་ཐལ། བཞིར་ལོངས་ཚོགས་ཀྱི་དོན་དུ་བརྩིགས་པའི་གནས་ཡིན་པའི་ཕྱིར་རོ། །ཁྱབ་པ་ཁས། འདོད་ན། རྣམ་འབྱེད་ལས། ཁང་ཆེན་དེ་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པ་དང་འགལ་ལོ། །གཅིག་གི་དོན་དུའོ་ཚོགས་ཀྱི་དོན་དུའོ་ཞེས་པ་དེ་ཁྱོད་འདོད་པའི་སྒྲུབ་བྱེད་མིན་ཏེ། རང་རང་གི་དངོས་གཞི་བསྐྱེད་པའི་ཡན་ལག་ཡིན་པར་བསྟན་པ་ཡིན་གྱི། རང་གི་ངོ་བོའི་ཁྱད་པར་བསྟན་པ་མ་ཡིན་པའི་ཕྱིར་ཞེས་ཟེར། སོག་གི་ལུགས་དེ་ཡང་མི་འཐད་དེ། ཚང་མང་ལྟ་བུ་དགེ་འདུན་གྱི་སྤྱིའི་ཆེད་ཀྱི་གནས་དེ་ཁང་ཆེན་མིན་ན། ཞུ་ཊཱིཀ་ལས། དགེ་འདུན་གྱི་དོན་ཉིད་དུ་གཙུག་ལག་ཁང་བྱེད་པ་ལ་གཙུག་ལས་ཁང་གི་དགེ་འདུན་ལྷག་མ་གསུངས་པའི་ཕྱིར་རོ་ཞེས་བཤད་པ་དང་འགལ་ལ། རྣམ་འབྱེད་ལས། ཁང་ཆེན་དེ་སྦྱིན་པར་བྱ་པའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པ་དང་འགལ་ལོ། །གཞན་ཡང༌། ཁང་པའི་ཚད་ནི། ནང་ལ་ཁྲུ་བཅོ་བརྒྱད་ལས་ལྷག་པ་མ་གནང་བས་དགེ་འདུན་བརྒྱ་སྟོང་གི་འདུ་ཁང་གི་ཚང་མང་ཁྲུ་བཅོ་བརྒྱད་ལས་མ་གནང་ན་འགལ་བའི་སྐྱོན་དུ་འགྱུར་རོ། །དགེ་འདུན་སྤྱིའི་ཆེད་དུ་དགེ་འདུན་གྱིས་ཚང་མང་ལྟ་བུ་བརྩིགས་པ་དེ་ཆོས་ཅན། དགེ་འདུན་ལ་འདོད་ཆེས་ཀྱི་དགག་བྱ་ཡོད་པ་ཐལ། དགེ་འདུན་གྱི་ཆེད་དུ་བརྩིགས་པ་དེ་ཁང་པ་ཡིན་ཞིང༌། ཁང་པ་བརྩིགས་པའི་དགག་བྱ་འདོད་ཆེས་ཡིན་པའི་ཕྱིར་རོ། །མཚོ་སྣ་པ་རང་གི་ལུགས་ནི། ཁྱིམ་པའམ་རབ་བྱུང་གང་ཟག་གི་དོན་དུ་བྱེད་པའི་གནས་ནི་ཁང་པ་ཡིན་ལ། དཀོན་མཆོག་གསུམ་གང་གི་དོན་དུ་རྩིག་པར་བྱེད་ནའང་གནས་དེ་ཁང་ཆེན་ཡིན་ཏེ། རྣམ་འབྱེད་ལས། ཁང་ཆེན་ནི་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པས་སོ། །ཁྱད་པར་དུ་ཡང་སངས་རྒྱས་ཀྱི་ཆེད་དུ་བྱེད་པའི་གནས་
དེ་ཁང་ཆེན་ཡིན་པར་གྲུབ་སྟེ། འོད་ལྡན་ལས། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད་ལ། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་པས་ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཆེད་དུ་བྱེད་པའི་གནས་དེ་ལྷ་ཁང་ཡིན་ཏེ། འདིར་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞེས་གསུངས་ལ། ལུང་གི་ཆོས་དང་གཙུག་ལག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་ཆེད་དུ་བྱེད་པའི་གནས་དེ་ཁང་ཆེན་ཡིན་ཏེ། རིམ་པ་ལྷག་པར་བརྩིག་པའི་ལྟུང་བྱེད་བསྐྱེད་པ་ལ། གཙུག་ལག་ཁང་བྱེད་པ་པོ་ཉིད་དོ་ཞེས་གསུངས་ལ། དགེ་འདུན་གྱི་ཆེད་དུ་གནས་བརྩིག་པ་ལ་རིམ་པ་གསུམ་ལས་ལྷག་པའི་ལྟུང་བྱེད་བསྐྱེད་པར་ཞུ་བ་ལས་གསུངས་པས་སོ་ཞེས་ཟེར། གཉིས་པ་བྱེད་པ་པོ་ལ་ དོགས་པ ་བཅད་པ་ནི། གཞན་གྱི་ཆེད་དུ་གཞན་གྱིས་བྱེད་དུ་བཅུག་པ་བསྐོས་པ་ཉིད་དང༌། རང་ཆེད་དུ་རང་གིས་བྱེད་པ་མ་བསྐོས་པ་ཉིད་དག་ནི་ལྟུང་བའི་ཡན་ལག་གཙོ་བོ་ཉིད་མིན་ཏེ། གང་རུང་གཅིག་ཡོད་པས་ཀྱང་ལྟུང་བ་དེ་འབྱུང་བའི་ཕྱིར་རོ། །དེས་ན་གཞན་དོན་དུ་བྱས་ཀྱང་དངོས་གཞིར་འགྱུར་ཏེ། ཊཱིཀྐར། དགེ་སློང་བསྐོས་པའི་དབང་གིས་ཁང་པའམ་གཙུག་ལག་ཁང་བྱེད་དུ་འཇུག་པ་ལའང་རང་དགས་བྱེད་དུ་འཇུག་པའི་ལྟུང་བའི་རྣམ་པ་གང་ཡིན་པའི་རྣམ་པ་དེ་ཉིད་དུ་འགྱུར་རོ་ཞེས་དང༌། བམ་ལྔར། མ་བསྐོས་པར་བྱེད་པ་ལ་ན་སྨད་པ་མེད་དོ། །གཞན་གྱིས་བདག་བསྐོས་པ་ལ་ན་སྨད་པ་མེད་དོ་ཞེས་གསུངས། དགེ་སློང་གིས་བསྐོས་པས་ཁང་པ་དང་ཁང་ཆེན་ཚད་ལས་འདས་པ་བྱས་པ་ནི་སྐོ་བ་པོ་རང་ཉིད་ཀྱིས་བྱས་པ་དང་འདྲ་བར་གཞི་ཇི་ལྟ་བའི་ཁ་ན་མ་ཐོ་བར་འགྱུར་རོ། །ཐམས་ཅད་དུ་འདྲ་
འམ་ཞེ་ན། ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་ལ་མི་འདྲ་སྟེ། བསམ་པ་མི་རྫོགས་པའི་ཕྱིར། བསྐོས་པ་དེ་ལ་ནི་ཉེས་པར་འགྱུར་རོ། །འོན་ཀྱང་སྐོ་བ་པོས་ལུས་ཀྱིས་སོ་ཕག་སྦྱིན་པ་ལ་སོགས་པ་དང༌། ངག་གིས་ལེགས་སོ་ཞེས་ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་དེ་ནོད་པ་དང་དུ་ལེན་པར་བྱེད་ན་འདྲ་བས་གཉིས་ཀ་ལ་ཡང་གཞི་ཇི་ལྟ་བའི་ལྟུང་བར་འགྱུར་རོ། །གསུམ་པ་སྦྱོར་བ་དང་ཡན་ལག་ལ་ དོགས་པ ་བཅད་པ་ནི། གནས་རྗེས་སུ་བསྒྲུབ་པའི་ཕྱིར་སྔ་ཕྱིར་ལས་ཀྱི་བྱ་བ་བྱས་པ་ནི། དུས་ཡུན་རིང་ཐུང་དུ་མས་བར་དུ་ཆོད་ཀྱང་ལྟུང་བ་གཅིག་ཉིད་ཀྱི་བྱེད་པ་པོ་ཡིན་ནོ། །སྔར་གྱི་འཕྲོ་ཕྱིས་མི་བྱ་བའི་བསམ་པས་བཏང་ནས་ཡང་འཕྲོ་དེ་བྱེད་ན་སྔ་ཕྱི་དག་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཡིན་ནོ། །གཞི་མི་རུང་བ་ལ་སོགས་པའི་ཡན་ལག་དུ་མ་ཡོད་པ་དེ་དག་སྦྱོར་དངོས་ཀྱི་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཡིན་ནམ་ཞེ་ན། མི་རུང་བ་ལ་སོགས་པའི་ཡན་ལག་རྣམས་ནི་ལྟུང་བའི་བྱེད་པ་པོ་ཐ་དད་པ་ཉིད་མིན་ཏེ། ལྟུང་བ་གཅིག་བསྐྱེད་པའི་རྒྱུ་ཚོགས་གཅིག་ཡིན་པའི་ཕྱིར་རོ། །དེ་གཉིས་སྡེ་ལྔ་གཞན་ལའང་སྦྱར་རོ། །བཞི་པ་ཡན་ལག་གི་མཚན་ཉིད་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །སྤྱི་དོན་ལ། གླེང་གཞི། ཡུལ་མཉན་ཡོད་དུ། གང་ཟག་དགེ་སློང་རབ་ཏུ་མང་པོས། ཉོན་མོངས་པ་འདོད་ཞེན་གྱིས་ཀུན་ནས་བསླངས་ཏེ། ཉེས་པ་ཁང་པ་བརྩིགས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་སྲོག་ཆགས་ལ་གནོད་པ་དང༌། འཐབ་རྩོད་དུ་འགྱུར་བ་དང༌། གནས་བརྩམས་པ་ཚེ་ཐུང་བ། རང་གི་བསམ་གཏན་དང་ཀློག་པ་ལ་གནོད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ས་གཞི་དང་ཡོ་བྱད་བཙལ་བའམ། དེས་གནང་བ། གཞི་མ་དག་པ་དང་མ་བསྟན་པའོ། །གང་བརྩིག་པར་བྱ་བ་ནི། གཅིག་ཆེད་ཡིན་པ། ཚད་ལས་ལྷག་པ། སྤྱོད་ལམ་བཞི་ཤོང་བ། སྔར་
གཞན་གྱིས་བརྩམས་པ་མིན་པའོ། །ཀུན་སློང་བརྩིག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་བརྩིག་པར་ཞུགས་པའོ། །མཐར་ཐུག་བསྐོར་བ་དང་བཀབ་པ་ཟིན་པའོ། །གཞུང་དོན་ལ་གཉིས་ལས། མདོར་བསྟན་ནི། གང་བྱས་ན་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་རང་གིས་ས་གཞི་མིའི་འགྲོ་བ་པ་རྫས་ཐ་དད་པ་ལ་བཙལ་བ་དང༌། གང་གིས་བཙལ་བ་དེས་འདིར་གྱིས་ཤིག་ཅེས་རྗེས་སུ་གནང་བའི་གཞི་ལ་གནས་བྱེད་དུ་བཅུག་ན་ལྷག་མར་འགྱུར་རོ། །སྒྲུབ་པར་བྱེད་པ་གང་གིས་བྱས་ན་འགྱུར་ཞེ་ན། ཤིང་དང༌། སོ་ཕག་དང༌། གླ་མི་དང༌། གླ་རྔན་ལ་སོགས་པ་ལྟུང་བ་འབྱིན་པ་པོ་རང་ངམ་གང་གིས་བཙལ་བ་དེས་ཡོ་བྱད་འདི་དག་གིས་སྒྲུབས་ཤིག་ཅེས་རྗེས་སུ་གནང་བ་བཙལ་བའི་རྣམ་པ་དེ་ལྟ་བུས་བྱེད་དུ་བཅུག་ནའོ། །གཞི་གང་ཡང་རུང་བ་ལ་ལྟུང་བར་འགྱུར་རམ་ཞེ་ན། གཞི་མ་དག་པ་དང༌། གཞི་དགེ་འདུན་ལ་མ་བསྟན་པ་ལའོ། །གཞི་དེ་ལྟ་བུ་ལ་གནས་ཁང་བྱེད་དུ་བཅུག་ནའོ། །ཐོག་བཀབ་ཅིང་སྒོ་མ་གཏོགས་པ་ཀུན་ནས་བསྐོར་ཟིན་པའི་མཐར་དགེ་འདུན་ལྷག་མར་འགྱུར་རོ། །གང་ལ་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་འགྱུར་ཞེ་ན། །བསླབ་པའི་གཞི་འོག་མ་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་དག་ལ་ཡང་ཡན་ལག་དེ་དག་ཉིད་སྦྱར་ཏེ། འོན་ཀྱང་དེ་མ་བཙལ་བ་ལ་ཡང་འབྱུང་བས་དེ་མ་གཏོགས་སོ། །རང་ངམ་གཞན་ཞིག་གི་དོན་དུ་བཅུག་ན་ལྷག་མར་འགྱུར། བྱེད་དུ་བཅུག་པ་ཐམས་ཅད་ལ་ལྷག་མར་འགྱུར་རམ་ཞེ་ན། ཁང་པའི་ཚད་ཇི་སྐད་བསྟན་པ་ལས་ལྷག་པར་བྱེད་དུ་བཅུག་ན་འགྱུར་རོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། མ་དག་པའི་དབྱེ་བ་ནི། གཞི་མ་དག་པ་ལའོ་ཞེས་བཤད་ན། མ་དག་པ་གང་
ཞེ་ན། གཞི་མི་རུང་བ་ཉིད་དང༌། རྩོད་པ་དང་བཅས་པ་ཉིད་དང༌། བརྩམ་དུ་མི་རུང་བ་ཉིད་ནི་མ་དག་པའོ། །གསུམ་པོ་དེའི་ངོ་བོ་གང་ཞེ་ན། སྡིག་སྦྲུལ་ལ་སོགས་པ་དེ་ཉིད་དུ་གནས་པ་གཞན་དུ་འབྲོས་མི་ཤེས་པ་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་ནི་མི་རུང་བ་ཉིད་དང༌། རྒྱལ་པོ་དང༌། ལྷའི་གནས་དང༌། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་ནི་སྐྱེ་བོ་མང་པོ་དང་གླང་པོ་ཆེ་ལ་སོགས་པའི་དགྲ་དག་གིས་གནོད་པའི་ཕྱིར་དང༌། ཤིང་ལྗོན་པ་གཅད་པར་བྱ་བ་མིན་པ་ཉིད་ནི་སྐྱེ་བོ་ཕལ་པོ་ཆེ་ལ་མཁོ་བས་ཁ་མཆུ་འབྱུང་བའི་ཕྱིར་རྩོད་པ་དང་བཅས་པ་ཡིན་ནོ། །རྩིག་རྨང་ནས་ཕྱི་རོལ་འདོམ་གང་གི་མཐའ་ཉེ་འཁོར་གྱི་ནང་རོལ་ན་ཆུ་ཀླུང་ངམ། ངམ་གྲོག་གམ། ཁྲོན་པ་དང་འདོམ་པ་ཉིད་ནི་བརྩམ་དུ་མི་རུང་བ་ཡིན་ཏེ་གནས་དེ་ཚེ་ཐུང་བའི་ཕྱིར། ལུང་དུ། གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་ཞེས་གསུངས་པའི་འམ་གང་རུང་གི་སྒྲ་ཡིན་པས་མ་དག་པ་གསུམ་པོ་གང་རུང་གིས་ཆོག་པར་མངོན་ལ། ཡང་ཐམས་ཅད་ལས་འདས་པར་བྱེད་དུ་བཅུག་ན་དགེ་འདུན་ལྷག་མར་འགྱུར་ཞེས་གསུངས་པ་ལ་བརྟེན་ནས་གཞི་མ་དག་པ་གསུམ་ལྡན་དགོས་ཞེས་གསུངས་པ་ཡང་སྣང་ངོ༌། །གཉིས་པ་ཚད་ཀྱི་མཚན་ཉིད་ནི། ཚད་ལས་ལྷག་པ་ཞེས་གསུངས་པའི་ཚད་དེ་གང་ཞེ་ན། རྡུལ་ཕྲ་རབ་ནས་རིམ་པས་བསྒྲེས་པའི་སོར་ཉི་ཤུ་རྩ་བཞི་ནི་ཚད་དང་ལྡན་པའི་ཁྲུ་གང༌། ཁྲུ་དེའི་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་ངོ༌། །ཁང་པ་དེའི་ནང་རོལ་ནས་སྲིད་དུ་བདེ་བར་གཤེགས་པའི་མཐོ་དེ་བཅུ་གཉིས་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད་དང༌། ཞེང་དུ་བདེ་བར་གཤེགས་པའི་མཐོ་བདུན་ཚད་དངལྡན་པའི་ཁྲུ་ཕྱེད་དང་བཅུ་གཅིག་ནི་གནས་ཀྱི་ཚད་ཡིན་ནོ། །
གསུམ་པ་བསྟན་པའི་མཚན་ཉིད་ནི། མ་བསྟན་པ་ལའོ་ཞེས་སྨྲས་ན་ཇི་ཙམ་གྱིས་བསྟན་པ་ཡིན་ཞེ་ན། ཁང་པའམ་གཙུག་ལག་ཁང་གི་གཞི་གང་གསོལ་གཉིས་ཀྱི་ལས་ཀྱིས་དགེ་འདུན་ལས་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ། །གཉིས་པ་བསླབ་བྱ་ནི། གཞི་མི་རུང་བ་ལ་སོགས་པའི་མ་དག་པའི་དགེ་འདུན་ལ་བསྟན་པ་གསོལ་བར་མི་བྱའོ། །བསྟན་པ་གསོལ་བའི་འོག་ཏུ་དགེ་སློང་དེ་དག་རང་དག་གཞི་དེ་དག་མ་དག་རྟོག་ཏུ་འདོད་པར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་བར་བྱའོ། །ལོ་དྲུག་གི་ནང་དུ་སྟན་བྱེད་པའི་གནང་བ་དགེ་འདུན་ལ་གསོལ་བ་ལ་ཡང་སྟན་དེ་རྙིང་པ་བརྟག་པའི་ཕྱིར་རང་དང་རྟོག་ཏུ་འདོང་བར་བྱ། ཡང་ན་བསྐོས་པའི་དགེ་སློང་རྟོག་ཏུ་གཏང་བར་བྱའོ། །གསུམ་པ་ལྟུང་མེད་ནི། གནས་ཁང་གཞན་གྱིས་བྱས་ཟིན་པ་རྙེད་པ་དང་གཞན་གྱིས་བྱས་ཟིན་པ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་ཤིང་བྱི་དོར་བྱེད་པ་ལ་ཡང་ལྟུང་བ་མེད་དོ། །གཉིས་པ་ཁང་ཆེན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། ཡུལ་ཀོའུ་ཤམ་བིར། གང་ཟག་དྲུག་སྡེས་ཉོན་མོངས་པ་བརྙས་པ་མི་བཟོད་པས་ཀུན་ནས་བསླངས་ཏེ། ཉེས་པ་གཙུག་ལག་ཁང་བརྩིགས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་འདྲ། ཡན་ལག་ལ། བཙལ་བ། ཚད་ལྷག །གཅིག་ཆེད་གསུམ་མི་སྦྱར། ཚོགས་ཆེད་སྦྱར། གཞན་འདྲའོ། །གཞུང་དོན་ནི། ཚོགས་ཁྱིམ་པ་ཡན་ཆད་བཞི་ཉིད་ཀྱི་དོན་དུའོ། །ཊཱིཀྐར། རྣམ་པར་འབྱེད་པ་ལས་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་གླེང་གཞིའི་དབང་གིས་ཏེ། དཔེ་ཙམ་དུ་ཟད་པས་འདི་ལ་ཉེས་པ་མེད་དོ་ཞེས་སོ། །གཙུག་ལག་ཁང་
གི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བ་ཐུན་མོང་པ་ནི་གནས་རྩོམ་པ་ནི་སྦྱོར་བ་ཉིད་ཡིན་ཏེ། བརྩམས་ནས་བདག་ཉིད་གསོད་ན་ཉེས་པ་སྦོམ་པོར་འགྱུར་བར་གསུངས་པའི་ཕྱིར་རོ། །ཁང་པ་དང་གཙུག་ལག་ཁང་སྟེང་མ་གཡོགས་པ་ཞིག་བྱེད་དུ་འཇུག་པའི་བསམ་པས་ཞུགས་པའི་དགེ་སློང་གི་གནས་ཀྱི་མཐའ་དེ་ཡང་སྦྱོར་བ་དེ་དང་འདྲ་བར་སྦོམ་པ་ཉིད་དོ། །གཉིས་དང་གསུམ་གྱི་ཆེད་དུ་བྱས་ན་ཅིར་འགྱུར་ཞེ་ན། དུ་མ་གཉིས་དང་གསུམ་གྱི་དོན་དུ་བྱེད་དུ་འཇུག་པའི་མཐའ་ཡང་སྦྱོར་བ་དང་འདྲ་བར་སྦོམ་པོའོ། །ཚོལ་བ་པོ་བཙལ་བའི་དགེ་སློང་ངམ། དང་པོའི་བདག་པོ་གནང་བ་པོས་མ་བསྐོས་པར་གནས་བྱེད་དུ་འཛུད་པའི་མཐའ་ཡང་སྦོམ་པོའོ། །ཡོ་བྱད་མ་བཙལ་བར་རང་གིས་བྱེད་ན་ཡང་སྦོམ་པོའོ། །མ་བཅོལ་བར་སྔར་གཞན་གྱིས་བྱས་པའི་འཕྲོ་ཟིན་པར་བྱེད་ན་ཡང་སྦོམ་པོའོ། །བདག་པོ་ལ་ས་གཞི་དང་དགེ་འདུན་ལ་རུང་བ་བསྟན་པ་གསོལ་བའི་འོག་ཏུ་རྐྱེན་མེད་པར་མ་གྲུབ་ན་ཉེས་བྱས་ཏེ་བར་ཆད་ཀྱི་དབང་གིས་མ་གྲུབ་པ་ལ་ཉེས་པ་མེད་དོ། །འདི་ཁ་ཅིག་ཁང་ཆེན་ལ་མི་སྦྱོར་བ་མི་འཐད་དེ། ཁང་ཆེན་ལ་བཙལ་མ་བཙལ་ཁྱད་པར་མེད་པའི་ཕྱིར་རོ། །ཁ་ཅིག །ཁང་པ་ལ་མི་སྦྱོར་བ་མི་འཐད་དེ། དེ་ཡན་ལག་གཞན་མེད་ཀྱང་བཙལ་བར་བརྩིག་ན་སྦོམ་པོར་གསུངས་པས་སྦོམ་པོ་མ་བྱས་པ་ལ་ཉེས་བྱས་བསྐྱེད་པ་མི་སྲིད་པའི་ཕྱིར། ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་སོ། །གཉིས་པ་གནོད་པས་ཀུན་ནས་བསླང་བ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་ཡང་གཉིས་ལས། ཡན་ལག་ཐུན་མོང་བ་གཞི་མེད་ལ་མཚོན་པ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ལ། གླེང་གཞི།
ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཉོན་མོངས་པ་མ་བཟོད་པས་ཀུན་ནས་བསླངས་ཏེ་ཉེས་པ་གཞི་མེད་པར་སྐུར་བ་བཏབ་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན། སྐུར་འདེབས་ཀྱི་ཚིག་བདེན་པར་བཟུང་ན་ཡུལ་དེ་ལ་གནོད་པ་དང༌། མི་བདེན་པར་བཟུང་ན་རང་ཡང་སྐུར་འདེབས་མཁན་དུ་བཟུང་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤོང་བ་དང༌། ངན་སོང་དུ་སྐྱེ་བར་འགྱུར་ཏེ་གང་ཟག་ལས་བྱུང་བའི་སྡིག་རྣམས་ཀྱི་ལྕི་ཤོས་ཡིན་པའི་ཕྱིར། ཇི་སྐད་དུ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱི་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་སྐྱེ་བར་འགྱུར། །ཞེས་སོ། །ཡན་ལག་ལ་བཞི་ལས། གཞི་ནི། ཡུལ་རྫོགས་པའི་སྡོམ་པ་དང་ལྡན་པ། ཐ་སྙད་གསུམ་དང་ལྡན་པ། རྒྱུད་ཐ་དད་པའོ། །གོ་བྱའི་ཡུལ་ཐ་སྙད་ལྔ་དང་ལྡན་ཞིང་རྒྱུད་ཐ་དད་པ། དངོས་པོ་ཕམ་པ་བཞིའམ་བརྒྱད་ལས་གང་ཡང་རུང་བའོ། །ཀུན་སློང་འདུ་ཤེས་བསྒྱུར་བའི་དོན་ཅན་ཉམས་པར་འདུན་པས་སྐུར་བར་འདོད་པའོ། །སྦྱོར་བ་དེའི་མིང་གིས་ངག་མཚན་ཉིད་བཞི་ལྡན་གྱིས་སྐུར་བའོ། །བམ་ལྔར། བརྡ་སྤྲད་པའི་ཐབས་མངོན་སུམ་མམ་བརྒྱུད་པའམ་འཕྲིན་དང་སྤྲིང་ཡིག་དང༌། བརྡ་ལ་སོགས་པས་གོ་བར་བྱེད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ་ཞེས་སོ། །མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཕམ་པར་འགྱུར་བ་བཞིའམ་བརྒྱད་ལས་གང་ཡང་རུང་བ་ལྷག་པར་སྤྱོད་པ་མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་སོ་ཞེས་པ་ལྟ་བུས་སྐུར་བ་འདེབས་ན་འགྱུར་རོ། །སུ་ལ་ན། དགེ་སློང་
ལ་སྟེ་དགེ་ཚུལ་ལ་སོགས་པ་ལ་མིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་ལ་ན། ཚུལ་ཁྲིམས་དང་ལྡན་པ་ཁོ་ནར་མ་ཟད་ཉམས་པ་ལ་ཡང་ངོ༌། །འོ་ན་འདིར་ལྷག་མར་གསུངས་པ་དང༌། དམ་པར་སྦོམ་པོར་གསུངས་པ་དང༌། བླ་མར་ཉེས་བྱས་སུ་གསུངས་པ་འགལ་ལོ་ཞེ་ན། འདི་ལ་ཁ་ཅིག །རྐུ་བའི་ཕམ་པ་ཅན་ལ་དེ་ཉིད་ཀྱིས་སྐུར་ན་ཉེས་བྱས་ལ་ཕམ་པ་གཞན་གྱིས་སྐུར་ན་ལྷག་མ་སྟེ། ཞུ་བར། བཙུན་པ་དགེ་སློང་རང་འདི་སྐད་ཅེས་བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནོ་ཞེས་མཆི་བ་དེ་ལ་དགེ་སློང་གིས་གཞི་མ་མཆིས་པར་བརྐུ་བའམ་འགུམས་པའམ་སྨྲ་བས་སྐུར་བ་འདེབས་ན་ཅིར་འགྱུར། དགེ་འདུན་ལྷག་མའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་ན་མཐོང་བ་ལ་ཐོས་སོགས་སུ་བརྗོད་ནའང་ཉེས་བྱས་ཡིན་པར་འགྱུར་རོ། །ཁ་ཅིག །འཆབ་སེམས་སྐྱེས་པ་ལ་སྐུར་བ་ལ་ཉེས་བྱས་མ་སྐྱེས་པ་ལ་ལྷག་མ་ཡིན་གསུང་བ་ལ་དེ་ཉམས་པར་གྲགས་པ་ལའང་ལྷག་མར་འགྱུར་རོ་གསུང་ངོ༌། །དེས་ན་ཉམས་པར་གྲགས་པ་དང་མ་གྲགས་པའི་ཁྱད་པར་ཡིན་ལ། སྦོམ་པོར་བཤད་པ་བཏགས་པ་བ་ལ་དགོངས་ཤིང༌། རྣམ་འབྱེད་དུ་ཉམས་པ་དྲིལ་བསྒྲགས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དངོས་གཞི་ལ་དགོངས་ཞེས་གསུངས་ཏེ་དཔྱད་པར་བྱའོ། །སྤྱིར་བསྟན་དུ་ལྟ་མཚན་ནང་མཐུན་དགོས་པར་གསུངས་པའི་དམིགས་བསལ་ནི། མཚན་གྱི་ཕྱོགས་ལས་རང་དང་མཐུན་པ་དགེ་སློང་དང་དགེ་སློང་ལྟ་བུ་དང༌། ལྟ་བའི་ཕྱོགས་ལས་རང་དང་མཐུན་པ་ཆོས་ཕྱོགས་པ་དང་ཆོས་ཕྱོགས་པ་ལྟ་བུ་ཉིད་ནི་སྐུར་བ་འདེབས་པའི་སྐབས་འདིར་ཡན་ལག་གམ་རྒྱུ་མིན་ཏེ། ལྟ་མཚན་མི་མཐུན་པ་ལ་སྐུར་ནའང་དངོས་གཞིར་འགྱུར་བའི་ཕྱིར་རོ། །ཊཱིཀྐར། ཉམས་པ་ལ་སྐུར་བ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་
གསུངས་པ་ལས་ནི་ཁས་ལེན་པ་དང་ཁས་མི་ལེན་པ་གཉིས་ལ་སྐུར་བ་འདེབས་པ་ལྟ་ན་ཤིན་ཏུ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཕམ་པ་མ་བྱུང་བའི་ཕྱིར་རོ། །ཞེས་སོ། །བམ་ལྔར། དེ་གཉིས་ཕམ་པར་འགྱུར་བའི་ཆོས་ཀྱིས་ཉམས་དང་མ་ཉམས་པ་གང་ཡང་རུང་བ་ལ་ན་སྨད་ པ་མེད་དོ་ཞེས་སོ། །ཡང་དག་པས་སམ་ཞེ་ན། མཐོང་ཐོས་དོགས ་གསུམ་གྱི་གཞི་མེད་པར་རྫུན་དུ་སྨྲ་བས་སྐུར་བ་འདེབས་ན་དགེ་འདུན་ལྷག་མར་འགྱུར་རོ། །སྐུར་བ་གདབ་བྱ་དེ་ཉིད་ལ་གོ་བར་བྱ་དགོས་སམ་ཞེ་ན། མིའི་འགྲོ་བ་པ་གང་ཡང་རུང་བ་ལ་གོ་བར་བྱས་ན་ལྷག་མར་འགྱུར་རོ། །བསམ་པ་ཇི་ལྟ་བུས་ཤེ་ན། ཁྲོས་པའམ་བཞད་གད་སོགས་ཀྱིས་མིན་གྱི། ལྟུང་བས་ཉམས་པར་འདུན་པས་སྨྲས་ནའོ། །ཊཱིཀྐར། ཕམ་པར་འགྱུར་བས་སྐུར་ན་དགེ་འདུན་ལྷག་མའོ། །དེས་སྐུར་ན་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ཉེས་བྱས་སོ། །ཉེས་བྱས་ཀྱིས་སྐུར་ན་ཉེས་བྱས་ཕྲ་མོའོ་ཞེས་སོ། །འོ་ན་ཁྱིམ་པ་དང་དགེ་ཚུལ་ལ་སྐུར་ན་ཉེས་བྱས་དང་སྦོམ་པོ་བསྐྱེད་པ་དང་འགལ་ལོ་ཞེ་ན། འདིར་བཤད་པ་ཡན་ལག་གཞན་ཚང་བའི་དབང་དུ་བྱས་ནས་དངོས་གཞིའི་ལྡོག་པ་ནས་བཤད་པ་ཡིན་ལ། ཞུ་བར་གསུངས་པ། ཡུལ་སྡོམ་ལྡན་མ་ཚང་བས་ཡུལ་གྱི་ཆ་ནས་གསུངས་པ་ཡིན་ནོ། །གལ་ཏེ་བཤེས་ངོས་སྟེར་བ་དང་ཟས་ཅུང་ཟད་ཀྱི་ཕྱིར་ཆོས་བསྟན་ན་ཉེས་བྱས་ཡིན་པ་ལ། དེ་གཉིས་ཀྱིས་སྐུར་བ་ལྟུང་བྱེད་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་གཉིས་རྫུན་ཤས་ཆེ་བའི་སྐུར་འདེབས་ཡིན་པས་རྫུན་གྱི་ལྟུང་བ་ཡིན་ལ། འདི་རྫུན་ཡིན་ཡང་ཉམས་འདུན་ཤས་ཆེ་བས་སྐུར་འདེབས་ཀྱི་ཕྱོགས་ནས་བཤད་པ་ཡིན་ནོ། །གཉིས་པ་རྫུན་པའི་མཚན་ཉིད་ལ་ དོགས་པ ་བཅད་པ་ནི། སྔར་ཕམ་པ་བྱེད་པ་མཐོང་བའི་
གཞི་དེ་ནི་གཞན་ཐོས་པ་དང་ དོགས་པ ་མིན། ཐོས་ པ་ཡང་མཐོང་དོགས ་མིན་ཞིང༌། དོགས་པ ་ཡང་མཐོང་ཐོས་མིན་ནོ། །དེས་ན་མཐོང་བ་ཐོས་ དོགས་སུ་བརྗོད་ན་གཞི་མེད་པ ་ཡིན་པས་དགེ་འདུན་ལྷག་མར་འགྱུར་རོ། །སྔར་མཐོང་ཐོས་ དོགས་གསུམ་ཡོད་པ ་ད་ལྟ་བརྗེད་པ་ནི་ལྟུང་བ་གླེང་བའི་གཞིར་ཡོད་པ་མིན་ནོ། །དེས་ན་མཐོང་བ་དང་ཐོས་པ་བརྗེད་བཞིན་དུ་འདུ་ཤེས་བསྒྱུར་ཏེ་མཐོང་ངོ་ཐོས་སོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །གལ་ཏེ་གཞི་གཞན་དང་བརྗེད་པ་གཞི་ཡོད་པ་མིན་ཞེ་ན། འདུ་ཤེས་བསྒྱུར་ཏེ་སྨྲ་ན་སྨྲས་པའི་དོན་དེ་ཉིད་ཡོད་དུ་ཟིན་ཀྱང་མི་རྫུན་པར་སྨྲ་བའི་རྒྱུ་ཉིད་མིན་ལ། འདུ་ཤེས་བསྒྱུར་བར་མི་བྱེད་ན་དོན་མེད་ཀྱང་རྫུན་དུ་མི་འགྱུར་ཏེ། བདེན་རྫུན་ནི་འདུ་ཤེས་དང་འབྲེལ་གྱི་དོན་དང་མ་འབྲེལ་བའི་ཕྱིར། ཇི་སྐད་དུ། འདུ་ཤེས་དྲང་བ་བདེན་ལ་བསྒྱུར་བ་རྫུན། །ཕན་པ་བདེན་ལ་གནོད་པར་བྱེད་པ་རྫུན། །ཞེས་གསུངས། གཞི་མེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་བག་ཙམ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་གསུམ་འདྲ། གཞན་གྱི་ཆ་མིན་པ་དང་མཐུན་པས་སྐུར་བའོ། །རྒྱུ་མཚན་སོགས་འདྲ་ལ། སྦྱོར་བ་མིང་ནས་སྨོས་ཤིང་གཞན་ལ་གནས་པའི་ཚིག་མི་གསལ་བ་མཚན་ཉིད་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། ཕམ་པར་འགྱུར་པ་ལྷག་པར་སྤྱད་པས་དགེ་སློང་ཉམས་པ་ལ་ཡང་ངོ༌། །ཞེས་སོགས་ཁས་བླངས་ནས་ཁྱད་པར་ནི། གང་ཟག་འདིས་ཕམ་པ་བྱས་ཞེས་བརྗོད་པར་བྱ་བ་དོན་གསལ་བ་ལས་གཞན་དོན་མི་གསལ་བ་ལ་གནས་པའི་ཚིག་གིས་སྐུར་བ་འདེབས་ན་དགེ་འདུན་ལྷག་མར་འགྱུར་ལ། དེ་ཡང་རྫུན་ནི་ཡིན་གྱི་ཡང་དག་པས་ནི་མིན་ནོ། །འདིར་དཔེ་ནི། ཁོ་བོ་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་མཐོང་ངོ༌། །དགེ་སློང་མ་ཨུཏྤ་ལའི་མདོག་མཐོང་ངོ༌། །མི་ཚངས་པར་སྤྱོད་པ་
འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་བྱ་བ་དང་བྱེད་པ་པོ་མ་སྦྱར་བར་མཐོང་ངོ་ཞེས་ཟེར་བ་ལྟ་བུའོ། །དེས་ན་གཞི་མེད་ནི། འདིས་ཕམ་པ་ལྷག་པར་སྤྱོད་དོ་ཞེས་དོན་གསལ་པོས་གོ་བར་བྱེད་པ་ཡིན་ལ། བག་ཙམ་ནི་དོན་གསལ་པོ་མིན་པར་ཟུར་གྱིས་གོ་བར་བྱེད་པའོ། །གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བ་ནས་འབྱུང་བ་ལ་གཉིས་ལས་ན་སྨད་དུ་འགྱུར་བ་ནི། དགེ་སློང་ལ་ཟག་བྱེད་མི་སྟེན་པ་མ་ནིང་མོས་སྐུར་བ་འདེབས་པ་དང༌། དགེ་སློང་མ་ལ་ཟག་བྱེད་མི་སྟེན་པ་མ་ནིང་ཕོས་སྐུར་བ་འདེབས་ན་སྦོམ་པོའོ། །འདི་ལ་ཁ་ཅིག་སྦོམ་པོར་མི་རིགས་ཏེ། དེ་ལ་བརྟེན་པ་སྦོམ་པོ་ཡིན་ཟེར་མོད། འདི་པའི་དགོངས་པ་ལྷག་མ་བསྐྱེད་པའི་ཡན་ལག་གཞན་ཡོད་ཀྱང་མི་སྟེན་པ་ལ་སྤྱད་ཅེས་སྒྲ་འགལ་བའི་ཕྱིར། དོན་གོ་བ་ལ་གནོད་པས་སྦོམ་པོར་གསུངས་ཀྱི་དངོས་པོ་སྦོམ་པོས་སྐུར་བ་མིན་པར་དགོངས་སོ། །དེ་ཡང་ཁ་དང་བཤང་ལམ་གྱི་དབང་དུ་བྱས་པ་ནི་མིན་ནོ། །སྐུར་བ་གདབ་བྱའི་མིང་མ་སྨོས་པར་མི་ཚངས་སྤྱོད་བྱས་སོ་མ་ཤ་ཀ་ལྔ་བས་ལག་པ་བརྐུས་སོ་ཞེས་སྐུར་པ་འདེབས་ན་ཡང་སྦོམ་པོའོ། །ཆེས་ན་སྨད་ནི། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང༌། དགེ་འདུན་གྱི་དབྱེན་བྱས་པ་སྦོམ་པོ་ཡིན་པས་དེ་གཉིས་ཀྱིས་སྐུར་པ་འདེབས་ན་ཉེས་བྱས་སོ། །བདག་གིས་བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས་སྨོས་ཀྱིས་གཞན་ལ་སྐུར་བ་འདེབས་ན་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱི་ཞུ་བའོ། །གཉིས་པ་བསྒོ་བ་ལས་གྱུར་པ་ལ་གསུམ། སྐབས་སུ་སྦོམ་པོའི་དོན་གཞན་བསྟན་པ། ཐུན་མོང་བ། ཐུན་མོང་མིན་པའོ། །དང་པོ་ནི། དགེ་སློང་གིས་དགེ་སློང་གཞན་གྱི་འཁོར་
ལྷན་ཅིག་གནས་པ་དང་ཉེ་གནས་སོགས་རང་ཕྱོགས་སུ་ཁ་འདྲེན་ཅིང་རང་གི་འཁོར་དུ་འཇོག་ན་དབྱེན་གྱི་ཁོངས་སུ་གཏོགས་པའི་སྦོམ་པོའོ། །གཉིས་པ་ལ་གཉིས་ལས། དགོས་དོན་ནི། བསྒོ་གྱུར་གྱི་ལྟུང་བ་འདི་དག་འདིར་བསྡུས་ཏེ་བསྟན་པ་ལ་དགོས་པ་ཡོད་དེ། འདི་དག་རྐྱེན་བཟློག་པ་ལ་ལྟོས་པ་དང༌། བཟློག་ཚུལ་མཚུངས་པ་དང་ཚིག་ཚོགས་ཆུང་བ་དང༌། དེ་དག་གི་དོན་གསལ་བར་གོ་བའི་ཆེད་ཡིན་པའི་ཕྱིར། ཚིག་དོན་ལ་བཞི། རྫོགས་པར་བྱེད་པ་རྐྱེན་གྱི་ཐུན་མོང་བ། སྦྱོར་བའི་མཚན་ཉིད། བསླབ་པར་བྱ་བའི་ཐུན་མོང་བ། མཐར་ཐུག་གི་ཐུན་མོང་བའོ། །དང་པོ་ནི། རྗེས་སུ་མཐུན་ཞེས་པ་བཤད་པའི་གཞིར་ཞོག །གང་མཐུན་ན་དབྱེན་བྱེད་པ་ལྟ་བུ་བཟློག་པའི་ཚུལ་ལམ་ཐབས་ཀྱིས་བཟློག་པ་ན་མི་གཏོང་མི་སྤོང་བར་དབྱེན་ལྟ་བུ་དེ་རྗེས་སུ་བསྒྲུབ་པའི་རང་བཞིན། ལུས་ངག་གི་རིག་བྱེད་དང༌། ཅང་མི་སྨྲ་བའི་གནས་སྐབས་དང༌། གཉིས་ཀར་གྱུར་པ་དེ་རྗེས་སུ་མཐུན། གང་དང་མཐུན་ན་ཁྱིམ་པ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་ལྟ་བུ་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་དང་མཐུན། གང་གིས་མཐུན་ན་བཟློག་པའི་ཚུལ་ལམ་ཐབས་ཀྱིས་མཐུན། གང་ལ་མཐུན་ན་རང་རང་གི་སྦྱོར་བ་དང་དངོས་གཞིའི་ལྟུང་བ་བསྐྱེད་པ་ལ་མཐུན། ཇི་ལྟར་མཐུན་ན། དབྱེན་བྱེད་པ་ལྟ་བུའི་རྗེས་བསྒྲུབ་མང་པོ་དང༌། རྗེས་ཕྱོགས་ལྟ་བུའི་རྗེས་བསྒྲུབ་ཉུང་ངུ་དག་ལྡོག་པ་གཅིག་ཡིན་པ་ན་རྗེས་བསྒྲུབ་ཀྱང་གཅིག་ཏུ་གྱུར་བའི་ཕྱིར་བཟློག་པའི་རྗེས་སུ་འགྲོ་བ་དང༌། བཟློག་པ་སྦྱོར་བ་ན་རྗེས་བསྒྲུབ་ཀྱང་སྦྱོར་བའི་ལྟུང་བའི་བྱེད་པ་པོ་ཡིན་པས་འདྲ་བ་དང༌། བཟློག་པ་མཐར་ཐུག་པའི་ཚེ་རྗེས་བསྒྲུབ་དག་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཡིན་པས་མཚུངས་པར་མཐུན་ཏེ། ཊཱིཀྐར། རྗེས་སུ་འགྲོ་བ་དང་འདྲ་བ་དང་མཚུངས་པར་རིགས་པར་བྱའོ་ཞེས་དང༌། ལྡོག་པ་གཅིག་ལ་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ཡང་
གཅིག་ཁོ་ནའོ། །བཟློག་པ་སྦྱོར་བར་གྱུར་པ་ལ་ནི་ལྟུང་བ་ཡང་སྦྱོར་བར་གྱུར་པ་ཉིད་དོ། །མཐར་ཐུག་པར་གྱུར་པ་ལ་ནི་དགེ་འདུན་ལྷག་མ་ཞེས་བྱ་བའི་མཐར་ཐུག་པར་གྱུར་པ་ཉིད་དོ་ཞེས་བཤད། མཐུན་པར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། བསླབ་བའི་གཞི་འདི་དག་བཟློག་པ་དང་འབྲེལ་བ་དང༌། བཟློག་ཚུལ་མཚུངས་པ་དང༌། བཟློག་པའི་གྲངས་ཇི་སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་བར་འདྲ་བ་གོ་པའི་ཆེད་ཡིན་ནོ། །འོ་ན་བསླབ་པའི་གཞི་འདི་དག་གི་སྐབས་སུ་ལྟུང་བའི་གྲངས་སུ་བསྐྱེད་ཅེ་ན། ཁ་ཅིག་སྦྱོར་བའི་སྦྱོར་བའི་ཉེས་བྱས་གཅིག །བཞམས་བསྒོའི་གོང་དུ་སྦོམ་པོ་གཅིག །དེ་ཕྱིན་ཆད་ཀྱི་བར་དུ་སྦོམ་པོ་གཉིས་གཉིས་ཏེ་བརྒྱད། བཟློག་པའི་མཐའ་ལ་ལྟུང་བ་ལྔ་སྟེ་བཅོ་ལྔ་བསྐྱེད་ཅེས་ཟེར། ལ་ལ་བར་སྦོམ་དེ་དག་རེ་རེར་བྱས་ནས་བཅུ་གཅིག་བསྐྱེད་ཅེས་ཟེར། །ཁ་ཅིག་བར་སྦོམ་དེ་དག་མེད་པ་བྱས་ནས་བདུན་བསྐྱེད་ཟེར། རང་ལུགས་ལ་བསླབ་པའི་གཞི་འདི་དག་གི་སྐབས་སུ་བསྒོ་གྱུར་གྱི་ལྟུང་བ་ལྔ་བསྐྱེད་པ་ཡིན་ཏེ། བསྒོ་གྱུར་གྱི་ལྟུང་བ་རྣམས་བཟློག་ཅིང་མི་གཏོང་བ་ལས་གྱུར་བ་ཡིན་ལ། བཞམས་བསྒོ་ལ་སོགས་པ་ལྡོག་པ་ཐ་དད་པ་ལྔར་ངེས་པའི་ཕྱིར། དེ་སྐད་དུ་ཡང༌། ཊཱིཀྐར། དགེ་འདུན་ལྷག་མ་བཞི་པོ་དེ་དག་བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་གསུངས། བསླབ་པའི་གཞི་འདི་དག་གི་སྐབས་སུ་དང་པོར་རྩོམ་པ་ཙམ་ན་ཉེས་བྱས་བསྐྱེད་མོད། དེ་ནི་བསྒོ་བ་ལས་གྱུར་པ་མ་ཡིན་པས་མ་བགྲངས་སོ། །འོ་ན་བསླབ་པའི་གཞི་འདི་དག་གི་སྐབས་སུ་བར་སྦོམ་འབྱུང་བར་ཐལ། རྣམ་འབྱེད་ལས། ལས་བརྗོད་པ་གསུམ་པ་བརྗོད་པ་ན། མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་
འགྱུར་རོ་ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ནི་འགྲེལ་པ་འདིར་མ་དྲངས་ཤིང་དེའི་དོན་ཡང་མ་བཀྲོལ་ལ་མ་རྣམ་དུ། བརྗོད་པ་གསུམ་པ་རྫོགས་པ་ལ་ལྟུང་མེད་དུ་གསུངས་ཤིང༌། རྣམ་འབྱེད་ཀྱི་འགྲེལ་པར། བརྗོད་པ་གསུམ་པ་བྱས་པ་ན་མི་གཏོང་ན་དངོས་གཞིའི་དུས་ཡིན་པའི་ཕྱིར་དགེ་འདུན་ལྷག་མར་འགྱུར་རོ་ཞེས་འབྱུང་གི་དེའི་བཤད་པ་མ་བྱུང་བས་ཡི་གེ་ལྷག་པའམ། ཡང་ན་སྔར་གྱི་སྦོམ་པོའི་རྒྱུན་ལ་དགོངས་སོ། །དེ་ལྟར་མིན་པར་བར་སྦོམ་ཁས་ལེན་ན་གསོལ་བ་དང་ལས་བརྗོད་པའི་དུས་དེ་གཉིས་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི། དུས་ཕྱི་མ་གཞན་ནི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་དེའི་ཁོངས་སུ་གཏོགས་པ་ཉིད་དོ་ཞེས་གསུངས་པ་དང་འགལ། གལ་ཏེ་བར་སྦོམ་བཞེད་པར་ཐལ། ཊཱིཀྐར། འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན་བཞམས་ཏེ་བསྒོ་བ་དང་གསོལ་བ་བྱ་བ་ལ་སོགས་པ་དག་གི་འོག་དང་སྔ་རོལ་ཡང་ཡིན་པར་རིག་པར་བྱའོ་ཞེས་བཞམས་བསྒོ་ལ་སོགས་པའི་འོག་དང༌། སྔ་རོལ་ཡང་འཇུག་པ་ཡིན་པར་གསུངས་ལ། འཇུག་པ་སྦྱོར་བར་གསུངས་པའི་ཕྱིར་ཞེ་ན། དེས་བར་སྦོམ་བསྟན་པ་མིན་གྱི་བཟློག་པའི་མཐའ་ལ་མི་གཏོང་བའི་སྦོམ་པོ་བསྟན་པ་ཡིན་ཏེ། ཊཱིཀྐར། ཐ་མ་མ་གཏོགས་པའི་མི་གཏོང་བ་ནི་སྦྱོར་བ་ཉིད་དོ། །ཐ་མ་ལ་ནི་དངོས་གཞིའོ་ཞེས་གསུངས་སོ། །དེས་ན་ལྟུང་བ་བསྐྱེད་པའི་དུས་ནི་བཟློག་པ་རྣམས་ཀྱི་ཐད་ཐད་དུ་མི་གཏོང་བའི་ཚེ་ཡིན་ནོ། །ཁ་ཅིག་བཞམས་བསྒོའི་མཐའ་ལ་མི་གཏོང་བ་ལ་ཉེས་བྱས་ཡིན་ཏེ། ཚིག་ལེར། བཞམས་ཏེ་བསྒོས་ཀྱང་མི་གཏོང་ན། །ཉེས་བྱས་ཉིད་དུ་རྣམ་པར་བཞག །ཅེས་དང༌། མའི་སོ་ཐར་གྱི་ཊཱིཀྐར། ལེགས་པར་བསྒོ་བ་ན་མི་གཏོང་ན་ཉེས་བྱས་སོ་ཞེས་དང༌། འགྲེལ་ཆུང་དུ་ཡང་ཉེས་བྱས་སུ་བཤད་པ་དང༌། རྩ་བར་ཡང༌། གསོལ་བ་ལ་སྦོམ་པོར་བསྟན་པས་འདི་ཉེས་བྱས་སུ་གྲུབ་
པའི་ཕྱིར་རོ། །སྦོམ་པོར་བཤད་པ་ནི་བཏགས་པ་བ་ཡིན་ཏེ། ཊཱིཀྐ་བམ་དུ་ཡང་བར་གསུངས་པའི་ཕྱིར་ཞེས་ཟེར་ཡང༌། འདིར་སྦོམ་པོ་མཚན་ཉིད་པར་བསྟན་ཏེ། བསྐྲད་པ་དང་གླེང་བ་དང་དྲན་པར་མ་བྱས་པ་ནི་དེའིའོ་ཞེས་བསླབ་པའི་གཞི་གཉིས་པོའི་སྐབས་སུ། །བསྐྲད་གླེང་མ་བྱས་པའི་དུས་ཀྱི་འཇུག་པ་སྦོམ་པོར་ དོགས་པ ་བསལ་ནས། དེ་ཕྱིན་ཆད་སྦོམ་པོ་མཚན་ཉིད་པར་བསྟན་པའི་ཕྱིར་ཏེ། ཊཱིཀྐར། དྲན་པར་བྱས་པའི་གནས་སྐབས་ན་ནི་བདག་ཉིད་ཀྱི་ཁ་ན་མ་ཐོ་བ་དྲན་དུ་ཟིན་ཀྱང༌། ཡོངས་སུ་མི་གཏོང་བས་མངོན་པར་ཞེན་པ་ཆེས་དམ་པ་ཉིད་དང༌། སྡིག་པའི་བསམ་པ་ཡང་ཆེས་ལྕི་བ་ཡིན་པར་ཤེས་པས་དེའི་ཚེ་ནི་སྦོམ་པོར་གསུངས་སོ་ཞེས་དང༌། ལུང་གིས། དེ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་འདུན་མཐུན་པར་དབྱེ་བའི་ཕྱིར་རྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང༌། དེའི་དོན། རྣམ་ཊཱིཀ་ལས། གང་ཟག་གི་ཚིག་གིས་བཞམས་ཏེ་ཕྱིར་བཟློག་པ་ན་མི་གཏོང་ན་ཡང་ཉེས་པ་སྦོམ་པོར་འགྱུར་བ་སྟེ་དགེ་འདུན་གྱིས་བསྒོ་བ་ལས་འདས་ན་དངོས་གཞིར་འགྱུར་བའི་ཕྱིར། གང་ཟག་གིས་བསྒོ་བ་ནི། དགེ་འདུན་གྱིས་བསྒོ་བ་ལ་འཇུག་པ་ཉིད་ཡིན་པས་སྦྱོར་བ་ཡིན་པའི་ཕྱིར་ཞེས་སྦོམ་པོ་ཡིན་པའི་རྒྱུ་མཚན་དང་བཅས་ཏེ་གསུངས། ཊཱིཀྐར། འཇུག་པ་འདི་ནི་མི་གཏོང་བའི་བདག་ཉིད་ཀྱིས་འཇུག་པ་བས་ཤས་ཆུང་བ་ཡིན་ནོ་ཞེས་དང༌། བམ་ལྔར། བཞམས་བསྒོའི་སྦོམ་པོ་ཡང་བར་གསུངས་པས་སྦོམ་པོ་མིན་ནོ་ཞེ་ན། ཡང་བར་གསུངས་པས་སྦོམ་པོ་མིན་པར་མི་འགྲུབ་སྟེ། ལྷག་མའི་ཁོངས་སུ་གཏོགས་པའི་སྦོམ་པོ་ལ་ལྕི་ཡང་གཉིས་
ཡོད་པའི་ཕྱིར་རོ། །ཡང་དེ་དག་མི་འགལ་བའི་སྒྲུབ་བྱེད། གང་ཟག་དང་དགེ་འདུན་གྱི་བཞམས་བསྒོ་གཉིས་ཡོད་པར་འཆད་པའང་མི་འཐད་དེ། འདིར་བསྟན་བཞམས་བསྒོའི་དོན་ནི་དགེ་འདུན་གྱིས་གང་ཟག་བསྐོས་ནས་དེས་ཚིག་གིས་བཟློག་པ་ཡིན་པའི་ཕྱིར། ཊཱིཀྐར། བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི་འདིར་དགེ་འདུན་དུ་མ་གྱུར་བའི་དགེ་སློང་ཚངས་པ་མཚུངས་པ་སྤྱོད་པས་གཅུགས་པས་ཕན་ཚུན་ཟློག་པར་བྱེད་པ་ཡིན་པར་རིག་པར་བྱའོ་ཞེས་དང༌། རྣམ་ཊཱིཀ་ལས། གང་ཟག་གི་ཚིག་གིས་བཞམས་ཏེ་ཕྱིར་བཟློག་པ་ན་ཞེས་སོགས་གསུངས་པའི་ཕྱིར་གསོལ་བ་ནི་བཟློག་པ་དངོས་མིན་པས་དེས་ལྟུང་བ་མི་བསྐྱེད་དམ་སྙམ་ན། འདྲ་བ་ཉིད་དོ། །གང་འདྲ་ན་དབྱེན་བྱེད་པ་ལ་སོགས་པ་ཟློག་པར་བྱེད་པའི་གསོལ་བཞིའི་ལས་ཀྱི་གསོལ་བ་ནི་འདྲའོ། །གང་དང་འདྲ་ན་དབྱེན་ལ་སོགས་པ་ཟློག་པར་བྱེད་པའི་བཟློག་པ་དངོས་ལས་བརྗོད་པ་དག་དང་འདྲའོ། །གང་ལ་འདྲ་ན་རང་འབྲས་དབྱེན་གྱི་ལྟུང་བ་བསྐྱེད་པ་ལ་འདྲ། ཇི་ལྟར་འདྲ་ན། བཟློག་པ་ལྟུང་བའི་བྱེད་པ་པོ་ཡིན་པ་ལྟར། འདི་ཡང་ལྟུང་བའི་བྱེད་པ་པོ་ཡིན་པར་འདྲ། འདྲ་བར་བསྟན་པའི་རྒྱུ་མཚན་དང་དགོས་པ་གང་ཞེ་ན། གསོལ་བ་དེ་གཙོ་ཆེར་དགེ་འདུན་ཐུགས་བསྟུན་པའི་ལས་ཡིན་པས་བཟློག་པའི་ཐབས་ཡིན་གྱི་བཟློག་པ་དངོས་མིན་པས་ལྟུང་བ་ཐ་དད་པའི་བྱེད་པ་པོ་མིན་ནམ་སྙམ་པའི་ དོགས་པ ་བསལ་ནས། ལྟུང་བའི་བྱེད་པ་པོར་གོ་བའི་ཆེད་ཡིན་ནོ། །ཁ་ཅིག་ནི་ཞེས་བཞམས་བསྒོ་ལས་དགར་ནས་གསོལ་བ་ལ་སྦོམ་པོར་བསྟན་པས་བཞམས་བསྒོའི་མཐའ་ལ་ཉེས་བྱས་སུ་གྲུབ་ཟེར་ཡང༌། ནི་ཞེས་པ། སྤྱིར་གྱི་གསོལ་བ་དགེ་འདུན་ཐུགས་བསྟུན་པའི་ལས་ཡིན་ཡང༌། འདིར་ལྟུང་བའི་བྱེད་པ་པོ་ཡིན་ཏེ། ལྟུང་བར་བྱེད་པ་པོར་ལུང་ལས་གསུངས་པའི་ཕྱིར་ཞེས་ངེས་བཟུང་ཡིན་ལ། འདིར་ཡང་ལྟུང་བའི་བྱེད་པ་པོ་ཙམ་དུ་བསྟན་གྱི། ལྟུང་བ་ཅིར་འགྱུར་བསྟན་པ་མིན་ཏེ།
ཅིར་འགྱུར་ནི་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་པས་སྟོན་ནོ། །གསོལ་བའི་ཚིག་དེ་ལྟུང་བའི་བྱེད་པ་པོ་ཡིན་ན། དེ་ལ་ཚིག་གི་ཆ་ཤས་དུ་མ་ཡོད་པས་དེ་རྣམས་ཀྱང་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཡིན་ནམ་ཞེ་ན། དབྱེན་ཟློག་པར་བྱེད་པའི་གསོལ་བའི་འགོ་རྩོམ་པ་ནས་རྫོགས་ཀྱི་བར་གྱི་ཚིག་གི་སྐད་ཅིག་མ་འབྲུ་ཆ་ཤས་དང་རྩ་བ་ངོ་བོ་བརྗོད་བྱ་རྗོད་བྱེད་ལ་སོགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཆོས་ཅན། ལྟུང་བ་ཐ་དད་པའི་བྱེད་པ་པོ་ལྡོག་པ་ཐ་དད་མིན་ཏེ། ལྟུང་བའི་རྐྱེན་དུ་གྱུར་པའི་ཚིག་གི་སྐད་ཅིག་མ་གཅིག་ཉིད་ཡིན་པའི་ཕྱིར། ཊཱིཀྐར། ཚིག་གང་ལ་སྐད་ཅིག་མ་གཅིག་ལ་ལྟུང་བ་འབྱུང་བར་འགྱུར་བའི་སྐད་ཅིག་མ་དེའི་ཁོངས་སུ་ཚིག་མཐའ་དག་འདུས་སོ། །དེས་ན་ཤིན་ཏུ་རྒྱུན་རིང་དུ་ཟིན་ན་ཡང་ཚིག་གཅིག་ཏུ་ཟད་དོ། །ལྟུང་བ་ཡང་གཅིག་ཁོ་ན་འབྱུང་བ་ཡིན་གྱི། ཆ་ཤས་རེ་རེ་ལ་ཡང་མ་ཡིན་རྩ་བ་རེ་རེ་ལ་ཡང་མིན་ནོ། །དེ་ཡང་གསོལ་བརྗོད་གཉིས་ཀ་ལ་དགེ་འདུན་འབྱེད་པར་བྱེད་པའི་དངོས་པོ་འདི་ལྟ་བུ་ཐོངས་ཤིག་ཅེས་པའི་ཚིག་གི་ཁོངས་སུ་ཚིག་གཞན་རྣམས་འདུས་ཤིང༌། དེའི་ཚེ་མ་བཏང་ན་ལྟུང་བ་བསྐྱེད་པའི་དུས་ཡིན་ཏེ་ཚིག་ཕལ་ཆེར་བྱས་པའི་ཕྱིར་རོ། །འོ་ན་ལས་བརྗོད་པ་རྣམས་ཀྱང་ལྡོག་པ་གཅིག་ཉིད་ཡིན་ནམ་ཞེ་ན། དབྱེན་ལྟ་བུ་བཟློག་པའི་བཟླས་པ་ལས་བརྗོད་པ་གསུམ་པོ་ནི་ཆོས་ཅན། ལྡོག་པ་ཐ་དད་པ་ཉིད་ཡིན་གྱི་གཅིག་མིན་ཏེ། ཡང་དང་ཡང་དུ་བཟླས་པ་རྩོམ་པའི་ཕྱིར་རོ། །དེས་ན་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཡིན་ཏེ། ཊཱིཀྐར། དེ་ལྟ་ན་ལས་བརྗོད་པ་ལན་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་ཞེས་སོ། །ལས་ཀྱི་གནས་པ་མཇུག་སྡུད་པའི་ཚིག་ནི་ལྡོག་པ་ཐ་དད་མིན་ཏེ། ལས་བྱས་པ་གོ་བར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ། །གཉིས་པ་ནི། བཟློག་པ་དེ་དག་གི་སྐབས་
སུ་ལྟུང་བ་ཅིར་འགྱུར་ཞེ་ན། དབྱེན་ལྟ་བུ་ལ་འཇུག་ཅིང་རྩོམ་པར་བྱེད་པ་ནི་སྦྱོར་བ་ནི་ཉིད་ཡིན་པས་སྦོམ་པོར་འགྱུར་རོ། །འཇུག་པ་དེ་རང་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་དང་པོར་བརྩམས་པ་ཙམ་དེ་སྦྱོར་བའི་སྦྱོར་བ་ཡིན་པས་ཉེས་བྱས་ཡིན་ལ། དེ་ཕྱིན་ཆད་རྩོམ་པར་བྱེད་པ་དང༌། བཞམས་བསྒོའི་གོང་རོལ་ནས་བརྗོད་པ་གཉིས་པ་ལ་མི་གཏོང་བའི་བར་ཐམས་ཅད་འཇུག་པ་ཡིན་ནོ། །འོ་ན་ཁྱིམ་སུན་འབྱིན་པའི་དགེ་སློང་བསྐྲད་པ་མ་བྱས་པར་དགེ་འདུན་ལ་འདུན་པས་འགྲོ་ཞེས་སོགས་ཀྱིས་སྐུར་བ་དང༌། བཀའ་བློ་མི་བདེ་བའི་དགེ་སློང་གླེང་དྲན་མ་བྱས་པར་བརྗོད་པར་བྱ་བ་མིན་པ་ཉིད་དུ་བྱེད་པ་ཡང་སྦྱོར་བ་ཡིན་ནམ་ཞེ་ན། ཁྱིམ་སུན་འབྱིན་པའི་དགེ་སློང་བསྐྲད་པ་མ་བྱས་པར་དགེ་འདུན་ལ་འདུན་པས་འགྲོ་ཞེས་སོགས་ཀྱིས་སྐུར་བ་ནི་སྦྱོར་བ་དེའི་སྦྱོར་བ་ཡིན་པས་ཉེས་བྱས་ཡིན་གྱི་སྦོམ་པོ་མིན་ཏེ། དེའི་ཚེ་མངོན་ཞེན་དང་སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར། ཁྱིམ་སུན་འབྱིན་པའི་དོན་ནི། ཁྱིམ་པ་མ་དད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ། བཀའ་བློ་མི་བདེ་བའི་དགེ་སློང་ལ་གླེང་བ་དྲན་པ་མ་བྱས་པར་བརྗོད་པར་བྱ་བ་མིན་པ་ཉིད་དུ་བྱེད་པ་ནི་སྦྱོར་བ་དེའི་སྦྱོར་བ་ཡིན་པས་ཉེས་བྱས་ཡིན་གྱི་སྦོམ་པོ་མིན་ཏེ། དེའི་ཚེ་མངོན་ཞེན་དང་སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར། གླེང་དྲན་གྱི་ངོ་བོ་གང་ཞེ་ན། གླེང་བ་ནི་ལྟུང་བའི་ངོ་བོ་བརྗོད་པའི་སྒོ་ནས་གླེང་བ་ཡིན་ལ། དྲན་པར་བྱེད་པ་ནི་ཡུལ་དང་དུས་དང་བྱ་བ་དང་གྲོགས་བརྗོད་པའི་སྒོ་ནས་གླེང་བ་ཡིན་ནོ། །བཀའ་བློ་མི་བདེ་བའི་དོན་ནི། རྣམ་ཊཱིཀ་ལས། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་སྐྱོན་ཆགས་ཤིང་འབྲས་བུ་མེད་པའོ། །དེའི་རྣམ་པ་ནི་དེའི་རང་བཞིན་ནོ། །གང་ཟག་གང་ལ་དེ་ཡོད་པ་དེ་ནི་བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཏེ་གུས་པར་མི་ཉན་ཞིང་འགོག་པར་བྱེད་པའོ་ཞེས་སོ། །གསུམ་པ་ནི། སུན་འབྱིན་
པའི་དགེ་སློང་བསྐྲད་པ་མ་བྱས་པ་དང༌། བཀའ་བློ་མི་བདེ་བའི་དགེ་སློང་གླེང་དྲན་མ་བྱས་པ་དེ་ལ་ནི། བཞམས་ཏེ་བསྒོ་བ་ལ་སོགས་པ་བཟློག་པ་ལྔས་བསྒོ་ཞིང་བཟློག་པར་མི་བྱ་སྟེ་བྱས་ཀྱང་མི་འཆགས་པའི་ཕྱིར་རོ། །ཊཱིཀྐར། བསྒོ་བ་ཞེས་བྱ་བ་བྱེ་བྲག་ཏུ་མ་བྱས་བས་ལས་ཀྱིས་བསྒོ་བ་འབའ་ཞིག་ཏུ་མ་ཟད་ཀྱི་བཞམས་ཏེ་བསྒོ་བ་ཡང་མི་བྱ་བར་ཤེས་པར་བྱའོ་ཞེས་དང༌། ཞུ་བར། བསྒོ་བར་བགྱིའམ། འོན་ཏེ་བསྒོ་བར་མི་བགྱི། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་སམ་མི་འཆགས། བཀའ་སྩལ་བ། མི་འཆགས་སོ་ཞེས་གསུངས། དབྱེན་བྱེད་པ་ལ་སོགས་པ་བཞིའི་བསླབ་པའི་གཞིའི་ཡུལ་དུ་གྱུར་པའི་གང་ཟག་དེ་དག་ལ་ཚིག་འཇམ་པོ་སྙན་པས་བཞམས་པ་དང༌། གསོལ་བཞིའི་ལས་ཀྱིས་མི་བསྒོ་བར་མི་བྱ་སྟེ། ངེས་པར་བསྒོ་དགོས་པའི་ཕྱིར་རོ། །རྣམ་འབྱེད་དུ། དགེ་སློང་དག་ཁྱེད་ཀྱིས་བཞམས་པ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་གྱིས་ཤིག་ཅེས་གསུངས། བཞི་པ་ནི། བསྒོ་གྱུར་གྱི་ལྷག་མ་བཞི་པོ་འདི་ནམ་གྱི་ཚེ་འབྱུང་ཞེ་ན། བཤད་མ་ཐག་པའི་གསོལ་བཞིའི་ལས་དེའི་བསྒོ་བའི་མཐའ་ལ་སྟེ་དེ་ཡང་བརྗོད་པ་གསུམ་པའི་ཕལ་ཆེར་བྱས་པ་ན་དབྱེན་ལ་རྟུལ་བར་བྱེད་པ་ལ་སོགས་པ་མི་གཏོང་ན་དངོས་གཞིའི་ལྟུང་བ་དག་རྫོགས་པར་འབྱུང་བའོ། །ལུང་དུ། བརྗོད་པ་གསུམ་པ་བརྗོད་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས། གཉིས་པ་བསྒོ་བ་ལས་གྱུར་པ་ཐུན་མོང་མིན་པ་ལ་གཉིས། དགེ་སྦྱོང་གི་ཚུལ་ལ་ལོག་པར་བསྒྲུབ་པ་དང༌། དགེ་འདུན་གྱི་གཞི་ལ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། དབྱེན་དངོས་སུ་བྱེད་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་ལྷས་བྱིན་གྱིས་
ཉོན་མོངས་པ་རྙེད་པ་དང་བཀུར་སྟིི་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་དགེ་འདུན་གྱི་དབྱེན་བྱས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན། དགེ་འདུན་སྡེ་དེ་གཉིས་ལ་ཤིན་ཏུ་གནོད་པ་དང༌། མནར་མེད་དུ་བསྐལ་པར་སྐྱེ་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། སྦྱོར་བ་བརྩམས་པའི་གཞི་ནི། བདག་ཉིད་འཁོར་ལོའི་དབྱེན་གྱི་སྦྱོར་བ་མཚན་ཉིད་པ་ལ་ཞུགས་པ་ཡིན་པ། རྫོགས་པར་བྱེད་པའི་རྐྱེན་ནི། དགེ་འདུན་མཚན་ཉིད་པའི་ལས་ངོ་བོ་ཉིད་ཆོས་དང་ལྡན་པའོ། །ཁ་ཅིག་འཁོར་ལོའི་དབྱེན་ལ་ཞུགས་པ་ཙམ་གྱིས་ཆོག་གི །མཚན་ཉིད་པ་ལ་ཞུགས་པ་མི་དགོས་ཏེ། མ་ལའང་འདི་འབྱུང་བའི་ཕྱིར་ཞེས་ཟེར། ཀུན་སློང་ཆོས་ལས་ཆོས་མིན་པར་དབྱེ་བར་འདོད་པའོ། །མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལས་འདས་པའོ། །གཞུང་དོན་ནི། གང་མི་གཏོང་ན་དབྱེན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། རྟུལ་བར་བྱེད་པ་ཉིད་མི་གཏོང་ནའོ། །གང་ལ་ཞེ་ན། དབྱེན་ལའོ། །སུའི་དབྱེན་ཞེ་ན། དགེ་འདུན་གྱིའོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ། །གཉིས་པ་དེའི་གྲོགས་བྱེད་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི། ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་ཀོ་ཀ་ལི་ཀ་ལ་སོགས་པས། ཉོན་མོངས་པ་དབྱེན་བྱེད་པར་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་དབྱེན་བྱེད་པ་དེའི་རྗེས་སུ་ཕྱོགས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་འདྲ་བ་དང༌། གཞན་སྡིག་པ་ལ་སྦྱར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། གང་གི་གྲོགས་བྱ་བའི་ཡུལ་ནི། དབྱེན་མཚན་ཉིད་པའི་སྦྱོར་བ་ལ་ཞུགས་པ། རྫོགས་པར་བྱེད་པའི་རྐྱེན་འདྲ། ཀུན་སློང་དེའི་གྲོགས་བསྒྲུབ་པར་འདོད་པ། སྦྱོར་བ་བསྒྲུབ་པར་རྩོམ་པའོ། །མཐར་ཐུག་བརྗོད་པ་གསུམ་པ་མཐའ་ལས་འདས་པའོ། །གཞུང་དོན་ནི། གང་མི་གཏོང་ན་རྗེས་སུ་ཕྱོགས་
པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དབྱེན་དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པ་ལྷས་བྱིན་གང་ལ་བཟོད་ཅིང་འདོད་པ་དེ་ལ་བདག་ཅག་ཀྱང་བཟོད་ཅིང་འདོད་དོ་ཞེས་སོགས་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་འགྱུར་རོ། །རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའོ། །གཉིས་པ་དགེ་འདུན་གྱི་གཞི་ལ་ལོག་པར་བསྒྲུབ་པ་ལ་གཉིས་ལས། སྐུར་འདེབས་ལས་གྱུར་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི་ནི། ཡུལ་མཉན་ཡོད་དུ། གང་ཟག་ནབ་སོ་དང༌། འགྲོ་མགྱོགས་གཉིས་ཀྱིས། ཉོན་མོངས་པ་འདུན་པས་འགྲོའོ་ལ་སོགས་པ་རྫུན་སྨྲ་བས་ཀུན་ནས་བསླངས་ཏེ། ཉེས་པ་ཁྱིམ་སུན་འབྱིན་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་སྐུར་འདེབས་བཞིན། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་མཚན་ཉིད་དང་ལྡན་པའི་དགེ་འདུན་རང་སྐྲོད་པར་བྱེད་པ་པོ་ཡིན་པ། གོ་བྱའི་ཡུལ་ཐ་སྙད་ལྔ་ལྡན་རྒྱུད་ཐ་དད་པའོ། །བདག་ཉིད་བསྐྲད་པ་བྱས་ལ་ཆགས་པའོ། །རྐྱེན་འདྲ་ཀུན་སློང་དགེ་འདུན་ལ་སྐུར་པ་འདེབས་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱིས་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་བའི་མཐའ་ལས་འདས་པའོ། །གཞུང་དོན་ནི། གང་མི་གཏོང་ན་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པ། འདུན་པ་དང༌། ཞེ་སྡང་དང་གཏི་མུག་དང་འཇིགས་པའི་དབང་གིས་དགེ་འདུན་དེ་བདག་བསྐྲད་པའི་ལས་དེ་ལ་དེ་ལྟར་ཞུགས་སོ་ཞེས་རྫུན་དུ་སྨྲ་བ་ཉིད་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར། ཁ་ཅིག་སྐུར་བ་འདེབས་ན་རྒྱུ་མཚན་འདྲ་བས་བསྡིགས་སྨད་ཕྱིར་འགྱེད་ལ་ཡང་འདི་འགྱུར་ཟེར་ལ། ཁ་ཅིག་དེ་མི་འཐད་དེ། ལུང་བསྟན་བཅོས་ཐམས་ཅད་ནས་བསྐྲད་པ་ཅན་ལ་བྱ་
བར་བཤད་ཀྱི་གཞན་ལ་མ་བཤད་པའི་ཕྱིར་ཞེས་ཟེར། ཁ་ཅིག་བསྐྲད་པ་བྱས་ཀྱང་ཁྱིམ་སུན་འབྱིན་པ་འཕྲོ་མི་གཅོད་པ་ལ་གནས་དབྱུང་བྱེད་ཟེར་བ་ལ། གཞན་དག་གནས་དབྱུང་བདུན་དུ་མ་ངེས་པར་འགྱུར་ཞེས་གསུང་ངོ༌། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའོ། །གཉིས་པ་སྤོང་བ་ལས་གྱུར་པ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ། གླེང་གཞི། ཡུལ་ཀོའུ་ཤམ་བིར། གང་ཟག་འདུན་པས། ཉོན་མོངས་པ་གླེང་བར་མི་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་བཀའ་བློ་མི་བདེ་བ་བྱས་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན། ལྟུང་བ་གླེང་མཁན་སྤངས་པས་གླེང་བའི་བྱ་བ་རྒྱུན་ཆད་པར་འགྱུར་བ་དང༌། དགེ་འདུན་སྤངས་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། གང་སྤང་བའི་དངོས་པོ་བདག་ཉིད་ཀྱི་བསླབ་པའི་གཞི་ཡིན་པ། གླེང་བྱེད་དགེ་འདུན་མཐའ་དག་གོ །གོ་བྱ་གླེང་བྱེད་མཚན་ཉིད་དང་ལྡན་པ་བདག་ཉིད་ལ་གླེང་བ་པོ་ཡིན་པའོ། །བདག་ཉིད་གླེང་དྲན་བྱས་ལ། ཆགས་པའོ། །རྐྱེན་འདྲ། ཀུན་སློང་སྤོང་བར་འདོད་པ། སྦྱོར་བ་སྤོང་པའི་ཚིག་མཚན་ཉིད་དྲུག་ལྡན། མཐར་ཐུག་འདྲའོ། །གཞུང་དོན་ནི། གང་མི་གཏོང་ན་བཀའ་བློ་མི་བདེ་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་གླེང་བྱེད་དགེ་སློང་གིས་ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གླེངས་པ་ཉིད་ན། བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་དེ་ལ་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པའི་དགེ་སློང་གིས་ཚུལ་ཁྲིམས་འགའ་ལའང་གླེང་བར་མི་བྱའོ་ཞེས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །བསླབ་པ་གཞན་གཉིས་དང༌། དགེ་སློང་དམིགས་ཀྱིས་བསལ་བ་དང༌། བསླབ་པ་དམིགས་ཀྱིས་བསལ་བ་ལ་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་ན་ཉེས་བྱས་སོ། །སྐབས་མི་འབྱེད་པར་དེ་སྐད་ཟེར་ན་བརྗོད་བཅས་ལ་སོགས་པ་བྱའི་
བཟློག་པ་མི་བྱ་སྟེ། མི་འཆགས་པའི་ཕྱིར། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །།འདིར་སོ་ཐར་དང༌། ལུང་དུ་མ་ངེས་པ་གཉིས་ཞེས་འབྱུང་བའི་དང་པོའི་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས། །ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་མ་ངེས་པ་བྱས་པའོ། །གཉིས་པའི་གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་ཤི་རི་ཀས། ཉོན་མོངས་པ་ཤེས་བཞིན་མིན་པས་ཀུན་ནས་བསླངས་ཏེ། ཉེས་པ་མ་ངེས་པ་བྱས་པའོ། །མ་ངེས་པ་དང་པོ་ནི། ཕམ་ལྷག་ལྟུང་བྱེད་གསུམ་དུ་མ་ངེས་པ་སྟེ། བུད་མེད་དང་ལྷན་ཅིག་འདོམ་གང་གི་ནང་དུ་འདུག་པའི་ཕྱིར་རོ། །གཉིས་པ་ནི། ལྷག་མ་དང་ལྟུང་བྱེད་དུ་མ་ངེས་པ་སྟེ་འདོམ་གང་གི་ཕྱི་རོལ་ཏུ་འདུག་པའི་ཕྱིར་རོ། །དེ་གཉིས་མདོ་རྩར་མ་བསྡུས་པ་ནི་ཕམ་པ་སོགས་སྨོས་པ་ལས་གཞན་མེད་པའི་ཕྱིར་རོ།། །།གཉིས་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས། ཞག་གི་ཆད་ལས་དང་འབྲལ་བ་སྤང་པའི་སྡེ། བཤགས་པ་ཙམ་དང་འབྲེལ་བའི་ལྟུང་བྱེད་འབའ་ཞིག་པའི་སྡེའོ། །དང་པོ་ལ་གཉིས། ཐུན་མོང་བ་དང༌། ཐུན་མོང་མིན་པའོ། །དང་པོ་ལ་གཉིས་དགོས་དོན་དང༌། ཚིག་དོན་ནོ། །དང་པོ་ནི། འདི་དག་ལུང་དུ་ལྟུང་བ་རྣམས་ལ་སོ་སོར་དངོས་སུ་གསུངས་པ་རྣམས་འདིར་བསྡུས་ཏེ་བསྟན་པས་ཚིག་ཚོགས་ཆུང་བ་དང༌། དངོས་སུ་མ་གསུངས་ཀྱང་མཚན་ཉིད་མཚུངས་པ་རྣམས་ལ་རུང་མཐུན་དུ་གོ་བར་འགྱུར་བ་དང༌། ཁ་ཅིག་གཉིས་ཀར་གོ་བའོ། །གཉིས་པ་ལ་ལྔ། དུས་དང་འབྲེལ་བའི་ཐུན་མོང་པ་དང༌། བདག་པོ་དང༌། ཤན་དང༌། ཕྱིར་བཅོས་དང༌། སྤང་བ་དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བའོ། །དང་པོ་ནི། འཆང་རྣམ་གཉིས། འཇོག་རྣམ་གཉིས། འཕྱིས་རྣམ་གཉིས། འབྲལ་རྣམ་གཉིས། ཉལ་བ་ལྔ། དམག་
ནང་ན་གནས་པ། གནས་ངན་ལེན་འཆབ་པ་སྟེ་དུས་འབྲེལ་གྱི་ལྟུང་བ་བཅོ་ལྔ་ལས་འགྲེལ་བར་གསུངས་པ། འཆང་འཇོག་བཞི། དགོན་པ་བའི་འབྲལ་བ་སྟེ་ལྔ་དང༌། རུང་མཐུན་སྦྱར་བ་འབྲལ་སྤང་སྟེ་དྲུག་གི་སྐབས་སུ། སྣང་བ་དང་མུན་པས་ཁྱད་པར་དུ་བྱས་པའི་སྡེ་ཚན་གཅིག་ནི་ཉིན་མཚན་ཡིན་ལ། དེ་ཉིད་ཀྱི་དང་པོ་སྐྱ་རེངས་དང་པོ་ཡིན་པར་འོག་ནས་སྟོན་ལ། དེ་མིན་པ་མཚན་མོ་མཐའི་སྐད་ཅིག་མ་སྟེ་དཔེར་ན། རིག་པའི་མི་མཐུན་ཕྱོགས་ལ་མ་རིག་པར་བརྗོད་པ་བཞིན། མཚན་མོ་མཐའི་སྐད་ཅིག་མ་དེ་ལ་ཐ་མ་སྐད་ཅིག་མ་གཅིག་པུ་མིན་པ་སྟེ་མ་གཏོགས་པ་དེའི་མདུན་རོལ་གྱི་དུས་རྣམས་ཞག་ཏུ་མེད་པ་ཡིན་ཏེ། ཞག་ཏུ་མི་རྩི་བའི་ཕྱིར་རོ། །དེས་ན་དེ་ཁོ་ན་ཞག་ཏུ་བརྩི་སྟེ། ཊཱིཀྐར། ཉིན་མཚན་གང་ལ་ཉིན་མཚན་གྱི་དང་པོ་མེད་པ་དེ་ནི་ཉིན་མཚན་གྱི་དང་པོ་མིན་པ་སྟེ། མཐའི་སྐད་ཅིག་མའོ། །མཐའི་སྐད་ཅིག་མ་ཞེས་བྱ་བའི་ཉིན་མཚན་དེ་ལ་སྐད་ཅིག་མ་གཅིག་མ་གཏོགས་པ་ཐ་མ་མིན་པ། ཆུ་ཚོད་བཅུ་ཞེས་བྱ་བའི་ཉིན་མཚན་མེད་པ་ཉིད་དོ་ཞེས་དང༌། བམ་ལྔར། མཐའི་སྐད་ཅིག་མ་ཐ་མ་དེ་མིན་པ་དེའི་མདུན་རོལ་གྱི་དུས་རྣམས་མེད་པ་ཉིད་དོ། །མེད་པ་ཉིད་ཅེས་བྱ་བ་ནི་ཞག་ཏུ་མི་རྩིའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །དེས་ན་སྐད་ཅིག་མ་གཅིག་པོ་དེ་ཞག་ཏུ་བརྩི་བས། གོས་འཆང་སྤང་ལྟ་བུ་ལ། གོས་རྙེད་ནས་ཐུན་ཚོད་གཞན་མ་འདས་ཀྱང་སྐད་ཅིག་མ་དེ་འདས་ན་ལྟུང་བའི་ཕྱིར་ཞག་གཅིག་ལོན་པར་བརྩི་སྟེ། དཔེར་ན་ལོ་མཇུག་ལ་སྐྱེས་བའི་བུ་ཆུང་གིས་ཟླ་བ་གཅིག་ལས་མ་ལོན་ཀྱང་ལོ་གཅིག་ལོན་པར་བརྩི་བ་བཞིན། ཊཱིཀྐར། ཉིན་མཚན་དང་པོའི་མཐར་གྱུར་བའི་སྐད་ཅིག་མ་གང་ཡིན་པ་དེ་ཁོ་ན་ལ་ཉིན་མཚན་ཞེས་བྱ་བའི་མིང་འཐོབ་པས་སྤང་བ་ལ་ཡང་དེ་ཉིད་ཡན་ལག་ཏུ་གྱུར་པ་ཡིན་པར་རིག་པར་བྱའི་སྐད་ཅིག་མ་ལྷག་མ་ཐུན་བཅུའི་ཁོངས་སུ་
གཏོགས་པ་རྣམས་ནི་སྤང་བ་རྣམ་པར་བཞག་པའི་ཡན་ལག་ཉིད་མིན་ནོ་ཞེས་དང༌། ལུང་དུ་དགེ་སློང་གིས་ཚེས་ལ་ཆོས་གོས་རྙེད་དམ། ལྷུང་བཟེད་རྙེད་ན་ཞེས་གསུངས་ནས་ཚེས་དེའི་དང་པོའི་ཐུན་ཚོད་ངེས་པར་མ་སྨོས་པར། ཚེས་བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་གསུངས་ལ། དེའི་དོན། ཊཱིཀྐར། གལ་ཏེ་མཐའི་སྐད་ཅིག་མ་མ་གཏོགས་པའི་སྐད་ཅིག་མ་ལྷག་མ་རྣམས་ཀྱང་ཡན་ལག་ཉིད་ཡིན་པར་གྱུར་ན་ནི་དེའི་ཚེ་ན་འདི་སྐད་ཅེས། ཚེས་ཀྱི་སྔ་དྲོ་ནས་ཚེས་བཅུ་གཅིག་གི་སྔ་དྲོའོ་ཞེའམ། དེ་བཞིན་དུ་ཚེས་ཀྱི་གུང་ཚིགས་སམ་ཕྱི་དྲོ་ནས་ཚེས་བཅུ་གཅིག་གི་གུང་ཚིགས་སམ། ཕྱི་དྲོ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུང་བར་འགྱུར་བ་ཞིག་ན། དེ་སྐད་མ་གསུངས་ཏེ། དེ་བས་ན། ཉིན་མཚན་གྱི་དང་པོའི་ཐུན་ཚོད་ཀྱི་ཚིགས་ནི་ངེས་པ་མེད་དེ། ཉིན་མཚན་དང་པོ་དེ་ཉིད་ཀྱི་མཐའི་སྐད་ཅིག་མ་གཅིག་ལ་ཉིན་མཚན་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སོ། །འདི་ཡང་དུས་བགྲང་བའི་ཉིན་མཚན་དང་པོ་ཁོ་ན་ལ་བཤད་དེ། ཊཱིཀྐར། མཐའི་སྐད་ཅིག་མ་གཅིག་པོ་དེ་ཉིད་ཉིན་མཚན་དང་པོ་གཅིག་ཏུ་བརྩི་སྟེ། དེ་ཚུན་ཆད་ནས་ཉིན་མཚན་བརྩི་ཞེས་སོགས་གསུངས། འདི་དུས་འབྲེལ་གྱི་ལྟུང་བ་གཞན་དགུ་ལ་མི་སྦྱར་ཏེ། འདི་ཞག་དང་པོ་ལ་ དོགས་པ ་བཅད་ལ། འཕྱིས་རྣམ་གཉིས་ལ་ཞག་དང་པོ་ལ་ དོགས་པ ་བཅད་མི་དགོས། གཞན་བདུན་གྱི་མཚན་ཉིད་འོག་ནས་སྟོན་པའི་ཕྱིར་རོ། །འདི་དག་དུས་འབྲེལ་དུ་མཚུངས་པ་ལ་ཞག་གྲངས་མང་ཉུང་འཇོག་པ་ཅི་ཡིན་ཞེ་ན། ཤ་ཀ་དང་མར། ཞག་བཅུ་ལས་མང་ན་དགག་བྱ་མི་ཁེགས་ལ། ཉུངས་ན་བསྒྲུབ་པར་མི་ནུས་ཞེས་འཆང་སྤང་ལ་གསུངས་པ་བཞིན་དུ་ཤེས་པར་བྱའོ། །འོ་ན་དེའི་མདུན་རོལ་གྱི་དུས་རྣམས་ཞག་ཏུ་གཏན་ནས་མི་རྩིའམ་ཞེ་ན། ཉལ་བ་ལྔ༌། དམག་ནང་ན་གནས་པ། གནས་ངན་ལེན་
འཆབ་པ་སྟེ། གནས་པ་དང་འབྲེལ་བའི་བསླབ་པའི་གཞི་བདུན་པོ་ལ་ནི་དུས་ལྷག་མ་རྣམས་ཞག་ཏུ་མི་རྩི་བ་མིན་ཏེ། བསླབ་པའི་གཞི་དེ་དག་གི་སྐབས་སུ་དུས་དེ་དག་སྦྱོར་བ་ཉེས་བྱས་ཀྱི་སྣོད་ཉིད་དམ་རྒྱུ་ཡིན་པའི་ཕྱིར། དམག་ནང་ན་གནས་པ་ལ་ནི་ཉིན་མཚན་འདྲ་སྟེ། དེར་གནས་པ་ཉིད་ནས་ལྟུང་བྱེད་ཀྱི་སྦྱོར་བ་ཡིན་པའི་ཕྱིར་ཏེ། ཊཱིཀྐར། དམག་གི་ནང་ན་གནས་པ་ལ་ནི་ཉིན་པར་གནས་ན་ཡང་སྦྱོར་བའི་སྣོད་ཉིད་ཀྱི་རྒྱུའི་དངོས་པོར་འགྱུར་ཏེ། དེར་གནས་པ་ཙམ་ཉིད་ན་ཉེས་པར་འགྱུར་བ་ཡིན་པའི་ཕྱིར་རོ་ཞེས་སོ། །དེས་ན་བསླབ་པའི་གཞི་འདི་དག་གི་སྦྱོར་བ་ལ་ཉེས་པར་འགྱུར་ཏེ། འདི་དག་མ་གནང་ལ་ཚད་བཟུང་བ་ཡིན་པའི་ཕྱིར། སྤང་བ་བརྒྱད་ལ་ནི། སྦྱོར་བ་ལ་ཉེས་པ་མེད་དེ། གནང་ལ་ཚད་བཟུང་བ་ཡིན་པའི་ཕྱིར། དེ་ཡང་ཞག་བཅུའི་ནང་དུ་བྱིན་གྱིས་བརླབ་པ་སོགས་བྱ་སྙམ་དུ་བསམ་པ་ཡིན་ལ། དེ་མེད་ན་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་ཏེ། བམ་ལྔར། སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་དང༌། འགྲེལ་ཆུང་དུ། ཞག་དགུ་པོ་ཀུན་ལ་ཉེས་བྱས་སོ་ཞེས་སོ། །ཉིན་མཚན་གྱི་དང་པོ་ཞེས་པའི་ཉིན་མཚན་གྱི་དང་པོ་དེ་གང་ཡིན་ཞེ་ན། ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་ཡིན་ལ། དེ་ལ་ཡང་སྐྱ་རེངས་དང་པོ་དང༌། བར་པ་དང༌། ཐ་མ་གསུམ་ལས་དང་པོ་དེའི་ཡང་སྐད་ཅིག་མ་དང་པོ་གང་ཡིན་པ་དེ་ཡིན་ཏེ། ཉིན་མཚན་སྐོར་གཅིག་པོ་དེའི་རིགས་སྔར་མེད་གསར་སྐྱེས་ཡིན་པའི་ཕྱིར་རོ། །ཤེས་རབ་བྱེད་པར། སྐྱ་རེངས་གསུམ་པོ། ཤིང་འཛམ་བུའི་ལོ་མའི་འོད་དང༌། དེ་ལས་ཉི་མ་འཕགས་པ་དང༌། ཉི་མ་ནམ་མཁའ་ལ་བྱུང་བའི་འོད་དུ་བཤད་ལ། རྣམ་འབྱེད་དུ། སྐྱ་རེངས་དང་པོ་ཤར་ན་ནམ་མཁའ་སྔོན་པོར་སྣང་ངོ༌། །བར་པ་ཤར་ན་སེར་པོར་སྣང་ངོ༌། །ཐ་མ་ཤར་ན་དམར་པོར་སྣང་ངོ་ཞེས་སོ། །ཅིའི་ཕྱིར་དེ་ཉིན་མཚན་གྱི་དང་པོ་ཡིན་ཞེ་ན། འོད་ལྡན་དུ། འདི་ལྟར་མཚན་མོ་ཟད་
པར་གྱུར་པའི་ངོ་བོ་ནི་ཉིན་མོ་ཡིན་ལ། ཉིན་མོའི་ངོ་བོ་སྣང་བ་ཡིན་ཞིང༌། སྣང་བ་ཡང་སྐྱ་རེངས་དང་པོ་ལ་སོགས་པ་ཡིན་ནོ་ཞེས་སོ། །ཉིན་མཚན་གྱི་དང་པོ་ཤེས་པས་བསླབ་པའི་གཞི་དེ་དག་གི་ལྟུང་བ་བསྐྱེད་དུས་རྟོགས་པ་ཡིན་ཏེ། གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་དང༌། ཊཱིཀྐར། མཚན་ཉིད་འདི་ནི་ཆོས་གོས་དང་འབྲལ་བ་སོགས་ལ་དགོས་ཏེ། ཉི་མ་བཅུ་གཅིག་གི་སྐྱ་རེངས་ཤར་ནའོ་ཞེས་གསུངས་པའི་ཕྱིར་ཞེས་དང༌། སྐྱ་རེངས་འཆར་བའི་སྐད་ཅིག་གིས་མཚན་མོའི་མཐའི་སྐད་ཅིག་བདེ་བླག་ཏུ་གོ་བར་ནུས་པས་དེའི་ཕྱིར་དེ་སྐད་བསྟན་ཏོ་ཞེའོ། །ཐམས་ཅད་དུ་སྐྱ་རེངས་པ་དང་པོ་ཉིན་མཚན་གྱི་དང་པོར་ངེས་སམ་ཞེ་ན། གསོ་སྦྱོང་དབྱར་གནས་དགག་དབྱེ་སོགས་ཚེས་གྲངས་དང་འབྲེལ་བའི་ལས་ལ་ནི་སྤྱིར་སྐྱ་རེངས་དང་པོ་ཉིན་མཚན་གྱི་དང་པོ་ཡིན་ཡང༌། རྐྱེན་འགའ་ཞིག་གིས་དུས་འདས་ཤིང་ཡོལ་ན་ནི་ཕྱི་མ་ཚེས་གཅིག་ལྟ་བུའི་ཉི་མ་ཤར་བའི་སྐད་ཅིག་དང་པོ་དེ་ཉིན་མཚན་གྱི་དང་པོ་ཡིན་པས་སྐྱ་རེངས་དང་པོ་ཤར་ཡང་ཉི་མ་མ་ཤར་ན་གསོ་སྦྱོང་ལ་སོགས་པའི་ལས་བྱའོ། །གཉིས་པ་བདག་པོ་དང་འབྲེལ་བའི་ཐུན་མོང་བ་ནི། འཆང་འཇོག་འཇུག་འཕྱིས་བརྒྱད། བཅུ་ཚན་བར་པ་སྟེ་རྒྱུར་གྱུར་གྱི་རྫས་དགེ་སློང་རང་གི་ཡིན་པ་ཡན་ལག་ཏུ་དགོས་པའི་སྤང་བའི་དངོས་པོ་ལ་ནི། རྫས་རང་གི་ཡིན་པ་དེ་རྫས་འདི་བདག་གིའོ་སྙམ་དུ་འཛིན་པའི་འདུ་ཤེས་ལས་རང་གི་ཉིད་ཡིན་པ་ཡན་ལག་གོ། རྣམ་པ་ཇི་ལྟར་ན་གཙོ་ཆེར་ཏེ་དངོས་པོ་ལས་རང་གི་ཉིད་ཡིན་པས་སོ། །དེ་ཡང་ཡན་ལག་ཡིན་ནོ། །དེས་ན་བསླབ་བའི་གཞི་དེ་དག་གི་སྐབས་སུ། རང་གི་ལ་རང་གིར་ཤེས་ན་དངོས་གཞི། རང་གི་ལ་གཞན་གྱིར་ཤེས་པ་དང༌། གཞན་གྱི་ལ་གཞན་གྱིར་ཤེས་པ་ལ་ནི་ལྟུང་བ་མེད་ལ། གཞན་གྱི་ལ་རང་གིར་ཤེས་པ་ལ་ཉེས་བྱས་སུ་འགྱུར་རོ། །
ལྟུང་བ་མེད་ཅེས་པ་ཡང་འཆང་རྣམ་གཉིས་འཕྱིས་རྣམ་གཉིས་འཇོག་རྣམ་གཉིས་མཐོ་གང་སྟེ་བདུན་ལ་དགག་བྱ་ཅི་ཡང་མེད་པའི་ཕྱིར་ལྟུང་བ་མེད་ལ། རིན་པོ་ཆེ་ལ་སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་ཀྱང་ལོངས་པའི་ཉེས་པ་ཡོད་དོ། །གཞན་རྣམས་ལ་ལྟུང་བ་རྣམ་གཞག་གི་ལྟུང་བ་མེད་ལ་བསླབ་བྱའི་ལྟུང་བ་ཡོད་དེ། སྟན་ལ་བཟོ་བསྒྲུབ་པའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ནི་ཞེས་པ་མ་བྱིན་ལེན་དང་ཤི་བའི་ཡོ་བྱད་ཀྱི་དངོས་པོ་ལས་དགར་བ་སྟེ། དེ་གཉིས་ལ་དངོས་པོ་ལས་གཙོ་ཆེར་རང་གི་ཡིན་པ་ཡན་ལག་ཡིན་གྱི། འདུ་ཤེས་ལས་མ་ཡིན་པའི་ཕྱིར་རོ། །དཔེར་ན་དགེ་སློང་གིས་དངོས་པོ་བསྐུར་བ་འགའ་ཞིག་གིས་བརྐུས་ན་བསྐུར་མཁན་ལ་བརྐུས་པར་འགྱུར་ཞིང༌། བར་སྐབས་སུ་དེ་གཉིས་ཤི་ན་སྐུར་བྱེད་ཀྱི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་བོ། །དེ་དག་གི་སྐབས་སུ་རང་གི་ཉིད་གང་ཡིན་པ་དེ་ནི་གཞན་ལ་སེམས་ཀྱིས་ཡོངས་སུ་བཏང་སྟེ་བསྔོས་པ་ཉིད་ན་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་སོགས་མ་བྱས་ཀྱང་སྤང་བར་མི་འགྱུར་ཏེ། རང་གི་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར། དེ་ཡང་འདུ་ཤེས་ལས་རང་གི་ཉིད་དང་བྲལ་བ་ཡིན་གྱི་དངོས་པོ་ལས་བྲལ་བ་ནི་མིན་ཏེ། ཊཱིཀྐར། ཤི་བའི་ཡོ་བྱད་ལ་ནི་དངོས་པོ་ལས་རྣམ་པར་བཞག་གི་འདུ་ཤེས་ལས་མིན་ཏེ་ཞེས་སོགས་གསུངས། ཡུལ་ངེས་པ་དང་ད་ལྟར་བ་ལ་བསྔོས་པ་ཉིད་བསྔོས་པ་ཡིན་པར་མ་ཟད་མ་འོངས་པ་ན་སུ་རབ་ཏུ་འབྱུང་བ་ལ་སྦྱིན་ནོ་སྙམ་དུ་དེའི་དོན་དུ་ངེས་པར་བྱས་ཤིང་བསྔོས་པ་ཡང་བསྔོས་པ་དེ་ཉིད་ཡིན་པས་འདུ་ཤེས་ལས་རང་གི་ཡིན་པ་དང་བྲལ་ལ། དེ་བཅངས་ཀྱང་ལྟུང་བ་མེད་དེ། རབ་ཏུ་འབྱུང་བའི་དོན་དུ་སྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར། ཆོས་གོས་གསུམ་པོ་ལས་ཀྱང་རུང་བ་མཁན་པོ་ལ་སོགས་པ་གཞན་ལ་རྣམ་པར་བརྟགས་པའི་བསྔོ་བ་བྱས་ན་རང་གི་ཉིད་དང་བྲལ་ལོ། །རྣམ་པར་བརྟགས་པ་ནི། ཚེ་དང་ལྡན་པ་
དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རྣམ་པར་མ་བརྟགས་པ་རྣམ་པར་འོས་པ་འདི་མཁན་པོའི་ལེགས་པར་རྣམ་པར་བརྟག་པར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་ལན་གསུམ་བརྗོད། མཁན་པོ་ལས་གཞན་ལ་རྣམ་པར་བརྟག་ན་ཆེ་གེ་མོ་ཞེས་མིང་བརྗེའོ། །གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་བ་ལ་གཉིས་ལས། ཤན་གྱི་མཐའ་དཔྱད་པ་ལ་ལྔ༌། དབྱེ་བ། བསྡུ་བ། ངོ་བོ་རྣམ་གྲངས་དང་བཅས་པ། སྒྲ་དོན། ཤན་འདྲེས་པར་འགྱུུར་བའི་རྣམ་གཞག་གོ །དང་པོ་ཤན་ལ་དབྱེ་ན་བཞི། གོས་ཀྱི། ལྷུང་བཟེད་ཀྱི། སྨན་གྱི། ལྟུང་བའི་ཤན་ནོ། །དང་པོ་ལ། བཅུ་པ་དང༌། ཟླ་བ་བར་གཏོགས་པའི་ཤན་གཉིས་སོ། །གཉིས་པ་བསྡུ་བ་ནི། ལྟུང་བའི་རྒྱུར་གྱུར་བའི་རྫས་ཀྱི་ཤན་དང༌། སྤང་བའི་རྒྱུར་གྱུར་བའི་ལྟུང་བའི་ཤན་གཉིས་ཏེ་སྔ་མ་གསུམ་དང་པོར་འདུས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། རྫས་ཀྱི་ཤན་གྱི་ངོ་བོ་རྣམ་གྲངས་དང་བཅས་པ་དང༌། ལྟུང་བའི་ཤན་གྱིའོ། །དང་པོ་ལ་ངོ་བོ་ནི་རྫས་དེ་ལ་རང་གི་ཡིན་པ་རྒྱུན་ཆགས་པ་སྟེ་དཔེར་ན་གོས་འཆང་སྤང་གི་སྐབས་སུ་ཚེས་གཅིག་ལ་གོས་རྙེད་དེ་བྱིན་གྱིས་མ་བརླབས་པར་བཅངས་ན་གོས་དེ་ལ་རང་གི་ཡིན་པ་རྒྱུན་ཆགས་པར་འབྱུང་བ་ལྟ་བུའོ། །རྣམ་གྲངས་ནི། ཤན་དང་རྗེས་ཞུགས་དང༌། རྒྱུན་འབྲེལ་བ་དང༌། ཤུགས་ཞེས་པའོ། ལྟུང་བའི་ཤན་གྱི་ངོ་བོ་ནི། སྤང་བའི་ལྟུང་བྱེད་བྱུང་ནས་མ་བཤགས་ཀྱི་བར་ལ་རྒྱུར་གྱུར་གྱི་རྫས་དེ་སྤང་དགོས་སུ་གནས་པ་རྒྱུན་འབྲེལ་བར་འབྱུང་བའོ། །རྣམ་གྲངས་འདྲའོ། །བཞི་པ་སྒྲ་དོན་ལ། རྫས་ཤན་གྱི་སྒྲ་དོན་ནི། རང་གི་ཉིད་སྔ་མ་ལ་བརྟེན་ཏེ་འབྱུང་བས་སམ་འདྲེ་བས་ཤན་ནོ། །རང་གི་ཡིན་པས་རྗེས་སུ་ཞུགས་པས་
དང༌། དེ་ཉིད་རྒྱུན་འབྲེལ་བས་དང༌། དེའི་ཤུགས་འབྱུང་བས་དེ་སྐད་བྱ་ལ། ལྟུང་བའི་ཤན་གྱི་སྒྲ་དོན་ནི། སྤང་དགོས་སུ་གནས་པ་དེའི་རྒྱུུན་ཆགས་པ་ལ་སོགས་པས་དེ་སྐད་བྱའོ། །ལྔ་པ་ལ་བཞི། ཤན་འདྲེས་པའི་ངོ་བོ། ཤན་འདྲེ་བའི་དུས། ཤན་འདྲེ་བར་བཅས་པའི་དགོས་པ། ཤན་བརྡེག་བྱ་རྡེག་བྱེད་གཏན་ལ་དབབ་པའོ། །དང་པོ་ལ་རྫས་ཀྱི་ནི། རྡེག་བྱེད་ཀྱི་རྫས་ཀྱི་རང་གི་ཉིད་ཀྱི་རྒྱུན་འབྲེལ་བ་དེས། བརྡེག་བྱའི་རྫས་ལའང་གོས་པར་བྱས་པ་ཡིན་ཏེ། ཊཱིཀྐ། །བམ་ལྔར། ཆོས་གོས་སྔར་རྙེད་པ་ལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ་ཡོད་ན། ཆོས་གོས་ཕྱིས་རྙེད་པ་ལ་ཡང་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དེ་ཉིད་འབྱུང་བ་ཉིད་དུ་རིག་པར་བྱའོ་ཞེས་སོ། །གཉིས་པ་ལྟུང་བའི་ནི། སྤང་བའི་ལྟུང་བྱེད་དེའི་རྒྱུར་གྱུར་གྱི་དངོས་པོ་སྤང་དགོས་སུ་གནས་པའི་རྒྱུན་འབྲེལ་བ་དེས་ཕྱིས་རྙེད་པའི་རིགས་མཐུན་པའམ། མི་མཐུན་པའི་ཡོ་བྱད་ཙམ་སྤང་བར་བྱ་དགོས་པ་ཉིད་དུ་བྱས་པ་ཡིན་ཏེ། རྣམ་འབྱེད་ལས། དགེ་སློང་གིས་གོས་སྤང་བ་མ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་དེ་ཡང་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ཞེས་སོ། །གཉིས་པ་ལ་གསུམ། དངོས་དང་ལྟུང་བ་བསྐྱེད་པའི་དུས། དེ་ལ་ དོགས་པ ་བཅད་པའོ། །དང་པོ་ལ་རྫས་ཤན་འདྲེ་དུས་ནི། ཤན་བརྡེག་བྱ་དེ་ནམ་གྲུབ་པ་ན་ཤན་འདྲེ་བ་ཡིན་ཏེ། ཊཱིཀྐར། གལ་ཏེ་དགེ་སློང་གིས་ཚེས་ལ་ཆོས་གོས་རྙེད་ལ་ཚེས་ལྔའི་ཉིན་ཆོས་གོས་དེ་རུང་བར་བྱེད་དམ་སྔོ་བར་བྱེད་ན་ཕྱི་མ་དེའི་ཉིན་མོ་ཉིད་ལ་ཆོས་གོས་གཞན་ཞིག་རྙེད་ཀྱང༌། སྔ་མའི་ཤན་དེས་ཤན་འདྲེས་པར་མི་འགྱུར་ཏེ། རྗེས་སུ་ཞུགས་པ་ཉམས་པའི་ཕྱིར་རོ་ཞེས་དང༌། ཞུ་བར། བཙུན་པ་དགེ་སློང་གི་ཆོས་གོས་དེ་ཉིད་ཞག་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་ཞག་གཅིག་བྲལ་བ་ཡང་ལགས་པ་མཆིས་
སམ། ཉེ་བར་འཁོར་ཡོད་དེ། འདི་ལྟ་སྟེ། དགེ་སློང་གི་ཆོས་གོས་རྒྱུན་མ་ཆད་པར་རྒྱུན་འབྱུང་བ་ཡང་ཡིན་ལ། དེས་ཆོས་གོས་འབྱུང་བ་དེ་ཞག་བཅུ་པ་ལ་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་ཏུ་ཆོས་གོས་དེ་མེད་པར་སྐྱ་རེངས་འཆར་བར་བྱེད་ན་དེ་ལྟ་ན་ཆོས་གོས་དེ་ནི་དེ་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལྟུང་བའི་ཤན་འདྲེ་དུས་ཀྱང་ཕྱིས་རྙེད་ཀྱི་རྫས་གྲུབ་མ་ཐག་ཡིན་ཏེ། གཞན་ཞིག་རྙེད་ན་དེ་ཡང་སྤང་བ་ཡིན་ཏེ་ཞེས་སོ། །གཉིས་པ་ནི། ཤན་རྡེག་བྱེད་ཀྱི་རྒྱུན་འབྲེལ་བའམ། དེ་དང་བཅས་པའི་ཞག་གྲངས་ཚང་བ་ན་ལྟུང་བ་འབྱུང་བ་ཡིན་ཏེ། ཊཱིཀྐར། ཆོས་གོས་ཕྱིས་རྙེད་པ་དེའི་ཞག་བཅུར་བགྲང་བ་ལོགས་ཤིག་ཏུ་ནི་མི་བྱ་སྟེ་ཞེས་དང༌། དེ་བྱིན་གྱིས་མ་བརླབས་པའི་ཤན་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ། ཞག་བཅུ་འདས་པའི་སྤང་བ་ལ་ཐུག་པ་ན་དེའི་ཤུགས་ཀྱིས་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་དེ་ཡང་འཆང་བའི་སྤང་བ་ཁོ་ནར་འགྱུར་རོ་ཞེས་སོགས་གསུངས། གསུམ་པ་ནི། གལ་ཏེ་དེ་ཤན་འདྲེ་དུས་མིན་ནམ་ཞེ་ན། མིན་གྱི་ལྟུང་བ་བསྐྱེད་དུས་བསྟན་པ་ཡིན་ནོ། །འོ་ན་ལྟུང་བ་པོ་སྐྱེད་དུས་སུ་ཤན་རྡེག་བྱེད་དགོས་སམ་མི་དགོས་ཤེ་ན། གོས་འཆང་བ་ལྟ་བུའི་སྐབས་སུ། ཚེས་གཅིག་ལྟ་བུ་ལ་གོས་ཤིག་རྙེད་དེ་རྒྱུན་འབྲེལ་བར་བཅངས་པ་ལ། ཚེས་ལྔ་ལྟ་བུ་ལ་གོས་ཕྱི་མ་རྙེད་དེ་ཤན་འདྲེས་པར་གྱུར་ནས་ཚེས་དྲུག་ལྟ་བུ་ལ་གོས་སྔ་མ་རུང་བར་བྱས་སམ་བསྔོས་ཀྱང་གོས་ཕྱི་མ་ལ་དེ་དག་མ་བྱས་ན་ཞག་བཞིའི་ཤན་དང་དྲུག་གི་རང་སྟོབས་བསྡོམས་པས་སྤང་བ་བསྐྱེད་དེ། རྣམ་འབྱེད་དུ། དགེ་སློང་གིས་ཚེས་ལ་ཆོས་གོས་
ཤིག་རྙེད་ཅིང༌། དེས་ཚེས་གཉིས་ལ་ཡང་གཞན་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་བྱིན་གྱིས་བརླབ་པར་བྱ་ཞིང༌། སྔ་མ་གཏོང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་བརྟག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན། ཉི་མ་བཅུ་གཅིག་གི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོགས་དང༌། སྔ་མ་བྱིན་གྱིས་རློབ་པ་སོགས་བྱས་ཀྱང་ཕྱི་མ་ལ་དེ་དག་མ་བྱས་ན་བཅུ་པ་དེ་ཉིད་ཀྱི་སྤང་བར་གསུངས་པའི་ཕྱིར་རོ། །བྱིན་གྱིས་བརླབས་པས་རྗེས་ཞུགས་ཉམས་པ་མིན་ནམ་ཞེ་ན། གོས་སྔ་མ་རང་ལ་ཡོད་པའི་རྗེས་ཞུགས་ཉམས་ཤིང༌། ཕྱིས་རྙེད་ལ་ཤན་མི་འདྲེ་མོད། གོས་གཞན་ལ་འདྲེས་ཟིན་གྱི་རྗེས་ཞུགས་དེ་མི་ཉམས་ཏེ། ཕྱིས་རྙེད་བྱིན་གྱིས་བརླབས་པས་རང་ལས་བྱུང་བའི་རང་གི་ཉིད་ཀྱི་རྗེས་ཞུགས་ཉམས་ཀྱང་གཞན་ལས་བྱུང་བའི་རྗེས་ཞུགས་ཉམས་པར་མི་འགྱུར་བ་བཞིན་ནོ། །དེ་བཞིན་དུ་བརླབས་པས་བརླབས་པ་ལ་བརྡེག་པ་ལའང་ཤེས་པར་བྱ་ལ། མ་བརླབས་པས་བརླབས་པ་ལ་བརྡེག་པ་ལ་ནི་དེའི་ཚེ་ཡང་རྡེག་བྱེད་དགོས་ཏེ། འདི་ལ་གཞན་ཡོད་ན་སོགས་འབྱུང་བའི་ཕྱིར་རོ། །གསུམ་པ་ཤན་འདྲེ་བར་བཅས་པའི་དགོས་པ་ནི། རྫས་ཀྱི་ཤན་འདྲེ་བར་བཅས་པས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་མྱུར་དུ་བྱིན་གྱིས་རློབ་པར་འགྱུར་བ་དང༌། ལྟུང་བའི་ཤན་བཅས་པས་ཕྱིར་བཅོས་ལ་བརྩོན་པར་འགྱུར་བའོ། །བཞི་པ་བརྡེག་བྱ་རྡེག་བྱེད་གཏན་ལ་དབབ་པ་ལ་གཉིས། རྫས་ཀྱི་དང༌། ལྟུང་བའི་ཤན་གྱིའོ། །དང་པོ་ལ་གསུམ། ངོ་བོ། སྒྲ་དོན། གང་གིས་
གང་ལ་བརྡེག་པའོ། །དང་པོ་ལ་རྡེག་བྱེད་ཀྱི་ངོ་བོ་ནི། རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་ཤིང༌། རང་སྟོབས་ཀྱིས་ལྟུང་བ་འབྱུང་རུང་གི་རྫས་གང་ཞིག་བརྡེག་བྱ་དང་རིགས་མཐུན་པའོ། །བརྡེག་བྱའི་ངོ་བོ་ནི། ཤན་སྟོབས་ཀྱིས་ལྟུང་བ་འབྱུང་རུང་གི་རྫས་གང་ཞིག །རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པའི་རང་སྟོབས་ཀྱི་ལྟུང་བ་འབྱུང་རུང་གི་རྫས་དང་རིགས་མཐུན་པའོ། །གཉིས་པ་ནི། རང་ལས་བྱུང་བའི་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དེ་རིགས་མཐུན་གྱི་རྫས་གཞན་ལ་འདྲེ་བར་བྱེད་པས་རྡེག་བྱེད་དང༌། རིགས་མཐུན་གྱི་རྫས་གཞན་ལས་བྱུང་བའི་རང་གི་ཉིད་ཀྱི་རྗེས་ཞུགས་དེས་གོས་པར་བྱ་བས་ན་བརྡེག་བྱའོ། །གསུམ་པ་ནི། གོས་འཆང་བ་ཟླ་འཇོག་ལྷུང་བཟེད་འཆང་བ་གསུམ་གྱི་སྐབས་སུ་བརྡེག་བྱ་རྡེག་བྱེད་བཅས་རིགས་མཐུན་པ་དང་གསོག་འཇོག་གི་སྐབས་སུ་ནང་ཆོས་ཀྱི་རིགས་མཐུན་ཁོ་ན་དང༌། བྱིན་གྱིས་མ་བརླབས་པས་བརླབས་པ་ལ་བརྡེག་པའི་སྐབས་སུ་སྔ་མའམ་དུས་མཉམ་པས་བརྡེག་ཅིང་ཕྱི་མས་བརྡེག་པ་མེད་དོ། །མ་བརླབས་པ་ནང་དང་བརླབས་པ་ནང་གིས་བརྡེག་པའི་ཚེ་སྔ་མས་ཕྱི་མ་ལ་བརྡེག་གི །དུས་མཉམ་པ་ལ་བརྡེག་པའང་མེད་དོ། །གཉིས་པ་ལྟུང་བའི་ཤན་གྱི་ལ། རྡེག་བྱེད་ནི་སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བའོ། །དེའི་རྒྱུར་གྱུར་དངོས་པོ་སྤང་དགོས་སུ་གནས་པའི་ཤན་དེ་འདྲེ་བར་བྱེད་པས་རྡེག་བྱེད་དོ། །བརྡེག་བྱ་ནི་ཕྱིས་རྙེད་ཀྱི་དངོས་པོ་རིགས་མཐུན་པ་དང་མི་མཐུན་པ་ཚད་དང་ལྡན་པའོ། །དེ་སྤང་དགོས་སུ་བྱ་བས་ན་བརྡེག་བྱའོ། །ཚིག་དོན་ནི། རྒྱུ་གྱུར་གྱི་རྫས་རང་གི་ཡིན་པ་ཡན་ལག་ཏུ་དགོས་པའི་འཆང་འཇོག་གི་སྤང་བའི་ལྟུང་བ་འདི་ལ་རྫས་དེ་བསྔོས་སམ་རུང་བར་བྱས་ན་དེ་ཕྱིན་ཆད་རང་གི་ཉིད་དང་བྲལ་ཞིང་ཉམས་
པར་མ་ཟད་དེའི་གོང་རོལ་གྱི་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །དེས་ན་ཚེས་གཅིག་ལྟ་བུ་ལ་གོས་ཤིག་རྙེད་པ་རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པར་བཅངས་པ་ལས། ཚེས་ལྔ་ལྟ་བུ་ལ་གོས་དེ་བྱིན་གྱིས་བརླབས་ན་དེ་ཡན་ཆད་ཀྱི་རྗེས་ཞུགས་དེ་ཡང་ཉམས་པས། ཕྱིས་རྙེད་ཀྱི་གོས་ལ་ཤན་འདྲེ་བར་མི་འགྱུར་རོ། །དགེ་སློང་གིས་ཚེས་གཅིག་ལྟ་བུ་ལ་གོས་རྙེད་པ་རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པར་བཅངས་པ་ལས། ཚེས་ལྔ་ལྟ་བུ་ལ་རང་ཉིད་སེམས་སྨྱོ་བ་ལ་སོགས་པས་ཐ་མལ་བའི་བློའི་རང་བཞིན་ལས་ཉམས་ན་ཡང་རང་གི་ཉིད་ཀྱི་རྗེས་ཞུགས་ཉམས་པས་སྔར་དྲན་པ་མ་ཉམས་པའི་གནས་སྐབས་ཀྱི་ཤན་དེས་ཕྱིས་དྲན་པ་རྙེད་པའི་གནས་སྐབས་ཀྱི་ཡོ་བྱད་ལ་ཤན་འདྲེ་བར་མི་འགྱུར་རོ། །དེས་ནམ་སྨྱོ་བའི་དུས་ཀྱི་རྗེས་ཞུགས་དང་སེམས་རྙེད་ཕྱིན་ཆད་ཀྱི་རྗེས་ཞུགས་གཉིས་བསྡོོམས་ནས་ལྟུང་བ་གཅིག་མི་བསྐྱེད་དོ། །འདི་ལ་རང་བཞིན་མི་གནས་པ་ཞག་ལོངས་དགོས་པར་འདོད་པ་མི་འཐད་དེ། ལྟུང་བའི་རྟེན་མིན་པས་བར་དུ་ཆོད་པའི་ཕྱིར། འོ་ན་ཆོས་གོས་ལ་སོགས་པ་ཐམས་ཅད་ཞག་བཅུར་འཆང་དུ་དབང་བས་ཁྱབ་བམ་ཞེ་ན། འབྱུང་བ་ཉིད་དོ་གང་གི་ཚེ་འབྱུང་ན། ཚེས་གཅིག་ལྟ་བུ་ལ་རྫས་གང་ཞིག་རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པར་བཅངས་པ་དེ་ཡོད་པའི་ཚེ་ན་འབྱུང་། གང་ལ་འབྱུང་ན། ཚེས་ལྔ་ལྟ་བུ་ལ་ཕྱིས་རྙེད་པའི་དངོས་པོ་གཞན་ལ་ཡང་འབྱུང༌། ཁྱད་པར་ཇི་ལྟ་བ་ལ་འབྱུང་ཞེ་ན། རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པའི་སྔར་རྙེད་ཀྱི་དངོས་པོ་དང་བཅས་རིགས་མཐུན་པ་དེ་ལྟ་བུ་ལ་འབྱུང༌། གང་འབྱུང་ན། སྔར་རྙེད་ཀྱི་རང་གི་ཉིད་ཀྱི་རྗེས་ཞུགས་དེ་འབྱུང༌། འབྱུང་བར་བསྟན་པ་ལ་དགོས་པ་ཡོད་དེ། ཆོས་གོས་ལྟ་བུ་ཕྱིས་རྙེད་པ་དེ་ཡང༌། སྔ་མའི་ཞག་བཅུ་པོའི་ནང་དུ་བྱིན་གྱིས་
བརླབ་པ་སོགས་བྱ་དགོས་ལ། དེ་ཉིད་ཞག་བཅུར་བཅང་དུ་མི་རུང་བར་གོ་བའི་ཆེད་ཡིན་པའི་ཕྱིར། ཐམས་ཅད་དུ་བཅས་རིགས་མཐུན་ཙམ་ལ་ཤན་འབྱུང་བས་ཁྱབ་བམ་ཞེ་ན། མར་དང་འབྲུ་མར་སོགས་ཞག་བདུན་པར་བྱིན་གྱིས་བརླབས་པ་ལ་ནི། ཕྱིས་རྙེད་ཀྱི་རྫས་སྔར་མ་རྙེད་དང་ནང་ཚེས་ཀྱི་རིགས་མཐུན་པ་ལ་རང་གི་ཉིད་ཀྱི་རྗེས་ཞུགས་དེ་འབྱུང་གི །གཞན་ལ་མི་འབྱུང་སྟེ། དཔེར་ན། སྔར་རྙེད་མར་གྱི་རྗེས་ཞུགས་ཕྱིས་རྙེད་མར་ལ་འབྱུང་གི་བུ་རམ་དང་འབྲུ་མར་སོགས་ལ་མི་འབྱུང་བ་ལྟ་བུའོ། །ནི་ཞེས་པ་ངེས་བཟུང་སྟེ་གོས་ལ་སོགས་པ་ལའང་ཆེས་ཀྱི་རིགས་མཐུན་པ་མི་དགོས་པའི་ཕྱིར་རོ། །དེ་ལྟར་བཅས་པ་མཛད་པ་ཅི་ཡིན་ཞེ་ན། སྨན་བྱིན་གྱིས་བརླབས་པ་ནི་ནད་པའི་ཕྱིར་གནང་བ་ཡིན་ལ། དེ་ལ་མར་ལ་སོགས་པ་དུ་མ་དགོས་སྲིད་པས་བཅས་རིགས་མཐུན་ཙམ་ལ་བརྡེག་པར་བཅས་ན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །སྤང་བའི་ལྟུང་བ་སུམ་ཅུ་གང་རུང་དེ་རང་རྒྱུད་ལ་ཡོད་པའི་ཚེ་ན་དེ་ཕྱིན་ཆད་རིགས་མཐུན་ནམ་མི་མཐུན་པ་དགེ་སྦྱོང་གི་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་ལྟུང་བཤགས་པ་བྱེད་པའི་ཚེ་སྤང་དགོས་པའི་སྤང་བ་ཉིད་འབྱུང་གི་ལྟུང་བ་བཤགས་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་མ་བྱུང་བའི་ཕྱིར་རོ། །དེ་ལྟར་བཅས་པ་ལ་དགོས་པ་ཡོད་དེ། ལྟུང་བ་མྱུར་དུ་ཕྱིར་འཆོས་པའི་དགོས་པ་ཡོད་པའི་ཕྱིར་རོ། །བཞི་པ་ཕྱིར་བཅོས་པ་དང་འབྲེལ་བའི་ཐུན་མོང་བ་ནི། སྤང་བའི་རྒྱུར་གྱུར་བའི་རྫས་དངོས་སམ། ཕྱིས་རྙེད་ཀྱི་རྫས་ཐམས་ཅད་ལྟུང་བ་བཤགས་པའི་ཚེ་སྤང་དགོས་པས་ཁྱབ་བམ་ཞེ་ན། གོས་ཁྲུ་གང་བས་དམན་པ་དང༌། རིན་པོ་ཆེ་ཡང་དེ་ཙམ་མི་རི་བ་དང༌། ལྷུང་བཟེད་ཚད་དུ་མ་ལོངས་པ་དང༌། ཟས་མགུལ་དུ་མིད་པ་མི་
མངོན་པའི་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་བཤགས་པ་བྱེད་པའི་ཚེ་སྤང་དགོས་པར་མི་འགྱུར་ཏེ། སྤང་རིན་མེད་པའི་ཕྱིར་རོ། །རྒྱུར་གྱུར་གྱི་རྫས་ཚད་དུ་ལོངས་པ་ཐམས་ཅད་སྤང་དགོས་པས་ཁྱབ་བམ་ཞེ་ན། དགེ་འདུན་གྱི་རྫས་གང་ཟག་གི་རིགས་སུ་མ་བཅད་པའི་གཞི་ལས་དགེ་སློང་ལ་སྤང་ལྟུང་བྱུང་ན་ཡང༌། སྤང་བར་བྱ་མི་དགོས་ཏེ་དེ་ལ་རང་གི་དང་འདྲ་བར་བདག་གིར་བྱ་བ་མི་འབྱུང་བའི་ཕྱིར་རོ། །དགེ་འདུན་གྱི་རྫས་གང་ཟག་གི་རིགས་སུ་བཅད་པ་ལས་འཆང་འཇོག་གི་ལྟུང་བ་བྱུང་ན་བཤགས་པ་བྱེད་པའི་ཚེ་སྤང་དགོས་ཏེ། དེ་ལ་རང་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར། རིགས་སུ་བཅད་མ་བཅད་ཀྱི་དོན་འཚོང་བ་དང་སྟེར་བ་སོགས་ལ་གང་ཟག་དབང་ཆེ་ན་རིགས་སུ་བཅད་པ་དང༌། དགེ་འདུན་དབང་ཆེ་ན་རིགས་སུ་མ་བཅད་པའོ། །ཁ་ཅིག་བགོས་པ་དང་མ་བགོས་པ་ཡིན་ཟེར། ཁ་ཅིག་བགོ་བར་བྱ་བ་དང༌། གཞག་པར་བྱ་བའི་རྫས་ཡིན་ཟེར་བ་མི་འཐད་དེ། བགོས་ཟིན་ན་རང་གི་རྫས་སུ་གྱུར་ཟིན་པས་ དོགས་པ ་བཅད་མི་དགོས་ལ། བགོ་བར་བྱ་བ་ཡིན་ཡང་འཚོང་སྟེར་གྱི་དབང་མེད་ན་ལྟུང་བ་དེ་དག་མི་འབྱུང་བའི་ཕྱིར། འཚོང་སྟེར་གྱི་དབང་ཡོད་ན་གཞག་པར་བྱ་བ་ཡིན་ཡང་འབྱུང་སྟེ། རང་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ། །ཞུ་ཊཱིཀ་ཏུ། གཉིས་ཀ་ཡང་ཤས་ཙམ་དབང་བ་དང༌། རང་གིར་བྱེད་པ་མི་དམ་པས་སྤོང་མི་དགོས་ཞེས་ཟེར། ཤེས་རབ་བྱེད་པར། ཕྱོགས་བཅུའི་ནི་སྤང་དུ་མི་དབང༌། མཚམས་གཅིག་གི་སྤང་དགོས་ཞེས་སོ། །སྤང་ལྟུང་བཤགས་པ་བྱེད་པའི་ཚེ་རྒྱུར་གྱུར་གྱི་རྫས་དེ་མེད་ན་དོད་བཙལ་ནས་སྤང་དགོས་སམ་ཞེ་ན། སྤང་ལྟུང་བཤགས་པའི་ཚེ་རྫས་སྤང་བར་བྱ་བ་འདི་ལ་སྤང་བྱའི་རྫས་མེད་པ་དེ་ཉིད་གཙོ་བོ་ཡིན་གྱི། སྤང་
བྱའི་རྫས་གཙོ་བོ་མིན་པས། རྫས་མེད་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའི། དངོས་པོ་དོད་བཙལ་ནས་སྤང་མི་དགོས་སོ། །ལྔ་པ་སྤང་བ་དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བ་ནི། དགེ་སློང་ཐམས་ཅད་ལ་སྤང་ལྟུང་འདི་དག་ཐམས་ཅད་དུ་འབྱུང་ངམ་ཞེ་ན། འཆང་འབྲལ་འཇོག་པའི་སྤང་བ་འདི་གསུམ་ནི། དགེ་སློང་སྲ་བརྐྱང་བཏིང་ཆགས་དང་ལྡན་པ་ལ་མི་འབྱུང་སྟེ། སྲ་བརྐྱང་བཏིང་བའི་རྐྱེན་གྱིས་བག་ཡངས་སུ་གནང་བའི་ཕྱིར་རོ། །སྲ་བརྐྱང་དང་བྲལ་ན་སྤང་བ་འབྱུང་མོད། གཅིག་དང་མ་བྲལ་ན་རང་དང་བྲལ་ཡང་མི་འབྱུང་བ་དང༌། རང་གི་ཆོས་གོས་དང་བྲལ་བ་ཉེས་པ་མེད་པའོ། །སྤང་ལྟུང་སུམ་ཅུའི་སྐོར། གཉིས་པ་ཐུན་མོང་མ་ཡིན་པ་སོ་སོའི་མཚན་ཉིད་ལ་ལྔ། གོས་ལས་གྱུར་པ། ནོར་ལས། སྣོད་སྤྱད་ལས། གོས་གཞན་ལས། སྨན་ལས་གྱུར་བའོ། །དང་པོ་ལ་གཉིས། གོས་དངོས་ལས་དང༌། གོས་ཀྱི་རྒྱུ་ལས་གྱུར་བའོ། །དང་པོ་ལ་གཉིས། བགོ་བ་གོས་ལས་དང༌། གདིང་བ་སྟན་ལས་གྱུར་བའོ། །དང་པོ་ལ་གཉིས། གོས་ཡོད་པ་ལ་ལོག་པར་བསྒྲུབ་པ་དང༌། མེད་པ་འཚོལ་བ་ལས་གྱུར་བའོ། །དང་པོ་ལ་བཞི་ལས། འཆང་བ་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི་ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་ཟང་ཟིང་ལ་གདུ་བས་ཀུན་ནས་བསླངས་ཏེ། ཉེས་པ་བྱ་བ་ཤོར་བ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་བསླབ་པའི་གཞི་འདི་མ་བཅས་ན་རྒྱུ་དང་དབྱིབས་དང་ཁ་དོག་མི་རུང་བ་འཆང་བར་འགྱུར་ལ། ཀོ་ལྤགས་སོགས་བཅངས་པས་སྲོག་ཆགས་ལ་གནོད་པ་དང༌། དབྱིབས་མི་རུང་བས་ཁྱིམ་པ་སོགས་དང་རྟགས་འདྲེ་བ་དང༌། ཚོན་ཆེན་གྱིས་ཁ་བསྒྱུར་བ་སོགས་ཀྱིས་ང་རྒྱལ་
དང་རྒྱགས་པ་སྐྱེ་བ་དང༌། འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་དང༌། བསམ་གཏན་དང་ཀློག་པའི་བར་ཆད་དུ་འགྱུར་བའོ། །ཡན་ལག་ལ་གསུམ་ལས། གཞི་ལ། དངོས་པོ་ནི་གོས་དངོས་སུ་གྲུབ་པ་དང༌། རྒྱུ་དང་དབྱིབས་དང་ཁ་དོག་གི་སྒོ་ནས་རུང་བ་དང༌། ཁྲུ་གང་གི་ཚད་དུ་ལོངས་པ་དང༌། རང་དབང་བ་དང༌། གནས་སྐབས་དབང་བྱར་ཡོད་པ་དང་བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་དང༌། ཟླ་བར་བཞག་པ་མིན་པའོ། །བདག་ཉིད་སྲ་བརྐྱང་བཏིང་བ་མིན་པའོ། །ཀུན་སློང་འཆང་བར་འདོད་པའོ། །མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །གཞུང་དོན་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། ཤན་སྟོབས་ཀྱིས་བསྐྱེད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གང་ལ་འཆང་བའི་སྤང་བྱར་འགྱུར་ཞེ་ན། གནས་སྐབས་དབང་བྱར་ཡོད་ནའོ། །སུའི་ཞེ་ན། དགེ་སློང་རང་གི་ཉིད་དོ། །ཁྱད་པར་ཇི་ལྟ་བུ་ལ་ཞེ་ན། ཞག་བཅུར་བྱིན་བརླབས་སམ་རུང་བ་མ་བྱས་པར་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་ཉིད་དོ། །ནམ་གྱི་ཚེ་སྤང་བར་འགྱུར་ཞེ་ན། ཞག་བཅུ་ལས་གཞན་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བའི་སྐད་ཅིག་དང་པོ་ལའོ། །དེ་ཉིད་རྒྱུན་དུ་བཅངས་ན་ཅིར་འགྱུར་ཞེ་ན། ཁ་ཅིག་ན་རེ། དེ་ཕྱིན་ཆད་ལྟུང་བ་དེ་མ་བཤགས་ཀྱི་བར་དུ་ལྟུང་བ་གཏན་ནས་མེད་དེ། ཁ་ཉིད་ཀྱི་གཉེན་པོ་བཏང་བའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། ལྟུང་བ་གཉེན་པོའི་གཏོང་བྱེད་མིན་པའི་ཕྱིར་དང༌། རྩྭ་རེ་རེ་ལ་ལྟུང་བ་རེ་རེ་འབྱུང་བར་གསུངས་པ་སོགས་དང་འགལ་བའི་ཕྱིར་རོ། །ཁ་ཅིག་དེ་ཕྱིན་ཆད་ཀྱང་ཞག་བཅུ་བཅུ་ན་སྤང་ལྟུང་རེ་འབྱུང་སྟེ། ཊཱིཀྐར། ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་ནི། ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་ནི་མེད་དོ་ཞེས་གསུངས་པའི་
ཕྱིར་ཟེར་བ་མི་འཐད་དེ། འདི་ལ་ཞེས་དང་ཤན་གྱི་ཕྱིར་ཞེས་ངེས་པར་བཟུང་བའི་ཕྱིར་རོ། །དེས་ན་དེ་ཕྱིན་ཆད་ཞག་རེ་རེ་ལ་སྤང་བ་རེ་རེར་འགྱུར་ཏེ། གནང་ལ་ཚད་བཟུང་ཡིན་པའི་ཕྱིར་དང༌། སྨན་གསོག་འཇོག་ཏུ་གྱུར་བ་ཞག་རེ་རེ་ལ་སྤང་བར་གསུངས་པའི་ཕྱིར་དང༌། ཁྱིམ་བཞི་པ་ལ་སོགས་པའི་སྒོ་གཏན་འདས་པ་ལ་ཁྱིམ་རེ་རེ་ལ་ལྟུང་བྱེད་དུ་གསུངས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཚུལ་དེ་ནི་ཟླ་སྤང་སོགས་ལའང་སྦྱར་རོ། །ཡུལ་གང་ལ་རང་གི་ཉིད་ཡོད་ན་སྤང་བར་འགྱུར་ཞེ་ན། གོས་ལ་ཡིན་གྱི་ལྷུང་བཟེད་དང་སྨན་ལ་མིན་ནོ། །ཚད་ཇི་ཙམ་ཞེ་ན། ལྟེ་བའི་དཀྱིལ་འཁོར་དང་པུས་མོའི་ལྷ་ངའི་ཚིགས་གཉིས་ཏེ་འཁོར་གསུམ་ཁེབས་པའི་གོས་ཀྱི་མཐའ་སྟེ་ཁྱོན་གྱི་ཚད་ལའོ། །རང་ཚད་ཀྱི་དབང་དུ་བྱས་པའོ། །དེ་ལྟ་བུ་ཐམས་ཅད་ཀྱང་མིན་ཏེ་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའི་གོས་ལའོ། །གཉིས་པ་ནི། བྱིན་གྱིས་བརླབས་པ་དང་འབྲེལ་ཀྱང་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་ལ་སྤང་བར་འགྱུར་རོ། །གོས་དེ་ནི་གཉིས་ཏེ། ཚེས་གཅིག་ལྟ་བུ་ལ་རྙེད་ནས་བྱིན་རླབས་སོགས་མ་བྱས་པར་བཞག་པའི་ཚེ་རྒྱུན་འབྲེལ་བ་དེ་གོས་རང་ལས་བྱུང་བ་ན་རང་ལས་བྱུང་བའི་དང༌། དེའི་ཚེས་ལྔ་ལྟ་བུ་ལ་རྙེད་པའི་གོས་ནི་སྔར་རྙེད་ལས་རྗེས་སུ་ཞུགས་པ་དེ་བྱུང་བས་ན་གཞན་ལས་བྱུང་བའིའོ། །འདི་ལ་བྱིན་རླབས་དང་འབྲེལ་ཡང་སྤང་བར་འགྱུར་ཏེ། དེས་སྔར་རྙེད་ཀྱི་རྗེས་ཞུགས་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །གཞན་ལས་བྱུང་བ་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་རང་ཞུགས་དང་བཅས་པ་འདི་ལ་སྔར་རམ་རང་དང་དུས་མཉམ་དུ་བྱིན་གྱིས་མ་བརླབས་པའི་གོས་རང་གི་ཉིད་ཀྱི་རྗེས་ཞུགས་དང་བཅས་པ་གཞན་ཡོད་ན། སྔར་
རྙེད་བྱིན་གྱིས་མ་བརླབས་པ་རང་གི་རྗེས་ཞུགས་དང་བཅས་པ་དེའི་ཤན་ཞག་ཏུ་ཡོད་པ་ཚུན་ཆད་ནས་བརྩམས་ཏེ། སྔ་མས་ཞག་བཅུ་འདས་པ་ན་བྱིན་གྱིས་བརླབས་པའི་གོས་ཤན་དང་འབྲེལ་བ་དེ་ལ་ཡང་སྤང་བར་འགྱུར་རོ། །འཆང་བའི་སྤང་བའོ། །གཉིས་པ་འབྲལ་བའི་སྤང་བ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། བསླབ་བྱ་དང༌། རྣམ་གཞག་གོ །དང་པོ་ལ་གསུམ་ལས། གདིང་བ་དང་འབྲེལ་བའི་བསླབ་བྱ་ནི། གདིང་བ་བྱིན་གྱིས་བརླབས་པ་དང་བྲལ་བ་ལ་ནི། ཉིན་མཚན་འདས་པ་ལ་བརྟེན་པའི་ཉེས་པ་མེད་དེ། །ཆོས་གོས་གསུམ་ལས་དགག་བྱ་ཆུང་བའི་ཕྱིར་རོ། །དེ་ཡང་སྡོོམ་པ་ལེན་པ་དང་བསྲུང་བ་དང༌། ཤི་བྲལ་གྱི་ནད་གཡོག་ལ་ཡང་དགོས་པར་ཆོས་གོས་གསུམ་དང་འདྲ་བར་སྣང་བས་འབྲལ་ཡང་འདྲ་བར་འབྱུང་ངམ་སྙམ་པའི་ དོགས་པ ་བསལ་བའོ། །འོ་ན་ཐམས་ཅད་དུ་ཉེས་པ་མེད་དམ་ཞེ་ན། གདིང་བ་མེད་པ་ལ་ཉེས་པ་གསུམ་སྟེ། ཞག་ཏུ་མི་ལྡན་པ་དང༌། གནས་མལ་ལ་ལོངས་སྤྱོད་པ་དང༌། ལྡོག་བསམ་མེད་པར་བཞག་སྟེ་འགྲོ་བའི་ཉེས་པའོ། །རང་གིས་བྱིན་གྱིས་བརླབས་པ་ཡོད་ན། མཚམས་ཐ་དད་ན་ཡོད་ཀྱང་ཉེས་པ་སྔ་མ་མེད་ལ། གཉིས་པ་ནི། རུང་བ་ཚད་ལྡན་ཡིན་ན་བྱིན་གྱིས་མ་བརླབས་པ་དང་གཞན་དབང་བས་ཀྱང་གོ་ཆོད་དོ། །ཉེས་པ་གསུམ་པ་འགོག་ཚུལ་ནི། གལ་ཏེ་དེང་ཉིད་ཕྱིར་བཟློག་ཅིང་གནས་པར་བྱའོ་སྙམ་པ་མེད་ན་གདིང་བ་བཞག་སྟེ་འགྲོ་བར་མི་བྱའོ། །དེ་ལྟར་བསམས་ཏེ་སོང་ནས་ཕྱིར་བཟློག་པའི་དུས་མ་འབྱོར་ན་གདིང་བ་དེ་བརྙས་ཏེ་དེར་གནས་པར་བྱའོ། །གདིང་བ་བརྙས་ཀྱང་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། མ་རྙེད་ན་བླ་གོས་བཞི་ལྟབ་ཏུ་བྱས་པའི་སྟེང་དུ་ཡུན་རིང་དུ་མི་ཉལ་བར་བྱའོ། །གཉིས་པ་རས་
ཆེན་དང་འབྲེལ་བའི་བསླབ་བྱ་ནི། སྣམ་སྦྱར་གཞག་པར་མི་འོས་པའི་གནས་སུ་དབྱར་གྱི་རས་ཆེན་ཡང་གཞག་པར་མི་བྱའོ། །ཆར་འབབ་ན་དབྱར་གྱི་རས་ཆེན་མི་གཞག་གོ །བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ལ་ཡང་རས་ཆེན་མི་གཞག་གོ །ཆར་འབབ་པ་དང་ཆུ་ཀླུང་གིས་ཆོད་ པ་དེ་གཉིས་ཡོད་པར་དོགས ་པར་ཡང་རས་ཆེན་མི་གཞག་སྟེ། རས་ཆེན་ནི་ཆར་ཆུ་དེ་བསྐྱབ་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་སྣམ་སྦྱར་དང་འབྲེལ་བའི་བསླབ་བྱ་ནི། དགེ་སློང་དང་བཅས་པ་ཉིད་དང༌། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང༌། ཆར་འབབ་པ་དང༌། ཆར་འབབ་ཏུ་ དོགས་པ ་དང༌། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན། དགེ་འདུན་གྱིས་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་མ་བྱིན་པ་དང༌། སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །དགེ་སློང་གིས་ཆར་འབབ་པ་སོགས་ཀྱི་རྐྱེན་གྱིས་སྣམ་སྦྱར་མེད་པར་གྲོང་གཞན་དུ་སོང་བ་ན། བར་ཆད་ཀྱི་དབང་གིས་ཉི་མ་དེ་ཉིད་ལ་རང་གི་གནས་སུ་ཕྱིན་པར་མི་འགྱུར་ན། རང་གི་ཆོས་གོས་སྣམ་སྦྱར་གྱི་བྱིན་རླབས་ཕྱུང་སྟེ་ཁྱིམ་པ་ཡན་ཆད་ཀྱི་གོས་གཞན་ལ་སྣམ་སྦྱར་དུ་བྱིན་གྱིས་རློབ་པ་ནི་འབྲལ་སྤང་དང་མི་ལྡན་པའི་ཉེས་པ་མི་འབྱུང་བའི་ཐབས་སམ། ཆོ་གའི་རྣམ་པའོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན་རྒན་པོ་དང་ནད་པ་དག་ལ་སྣམ་སྦྱར་དང་མི་འབྲེལ་བའི་གནང་བ་སྦྱིན་ནོ། །བླ་གོས་དང་མཐང་གོས་ལ་གནང་བ་འདི་མི་བྱའོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་བརྒྱུས་
པས་དང༌། རང་གི་ལུས་མ་སྦས་པས་དང༌། གཞན་གྱི་བྱ་བ་ཤོར་བའོ། །རྒྱུ་མཚན་ལུས་མ་བཀབ་པས་མ་དད་པ་དང་ཆོས་གོས་ཆུད་ཟ་བའོ། །ཡན་ལག་ལ་གསུམ་ལས། དངོས་པོ་ཆོས་གོས་གསུམ་ལས་གང་ཡང་རུང་བ། རང་གི་བྱིན་རླབས་ཅན་རུང་བ་ཚད་ལྡན་སོགས་དང༌། བདག་ཉིད་གནང་བ་ཐོབ་པ་དང་སྲ་བརྐྱང་བཏིང་བ་དགོན་པ་བར་ཆད་དང་ལྡན་པ་རྣམས་མིན་པའོ། །གནས་ནི་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་པའོ། །ཀུན་སློང་རང་དགར་འབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་འབྲལ་བར་རྩོམ་པའོ། །མཐར་ཐུག་ཞག་གཅིག་གི་མཚན་མོ་མཐའ་འདས་པའོ། །གཞུང་དོན་ལ་གཉིས་ལས། མདོར་བསྟན་ནི། འབྲལ་སྤང་གི་ལྟུང་བའི་བྱེད་པ་པོ་གང་ཞེ་ན། ཆོས་གོས་བྱིན་གྱིས་བརླབས་པ་དང༌། གང་ཟག་མི་འབྲལ་བའི་གནང་བ་མ་ཐོབ་པ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །གནས་སྐབས་གང་ལ་གང་ཟག་དེ་བྱེད་པ་པོ་ཡིན་ཞེ་ན། ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ནས་གནས་གཞན་ན་གནས་པའི་དགེ་སློང་ལ་སྐྱ་རེངས་དང་པོ་ཤར་བའི་ཚེ་ནའོ། །གཉིས་པ་རྒྱས་བཤད་ལ་གསུམ། གནས་ཀྱི་མཚན་ཉིད། ཉེ་འཁོར་གྱི་མཚན་ཉིད། གནས་དང་ཉེ་འཁོར་གཅིག་པའི་མཚན་ཉིད་བསྟན་པའོ། །དང་པོ་ལ་ལྔ་ལས། དང་པོ་མངོན་པར་བསྒྲུབ་པའི་གནས་ནི། གཙུག་ལག་ཁང་གང་ལ་མཚམས་བྱས་པ་ལ་ནི་མཚམས་དེ་ཉིད་གནས་ཀྱི་མཐའ་ཡིན་ལ། ཡོལ་བ་དང་རྩིག་པ་ལ་སོགས་པ་དག་ཀྱང་མཚམས་ཡིན་ནོ། །གཉིས་པ་བདག་པོས་བྱེ་བྲག་ཏུ་བྱས་པའི་མཚམས་ནི། ལུང་གི་བར་སྡོམ་ནི། ཁྱིམ་གཅིག་དང་ནི་ཁྱིམ་གཉིས་དང༌། །ཁྱིམ་གྱི་ཚོགས་དང་ལྡན་པ་དང༌། །རྩིག་པ་རིབ་མ་འོབས་བསྐོར་དང༌། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །སྟེན་འགྲོ་བུ་སྟེགས་ཚོང་རྡལ་དང༌། །ཚོང་ཁང་དགྲ་ཁང་གཡུལ་དང༌
ནི། །གཡུལ་ཚོམས་གྲུ་དང་ཤིང་རྟ་དང༌། །ཤིང་ལྗོན་ཀུན་དགའ་ར་བ་ཡིན། །ལམ་དུ་འགྲོ་འགྲེང་འདུག་ཉལ་དང༌། །ཐད་ཀར་ཡང་ནི་དེ་བཞིན་ཏེ། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་པའི་རྣམ་བཞིར་བྱ་བའི་གནས་བཅུ་གཉིས་མདོ་འདི་གཉིས་ཀྱིས་བསྡུས་བ་ཡིན་ལ། དེ་ལ་རྣམ་པ་བཞི་ནི་གྲོང་ཉེ་འཁོར་གཅིག་པ་དང་ཐ་དད་པ་གཉིས། གྲོང་རབ་ཏུ་མང་པོ་ལ་ཡང་གཉིས་སོ། །དེ་བཞིན་དུ་ཁྱིམ་ལ་སོགས་པ་ལའང་ཤེས་པར་བྱའོ། །དེ་ལ་གྲོང་ཉེ་འཁོར་གཅིག་པ་ནི་གྲོང་གང་ན་སྐྱེད་མོས་ཚལ་ལམ་འདུན་སའམ་ལྷའི་གནས་གཅིག་ཡོད་པའོ། །དེའི་ཉེ་འཁོར་སོ་སོ་ཐ་དད་པའོ། །ཐུན་མོང་བ་ལྷའི་གནས་སོ། །གྲོང་ཉེ་འཁོར་ཐ་དད་པ་ནི་དེ་དག་མང་པོ་ཡོད་པའོ། །ཐུན་མོང་བ་ནི་མེད་དོ། །གྲོང་རབ་ཏུ་མང་པོའི་གཉིས་ཀྱང་ཚུལ་གཅིག་གོ །ཁྱིམ་ཉེ་འཁོར་གཅིག་པ་ནི་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཁྱིམ་མོ། །དེའི་ཉེ་འཁོར་ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་རྡུང་བར་བྱེད་པ་དང་རྔོ་བར་བྱེད་པ་ལ་སོགས་པའོ། །ཐ་དད་པ་ནི་མི་ཐ་དད་པའམ། སྤུན་སྒོ་བྱེ་བའི་ཁྱིམ་མོ། །དེའི་ཉེ་འཁོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཐུན་མོང་བ་ནི་སྒོའོ། །ཁྱིམ་རབ་ཏུ་མང་པོའི་གཉིས་ཀྱང་ཚུལ་འདྲ་ལ་ཐུན་མོང་བ་ནི་མེད་དོ། །དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་པར་བྱ་ལ་མུ་སྟེགས་ཅན་ལ་ལྟ་བ་གཅིག་པ་དང་ཐ་དད་པ་སྦྱར་བར་བྱའོ། །དེ་དག་གི་ཉེ་འཁོར་གཅིག་པ་རྣམས་ཀྱི་གནས་དང༌། ཉེ་འཁོར་གང་ཡང་རུང་བར་བདག་ཉིད་གང་རུང་དུ་ཆོས་གོས་བཞག་ན་འབྲལ་བར་མི་འགྱུར་རོ། །དེ་བཞིན་དུ་ཐུན་མོང་བ་རྣམས་སུའང་འབྲལ་བར་མི་འགྱུར་རོ། །རྣམ་པ་གཉིས་པ་རྣམས་ཀྱི་ཐུན་མོང་བ་ནི་སྟེན་འགྲོ་རོལ་མོ་
མཁན་གྱི་བྱེ་བྲག་སྟེ། དེའི་རྒྱལ་མཚན་གྱི་ཤིང་ངོ༌། །དེ་ནི་དེའི་ཁྱིམ་གྱི་མཚན་མའོ། །མུ་སྟེགས་ཅན་གྱི་ལྷའི་གནས་སོ། །ཚོང་རྡལ་ཟོང་འཚོང་བར་བྱེད་པའི་གནས་སོ། །དེའི་བཞག་སྟེགས་ཏེ་བཞག་པའི་སྤང་ལེབ་བོ། །ཚོང་ཁང་ཟོང་བཅེར་བའི་གནས་སོ། །དེའི་འདུག་སྟེགས་ཏེ་ཚོང་པ་འདུག་སྟེ་ཚོང་བྱེད་པའོ། །དགྲ་ཁང་བསྲུང་བའི་གནས་སོ། །དེའི་ཡ་གད་དེའི་སྐས་སོ། །གཡུལ་གྱི་ནི་དེའི་དཀྱིལ་ཏེ་གཏོར་མ་ལ་སོགས་བྱེད་པའམ། འབྲུ་སྤུང་བའམ། བ་ལང་སྐོར་བར་བྱེད་པའོ། །གཡུལ་ཚོམས་ཀྱི་སྒོའོ། །གྲུའི་གྲུ་གདོང་ངོ༌། །ཤིང་རྟའི་ཁ་ལོ་བའི་གནས་སོ། །ཀུན་དགའ་ར་བ་ནི་མེ་ཏོག་གི་ར་བ་སྟེ་དེའི་ཁྲོན་པའོ། །བདག་པོ་གཅིག་ཉིད་མིན་པ་དུ་མའི་ཁྱིམ་སོ་སོའི་བར་གྱི་སྒོ་དང་ར་བ་ལ་སོགས་པའི་མཚམས་རྣམས་ནི་གནས་ཐ་དད་པ་ཉིད་ཡིན་པས་གང་རུང་དུ་རང་ཉིད་གནས་གང་རུང་དུ་ཆོས་གོས་བཞག་ན་འབྲལ་ལོ། །ཤུགས་ལ་བདག་པོ་གཅིག་པའི་བར་གྱི་མཚམས་རྣམས་ཀྱང་གཅིག་ཡིན་པར་བསྟན་ལ། དེ་གསལ་བར་བསྟན་པ་ནི་ཁྱིམ་པ་ནོར་ལས་དད་པ་ཐ་དད་པ་མིན་པ་དང༌། མུ་སྟེགས་ཅན་རྣམས་ལྟ་བ་ལས་དད་པ་ཐ་དད་པ་མིན་པ་རྣམས་ཀྱི་བར་གྱི་མཚམས་རྣམས་ཀྱང་ཐ་དད་པ་མིན་ལ། །ཐ་དད་ན་ཐ་དད་པ་ཡིན་ཏེ། ཁྱིམ་པ་ནོར་ལྷུར་བྱེད་ལ་རབ་ཏུ་བྱུང་བ་རྣམས་ལྟ་བ་ལྷུར་བྱེད་པའི་ཕྱིར་རོ། །གསུམ་པ་སྐྱེ་བས་བསྒྲུབ་པའི་གནས་ནི། ཤིང་ལྗོན་པ་གཅིག་གི་ཡལ་ག་དང་ཡལ་ག་ཕྲ་མོ་ཕན་ཚུན་མ་རེག་པ་རྣམས་ནི་ཐ་དད་ཡིན་པས་གཅིག་ཏུ་ཆོས་གོས་བཞག་ནས་གཅིག་ཏུ་སྐྱ་རེངས་འཆར་ན་འབྲལ་བར་འགྱུར་རོ། །ཡལ་ག་རྣམས་གྱེས་པའི་མཚམས་ཀྱི་རྩ་བ་ནི་ཡལ་ག་དང་ཡལ་ག་ཕྲ་མོ་དེ་དག་གི་ཐུན་མོང་བ་ཡིན་ནོ། །རྩ་བའི་རྩ་བ་དེའི་འོག་ན་ཡལ་ག་མེད་པ་སྡོང་པོ་གཅིག་ཏུ་གྱུར་པ་
དང༌། ལ་སོགས་པ་དེ་མན་ཆད་ས་གཞི་ལ་ཐུག་པའི་བར་རྣམས་ནི་ཡལ་ག་དང་ཡལ་ག་ཕྲ་མོ་དང་རྩ་བ་ལ་སོགས་པའི་ཐུན་མོང་ཡིན་ནོ། །ཤིང་ལྗོན་པའི་ཡལ་ག་དང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ནི་གནས་གཅིག་པ་ཉིད་དོ། །ཤིང་ལྗོན་པ་དེའི་ཚེ་འོག་མར་ཆོས་གོས་སྦྱངས་པ་ནི། ཁང་བའི་སྟེང་གཡོགས་པའི་ཆ་འོག་མར་ཆོས་གོས་སྦྱངས་ཏེ། ས་གཞིར་རང་སྐྱ་རེངས་འཆར་ན་འབྲལ་བར་མི་འགྱུར་བ་དང་འདྲའོ། །བཞི་པ་བསྐྱོད་དུ་རུང་བའི་གནས་ནི་གྲུ་དང་ཤིང་རྟ་དག་གི་ཡང་ཆ་འོག་མར་སྦྱངས་པ་སྟེང་གཡོགས་དང་འདྲའོ། །ལྔ་པ་མཚམས་མེད་པའི་གནས་ནི་དགོན་པ་ལ་སོགས་པ་མཚམས་མེད་པ་ལ་ནི། ལག་པ་དང་རྐང་པ་ལ་སོགས་པ་ཡན་ལག་གིས་ཁྱབ་བྱ་གནས་ཀྱི་མཐའོ། །གཉིས་པ་ཉེ་འཁོར་གྱི་མཚན་ཉིད་ལ་གསུམ་ལས། རྩོམ་པ་གཅིག་པའི་ཉེ་འཁོར་ནི། སྟེང་འོག་ཕྱོགས་དང་བཅས་པ་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ། །དམིགས་བསལ་ནི་རྩིག་པས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་བ་ལང་དྲུག་གིས་དྲང་དགོས་པ་དང་ལྡན་པའི་ཤིང་རྟ་སྨྱིག་མས་གང་བ་ཅན་གྱི་ལམ་གྱིས་ཁྱབ་པའམ། བྱ་གག་སྤར་ནས་འདུག་པའི་ལམ་གྱིས་ཁྱབ་པ་ཉེ་འཁོར་ཡིན་ནོ། །ཤིང་གི་རིབ་མས་བསྐོར་བའི་གྲོང་ལ་ནི། རིབ་མའི་དྲུང་ནས་ར་ལུག་འགྲོ་བའི་རྡུལ་གྱིས་ཁྱབ་པའམ། མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤང་བ་བྱེད་དུ་འགྲོ་བའི་ལམ་གྱིས་ཁྱབ་པ་གང་རུང་ཉེ་འཁོར་ཡིན་ནོ། །འོབས་ཀྱིས་བསྐོར་བའི་གྲོང་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་སྲིད་ཀྱི་ཚད་ཀྱི་ལམ་གྱིས་ཁྱབ་པའམ། ཕྱག་དར་བོར་བའི་བོང་བ་རགས་པ་རང་ཤུགས་ཀྱིས་འདྲིལ་བའི་ལམ་གྱིས་ཁྱབ་པ་གང་རུང་ཉེ་འཁོར་ཡིན་ནོ། །གཉིས་པ་ཉེ་བར་སྤྱོད་པའི་ཉེ་
འཁོར་ནི། གནས་དེའི་འཕྲལ་གྱི་བྱ་བ་འདྲུ་བ་བརྔོ་བ་འཐག་པ་ཁྱེའུ་སུས་བྱེད་པ་དང༌། འཕྲལ་གྱི་འགྲོ་བ་དང་འདུག་པ་དང༌། རྡུལ་དག་གིས་གནས་དེར་གཏོགས་པ་ཁྱབ་པ་ཉེ་འཁོར་ཡིན་ནོ། །གསུམ་པ་ལམ་གྱི་ཉེ་འཁོར་ནི་མཚམས་མེད་པའི་ལམ་དུ་དགེ་སློང་དང་ཐ་དད་པ་མིན་པར་འགྲོ་བ་དགེ་སློང་གི་ཆོས་གོས་འཁྱེར་བའི་མི་ལ་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་ཡིན་ནོ། །གཞན་དབང་བའི་མཚམས་གཞན་ནི་དྲུང་ན་འདུག་ཀྱང་ཉེ་འཁོར་མིན་ཏེ། མཚམས་རྣམ་པར་བཞག་པ་ནི་རང་དབང་ཐ་དད་པའི་ཕྱིར་རོ། །གསུམ་པ་གནས་དང་ཉེ་འཁོར་གཅིག་པའི་ཚད་བསྟན་པ་ནི། ཕྱོགས་ཐམས་ཅད་དུ་ཤིང་ལྗོན་པའི་ཡལ་ག་དང་ལོ་མ་ལ་སོགས་པ་འབྲེལ་བ་དང༌། གྲོང་ཁྱེར་གྱི་སྟེང་ལ་སོགས་པ་འབྲེལ་བ་དང༌། ཐག་པས་འབྲེལ་བ་ལ་སོགས་པས་ཁྱབ་པའི་གནས་སུ་དབུས་ནས་བརྩམས་ཏེ་ཕྱོགས་ཐམས་ཅད་དུ་རྒྱང་གྲགས་གཅིག་གི་ནང་ཚུན་ཆད་ཉེ་འཁོར་ཡིན་ལ་དེ་ཕན་ཆད་མཚམས་ཐ་དད་པ་ཡིན་ནོ། །འབྲལ་བའི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གཉིས་ལས། གང་དང་འབྲལ་བ་དངོས་པོའི་སྤྲོས་པ་ནི་ཆོས་གོས་བྱིན་རླབས་ཅན་དམ་དུམ་དུ་གྱུར་བ་ལ་བྱིན་གྱིས་བརླབས་པ་མེད་པར་མི་འགྱུར་ཏེ། །བྱིན་རླབས་ནི་རང་གི་ཉིད་ལ་བརྟེན་པ་ཡིན་ལ། དེ་ལ་རང་གི་ཉིད་དང་མི་འབྲལ་བའི་ཕྱིར་རོ། །དེས་ན་སྔར་བྱིན་གྱིས་བརླབས་པ་ཡིན་ན་དམ་དུམ་དུ་སོང་ཡང་འབྲལ་སྤང་བསྐྱེད་དོ། །འཆང་སྤང་ལྟ་བུ་བྱུང་བའི་གོས་སྤང་བ་ལ་སྲ་བརྐྱང་མ་གཏོགས་པའི་བྱིན་རླབས་མི་འཆགས་པ་མིན་ནོ། །དགེ་འདུན་གྱི་ཆོས་གོས་ལ་སོགས་པ་ལ་ཡང་གང་ཟག་གི་བྱིན་རླབས་མི་འཆགས་པ་མིན་ནོ། །དགེ་འདུན་གྱི་ཆོས་གོས་གང་ཟག་གིས་བྱིན་
གྱིས་བརླབས་པ་དེ་ལས་འབྲལ་བའི་སྤང་བ་འབྱུང་སྟེ། འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི་རང་གི་ཉིད་ནི་མིན་པའི་ཕྱིར་རོ། །གཉིས་པ་གང་དུ་འབྲལ་བ་གནས་ཀྱི་སྤྲོས་པ་ནི། ལྟ་མཚན་མི་མཐུན་པ་གཞན་གནས་པས་གཞན་དགེ་སློང་གི་གནས་མི་ཉམས་སོ། །ཆོས་འདི་པ་དང་མུ་སྟེགས་ཅན་གྱི་གནས་གང་རུང་དུ་རང་ཉིད་འདུག །གང་རུང་དུ་ཆོས་གོས་བཞག་ན་འབྲལ་བར་འགྱུར་ཏེ། ཆོས་གཞན་པ་མུ་སྟེགས་པ་དང༌། ཆོས་འདི་པ་དག་ནི་སྔར་ལྟ་བ་ལས་དད་པ་ཐ་དད་པ་དག་གི་གནས་ནི་ཐ་དད་པའོ་ཞེས་བྱ་བས་མ་འཕངས་པ་མིན་པའི་ཕྱིར། སྔར་སྒོ་ལ་སོགས་པ་ཐུན་མོང་དུ་བསྟན་པ་དག་གིས་སྒོ་ཁང་ཡང་མ་བསྡུས་པ་མིན་པས་མཚམས་ཐ་དད་པའི་གྲོང་དུ་ཆོས་གོས་བཞག་ནས་སྒོ་ཁང་དུ་རང་ཉིད་སྐྱ་རེངས་འཆར་ན་འབྲལ་བར་མི་འགྱུར་རོ། །ནོར་ལས་དད་པ་ཐ་དད་པ་ཞེས་སོགས་ཀྱིས་ཕ་དང་བུ་དག་ཀྱང་མ་འཕངས་པ་མིན་ནོ། །ནོར་ལས་དད་པ་ཐ་དད་པ་དང་ཐ་མི་དད་པའི་སྒོ་ནས་ཕ་དང་བུ་དག་གི་ཁྱིམ་མཚམས་ཐ་དད་པ་དང་ཐ་དད་པ་མིན་པ་ལྟར་ལྷུང་བཟེད་ཁ་བུབ་ལ་སོགས་པའི་ཁྲིམས་སུ་བྱ་བས་སྤངས་པ་ཉིད་ཀྱང་དེ་དང་འདྲ་བར་ནོར་གཅིག་པའི་ཕ་སྤངས་ན་བུ་ཡང་སྤངས་པར་འགྱུར། ནོར་ཐ་དད་བའི་ཕ་སྤངས་ཀྱང་བུ་སྤངས་བར་མི་འགྱུར་རོ། །ཉལ་པོ་བྱེད་པར་གཤོམ་པ་ཉིད་ཀྱང་ནོར་ཐ་དད་དང་ཐ་དད་མིན་པའི་སྒོ་ནས་ཐ་དད་དང་ཐ་དད་མིན་པར་བསྟན་ཏོ། །དེས་ན་ཁྱིམ་གཅིག་ན་སྐྱེས་པ་དུ་མ་ཉལ་པོ་བྱེད་པར་གཤོམ་པ་ལ་དགེ་སློང་གིས་ཕྱིས་གནོན་བྱས་ན་སྐྱེས་པ་དེ་དག་ནོར་ཐ་དད་ན་ཐ་དད་དུ་འགྱུུར། ནོར་གཅིག་ན་ལྟུང་བ་ཡང་གཅིག་ཏུ་འགྱུར་རོ། །གཙུག་ལག་ཁང་དང་གྲོང་གཉིས་ཀ་ལ་ཉེ་འཁོར་འབྲེལ་བར་ཡོད་པ་ན་གྲོང་ལ་ཇི་
སྐད་བཤད་པའི་ཉེ་འཁོར་དེ་ཡོད་པ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མིན་པས་དེར་ཆོས་གོས་གཞག་སྟེེ་སྐྱ་རེངས་འཆར་ན་འབྲལ་བར་འགྱུར་རོ། །འབྲལ་བའི་སྤང་བ་ཞུ་བའི་སྐབས་སོ། །འབྲལ་བའི་སྤང་བའོ།། །།གཉིས་པ་ཟླ་བས་སྤང་བ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས། ལྟུུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གསུམ་ལས། ཞག་བཅུ་པ་དང་འདྲ་བར་བསྟན་པ་ནི་འདྲའོ། །གང་གི་ཚེ་འདྲ་ན་གོས་ཕྱི་མས་ཁ་བསྐང་བ་ལ་རེ་བ་མེད་པའི་ཚེ་ན་འདྲ། གང་འདྲ་ན་འཁོར་གསུམ་ཁེབས་པའི་ཚད་པས་ཆུང་བ་འདྲ། དེ་ཡང་ཁྱད་པར་ཇི་ལྟ་བུ་ན། ཁྲུ་གང་ཡན་ཆད་ཀྱང་སྟེ། དེ་བས་ཆུང་བ་ནི་འདྲ་བ་མིན་ནོ། །གང་དང་འདྲ་ན། འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་དང་འདྲ། ཇི་ལྟར་འདྲ་ན། ཞག་བཅུ་ལས་འདས་ན་སྤང་བ་འབྱུང་བར་འདྲ། དགོས་པ་ནི། འདི་ཡང་སྤང་བ་གཉིས་སུ་འགྱུར་བ་དང༌། གོས་ཟླ་བར་བཞག་ཏུ་རུང་བ་ལ་ཁ་བསྐང་བ་ལ་རེ་བ་ཡོད་པར་གོ་བའོ། །འདི་ལ་ཆོས་གོས་ཀྱི་རྒྱུ་བྱའོ་སྙམ་པ་དང༌། ཕྱི་མས་ཁ་བསྐང་ངོ་སྙམ་པ་དང༌། དེ་གཉིས་ཀྱིས་འདང་ངོ་སྙམ་པ་དང༌། ཟླ་བའི་ནང་དུ་འགྲུབ་བོ་སྙམ་དུ་རེ་བ་དགོས་པར་བསྟན། རང་གི་ཆོས་གོས་རུང་ཚད་ལྡན་སོགས་བྱིན་གྱིས་བརླབ་པའམ། བརླབ་པར་བྱ་བ་ཡོད་པ་ཉིད་ན་ཡང་ཆུང་བ་ཁྲུ་གང་ཡན་ཆད་ཆོག་པ་དང་འདྲའོ། །དེས་ན་ཆོས་གོས་གསུམ་མ་གཏོགས་པའི་ཕྱིར་དུ་ཟླ་བར་བཞག་ཏུ་མི་རུང་ངོ༌། །གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་ཟང་ཟིང་ལ་གདུ་བས། ཉེས་པ་གོས་ཀྱི་ཁ་གསོག་འཇོག་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན། གོས་མང་པོ་གསོག་པ་དང༌། འདོད་པ་ཆེ་བ་དང༌། བསམ་གཏན་དང་ཀློག་པའི་བར་ཆད་དུ་
འགྱུར་བའོ། །ཡན་ལག་ལ་གསུམ་ལས། གཞག་བྱའི་དངོས་པོ་ནི་གོས་སུ་གྲུབ་པ་ཁྲུ་གང་ཡན་ཆད་པ། རང་དབང་བ། དབང་བྱར་ཡོད་པ་ཁ་བསྐང་བ་ལ་རེ་བ་དང་བཅས་པའོ། །བདག་ཉིད་བྱིན་གྱིས་བརླབ་པར་བྱ་བ་མེད་པ་དང༌། སྲ་བརྐྱང་མ་གཏིང་བའོ། །ཀུན་སློང་འཆང་བར་འདོད་པའོ། མཐར་ཐུག་ཞག་སོ་གཅིག་པའི་སྐྱ་རེངས་ཤར་བའོ། །གཞུང་དོན་ནི། གང་ལ་ཟླ་འཇོག་གི་སྤང་བར་འགྱུར་ཞེ་ན། ཁ་བསྐང་བ་ལ་རེ་བ་མེད་པ་དང༌། བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ལས་གཞན་དུ་ཁ་བསྐང་བའི་རེ་བ་ཡོད་ཅིང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་གང་རུང་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་དེ་ནི་ཞག་སུམ་ཅུ་འདས་ཏེ་སུམ་ཅུ་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བར་འགྱུར་རོ། །གསུམ་པ་ཞར་བྱུང་ལ་གཉིས་ལས། ཟླ་བ་ལ་ དོགས་པ ་བཅད་ནས་བཅུ་པར་འགྱུར་བར་བསྟན་པ་ནི། སྔར་བཞག་པ་དང་ཕྱིས་རྙེད་པའི་གོས་ཁ་དོག་ལས་རིགས་མི་མཐུན་པ་སྔོན་པོ་བཞག་པ་ལ་དམར་པོ་རྙེད་པ་ལྟ་བུ་དང༌། རྒྱུ་རིགས་མི་མཐུན་པ་བལ་གོས་བཞག་པ་ལ་རས་གོས་རྙེད་པ་ལྟ་བུ་དང༌། སྲབ་མོ་བཞག་པ་ལས་འཐུག་པོ་རྙེད་པ་ལ་སོགས་པ་ནི་གོས་ཀྱི་ཚད་དུ་ལོངས་ཀྱང་ཚད་དུ་ཆོག་པ་ཉིད་མིན་ཏེ། དེ་གཉིས་བསྡོམས་ནས་གོས་བྱར་མི་རུང་བའི་ཕྱིར་རོ། །རེ་བ་མ་ཆད་ན་དེས་སྔ་མ་བཅུ་པར་ཡང་མི་འགྱུར་ཏེ། རིགས་མི་མཐུན་པ་ནི་མ་རྙེད་པ་དང་འདྲ་བའི་ཕྱིར་རོ། །དེས་ན་གོས་ཟླ་བར་བཞག་ཏུ་རུང་བ་ལ་ཁ་བསྐང་དང་ཁ་གསོག་དེ་དག་རིགས་མཐུན་ནམ་སྤྱིར་རེ་བས་བཞག་པ་ཞིག་དགོས་སོ། །ཁ་དོག་གི་དམིགས་བསལ་ནི། དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་དུ་བསྒྱུར་དུ་རུང་བ་ཡིན་པས་སྔར་སྔོན་པོ་ལ་སོགས་པ་བཞག་སྟེ་ཕྱིས་དཀར་པོ་རྙེད་དམ་སྔར་དཀར་པོ་
བཞག་སྟེ་ཕྱིས་སྔོན་པོ་ལ་སོགས་པ་རྙེད་ན་ཁ་དོག་ལས་རིགས་མི་མཐུན་པ་མིན་ནོ། །ཁ་གསོག་གི་གོས་ཟླ་བར་བཞག་པའི་ཚེ་ཁ་བསྐང་གི་གོས་རྙེད་ཀྱང་ད་རུང་ཟླ་བར་བཞག་ཏུ་རུང་ངམ་ཞེ་ན། ཚེས་གཅིག་ལྟ་བུ་ལ་ཁ་གསོག་གི་གོས་ཟླ་བར་བཞག་པའི་ཚེ། ཚེས་ལྔ་ལྟ་བུ་ལ་ཁ་བསྐང་གི་གོས་རེ་ས་ནས་རེ་བ་ཆད་ནུས་སམ་རེ་ས་མིན་པ་ནས་རིགས་མཐུན་སྔ་ཕྱི་བསྡོམས་པས་གོས་འདང་བའམ་ཕྱིི་མ་དེ་ཉིད་ཀྱིས་གོས་འདང་བ་དེ་རྙེད་ན་ཟླ་བར་བཞག་ཏུ་མི་རུང་སྟེ་རྙེད་པའི་དུས་ཀྱི་ཞག་བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་གང་ཡིན་པ་དེའི་ཉི་མ་དང་པོ་ལ་ཁ་བསྐང་གི་གོས་དེ་ཁ་གསོག་གི་གོས་དེའི་བག་ལ་སློན་པ་ཉིད་ཡིན་པས་དེ་གཉིས་སོ་སོ་ནས་འདུག་ཀྱང་གཅིག་ལྟ་བུར་བྱའོ། །དེས་ན་ཉི་མ་དང་པོ་ནས་བརྩམས་ཏེ་སྔ་མ་ཟླ་བ་པའི་རིགས་ལས་ལོག་ནས་བཅུ་པའི་རིགས་སུ་འགྱུར་ལ། ཕྱི་མ་ལའང་དེ་ནས་བརྩམས་པའི་ཤན་འབྱུང་ངོ༌། །འོ་ན་བཅུ་གཅིག་ལྟ་བུ་ལ་རྙེད་པའི་ཚེ་སྔ་མའི་ཤན་གྱིས་བཅུ་གཉིས་པའི་སྐྱ་རེངས་ཤར་བ་ན་སྤང་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཟླ་བ་གཅིག་པའི་སྤང་པ་འདི་ལ་ཞག་བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དག་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་ཏེ། ཞག་ཉི་ཤུ་བའམ་སུམ་ཅུ་པའི་ནང་དུ་བྱིན་གྱིས་བརླབ་པ་སོགས་བྱ་བར་གསུངས་པའི་ཕྱིར་རོ། །ཁ་ཅིག་བཅུ་པ་གསུམ་པ་ལ་རྙེད་པ་སུམ་ཅུ་སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་ཟླ་བས་སྤང་བར་འགྱུར་ཏེ། དངོས་པོ་ལ་ཞག་སུམ་ཅུ་འདས་པའི་ཕྱིར་ཟེར་བ་མི་འཐད་དེ། རེ་བ་མེད་པ་དང་བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ལ་བཟླས་སྤང་མི་འབྱུང་བའི་ཕྱིར་དང༌། བཅུ་པ་གསུམ་པའི་བག་ལ་སློན་པར་གསུངས་པའི་ཕྱིར་རོ། །རིགས་བཟློག་པ་དང་ཤན་འབྱུང་བ་ལ་མུ་བཞི་སྟེ། དང་པོ་ནི། ཉི་མ་དང་པོའམ། བཅུ་
གཅིག་པའམ་རྩ་གཅིག་པ་ལ་ཁ་བསྐང་གི་གོས་རྙེད་ན་རིགས་བཟློག་སྟེ་ཟླ་བའི་ཡན་ལག་ཉམས་པའི་ཕྱིར། ཤན་མི་འབྱུང་སྟེ་ཞག་བཅུ་མཉམ་པོར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཞག་གཉིས་པ་ནས་སུམ་ཅུ་པའི་བར་ལ་རེ་ས་མིན་པ་ནས་རིགས་མཐུན་གོས་མི་འདང་བ་གཅིག་གྲུབ་ཅིང༌། དེ་ཡང་ཟླ་བར་བཞག་ན་ཕྱི་མ་ལ་ཤན་འབྱུང་ལ་རེ་བ་མ་ཆད་ཅིང་སྔ་ཕྱི་བསྡོམས་ཀྱང་གོས་མི་འདང་བས་སྔ་མ་རིགས་མི་ཟློག་གོ །གསུམ་པ་ནི་འབྲུའི་སྐབས་སུ་བཤད་པ་དེའོ། །བཞི་པ་ནི་རེ་ས་མིན་པ་ནས་རིགས་མི་མཐུན་འཁོར་གསུམ་མི་ཁེབས་པ་རྙེད་པ་ལྟ་བུ་སྟེ་རྒྱུ་མཚན་གོང་དུ་བཤད་དོ། །གཉིས་པ་བཟོ་རྗེས་སུ་བསྒྲུབ་པའི་ཐབས་ལ་གསུམ་ལས། རིམ་པའི་ཚད་ཞར་བྱུང་དང་བཅས་པ་ནི། འདི་མན་ཆད་ནི་གོས་ཇི་ལྟ་བུ་དང་ཚད་ཇི་ཙམ་ལ་བྱིན་རླབས་འཆགས་པ་དང༌། དེ་ལས་བཟློག་པ་ལ་སྤང་བར་འགྱུར་བ་བརྗོད་པར་བྱ་སྟེ་དུས་ཚིགས་སུ་མ་བཅད་པའི་གསར་པ་ལས་སྣམ་སྦྱར་བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །གདིང་བ་ཡང་གསར་བ་ལས་བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའ་ཉིས་རིམ་མོ། །བླ་གོས་དང་མཐང་གོས་གཉིས་གསར་བ་ལས་བྱེད་ན་དེ་གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཆིག་རྐྱང་ངོ༌། །སྣམ་སྦྱར་དང་གདིང་བ་ཉིས་རིམ་དུ་བྱེད་པ་ནི་རིམ་པ་བཞིན། བཟོ་བསྒྲུབ་པ་དང་འོག་ཏུ་འདིང་བས་ལས་ཕྱེ་བའི་ཕྱིར་རོ། །དེ་ཡང་ངེས་པར་བྱ་དགོས་པ་ནི་མིན་ནོ། །ཟླ་བ་བཞི་ཙམ་གྱི་དུས་ཚིགས་སུ་བཅད་པ་ལས་སྣམ་སྦྱར་སོགས་བྱེད་ན། གསར་པ་ལ་ཇི་སྐད་བཤད་པའི་རིམ་པ་ལས་ཉིས་འགྱུར་དུ་བྱའོ། །ཕྱག་དར་ཁྲོད་ཀྱི་རྒྱུ་ལས་བྱས་པའི་སྣམ་སྦྱར་སོགས་ལ་ནི་རིམ་པ་ངེས་པ་
མེད་དེ་ཇི་ཙམ་འདོད་པ་བྱའོ། །ཆོས་གོས་རང་ཟད་ནས་རྙིངས་པ་ཉིད་དང༌། སྒོས་སྐྱེས་ཀྱིས་བཤུད་པ་ལ་སོགས་པས་དེངས་པ་ཉིད་དག་ལ་ནི་རིམ་པ་ཅི་དགོས་པ་ལྷག་པར་སྦྱར་རོ། །ཕྱག་དར་ཁྲོད་ལས་མ་བྱས་པ་དང༌། རྙིངས་པ་དང་དེངས་པ་མིན་པའི་སྣམ་སྦྱར་སོགས་ལ་ནི་ཇི་སྐད་བཤད་པ་ལས་རིམ་པ་ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ། །སྦྱར་ན་ལྷག་པར་སྦྱར་བའི་རིམ་པ་དེ་ཞག་བཅུ་འདས་ནས་སྤང་བའི་ལྟུང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ། །བྱིན་གྱིས་བརླབ་པར་འོས་པའི་རིགས་ཅན་བྱི་དོར་བྱ་བའི་ཕྱིར་དབོག་པར་འདོད་ན་བྱི་དོར་བྱས་ནས་ཕྱིས་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་སེམས་མ་བསྐྱེད་པར་རང་དགར་དབོག་པར་མི་བྱའོ། །བྱི་དོར་བྱས་ནས་འདི་ཉིད་དུ་ཕྱིར་སྦྱར་བར་བྱའོ་སྙམ་པ་ལས་གཞན་པའི་སེམས་ཀྱི་རྣམ་པ་གང་ཡང་རུང་བས་ཆོས་གོས་ཀྱི་རིམ་པ་ཕོག་པ་སླར་མ་སྦྱར་བའི་སྔ་རོལ་ཏུ་ཞག་བཅུ་འདས་ན་སྤང་བར་འགྱུར་རོ། །སྦྱར་ན་ནི་གཅིག་པ་ཉིད་དུ་འགྱུར་བས་ཉེས་པ་མེད་དོ། །གཉིས་པ་སྣམ་ཕྲན་དང་གླེགས་བུའི་ཚད་བསྟན་པ་ནི། སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་ཐ་མ་ལ་དགུ་ཡན་ཆད་ནས་རབ་ལ་ཉི་ཤུ་རྩ་ལྔ་མན་ཆད་བྱ་སྟེ། བཅུ་དང༌། བཅུ་གཉིས་སོགས་ནས་ཉི་ཤུ་རྩ་བཞིའི་བར་ཟུང་མ་གཏོགས་སོ། །སྣམ་ཕྲན་ཉི་ཤུ་རྩ་ལྔ་པ་དེ་ཡན་ཆད་ནི་ཚེམ་བུ་སྟེ་ལྷན་པ་མཐར་ཆགས་སུ་སྦྱར་བ་ཙམ་ཡིན་པས་དེ་ལས་ལྷག་པ་མི་བྱའོ། །སྣམ་ཕྲན་དེ་དག་གི་གླེགས་བུ་ཇི་ལྟར་བྱ་ཞེ་ན། སྣམ་ཕྲན་དགུ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པ་སྟེ་དང་པོ་གསུམ་ལ་ནི་སྣམ་ཕྲན་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གཉིས་པ་སྣམ་ཕྲན་བཅོ་ལྔ་པ་དང་བཅུ་བདུན་པ་དང་བཅུ་དགུ་པ་གསུམ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་སྣམ་ཕྲན་ཉི་ཤུ་རྩ་གཅིག་པ་དང་རྩ་གསུམ་པ་དང་རྩ་ལྔ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །བླ་གོས་ནི་སྣམ་ཕྲན་བདུན་པ་དང༌གླེགས་བུ་ཕྱེད་
དང་གསུམ་པའོ། །མཐང་གོས་ནི། སྣམ་ཕྲན་ལྔ་བ་དང་གླེགས་བུ་ཕྱེད་དང་གཉིས་པའོ། །གསུམ་པ་རྒྱ་ཁྱོན་གྱི་ཚད་འཇལ་བྱེད་ཁྲུའི་དོན་དང་བཅས་ཏེ་སྟོན་པ་ནི། ཆོས་གོས་གསུམ་པོ་དེ་དག་གི་ཚད་ཇི་ཙམ་ཞེ་ན། སྣམ་སྦྱར་དང་བླ་གོས་དང་མཐང་གོས་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་གི་ཚད་ནི། ཞེང་དུ་རང་གི་ཁྲུ་གསུམ་དང༌། སྲིད་དུ་ཁྲུ་ལྔ་དག་གོ །ཆོས་གོས་གསུམ་ཆུང་ངུ་དག་ནི་ཆུ་དང་ཞེང་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ་སྟེ་ཞེང་དུ་ཁྲུ་ཕྱེད་དང་གསུམ་དང་ཆུར་ཁྲུ་ཕྱེད་དང་ལྔའོ། །འབྲིང་རྣམས་ཀྱི་ཆུ་དང་ཞེང་གི་ཚད་ནི། ཆེན་པོ་དང་ཆུང་ངུ་དེ་དག་གི་བར་མ་གང་ཡང་རུང་བའོ། །མཐང་གོས་ཀྱི་ཚད་ཀྱི་རྣམ་བཞག་གཞན་བསྟན་པ་ནི། མཐང་གོས་ནི་ཞེང་དུ་ཁྲུ་དོ་དང༌། ཆུར་ཁྲུ་ལྔ་ཡང་ཡིན་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་ཡང་ཡིན་ནོ། །མཐང་གོས་ཀྱི་ཚད་ཞེང་དུ་ཁྲུ་དོ་ཆུར་ཁྲུ་བཞི་པ་མན་ཆད་ནས་འཁོར་གསུམ་ཁེབས་པ་ཡན་ཆད་ཀྱང་ཡིན་ནོ། །ཁྲུའི་དོན་ནི་རང་གི་ལུས་ལ་ཆ་མཉམ་པ་བདུན་དུ་བྱས་པ་ལས་ཆ་གཉིས་ཡིན་གྱི། གྲུ་མོ་ནས་གུང་མོའི་རྩེ་མོའི་བར་མིན་ནོ། །ཚད་དེ་ཡང་ལུས་ལ་ལྟོས་ནས་ལག་པའི་ཚད་ཐུང་བའམ། ལག་པའི་ཚད་རིང་བའི་ཆེད་དུ་གསུངས་པ་ཡིན་གྱི་ལུས་ཀྱི་རྐྱེན་དང་ལག་པའི་ཚད་འཚམ་པ་དག་ལ་ནི་རང་གི་ཁྲུ་ཉིད་འདིར་ཡང་ཚད་ཡིན་ནོ། །རང་གི་ལུས་ཆེས་ཆེ་བས་མཐང་གོས་ཀྱི་ཚད་དེ་ཙམ་གྱིས་མི་ཡོགས་ཤིང་མི་ཁེབས་ན་ལུས་དང་འཚམ་པའི་རལ་ཁ་དཔུང་ཆད་བྱས་ནས་ཁེབས་པར་གཡོག་པར་བྱའོ། །ཁ་ཅིག་ན་རེ། ལུས་རིང་ན་ཕྲག་དབྱུང་གི་རྣམ་པ་དང༌། སྦོམ་ན་ཕྲལ་སྒྲོགས་ཀྱི་རྣམ་པ་ཚལ་བུ་སྦྱར་ཞེས་ཟེར། ཟླ་བས་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་པའི་སྐབས་ནས་འབྱུང་བ་ལ་གཉིས་ལས་སྐབས་འདི་ནས་འབྱུང་བ་ནི། ཁྲུ་གང་བ་དེ་བས་དམན་པ་ནི་ཆུང་བ་ཁྲུ་གང་དེ་ཟླ་བ་གཅིག་འདས་ན་སྤང་བར་འགྱུར་བ་དང་འདྲ་སྟེ། དེ་ཡང་ཟླ་བ་གཅིག་འདས་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་ཁྲུ་གང་ཡན་ཆད་ལ་ཁ་
བསྐང་བའི་གོས་ལ་རེ་བ་མེད་ན། ཞག་བཅུ་འདས་ན་སྤང་བར་འགྱུར་བ་བཞིན་དུ་དེ་བས་ཆུང་བ་ལ་ཡང་རེ་བ་མེད་ན་ཞག་བཅུ་འདས་ན་ཉེས་བྱས་སུ་འགྱུར་རོ། །གཉིས་པ་སྐབས་གཞན་ནས་འབྱུང་བ་ནི། ཆུ་ཞེང་གཉིས་ཀ་ནས་འཁོར་གྱི་ཕྱེད་མི་ཁེབས་པ་དང་པོ་ནས་རེ་བ་མེད་པ་ཉིད་ནི་བཅུ་པར་གཏོགས་ཀྱི་ཟླ་བ་བར་མི་གཏོགས་སོ། །ར་བལ་ལས་བྱས་པ་སོགས་ཆོས་གོས་ཀྱི་རྒྱུ་རུང་བ་མིན་པ་ཡང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་དོ། །གདོང་ཕྱིས་དང་ཆུ་ཚགས་དང་སྟན་འཇམ་དང༌། དྲེའུ་རྔོག་ལ་སོགས་པ་ཡོ་བྱད་ཀྱི་གོས་རང་རང་དུ་བྱིན་གྱིས་མ་བརླབས་པ་དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཡིན་པས་ཞག་བཅུ་པར་གཏོགས་སོ། །ཟླ་བས་སྤང་བ་ཞུ་བའོ། །ཟླ་བས་སྤང་བའོ།། །།བཞི་པ་འཁྲུར་འཇུག་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ་ལས། ཕམ་པ་དང་པོའི་འཕྱར་ཀའི་རྒྱུ་དགག་པ་ནི་མ་དད་པ་སྤང་བའི་ཕྱིར་རབ་ཏུ་བྱུང་བ་མངལ་ན་བུ་ཡོད་པའི་སྦྲུམ་མ་དབེན་པར་བཞག་གོ །དགེ་སློང་མ་རང་མི་སྒྲུབ་ན་དབེན་པའི་ཕྱོགས་དེར་སྦྲུམ་མ་དེ་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་བར་གྲོགས་བྱའོ། སྦྲུམ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་ཟན་སྦྱིན་པར་བྱའོ། །གཉིས་པ་རྣམ་གཞག་ལ་གསུམ་ལས་ཐུན་མོང་གི་མཚན་ཉིད་ལ་གཉིས་ལས། ཉེ་དུའི་མཚན་ཉིད་ནི། འོག་ནས་འབྱུང་བའི་ལྟུང་བ་དག་ལ། ཉེ་དུ་དང་ཉེ་དུ་མིན་པ་ཡན་ལག་ཏུ་དགོས་པས་དེའི་མཚན་ཉིད་ཅི་ཞེ་ན། ཕའི་རྒྱུད་པ་མའི་ཡན་ལག་དང་བཅས་པ་དང༌། མའི་རྒྱུད་པ་ཕའི་ཡན་ལག་དང་བཅས་པ་བདུན་པ་ཚུན་ཚད་ལས་གང་ཡང་རུང་བ་སྔ་མ་གཅིག་ལས་སྐྱེེས་པ་ཡང་ཉེ་དུ་ཡིན་ལ་དེ་མིན་པ་ཉེ་དུ་མིན་ནོ། །དེ་ལ་ཕའི་ཕ་དང་དེའི་ཕ་ཞེས་སོགས་ནི་ཕའི་རྒྱུད་པའོ། །ཕའི་མ་དང་དེའི་མ་ཞེས་སོགས་ནི་ཕའི་བརྒྱུད་པ་མའི་ཡན་ལག་དང་བཅས་པའོ། །མའི་མ་དང་དེའི་མ་
ཞེས་སོགས་མའི་རྒྱུད་པ་ཡིན་ལ། མའི་ཕ་དང་དེའི་ཕ་ཞེས་སོགས་མའི་རྒྱུད་པ་ཕའི་ཡན་ལག་དང་བཅས་པའོ། །གཉིས་པ་འདུ་ཤེས་བྱེད་པ་པོར་བསྟན་པ་ནི། འཁྲུར་འཇུག་གི་སྤང་བའི་བྱེད་པ་པོ་གང་ཡིན་ཞེ་ན། དོན་དེ་ལ་དེར་ཤེས་པའི་འདུ་ཤེས་ནི་ལྟུང་བ་བསྐྱེད་པ་ལ་གཙོ་བོར་བྱེད་པ་པོ་ཉིད་ཡིན་ནོ། །འདུ་ཤེས་གཙོ་བོར་བྱེད་པ་པོ་ཡིན་པ་དེ་ནི་འོག་ནས་ཤེས་གཙོ་འོ་ཞེས་པས་སྟོན་ནོ། །གཉིས་པ་སོ་སོའི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་དགེ་སློང་མ་ཉེ་དུ་མིན་པ་ལ་གོས་རྙིང་པ་འཁྲུར་བཅུག་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་བདག་ཉིད་ཉོན་མོངས་པའི་བསམ་པ་སྐྱེ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མི་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་བསྟེན་དུ་རུང་བ། ལུས་ཐ་མལ་པར་གནས་པ། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མིན་པ་སྟེ་བརྒྱད་ལྡན་ཏེ་དགེ་སློང་མས་བསྐྱེད་པ་ཕལ་ཆེ་བ་ལ་ཤེས་པར་བྱའོ། །དངོས་པོ་ཆོས་གོས་གསུམ་དང་གདིང་བ་ལས་གང་ཡང་རུང་བ་དང༌། རུང་བ་ཚད་དང་ལྡན་པ་རང་གི་ཡིན་པ། བྱིན་གྱིས་བརླབས་པ། འཁྲུར་འཇུག་པར་འོས་པ། སྔར་ཕྱེད་བྱས་པ་མིན་པའོ། །ཀུན་སློང་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་བྱ་བ་ཡོངས་སུ་རྫོགས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་ལ་འདུ་ཤེས་པ་གཙོ་བོ་ཡིན་ཞེ་ན། དགེ་སློང་མ་ཉིད་དང་དེ་ཉེ་དུ་མིན་པ་ཉིད་དག་ལའོ། །བསླབ་པའི་གཞི་
འདིའི་འོག་མ་ལེན་པའི་སྤང་བ་ལ་ཡང་དགེ་སློང་མ་ཉིད་དང་ཉེ་དུ་མིན་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པོ་ཡིན་ནོ། །གང་བྱས་ན་འཁྲུར་འཇུག་གི་སྤང་བར་འགྱུར་ཞེ་ན། བྱིན་གྱིས་བརླབས་པ། ལྟུང་བ་འབྱིན་པ་པོ་རང་གི་ཡིན་པའི་རྙིང་པ། འདམ་རྫབ་སོགས་ཀྱིས་གོས་པས་འཁྲུར་གཞུག་པར་འོས་པ། ཆོས་གོས་གསུམ་དང་གདིང་བ་དག་ལས་འགའ་ཞིག་དགེ་སློང་མ་ཉེ་དུ་མིན་པ་ལ་དེར་འདུ་ཤེས་པས་འདི་ཁྲུས་ཤིག་ཅེས་བསྒོ་བས་དྲི་མ་བསལ་བའི་ཕྱིར་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། ཐགས་བཟང་པོར་བྱ་བའི་ཕྱིར་འཆག་ཏུ་བཅུག་པ་དག་བྱས་ན་སྤང་བའི་ལྟུང་བར་འགྱུར་རོ། །དངོས་པོ་ཐམས་ཅད་ལ་བྱ་བ་ཐམས་ཅད་བྱས་པ་ཡན་ལག་ཡིན་ནམ་ཞེ་ན། ཆོས་གོས་ཀྱི་ཕྱོགས་གཅིག་ལ་འཁྲུར་འཇུག་སོགས་བྱ་བའི་ཕྱོགས་གཅིག་བྱས་པ་ཡང་འཁྲུ་བའི་ལས་བྱས་པ་ཉིད་ཡིན་པས་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །བསྐོས་པ་ཙམ་བྱེད་དུ་བཅུག་པ་ཡིན་ནམ་ཞེ་ན། བསྐོས་པའི་དགེ་སློང་མས་འཁྲུ་བ་ལ་སོགས་པའི་ལས་བྱས་པ་ཉིད་ན་བྱེད་དུ་བཅུག་པ་ཡིན་གྱི། བསྐོས་པ་ཙམ་མིན་ནོ། །གཉིས་པ་ཚིགས་ལ་ དོགས་པ ་བཅད་པ་ནི། འཁྲུ་ཐེབས་གསུམ་ལྟ་བུ་ལ་ལྟུང་བ་སོ་སོར་འགྱུར་རམ་ཞེ་ན། བསམས་པའི་འབྲས་བུ་གྲུབ་པའི་མཐའ་མན་ཆད་འཁྲུར་བཅུག་པ་ལ་སོགས་པའི་ལས་རྣམས་ནི་བར་སྐབས་སུ་རྒྱུན་ཆད་ཀྱང་ལྟུང་བའི་ཕྱིར་ལས་གཅིག་པ་ཉིད་ཡིན་ནོ། །རིགས་མཐུན་པ་རྣམས་ལས་གཅིག་ཡིན་ན་ཡང་རིགས་མི་མཐུན་པ་འཁྲུ་བ་དང་འཚེད་པ་ལ་སོགས་པ་གཅིག་ཇི་ལྟར་ཡིན་ཞེ་ན། བར་དུ་ཆད་པ་དང༌། འཁྲུ་བ་དང་འཚེད་པ་སོགས་རིགས་མི་མཐུན་པའི་ཚིགས་ཐ་དད་དུ་གྱུར་པ་ཉིད་ལ་འབྲས་བུ་ལྟུང་བ་རྣམས་གཅིག་པ་ཉིད་དེ།
འཁྲུ་བ་ལ་སོགས་པའི་ལས་གསུམ་ཆར་རྫོགས་ནའང་ལྟུང་བ་གཅིག་ཏུ་གསུངས་པའི་ཕྱིར་རོ། །གསུམ་པ་འདུ་ཤེས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ནི། འདུ་ཤེས་གཙོ་ཆེར་ཞེས་པའི་དོན་ཇི་ལྟ་བུ་ཞེ་ན། བསྟན་བཅོས་སུ། གཞི་གང་ལ་འདུ་ཤེས་གཙོ་བ་ཉིད་དུ་བསྟན་པ་དེ་ལ། འདུ་ཤེས་དེ་དོན་ཇི་ལྟ་བ་དཔེར་ན་སྲོག་ཆགས་དང་བཅས་པའི་ཆུ་ཉིད་ལ་དེར་འདུ་ཤེས་པ་ལྟ་བུ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མིན་པ་སྲོག་ཆགས་མེད་པའི་ཆུ་ལ་ནི་དངོས་གཞི་དང་ཉེ་བའོ། །དེས་ན་དགེ་སློང་མ་ཉེ་དུ་མིན་པར་དོན་ལ་གནས་པ་ལ་དེར་འདུ་ཤེས་ན་སྤང་ལྟུང་དུ་འགྱུར་ལ། ཉེ་དུ་ཡིན་པ་ལ་ཉེ་དུ་མིན་པར་འདུ་ཤེས་ན་ཉེས་བྱས་སོ། །གཞི་དེ་ལ་ཡིད་གཉིས་སུ་གྱུར་པ་ནི་འདུ་ཤེས་དང་འདྲ་བར་དོན་ཇི་ལྟ་བ་ལ་དངོས་གཞི་དང༌། དོན་ཇི་ལྟ་བ་མིན་པ་ལ་ན་སྨད་དོ། །གསུམ་པ་བསླབ་བྱ་གཞན་བསྟན་པ་ནི། གཙུག་ལག་ཁང་དེ་ན་དགེ་འདུན་གྱི་ཁྲིམས་སུ་བྱ་བ་ཅི་ཡོད་པ་གང་ཟག་གིས་ཀྱང་བསྲུང་བར་བྱའོ། །དགེ་སློང་གློ་བུར་དུ་འོངས་པས་ཀྱང་གཉུག་མར་གནས་པའི་དགེ་འདུན་གྱི་ཁྲིམས་དེ་ལས་མི་འགལ་བར་བསྲུང་བར་བྱའོ། །གློ་བུར་དུ་འོངས་པ་དེས་ཁྲིམས་སུ་བྱ་བ་ཡོད་དམ་མེད་པ་ཉིད་དང༌། ཡོད་ན་ཇི་ལྟ་བུ་ཡོད་པར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཁྲིམས་དེ་དྲི་བར་བྱའོ། །ནམ་གྱི་ཚེ་དྲི་ཞེ་ན། སླེབ་ནས་ཧ་ཅང་ཡུན་མི་རིང་བར་དྲི་བར་བྱའོ། །དགེ་འདུན་གྱི་ཁྲིམས་བསྲུང་བའི་དམིགས་བསལ་ནི། སངས་རྒྱས་ཀྱིས་གསུངས་པའི་བཅས་པ་དགེ་འདུན་གྱི་ཁྲིམས་སུ་བྱ་བ་ལས་གཡོ་བ་སྟེ་འདའ་བར་བྱ་བ་མེད་དོ། །དེས་ན་བཅས་པ་བཙན་པར་བྱའོ། །གང་ཟག་གང་ཡང་རུང་བས་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་
དང༌། སྐ་རགས་ལྷག་པ་འབུལ་བ་ན་དགེ་འདུན་དང་གང་ཟག་གིས་དགེ་འདུན་གྱི་ཆེད་དུ་ཉེ་བར་བཞག་པའི་དོན་དུ་བླང་བར་བྱའོ། །དེ་ལྟར་དགེ་འདུན་གྱི་རྫས་ཉེ་བར་བཞག་པ་ནི་ལྷུང་བཟེད་སོགས་མེད་པ་དག་གིས་ཅི་དགར་བསྐུར་རོ། །འཁྲུར་འཇུག་པའི་སྤང་པ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། ཆོས་གོས་བཤང་བ་དང་གཅི་བ་དང་ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུངས་པར་གྱུར་པ་འཁྲུར་འཇུག་པ་ལ་ལྟུང་བ་ན་སྨད་པ་མེད་དོ། །དྲེའུ་རྔོག་གྲུམ་ཚེ་དང༌། ཁྱིམ་པའི་གོས་དང༌། སྔས་ནང་ཚངས་ཅན་དང༌། རྣམ་པར་བརྟག་པས་རུང་བ་བྱས་པ་དང༌། ཞག་བཅུ་འདས་ཏེ་སྤངས་པ་དང༌། དགེ་འདུན་གྱི་གོས་འཁྲུར་འཇུག་པ་རྣམས་ལ་ནི་ཉེས་བྱས་སོ། །འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ། །འཁྲུར་འཇུག་པའི་སྤང་བའོ།། །།གཉིས་པ་མེད་པ་འཚོལ་བ་ལས་གྱུར་བ་ལ་གཉིས། རབ་ཏུ་བྱུང་བ་ལས་དང༌། ཁྱིམ་པ་ལས་སོ། །དང་པོ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ་ལས། བསླབ་བྱ་ནི། དགེ་སློང་མས་གོས་རིན་ཆེན་པོ་གོས་གཞན་དང་བརྗེ་བའི་ཕྱིར་སྦྱིན་བདག་ལས་བསླང་བར་བྱའོ། །དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་གོས་ལ་སོགས་པ་བརྗེ་བར་བྱའོ། །རྫས་ཇི་ལྟ་བུས་བརྗེ་ཞེ་ན། རིན་གྱི་སྒོ་ནས་མཉམ་པས་སོ། །ཡང་ན་དགེ་སློང་མ་དེ་དགའ་བ་ཉིད་ཀྱིས་སོ། །གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། ཡུལ་མཉན་ཡོད་དུ་གང་ཟག་ཉེར་དགས། ཉོན་མོངས་པ་འདོད་ཞེན་གྱིས་ཀུན་ནས་བསླངས་ཏེ། ཉེས་པ་དགེ་སློང་མ་ལ་གོས་ལེན་པ་ལ་བརྟེན་ནས་བསླབ་པ་འདི་བཅས་སོ། །རྒྱུ་མཚན་ཐུན་མོང་བ་དང་ཤ་ཚ་མེད་པར་ལེན་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཐུན་མོང་བ་
བརྒྱད་ལྡན། རྫས་ཐ་དད་པ་དང༌། དད་པ་ཅན་དང་སེམས་ཡངས་ཅན་གཉིས་མིན་པའོ། །དངོས་པོ་གོས་དངོས་སུ་གྲུབ་པ་རུང་བ་སྤྱི་ཚད་དུ་ལོངས་པ་དགེ་སློང་མ་དེའི་ཡིན་ནོ། །བདག་ཉིད་དགེ་འདུན་ལ་གོས་འབུལ་བ་ལེན་པ་སོགས་བཞི་མིན་པའོ། །ཀུན་སློང་རུང་མི་རུང་བརྗེ་བ་མིན་པར་ལེན་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་ལེན་པར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །གཞུང་དོན་ནི། ཅི་ཞིག་བྱས་ན་ལེན་པའི་སྤང་བར་འགྱུར་ཞེ་ན། ལེན་ན་སྤང་བར་འགྱུར་རོ། །ཇི་ལྟར་ལེན་ན་འགྱུར་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱིས་ལེན་ན་འགྱུར་གྱི། ཅང་མི་སྨྲ་བས་དང་དུ་ལེན་པ་སོགས་ཀྱིས་མིན་ནོ། །གང་ལེན་ན་ཞེ་ན། ལྷུང་བཟེད་ལ་སོགས་པ་མིན་གྱི་གོས་སོ། །གསུམ་པ་ལྟུང་མེད་ནི། དགེ་སློང་མས་དགེ་འདུན་ལ་གོས་འབུལ་བ་དང༌། དགེ་སློང་མ་ལ་ཆོས་ལེགས་པར་སྨྲ་བ་ལ་ཡོན་གྱི་ཆེད་དུ་འབུལ་བ་ལ་ལྟུང་བ་མེད་དོ། །དགེ་སློང་བསྙེན་པར་རྫོགས་པར་བྱེད་པ་དང་གོས་བོར་བརླག་བྱུང་བ་དག་གིས་དགེ་སློང་མ་ལ་གོས་ལེན་ཀྱང་ལྟུང་བ་མེད་དོ། །དགེ་སློང་མས་བདག་ལ་རྫས་འདི་ལྟ་བུ་དག་མཆིས་ཀྱི། འཕགས་པས་ཐུགས་བརྩེ་བའི་སླད་དུ་བཞེས་ཤིག་ཅེས་དང་རྫས་བརྗོད་དེ་མདུན་དུ་བཞག་ནས། མི་ལྟོས་པར་སོང་བ་ལ་བླངས་ཀྱང་ལྟུང་བ་མེད་དོ། །ལེན་པའི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གསུམ་ལས་ཡན་ལག་གི་མཚན་ཉིད་ནི། གོས་དེ་ལག་ཏུ་འོངས་པ་ཉིད་ན་ཐོབ་པ་ཉིད་ཡིན་པས་ལྟུང་བའི་དངོས་གཞིར་འགྱུུར་རོ། །ལག་ཏུ་འོངས་པ་དེའི་དང་པོ་གོས་དེ་ལྟ་བུའི་ཉེ་འཁོར་དུ་གྱུར་བ་ཡིན་ནོ། །གཉིས་པ་སེལ་བ་ནི། ཉེ་དུ་མིན་པའི་དགེ་སློང་མ་ལས་གྲོང་ཆེ་གེ་མོ་ན་གོས་མཆིས་
ཀྱི་དེ་བཞེས་ཤིག་ཅེས་པ་ལྟ་བུ་ཉེ་བར་མ་གྱུར་པ་ནོད་པ་ནི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གསུམ་པ་ལྟུང་མེད་ནི། དགེ་སློང་མ་སེམས་ཡངས་པ་རྒྱ་ཆེ་བ་དང༌། ཉོ་ཚོང་གི་ཐ་སྙད་ཀྱི་དབང་མིན་པ་ཉིད་ནི་གོས་སྦྱིན་པ་ལ་སོགས་པ་ལེན་པ་ལ་གཙོ་བོ་ཡིན་པས་དགེ་སློང་མ་དེ་ལྟ་བུ་ལ་གོས་ལེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་ཉེ་དུ་མིན་པ་ལ་རེ་ཞིག་གི་སེམས་ཀྱིས་གོས་ལེན་པ་ལ་ལྟུང་བ་མེད་དོ། །སྔར་སྦྱིན་པའི་བསམ་པས་བླངས་ནས་ཕྱིས་རིན་བྱིན་པ་བརྗེད་ན་ཡང་སྔར་བླངས་པ་དེ་ལ་ཉེས་པ་མེད་དོ། །ལེན་པའི་སྤང་བ་ཞུ་བའོ། །ལེན་པའི་སྤང་བའོ།། །།གཉིས་པ་ཁྱིམ་པ་ལས་གྱུར་བ་ལ་གཉིས། མ་བསྔོས་པ་འཚོལ་བ་དང༌། བསྔོས་པ་འཚོལ་བའོ། །དང་པོ་ལ་གཉིས་ལས། སློང་བ་ལ། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ་ཉེར་དགས་འདོད་ཞེན་གྱིས་ཁྱིམ་བདག་གམ་དེའི་ཆུང་མ་ཉེ་དུ་མིན་པ་ལས་གོས་སློང་བའོ། །རྒྱུ་མཚན་རང་འདོད་ཞེན་ཆེ་ཞིང་ཆོག་མི་ཤེས་པ་དང༌། གཞན་ལ་གནོད་པ་དང་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་ལས་རྫས་ཐ་དད་པ། ཉེ་དུ་མིན་པ། ལུས་ཐ་མལ་པར་གནས་པ། མ་བསླངས་བའི་སྔ་རོལ་ཏུ་སྟེར་བ་པོ་མིན་པ་སྟེ་དྲུག་ལྡན་ནོ། །དངོས་པོ་གོས་དངོས་སུ་གྲུབ་པ་རུང་བ་ཚད་དང་ལྡན་པ་ཁྱིམ་པ་དེ་ཉིད་ཀྱི་ཡིན་པའོ། །རྒྱུ་མཚན་དང་ཡུལ་དང་དངོས་པོ་གསུམ་པོ་དེ་འོག་མ་གསུམ་ལའང་སྦྱར་རོ། །བདག་ཉིད་སྲ་བརྐྱང་མ་བཏིང་བ་དང་འཚོ་བའི་ཡོ་བྱད་ཚང་པའོ། །ཀུན་སློང་སློང་བར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །གཉིས་པ་གཞུང་དོན་ནི། སློང་བའི་སྤང་བ་འདིའི་བྱེད་པ་པོ་གང་ཡིན་ཞེ་ན། མིའི་འགྲོ་བ་པའི་རྒྱུད་དུ་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ། ཉེ་དུ་མིན་པ་ནི་ལྟུང་བའི་
བྱེད་པ་པོ་ཡིན་ནོ། །བསླབ་པའི་གཞི་འདིའི་འོག་མ་སློང་བར་རིགས་པ་དང་སྤགས་པ་སློང་བ་དང་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་གསུམ་ལ་ཡང་དེ་དག་ལྟུང་བའི་བྱེད་པ་པོ་ཡིན་ནོ། །དགེ་སློང་ཇི་ལྟ་བུ་ལ་དེ་ལྟུང་བའི་བྱེད་པ་པོ་ཡིན་ཞེ་ན། གོས་འཕྲོགས་པ་དང་བརླག་པ་དང་འཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་ལ་བྱེད་པ་པོ་ཡིན་ནོ། །གང་བྱས་ན་ལྟུང་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། བསླངས་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །ཐོབ་ན་དངོས་གཞིའི་བྱེད་པ་པོའོ། །ཅི་ཞིག་ཐོབ་ཅེ་ན། ཆོས་གོས་སོ། །ཚད་ཇི་ཙམ་ན། ཆོས་གོས་རང་གི་ཚད་ལས་མི་ཆུང་བའོ། །ཇི་ལྟ་བུ་ཞིག་ཅེ་ན། ཀརྵ་པ་ཎ་ལྔ་རི་བ་ལ་སོགས་པའི་རིན་ཐང་དང༌། སྔོན་པོ་ལ་སོགས་པའི་ཁ་དོག་དང༌། ཁྲུ་ལྔའམ་ཕྱེད་དང་ལྔ་ལ་སོགས་པའི་ཁྲུའི་ཚད་ལས་རྣམ་པ་གང་བསླངས་པ་དེ་ཉིད་ཐོབ་ན་དངོས་གཞིའོ། གཞན་ཐོབ་ན་ཅིར་འགྱུར་ཞེ་ན། གང་བསླངས་པ་དེ་ལས་གཞན་ཐོབ་པ་ལ་ནི་ལྟུང་བ་མེད་དེ། དཔེར་ན་ཀརྵ་པ་ཎ་ལྔ་རི་བ་བསླངས་པ་ལ་དྲུག་རི་བ་ཐོབ་ན་ལྟུང་བ་མེད་པ་ལྟ་བུའོ། །རས་མ་དང་ཁ་ཚར་སློང་ན་ལྟུང་བ་མེད་དོ། །རས་མ་བསླངས་པ་ལ་ཁ་ཚར་ཐོབ་པ་དང༌། རས་མ་བསླངས་པ་ལ་རས་ཡུག་ཆེན་ཐོབ་ན་ཡང་ལྟུང་བ་མེད་དོ། །རྒྱུ་དང་སྤུན་ཇི་ཙམ་གྱིས་ཆོས་གོས་ཀྱི་ཚད་ལྡང་བའི་རྒྱུ་དང་སྤུན་གྱི་སྣལ་མ་སློང་བ་ལ་ནི་ན་སྨད་པས་ཉེས་བྱས་སོ། །རྒྱུ་སྤུན་གྱི་སྐུད་པ་དེའི་རྒྱུའི་རང་བཞིན་རས་བལ་ལ་སོགས་པ་སློང་བ་ནི་རྒྱུ་སྤུན་དེ་དང་འདྲ་བར་ཉེས་བྱས་སོ། །སློང་བའི་སྤང་བའོ།། །།གཉིས་པ་སློང་བར་རིགས་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ། གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་དང༌། དྲུག་སྡེས། མ་བརྟགས་པར་སྤྱོད་པ་དང༌། འདོད་ཆེན་གྱིས་ལེན་པའི་དྲོད་མི་
ཤེས་པའོ། །བདག་ཉིད་སློང་བར་རིགས་པའོ། །ཀུན་སློང་ལྷག་པ་སློང་བར་འདོད་པའམ་མི་སྦྱིན་པར་འདོད་པའོ། །སྦྱོར་བ་དེ་གཉིས་གང་རུང་རྩོམ་པའོ། །མཐར་ཐུག་ཐོབ་པའམ་ཐག་བཅད་པའོ། །གཞུང་དོན་ནི། བྱིན་གྱིས་བརླབ་པར་བྱ་བ་ཆོས་གོས་བཅུ་གསུམ་པོ་ཐམས་ཅད་མེད་ན་གང་མེད་པ་དེ་སློང་བར་རིགས་པ་ཉིད་དོ། །ཆོས་གོས་བཅུ་གསུམ་ནི་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་དང༌། གདིང་བ་དང༌། རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་དང༌། ཤམ་ཐབས་དང༌། ཤམ་ཐབས་ཀྱི་གཟན་དང༌། ལུས་ཕྱིས་དང༌། སྐྲ་བཟེད་དང༌། གཡན་པ་དགབ་པ་དང༌། དབྱར་གྱི་རས་ཆེན་དང༌། ཡོ་བྱད་ཀྱི་གོས་སོ། །ཁ་ཅིག་ལས། ཡོ་བྱད་ཀྱི་གོས་མ་སྨོས་པར་རྣག་གཟན་བགྲངས་ཤིང༌། དུལ་བ་ལྷས། མཐང་གོས་དང༌། རྣག་གཟན་མ་བགྲང་བར་ཡོ་བྱད་ཀྱི་གོས་དང་ཁྲུས་རས་བགྲངས་སོ། །ལུས་ཕྱིས་དང་གདོང་ཕྱིས་དོན་གཅིག་གོ །འདི་ལ་ལྟུང་བའི་བྱེད་པ་པོ་གང་ཞེ་ན། ཆོས་གོས་སློང་བར་རིགས་པའི་དགེ་སློང་དེ་ནི་སྐབས་འདིའི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །ཆོས་གོས་འཕྲོགས་པ་ལ་སོགས་པས་མེད་པར་གྱུར་པ་ནི་སློང་བར་རིགས་པ་ཡིན་ལ། སློང་བར་རིགས་པས་ལྷག་པ་ལེན་ན་སྐབས་འདིའི་ལྟུང་བྱེད་དུ་འགྱུར་ལ་སློང་བར་མི་རིགས་པས་སློང་ན་སློང་བའི་སྤང་བར་གཏོགས་པའི་ལྟུང་བར་འགྱུར་རོ། །ཟུང་བསླང་བར་བྱའོ་ཞེས་འབྱུང་བ་དེ་གང་ཞེ་ན། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རས་ཡུག་ཆེན་སྲིད་དུ་ཁྲུ་བཅུ་གཉིས་ཞེང་དུ་ཁྲུ་གསུམ་པའོ། །སྨད་གཡོགས་ནི་རས་ཡུག་ཕྲན་སྲིད་དུ་ཁྲུ་བདུན་པ་དང་ཞེང་དུ་ཁྲུ་དོ་པའོ། །དགེ་སློང་གི་སྟོད་གཡོགས་སྨད་གཡོགས་ཆེ་ཚད་ནི་སྣམ་སྦྱར་དང་ཤམ་ཐབས་ཀྱི་རིམ་པ་ཇི་སྐད་བསྟན་པའོ། །ཆོས་གོས་ཇི་སྙེད་བསླང་བར་བྱ་ཞེ་ན། སྟོད་གཡོགས་སྨད་
གཡོགས་སུ་བཅས་པ་ཟུང་བསླང་བར་བྱ་བ་ཉིད་དོ། །ཁྱིམ་པ་དང་དགེ་སློང་གི་ཟུང་གཉིས་པོ་གང་བསླང་བར་བྱ་ཞེ་ན། ཁྱིམ་པ་དང་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་ཟུང་གང་ཡང་རུང་བའོ། །སྔར་བསྟན་པའི་ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མིན་ནོ། །སྔ་མ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཐོབ་ན་ཚད་ལས་ཆུང་ངུ་ཟིན་ཀྱང་ཁ་བསྐང་བ་ལ་ཡང་བསླང་བར་མི་བྱའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་བསླངས་བ་ན་ལྷག་པ་ཐོབ་ན་སྦྱིན་པར་བྱ་བ་ཉིད་མིན་ནོ། །ཕྱི་མ་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཐོབ་ན་ཚད་ལས་ལྷག་པ་གང་ཡིན་པ་དེ་སྦྱིན་བདག་ལ་སྦྱིན་པར་བྱ་བ་ཉིད་དོ། །བསླང་བར་བྱ་བ་མིན་པ་རྔ་བལ་ལ་སོགས་པའི་གོས་བསླང་བར་མི་འོས་པ་དགེ་སློང་གིས་བསླངས་ན་ཉེས་བྱས་སོ། །རུང་བ་མིན་པ་དེ་ཐོབ་ན་ཉེས་བྱས་ཀྱི་དངོས་གཞི་ལྕི་བ་ཡིན་ནོ། །དགེ་སློང་གིས་སྟོད་གཡོགས་སྨད་གཡོགས་བསླངས་ཏེ་ཚད་ལས་ལྷག་པ་ཐོབ་ན་ལྷག་མ་སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སློང་བར་རིགས་པའི་སྤང་བའོ།། །།གཉིས་པ་བསྔོས་པ་འཚོལ་བ་ལ་གཉིས་ལས། བསྔོས་པའི་གོས་འཚོལ་ལ་གཉིས་ལས། སྤགས་པ་སློང་པ་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི་མཉན་ཡོད་དུ་ཉེར་དགས་འདོད་ཞེན་གྱིས་སྤགས་པ་སློང་བའོ། །སྦྱིན་བདག་སྤུངས་ཆུང་བའོ། །ཀུན་སློང་བསྔོས་པ་ལས་ལྷག་པ་སློང་བར་འདོད་པ། གཞན་རྣམས་འདྲའོ། །གཞུང་དོན་ནི། སློང་བའི་སྐབས་ཀྱི་མིའི་འགྲོ་བ་པ་ཞེས་སོགས་ཁས་བླངས་ནས་སྦྱིན་བདག་གིས་ཡིད་ཀྱིས་སྤགས་བ་སྟེ་སྟ་གོན་བྱས་པ་དངོས་སུ་མ་ཕུལ་བ་མགྲོན་དུ་མ་གཉེར་བ་དགེ་སློང་གིས་གང་
ཡང་རུང་བས་ཤེས་པའི་ཆོས་གོས་དེ་ནི་སློང་བའི་ཕྱིར་ཡེ་མ་སྤགས་པ་དང་སྦྱོར་དངོས་ཀྱི་ལྟུང་བའི་རྒྱུར་འདྲའོ། །ཊཱིཀྐ་ལས། སྤགས་པའམ་མ་སྤགས་པ་མི་ཤེས་པར་གྱུར་པ་ནི་སློང་བའི་སྤང་བའི་ཡུལ་ཡིན་ལ། སྤགས་པ་ཤེས་པ་ནི་འདིའི་ཡུལ་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར་ཆོས་གོས་སྤགས་པ་དགེ་སློང་གིས་མི་ཤེས་པ་དེ་ཉིད་སྤགས་པ་ལས་གཞན་མ་སྤགས་པ་ཡིན་པས་སློང་བའི་སྤང་བའི་བྱེད་པ་པོ་ཡིན་ནོ། །སྤགས་པས་སློང་བའི་སྤང་བའོ།། །།གཉིས་པ་སོ་སོ་ནས་སྤགས་པ་སློང་བ་ལ། སྤྱི་དོན། ཉེས་པ་སོ་སོ་ནས་སྤགས་པ་སློང་བ་དང༌། སྦྱིན་པར་བྱ་བ་ལག་ཡངས་པ་ཞེས་སྦྱར། གཞན་འདྲའོ། །གཞུང་དོན་ནི། སྔར་བཤད་པ་ལྟར་ཁས་བླངས་ནས་སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཆོས་གོས་གཉིས་སམ་གསུམ་ལ་སོགས་པ་མང་པོ་སྦྱིན་པར་བྱེད་པ་ཡང་འདིར་ཡན་ལག་ཡིན་ནོ། །དེས་ན། སྦྱིན་བྱེད་ཆོས་གོས་གཉིས་ལ་སོགས་པ་སྦྱིན་པར་བྱེད་པའི་སྤུངས་དང་ལྡན་པ་ཁྱིམ་པ་སྲོག་དང་ལྡན་པ་མིའི་འགྲོ་བ་པ་ཉེ་དུ་མིན་པའི་ཆོས་གོས་སྤགས་ཤིང་མ་ཕུལ་བ་ལ་དེར་ཤེས་བཞིན་དུ་སློང་ན་ཉེས་བྱས་ཐོབ་ན་སོ་སོ་ནས་སྤགས་པ་སློང་བའི་ལྟུང་བྱེད་དོ། །སྦྱོར་བ་གཅིག་གིས་གོས་སོ་སོ་བ་ཐོབ་ན་ཡང་ལྟུང་བ་གཅིག་ཉིད་དུ་འགྱུར་ཏེ། སྦྱོར་བ་གཅིག་པའི་ཕྱིར་རོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བའོ།། །།གཉིས་པ་གོས་ཀྱི་རྒྱུ་འཚོལ་བ་ལ་གཉིས་ལས། རུང་བ་བསྒྲུབ་པའི་ཆོ་ག་ནི། རྒྱ་གར་བ་ཁ་ཅིག་ན་རེ། རིན་པོ་ཆེའི་སྐབས་སུ་གསུངས་པའི་རུང་བ་གསུམ་གང་རུང་བྱས་ན་འདི་བྱ་མི་དགོས་ཟེར་ལ། ཊཱིཀྐ་ལས། སྦྱིན་བདག་གིས་གོས་ཀྱི་ཆེད་དུ་བསྐུར་ལ་བདག་ཉིད་ལའང་གོས་ཀྱི་དགོས་པ་ཡོད་ན་ཆོ་ག་འདི་བྱ་ལ། ཅི་སྟེ་སྤྱིའི་
བསམ་པས་སྦྱིན་པར་བྱེད་ལ། དགེ་སློང་ལ་ཡང་སངས་རྒྱས་མཆོད་པ་ལ་སོགས་པའི་དགོས་པ་ཡོད་ན་རུང་བ་གསུམ་བྱས་ཏེ་བདག་གིར་བྱ་གསུང༌། དེས་ན་སྦྱིན་བདག་གིས་གོས་ཀྱི་ཕྱིར་བསྐུར་བ་གསེར་ལ་སོགས་པ་རུང་བ་མིན་པ་ཆོས་གོས་ཀྱི་རིན་ཕོ་ཉས་ཕུལ་བའི་ཚེ་དགེ་སློང་གིས་དེ་ལེན་དུ་མི་རུང་ངོ་ཞེས་སྤངས་ནས་གོས་རུང་བ་དུས་སུ་བྱུང་ན་ལེན་ནོ་ཞེས་སྨྲས་པ་ན། ཕོ་ཉས་འཕགས་པ་རྣམས་ཀྱི་ཞལ་ཏ་བྱེད་པ་འགའ་མཆིས་སམ་ཞེས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང༌། དགེ་སློང་གིས་འདི་ཞལ་ཏ་བྱེད་པའོ་ཞེས་དགེ་བསྙེན་ནམ་ཀུན་དགའ་ར་བ་པ་ལ་སོགས་པ་འགའ་ཞིག་བསྟན་ཏེ་ཕོ་ཉས་ཞལ་ཏ་བྱེད་པ་དེའི་གན་དུ་སོང་ནས་གོང་གི་ཚུལ་རྣམས་བརྗོད་དེ། རིན་འདིས་གོས་རུང་བ་འདི་ལྟ་བུ་ཉོས་ལ་འཕགས་པ་ཆེ་གེ་མོ་ལ་སྐོན་ཅིག་ཅེས་བསྒོ་ཞིང་དེ་ནས་ཕོ་ཉས་དགེ་སློང་ལ་སྨྲས་པ། འཕགས་པས་བསྟན་པའི་ཞལ་ཏ་བྱེད་པ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་དགེ་སློང་གིས་གོས་འདོད་པས་ཚེ་དང་ལྡན་པ་བདག་གོས་འདོད་དོ་ཞེས་བསྐུལ་བར་གྱུར་བ་ནའོ། །སྐུལ་བར་བྱེད་པས་བསྐུལ་དུ་ཟིན་ཀྱང་བསྐུལ་བར་བྱ་བས་དོན་དེ་གོ་བར་མ་ནུས་ན་བསྐུལ་བ་ཉིད་མིན་ནོ། །བསྐུལ་བ་དང་པོས་གོས་མ་གྲུབ་ན་ལན་གཉིས་སུ་ཡང་བསྐུལ་བར་བྱའོ། །གཉིས་པས་མ་གྲུབ་ན་ལན་གསུམ་དུ་ཡང་བསྐུལ་བར་བྱའོ། །བསྐུལ་བའི་སྒོ་དྲུག་ནི་ཁྱོད་འོངས་སམ་ཟེར་བ་ལ་དེའི་ཕྱིར་རོ། །ལེགས་པར་འོངས་སམ་ཟེར་བ་ལ་དེའི་ཕྱིར་རོ་ཞེས་པ་མངོན་པར་སྨྲ་བ་དང༌། སྟན་འདི་ལ་
འདུག་ཅིག་ཟེར་བ་ལ་དེའི་ཕྱིར་རོ་ཟེར་བ་དང༌། རྐང་པ་ཁྲུས་ཤིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་པ་ལེགས་པར་སྦྱར་བ་དང༌། ཟན་ཟོ་ཞིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་དང༌། སྐོམ་འཐུངས་ཤིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་པ་ཟས་སྐོམ་གྱི་དབང་དུ་བྱས་པའོ། །ལན་གསུམ་དུ་བསྐུལ་ཡང་མ་གྲུབ་ན་དེའི་འོག་ཏུ་དགེ་སློང་དེས་ལན་གསུམ་གྱི་བར་དུ་ཞལ་ཏ་བྱེད་པ་གང་ན་འདུག་པའི་ཕྱོགས་སུ་ཅང་མི་སྨྲ་བར་མཚན་མ་ཙམ་གྱིས་བསྡད་པར་བྱའོ། །དེ་ལྟར་བྱས་ཀྱང་གོས་མ་གྲུབ་ན་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅང་མ་བྱིན་གྱིས་ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲག་པར་བྱའོ། །དེ་ལྟ་སྤངས་ཟིན་པ་ན། དེའི་འོག་ཏུ་ཞལ་ཏ་བས་གོས་འབུལ་བར་བྱེད་ན་ཁོ་བོས་སྦྱིན་བདག་ལ་སྤངས་ཟིན་ནོ་ཞེས་སྨྲས་ཏེ། དེ་སྐད་སྨྲས་ཀྱང་ཞལ་ཏ་བྱེད་པས་འཕགས་པས་བདག་ལ་གོས་འདི་བཞེས་ཤིག་སྦྱིན་པར་བྱེད་པའི་སེམས་ཁོ་བོས་བསྡུ་བར་བྱའོ་ཞེས་ཁས་ལེན་པ་ལ་གོས་བླང་བར་བྱའོ། །གཉིས་པ་རུང་བ་དང་འགལ་བའི་ཉེས་པ་བསྟན་པ་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི་མཉན་ཡོད་དུ་ཉེར་དགས་འདོད་ཞེན་གྱིས་མི་མཛེས་པ་བྱས་པའོ། །རྒྱུ་མཚན་འདྲའོ། །ཡན་ལག་ལ་བཞི་ལས། གཞི་ནི། སྦྱིན་བདག་ཕོ་ཉ་ཞལ་ཏ་བ་གསུམ་ཆར་ཁྱིམ་པ་ཐ་སྙད་ལྔ་ལྡན། དེ་དག་ནང་དང་བདག་ཉིད་ལས་རྫས་ཐ་དད་པའོ། །རེ་བ་མེད་པའི་ཚེ་སྦྲན་ན་སེམས་བསྡུ་བར་ཁས་མི་ལེན་པའོ། །དངོས་པོ་རིན་བསྒྱུར་བ་ལས་གྲུབ་པའི་གོས་རུང་བ་ཚད་ལྡན་ནོ། །ཀུན་སློང་ལེན་པར་འདོད་པའོ། །སྦྱོར་བ་ལུས་ངག་གང་རུང་གིས་ལེན་པར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །གཞུང་དོན་ནི། གང་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། ཚིག་གིས་བསྐུལ་བ་ལན་གསུམ་ལས་ལྷག་པ་དང༌། ཕྱོགས་སུ་བསྡད་པ་
ལན་གསུམ་ལས་ལྷག་གམ། ཞལ་ཏ་བས་སྦྱིན་པར་བྱེད་པའི་སེམས་བསྡུ་བར་ཁས་མ་བླངས་བ་ན་དགེ་སློང་གིས་གོས་བླངས་ན་སྤང་བར་འགྱུར་རོ། །དེ་ཡང་སྦྱིན་པར་བྱེད་པ་དང་ཕོ་ཉ་བ་དང་ཞལ་ཏ་བྱེད་པ་གསུམ་ཆར་མིའི་འགྲོ་བ་པ་ཉིད་དང༌། ཁྱིམ་པ་ཉིད་ཡིན་ན་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་གྱི། གང་རུང་གཅིག་མི་མིན་ནམ་ཁྱིམ་པ་མིན་ན་ཉེས་བྱས་སོ། །གལ་ཏེ་ཕོ་ཉས་བྱུང་བའི་མཐའ་རྗེས་སུ་བརྗོད་པར་མ་སྨྲས་པར་དགེ་སློང་གིས་ཞལ་ཏ་བ་ལ་སྐུལ་བར་བྱེད་ན་ཉེས་བྱས་སོ། །ཕོ་ཉ་བ་ལ་ཁོ་བོ་ཅག་གིས་གོས་ཀྱི་རིན་ལེན་དུ་མི་རུང་ངོ༌། །ཞེས་མ་སྤངས་པར་བླངས་པ་ལ་ཉེས་བྱས་སོ། །ཕོ་ཉ་བས་དགེ་སློང་ལ་ཞལ་ཏ་བྱེད་པ་གང་ཡིན་ཞེས་མ་དྲིས་པར་ཞལ་ཏ་བྱེད་པ་སྟོན་ན་ཡང་ཉེས་བྱས་སོ། །ཞལ་ཏ་བྱེད་པ་ལས་གོས་ཐོབ་པའི་རེ་བ་མེད་པ་ན་སྦྱིན་བདག་ལ་མ་སྦྲན་ན་ཡང་ཉེས་བྱས་སོ། །བསྐུར་བའི་སྤང་བའོ།། །།གཉིས་པ་གདིང་བ་ལས་གྱུར་པ་ལ་གཉིས། གྲང་བ་སྐྱོབ་པ་དང༌། གནས་མལ་སྐྱོབ་པ་ལས་གྱུར་བའོ། །དང་པོ་ལ་གཉིས། འདོད་པ་ཆེ་བ་ལས་གྱུར་པ་དང༌། ཆོག་མི་ཤེས་པ་ལས་གྱུར་བའོ། །དང་པོ་ལ་གསུམ་ལས། སྲིན་བལ་ལ་གཉིས་ལས་དང་པོ་རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ་ལས། དང་པོ་བསླབ་བྱ་ནི། དགེ་སློང་གིས་སྟན་ནང་ཚངས་ཅན་དང༌། གླིངས་པའི་སྟན་བཅང་བར་བྱའོ། །དེ་གཉིས་ཀྱི་རྣམ་གྲངས་རས་བལ་ཅན་དང༌། འཇམ་པོ་ཞེས་ཀྱང་བྱའོ། །གདིང་བ་ནི་སྟན་མིན་ཏེ་གོས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གདིང་བ་ནི་ཆིག་རྐྱང་དང་སྦྱར་མ་བྱེད་ལ་སྟན་ནི་ནང་ཚངས་ཅན་དང་གླིངས་པ་བྱེད་པས་རྣམ་པ་ཐ་དད་པ་དང༌། གདིང་བས་གནས་མལ་སྐྱོབ་ལ། སྟན་གྱིས་གྲང་བ་
སྐྱོབ་པས་དགོས་ཆེད་ཐ་དད་པ་དང༌། གདིང་བ་ཕྲག་བས་བླང་དུ་རུང་ལ་སྟན་མི་རུང་བས་གནང་བཀག་ཐ་དད་པ་དང༌། གདིང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག་ཡིན་ལ། སྟན་ཞེང་མཉམ་ཡང་སྲིད་དུ་ཁྲུ་ཕྱེད་དང་ལྔ་ཡིན་པས་ཚད་ཐ་དད་པའི་ཕྱིར། གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་འདོད་ཞེན་གྱིས་སྲིན་བལ་གྱི་སྟན་བྱས་པའོ། །རྒྱུ་མཚན་བཟང་པོ་དམན་པ་ལ་སྦྱར་བ་དང༌། དེ་འཚོལ་བ་ལ་སོགས་ཀྱིས་དགེ་བའི་བར་ཆད་དུ་འགྱུར་བ་དང་གཞན་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་སྲིན་བལ་ཡིན་པ། རུང་བ་ཚད་དང་ལྡན་པ། གསར་པ་ཡིན་པ། དམན་པ་དང་མ་འདྲེས་པ། རང་གི་ཡིན་པ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །གནས་ནི་སྲིན་བལ་རིན་ཆེ་བའི་གནས་ཡིན་པའོ། །ཀུན་སློང་སྟན་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་ཁོད་བཀྲམ་པ་ཡོངས་སུ་རྫོགས་པའོ། །གཞུང་དོན་ནི། གང་བྱས་ན་སྲིན་བལ་གྱི་སྤང་བར་འགྱུར་ཞེ་ན། སྲིན་བལ་གྱི་སྟན་ནང་ཚངས་ཅན་ནམ་གླིངས་པ་རང་གིས་བྱས་སམ་གཞན་བྱེད་དུ་བཅུག་ནའོ། །བྱས་པ་དང་བྱེད་དུ་བཅུག་པའི་མཐར་ཐུག་གྲུབ་པའི་ཚད་གང་ཞེ་ན། སྟན་བྱེད་པ་ལ་ནི། དེ་བྱ་བའི་ཆེད་དུ་སྲིན་བལ་གྱི་བལ་མཐའ་དག་བཀྲམ་པ་ཉིད་སྟན་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་ནོ། །དེས་ན་དེ་ཙམ་བྱས་པ་ན་དངོས་གཞིར་འགྱུར་ལ། དེ་ཕྱིན་ཆད་གང་བྱེད་པ་དེ་དེའི་ཁོངས་སུ་འདུས་ཏེ། རྩོམ་པ་གཅིག་ཏུ་རྒྱུར་བའི་ཕྱིར་རོ། །གསུམ་པ་ལྟུང་མེད་ནི། སྲིན་བལ་གྱི་སྟན་བྱས་ཟིན་པ་རྙེད་པ་དང༌། ཡོངས་སུ་ལོངས་སྤྱོད་པ་དང༌། རྙིང་པ་ལ་བྱི་དོར་མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་བ་མེད་དོ། །
སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ནི། བལ་ལྟ་བུ་ཉུང་ངུ་དང་སྲིན་བལ་བསྲེས་ནས་སྟན་བྱེད་པ་ནི་ན་སྨད་པ་ཉིད་ཡིན་པས་ཉེས་བྱས་སོ། །སྲིན་བལ་གྱི་རྫས་ཉམས་པ་ཉིད་ལ་སྟན་བྱེད་ན་ཡང་ཉེས་བྱས་སོ། །སྲིན་བལ་གྱི་སྤང་བ་ཞུ་བའོ། །སྲིན་བལ་གྱི་སྤང་བའོ།། །།གཉིས་པ་འབའ་ཞིག་པ་ལ། སྤྱི་དོན་དུ་བལ་ནག་པོ་ཞེས་སྦྱར་གཞན་འདྲའོ། །གཞུང་དོན་ནི། སྲིན་བལ་གྱི་གནས་སུ་ལུག་གི་བལ་ནག་པོ་འབའ་ཞིག་དག་གཞུག་གོ །ཅི་ཞིག་གིས་ནག་པོ་ཡིན་ཞེ་ན། རང་བཞིན་གྱིས་ནག་པས་ཡིན་གྱི་ཁ་བསྒྱུར་བས་མིན་ནོ། །བལ་སྔོན་པོ་དང༌། འདམ་ཁ་དང་ཁམ་པ་དག་ཀྱང་ལུག་བལ་ནག་པོ་འབའ་ཞིག་པ་དེ་ཉིད་དང་འདྲའོ། །རྣམ་ཊཱིཀ་ལས། སྔོན་པོ་ཕྱིས་སྔོན་པོས་ཁ་བསྒྱུར་བ་གང་ཡིན་པ། འདམ་ཁ་འདམ་རྫས་ཀྱི་ས་ནག་གིས་ཁ་བསྒྱུར་བ་གང་ཡིན་པའོ། །ཁམ་པ་རང་བཞིན་གྱིས་ཁམ་པ་དང༌། གྲོ་བོ་དང་སྲེའོ་ལ་སོགས་པ་ནག་ནོག་ཅན་གང་ཡིན་པའོ། །ཞེས་སོ། །འདི་ལ་སོགས་པ་གསུམ་ལ་རྣམ་འབྱེད་དུ་གླིངས་པ་ཡིན་པར་དགོས་སོ་ཞེས་བཤད། བལ་ནག་པོ་འབའ་ཞིག་གི་སྤང་བའོ།། །།གསུམ་པ་ཆ་གཉིས་བསྲེ་བ་ལ་གླེང་གཞི། དགེ་སློང་ཞིག་གིས་ཞེས་དང༌། ནག་པོ་ཕྱེད་ཀྱི་ཆ་ལས་སྲང་ཕྱེད་ཡན་ཆད་ཀྱིས་ལྷག་པ་ཞེས་སྦྱར། གཞན་འདྲ། གཞུང་དོན་ནི། ལུག་བལ་ནག་པོ་དེ་དག་ཕྱེད་པས་ལྷག་པ་ཉིད་ན་ཆ་གཉིས་བསྲེ་བའི་སྤང་བར་འགྱུར། དཀར་པོ་དང་འཁོབ་བལ་ལྷག་ཅིང་ལུག་བལ་ནག་པོ་ཉུང་བའམ། ཆ་མཉམ་ན་ལྟུང་བ་མེད་དོ། །ཕྱེད་ལུག་བལ་ནག་པོ་འབའ་ཞིག་དང༌། ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་བྱས་ནས་སྟན་བྱས་ན་ལྟུང་
བ་མེད་དོ། །ཕྱེད་དེ་ལ་དཀར་པོ་ཤས་ཆེ་ན་ཉེས་བྱས། འཁོབ་བལ་ཤས་ཆེ་ན་ལྟུང་བ་མེད་དོ། །དཀར་པོ་ནི་གང་འཁོབ་བལ་ནི་གང་ཞེ་ན། གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་པ་ནི་སྔ་མ་དཀར་པོའོ། །མགོ་དང་རྐང་བ་དང་ལྟོ་ནས་སྐྱེས་པ་ནི་ཕྱི་མ་འཁོབ་བལ་ལོ། །ཊཱིཀྐ་ལས། ཡུལ་གང་ན་བལ་དཀར་པོ་རིན་ཆེ་ཞིང་ཤིན་ཏུ་དཀོན། སྲིན་བལ་གྱི་བལ་ནི་རིན་ཆུང་ཞིང་ཤིན་ཏུ་མོད་པ་དེར་ནི་སྲིན་བལ་གྱི་གནས་སུ་བལ་དཀར་པོ་རིག་པར་བྱའོ། །ནག་པོ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་ན་སྲིན་བལ་ལ་ནི་ལྟུང་བ་མེད་ལ། འཁོབ་བལ་ལ་ནི་ལྟུང་བར་འགྱུར་བ་དང༌། བལ་ནག་པོ་འབའ་ཞིག་ལ་ནི་ལྟུང་བ་མེད་ལ། དཀར་པོ་ལ་ནི་ལྟུང་བར་འགྱུར་རོ་ཞེས་སོ། །ཆ་གཉིས་བསྲེ་བའི་སྤང་བའོ།། །།གཉིས་པ་ཆོག་མི་ཤེས་པ་ལས་གྱུར་པ་ལ་གཉིས་ལས། བསླབ་བྱ་ནི་མ་དག་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་པ་ཁས་བླངས་ནས་ཆུ་དང་ཞེང་གཉིས་ཀ་ལྷག་པ་འདི་ཡིན་ན་བཅང་བར་བྱའོ། །ཆུ་ཐུང་བ་ཉིད་དང་ཞེང་དོག་པ་དག་ནི་ཆུ་དང་ཞེང་ཚད་བཞིན་དུ་བསྐྱེད་པར་བྱའོ། །སྟན་དེ་རལ་ན་བཙེམ་པར་བྱའོ། །བར་སྐབས་སུ་བུག་རྡོལ་དུ་གྱུར་ཏམ་ཤ་ཟད་པ་སྲབ་མོར་གྱུར་བ་དག་ལ་རིམ་པ་གཅིག་སྦྱར་ཞིང་གླན་པར་བྱའོ། །དེ་ལྟར་བྱས་ཀྱང་བཅོས་དཀའ་བས་ཕྱིར་བཅོས་པ་མི་ནུས་པ་ཉིད་ཡིན་ན་སྟན་གཞན་བྱ་བའི་གནང་བ་སྦྱིན་ནོ། །འདི་ལ་ཡུལ་ཐུན་མོང་གི་ཆོས་བདུན་ལྡན་ཚོགས་སུ་མ་ལོངས་པ། སྟན་བྱས་ནས་ལོ་དྲུག་མ་ལོན་ཞིང་སྔ་མས་འཚོ་བར་མི་ནུས་པ། གནང་བ་གསོལ་པ་པོ་དང་བྱིན་པ་མིན་པའོ། །ཆོ་ག་གཉིས་ཀྱི་ལས་ཆོས་གསུམ་ལྡན་ནོ། །དགོས་པ་ལྟུང་བ་འདི་མ་འབྱུང་བ་དང་བདེ་བར་
གནས་པའོ། རྣམ་ཊཱིཀ་ལས། གསོལ་བ་ལ་སོགས་པ་ལ་ལག་གི་བླ་སྨོས་པ་ནི་དགེ་འདུན་ལ་གཅེས་པ་ཡིན་པའི་ཕྱིར་ངེས་པ་ཡིན་པར་རིག་པར་བྱའོ་ཞེས་ཟེར་ལ། ཊཱིཀྐ་ལས། ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞིའི་དབང་གི་ཕྱིར་ཡིན་གྱི་གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ་ཞེས་སོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས་ལས། སྤྱི་དོན། གླེང་གཞི་གསུམ་འདྲ། ཉེས་པ་ལོ་དྲུག་མ་ལོན་པར་སྟན་གཉིས་པ་བྱས་པའོ། རྒྱུ་མཚན་སྟན་མང་པོ་གསོག་པ་དང་འདོད་ཞེན་ཆེ་བ་སོགས་སོ། །ཡན་ལག་ལ་དངོས་པོ་གླིངས་པའི་སྟན་ཡིན་པས་སྦྱར་། གཞན་འདྲའོ། །བདག་ཉིད་སྟན་གཞན་ཡོད་པའམ། རང་དགར་བཏང་བ་དང་གནང་བ་མ་ཐོབ་པ་ལོ་དྲུག་མ་ལོན་པའོ། །སྦྱོར་བ་སོགས་འདྲ། གཞུང་དོན་ནི། གང་བྱས་ན་ལོ་དྲུག་པའི་སྤང་བར་འགྱུར་ཞེ་ན། སྟན་བྱེད་པའི་གནང་བ་མ་ཐོབ་པ་ལོངས་སྤྱད་རུང་གི་སྟན་གཞན་ཡོད་པའམ་ཡོད་པ་དེ་ཉིད་རང་དགར་བཏང་བས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་བར་གླིངས་པའི་སྟན་བྱས་པ་ཉིད་ན་སྤང་བར་འགྱུར་རོ། །སྟན་སྔ་མ་བྱས་ནས་ལོ་ལྔ་པོ་ལ་བཀག་པ་ཡིན་གྱི་དྲུག་པ་ལ་སྟན་བྱེད་པ་ལ་ལྟུང་བ་མེད་དེ། དཔེར་ན་ལོ་ཉི་ཤུ་པའི་སྟེང་དུ་བསྙེན་རྫོགས་བྱིན་པས་ཆོག་པ་བཞིན་ནོ། །སྟན་སྔ་མ་བརྩམས་པ་ཉིད་ན་ཕྱི་མ་རྩོམ་ན་ཉེས་བྱས་སུ་འགྱུར་ཏེ། སྔ་མ་ཟིན་ནས་ཕྱི་མ་རྩོམ་པ་དང་འདྲ་བའི་ཕྱིར་རོ། །སྟན་ཕྱི་མ་བརྩམས་པ་དེ་སྔར་མཐར་ཐུག་སྟེ་ཟིན་ན་སྦྱོར་བའི་ལྟུང་བར་མི་འགྱུར་བ་ཉིད་མིན་ནོ། །དངོས་གཞིར་མི་འགྱུར་ཏེ། སྟན་གཉིས་པ་ཟིན་པ་མེད་པའི་ཕྱིར་དང༌། དེའི་ཚེ་སྟན་གཅིག་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །སྟན་སྔ་མ་ཟིན་པ་ན་སྔ་མ་དེ་ཉིད་སྤང་
བར་འགྱུར་རོ། །སྡོམ་པ་སྔ་མའི་ཚེ་སྟན་བྱས་ཏེ་བབས་ནས་ཡང་སྡོམ་པ་ཕྱི་མ་ལ་སྟན་གཉིས་པ་བྱས་ནས་ལོ་དྲུག་གི་ནང་ཡིན་ཡང་ཉེས་པ་མེད་དེ། རབ་ཏུ་བྱུང་བ་ཕྱི་མ་གཞན་དེ་ནི་སྔ་མ་ལས་བསླབ་རྒྱུན་ཐ་དད་པ་ཉིད་ཡིན་པའི་ཕྱིར། དཔེར་ན་ཁྱིམ་པའི་དུས་སུ་སྟན་བྱས་ཀྱང༌། ཕྱིས་རབ་ཏུ་བྱུང་བ་ན་སྟན་གཞན་རྩོམ་པ་ལ་ལྟུང་བ་མེད་པ་བཞིན་ནོ། །ལོ་དྲུག་ཏུ་བཅང་བའི་སྤང་བའོ།། །།གཉིས་པ་གནས་མལ་སྐྱོབ་པ་གདིང་བ་ལས་གྱུར་པ་ལ་གཉིས་ལས། སྤྱི་དོན། གླེང་གཞི་མཉན་ཡོད་དུ་རབ་ཏུ་མང་པོས། དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་སྤྱོད་པས། གདིང་བ་རྙིང་པས་གསར་པ་ལ་མ་གླན་པར་རྙིང་པ་བོར་བའོ། །རྒྱུ་མཚན། གསར་པ་དཀྱིལ་རྡོལ་བ་དང་ཁ་དོག་ཉམས་པ་དང༌། རྙིང་པ་ལྟོས་མེད་དུ་འདོར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་རང་གི་ཡིན་པ། རུང་བ་ཚད་ལྡན་གསར་པ་ཡིན་པ་བདག་ཉིད་གདིང་བ་རྙིང་པ་དེ་ཙམ་ཡོད་བཞིན་དུ་མ་གླན་པའོ། །ཀུན་སློང་ལོངས་སྤྱོད་པར་འདོད་པའོ། །སྦྱོར་བ་ལོངས་སྤྱོད་པར་རྩོམ་པའོ། །མཐར་ཐུག་ལོངས་སྤྱད་པའོ། །གཞུང་དོན་ནི། སྟན་འོག་མ་རྣམས་ཀྱི་སྟེང་དུ་གདིང་བར་བྱ་བས་ན་གདིང་བ་དེ་རྙིང་བ་ལས་བདེ་བར་གཤེགས་པའི་མཐོ་གང་ནི་མི་འབྲིང་པོའི་ཁྲུ་ཕྱེད་དང་དོ། །དེས་མ་གླན་པའི་གདིང་བ་གསར་དུ་བྱས་པ་སྤྱོད་ན་སྤང་བར་འགྱུར། གདིང་བ་རྙིང་པ་མེད་ན་ཡང་ལྟུང་བར་འགྱུར་རམ་ཞེ་ན། གལ་ཏེ་གདིང་བ་རྙིང་པ་ཡོད་ན་འགྱུར་གྱི་མེད་ན་མི་འགྱུར་རོ། །རིལ་གྱིས་ཡོད་པ་དགོས་སམ་ཞེ་ན། བདེ་བར་གཤེགས་པའི་མཐོ་གང་དེ་ཙམ་ཡོད་ན་ཡང་མ་གླན་ན་སྤང་པའོ། །སྲ་བ་དེ་ཙམ་ཞིག་ཡོད་པ་དགོས་སམ་ཞེ་ན། སྲ་བ་དེ་ཙམ་མེད་ཀྱང་དེ་ཙམ་བཅོས་པར་ནུས་ན་ཡང་འགྱུར་རོ། །མཐོ་གང་གི་སྤང་བའོ།། །།གཉིས་པ་གོས་ཀྱི་རྒྱུ་བལ་ལས་
གྱུར་པ་ལ་གཉིས་ལས། བལ་ཐོགས་པ་ལ་སྤྱི་དོན་ནི། གླེང་གཞི། མཉན་ཡོད་དུ་དྲུག་སྡེས་འདོད་ཞེན་དང༌། ངོ་ཚ་མེད་པས་རྒྱང་གྲགས་ཀྱི་མཐར་བལ་ཁུར་བའོ། །རྒྱུ་མཚན་མ་དད་པ་དང་ལུས་ལ་གནོད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ་དངོས་པོ་བལ་རུང་བ་ཚད་དུ་ལོངས་པ་རང་དབང་བ་ངོ་མ་སྤོས་པའོ། །ལམ་སའམ་ཆུ་ལ་བརྟེན་པ་རྒྱང་གྲགས་གཅིག་ཡན་ཆད་དུ་ལོངས་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་བའི་གནས་སྐབས་མིན་པའོ། །དུས་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་རང་དགར་རང་དོན་དུ་བལ་ཁུར་ནས་འགྲོ་བར་འདོད་པའོ། །སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ནི། གང་བྱས་ན་བལ་ཐོགས་པའི་སྤང་བར་འགྱུར་ཞེ་ན། དགེ་ཚུལ་ལ་སོགས་པ་ཁྱེར་བར་བྱེད་པ་མེད་ན་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་ཁྱེར་ན་རྒྱང་གྲགས་གཅིག་འདས་པ་ན་སྤང་བ་དང༌། རྒྱང་གྲགས་ཕྱེད་འདས་པ་ན་ཉེས་བྱས་སོ། །ཞུ་བར། རས་བལ་ལའང་བསྐྱེད་པར་བཤད་དོ། །གོས་ཡོ་བྱད་ཀྱི་གཙོ་བོ་ཡིན་ལ་དེའི་རྒྱུ་ཡིན་པས་ཁུར་གཞན་ལ་ཉེས་བྱས་སོ། །ཁྱེར་བར་བྱེད་པ་ཡོད་ན་ཡང་བདག་ཉིད་ཀྱིས་ཁྱེར་བར་རྩོམ་པ་ལ་ཉེས་བྱས། རྒྱང་གྲགས་ཕྱེད་དུ་སྦྱོར་བ་མཐར་སྤང་བའོ། །ལམ་གྱི་ཚད་ཇི་ཙམ་ལ་འགྲོ་བའི་ལྟུང་བ་བསྐྱེད་ཅེ་ན། བལ་ཐོགས་པ་དང༌། དགེ་སློང་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་གྲུར་འཇུག་པ་དང༌། སྐྱེས་པ་མེད་པའི་བུད་མེད་དང༌། རྐུན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བ་སྟེ་ལམ་དུ་ཕྱིན་པས་ལྟུང་བ་བསྐྱེད་པའི་ཚད་ནི་རྒྱང་གྲགས་གཅིག་གི་བདག་ཉིད་ཡིན་ནོ། །རྒྱང་གྲགས་ཕྱེད་དུ་སོན་པ་ན་སྦྱོར་བ་ཡོངས་སུ་རྫོགས་པའོ། །དེ་ཡང་
ཆོས་གོས་ཀྱི་འབྲལ་བའི་མཚམས་ནས་བརྩི་གསུང་ངོ༌། །བསྒོམས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་འགྲོ་ན་ཉེས་པ་མེད་པས་དེ་ལས་གཞན་པ་གསང་སྔགས་སོགས་ཀྱིས་བལ་ཁྱེར་ཏེ་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ། །མངོན་ཤེས་སམ་གཞན་གང་ཡང་རུང་བའི་སྤྲུལ་པས་ཁྱེར་ན་ཡང་ཉེས་བྱས་སོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང་སྟོད་སྐོར་ནང་ཚངས་ཅན་དང༌། རྒྱ་ཆང་དང༌། ཅག་ཕོད་དང༌། ཤུར་བུ་ཁྲེའུ་ལ་སོགས་པའི་དོན་དུ་དེ་དག་འདང་བའི་ཚད་དེ་ཙམ་གྱི་བལ་དག་ཁྱེར་བ་ལ་ཉེས་པ་མེད་དོ། །རྒྱང་གྲགས་དང་དཔག་ཚད་ཀྱི་ཚད་གང་ཞེ་ན། རྡུལ་ཕྲ་རབ་དང༌། རྡུལ་ཕྲ་མོ་དང་ཆུ་དང་ལྕགས་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་ཤིག་དང་ནས་དང་སོར་རྣམས་ནི་སྔ་མ་སྔ་མ་དྲུག་ལ་ཕྱི་མ་ཕྱི་མ་གཅིག་གོ །དེ་ལྟར་ན་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་ནས་ནས་དྲུག་ལ་སོར་མོ་གཅིག་གི་བར་རོ། །འདིར་དྲུག་འགྱུར་དང༌། མངོན་པར་བདུན་འགྱུར་དུ་བཤད་པའི་ཁྱད་པར་གང་ཞེ་ན། འདིར་དྲུག་འགྱུར་དུ་བསྒྲེ་བ་ད་ལྟའི་མི་བོངས་ཆུང་བའི་དབང་དུ་བྱས། མངོན་པར་བདུན་འགྱུར་དུ་བསྒྲེ་བ་བསྐལ་བ་དང་པོའི་མིའི་དབང་དུ་བྱས་པ་ཡིན་ཟེར་རོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ༌། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །དགོན་པའི་དང་པོ་ནི་རྒྱང་གྲགས་དེའི་མཐའ་སྟེ་གྲོང་ནས་རྒྱང་གྲགས་གཅིག་འདས་པ་ནི་དགོན་པའི་དང་པོའོ། །གཉིས་པ་ནི། ལུས་ཀྱི་ཕྲག་བརྡང་གིས་ཁུར་མི་བསྐུར་རོ། །གློ་དང་རྒྱབ་དང་རྐེད་པ་དང་མགོ་དག་གིས་ཁུར་མི་བསྐུར་རོ། །ཁུར་བསྐུར་བའི་སྐབས་འདིར་དགེ་སློང་གི་བསླབ་པ་ཐུན་མོང་མིན་ པ་ཉིད་དུ་དོགས ་པར་མི་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་ཀྱང་མི་བསྐུར་རོ། །མིའི་ཁུར་གྱི་ཕྱེད་ལས་ལྷག་པ་དགེ་
སློང་གིས་བསྐུར་བར་མི་བྱའོ། །བལ་ཐོགས་པའི་སྤང་བའོ།། །།གཉིས་པ་བལ་རྨེལ་བ་ལ། སྤྱི་དོན་ནི། གླེང་གཞི། འཆར་ཀ་གསུམ་སྔ་མ་བཞིན་ནོ། །རྒྱུ་མཚན་ལ་སོགས་པ་འཁྲུར་འཇུག་བཞིན་ལ་ལུག་གི་བལ་ཞེས་དང༌། མཐར་ཐུག་འདབ་བལ་གཅིག་ཙམ་རྨེལ་བ་རྫོགས་པ་ཞེས་སྦྱར་རོ། །གཞུང་དོན་ནི། འཁྲུར་འཇུག་གི་སྐབས་སུ་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་འཇུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་ཅེས་སྨོས་པའི་ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་དག་ཅེས་སྦྱར་ལ། འཁྲུར་འཇུག་གམ་འཚེད་དུ་འཇུག་གམ་འཆག་ཏུ་འཇུག་ན་ཞེས་པའི་འཆག་པའི་གནས་སུ་རྨེལ་བ་ཞེས་སྦྱར་རོ། །དེ་ལྟར་ན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མིན་པ་ལ་རང་གིས་ལུག་བལ་འཁྲུར་འཇུག་པར་འོས་པ་འཁྲུར་འཇུག་གམ་འཚེད་དུ་འཇུག་གམ་རྨེལ་དུ་འཇུག་ན་སྤང་བའོ། །བལ་རྨེལ་དུ་འཇུག་པའི་སྤང་བའོ།། །།གཉིས་པ་ནོར་ལས་གྱུར་པ་ལ་སྤང་བ་གསུམ་ལས། དང་པོ་ལ་གཉིས་ལས། སྤྱི་དོན། གླེང་གཞི། མཉན་ཡོད་དུ་དྲུག་སྡེས་དགེ་སྦྱོང་གི་ཚུལ་མིན་པས་གསེར་དངུལ་བདག་གིར་བྱེད་པའོ། །རྒྱུ་མཚན་རིན་པོ་ཆེའི་མངོན་ཞེན་འབྱུང་བ་དང་བསམ་གཏན་དང་ཀློག་པའི་བར་ཆད་དུ་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ནི། རིན་པོ་ཆེ་བཀག་པ་དངོས་སམ། དེ་བས་བཟང་ངམ་དེ་དང་འདྲ་བ་དང༌། སྙད་གདགས་སུ་རུང་བ་དང་ཚད་དང་ལྡན་པ། རང་གི་ཡིན་པ། རུང་བ་མ་བྱས་པའོ། །ཀུན་སློང་བདག་གིར་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རེག་པར་རྩོམ་པ། མཐར་ཐུག་བདག་གིར་བྱས་པའོ། །གཞུང་དོན་ལ་གསུམ་ལས། ཡན་ལག་གི་མཚན་ཉིད་
ནི། གང་བྱས་ན་རིན་པོ་ཆེ་ལ་རེག་པའི་སྤང་བར་འགྱུར་ཞེ་ན། པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་རེག་པས་བདག་གིར་བྱེད་ན་ལྟུང་བྱེད་དུ་འགྱུར། གནས་སྐབས་གང་ལ་བདག་གིར་བྱེད་པ་རྫོགས་ཤེ་ན། ལག་ཏུ་འོང་བར་རུང་བའི་བདག་གིར་བྱ་བ་དེ་ལྕོགས་པ་ཉིད་ན་བདག་གིར་བྱ་བ་དེ་རྫོགས་སོ། །ལག་ཏུ་ཐོབ་རུང་གི་གནས་དེ་བས་ཕ་ཟད་ན་རིན་པོ་ཆེ་འདུག་པ་བདག་གིར་བྱེད་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །བདག་གིར་བྱས་པ་ཙམ་གྱིས་སྤང་བར་འགྱུར་རམ་ཞེ་ན། དངོས་པོ་དེ་ལ་འོག་ནས་འབྱུང་བའི་ཆོ་གས་རང་གི་རུང་བར་མ་བྱས་པ་ཡང་སྤང་བའི་ཡན་ལག་ཏུ་དགོས་སོ། །གང་བྱས་ན་ལྟུང་བར་འགྱུར་ཞེ་ན། རང་གི་ལུས་ཀྱིས་རེག་གམ་གཞན་རེག་ཏུ་བཅུག་ནའོ། །ཚིག་ཁོ་ནས་རེག་ཏུ་བཅུག་ན་འགྱུར་རམ་ཞེ་ན། སྤྲིང་ཡིག་ལ་སོགས་པ་གང་ཡང་རུང་བས་རེག་ཏུ་བཅུག་ན་འགྱུར་ཏེ། འདི་ལོང་འདི་ནས་འདི་ཙམ་ལོང༌། །འདི་ཁྱེར་འདི་ནས་འདི་ཙམ་ཁྱེར། །འདི་ཞོག་འདི་ནས་འདི་ཙམ་ཞོག །དེ་སྦྱར་བས་ནི་བཅོ་བརྒྱད་དོ། །ཞེས་པ་ལྟ་བུའོ། །སེལ་བ་ནི། དོང་ཙེ་དང༌། པ་ན་ལ་སོགས་པའི་མིང་གི་ཐ་སྙད་གདགས་སུ་རུང་བའི་ཟངས་མ་ལ་རེག་གམ་རེག་ཏུ་བཅུག་ན་ཉེས་བྱས་སོ། །སྙད་གདགས་སུ་རུང་བའི་དོང་ཙེ་སོགས་ལས་གཞན་པའི་ཟངས་ལ་རེག་པ་ལ་ལྟུང་བ་མེད་དོ། །ཞ་ཉེ་དང་ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དག་ལ་རེག་གམ་རེག་ཏུ་བཅུག་ན་ཉེས་པ་མེད་དོ། །དགེ་ཚུལ་ཕ་མ་གཉིས་ཀྱིས་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་ཀྱང་ཉེས་པ་མེད་དོ། །གཉིས་པ་གནས་སྐབས་ཀྱི་སེལ་བ་ལ་གཉིས་ལས། སྤྱིི་དོན་ལ། གླེང་གཞི་ནི། ཆོས་དང་ལྡན་པའི་དོན་མི་བདོག་པའི་རྐྱེན་ཡིན་པ་དང༌། ཚད་དང་ལྡན་པ། རང་དབང་བ་རིན་པོ་ཆེ་འམ་དེ་དང་འདྲ་བ་རུང་བར་མ་བྱས་པའོ། །ངོ་བོ་བརྟག་པ་འགའ་ཞིག་གོ །དབྱེ་བ་གསུམ་མོ། །
བསམ་པ་འདི་མི་བཅང་འདི་ལས་བྱུང་བ་བཅང་སྙམ་པའོ། །རྟེན་རབ་ཏུ་བྱུང་བ་སྡེ་ལྔའོ། །དགོས་པ་ལྟུང་བ་འདི་མི་འབྱུང་བ་དང་རིན་པོ་ཆེའི་མངོན་ཞེན་མི་འབྱུང་བའོ། །འཇིག་རྒྱུ། བྱིན་རླབས་ཕྱུང་དང་གཞན་དངོས་དང༌། །དངོས་པོ་བརླག་དང་རང་གི་བའི། །བསམ་པ་རྒྱུན་ལྡན་ཡིད་བརྟན་ཡུལ། །ཤི་ལ་དེར་ཤེས་རྟེན་ཉམས་རྣམས། །གཞུང་དོན་ནི། རུང་བ་མ་བྱས་པ་ཞེས་བཤད་ན། རུང་བ་དེ་གང་ཡིན་ཞེ་ན། དགེ་སློང་གིས་ཆོས་གོས་སོགས་ཀྱི་རིན་རིན་པོ་ཆེ་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དེ་ལ་ཡིད་གཏད་དེ་བཅང་བ་ནི་རུང་བ་དང་པོའོ། །གོས་ཉོ་བ་ལ་སོགས་པའི་ཞལ་ཏ་བྱེད་པ་དགེ་བསྙེན་ལ་སོགས་པ་ལ་འདི་ཁྱོད་ཀྱི་ཡིན་ནོ་ཞེས་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་ཅིང་དེའི་མིང་གིས་འཆང་བ་ནི་རུང་བ་གཉིས་པའོ། །དགེ་སློང་གི་མདུན་དུ་རྫས་བཞག་སྟེ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་པ་ནི་རུང་བ་གསུམ་པ་ཡིན་ནོ། །དངོས་པོ་གང་ལ་རུང་བ་བྱ་ཞེ་ན། ཆོས་དང་ལྡན་པའི་དོན་ལྷུང་བཟེད་དང་ཆོས་གོས་དང་སྨན་ལ་སོགས་པའི་ཡོ་བྱད་རང་ལ་མི་བདོག་པའི་རྐྱེན་ལས་གཞན་པ་ལ་རུང་བ་གསུམ་པོ་དེ་མི་འཆགས་སོ། །ཡིད་བརྟན་གྱི་བདག་པོ་སྦྱིན་བདག་གམ་ཞལ་ཏ་བྱེད་པ་ཡུལ་ཐག་རིང་ན་ཡང་དེ་ལ་ཡིད་གཏད་པའི་རུང་བ་ཉམས་པ་མེད་དོ། །དགེ་སློང་གིས་བདག་ཉིད་ཀྱི་ལུས་འཚོ་
བའི་དོན་དུ་ཟོང་དེས་བཟའ་བ་བྱེད་དུ་གཞུག་ཏུ་རུང་ངོ༌། །དེས་ལྟོ་འདུན་ཆེ་བར་མི་འགྱུར་རོ། །རང་གི་དོན་དུ་བཟའ་བ་དེ་བྱེད་པའི་བྱན་པོ་སོགས་ལ་བཟའ་བའི་རིན་དུ་དབུལ་བའི་ཕྱིར་སྦྱིན་བདག་ལས་ཀརྵ་པ་ཎ་རུང་བ་བྱས་ཏེ་བླང་བ་ཡང་རུང་ངོ༌། །རབ་ཏུ་བྱུང་བས་ལམ་བརྒྱགས་ནི་རིན་པོ་ཆེ་གསེར་དངུལ་བཻཌཱུརྱ་ཤེལ་མུ་ཏིག་སྟེ་ལྔ་མན་ཆད། ཞ་ཉེ་ཟངས་རོ་ཉེ་ཁྲོ་ཆུ་ལྕགས་ཏེ་རིན་པོ་ཆེར་སྨོས་པ་ལྔ་དང༌། འབྲས་ཆེན་ཟན་དྲོན་ཤ་ཉ་ཤ་སྣུམ་འཁུར་ཏེ་བཟའ་བ་ལྔ་དང༌། ཅི་ཙེ་ཁྲེ་རྒོད་རྒྱ་སྲན་བྲའོ་ཁྲེ་སྟེ་བཟའ་བར་སྨོས་པ་ལྔ་བསྐུར་དུ་རུང་ངོ༌། །མེའི་དོན་དུ་རིན་པོ་ཆེ་མེ་ཤེལ་ཉེ་བར་གཞག་གོ །མེ་ཤེལ་དེ་མ་སྦས་པར་གར་བབ་བབ་ཏུ་གཞག་པར་མི་བྱའོ། །མེ་ཤེལ་དེ་རྐུན་པོ་ལ་སོགས་པ་མ་བྱིན་པ་ལེན་པ་ལ་བསྟན་པར་མི་བྱའོ། །མེ་ཤེལ་དེའི་འབྲས་བུ་མེ་ཕྱུང་ནས་རྐུན་པོ་དེ་ལ་སློང་ན་སྦྱིན་པར་བྱའོ། །དགེ་སློང་གིས་ཆུའི་དོན་དུ་ཆུ་ཤེལ་ཡང་གཞག་པར་བྱའོ། །ཆུ་ཤེལ་དེ་བསྲུང་བའི་ཆོ་ག་ནི་མེ་ཤེལ་དང་འདྲའོ། །རྒྱ་དང་ཁབ་ལ་སོགས་པ་ཡོ་བྱད་རྗེས་སུ་གནང་བར་གསེར་ལ་སོགས་པའི་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་བ་ཉིད་དེ། རིན་པོ་ཆེ་ལས་བྱས་པའི་རྒྱ་སོགས་མི་བཅང་ངོ༌། །ར་གན་དང་ཟངས་དང་འཁར་བ་དང་ཤིང་གི་ལྷུང་བཟེད་བདག་གིར་མི་བྱའོ། །ར་གན་སོགས་ལས་བྱས་པའི་ལྷུང་བཟེད་དེ་དག་བསྙེན་པར་མ་རྫོགས་པའི་སྔར་བདག་གིར་བྱས་པའམ་བདག་གིར་བྱས་པ་ལས་གཞན་མ་བྱས་ཀྱང་རུང་སྟེ། གལ་ཏེ་ཡོངས་སུ་སྤྱད་དགོས་པའི་རྐྱེན་བྱུང་ན་དེ་དག་སྨན་ཕོར་དུ་བསྔོས་པས་ཡོངས་སུ་སྤྱད་པར་བྱའི་ཐམས་ཅད་དུ་སྤང་བར་བྱ་བ་མིན་ནོ། །བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་དང་འདྲ་བར་བསྐུར་དུ་མི་རུང་ངོ༌། །བྱིན་གྱིས་བརླབ་ཏུ་རུང་བའི་ལྷུང་བཟེད་གང་ཞེ་
ན། ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་གཉིས་ཏེ། ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ། །གསུམ་པ་གཞིའི་མཚན་ཉིད་ནི། རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་པའི་རིན་པོ་ཆེ་གང་ཡིན་ཞེ་ན། ནོར་བུ་མེ་ཤེལ་དང་ཆུ་ཤེལ་དང་མུ་ཏིག་དང་བཻཌཱུརྱ་དང་ཤང་ཀ་ཤི་ལ་དང་བྱི་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་མར་གད་དང༌། སྤུག་རིན་པོ་ཆེའི་རིགས་ཤིན་ཏུ་གཙོ་བོ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོར་སྣང་བའི་བདག་ཉིད་ཅན་ཏེ་ཁྲ་བོ་དང༌། དམར་པོ་དང༌། གཡས་སུ་འཁྱིལ་བ་དང༌། སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་ནི་རིན་པོ་ཆེའོ། །སེལ་བ་ནི། ནོར་བུ་ལ་སོགས་པ་རིན་པོ་ཆེའི་ཉོ་ཚོང་གི་སྙད་གདགས་སུ་མི་རུང་བ་ལ་ནི་རེག་གམ་རེག་ཏུ་བཅུག་ན་ན་སྨད་པ་ཉིད་དོ། །བསླབ་པའི་གཞི་འདིའི་འོག་མ་མངོན་ཚན་ཅན་གྱི་སྤྱོད་པ་ལ་ཡང་སྙད་གདགས་སུ་མི་རུང་བ་ལ་ན་སྨད་དོ། །སྙད་གདགས་སུ་མི་རུང་བ་ཇི་ལྟ་བུ་ཞེ་ན། སྙད་གདགས་སུ་མི་རུང་བ་དེ་ནི་མངོན་ཚན་ཅན་གས་པ་སེར་ཁ་བྱུང་བ་དང་ཆག་པ་བུ་ག་བྱུང་བ་དང༌། དུམ་བུ་ཕྱོགས་གཅིག་མེད་པ་དང༌། འཚིག་པ་མེ་དང་ཕྲད་པས་ཉོ་ཚོང་བྱར་མི་རུང་བ་དང༌། སྔོན་ཉོ་ཚོང་བྱས་པ་ཙམ་ཡང་མི་དྲན་པའི་སྔོན་མ་སྤྱད་པ་དང༌། མངོན་ཚན་ཅན་གྱི་མཚན་མ་མ་བྱས་པ་དང༌། དྲུད་པ་ལ་སོགས་པའི་ཉེས་པས་མཚན་དང་མི་ལྡན་པ་དང༌། ས་རྡོ་ལ་སོགས་པ་ལ་ནོར་བུ་དང་དོང་རྩེ་དང་མངོན་ཚན་ཅན་ལ་སོགས་པ་བཅོས་པའོ། །གསེར་དངུལ་ལ་རེག་པའི་སྤང་བའོ།། །།གཉིས་པ་མངོན་ཚན་ཅན་གྱི་སྤྱོད་པའི་སྤང་བ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ་དྲུག་སྡེས་ཉོན་མོངས་པ་འདྲ། མངོན་ཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་པའོ། །རྒྱུ་མཚན་འདོད་པ་ཆེ་བ་སོགས་དང་འགྱེད་སྡུད་གྱིས་དགེ་བའི་བར་ཆད་དུ་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ་
ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པ་ཉེ་དུ་མིན་པའོ། །དངོས་པོ་པ་ནའམ་རིན་པོ་ཆེ་རང་དབང་བ་ཐ་སྙད་གདགས་སུ་རུང་བ་ཚད་དང་ལྡན་པའོ། །ཀུན་སློང་རྙེད་པ་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་བཞི་ལྡན་གྱིས་བསྐྱེད་པར་རྩོམ་པའོ། །མཐར་ཐུག་སྐྱེད་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །གཞུང་དོན་ནི། གང་ལ་མངོན་ཚན་ཅན་གྱི་སྤྱོད་པའི་ལྟུང་བ་འབྱུང་ཞེ་ན། རྙེད་པ་ཁེ་བོགས་འདོད་པ་ལ་མངོན་ཚན་ཅན་གྱི་སྤྱོད་པའི་ལྟུང་བ་འདི་འབྱུང་ངོ་། །དངོས་གཞིའི་ལྟུང་བ་ཇི་ལྟར་འབྱུང་ཞེ་ན། རིན་པོ་ཆེ་སོགས་མངོན་ཚན་ཅན་སྐྱེད་དུ་བཏང་བའི་ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མིན་པ་ཉིད་ཡིན་ན་དངོས་གཞིའོ། །གང་གི་ཚེ་དངོས་གཞི་འབྱུང་ཞེ་ན། སྐྱེད་ཕྱིན་པའི་ཚེ་ན་འབྱུང༌། བཤགས་པའི་ཚེ་སྐྱེད་ཀྱི་ཆ་སྤང་བར་བྱའི་རྩ་བ་སྤང་མི་དགོས་ལ། སྐྱེད་དང་རྩ་བ་ལྷན་ཅིག་ཏུ་གྲུབ་ན་གང་ལ་སྐྱེད་ཀྱི་བློ་སྐྱེ་བ་དེ་སྤང་བར་བྱའོ། །བསླབ་པའི་གཞི་འདིའི་འོག་མ་ཉོ་ཚོང་བྱེད་པ་ལ་ཡང་རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ༌། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མིན་པ་ཉིད་དང་སྐྱེད་ཕྱིན་ན་དངོས་གཞིའོ། །གང་གི་སྐྱེད་ཕྱིན་ན་འགྱུར་ཞེ་ན། པ་ནའམ་གསེར་ལ་སོགས་པའི་རིན་པོ་ཆེ་སྐྱེད་དུ་བཏང་སྟེ་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །སྐྱེད་ཀྱི་སྔར་དགེ་སློང་གིས་རྙེད་པ་བསྒྲུབ་པའི་ཕྱིར་རྩོམ་པ་ཇི་སྙེད་བྱས་པའི་སྦྱོར་བ་ལ་ནི་ཉེས་བྱས་གཅིག་ཉིད་དོ། །དགེ་སློང་གིས་ཀུན་དགའ་ར་བ་པ་ལྷ་འབངས་མས་དགེ་བསྙེན་དག་ཡོད་ན་སྐྱེད་གཏོང་བ་པོར་བསྐོ་བས་དཀོན་མཆོག་གསུམ་གྱི་དོན་དུ་རིན་པོ་ཆེ་ལ་སོགས་པ་སྐྱེད་དུ་གཏང་བར་བྱའོ། །དཀོན་མཆོག་གི་དཀོར་ཆུད་མི་ཟ་བར་བྱ་བའི་ཕྱིར་གཏའ་ཉི་རིར་བླངས་ནས་སྐྱེད་དུ་གཏང་བར་བྱའོ། །ཇི་ལྟར་གཏང་བར་བྱ་ན། དཔང་པོ་དང་ལོ་དང་ཟླ་བ་དང་ཉི་མ་དང་དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་དང་ལེན་པ་
པོ་དང་རྫས་དང་སྐྱེད་རྣམས་དཔང་རྒྱར་བྲིས་ནས་གཏང་བར་བྱའོ། །གཏའ་དང་བུ་ལོན་ལ་སོགས་པའི་རྒྱུས་ཤེས་པས་བྱུང་བའི་མཐའ་དེ་རྒྱུས་མི་ཤེས་པའི་དགེ་སློང་གཞན་ལ་ཡང་ཁོང་དུ་ཆུད་པར་བྱའོ། །མངོན་ཚན་ཅན་གྱི་སྤྱོད་པའི་སྤང་བའོ། །གསུམ་པ་ཉོ་ཚོང་བྱེད་པའི་སྤྱི་དོན་ལ་ཉེས་པ་ཉོ་ཚོང་སྣ་ཚོགས་བྱེད་པ་སྦྱར། གཞལ་བར་བྱ་བ་འབྲུ་ལ་སོགས་པ་ཡིན་པ་སྦྱར། གཞན་འདྲའོ། །གཞུང་དོན་ནི། སྔར་སྐྱེད་ཕྱིན་ན་དངོས་གཞིའོ་ཞེས་བཤད་ན། གང་ནི་སྐྱེད་ཕྱིན་ན་དངོས་གཞིར་འགྱུར་ཞེ་ན། པ་ན་དང་རིན་པོ་ཆེ་ལས་གཞན། འབྲུ་དང་གོས་ལ་སོགས་པ་དག་གི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར། ཡང་ན་སྐྱེད་ཕྱིན་པའི་ཁེ་བོགས་འདོད་པ་ལས་གཞན་ཉོ་ཚོང་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དེས་ན་སྤང་བ་འདི་གསུམ་གྱི་ཁྱད་པར་ནི། རིན་པོ་ཆེ་ལ་རེག་པ་ལས་དང་པོ། ཁེ་བོགས་འདོད་པས་པ་ན་ལ་སོགས་པས་བསྐྱེད་པ་ལ་གཉིས་པ། གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པ་སྤྱོད་པ་ལ་གསུམ་པའོ། །དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་དང་ཏིལ་དང་མོ་སྲན་སྡེའུ་ལ་སོགས་པ་གཞན་དག་རིན་གྱིས་ཉོ་བར་འདོད་པ་ལ་ཉོར་སྦྱིན་པར་བྱ་སྟེ། དེ་ལ་ཉོ་ཚོང་གི་ཉེས་པ་མེད་དོ། །གལ་ཏེ་དགེ་འདུན་དེ་ཉིད་ཀྱི་བཤོས་ཀྱི་ཕྱིར་ཉོ་བར་བྱེད་ན་རིན་འཐེབ་དང་བཅས་ཏེ་སྦྱིན་པར་བྱའི་མཉམ་སྟེ་མིན་ནོ། །དགེ་འདུན་གྱི་འབྲས་ལ་སོགས་པ་ཟད་ན་དགེ་འདུན་གྱིས་ཀྱང་འབྲས་ལ་སོགས་པ་ཉོ་བར་བྱའོ། །དགེ་འདུན་གྱིས་འབྲས་ལ་སོགས་པ་འབྲུ་གསར་པ་ཡང་ཉོ་བར་བྱའོ། །རྙིང་པ་ཇི་ལྟར་བྱ་ཞེ་ན། གལ་ཏེ་སྲོག་ཆགས་མེད་ན་དགེ་འདུན་གྱི་འབྲུ་རྙིང་པ་རྣམས་བཙོངས་ནས་གསར་པ་ཉོ་བར་བྱའོ། །དགེ་སློང་རང་གི་རྫས་འདིའི་རིན་འདི་ཙམ་
མོ་ཞེས་རྫས་ཀྱི་རིན་ཐང་མི་གདབ་བོ། །ཁྱིམ་པའི་ཉོ་ཚོང་བྱེད་པ་དག་གི་ནང་དུ་དགེ་སློང་གིས་ལག་གཞུག་པ་གཏོགས་འདོད་དང་བར་འཚང་མི་བྱའོ། །རང་གི་ཆོས་གོས་སོགས་ཇི་ལྟར་ཉོ་ཞེ་ན། རང་གི་ཆོས་གོས་ལ་སོགས་པ་ནི་ཁྱིམ་པ་ཉོར་གཞུག་གོ །ཁྱིམ་པ་མེད་ན་སུས་ཉོ་ཞེ་ན། ཁྱིམ་པ་མེད་ན་རང་གི་རྫས་དེའི་རིན་ཐང་ངེས་པར་བཅད་ནས་འདི་ལ་འདི་ཙམ་བྱིན་ཅིག་ཅེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཟོང་ཀ་ཀ་ནི་དང་བར་ཏ་ཀ་ལ་སོགས་པ་ཉོ་བ་ན་ཅུང་ཟད་བསྐྱེད་པ་དང་འཆང་བ་ན་ཅུང་ཟད་འབྲིད་པ་ན་བརྩེག་པ་ཡིན་ལ། དེ་ནི་གཞན་གྱི་དོན་དུ་ཡང་མི་བྱ་ན་རང་དོན་དུ་ལྟ་སྨོས་ཀྱང་ཅི་དགོས། དེའི་དམིགས་བསལ་ནི། དཀོན་མཆོག་གསུམ་གྱི་དོན་དུ་ནི་མ་གཏོགས་ཏེ། དཀོན་མཆོག་གསུམ་གྱི་དོན་དུ་ཟོང་ལ་བརྩེག་པར་བྱའོ། །དེ་ཁོ་ན་ལྟར་མིན་ན་ངས་ཀརྵ་པ་ཎ་ལྔ་སྦྱིན་ནོ། །དེའི་གཏེང་བར་འདི་གཞག་གོ་ཞེས་ཞྭ་ལ་སོགས་པ་དེའི་གཏར་གཞུག་པར་མི་བྱའོ། །དགེ་འདུན་གྱིས་སྦྱིན་པར་བྱའོ་ཞེས་བཤད་ན་ཇི་ལྟར་སྦྱིན་ཞེ་ན། དགེ་འདུན་གྱི་དབྱིག་ལ་སོགས་པའི་རྫས་དེ་དགེ་སློང་ཁེ་བོགས་བྱེད་པ་ལ་གཏན་དེ་རྙེད་པ་བསྒྲུབ་པར་བྱའོ། །དགེ་འདུན་རང་གིས་གཏད་དམ་ཞེ་ན། དགེ་འདུན་གྱི་ལས་བྱེད་པ་དམ་བཞག་པ་ལ་སོགས་པ་ལ་གཏད་དེ། དེས་སྤོགས་པ་ལ་གཏད་པར་བྱ། སྤོགས་པ་དེས་དགེ་སློང་རྒན་རབས་རྒན་རབས་དག་ལ་མ་ཞུས་པ་དགེ་འདུན་གྱི་དོན་དུ་རང་དགར་བརྩོན་པར་མི་བྱའོ། །འཕྱར་ཁ་སྤང་བའི་ཕྱིར་དགེ་སློང་སྤོགས་པ་དེས་རང་གིས་དགེ་འདུན་གྱི་རྫས་མནོས་པ་དང༌། དེ་སྐྱེད་དུ་བཏང་བས་སྐྱེད་ཇི་ཙམ་བྱུང་བ་དང་དངོས་པོ་དེ་དགེ་འདུན་གྱི་བྱ་བ་གང་ལ་དཔྱད་པ་སོགས་དེའི་ཚིག་ཡི་གེར་བྲི་བའི་དམ་བཞག་ལ་ནན་ཏན་དུ་བྱའོ། །ཉོ་ཚོང་བྱེད་པའི་སྤང་བའོ།། །།གསུམ་
པ་སྣོད་སྤྱད་ལས་གྱུར་པ་ལ་གཉིས་ལས། དང་པོ་འཆང་བ་ལ། སྤྱི་དོན་ནི། གླེང་གཞི་མཉན་ཡོད་དུ་དྲུག་སྡེས་དགེ་སྦྱོང་གི་ཚུལ་དང་མཐུན་པ་མིན་པ་བྱེད་འདོད་པས་ལྷུང་བཟེད་ལྷག་པོ་འཆང་བའོ། །རྒྱུ་མཚན་ལྷུང་བཟེད་མང་པོ་གསོག་པ་དང༌། འདོད་ཞེན་ཆེ་བ་སོགས། ཡན་ལག་ལ་གསུམ་ལས། གཞི་ལ། དངོས་པོ་ནི་རང་གི་ལྷུང་བཟེད་རུང་ཚད་ལྡན་དབང་བྱར་ཡོད་པ་བྱིན་རླབས་དང་མ་འབྲེལ་ལམ། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་དང་འབྲེལ་མེད་མིན་པའོ། །ཀུན་སློང་རང་གི་ཆེད་དུ་འཆང་བར་འདོད་པ། མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །གཞུང་དོན་ནི། གང་བྱས་ན་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་ཞེ་ན། གོས་ཞག་བཅུ་འཆང་སྤང་གི་སྐབས་སུ་ཡོད་ནའོ། །རང་གིའོ། །གོས་ལའོ། །ཞེས་སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཀྱིའོ་ཞེས་གཞུག་པར་བྱའོ། །ལྷུང་བཟེད་ལྷག་པོ་འཆང་བ་ཐམས་ཅད་ལ་ལྟུང་བྱེད་འབྱུང་ངམ་ཞེ་ན། དགེ་ཚུལ་ཕྱིས་འབྱུང་བར་འགྱུར་བ་ལ་སྦྱིན་པར་བྱའོ་ཞེས་རབ་ཏུ་འབྱུང་བ་ལ་ལྟོས་པའི་དོན་དུ་ལྷུང་བཟེད་བསྔོས་ཤིང་ངེས་པར་བྱས་པ་ནི་སྤངས་པ་ཉིད་ཡིན་པས་དེ་འཆང་ཡང་སྤང་བར་མི་འགྱུར་རོ། །ལྷུང་བཟེད་ཁ་དོག་སྐྱ་བ་དང་དཀར་བ་དང་ཚད་ལས་ཆེ་བ་རྣམས་ནི་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་མིན་པས་འཆང་ན་ཉེས་བྱས་སོ། །ཁ་དོག་ནག་པར་གྱུར་ཀྱང་ལྷུང་བཟེད་མ་ཚོས་པ་ཡང་ལྷུང་བཟེད་ཆུང་ངུས་ལྷུང་བཟེད་ཀྱི་བྱ་བ་བྱེད་མི་ནུས་པ་དང་འདྲ་བ་ཉིད་ཡིན་ནོ། །ལྷུང་བཟེད་ཆུང་ངུ་གཅིག་ལྷག་པོར་འཆང་བ་ལ་ནི་ཉེས་པ་མེད་དེ། འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུས་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་གསུངས་པའི་ཕྱིར། ལྷུང་བཟེད་འཆང་བའི་སྤང་བའོ།། །།གཉིས་པ་ལྷག་པོ་འཚོལ་བ་ལ་གསུམ་ལས། བསླབ་བྱ་ནི། དགེ་སློང་གིས་དངོས་པོ་
ཐམས་ཅད་ལ་ཧ་ཅང་ཆགས་པ་མི་བྱའོ། །ལྷུང་བཟེད་སོགས་ལ་ཆགས་སུ་རུང་ངམ་ཞེ་ན། ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ། །འོ་ན་ཇི་ལྟར་བྱ་ན། ལྷུང་བཟེད་ལ་སོགས་པ་གང་ལ་ལྷག་པར་ཞེན་པ་འབྱུང་བ་དེ་བཅང་བར་མི་བྱའོ། །དགེ་སློང་གིས་ཆོས་གོས་སོགས་སུ་མ་ཟད་ལྷུང་བཟེད་ཀྱང་མེད་ན་བླང་བར་བྱའོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ་ཉེར་དགས་འདོད་ཞེན་གྱིས་ལྷུང་བཟེད་ལྷག་པོ་བཙལ་བའོ། །རྒྱུ་མཚན་འདོད་ཞེན་ཆེ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་དྲུག་ལྡན། དངོས་པོ་ལྷུང་བཟེད་རུང་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པའོ། །བདག་ཉིད་ལྷུང་བཟེད་རུང་ཚད་ལྡན་ལོངས་སྤྱད་བཟོད་དབང་བྱར་ཡོད་པ། འབྲེལ་མེད་མིན་པ་ཡོད་པའོ། །ཀུན་སློང་སློང་བར་འདོད་པ་སྦྱོར་བ་ངག་མཚན་ཉིད་དྲུག་ལྡན། མཐར་ཐུག་ལག་ཏུ་ཐོབ་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་ལ་ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བར་འགྱུར་ཞེ་ན། ལྷུང་བཟེད་དེ་ཡོད་པ་ཉིད་ན་ལྟུང་བ་འདི་འབྱུང་ངོ༌། །ཇི་ལྟ་བུ་ཡོད་ན་འབྱུང་ཞེ་ན། ལྷུང་བཟེད་སྐྱོན་མེད་ཚུན་ཆད་ནས་ལྷན་པ་བཞི་མན་ཆད་གླན་ཟིན་པའམ། ལྷན་པ་དེ་དག་གླན་དུ་རུང་ཞིང་ཟས་ལ་ཡོངས་སུ་སྤྱད་བཟོད་པ། ཡོད་བཞིན་དུ་གཞན་འཚོལ་བར་བྱེད་ན་ལྟུང་བ་འདིར་འགྱུར་རོ། །དེ་ལྟ་བུའི་ལྷུང་བཟེད་ཡོད་པས་གང་བྱས་ན་ལྟུང་བའི་འདིར་འགྱུར་ཞེ་ན། ཁྱིམ་པ་ཉེ་དུ་མིན་པ་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསླང་བས་ལྷུང་བཟེད་ཡོངས་སུ་བཙལ་ཏེ་ཐོབ་ནའོ། །ཁྱིམ་པ་དང་ཉེ་དུ་མིན་པ་དེ་གཉིས་ནི་བསླབ་པའི་གཞི་འདིའི་འོག་མ་འཐག་ཏུ་འཇུག་པ་དང༌། འཐག་པ་བསྐྱེད་པའི་སྤང་བ་གཉིས་ལ་ཡང་རིག་པར་བྱའོ། །དེ་གཉིས་ཀྱི་བྱེ་བྲག་བསྟན་པ་ནི། ཐ་ག་པ་དང་སྦྱིན་བདག་དང་གཞན་ཕོ་ཉ་བ་
དག་ལ་ཁྱིམ་པ་དང་ཉེ་དུ་མིན་པ་སྦྱར་རོ། །ཉེ་དུ་མིན་པ་ལ་ཟས་བསོད་པ་སློང་པ་སོགས་ལ་ཁ་ན་མ་ཐོ་བར་འགྱུར་བ་ལྟར་ཉེ་དུ་ལ་ནི་ཉེས་པ་མེད་དོ། །ཐམས་ཅད་དུ་ཉེས་པ་མེད་དམ་ཞེ་ན། སྐྱེད་ཀྱིས་བསླབ་པའི་གཞི་མངོན་ཚན་ཅན་དང་ཉོ་ཚོང་ལས་གྱུར་པ་དང༌། ལྷུང་བཟེད་ལྷག་པ་སློང་བའི་བསླབ་པའི་གཞི་མ་གཏོགས་ཏེ་དེ་གཉིས་ཉེ་དུ་ལས་ཀྱང་ལྟུང་བ་ན་སྨད་པར་འགྱུར་རོ། །ལྷུང་བཟེད་ཡོངས་སུ་བཙལ་བ་ན་ཉེས་བྱས་སོ། །བཙལ་བའི་གཞི་དེ་ལས་ལྷུང་བཟེད་གྲུབ་ན་དངོས་གཞིའོ། །གཉིས་པ་སེལ་བ་ནི། ལྷུང་བཟེད་སྔ་མ་བྱིན་གྱིས་བརླབས་པ་ཆག་པ་ལ་སོགས་པའི་རྐྱེན་གྱིས་མེད་པ་ཉིད་ལ་དེ་ལྟར་མ་ཤེས་པར་བདག་ལ་ལྷུང་བཟེད་ཡོད་དོ་སྙམ་པའི་བློ་ཅན་གྱིས་ལྷུང་བཟེད་གཞན་འཚོལ་བ་ལ་ན་སྨད་དེ་ཉེས་བྱས་སུ་འགྱུར་རོ། །ལྷུང་བཟེད་ཡོད་པ་ན་རང་གི་ཡོ་བྱད་དག་གིས་ལྷུང་བཟེད་གཞན་འཚོལ་བ་ན་ན་སྨད་དོ། །ལྷུང་བཟེད་མེད་ཀྱང་ལྷུང་བཟེད་ཀྱི་རིན་དེ་དག་རང་ལ་ཡོད་པ་ཉིད་ན་གཞན་ལ་ལྷུང་བཟེད་འཚོལ་ན་ཡང་ན་སྨད་དོ། །ལྷུང་བཟེད་བཟང་པོ་འདོད་པས་གཞན་བཙལ་ནས་དེ་དང་བརྗེ་ན་ཡང་ན་སྨད་དོ། །གསུམ་པ་ཕྱིར་བཅོས་པའི་ཐབས་ལ་གཉིས། སྤང་བའི་མཚན་ཉིད་དང༌། སྤང་བའི་ཆོ་གའོ། །དང་པོ་ནི། སྤང་བའི་ཡོ་བྱད་གཞན་རྣམས་གང་ཟག་ལ་སྤངས་པས་ཆོག་ཀྱང་ལྷུང་བཟེད་ལྷག་པ་འདི་ནི་དགེ་འདུན་ཁོ་ན་ལ་སྤང་བར་བྱའོ། །ལྷག་པོ་ཐམས་ཅད་དགེ་འདུན་ལ་སྤང་བར་བྱའམ་ཞེ་ན། ལྷུང་བཟེད་ལྷག་པ་དུ་མ་ཉིད་ཡིན་ན་དེ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་འདོད་པ་ཞིག་དགེ་འདུན་ལ་སྤང་བྱར་བྱའོ། །ལྷག་པ་གཞན་རྣམས་ཇི་ལྟར་བྱ་ཞེ་ན། ལྷག་པ་གཞན་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཕྱིར་མི་བླང་བར་སྤང་བར་བྱ་བ་ཉིད་ཡིན་ནོ། །སུ་ལ་སྤང་བར་བྱ་ཞེ་ན། དགེ་ཚུལ་ལ་སོགས་པ་
རབ་ཏུ་བྱུང་བ་འདི་པ་ལའོ། །ལྟུང་བ་འབྱིན་པ་པོའི་དགེ་སློང་དེ་ལ་ལྷུང་བཟེད་གང་སྦྱིན་ཞེ་ན། ལྟུང་བ་འབྱིན་པ་པོ་དེ་ལ་དགེ་སློང་ཐམས་ཅད་ཀྱི་ལྷུང་བཟེད་ཀྱི་ནང་ན་ལྷུང་བཟེད་ཐ་ཆད་པ་སྙིགས་ཏེ་སྦྱིན་པར་བྱ། ཐབས་གང་གིས་བསྙིག་པར་བྱ་ཞེ་ན། ལྷུང་བཟེད་ལྷག་པ་དེ་དགེ་འདུན་ལ་བྲིམས་པས་བསྙིག་པར་བྱ། གང་ཟག་ཇི་ལྟ་བུས་བྲིམ་པར་བྱ་ཞེ་ན། དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་པའི་དགེ་སློང་གིས་བྲིམ་པར་བྱ། གཉིས་པ་ལ་གསུམ་ལས་སྦྱོར་བའི་ཆོ་ག་ནི། བསྐོས་པ་དེས་ཇི་ལྟར་བྲིམ་ཞེ་ན། བསྐོས་པའི་དགེ་སློང་དེས་སང་ལྷུང་བཟེད་འགྲིམ་པ་དེ་བྱེད་པར་འགྱུར་བ་ན་དགོངས་ཁ་ཚུན་ཆད་དགེ་འདུན་ནམ་འཚོགས་པའི་དུས་སུ་དགེ་འདུན་ལ་བརྡ་འཇལ་བར་བྱའོ། །ཇི་ལྟར་འཇལ་བར་བྱ་ཞེ་ན། ཚེ་དང་ལྡན་པ་དག་བདག་སང་ལྷུང་བཟེད་འབྲེལ་པ་མེད་པར་འགྲིམ་པར་འགྱུར་གྱི་ཁྱེད་ཅག་རང་རང་གི་ལྷུང་བཟེད་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་སོ། །ལྷུང་བཟེད་འབྲེལ་བ་མེད་པ་ནི་དགེ་འདུན་ལས་ཐོབ་པའི་ལྷུང་བཟེད་ཐ་ཆད་ཀྱི་མིང་ཡིན་ཏེ། དགེ་སློང་གི་ལྷུང་བཟེད་ཀྱི་ཡུལ་ལ་འབྲེལ་བ་ནི་གཉིས་ཏེ། བྱིན་གྱིས་བརླབས་ནས་བདག་ཉིད་ཀྱིས་ལོངས་སྤྱོད་པ་དང༌། ཡོངས་སུ་སྤང་བ་དང་གཞན་ལ་སྦྱིན་པ་ལ་རང་དབང་བ་ཡིན་ལ། ལྷུང་བཟེད་དེ་ལྟ་བུ་ལ་བྱིན་གྱིས་བརླབ་པ་དང་རང་དབང་བའི་འབྲེལ་བ་མེད་པའི་ཕྱིར། དེས་ན་ལྷུང་བཟེད་དེ་ནི་བྲན་གནམ་ཁོལ་ཕྱུང་བ་དང་འདྲ་སྟེ། བྲན་རྗེ་བོས་ཁྱོད་ཁོ་བོས་བྲན་ལས་ཐར་བར་བྱའོ་ཞེས་གནམ་ཁོལ་དུ་ཕྱུང་བ་ཡིན་པས་བྲན་གྱི་ལས་སུ་ཡང་མི་བསྐོ །བྲན་ཡིན་པས་ཡོངས་སུ་བཏང་བར་ཡང་མི་ནུས། འོན་ཀྱང་བཟའ་བཏུང་སོགས་སྦྱིན་དགོས་པ་བཞིན་དུ་ལྷུང་བཟེད་འདི་ཡང་བྱིན་གྱིས་བརླབ་པར་བྱ་བ་ཡང་མིན་ཡོངས་སུ་སྤང་བར་བྱ་བ་ཡང་མིན་མོད། འོན་ཀྱང་ཁ་བསྒྱུར་བ་དང་སྲེག་
པ་ལ་སོགས་པ་ལ་ལྷུང་བཟེད་ཀྱི་ནན་ཏན་ཡང་བྱེད་དགོས་པའི་ཕྱིར་རོ། །དངོས་གཞིའི་ཆོ་ག་ནི། བསྐོས་པའི་དགེ་སློང་དེས་ལྷུང་བཟེད་འགྲིམ་པའི་ཉིན་མོ་དགེ་སློང་རྣམས་འཁོད་པའི་དོན་དུ་སྟན་འདིང་བ་ལ་སོགས་པའི་ནན་ཏན་བྱའོ། །དགེ་སློང་རྣམས་འཁོད་ནས་ལྷུང་བཟེད་འགྲིམ་པའི་ཚེ་ལྷུང་བཟེད་ཀྱི་བསྔགས་པ་ཡོན་ཏན་བརྩམ་ཞིང་རྒན་རིམ་བཞིན་དུ་དབུལ་བར་བྱའོ། །བསྔགས་པ་ཇི་ལྟ་བུ་བརྗོད་ཅེ་ན། དེས་དགེ་འདུན་ལ་ཕྱག་གསུམ་བྱས་ཏེ་གནས་བརྟན་ལྷུང་བཟེད་འདི་ནི་མདོག་ལ་ནག་ནོག་མེད་པའི་ཤིན་ཏུ་གསལ་བ་ཚད་དང་ལྡན་པས་དབྱིབས་ལེགས་པ་བུ་ག་དང་ཆག་གྲུམ་སོགས་མེད་པས་ལོངས་སྤྱད་པར་བཟོད་པ་ལགས་ཀྱི། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་བརྗོད། ལྷུང་བཟེད་ཐམས་ཅད་ལ་ཡོད་ཏན་དེ་སྐད་བརྗོད་དམ་ཞེ་ན། ཤིན་ཏུ་གསལ་བ་ལ་སོགས་པའི་ཡོན་ཏན་ཡོད་པ་ཇི་ལྟ་བ་བཞིན་དུ་བརྗོད་ཀྱི་མེད་པ་ནི་མིན་ནོ། །དགེ་སློང་རྣམས་ཀྱིས་ཀྱང་ལྷུང་བཟེད་དེ་འདོད་ན་བླང་བར་བྱའི་མི་འདོད་བཞིན་དུ་མི་བླང་ངོ༌། །གནས་བརྟན་ལ་སོགས་པ་རྒན་རྣམས་ཀྱིས་ཀྱང་རང་ལ་བསྟབས་པའི་ཚེ་མ་བླངས་པར་དགེ་སློང་གཅིག་གིས་བར་དུ་ཆོད་པའི་འོག་ན་དགེ་སློང་གསུམ་པས་ལྷུང་བཟེད་དེ་བླངས་པ་ན། ཁོ་བོ་འདོད་དོ་ཞེས་བླང་བར་མི་བྱའོ། །བར་དུ་མ་ཆོད་པས་བླངས་ཀྱང་བླང་དུ་རུང་ངོ༌། །བར་དུ་ཆོད་པས་བླངས་པ་ན་གོང་མ་སློང་བ་ཡོད་ན་ཚིག་དང་པོ་དང་གཉིས་པ་ལ་ནི་མི་སྦྱིན་ཞིང་འོག་མ་གསུམ་པ་ལ་མི་སྦྱིན་པར་བྱ་བ་མིན་ནོ། །མཇུག་གི་ཆོ་ག་ནི་བསྐོས་པ་དེས་ལྟུང་བ་འདི་བྱུང་བ་དེ་ལ་གཞན་ལ་སྟེར་བ་ལ་སོགསས་པས་སྤང་བར་མི་བྱ་བ་ཉིད་དང༌། རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་བྱའོ། །ལྷུང་བཟེད་འབྲེལ་མེད་ཉེ་
བར་སྤྱོད་པ་ལྟུང་བ་བྱུང་བ་ལ། བསྐོས་པས་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་བྱའོ། །ལྟུང་བ་བྱུང་བ་དེས་ལྷུང་བཟེད་བྱིན་གྱིས་བརླབས་པ་དང་ལྷུང་བཟེད་འབྲེལ་མེད་གཉིས་ཀས་ཀུན་ཏུ་སྤྱད་པར་བྱའོ། །ལྷུང་བཟེད་འབྲེལ་མེད་དེ་ལ་སྣོད་དང་ཁ་གཡོགས་ལ་སོགས་པ་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ། །བསོད་སྙོམས་ལ་ལོངས་སྤྱད་པ་ན་ཕྱེ་ལ་སོགས་པ་ཆེས་ཡང་བ་ལྷུང་བཟེད་འབྲེལ་མེད་དུ་བླུག་པར་བྱ། ཆེས་ལྕི་བ་ལྷུང་བཟེད་བྱིན་གྱིས་བརླབས་པར་བླུག་པར་བྱའོ། །ཟས་ཟ་བའི་བྱ་བ་ཉིད་ལ་ནི་ལྷུང་བཟེད་འབྲེལ་མེད་ཀྱི་ནང་ནས་བཟའ་བར་མི་བྱ་བ་ཁོ་ནའོ། །འབྲེལ་མེད་དེ་ལ་ཟས་ཀྱིས་སྤགས་པའི་བྱི་དོར་ཡང་བྱིན་གྱིས་བརླབས་པ་བས་དང་པོར་བྱའོ། །ལྷུང་བཟེད་འཚོལ་བའི་སྤང་བའོ།། །།བཞི་པ་གོས་གཞན་ལས་གྱུར་པ་ལ་ལྔ། ཁྱིམ་པའི་གཞི་ལས་གྱུར་པ་དང༌། རབ་བྱུང་དང་འབྲེལ་བ་དང༌། དུས་ཁྱད་པར་ཅན་དང༌། ཡུལ་ཁྱད་པར་ཅན་གྱི་གཞི་ལས་གྱུར་པའོ། །དང་པོ་ལ་གཉིས་ལས། འཐག་ཏུ་འཇུག་པའི་སྤྱི་དོན་ལ་གླེང་གཞི་གསུམ་འདྲ། ཉེས་པ་འཐག་ཏུ་འཇུག་པའོ། །རྒྱུ་མཚན་འདོད་ཞེན་ཆེ་བ་སོགས། ཡན་ལག་ལ་བཞི་ལས་གཞི་ལ། ཡུལ་ཐ་ག་པ། ཁྱིམ་པ་ཆོས་དྲུག་ལྡན། དངོས་པོ་གོས་ཀྱི་རྒྱུ་རུང་བ་ཚད་ལྡན་རང་དབང་བའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པས་འཐག་ཏུ་འཇུག་འདོད་པ། སྦྱོར་བ་རང་ངམ་གཞན་གྱི་ངག་བཞི་ལྔན། མཐར་ཐུག་གོས་གྲུབ་པའོ། །གཞུང་དོན་ནི། གང་བྱས་ན་འཐག་ཏུ་འཇུག་པའི་སྤང་བར་འགྱུར་ཞེ་ན། དགེ་སློང་གིས་ཐ་ག་པ་ཁྱིེམ་པ་ཉེ་དུ་མིན་པ་ལ་རིན་མེད་པར་རང་གི་ངག་གིས་བསྒོ་བས་སམ། ཕོ་ཉ་སོགས་གཞན་གྱིས་ཀྱང་གོས་འཐག་ཏུ་བཅུག་ན་སྤང་བར་འགྱུར་རོ། །ཐ་ག་པ་ཁྱིམ་པ་དང་ཉེ་དུ་མིན་
པ་ལས་གཞན་རབ་ཏུ་བྱུང་བ་དང་ཉེ་དུ་དང་བཅས་པའི་ཐ་ག་པ་ལ་འཐག་ཏུ་འཇུག་པ་ལ་ནི་ཉེ་དུ་མིན་པ་དེས་མ་བྱས་པ་ཉིད་མིན་ནོ། །དེ་བཞིན་དུ་རང་བཞིན་དང་རབ་ཏུ་བྱུང་མ་བྱུང་དང༌། གླ་ཡོད་མེད་ལ་ཡང་ཤེས་པར་བྱའོ། །འཐག་ཏུ་འཇུག་པའི་སྤང་བའོ།། །།གཉིས་པ་འཐག་པ་བསྐྱེད་པའི་སྤྱི་དོན་ལ། གླེང་གཞི་གསུམ་འདྲ། ཉེས་པ་འཐག་པ་བསྐྱེད་པ། རྒྱུ་མཚན་སྦྱིན་བདག་དང་ཐ་ག་པ་ལ་གནོད་པའོ། །ཡན་ལག་ལ་བཞི་ལས། གཞི་ཡུལ་སྦྱིན་བདག་དང་ཐ་ག་པ་ཁྱིམ་པ་ཐ་སྙད་ལྔ་ལྡན། དངོས་པོ་གོས་ཀྱི་རྒྱུའི་དོག་པ་རུང་བ་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། བཟོ་རྩོམ་མ་བྱས་པའོ། །རྟེན་སྦྱིན་བདག་དང་ཐ་ག་པས་མ་གནང་བའོ། །ཀུན་སློང་འཐག་པ་བསྐྱེད་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོག་པ་ཟད་པའམ་རྔན་པ་མ་བྱིན་པ་གང་རུང་གི་རྒྱུས་གོས་ཐོབ་པའོ། །གཞུང་དོན་ནི། འཐག་པ་བསྐྱེད་པའི་སྤང་བ་འདིའི་བྱེད་པ་པོ་གང་ཞེ་ན། ལྟུང་བ་འབྱིན་པ་པོའི་དགེ་སློང་དེའི་ཕྱིར་བཏག་པར་བྱ་བའི་གོས་འདི་དེ་ལ་སྦྱིན་ནོ་སྙམ་པའི་བསམ་པ་ལས་བྱུང་བ་ཉིད་དོ། །དོན་ནི། ལྟུང་བ་འབྱིན་པ་པོ་ལ་སྦྱིན་བདག་གིས་བསྔོས་པའི་གོས་ཐ་ག་པ་ལ་འཐག་ཏུ་བཅུག་པ་བསྐྱེད་ན་ལྟུང་བར་འགྱུར་རོ། །ཇི་ལྟར་བསྐྱེད་ན་ཞེ་ན། ཞེང་ཆེ་བ་དང་ཁྲུན་རིང་བའི་ཁོ་ལག་ཆེ་བ་ཉིད་དམ། ཐར་གྱིས་ཞག་པ་དང་ཐགས་སྲན་བཟང་བ་ལ་སོགས་པའི་འབྲས་བཟང་བ་སོགས་ལ་ཐ་ག་པ་ངེས་པར་སྦྱར་ནའོ། །གང་གི་ཚེ་འགྱུར་ཞེ་ན། གལ་ཏེ་འཐག་པ་བསྐྱེད་པས་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པར་གྱུར་ནའོ། །དེར་མ་ཟད་ཐ་ག་པ་ལ་འཐག་པ་བསྐྱེད་པའི་རྔན་པ་སྦྱིན་པར་ཁས་བླངས་སམ། མ་བླངས་ཀྱང་རུང་རྔན་པ་མ་བྱིན་ན་ཡང་དངོས་གཞིར་འགྱུར་རོ། །ཡང་ཞེས་པས་སྔ་མ་དང་འདི་
གཉིས་ཀ་སོ་སོར་ལྟུང་བའི་བྱེད་པ་པོར་བསྟན། རྔན་པ་ཁས་བླངས་ནས་མ་བྱིན་ན་བརྐུ་བའི་ཉེས་པར་ཡང་འགྱུར་རོ། །སྦྱིན་པར་བྱེད་པ་སྦྱིན་བདག་གིས་འཕགས་པ་ཐ་ག་པའི་གན་དུ་བཞུད་ལ་ཁྱོད་ཅི་དགའ་བའི་གོས་བྱེད་དུ་ཆུག་ཅིག་ཅེས་ཁོ་ལག་ཆེ་བ་ལ་སོགས་པ་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །ནམ་གྱི་ཚེ་བྱེད་པ་པོ་ཡིན་ཞེ་ན། གོས་ལག་ཏུ་གྲུབ་པ་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གོས་གྲུབ་པའི་མདུན་རོལ་ཏུ་དགེ་སློང་དེའི་ཕྱིར་བསམ་པ་ལས་བྱུང་བ་གོས་དེ་བསྒྲུབ་པའི་དོན་དུ་བསོད་སྙོམས་ལ་འགྲོ་བ་དང༌། བཅའ་བ་སོགས་ཐ་ག་པ་ལ་སྦྱིན་པར་བྱེད་པ་སོགས་རྗེས་སུ་བསྒྲུབ་པ་ཐ་དད་པ་ནི་ཉེས་བྱས་ཀྱི་བྱེད་པ་པོའོ། །སྦྱིན་བདག་གིས་གོས་འཐག་པ་གཟིགས་ཤིག་ཅེས་མ་བསྒོ་བར། སྦྱིན་བདག་གམ་ཐ་ག་པའི་དྲུང་དུ། ཆེས་མཛེས་པ་བསྒྲུབ་པའི་བསམ་པས་ཉེ་བར་འགྲོ་བ་ནི་ཅུང་ཟད་མི་སྨྲ་ཡང་ཉེས་བྱས་དེ་ཉིད་དོ། །འཐག་པ་བསྐྱེད་པའི་སྤང་བའོ།། །།རབ་ཏུ་བྱུང་བའི་གཞི་ལས་གྱུར་པ་ལ། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ། དགའ་བོས་མི་བཟོད་པས་གོས་བྱིན་པ་ཕྲོགས་པའོ། །རྒྱུ་མཚན་གཞན་ལ་གནོད་པ་དང་མ་དད་པ་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་རྫོགས་པའི་སྡོམ་ལྡན། ལྟ་མཚན་མཐུན་པ། ཐ་སྙད་གསུམ་ལྡན། རྒྱུད་ཐ་དད་པ། ལུས་ཐ་མལ་བར་གནས་པ་སྟེ་དྲུག་ལྡན་ནོ། །དངོས་པོ་དགེ་སྦྱོང་གི་ཡོ་བྱད་རུང་ཚད་ལྡན་ཡུལ་དེ་དབང་བའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པ་དང་ཕན་སེམས་མིན་པར་གཏན་དུ་དབྲལ་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་གང་ཡང་རུང་བས་འཕྲོག་པར་རྩོམ་པའོ། །མཐར་ཐུག་ཡུལ་གྱི་ལུས་ལས་བྲལ་བའམ་ཐོབ་པའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ནི། འཕྲོག་
པའི་སྤང་བ་འདིའི་བྱེད་པ་པོ་གང་ཡིན་ཞེ་ན། གོས་དབྲལ་བར་བྱ་བ་དགེ་སློང་ཉིད་ཡིན་ནོ། །དངོས་པོ་གང་ཞེ་ན། དབྲོག་པར་བྱ་བའི་གོས་རང་གི་ཉིད་མིན་ནའོ། །གཞན་གྱིས་བྱིན་པ་ཕྲོགས་ན་ཆེས་ཉེས་པར་འགྱུར་རོ། །རྐུ་སེམས་ཀྱིས་ཕྲོགས་ན་ནི་མ་བྱིན་ལེན་དུ་གཏོགས་པའི་ཉེས་པར་འགྱུར་རོ། །དབྲོག་པར་བྱ་བ་དེ་གོས་ཉིད་ཡིན་ན་ལྟུང་བྱེད་དུ་འགྱུར་རོ། །ཊཱིཀྐར། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ་དགེ་སྦྱོང་གི་ཡོ་བྱད་གཞན་ཡང་ཕྲོགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་སོ། །སྦྱོར་བ་གང་བྱེད་པ་པོ་ཡིན་ཞེ་ན། ལྟུང་བ་འབྱིན་པ་པོ་དེའི་འམ། དེས་མངོན་སུམ་དུ་བསྐོས་པ་གཞན་གྱི་ལུས་ཀྱིས་འཕྲོག་པ་དང་ངག་གིས་ཚུར་ཐོང་ཞེས་ཅིག་ཅར་བརྗོད་པ་ལྟ་བུ་ལུས་དང་ངག་བསྡུས་པའམ། ལུས་ངག་གི་བྱ་བ་སྔ་ཕྱི་ཐ་དད་པ་དག་གིས་གོས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་ལྟུང་བའི་བྱེད་པ་པོ་དག་ཡིན་ནོ། །གནས་སྐབས་གང་ལ་ཡན་ལག་དེ་དག་ཁ་ན་མ་ཐོ་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། གོས་དེ་དབྲལ་བར་བྱ་བའི་དགེ་སློང་གི་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན། མཐའ་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །ཡན་ལག་དེ་དག་སྐྱོར་བ་ལ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གོས་ཕྲོགས་པ་དེ་ནི་བདག་པོ་དེ་ཉིད་ལ་ཕྱིར་སྦྱིན་པར་བྱའོ། །ཇི་སྲིད་མ་བྱིན་པ་དེ་སྲིད་དུ་ལྟུང་བ་བཤགས་སུ་མི་རུང་ངོ༌། །གོས་འཕྲོག་པ་འདི་ལ། དགེ་སློང་རང་གི་དོན་ཉིད་ནི་དངོས་གཞིའི་ལྟུང་བ་བསྐྱེད་པའི་ཡན་ལག་མིན་ཏེ། གཞན་དོན་དུ་ཚིག་གིས་འཕྲོག་ན་ཡང་དངོས་གཞིར་འགྱུར་རོ། །བསྙེན་པར་མ་རྫོགས་པའི་གོས་འཕྲོག་པ་ལ་ནི་གཙུག་ལག་ཁང་ནས་དགེ་ཚུལ་དང་དགེ་སློབ་མ་སོགས་བསྙེན་པར་མ་རྫོགས་པ་སྐྲོད་པ་དང་འདྲ་བར་ཉེས་བྱས་སོ། །འཕྲོག་པ་གསུམ་སྟེ། རང་གི་ཉིད་སེལ་བ་དང་བློ་གྲོས་ངན་
པས་བྱས་པ་དང༌། རིགས་པའི་དོན་གྱིས་བྱས་པའོ། །རང་གི་ཉིད་སེལ་བར་གྱུར་བའི་འཕྲོག་པ་ནི་མི་དབང་བར་བྱེད་པའི་འཕྲོག་པ་སྟེ་དེ་འཕྲོག་པའི་སྤང་བའི་བསླབ་པའི་གཞི་འདིར་བསྡུས་པ་ཉིད་ཡིན་ནོ། །ཅུང་ཟད་ཅིག་གདུང་བར་བྱས་ནས་སྦྱིན་ནོ་སྙམ་པ་ལྟ་བུ་བློ་གྲོས་ངན་པས་བྱས་པའི་འཕྲོག་པ་ནི་དངོས་གཞི་དང་རྗེས་སུ་འཕྲད་པ་སྟེ་མཐུན་པ་ཉིད་ཡིན་པས་ཉེས་བྱས་སོ། །གཉིས་པ་ལྟུང་མེད་ནི། ཚེ་འདིར་ལུས་དང་སྲོག་ལ་གནོད་པ་དང་ཕྱི་མ་ལ་མི་ཕན་པ་སྡིག་པ་བྱེད་པ་ལ་འཇུག་བའི་གེགས་བྱ་བའི་ཕྱིར་འཕྲོག་པ་ནི་རིགས་པས་འཕྲོག་པ་ཡིན་པས་ལྟུང་བ་མེད་དོ། །འཕྲོག་པའི་སྤང་བའོ།། །།གསུམ་པ་འབྲལ་བའི་གཞི་ལས་གྱུར་པ་ལ་སོ་ཐར་དང་རྣམ་འབྱེད་ལས། འཕྲོག་པའི་སྤང་བའི་འོག་ཏུ་བརྟད་པ་ལས་བྱུང་བའི་སྤང་བ་འབྱུང་མོད། འདིར་ཞུ་བའི་གཞུང་ཁས་བླངས་ཏེ་འཕྲོག་པའི་སྤང་བའི་འོག་ཏུ་ཞག་བདུན་ན་འབྲལ་བའི་སྤང་བ་བསྟན་པར་བྱ་སྟེ། འོག་མ་གཉིས་དབྱར་གྱི་རྒྱུ་ལས་བྱུང་བ་འདྲ་བ་དང་བཅས་པ་འདྲ་བ་ལ་བརྟེན་པའོ། །འདི་ལ་བཞི་ལས། དང་པོ་འབྲལ་དུ་གནང་བའི་མཚམས་བསྟན་པ་ནི། དགེ་སློང་དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ལ་ནི་ཆོམ་རྐུན་སོགས་ཀྱི་འཇིགས་པ་དང་བཅས་པ་ཉིད་ཡིན་ན། རང་གི་སྤྱོད་ཡུལ་དུ་གྱུར་བའི་གྲོང་ཡང་རང་གི་གནས་སུ་བཞག་པའི་ཆོས་གོས་དང་མི་འབྲལ་བ་དང་འདྲ་བར་དེ་བཞག་པ་ལས་ཀྱང་འབྲལ་བར་མི་འགྱུར་རོ། །དགོན་པ་པ་དེས་ཆོས་དང་ལྡན་པའི་དོན་གྱི་དབང་གིས་རང་གི་སྤྱོད་ཡུལ་དུ་གྱུར་བའི་གྲོང་གཞན་ན་འདུག་པའི་ཆོས་གོས་དེ་ལས་ཞག་དྲུག་ཚུན་ཆད་དུ་ཕྱི་རོལ་དུ་འབྲལ་བར་བྱའོ། །གཉིས་པ་མཚམས་དང་བྲལ་བའི་ཉེས་པ་བསྟན་པ་ནི། ཞག་དྲུག་ལས་ལྷག་པ་བདུན་ཕན་ཆད་ལ་ནི་བག་ཡངས་མེད་དེ། བདུན་པའི་སྐྱ་རེངས་ཤར་བ་ན་སྤང་བར་འགྱུར་
བའི་ཕྱིར་རོ། །གསུམ་པ་ལྟུང་མེད་ནི། དགོན་པ་བ་མཚམས་གཞན་དུ་སོང་བ་རྐུན་པོ་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ཞག་དྲུག་ལས་ལྷག་པར་ཕྱིར་མ་འོངས་ཤིང༌། ཞག་བདུན་ལ་སོགས་པར་ཐལ་བ་ལ་ནི་ཉེས་པ་མེད་དོ། །བཞི་པ་ལོག་རྟོག་དགག་པ་ནི། ཁ་ཅིག །དགེ་སློང་གིས་བདག་ཞག་དྲུག་ཕྱི་རོལ་ཏུ་འདའ་བར་བྱའོ། །སྙམ་སྟེ་སོང་བ་ལས་བར་ཆད་ཀྱི་དབང་གིས་ཞག་དྲུག་ལས་འདས་པ་ལ་ཉེས་པ་མེད་པ་ཡིན་གྱི། དེ་ལྟར་མ་བརྣགས་པར་ཉིན་མཚན་གཅིག་ཙམ་འགྲོ་སྙམ་དུ་བརྣགས་ཏེ་སོང་བ་ལས་ཞག་དྲུག་འདས་ན་ལྟུང་བར་འགྱུར་རོ་སྙམ་ན་བསླབ་པའི་གཞི་འདིར་ཞག་དྲུག་ཏུ་མཚམས་ཀྱི་ཕྱིར་འགྲོ་བ་བར་ཆད་ཀྱི་དབང་གིས་དེ་ལས་ཧ་ཅང་ཐལ་ཏེ་འདས་པ་ལ་ཉེས་པ་མེད་པ་ལ་ནི་ཞག་དྲུག་འགྲོ་བར་བྱའོ་སྙམ་པའི་བརྣག་པ་ཡན་ལག་ཏུ་དགོས་པ་མིན་ཏེ། དེ་ལྟར་བརྣག་པ་མེད་པར་ཉིན་མཚན་གཅིག་ཏུ་བརྣགས་ཏེ་སོང་བ་ལས་བར་ཆད་ཀྱི་དབང་གིས་འདས་ན་ཡང་ཉེས་པ་མེད་པའི་ཕྱིར། ཞག་བདུན་ན་འབྲལ་བའི་སྤང་བའོ།། །།བཞི་པ་དུས་ཀྱི་གཞི་ལས་གྱུར་པ་ལ་གཉིས། དབྱར་གྱི་རས་ཆེན་ལས་གྱུར་བ་དང༌། རྙེད་པ་ལས་གྱུར་བའོ། །དང་པོ་ལ་གསུམ་ལས། བཙལ་བ་དང་བཅང་བའི་དུས་བསྟན་པ་ནི། དགེ་སློང་གིས་དབྱར་གྱི་རས་ཆེན་དུས་ཇི་ཙམ་ནས་བཙལ་བར་བྱ་ཞེ་ན། དགེ་སློང་བདག་ཉིད་དབྱར་སྔ་མའམ་ཕྱི་མ་གནས་པར་ཁས་བླངས་པའི་ཉིན་མོ་དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དང༌། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གི་ཟླ་བ་སྔ་མའི་དང་པོ་དབྱར་ཟླ་ར་བའི་ཚེས་བཅུ་དྲུག་གམ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ཚུན་ཆད་ནས་བཟུང་སྟེ་ཟླ་བ་གཅིག་བར་ལ་དབྱར་གྱི་རས་ཆེན་བཙལ་བར་བྱའོ། །
དུས་ཇི་ཙམ་དུ་བཅང་ཞེ་ན། དགེ་སློང་བདག་ཉིད་ཀྱིས་ཁས་བླངས་པའི་དབྱར་སྔ་མའམ་ཕྱི་མ་དག་གི་འོག་གི་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱ་སྟེ། གལ་ཏེ་དབྱར་སྔ་མ་ཁས་བླངས་ན་དབྱར་ཟླ་ར་བ་ཉ་ནས་སྟོན་ཟླ་ཐ་ཆུང་ཚེས་ཀྱི་བར་ཟླ་བ་ཕྱེད་དང་ལྔའོ། །དབྱར་ཕྱི་མ་ཁས་བླངས་ན་དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནས་དགུན་ཟླ་ར་བའི་ཚེས་ཀྱི་བར་ཟླ་བ་ཕྱེད་དང་ལྔ་ནི་རས་ཆེན་བཅང་བའི་དུས་སོ། །དེས་ན་སྟོན་ཟླ་ཐ་ཆུང་ཚེས་གཅིག་གམ་དགུན་ཟླ་ར་བའི་ཚེས་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་རྣམ་གཞག་ལ་གཉིས་ལས། ཡན་ལག་ཐུན་མོང་བ་ནི། གང་ལ་དབྱར་གྱི་རས་ཆེན་གྱི་སྤང་བར་འགྱུར་ཞེ་ན། བཙལ་བའི་དུས་བསྟན་པ་ལས་སྔོན་དང༌། འཆང་བའི་དུས་བསྟན་པ་ལས་ཕྱི་མ་གཉིས་ལས་དེ་གཉིས་མིན་པའི་དུས་བཙལ་བའི་དུས་ཀྱི་སྔོན་རོལ་ཀྱི་དུས་དང༌། འཆང་བའི་དུས་ཀྱི་ཕྱི་མའི་དུས་གཉིས་ནི་སྐབས་འདིའི་དངོས་གཞི་དང་སྦྱོར་བའི་ལྟུང་བའི་བྱེད་པ་པོ་ཉིད་དོ། །གཉིས་པ་སོ་སོའི་ཡན་ལག་ནི། འཆང་བའི་དུས་སྔར་བསྟན་པ་དབྱར་སྔ་མ་ཁས་བླངས་པས་སྟོན་ཟླ་འབྲིང་པོ་གནམ་སྟོང་དང༌། ཕྱི་མ་ཁས་བླངས་པས་སྟོན་ཟླ་ཐ་ཆུང་གནམ་སྟོང་གི་དུས་ལས་གཞན་དུ་རས་ཆེན་འཆང་བ་ལ་ཞག་ཕྱི་མའི་སྐྱ་རེངས་དང་པོ་ཤར་བ་ན་སྤང་ལྟུང་དུ་འགྱུར་རོ། །སྔ་མ་ཁས་བླངས་པ་ལ་དབྱར་ཟླ་ར་བའི་ཚེས་བཅུ་དྲུག་དང༌། ཕྱི་མ་ཁས་བླངས་པ་ལ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལས་སྔར་རས་ཆེན་བཙལ་བ་ལ་ནི་སྦྱོར་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །བཙལ་བའི་དུས་བསྟན་པ་བས་སྔར་རས་ཆེན་གྲུབ་ན་མཐའ་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གཉིས་པ་སེལ་བ་ནི། རས་ཆེན་དུས་ཚིགས་སུ་བཅད་པའི་རྙང་རྙིང་ལ་ནི་བཙལ་བའམ། འཆང་ན་ན་སྨད་པར་འགྱུར་རོ། །གལ་ཏེ་སྲ་བརྐྱང་འདིང་བ་ལ་སོགས་པ་
དབྱར་ཁས་བླངས་པ་དང་འབྲེལ་བའི་བྱ་བ་དུ་མ་སྣང་ན། དབྱར་ཁས་བླངས་པ་དེའི་རྗེས་སུ་འགྲོ་བའི་བྱ་བ་བརྟད་པ་ལས་བྱུང་བའི་གོས་བླང་བ་དང་རས་ཆེན་བཙལ་བ་དགག་དབྱེ་སོགས་ནི་དབྱར་སྔ་ཕྱི་ཁས་བླངས་པ་ཇི་ལྟ་བ་བཞིན་བྱའི། སྔ་མར་ཁས་བླངས་པས་ཕྱི་མ་ལ་བརྟེན་པ་ལྟ་བུ་མི་བྱའོ། །སྲ་བརྐྱང་གདིང་བ་ནི་དབྱར་གནས་པར་ཁས་བླངས་པ་སྔ་མ་དང་འབྲེལ་བ་ཁོ་ནའོ། །དབྱར་གྱི་རས་ཆེན་གྱི་སྤང་བའོ།། །།གཉིས་པ་དབྱར་རྙེད་ཀྱི་གཞི་ལས་གྱུར་པ་ལ་གསུམ་ལས། ཐུན་མོང་གི་ཡན་ལག་ནི། བརྟད་པ་ལས་བྱུང་བའི་སྤང་བ་འདིའི་བྱེད་པ་པོ་གང་ཞེ་ན། དབྱར་གནས་པའི་རྙེད་པ་ནི་བྱེད་པ་པོ་ཉིད་ཡིན་གྱི། འཕྲལ་གྱི་མཆོད་སྟོན་ལ་སོགས་པའི་ཕྱིར་རྙེད་པ་ནི་མིན་ནོ། །གཉིས་པ་སོ་སོའི་ཡན་ལག་ལ་གསུམ་ལས། བདག་གིར་བྱེད་པའི་སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་དྲུག་སྡེས། རྙེད་པ་ལ་གདུ་བས་དབྱར་རྙེད་བདག་གིར་བྱེད་པའོ། །རྒྱུ་མཚན་དབྱར་འགྱེས་པ་དང༌། སྦྱིན་བདག་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པའོ། །དངོས་པོ་ཟས་ལས་གཞན་པའི་དབྱར་རྙེད་རུང་ཚད་ལྡན་སོགས་བདག་ཉིད་དབྱར་ཁས་བླངས་པ་དང་སྐལ་བ་ལེན་འདོད་པའོ། །དུས་དབྱར་གྱི་ནང་ཡིན་པ། བརྟད་པའི་མཐའི་ཞག་བཅུ་མིན་པའོ། །ཀུན་སློང་བདག་གིར་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རྙེད་པ་ཐོབ་པའོ། །གཞུང་དོན་ནི། ཅི་ཞིག་བྱས་ན་དེ་བྱེད་པ་པོ་ཡིན་ཞེ་ན་དབྱར་ཟླ་བ་གསུམ་གྱི་ནང་ལོགས་སུ་དབྱར་ཀྱི་རྙེད་པ་བདག་གིར་བྱེད་ན་སྤང་བར་འགྱུར་རོ། །དམིགས་བསལ་ནི། དབྱར་གྱི་ནང་དུ་མ་བགོས་ན་དགེ་སློང་རྣམས་ཀྱི་རྙེད་པའི་བར་ཆད་དམ། ཡོན་བདག་གི་བསོད་ནམས་ཀྱི་བར་ཆད་དུ་འགྱུར་བ་ལྟ་བུ་བརྟད་པ་གློ་བུར་བའི་དགོས་པའི་
དོན་གྱི་དབང་གིས་དབྱར་གྱི་མཐའི་ཞག་བཅུ་ལ་རྙེད་པ་ནི་མ་གཏོགས་སོ། །དབྱར་རྙེད་དེ་བདག་གིར་བྱེད་པ་འབའ་ཞིག་ཏུ་མ་ཟད་བརྟད་པ་ལས་བྱུང་བའི་རྙེད་པ་དེ་དབྱར་གྱི་ནང་དུ་བགོས་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དབྱར་རྙེད་དེ་མ་བགོས་ན་ཡང་བྱེད་པ་པོ་ཡིན་ནོ། །དམིགས་བསལ་ནི་སྦྱིན་བདག་གི་ཚིག་གིས་ཁྱོད་ཀྱིས་མ་བགོ་ཞིག་བདག་ཅག་ཡོང་ནས་རང་གི་ལག་གིས་འབུལ་ལོ་ཞེས་ཟེར་ནས་དབང་མེད་ན་མ་བགོས་ཀྱང་ཉེས་པ་མེད་དོ། །དུས་ནམ་གྱི་ཚེ་མ་བགོས་ན་ཉེས་པ་མེད་ཅེ་ན། དགག་དབྱེའི་ཉིན་མོ་སྟོན་ཟླ་འབྲིང་པོ་ཉའམ་སྟོན་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིན་པར་གོས་སྦྱིན་པའི་དུས་ཡིན་པས་དེའི་ཚེ་མ་བགོས་ན་སྤང་ལྟུང་དུ་འགྱུར། སུ་ལ་འགྱུར་ཞེ་ན། གོས་དེ་སྦེད་པ་མ་བསྐོས་པའི་དགེ་སློང་རྣམས་ལའོ། །གོས་བརྟད་པ་ལས་བྱུང་བ་དང༌། དུས་སུ་བྱུང་བ་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་སྤེད་པའི་དགེ་སློང་དེ་མི་བསྐོ་བར་མི་བྱའོ། །བརྟད་པ་ལས་བྱུང་བའི་སྤང་བའོ།། །།ལྔ་པ་ཡུལ་ཁྱད་པར་ཅན་གྱི་གཞི་ལས་གྱུར་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ་ཉེར་དགས་བརྣབ་སེམས་ཀྱིས་གཞན་ལ་བསྔོས་པའི་གོས་བདག་ལ་བསྒྱུར་བའོ། །རྒྱུ་མཚན་གཞན་ལ་གནོད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། སྦྱིན་བདག་ཐ་སྙད་ལྔ་ལྔན། རང་དང་བསྔོ་ས་ལས་རྫས་ཐ་དད་པ། དངོས་པོ་ཟས་ལས་གཞན་པའི་རྙེད་པ་རུང་ཚད་ལྡན། དགེ་སློང་ཆོས་ལྡན་ལ་བསྔོས་པའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པས་བསྒྱུར་བར་འདོད་པ། སྦྱོར་བ་རང་ལ་བསྒྱུར་བར་རྩོ་མ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །གཞུང་དོན་ལ་གཉིས་ལས། རྣམ་གཞག་ནི། གང་བྱས་ན་བསྔོས་བསྒྱུར་གྱི་སྤང་བར་འགྱུར་ཞེ་ན། ཡོན་བདག་གཞན་གྱིས་ལྟུང་བ་འབྱིན་པ་པོ་ལས་གང་ཟག་གཞན་ནམ། དགེ་འདུན་སྤྱི་ལ་བསྔོས་
བའི་གོས་ཀྱི་རྙེད་པ་དེ་དང་དེ་ལ་བསྔོས་པར་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་གོས་ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །ཐོབ་ན་དངོས་གཞིར་འགྱུར་ན་བསྒྱུར་བ་ལ་ཅིར་འགྱུར་ཞེ་ན། གོས་ཀྱི་རྙེད་པ་བསྒྱུར་བ་ལ་ནི་སྦྱོར་བའི་ཉེས་བྱས་སོ། །བསྔོས་བསྒྱུར་གྱི་སྐབས་འདིར་གང་ཟག་གཞན་ལ་བསྔོས་པ་རང་ལས་གཞན་ལ་བསྒྱུར་བ་ལ་ཡང་ཉེས་བྱས་སོ། །གཞན་ལ་བསྒྱུར་བ་དེའི་འབྲས་བུ་ཐོབ་པ་ལ་ཡང་ཉེས་བྱས་སོ། །གོས་ལས་གཞན་ཟས་ཀྱི་རྙེད་པ་གཞན་ལ་བསྒྱུར་བ་ལ་ཡང་སྦྱོར་བ་དང་དངོས་གཞི་གཉིས་ཀ་ལ་ཉེས་བྱས་སོ། །དཔེར་ན་སྤྲང་པོ་གཅིག་ལ་བསྔོས་པའི་ཟས་དེ་སྤྲང་པོ་གཞན་ལ་བསྒྱུར་ན་ཉེས་བྱས་སུ་འགྱུར་པ་ལྟ་བུའོ། །གང་ལ་རྙེད་པ་དབྲལ་བར་བྱ་བ་དང༌། གང་ལ་རྙེད་པ་དེ་སྦྱར་བར་བྱ་བ་གཉིས་ཀ་སེམས་ཅན་དུ་བགྲང་བ་མིན་པ་ལ་ཡང་སྒྱུར་བར་བྱེད་པ་ཉེས་བྱས་སོ། །དབྲལ་བ་དང་སྦྱར་བར་བྱ་བ་གཉིས་ཀ་ཕྱོགས་གཅིག་པ་ལ་ཡང་ཉེས་བྱས་ཏེ། དཔེར་ན། ཡོན་བདག་གིས་ཐེམ་སྐས་ཀྱི་རིམ་པ་གཅིག་ལ་བསྔོས་པ་རིམ་པ་གཞན་ལ་བསྒྱུར་ན་ཉེས་བྱས་ལྟ་བུའོ། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་གང་ལ་བསྔོས་པ་དེ་བཙལ་ཏེ་མ་རྙེད་པར་གཞན་ལ་བསྒྱུར་བ་ལ་ནི་ལྟུང་བ་མེད་དོ། །མཆོད་པའི་ཕྱིར་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྒྱན་ལ་སོགས་པ་སྐུ་གཟུགས་གཞན་ལ་རེ་ཞིག་གཡར་པོར་སྦྱིན་དུ་རུང་ངོ༌། །ཆེ་གེ་མོ་ལ་སྦྱིན་ནོ་ཞེས་བསྔོས་པ་དེའི་འོག་ཏུ་མ་བྱིན་ན་ཉེས་བྱས་སོ། །ཤི་བའི་ཡོ་བྱད་ལ་སོགས་པ་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་དགེ་འདུན་དབང་བའི་ཡོ་བྱད་དགེ་སློང་གིས་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །རྙེད་པ་དེ་དབང་བའི་དགེ་སློང་ཐམས་ཅད་མ་ཚོགས་པ་དག་གིས་འགོད་ན་ཡང་ཉེས་བྱས་སོ། །ཤི་བའི་ཡོ་བྱད་སོགས་བྱིན་གྱིས་མ་
བརླབས་པར་འགོད་ན་ཡང་ཉེས་བྱས་སོ། །དབྱར་རྙེད་སོགས་དགེ་འདུན་ཀུན་དབང་བའི་རྙེད་པ་དགེ་འདུན་ལས་གཅིག་གམ་གཉིས་སམ་གསུམ་གྱིས་ལེན་ན་ཉེས་བྱས་སོ། །རྙེད་པ་དེ་ལེན་པ་པོ་དེ་དག་ཀྱང་དབང་ན་ཅིའི་ཕྱིར་ཉེས་བྱས་སུ་འགྱུར་ཞེ་ན། འགྱུར་ཏེ། ཀུན་དབང་བའི་རྙེད་པ་གཅིག་ལ་སོགས་པས་བླངས་པ་དེ་ལ། དགེ་སློང་གཞན་དག་གི་དབང་བའི་ཤས་ཉིད་ཀྱང་མ་བྲལ་བས་སོ། །རྐུ་སེམས་མེད་པ་ལ་ཉེས་བྱས་སུ་བཞག་གི །རྐུ་སེམས་ཀྱིས་སྒྱུར་བར་བྱེད་ན་བརྐུས་པ་ཉིད་ཡིན་པས་གཞི་ཇི་ལྟ་བའི་ལྟུང་བར་འགྱུར་རོ། །གཉིས་པ་བསླབ་བྱ་ནི་ཕ་རོལ་ཀྱི་དམག་ཚོགས་དང་ཆོམ་རྐུན་པ་ལ་སོགས་པའི་གནོད་པ་མེད་པར་གྱ་ཚོམ་དུ་གཙུག་ལག་ཁང་སྟོང་བར་དོར་བར་མི་བྱའོ། །གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་དང་བཅས་པའི་དགེ་སློང་དེ་གཙུག་ལག་ཁང་དེར་བསྲུང་མར་གཞག་གོ །སྲུང་མ་དེས་དེར་དགེ་འདུན་ནམ་ཡོན་བདག་མ་འོངས་ན་ཇི་ལྟར་བྱ་ཞེ་ན། གཙུག་ལག་ཁང་དེར་དགེ་འདུན་མ་ལྷགས་ན་བསྲུང་མ་དེས་གཙུག་ལག་ཁང་དེར་ལོ་བཅུ་འདའ་བར་བྱའོ། །ཇི་ལྟར་འདའ་བར་བྱ་ན། དགེ་སློང་དེས་ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །གཙུག་ལག་ཁང་དེར་ལོ་ལྔ་འདས་པའི་དུས་སུ་སྦྱིན་བདག་མ་བྱུང་ན་ལོ་གཞན་ལྔ་ལ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་འཚོ་བ་ལྷན་ཅིག་ཏུ་བྱ་བས་འདའ་བར་བྱའོ། །གཙུག་ལག་ཁང་དེ་དང་ཉེ་འཁོར་གྱི་གཙུག་ལག་ཁང་གཉིས་པོ་གསོ་སྦྱོང་ཐ་དད་པ་དང༌། རྙེད་པ་ཐུན་མོང་བའི་ལས་བྱའོ། །སྲུང་མ་དེ་ཡུལ་གཞན་དུ་འགྲོ་ན། གཙུག་ལག་ཁང་དེའི་མལ་སྟན་དང་སྣོད་སྤྱད་ལ་སོགས་པའི་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དུ་གཏམས་པར་བྱའོ། །གཙུག་ལག་ཁང་བོར་བ་དེར་དགེ་སློང་དག་ལྷགས་ནས་གཉུག་མར་གནས་ན་ཉེ་འཁོར་གྱི་གཙུག་ལག་ཁང་ན་གནས་པ་དག་གིས་མལ་སྟན་དང་སྣོད་ལ་
སོགས་པ་གཙུག་ལག་ཁང་དེ་ཉིད་དུ་ཕྱིར་སྦྱིན་པར་བྱའོ། །དགེ་འདུན་གྱི་གནས་གཞན་གྱི་རྫས་སྣོད་སྤྱད་ལ་སོགས་པ་གནས་གཞན་དུ་མི་སྦྱིན་ནོ། །གཙུག་ལག་ཁང་གཞན་དུ་གཏམས་པའི་རྫས་དེ་དག་ཕྱིར་མི་སྟེར་ན་དང་པོ་འདོམས་པར་བྱེད་པའི་དགེ་སློང་དེ་དག་གིས་བླངས་ཏེ་དེ་ཉིད་དུ་སྦྱིན་པར་བྱའོ། །གཙུག་ལག་ཁང་གི་བདག་པོས་གཙུག་ལག་ཁང་དེའི་རྫས་གཙུག་ལག་ཁང་གཞན་དུ་སྦྱིན་པར་བྱེད་ན་ཇི་ལྟར་བྱ་ཞེ་ན། གཙུག་ལག་ཁང་གི་བདག་པོ་ཁྱིམ་བདག་དེ་གནས་གཞན་གྱི་སྦྱིན་བདག་དེ་ཉིད་ཡིན་ཡང་གཙུག་ལག་ཁང་དུ་སྔར་ཕུལ་བའི་ངེས་པ་ལ་གཞིག་པ་མེད་དོ། །ཁྱིམ་བདག་དེས་རྫས་དེ་དག་སྔར་ཕུལ་པའི་གཙུག་ལག་ཁང་དེར་མི་སྟེར་ན་གཙུག་ལག་ཁང་དེར་གནས་པའི་དགེ་སློང་རྣམས་ཀྱིས་མཐུས་གཟུང་བར་བྱའོ། །གནས་གཞན་གྱི་རྫས་གནས་གཞན་དུ་གཡར་པོ་ཉིད་དུ་ནི་སྦྱིན་པར་བྱའོ། །མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་གང་ལ་བསྔོས་པ་དེར་ཁྱེར་བ་མ་གྲུབ་ན་མཆོད་རྟེན་གཞན་ལ་བསྒྱུར་བ་ལ་ཉེས་པ་མེད་དོ། །དམིགས་བསལ་ནི། བྱང་ཆུབ་ཆེན་པོ་དང༌། ཆོས་ཀྱི་འཁོར་ལོ་དང༌། ཆོ་འཕྲུལ་ཆེན་པོ་དང༌། ལྷ་ལས་བབས་པ་རྣམས་ཀྱི་མཆོད་རྟེན་ལ་བསྔོས་པ་ནི་གང་ལ་བསྔོས་པ་དེ་ལ་འབུལ་བར་བྱ་བའམ། མ་གྲུབ་ན་བཞི་པོ་དེ་དག་ལས་གཞན་གང་རུང་ལ་འབུལ་དུ་རུང་བ་ནི་མ་གཏོགས་སོ། །མཆོད་རྟེན་བཞི་པོ་དེའི་ཁྱད་པར། བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། རྡོ་རྗེ་གདན་ན་བཞུགས་པ། དབྱིབས་གྲུ་བཞི་བང་རིམ་བཞི་པ། ཆོས་ཀྱི་འཁོར་ལོའི་མཆོད་རྟེན་ནི། ལྦ་ན་ཎཱ་སི་ན་བཞུགས་པ། དབྱིབས་གྲུ་བཞི་བང་རིམ་བཞི་པའི་བང་རིམ་རེ་རེ་ལ་ཕྱོགས་བཞིར་གློ་འབུར་དང་བཅས་པ་ལ་སྒོ་བཞིའམ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་ཡོད་པ། ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནི་མཉན་ཡོད་ན་བཞུགས་པ། དབྱིབས་བྱང་ཆེན་ལྟ་བུ་
ལ་ཕྱོགས་བཞིར་གློ་འབུར་ཡོད་པ་དང༌། ལྷ་ལས་བབས་པའི་མཆོད་རྟེན་ནི། དབྱིབས་བྱང་ཆེན་ལྟ་བུ་ལ། གློ་འབུར་གྱི་སྟེང་ན་སྐས་ལྟ་བུ་ཡོད་པའོ། །གོས་གཞིར། སོ་སོར་བརྟན་པའི་རྙེད་པ་གང་ཞེ་ན། བལྟམས་པ་དང༌། བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ཕུལ་བ་སྟེ། མཆོད་རྟེན་ཆེན་པོ་བཞིར་ཁྱེར་མི་ནུས་ན། མཆོད་རྟེན་གཅིག་ཁོ་ན་ལ་དབུལ་གྱི་གཞན་ལ་ནི་མིན་པ་སྟེ། འདི་ནི་སོ་སོར་བརྟན་པའི་རྙེད་པའོ་ཞེས་བཤད། བལྟམས་པའི་མཆོད་རྟེན་ནི་སེར་སྐྱ་ན་བཞུགས་པ། བང་རིམ་བཞི་ཟླུམ་པོ་པདྨའི་རྣམ་པ་ཅན་བཞིའམ་བདུན་བརྩེགས་པ། མྱང་འདས་མཆོད་རྟེན་ནི། རྩྭ་མཆོག་ན་བཞུགས་པ། བང་རིམ་མེད་པ་གདན་ཁྲིའི་སྟེང་ན་མགུར་ཆུ་ཡན་ཆད་བཞུགས་པའོ། །དེ་དག་ནང་ཕན་ཚུན་འབུལ་བ་མ་གྲུབ་པ། ཕན་ཚུན་ལ་བསྒྱུར་བ་ལ་ཉེས་པ་མེད་དོ། །བསྔོས་པ་ལས་བསྒྱུར་བའི་སྤང་བའོ།། །།ལྔ་པ་སྨན་ལས་གྱུར་བ་ལ་གསུམ་ལས། བསླབ་བྱ་ནི། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་འདི་སྐད་ཅེས་དེང་ཕན་ཆད་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་སོགས་བརྗོད་པར་བྱའོ། །བརྗོད་པའི་དགོས་པ་ནི། ནད་ པ་བརྗེད་ངེས་པས་བརྗེད་དོགས ་པའི་ཕྱིར་རོ། །ཐུན་ཚོད་དུ་རུང་བ་དང་འཚོ་བཅང་ལ་དུས་མི་བརྗོད་པ་ནི། རིམ་པ་བཞིན་དུས་ཐུང་བ་དང་མ་ངེས་པའི་ཕྱིར་རོ། །གཉིས་པ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ་པི་ལིན་དའི་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་ལྟོ་འདུན་གྱིས་ཉེས་པ་གསོག་འཇོག་བྱས་པའོ། །རྒྱུ་མཚན་སྐྱེ་བོ་དུ་མས་སྨད་པ་དང་ཟས་ཆུད་ཟ་བའོ། །ཡན་ལག་ལ་གསུམ་ལས། གཞི་ནི། སྨན་རྣམ་པ་བཞི། རང་རང་གི་ངོ་བོར་གྲུབ་པ། རུང་བ་ཚད་དང་ལྡན་པ། བྱིན་ལེན་ཅན་དང་རང་གི་ཡིན་པའོ། །ཀུན་སློང་འཆང་བར་འདོད་པའོ། །མཐར་ཐུག་རང་
རང་གི་དུས་ཀྱི་མཐའ་འདས་པ་སྟེ། སྔ་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་ན་གུང་ཚིགས་དང༌། ཕྱི་དྲོ་བྱིན་ལེན་བྱས་པ་དང་ཐུན་ཚོད་པ་སྲོད་ཐུན་དང༌། ཞག་བདུན་པ་སྐྱ་རེངས་བརྒྱད་པ་དང༌། འཚོ་བཅང་ནམ་འཚོའི་མཐའ་ཡིན་ནོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་གསོག་འཇོག་གི་སྤང་བར་འགྱུར་ཞེ་ན། ཞག་བདུན་པར་བྱིན་གྱིས་བརླབས་པའི་རྫས་བཟའ་བའི་ཕྱིར་འཆང་ན་སྤང་བར་འགྱུར་རོ། །འཆང་བ་ལ་ལྟུང་བ་འདི་བཞག་གི་ཟ་བ་ལ་མིན་ཏེ། ཟོས་པ་ལ་གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་འབའ་ཞིག་པར་འགྱུར་བའི་ཕྱིར་རོ། །ཅི་ཞིག་འཆང་ན་འགྱུར་ཞེ་ན། ཞག་བདུན་པར་བྱིན་གྱིས་བརླབས་པ་དེའོ། །ནམ་གྱི་ཚེ་སྤང་བར་འགྱུར་ཞེ་ན། སྐྱ་རེངས་བརྒྱད་པ་ཤར་བ་ནའོ། །གཉིས་པ་ཡན་ལག་ལ་ དོགས་པ ་བཅད་པ་ནི། བདུན་པ་ཁོ་ན་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན། དེར་མ་ཟད་དེ་བྱིན་ལེན་མ་བྱས་པ་དང༌། རུང་བ་མིན་པ་མི་ཤ་ལ་སོགས་པ་དང༌། མི་རུང་བ་དེ་དང་འདྲེས་པ་དང༌། བརྟགས་པ་གཞན་དང་འདྲེས་པ་འཆང་ན་ཡང་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། དེས་ན་དེ་ནི་དཔེ་ཙམ་མོ། །འོ་ན་ལྟུང་བ་ཇི་ལྟར་རྣམ་པར་བཞག་ཅེ་ན། བཟའ་བར་བྱ་བ་སྨན་བཞི་བོ་ངོ་བོའམ་ཆོ་གའི་སྒོ་ནས་རུང་བ་མིན་པ། བཟའ་བའི་ཕྱིར་ཉིན་མཚན་འདས་པར་བཅངས་པ་ནི་བསླབ་པའི་གཞི་འདིར་ཟོས་པ་དང་འདྲ་བར་ལྟུང་བ་རྣམ་པར་བཞག་སྟེ། ཟོས་ན་གསོག་འཇོག་གི་ལྟུང་བྱེད་དུ་འགྱུར་བ་དག་བཟའ་བའི་ཕྱིར་ཉིན་མཚན་འདས་པར་འཆང་ན་སྤང་བར་འགྱུར་ལ། ཟོས་ན་ཉེས་བྱས་སུ་འགྱུར་བ་དག་འཆང་ན་ཡང་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །ཊཱིཀྐར། དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་གསོག་འཇོག་བྱས་པ་དེ་དག་ཐམས་
ཅད་ནི་ཇི་ལྟར་ཟོས་ན་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་འཆང་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། ཉིན་མཚན་འདས་པ་ལ་ནི་སྤང་བའི་ལྟུང་བྱེད་དེ་དང་ལྟུང་བྱེད་འབའ་ཞིག་དག་འདྲ་བའི་ཕྱིར་རོ་ཞེས་གསུངས། བམ་ལྔར། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཀ་ ་ན་མི་ཏྲའི་རྗེས་སུ་འབྲངས་ནས་བདུན་པ་ཁོ་ན་ལ་འཇོག་པའི་སྤང་བར་འགྱུར་ལ། སྨན་གཞན་རྣམས་ལ་འཇོག་པ་ཉེས་བྱས་སུ་འདོད་ཅིང་དེ་ཉིད་མདོ་དང་ལུང་གི་དགོངས་པར་ཡང་འཆད་དོ། །ལྟུང་མེད་ནི། ཞག་བདུན་པའི་འབྲུ་མར་ལ་སོགས་པ་དེ་རྐང་པ་བཀྲུ་བ་ལ་སོགས་པ་དོན་གང་གི་ཕྱིར་བརྟགས་ཤིང་རུང་བར་བྱས་པ་དེའི་ཕྱིར་འཆང་བ་ནི་ལྟུང་བ་མེད་དོ། །སྣར་བླུགས་པ་དང་བསྐུ་མཉེ་བྱ་བ་དག་ནི་གསོག་འཇོག་བྱས་པས་ཀྱང་རུང་ངོ༌། །སྣར་བླུགས་པ་ལ་བྱིན་ལེན་དགོས་ཏེ། ཕྲན་ཚེགས་སུ། ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་བླུག་པར་བྱའོ། །ཞེས་སོ། །གསོག་འཇོག་གི་སྤང་བའོ། །སྤང་བ་རྣམས་རྫོགས་སོ།། །།བཤགས་པ་ཙམ་དང་འབྲེལ་བའི་ལྟུང་བྱེད་འབའ་ཞིག་པ། གཉིས་པ་བཤགས་པ་ཙམ་དང་འབྲེལ་བ་ལྟུང་བྱེད་འབའ་ཞིག་པ་ལ། བཅུ་ཚན་དགུ་ལས། དང་པོ་ལ་གསུམ། གནོད་པ་ལས་གྱུར་པ་དང༌། འདོད་པ་ལས་དང༌། གནོད་པ་ལས་གྱུར་བ་གཞན་བསྟན་པའོ། །དང་པོ་ལ་གསུམ། དོན་འགྲུབ་པ་ལ་དང༌། ཡིད་བདེ་བ་དང༌། བློ་མཐུན་པ་ལ་གནོད་པའོ། །དང་པོ་ལ་གསུམ་ལས། རྫུན་གཞན་བསྟན་པ་ནི། རྫུན་སྨྲ་བ་ལ་ཕམ་པ་དང༌། ལྷག་མ་དང༌། སྦོམ་པོ་དང༌། ལྟུང་བྱེད་དང༌། ཉེས་བྱས་སུ་འགྱུར་བ་ལྔ་ལས། དང་པོ་གཉིས་སྔར་བཤད་ཟིན་ལ། གཞན་གསུམ་པོ་བརྗོད་པར་བྱ་སྟེ། དེའི་ནང་ནས་སྦོམ་པོ་དང་ཉེས་བྱས་སུ་འགྱུར་བའི་རྫུན་གཉིས་རྫུན་སྨྲ་བའི་སྐབས་ཡིན་པ་དང་བརྗོད་པར་བྱ་བ་ཉུང་བས་དང་པོར་བརྗོད་པ་ནི། དགེ་སློང་གིས་དགེ་འདུན་འདུས་པ་ལ་ཆོས་དང་ཆོས་མིན་པའི་ངོ་བོ་ཤེས་བཞིན་དུ། ཆོས་མིན་པ་མི་རིགས་པ་དང་བྱ་བ་
མིན་པ་མངལ་ན་གནས་པ་རླུགས་པ་ལ་ཆོས་སུ་སྟོན་པ་དང༌། ཆོས་རིགས་པ་དང་བྱ་བར་འོས་པ་ལ་ཆོས་མིན་པར་སྟོན་པའི་རྫུན་དུ་སྨྲ་བའི་ཉེས་པ་སྦོམ་པོའོ། ཉེས་བྱས་སུ་འགྱུར་བའི་རྫུན་ནི། དགེ་འདུན་གསོ་སྦྱོང་ལ་འཚོགས་པ་ན་སོ་སོ་ཐར་བའི་མདོ་འདོན་པ་པོས། ཅི་གསོ་སྦྱོང་འདི་ལ་འཁོར་ཁྱེད་ལྟུང་བ་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས། མི་ཤེས་ན་རྫུན་མིན་པས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཊཱིཀྐར། དེ་ནི་ཉེས་བྱས་ཡོངས་སུ་རྗོགས་པ་ཡིན་གྱི་ཡིད་ཀྱི་ནི་མིན་ཏེ། ཁ་རྣམ་པར་འགྱུར་པ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར། ཞེས་སོ། །བམ་ལྔར། དྲིའོ་ཞེས་པ་དྲི་བ་དང་པོ་ཡིན་ཞེས་སོ། །ཁ་ཅིག་གླེང་གཞི་འདོན་པ་ཡིན་ཟེར་བ་མི་འཐད་དེ། དྲི་བའི་གནས་དགུ་པོ་ཐམས་ཅད་དུ་གདོན་དགོས་པར་ཐལ་བས་སོ། །དགུ་ནི། གླེང་གཞི། ཕམ་པ། ལྷག་མ། མ་ངེས་པ། སྤང་བ། ལྟུང་བྱེད་འབའ་ཞིག་པ། །སོར་བཤགས། བསླབ་བྱ། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོས་རྣམས་སྟོན་པའི་རྗེས་སོ། །གཉིས་པ་ཤེས་བཞིན་གྱི་རྫུན་དངོས་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ། ལག་རྒྱུད་ཀྱིས་གཞན་ལ་མཐོ་འཚམས་གསོ་པས་ཤེས་བཞིན་དུ་རྫུན་སྨྲས་པའོ། །རྒྱུ་མཚན་གནོད་པ་དང་མ་དད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཐ་སྙད་ཡན་ལག་ལྔ་ལྡན། རྒྱུད་ཐ་དད་པ། དངོས་པོ་ཕམ་ལྷག་སྦོམ་པོ་ཉེས་བྱས་བཞི་དང༌། བཤེས་ངོ་འཕྱ་བ་ཟས་ཅུང་སྐུར་བ་ཉེར་འཇོག་དང་གདོད་དྲུག་ལས་གཞན་པའི་རྫུན་ནོ། །ཀུན་སློང་ཤེས་བཞིན་དུ་སྨྲ་བར་འདོད་པ། སྦྱོར་བ་རང་གི་དང༌། ངག་དང་བདག་ཉིད་དང་འབྲེལ་བ་དང༌། བསམས་པའི་དོན་དང༌། གསལ་པོར་དང༌། མངོན་སུམ་
དུ་སྨྲས་པ་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། གང་བྱས་ན་རྫུན་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྦོམ་པོ་དང་ཉེས་བྱས་དེ་གཉིས་དང༌། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བ་ལ་ལྟུང་བར་འགྱུར་རོ། །སྨྲ་བར་འདོད་པའི་ཚེ་འདུ་ཤེས་གཞན་བྱུང་ན་རྫུན་སྨྲ་བར་འགྱུར་མོད། སྨྲ་བཞིན་པའི་ཚེ་འདུ་ཤེས་གཞན་བྱུང་ན་རྫུན་དུ་མི་འགྱུར་རམ་ཞེ་ན། སྨྲ་བཞིན་པའི་ཚེ་ཉིད་ན་ཡང་རྫུན་སྨྲ་བའི་འདུ་ཤེས་བྱུང་ན་རྫུན་སྨྲ་བ་དེ་ཀུན་ནས་སློང་བ་ཡིན་ནོ། །གཞན་གྱི་མདུན་དུ་མནའ་དོར་བར་མི་བྱ་སྟེ། དེས་དགེ་སྦྱོང་གི་བསམ་པ་ལོག་པར་སྟོན་པའི་ཕྱིར་རོ། །རྫུན་དུ་སྨྲ་བའི་ལྟུང་བྱེད་དོ།། །།གཉིས་པ་ཡིད་བདེ་བ་ལ་གནོད་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་དྲུག་སྡེས་ངག་མ་བསྡམས་པས་རྫུན་སྨྲས་པའོ། །རྒྱུ་མཚན་འདྲ། ཡན་ལག་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན་དངོས་པོ་སྐྱོན་དུ་གྲགས་པ། ཀུན་སློང་སྐྱོན་བརྗོད་པར་འདོད་པ། སྦྱོར་བ་རང་གི་ངག་ཏུ་བདག་ཉིད་འབྲེལ་བར་བསམས་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པའོ། །མཐར་ཐུག་དོན་གོ་བའོ། །གཉིས་པ་གཞུང་དོན་ནི། གང་བྱས་ན་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གི་སྐྱོན་ནས་སྨྲ་ན་ལྟུང་བ་འདིར་འགྱུར། བསླབ་པའི་གཞི་འདིའི་འོག་མ་ཕྲ་མ་བྱེད་པའི་ལྟུང་བྱེད་ལ་ཡང་དགེ་སློང་ལ་ཕྲ་མ་བྱས་ན་ལྟུང་བར་འགྱུར། བསམ་པ་དག་པས་སྨྲ་བ་ཡང་སྲིད་པས་དགེ་སློང་གི་སྐྱོན་ཉིད་བརྗོད་པར་འདོད་པས་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ཚིག་འཇམ་པོ་འམ་རྩུབ་པོས་སྨྲས་ན་ཡང་ལྟུང་བར་འགྱུར། དངོས་པོ་སྐྱོན་རུང་བ་མིན་པར་བསམས་པ་ཁྱོད་མཛེ་ཅན་ནོ་ཞེས་སོགས་དང༌། ཁྱོད་ཁྲོ་བའོ་ཞེས་སོགས་ལུས་དང་སེམས་ཀྱི་སྐྱོན་གང་ཡང་རུང་བ་སྨྲས་ན་ལྟུང་བྱེད་དུ་འགྱུར། དེ་སྐད་སྨྲས་པས་ཕ་རོལ་པོ་མི་དགའ་བ་ཉིད་དང༌། ཡི་ཆད་པ་སོགས་
སུ་གྱུར་ན་ཡང་ལྟུང་བར་འགྱུར་རོ། །མི་རུང་བསམ་པ་ལས་གཞན་དགེ་སློང་ལ་རྒྱལ་རིགས་ཉིད་དང༌། བྲམ་ཟེ་ཉིད་ལ་སོགས་པའི་ཚིག་སྨྲ་བ་ལ་ནི་ཉེས་བྱས་ཏེ། དེ་ཡང་སྐྱོན་བརྗོད་འདོད་པའི་བསམ་པས་ཡིན་གྱི་གཞན་དུ་ན་ཉེས་པ་མེད་དོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ།། །།གསུམ་པ་བློ་མཐུན་པ་ལ་གནོད་པ་ལ་གཉིས། མཛའ་བ་འབྱེད་པ་དང་མི་མཛའ་བ་འབྱེད་པའོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །གང་བྱས་ན་ཕྲ་མ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཕྲ་མ་ཕ་རོལ་པོ་དབྱེ་བར་འདོད་པའི་བསམ་པས་དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ། །ཞེས་དགེ་སློང་གཞན་ལ་སྨྲ་ན་དངོས་གཞིར་འགྱུར་རོ། །སྤྱིར་སྨྲས་པས་ཀྱང་འགྱུར་རམ་ཞེ་ན། གལ་ཏེ་དབྱེ་བར་བྱ་བ་ཕ་རོལ་པོ་དེའི་མིང་ནས་སྨོས་ན་འགྱུར། གང་གི་མིང་ནས་སྨོས་པ་དེ་ཡང་དགེ་སློང་ཉིད་ཡིན་ནའོ། །མིང་ནས་སྨོས་པ་ལས་གཞན་དུ་རྒྱལ་རིགས་སམ་བྲམ་ཟེའི་རིགས་ཤིག་འདི་སྐད་ཟེར་རོ། །ཞེས་སྨྲ་ན་ཉེས་བྱས་སོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་མི་མཛའ་བ་འབྱེད་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་འདྲ་བ་ལས། ཉོན་མོངས་པ་རྩོད་པ་ལ་དགའ་བའོ། །རྒྱུ་མཚན་རྩོད་པ་འཕེལ་བ་དང་གཞན་འདྲའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་དྲུག་ལྡན་གཉིས་ཡན་ཆད་དོ། །དངོས་པོ་རྩོད་པ་བཞི་ལས། གང་ཡང་རུང་བ་དང་ཆོས་ལྡན་གྱིས་ཞི་བར་བྱས་པའོ། །གོ་བྱ་ཆོས་དྲུག་ལྡན་ཞི་བྱེད་ཀྱི་ལས་ལ་གཏོགས་པའོ། །བདག་ཉིད་ཀྱང་ཞི་བྱེད་ཀྱི་ལས་ལ་གཏོགས་པ་དང་ལྟ་བ་སྨྲ་བ་མིན་པའོ། །ཀུན་སློང་རྩོད་པ་དཀྲུག་པར་འདོད་པའོ། །སྦྱོར་མཐའ་འདྲ། གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ། །ཡུལ་གང་ལ་ཞེ་ན། རྒོལ་ཕྱིར་རྒོལ་
དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །གང་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། རྩོད་པ་ཆོས་ཀྱིས་ཞི་བར་བྱས་པ་ཤེས་བཞིན་དུ་ཁྱོད་ཀྱི་རྩོད་པ་དགེ་འདུན་གྱིས་ཆོས་མིན་པས་ཞི་བར་བྱས་སོ་ཞེས་སྐྱོ་སྔོགས་ཏེ་འཁྲུག་ལོང་བྱེད་ན་ལྟུང་བ་འདིར་འགྱུར། གང་ཟག་གང་ལ་འདུ་ཤེས་དེ་ལྟུང་བ་ཇི་ལྟ་བུའི་བྱེད་པོ་ཡིན་ཞེ་ན། རྩོད་པ་དེའི་ཐོག་མཐའ་བར་གསུམ་ཤེས་པའི་གཉུག་མར་གནས་པ་དང༌། རྩོད་པ་དེ་ཞི་བར་བྱ་བའི་ལས་བྱེད་པ་དང༌། ལས་དེ་ལ་དད་པ་འབུལ་བ་དག་ཁོ་ན་ལ་དངོས་གཞིའོ། །གཉིས་པ་སེལ་བ་ནི། ཁོ་བོ་ནི་རྩོད་པ་དེ་ཆོས་ཀྱིས་ཞི་བར་བྱས་པར་མི་སེམས་ཞེས་སོགས་ལྟར་སྨྲ་བ་དང༌། རྩོད་པ་དེའི་ཐོག་མཐའ་བར་གསུམ་གྱི་རྒྱུས་མི་ཤེས་པ་གློ་བུར་དུ་འོངས་པ་དག་ལ་ནི་འདུ་ཤེས་ཏེ་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཡིན་ནོ། །འགྱེད་ཕྱིར་རྩོད་པ་ལྟ་བུ་གཞན་ཉིད་ལ་ལྟུང་ཕྱིར་རྩོད་པ་ལྟ་བུ་གཞན་དུ་འདུ་ཤེས་པ་ནི་འགྱེད་ཕྱིར་རྩོད་པ་དེ་དང་འདྲ་བར་དངོས་གཞིར་འགྱུར་རོ། །བསླབ་པ་བྱིན་པ་ལ་སོགས་པ་ལས་ཀྱི་འབྲས་བུ་ལ་གནས་པ་ལ་ཁྱོད་བསླབ་པ་བྱིན་པ་དེ་མིན་ཞེས་སོགས་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་སྐྱོ་སྔགས་བྱེད་པ་ལ་ནི་ཕྱེད་ཉིད་ཡིན་པས་ཉེས་བྱས་སོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་ཡུལ་ལ་འདོད་པ་ལས་གྱུར་པ་ལ་གཉིས་ལས། དང་པོ་ཁྱིམ་པ་མོ་ལ་ཆོས་སྟོན་པའི་ལྟུང་བྱེད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་འཆར་ཀས་སྲེད་པས་ཆོས་སྟོན་པའོ། །རྒྱུ་མཚན་ཐུན་མོང་བ་དང་ཁྱིམ་ཐབ་འཕྲོགས་སོ་བའོ། །ཡན་ལག་ལ་བཞི་ལས། །གཞི་ལ། ཡུལ་བུད་མེད་ཐ་སྙད་བཞི་ལྡན། མཚན་གྱིས་དོན་བྱེད་ནུས་པ། ཁྱིམ་པ་ཡིན་པ། ཉེ་དུ་མིན་པ། རྫུ་འཕྲུལ་དང་མི་ལྡན་ཞིང་ཉན་འདོད་པའོ། །དངོས་པོ་སངས་རྒྱས་སམ་ཉན་ཐོས་ཀྱིས་གསུངས་བའི་ཆོས་ཚད་ལྡན་ཡུལ་དེས་མི་ཤེས་པའོ། །
གནས་དང་དུས་གཅིག་པ་ཡོན་བཤད་པ་སོགས་མིན་པའོ། །བདག་ཉིད་རིག་པའི་སྐྱེས་པ་དང་མི་ལྡན་པའོ། །ཀུན་སློང་སྟོན་པ་འདོད་པ། སྦྱོར་བ་འདྲ། མཐར་ཐུག་ཚིག་ལྔའམ་དྲུག་ལས་ལྷག་པའོ། །གཉིས་པ་གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། རེག་པའི་སྐབས་ཀྱི་ཐུན་མོང་བ་དག་ཁས་བླངས་ནས། གང་ལ་བྱེད་པ་པོ་ཡིན་ཞེ་ན། སྟོན་པ་ལའོ། །ཅི་ཞིག་སྟོན་པ་ཞེ་ན། སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་གསུངས་པའི་ཆོས་སྟོན་པ་ལ་ཡིན་གྱི། ལམ་འདྲི་པ་ལ་ལམ་རྒྱུས་སོགས་སྟོན་པ་ལ་མིན་ནོ། །ཇི་ཙམ་ཞིག་སྟོན་པ་ལ་ཞེ་ན། ཚིག་དྲུག་ལས་ལྷག་པར་སྟོན་པ་ལའོ། །གང་ཟག་ཇི་ལྟ་བུ་ལ་ཞེ་ན། ཚིག་དྲུག་ལས་ལྷག་པ་ལ་ལྷག་པ་ཉིད་དུ་ཤེས་པ་ལ་ལྟུང་བ་འདིར་འགྱུར། དེ་ཁོ་ན་ལ་འགྱུར་རམ་ཞེ་ན། ཕུང་པོ་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ་ཞེས་པ་ལྟ་བུ་ཚིག་ལྔ་བའི་ཆོས་ལ་ནི་རྩོམ་པ་ལྔ་པ་ལས་ལྷག་པར་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ལྟུང་མེད་ནི། བུད་མེད་མཁས་པས་གཟུགས་ཞེས་བྱ་བ་ཅི་ལགས། ཞེས་སོགས་གོང་ནས་གོང་དུ་དྲིས་པའི་ལན་གཏན་ལ་དབབ་པ་བྱས་པ་དང༌། སྔར་ཀློག་ཏུ་བཅུག་པའི་སློབ་མ་ལ་སྔར་གྱི་རྣམས་དག་མ་དག་བརྟག་པའི་ཕྱིར་ཡང་ཟློས་པར་བྱེད་པ་སློབ་གཉེར་བསོད་པ་དང༌། སྔར་སྟོན་ཟིན་པ་མི་བརྗེད་པའི་ཕྱིར་དུ་འདོན་པ་ཁ་དོན་ཞུ་བ་དང༌། སྐབས་སྐབས་སུ་ཐེ་ཚོམ་ཟ་བ་དམིགས་ཀྱིས་འདྲི་བ་དང༌། བསྙེན་གནས་ལ་སོགས་པ་དུས་ཁྲིམས་དབོག་པ་དང༌། ཡོན་བཤད་པ་དག་ལ་ནི་ལྟུང་བ་ཡོད་པ་མིན་ནོ། །ཁྱམས་ལ་སོགས་པ་གནས་གཞན་དུ་ཆོས་བསྟན་པ་ནི། སྔ་མ་གནས་ཁང་ལ་སོགས་པར་ཆོས་བསྟན་པ་དེ་མ་བྱས་པ་ཉིད་དེ་གནས་ཐ་དད་དུ་བསྟན་པའི་ཆོས་བསྡོམས་ནས་ཚིག་དྲུག་ལས་
ལྷག་ཀྱང་ལྟུང་བར་མི་འགྱུར་རོ། །སྟོན་པའི་ལྟུང་བྱེད་དོ།། །།གཉིས་པ་འདོན་པའི་ལྟུང་བྱེད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་དྲུག་སྡེས་མ་ཞི་བའོ། །རྒྱུ་མཚན་ཆོས་ལ་མ་གུས་པ་དང༌། གཙུག་ལག་ཁང་དུ་ཅ་ཅོའི་སྒྲ་འབྱུང་བས་གནོད་པ་ལ་སོགས་པའོ། །ཡན་ལག་ལ་བཞི་ལས། ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན་བསམ་པ་ཐག་པ་ནས་འདོན་པར་འདོད་པ། དངོས་པོ་འདྲའོ། །བདག་ཉིད་མཉམ་པོའམ་མཇུག་ཏུ་འདོན་པ་ཀུན་སློང་འདོན་པར་འདོད་པའོ། །སྦྱོར་བ་འདྲ། མཐར་ཐུག་བཏོན་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་འདོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། འདོན་ན་ལྟུང་བྱེད་དུ་འགྱུར་རོ། །གང་དང་ཞེ་ན། ངོ་བོའམ་རྣམ་གྲངས་ཀྱི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ངོ། །ཚུལ་ནི་ཅིག་ཅར་རམ་ཉེ་གནས་ཀྱིས་བཏོན་པའི་མཇུག་ཐོགས་སུའོ། །དངོས་པོ་ཉན་པ་པོའི་རྒྱུད་ལ་དོན་གསལ་བར་བྱེད་པས་སྟོན་བྱེད་དུ་གྱུར་པའི་མདོ་སྡེ་ལ་སོགས་པའི་ཆོས་དང༌། མིང་ཚིག་དང་ཡི་གེ་འབྲུ་ཙམ་ཡང་སྟེ་ཨ་ཨཱ་ལ་སོགས་པའོ། །ཆོས་སྨོས་པས་སྟོན་བྱེད་ཀྱང་ཐོབ་མོད། སྟོན་བྱེད་དང་ཆོས་ཞེས་ཚིག་གཉིས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་གཉིས་ལ་མུ་བཞི་སྟེ་སྟོན་བྱེད་ཡིན་ལ་ཆོས་མིན་པ་མུ་སྟེགས་བྱེད་ཀྱི་བསྟན་བཅོས་ལྟ་བུ་དེ་བསལ་བའི་ཕྱིར་ཆོས་ཞེས་སྨོས། ཆོས་ཡིན་ལ་སྟོན་བྱེད་མིན་པ་ལུང་ལས་བཏུས་པ་ལུང་གི་ཡི་གེ་མེད་པ་དཔའ་བོས་བྱས་པའི་སྐྱེས་རབས་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་ལུང་ཉིད་དུ་གནས་པའི་ལུང་ངོ༌། །གཉིས་ཀ་མིན་པ་ནི་དེ་དག་ལས་གཞན་པའོ། །བམ་ལྔར། ལུང་གི་ཆོས་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པ་ཞེའོ། །འདོན་པའི་ངོ་བོ་ནི་བཀླག་པའི་ཕྱིར་བརྗོད་པ་ཡིན་ཏེ། ཁ་ཏོན་ཞུ་བ་སོགས་ལ་ལྟུང་བ་མེད་པར་གསུངས་པའི་ཕྱིར། རྣམ་
ཊཱིཀ་ཏུ། །འདོན་པ་ཞེས་བྱ་བ་ནི་ཀློག་པའོ། །ཞེས་སོ། །གཉིས་པ་ལྟུང་མེད་ནི། ཅིག་ཅར་འདོན་པར་མི་འདོད་བཞིན་དུ་གཡམ་ལ་གྲུབ་པ་ནི་མ་གཏོགས་ཏེ་ལྟུང་བ་མེད་དོ། །དགེ་སློང་གིས་ཁྱོད་ཀྱིས་ཁོ་བོ་དང་ལྷན་ཅིག་གམ་སྔར་འདོན་པར་མི་བྱའོ། །ཞེས་རྗེས་སུ་ཉན་དུ་གཞུག་པར་བྱ་བ་བྱས་ནས་དེ་ལྟར་བྱའོ་ཞེས་ཟེར་བཞིན་དུ་མཉམ་པོར་འདོན་པ་ལ་ཡང་ལྟུང་བ་མེད་དོ། །སྔར་བསྟན་པ་མི་བརྗེད་པར་བྱ་བའི་ཕྱིར་ཁ་ཏོན་ཞུ་བ་དང་སློབ་གཉེར་བསོད་པ་དང་དམིགས་ཀྱིས་འདྲི་བ་ལ་ཡང་ལྟུང་བ་མེད་དོ། །འདོན་པའི་ལྟུང་བྱེད་དོ།། །།གསུམ་པ་གནོད་པ་ལས་གྱུར་པ་ལ་བཞི་ལས། གཞན་གྱི་དད་པ་ཕུན་སུམ་ཚོགས་པ་ལ་གནོད་པ་ལ་གཉིས་ལས། བསླབ་བྱ་ནི་དགེ་འདུན་དུ་གྱུར་བའི་དགེ་སློང་དག་གིས། དགེ་སློང་དང་དགེ་སློང་མ་སྡིག་ཅན་ཚུལ་ཁྲིམས་འཆལ་བ་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་ལས་ཀྱིས་བསྐོ་བར་བྱའོ། །བསྐོས་པའི་དགེ་སློང་གིས་ཁྱིམ་རྣམས་སུ་སོང་ནས་ཇི་སྐད་བརྗོད་པར་བྱ་ཞེ་ན། ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཚེ་དང་ལྡན་པ་དག་ཁྱེད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་པ་སུན་འབྱིན་པར་བྱེད་པ་དང༌། གནས་རྣམས་སུ་གནས་པ་རབ་བྱུང་སུན་འབྱིན་པར་བྱེད་པ་འདི་ལྟ་སྟེ་དཔེར་ན། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་མཐུ་ཆུང་པ་དང༌། ཆུད་ཟ་བ་སྐམ་པ་དང༌། ཆག་གྲུགས་ལ་སོགས་པ་ཚུལ་མིན་པས་མ་རུངས་པར་འགྱུར་པ་དང༌། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ར་རི་ཞེས་བྱ་བ་བྱུང་ན། འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང༌། ཚུལ་མིན་པས་མ་རུང་པར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས། ཚེ་དང་ལྡན་པ་
དག །ཁྱེད་ཅག་ཁྲལ་བ་ལྟ་བུའི་དགེ་སློང་འདི་དང༌། གསལ་མ་ལྟ་བུའི་དགེ་སློང་མ་འདིས་སངས་རྒྱས་ཀྱི་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་འཚིག་པ་ལས་མྱུ་གུ་སྐྱེར་མི་རུང་བ་བཞིན་དུ། ཆོས་འདུལ་བ་འདི་ལ་འཕགས་ལམ་གྱི་མྱུ་གུ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱིས། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སྨྲ་བར་བྱའོ། །དགེ་སློང་འགའ་ཡང་ཁྱིམ་རྣམས་སུ་གོ་བར་བྱེད་པ་མི་སྤྲོ་ན། དགེ་སློང་ཐམས་ཅད་ཀྱིས་དགེ་སློང་དང་དགེ་སློང་མ་འདི་གཉིས་སྡིག་ཅན་ཡིན་ནོ་ཞེས་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱ་བའི་གསོལ་བ་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་དྲུག་སྡེས། གཞན་གྱི་བསྔགས་པ་ལ་ཕྲག་དོག་བྱེད་པས་གནས་ངན་ལེན་བརྗོད་པའོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་ལྔ་ལྡན། དངོས་པོ་ཕམ་ལྷག་གང་རུང་དང་དེ་ལ་བྱུང་བའོ། །གོ་བྱ་མ་རྫོགས་པ། ཐ་སྙད་ལྔ་ལྡན། ཕམ་ལྷག་མི་ཤེས་པའོ། །བདག་ཉིད་བསྐོ་བ་དང་གསོལ་བ་མ་བྱས་པའོ། །ཀུན་སློང་གནས་ངན་ལེན་བརྗོད་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གཉིས་པ་གཞུང་དོན་ནི། གནས་ངན་ལེན་བརྗོད་པའི་ལྟུང་བ་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །ཡུལ་གང་ཞེ་ན། ཉན་པ་པོ་ཕམ་ལྷག་མི་ཤེས་པ་ཉིད་དང༌། བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལ་དེ་ལྟར་ཤེས་ནའོ། །དེ་ལ་གང་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། ཚིག་སྨྲས་ནའོ། །དོན་གང་བརྗོད་པའི་ཚིག་སྨྲས་ན་ཞེ་ན། ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དག་སོ་སོར་བརྗོད་ཀྱང་རུང༌། ཚིག་གཅིག་གིས་ལྷན་ཅིག་ཏུ་བསྡུས་ནས་
བརྗོད་པ་ཡང་རུང་ངོ༌། །འོ་ན་ཕམ་ལྷག་བསྡུས་ནས་སྨྲས་པ་ལ་ལྟུང་བ་དུ་མར་འགྱུར་རམ་ཞེ་ན། བརྗོད་བྱའི་དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་པས་ལྟུང་བ་གཅིག་ཏུ་འགྱུར་རོ། །དཔེར་ན། འདིས་དུད་འགྲོ་ལྔ་བསད་དོ་ཞེས་རྫུན་སྨྲས་ན་རྫུན་གྱི་ལྟུང་བྱེད་གཅིག་ཏུ་འགྱུར་བ་བཞིན་ནོ། །རྗོད་པར་བྱེད་པ་ཇི་ལྟ་བུ་ལ་ལྟུང་བ་འདིར་འགྱུར་ཞེ་ན། གནས་ངན་ལེན་བརྗོད་པའི་ཕྱིར་དགེ་འདུན་གྱིས་བསྐོ་བ་མ་བྱས་པ་ལ་འགྱུར། ཐམས་ཅད་དུ་འགྱུར་རམ་ཞེ་ན། དགེ་འདུན་ལ་དོན་དེ་གསོལ་བ་མ་བྱས་པ་ལ་ལྟུང་བ་འདིར་འགྱུར་གྱི་དགེ་འདུན་ལ་གསོལ་ནས་བརྗོད་ཀྱང་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པའི་གནས་ངན་ལེན་བརྗོད་པ་ལ་ལྟུང་བ་འདིར་འགྱུར་གྱི། བསྙེན་པར་མ་རྫོགས་པའི་གནས་ངན་ལེན་བརྗོད་པ་ལ་ཉེས་བྱས་སོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ།། །།གཉིས་པ་རང་གི་མངོན་རྟོགས་ལ་གནོད་པ་ལ་སྤྱི་དོན་ལ། གླེང་གཞི་ཡངས་པ་ཅན་དུ་སྔོན་ཉ་པ་རབ་ཏུ་བྱུང་བ་ལྔ་བརྒྱས་བག་ཆགས་མ་བྱང་བས་མ་བརྟགས་པའོ། །རྒྱུ་མཚན་གཞན་མི་ཆོས་བླ་མ་སྨྲ་བའི་རྒྱུར་འགྲོ་བ་དང༌། རང་གི་ཡོན་ཏན་ཉམས་པར་འགྱུར་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན་བདེན་པ་མ་མཐོང་བའོ། །དངོས་པོ་མི་ཆོས་བླ་མའི་མཚན་ཉིད་ཅན་རང་གིས་ཐོབ་པའོ། །ཀུན་སློང་བརྗོད་པར་འདོད་པ། སྦྱོར་མཐའ་གཉིས་འདྲ། གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ཀྱི་ཁྱད་པར་ནི། གང་བྱས་ན་མི་ཆོས་བླ་མ་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྨྲ་བའི་ཕམ་པའི་སྐབས་སུ་བསྟན་པ་གཞན་རྣམས་ཁས་བླངས་ནས། འདུ་ཤེས་བསྒྱུར་བ་མེད་པར་བདེན་པ་ཉིད་སྨྲས་ན་འགྱུར། གང་ཟག་གང་ལ་བརྗོད་ན་འབྱུང་ཞེ་ན། བདེན་པ་མངོན་སུམ་དུ་མ་མཐོང་བ་བསྙེན་པར་མ་རྫོགས་
པ་ལ་བརྗོད་ན་འགྱུར། གཉིས་པ་བསླབ་བྱ་ནི། ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །གདུལ་བའི་དོན་དུ་བསྟན་ན་ལྟུང་བ་མེད་དོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བསྟན་པར་མི་བྱའོ། །དགེ་སློང་ལ་ཉེས་པ་མེད་དོ། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དོ། །གསུམ་པ་དགེ་འདུན་གྱི་སྦྱིན་པ་ལ་གནོད་པ་ལ་གཉིས་ལས། བསླབ་བྱ་ནི་གལ་ཏེ་འདུལ་བར་གཏོགས་པའི་བྱ་བ་བརྟན་པ་མི་འགྱུར་བ་ཉིད་དུ་དགོས་པར་འདོད་ན་གསོལ་བ་སྔར་བཏབ་པའི་དོན་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་མི་བཟོད་པའོ། །རྒྱུ་མཚན་གཞི་མེད་བཞིན་ནོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཆོས་དྲུག་ལྡན། བསྔོ་ས་གང་ཟག་ཐ་སྙད་ལྔ་ལྡན་རང་དང་རྫས་ཐ་དད་པའོ། །དངོས་པོ་དགེ་འདུན་ཆོས་ལྔ་ལྡན་གྱི་ཟས་མིན་པའི་རྙེད་པ་རུང་ཚད་ལྡན་ཡང་དག་པར་བསྔོས་པའོ། །བདག་ཉིད་མཐུན་ཏེ་རུང་བའི་ལས་དེ་ལ་གཏོགས་པའོ། །གོ་བྱ་ཐ་སྙད་ལྔ་ལྡན་རྒྱུད་ཐ་དད་པའོ། །ཀུན་སློང་སྐུར་བར་འདོད་པ། སྦྱོར་མཐའ་སྔ་མ་བཞིན་ནོ། །གཞུང་དོན་ནི་གང་ལ་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ལས་དེ་ལ་དད་པ་ཕུལ་བ་ལ་སྐུར་པ་བཏབ་ན་ལྟུང་བ་འདིར་འགྱུར། ཅི་ཞིག་བྱས་ན་འདིར་འགྱུར་ཞེ་ན། དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མིན་པ་གོས་ཀྱི་རྙེད་པ་དགེ་སློང་གིས་གང་ཟག་ལ་མི་རིགས་པར་ལོག་པར་བསྔོས་སོ་ཞེས་ཡང་དག་པ་མིན་པའི་དོན་རྫུན་གྱིས་སྐུར་པ་འདེབས་ན་ལྟུང་བྱེད་དུ་འགྱུར། སྐུར་པ་གདབ་བྱར་མ་ཟད་ཉན་པ་པོ་གཞན་ལ་ཡང་མིང་སྨོས་པར་མ་ཟད་མིང་མ་སྨོས་པར་དེ་སྐད་སྐུར་པ་བརྗོད་ན་ཡང་དངོས་གཞིར་འགྱུར། ཟས་ཀྱི་རྙེད་པ་ལ་ནི་ཉེས་བྱས་སོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།བཞི་པ་རང་གི་བསླབ་པ་ལ་གནོད་པ་ལ་གཉིས་ལས། སྤྱི་དོན་
ལ། གླེང་གཞི་མཉན་ཡོད་དུ་དྲུག་སྡེས་བག་མེད་པའོ། །རྒྱུ་མཚན་ཡིད་བློང་བློང་པོར་འགྱུར་བ་དང༌། མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཡིན་ལ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། ཀུན་སློང་ཁྱད་དུ་གསོད་འདོད་པ། སྦྱོར་མཐའ་འདྲ། གཞུང་དོན་གཉིས་ལས། ཡན་ལག་གི་མཚན་ཉིད་ནི་གང་བྱས་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སོ་ཐར་དང་རྣམ་འབྱེད་ལ་སོགས་པ་འདུལ་བ་མཐའ་དག་དང་ལྡན་པའི་ཆོ་ག་བྱིན་ལེན་མ་བྱས་པར་ཟ་བ་བཀག་པ་སོགས་ལ་འདི་ལྟ་བུའི་བསླབ་པས་ཅི་བྱ་ཞེས་བརྙེས་ཐབས་བྱེད་པ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སེལ་བ་ནི། མདོ་སྡེར་གཏོགས་པའི་ཆོ་ག་ལ་བརྙས་ཐབས་བྱེད་པ་ལ་ནི་ཉེས་བྱས་སོ། །མངོན་པ་ནི་མདོ་སྡེ་དང་འདུལ་བ་གཉིས་ལས་ཐ་མི་དད་པས་ཅི་རིགས་པར་ཤེས་པར་བྱའོ། །ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། །།བཅུ་པ་གཉིས་པ་ལ་གསུམ། བྱ་བ་མང་བ་ལས་གྱུར་པ་དང༌། གནོད་པ་ལས་གྱུར་པ་དང༌། གནས་བསྒྲུབ་ལུགས་ལས་གྱུར་པའོ། །དང་པོ་ལ་གསུམ་ལས། བསླབ་བྱ་ནི། ལས་གསར་པ་བྱེད་པའི་ངང་ཚུལ་ཅན་ལག་གི་བླས་མཆོད་རྟེན་སྨོས་པས་ཆོས་དཀོན་མཆོག་སྨོས་པ་ཡིན་ཏེ། མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །དེས་ན་མཆོད་རྟེན་གྱི་ཕྱིར་དང༌། དགེ་འདུན་གྱི་ཡོ་བྱད་ཀྱི་དོན་དུ་ཤིང་ལྗོན་པ་གཅད་པར་བྱའོ། །གཅད་པའི་སྟ་གོན་ཇི་ལྟར་བྱ་ཞེ་ན། ལག་གི་བླས་ཤིང་བཅད་པ་དེའི་མདུན་རོལ་ཏུ་ཉི་མ་བདུན་ནམ་བརྒྱད་ནས་ཤིང་ལྗོན་པ་དེའི་དྲུང་དུ་ཤིང་གི་ལྷའི་དོན་དུ་དཀྱིལ་འཁོར་དང༌། དྲི་དང་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། གཏོར་མ་སྦྱིན་པ་དང༌། རྒྱུད་ཆགས་གསུམ་པ་གདོན་པ་དང་སྦྱིན་པ་བཤད་པ་བྱས་ནས་ལྷ་གང་དག་ཤིང་
ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཞིག །ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས་སྨྲ་བ་པོ་ལག་གི་བླས་རང་གིས་མི་གཅད་པར་ཤིང་མཁན་ལ་སོགས་པ་ལ་དེ་ཤེས་པར་གྱིས་ཤིག་ཅེས་ཟུར་གྱིས་བསྒོས་ཏེ་གཅོད་དུ་གཞུག་པར་བྱའོ། །གལ་ཏེ་བཅད་པ་ན་ཤིང་ལས་མེ་འབྱུང་བའམ་ཁྲག་འཛག་པའམ་ཡལ་ག་འགུལ་བའམ་ལོ་མ་ལྷགས་པ་ལ་སོགས་པ་མི་སྟེར་བའི་རྣམ་པར་འགྱུར་བ་སྟོན་ན། ལག་གི་བླ་དེས་བསོད་ནམས་ཀྱི་ཞིང་དཀོན་མཆོག་ལ་སྦྱིན་པ་བཏང་བའི་བསྔགས་པ་དང་སེར་སྣའི་བསྔགས་པ་མིན་པ་བརྗོད་པར་བྱའོ། །དེ་ལྟར་བརྗོད་ཀྱང་མེ་འབྱུང་བ་ལ་སོགས་པའི་རྣམ་འགྱུར་མི་གཏོང་ན་ཤིང་དེ་གཅད་པར་མི་བྱའོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། ཡུལ་དང་གང་ཟག་འདྲ། འདོད་ཞེན་ནོ། །རྒྱུ་མཚན་མུ་སྟེགས་ཅན་ལ་སོགས་པས་སྨོད་པ་དང༌། རང་འདོད་ཞེན་ཆེ་བ་དང༌། དོན་དང་བྱ་བ་མང་བ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་ས་བོན་དང་སྐྱེ་བ་རང་གི་ཆོས་སུ་གྲུབ་པ་མ་ཉམས་པ་རུང་བ་མ་བྱས་པ་བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མིན་པ། བར་ཆད་དང་མི་ལྡན་པ་དོན་ཁྱད་པར་ཅན་བསྒྲུབ་པའི་གནས་སྐབས་མིན་པའོ། །ཀུན་སློང་ཉམས་པར་འདུན་པ། སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པ། མཐར་ཐུག་ཉམས་པར་གྱུར་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། ས་བོན་དང་སྐྱེ་བ་གཅོད་པའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། མ་ཉམས་པ་ཉིད་ལའོ། །གང་གི་མ་ཉམས་པ་ཉིད་ལ་ཞེ་ན། ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་གི་མ་ཉམས་པ་ལའོ། །ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན། གླ་སྒང་དང་
བོང་ང་དཀར་པོ་ལ་སོགས་པ་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བའོ། །སྡོང་བུའི་ས་བོན་ཤིང་ཀན་ཙ་ན་ལ་སོགས་པའོ། །ཐོག་གུའི་ས་བོན་བུར་ཤིང་དང་འདམ་བུ་དང་སྨྱིག་མ་དང་རྒྱ་མཚོ་ནས་འབྱུང་བ་སོགས། འགས་པའི་ས་བོན་ཨར་ཙ་ཀ་ལ་སོགས་པ། ས་བོན་གྱི་ས་བོན་སཱ་ལུ་དང་ནས་ལ་སོགས་པ་དེ་ཉིད་བཏབ་པ་ལས་དེ་ཉིད་སྐྱེ་བའོ། ཁྱེའུ་ཁ་འཐོན་པ་ནི་ཅུང་ཟད་ཁ་འབུས་པའོ། །གང་བྱས་ན་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། ཐ་ན་རྩ་བ་དང་འབྲེལ་བའི་རྒྱུན་ཕྲ་མོ་ཡན་ཆད་ཉམས་པར་བྱས་ན་དངོས་གཞིའི་ལྟུང་བར་འགྱུར། ཇི་ལྟར་ཉམས་པར་བྱེད་ན་འགྱུར་ཞེ་ན། རྣམ་པ་ཇི་ལྟར་ཡང་རུང་བས་ཉམས་པར་བྱེད་ན་འགྱུར། དེ་ཉིད་བསྟན་པ་ནི་སྤྲུགས་པས་ཀྱང་ངོ༌། །རྩྭའམ་འདམ་རྫབ་དང་ས་རྡུལ་ལ་སོགས་པ་དག་གིས་མནན་ནས་ཉམས་པར་བྱེད་པ་དང༌། འུ་ཤའི་ཁུ་ཆེན་གཏོར་བ་དང༌། འཕྱག་པ་དང༌། ཡལ་ག་འདྲེན་པ་ལ་སོགས་པས་ཀྱང་ཉམས་པར་བྱེད་པ་དང༌། རླུང་དང་ཉི་མ་དང་ས་གཞི་སྐམ་པོ་ལ་འཇོག་པ་ལ་སོགས་པས་ཉམས་པར་བྱེད་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །བསམ་པ་ཇི་ལྟ་བུས་ཉམས་པར་བྱས་ན་འགྱུར་ཞེ་ན། ཉམས་པ་དེར་འདུན་པས་ཉམས་པར་བྱས་ན་འགྱུར། རང་ཁོ་ནས་ཉམས་པར་བྱས་པ་དགོས་སམ་ཞེ་ན། རང་གི་ལག་གིས་སམ་གཞན་གྱི་ལག་གིས་ཉམས་པར་བྱེད་དུ་བཅུག་ན་ཡང་འགྱུར། གནས་སྐབས་གང་ལ་ལྟུང་བ་ཅིར་འགྱུར་ཞེ་ན། རྩོམ་པ་དེས་ས་བོན་ཉམས་པར་གྱུར་ན་དངོས་གཞིའི་ལྟུང་བར་འགྱུར་ལ། སྦྱོར་བ་ལ་ཉེས་བྱས་སོ། །སྦྱོར་བ་གཅིག་གིས་ས་བོན་མང་པོ་ཉམས་པར་བྱེད་ན་ལྟུང་བ་གཅིག་གམ་དུ་མར་འགྱུར་ཞེ་ན། ཉམས་པར་བྱ་བའི་གྲངས་ཇི་སྙེད་པ་དག་གིས་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། །འོ་ན་ལོ་མ་དང་ཡལ་ག་དང་འདབ་
མ་ལ་སོགས་པ་ཉམས་པར་བྱ་བའི་གྲངས་སུ་བཞག་གམ་ཞེ་ན། སྡོང་བུ་ལས་ཉམས་པར་བྱ་བའི་གྲངས་སུ་བཞག་སྟེ། ཤིང་ལྗོན་པ་བཅད་པ་ན་ཡལ་ག་སོགས་དུ་མ་ཡོད་ཀྱང་ལྟུང་བ་གཅིག་ཡིན་ཏེ། སྡོང་བུ་གཅིག་ཡིན་པའི་ཕྱིར་རོ། །སྐྱེ་བའི་ཕྱིར་མདོ་རྣམ་པར་བཤད་ནས་ས་བོན་གྱི་ཕྱིར་བཤད་པ་ནི། ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་སྨོས་པ་ལ། ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན་དང༌། སྡོང་བུའི་ས་བོན་དང༌། ཐོག་གུའི་ས་བོན་དང༌། འགས་པའི་ས་བོན་དང༌། ས་བོན་གྱི་ས་བོན་གྱི་གྲངས་ཇི་སྙེད་པ་དག་གིས་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། །བསྣུན་པའི་སྦྱོར་བ་འདི་ལ། བསྣུན་པ་རེ་རེ་ལས་སྦྱོར་བའི་ཉེས་བྱས་ཐ་དད་པ་ཡིན་གྱིས། བསྣུན་པར་བྱ་བའི་དངོས་པོའི་གྲངས་ལས་སྦྱོར་བའི་ཉེས་བྱས་འཇོག་པ་མིན་ནོ། །ཤིང་ལྗོན་པ་ལ་སོགས་པ་རྩ་བ་ནས་བཏོན་ན། དེ་གནས་གཞན་དུ་བསྐྱེད་པར་བྱ་བ་ཡིན་དུ་ཟིན་ཀྱང་འདོན་པ་ན། བསྣུན་པའི་གྲངས་ཇི་སྙེད་པའི་སྦྱོར་བའི་ཉེས་བྱས་སུ་འགྱུར་ལ་བཏོན་ཟིན་པ་ན་མཐའ་དངོས་གཞིའི་ལྟུང་བྱེད་ཉིད་དུ་འགྱུར་རོ། །ཆུ་ན་འཕྱོ་བའི་ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་བཏོན་པ་དེ་ཉིད་ཡིན་པས་དངོས་གཞིར་འགྱུར་རོ། །རྒྱ་ཤུག་ལ་སོགས་པའི་ཚིག་གུ་སོས་མ་བཅོམ་པར་རིལ་མིད་བྱེད་པ་ནི་ས་བོན་ཉམས་པར་བྱེད་པའི་ཕྱེད་ཡིན་པས་ཉེས་བྱས་སོ། །དགེ་སློང་གིས་གལ་ཏེ་ཤིང་ལྗོན་པ་འདི་འགའ་ཞིག་གིས་བཅད་ན་ལེགས་སོ་ཞེས་གཞོགས་སྨོས་ཀྱིས་བཅོལ་ན་བཏོན་པ་དེའི་ཕྱེད་ཡིན་པས་ཉེས་བྱས་སོ། །ཊཱིཀྐར། གཞི་དེ་ལས་བཅད་པར་གྱུར་ན་ནི་མཐའི་དངོས་གཞི་ཉིད་དུ་རིག་པར་བྱའོ་ཞེས་གསུངས། གཉིས་ པ་སེལ་བ་དོགས ་གཅོད་དང་བཅས་པ་ནི། དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་གཅོད་ན་ལྟུང་བ་མ་བྱས་པ་ཉིད་དོ། །རྩ་བའི་ས་བོན་ལ། སྡོང་བུའི་ས་བོན་ལྟ་བུ་གཞན་ཉིད་དུ་འདུ་ཤེས་
པ་ནི་རྩ་བའི་ས་བོན་དུ་འདུ་ཤེས་པ་དེ་དང་འདྲ་བ་ཉིད་ཡིན་པས་ལྟུང་བྱེད་དུ་འགྱུར་རོ། །ཤུན་པ་ཕྱི་ཤུན་རྙི་པ་དང༌། ཁྲི་ནང་ཁྲི་སྲ་བ་དང༌། འདབ་མ་སྐྱ་བོ་དང༌། མེ་ཏོག་ཁ་བྱེ་བ་དང༌། འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་པས་ཉམས་པར་བྱས་ན་ཉེས་བྱས་སོ། །ཤུན་པ་ལ་སོགས་པ་དེ་དག་གི་རྩ་བར་གྱུར་པ་ཤིང་ལ་སོགས་པའི་དངོས་པོའི་རང་བཞིན་ལས་མ་ཕྱེ་མ་བྲལ་བ་ནི་ཕྱེད་ཤི་བར་ཐ་སྙད་འདོགས་པ་མིན་པས། སྙིང་པོ་དང་མ་བྲལ་བའི་ཤུན་པ་སོགས་ཉམས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ས་བོན་གྱི་ཁམས་བཏབ་པ་ལ། ད་དུང་རྩ་བ་མ་སྐྱེས་པ་བཙབས་ཙམ་དུ་གྱུར་པ་ནི་ཕྱེད་སྐྱེས་པ་ཉིད་དུ་ཐ་སྙད་གདགས་པས་ཉམས་པར་བྱས་ན་ཉེས་བྱས་སོ། །ས་འབུས་པ་དང་ཤ་མོ་དང་ཤ་བལ་དང་སྣོད་ཀྱི་རླམ་དང༌། གོས་ཀྱི་རླམ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུ་གདགས་པས་ཉམས་པར་བྱས་ན་ཉེས་བྱས་སོ། །འུ་ཤའི་ཁུ་ཚན་ལ་སོགས་པ་དབོ་བ་དང་འཆག་པ་དང་ཡལ་ག་སློགས་པ་འདྲེན་པ་དང༌། དཀྱིལ་འཁོར་དང་སྐྱང་ནུལ་དག་ལ་དེ་དག་བྱ་བའི་བསམ་པ་ཉིད་ཀྱིས་སྔོ་ལ་སོགས་པ་ཉམས་པ་ལ་ནི་ལྟུང་བ་མེད་དོ། །ཆོམ་རྐུན་པས་བཅིངས་པ་ལ་སོགས་པ་ཕོངས་པའི་ཚེ་རྩ་ཀུ་ཤ་ལ་སོགས་པས་བཅིངས་པ་དེ་ཐབས་གཞན་གྱིས་མི་ཐར་ན་བཅད་ན་ཡང་ལྟུང་བ་མེད་དོ། །དེའི་ཚེ་ཐམས་ཅད་ཀྱིས་བཅད་དམ་ཞེ་ན། བཅིངས་པའི་དགེ་སློང་དུ་མ་ཉིད་ཡིན་ན་བཅིངས་པ་དེ་དག་ལས་གཅིག་གིས་བཅད་དེ་གཞན་རྣམས་དགྲོལ་བར་བྱའི་ཐམས་ཅད་ཀྱིས་མི་བཅད་དོ། །གསུམ་པ་རུང་བའི་མཚན་ཉིད་ཞར་བྱུང་དང་བཅས་པ་ནི། རུང་བ་ཞེས་བྱ་བ་དེ་གང་ཞེ་ན། ས་བོན་གྱི་ཆོས་མེད་པ་ནི་ཉམས་པར་བྱས་ཀྱང་ཉེས་པ་བྱེད་པ་ཉིད་མིན་ནོ། །ཤིང་ཐོག་སོགས་ལ་མེས་རེག་པ་དང༌། མཚོན་དང་སེན་མོ་དང་
ནེ་ཙོ་དག་གིས་རྨ་བྱུང་བ་དང་རྙིང་པ་སྐམས་པ་དང༌། ལ་ཕུག་ལ་སོགས་པ་རྩ་བ་ནས་ཕྱུང་བ་དང༌། དཀྲུམ་པ་བཅད་པ་དང༌། གཞན་གྱིས་བཀས་པ་དང༌། ལྕང་མ་ལ་སོགས་པ་བཅད་པ་ལྟ་བུ་ནི་རུང་བའོ། །མོན་སྲན་སྡེའུ་ལ་སོགས་པ་མེ་ལ་སོགས་པས་རུང་པར་བྱེད་པ་ན་དེ་དག་ས་བོན་མིན་པ་ཉིད་དུ་གྱུར་གྱི་བར་དུ་ལྟོས་པར་བྱ་མི་དགོས་པ་ཉིད་དོ། །དེས་ན་མེ་ལ་སོགས་པས་རེག་པ་ཙམ་གྱིས་རུང་བ་བྱས་པ་ཡིན། རུང་བ་བྱེད་པ་འདི་ལ་རླངས་པ་ནི། མེ་མིན་པ་ཉིད་མིན་པས་རླངས་པ་ལ་བདུགས་པ་ཡང་རུང་བ་བྱས་པ་ཉིད་དོ། །རྒུན་འབྲུ་ལ་སོགས་པའི་འབྲས་བུ་དག་མེས་རུང་བར་བྱས་པ་ལ་སྤྱིའི་ཚོམས། འབྲས་བུ་རྣམས་སྤྱི་ཕུངས་སུ་བཅེར་པ་ལ་མེས་རེག་པ་ཙམ་བྱས་པ་གཙོ་ཆེར་བྱ་བ་ཡང་དག་པའི་གྲངས་ཉིད་དེ་རེ་རེ་ནས་བྱ་མི་དགོས་སོ། །འབྲས་བུ་རྣམས་ཀྱི་ཕུང་པོའི་ཕྱོགས་གཅིག་ནས་མེས་རེག་པས་ཕུང་པོ་སྤྱིའི་རུང་བ་མི་འབྱུང་གི་ཕྱོགས་གཉིས་སམ་གསུམ་ནས་རེག་པར་བྱའོ། །ཆེད་དུ་གཉེར་བའི་རུང་བ་ལ་བསྙེན་པར་མ་རྫོགས་པར་བྱས་པ་དགོས་སམ་ཞེ་ན། དགེ་སློང་གིས་མེ་ལ་སོགས་པའི་རུང་བ་བྱས་པ་ཉིད་ནི་རུང་བ་བྱས་པ་ཉིད་ཡིན་པས། དེའི་འོག་ཏུ་དགེ་སློང་གཞན་གྱིས་ཉམས་པར་བྱེད་ཀྱང་ལྟུང་བར་མི་འགྱུར་ལ། རུང་བ་བྱེད་པ་པོ་ལ་ས་བོན་འཇིག་པའི་ལྟུང་བྱེད་དོ། །མེས་རུང་བར་བྱས་པ་ནི་དགེ་སློང་གིས་བཙོས་པར་འགྱུར་བས་བཟར་མི་རུང་ལ། གཞན་རྣམས་རུང་ངོ། །ལུང་དུ་གང་རུང་བར་བྱེད་ན། ས་བོན་གྱི་ཚོགས་འཇིག་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ནི་ཉམས་པར་བྱས་པ་ལ་དགོངས་པ་ཡིན་གྱི། དེ་ལྟ་མིན་ན་ཉེས་བྱས་སུ་གསུངས་རིགས་སོ། །རུང་ཁང་བྱིན་རླབས་བྱས་པ་མིན་པའི་ས་རུང་བ་མིན་པར་འབྲུ་ལ་སོགས་པ་བཞག་སྟེ་མེས་རུང་བར་བྱས་ན་རུང་བ་བྱས་པ་ཉིད་ཡིན་ལ་བཟར་མི་རུང་ངོ༌། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅད་པ་
ཆུ་གྲང་མོས་མ་གཏོར་བར་དུས་མིན་པར་བཟའ་བར་མི་བྱའོ། །འདིའི་དོན་བདུན་ལས། གཞི་ནི་སྨན་གསུམ་པོ་ངོ་བོར་གྲུབ་པ་དང་རུང་བ་སྟེ། སོ་ཐར་གྱི་འགྲེལ་པ་ཁ་ཅིག་ལས། མི་རུང་བ་དང་དུས་རུང་དང༌། །ཁོལ་བའི་གནས་སྐབས་དག་ལ་ནི། །རུང་ཆུ་བྱ་བར་མི་བཞེད་དོ། །ཞེས་གསུངས། ཊཱིཀྐར། མར་དང་འབྲུ་མར་དག་ནི་གྲུབ་པ་ལ་རུང་བར་བྱ་བར་བཞེད་དོ་ཞེས་གསུངས། དེས་ན་མར་བསྲུབ་པ་ལ་སོགས་པའི་ཚེ་ཆུས་གདབ་དགོས་མོད་ཀྱི་དེས་རུང་བ་བྱས་པར་མི་འགྱུར་རོ། །དངོས་བོ་ཆུ་གྲང་མོ་སྟེ་སྐོལ་གྲང་བྱས་པས་ཀྱང་མི་རུང་གསུང་ངོ༌། །ཚད་ཆུ་གཏོང་བའི་ཐ་སྙད་བྱེད་པ་ཙམ་མོ། །གང་ཟག་མ་རྫོགས་པ་སྟེ། ཤེས་རབ་བྱེད་པར། བཟའ་བའི་ཚེ་གཞན་ཆུ་གྲང་མོ་བརྡེག་ཏུ་གཞུག་གོ །མ་བརྟགས་པར་ཟོས་སམ་བདག་གིས་བརྟགས་ན་ཉེས་བྱས་སོ། །དུས་ནི་ཕྱི་དྲོ་དང་བྱིན་གྱིས་རློབ་ན་སྔ་དྲོ་ཡང་བྱ་ཟེར། ཊཱིཀྐར། རུང་བར་བྱ་བ་ནི་གང་གི་དུས་སུ་བྱས་ཀྱང་རུང་བ་ཉིད་ཡིན་གྱི། བཟའ་བའི་དུས་ཁོ་ནར་བྱ་བ་ནི་མ་ངེས་སོ་ཞེས་གསུངས། ཡུན་ནི་ཞག་གཅིག་ཚུན་ཆད། དགོས་པ་བཅས་བའི་ས་མཚམས་བཟུང་བས་ཟས་མི་རུང་བ་ལོངས་མི་སྤྱོད་པའོ། །ཐུན་ཚོད་དུ་རུང་བ་ཡང་ཆུ་གྲང་མོ་དེས་མ་གཏོར་བར་དུས་མིན་པར་བཏུང་བར་མི་བྱའོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དོ།། །།གཉིས་པ་གནོད་པ་ལས་གྱུར་པ་ལ་དྲུག །དགེ་འདུན་གྱི་ལས་བྱེད་པ་ལ་གནོད་པ་དང༌། བཀའ་བསྒོ་བ་ལ་དང༌། གནས་མལ་དང༌། གང་ཟག་ལ་དང༌། གནས་དངོས་ལ་དང༌། གཞན་གྱི་སྲོག་ལ་གནོད་པའོ། །དང་པོ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ། མཛའ་བོ་དང་ས་ལས་སྐྱེས་གཉིས་མི་བཟོད་པའོ། །རྒྱུ་མཚན་ཡུལ་དེ་དང་དགེ་འདུན་ལ་གནོད་པ་སོགས་སོ། །ཡན་
ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། ཞལ་ཏ་ཆོས་དང་ལྡན་པར་བྱས་པའམ། བྱེད་བཞིན་པ་དང༌། བདག་ཉིད་ལ་གནས་མལ་སོགས་ངན་པ་སྟོབ་པ་པོ་མིན་པ། བདག་ཉིད་ངན་པའི་གྲངས་སུ་བགྲང་བའོ། །ཀུན་སློང་འཕྱ་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན་མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། འཕྱ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། དགེ་འདུན་གྱི་ལས་བྱེད་པའི་གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན་ནོ། །གང་ཟག་བཅུ་གཉིས་པོ་གང་ཞེ་ན། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོས་འགྲིམ་པ་གཉིས། །སྣོད་སྤྱད་འདྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་འཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཤིང་ཐོག་འགྲིམ་པ་སོགས་ཀྱང་བསྡུའོ། །དེ་དག་ཁོ་ནའམ་ཞེ་ན། དགེ་འདུན་གྱི་ལས་བྱེད་པ་དགེ་འདུན་གྱིས་མ་བསྐོས་པ་དག་ཀྱང་ལྟུང་བའི་བྱེད་པ་པོ་ཡིན་ནོ། །འོ་ན་བྱ་བ་བྱེད་བཞིན་པ་ཁོ་ནའམ་ཞེ་ན། དགེ་འདུན་གྱི་ལས་བྱེད་པའི་སྦྱོར་བ་དག་ད་ལྟར་བག་ཡངས་སུ་བྱེད་པ་ཡང་བྱེད་པ་པོ་ཡིན་ནོ། །དེས་ན་བསྐོས་མ་བསྐོས་བཏང་མ་བཏང་བཞི་ག་འདྲའོ། །ཅི་ཞིག་བྱས་ན་དེ་དག་བྱེད་པ་པོ་ཡིན་ཞེ་ན། གཞན་དོན་དུ་མིན་པར་ལྟུང་བ་འབྱིན་པ་པོ་བདག་དང་འབྲེལ་པའི་དོན་གྱིས་ཚེ་དང་ལྡན་པ་ཆེ་གེ་མོ་བཞིན་དུ་ཁྱོད་ཀྱང་དགེ་འདུན་གྱི་ལས་བྱེད་པར་བསྐོས་ན་བདག་ཅག་ལ་མཐོ་འཚམ་པར་བྱེད་དམ་ཞེས་གང་ལ་འཕྱ་བར་བྱ་བ་དེའི་མིང་ནས་སྨོས་ཏེ། དེས་མངོན་སུམ་དུ་ཐོས་པར་འཕྱ་ཡང་རུང༌། ཁ་ཅིག་བཞིན་དུ་ཁྱོད་ཀྱང་བདག་ཅག་ལ་མཐོ་འཚམ་པར་བྱེད་དམ་ཞེས་མིང་ནས་མ་སྨོས་པར་ཟུར་གྱིས་གཞན་ལ་བརྗོད་པའི་ཚུལ་གྱིས་གཞོགས་འཕྱས་བྱས་ཀྱང་རུང་ལྟུང་བའི་བྱེད་པ་པོ་འགྱུར་རོ། །
གང་ཟག་གང་ལ་དེ་དག་ལྟུང་བའི་བྱེད་པ་པོ་ཡིན་ཞེ་ན། ལྟུང་པ་འབྱིན་པ་པོ་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་འཕྱ་བ་དང་གཞོགས་འཕྱས་བྱེད་པའི་གྲངས་སུ་བགྲངས་པ་ལ་ནི་གང་ཟག་བཅུ་གཉིས་པོ་དེ་དག་ལྟུང་བྱེད་དངོས་གཞིའི་བྱེད་པོ་ཡིན་ལ། མ་བགྲངས་པ་ལ་ཉེས་བྱས་ཀྱིའོ། །བཟེ་རེ་ཅན་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལ་ནི། བསྐུལ་བ་དང་དྲན་པ་སོགས་མངོན་སུམ་དུ་བརྗོད་པར་མི་བྱའོ། །རང་ལ་མི་དགའམ་ཞེ་སྡང་བར་གྱུར་པ་དེ་དགེ་འདུན་གྱི་ལས་བྱེད་པས་རང་གིས་དངོས་སུ་ལས་སུ་བསྐོ་བར་མི་བྱ་ལ་གཞན་བརྒྱུད་ནས་བསྐོ་བར་བྱའོ། །འཕྱ་བའི་ལྟུང་བྱེད་དོ།། །།གཉིས་པ་ལ་བཞི་ལས། དགེ་འདུན་གྱི་བསླབ་བྱ་ནི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གླེང་པར་གཏོགས་པའི་བསྒོ་བ་དྲིས་པའི་ཚིག་ཚིག་གིས་རྣ་ལ་གཟོན་པ་མི་མཐུན་པར་བྱེད་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང༌། གང་ཟག་སྔར་བསྟན་པ་བཅུ་གཉིས་པོ་རྣམས་ལ་ངོ་བོར་འཕྱ་བ་དང་ཟུར་གྱིས་གཞོགས་འཕྱས་བྱེད་པ་གསོལ་བ་འབའ་ཞིག་གིས་མི་བགྲང་བར་མི་བྱ་སྟེ། རྒྱུ་ངན་པ་གཏོང་བའི་དགོས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟུང་བ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་ཀོའུ་ཤམ་བིར། འདུན་པས་ལོག་ཐབས་བྱེད་པ། རྒྱུ་མཚན་ཕྱིར་བཅོས་རྒྱུན་ཆད་པ་དང་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་མཚན་མཐུན་པ། ཐ་སྙད་གསུམ་ལྡན། རྒྱུད་ཐ་དད་པ། བདག་ཉིད་ལ་ཆོས་དང་ལྡན་པར་བསྒོ་བ་པོ་ཡིན་པ། བདག་ཉིད་དེའི་གྲངས་སུ་བགྲང་བ། ཀུན་སློང་གཟོན་པར་འདོད་པ། སྦྱོར་མཐའ་འདྲ། གཉིས་པ་གཞུང་དོན་ནི། གང་བྱས་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་འགྱུར་
ཞེ་ན། དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དུ་འགྱུུར། ཀུན་སློང་ཇི་ལྟ་བུས་ཤེ་ན། རྣ་ལ་གཟོན་པ་དེར་འདུན་པས་སོ། །ཇི་ལྟར་གཟོན་ན་འགྱུར་ཞེ་ན། དྲིས་པ་ལས་གཞན་མི་མཐུན་པ་གཞན་བརྗོད་པས་སོ། །དཔེར་ན། འབྲུ་མར་གྱི་ལྷུང་བཟེད་ཀྱིས་འོང་བ་མཐོང་ངམ་ཞེས་དྲིས་པ་ན། དེ་མ་མཐོང་གི་དེའི་ལྷུང་བཟེད་ཐོགས་ཏེ་རྐང་གིས་འོང་བ་མཐོང་ངོ་ཞེས་པ་ལྟ་བུ། ཅང་མི་སྨྲ་བས་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ཡང་ཉེས་བྱས་སོ། །མི་དྲན་ནོ་ཞེས་རྣ་ལ་གཟོན་ན་ཡང་ཉེས་བྱས་སོ། །གསུམ་པ་ལྟུང་མེད་ནི། གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་འགྱུར་བ་ཡིན་ན། གཞན་བརྗོད་པའམ་ཅང་མི་སྨྲ་བ་ལ་ཉེས་པ་མེད་དོ། །དེའི་ཕྱིར་གཤེད་མ་དག་དགེ་སློང་ལ་གསད་པར་བྱ་བའི་ཕྱུགས་ལ་སོགས་པ་མཐོང་ངམ་ཞེས་འདྲི་བ་ལ། དགེ་སློང་གིས་དེ་ལ་རེ་ཞིག་མེ་ལྡེ་ཞིག་རེ་ཞིག་སྐོམ་འཐུང་ཞིག་རེ་ཞིག་ངལ་སོས་ཤིག །ནམ་མཁའ་མཐོང་ངོ༌། །སེན་མོ་མཐོང་ངོ༌། །མུ་སྟེགས་ཀྱིས་ཀུན་བཏགས་པའི་སེམས་ཅན་ལ་བསམས་ནས་དོན་དམ་པར་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་སྨྲ་ན་ལྟུང་བ་མེད་དོ། །བཞི་པ་བསླབ་བྱ་གཞན་བསྟན་པ་ནི། གནས་གང་དུ་གཞན་དག་འཐབས་ནས་བདེན་རྫུན་གྱི་ཆེ་གཞི་བྱ་དགོས་པའི་གནས་དེར་དགེ་སློང་གིས་བརྟེན་པར་མི་བྱའོ། །ཆེ་གཞི་ཕྱེ་བ་ལས་གཞན་གྱི་ལུས་སེམས་ལ་གནོད་པ་འབྱུང་བར་འགྱུར་བའི་སྒོ་མ་བཅད་པར་ཆེ་གཞི་དབྱེ་བར་མི་བྱའོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ།། །།གསུམ་པ་མལ་ཆ་ལ་གནོད་པ་ལ་གཉིས་ལས། གནས་མལ་ལ་གནོད་པའི་སྤྱི་དོན། གླེང་གཞི་མཉན་ཡོད་དུ་རབ་ཏུ་མང་པོས་དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་སྤྱོད་པ། ཉེས་པ་གནས་མལ་མང་པོ་བླ་གབ་མེད་པར་བཞག་པའོ། །རྒྱུ་མཚན་གནས་མལ་ཆུད་ཟོས་པ་དགེ་འདུན་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས།
གཞི་ལ། དངོས་པོ་དགེ་འདུན་གྱི་གནས་མལ་རུང་ཚད་ལྡན། ཕན་ཕུན་གྱི་ཉེན་དང་བཅས་པ། རང་ངམ་བསྐོས་པས་བཏིང་ངམ་བསྡུ་བར་ཁས་བླངས་པ། བསྡུ་བའི་སྦྱོར་བ་མ་བྱས་པའོ། །བདག་ཉིད་རྫ་འཕྲུལ་སོགས་དང༌། བར་ཆད་དང་ལྡན་པ་དང༌། དོན་ཁྱད་པར་ཅན་བསྒྲུབ་པའི་སྐབས་མིན་པའོ། །ཀུན་སློང་མལ་ཆ་མི་བསྡུ་བར་འདོད་པ། སྦྱོར་བ་གཞན་དུ་འགྲོ་བར་རྩོམ་པ། མཐར་ཐུག་འདོམ་བཞི་བཅུ་རྩ་དགུ་ལས་འདས་པའམ་ཕན་ཕུན་དུ་འགྱུར་བའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་ནི། ལྟུང་བ་འདིའི་རྒྱུ་གནས་མལ་དེ་གང་ཞེ་ན། མཚན་མོ་ཉལ་བའི་མལ་ཁྲི་དང༌། རྐང་རྟེན་གྱི་ཁྲིའུ་དང༌། སྟན་ནང་ཚངས་ཅན་དང༌། ལྭ་བ་བལ་ལས་བྱས་པའི་གོས་སྤུ་ཅན་དང༌། སྔས་ནང་ཚངས་ཅན་དང༌། གོར་བུ་སྟན་ཟླུམ་པོ་སོགས་ནི་གནས་མལ་ལོ། །གནས་མལ་འདུག་པའི་ཕྱོགས་དེ་ནས་བརྩམས་ཏེ་འདོམས་བཞི་བཅུ་རྩ་དགུ་ཚུད་ཆད་ནི་གནས་མལ་དེའི་ཉེ་སྐོར་རོ། །གནས་ལམ་འདུག་པའི་གཙུག་ལག་ཁང་དང་ཁང་ཁྱིམ་སོགས་རྩིག་པ་སོགས་ཀྱིས་བསྐོར་བ་ལ་ནི་སྒོ་ཁང་ནས་བརྩམས་ཏེ་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་རོ། །གནས་མལ་དེ་ལས་འདིའི་ཞིང་བཏང་བའི་ཕྱིར་གནས་མལ་བསྡུ་བ་མ་བརྗེད་དམ་བརྗེད་པས་ཀྱང་རུང་ཉེ་འཁོར་དེ་ལས་འདས་ཏེ་འགྲོ་བ་དང༌། གཙུག་ལག་ཁང་གི་ནང་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པར་གནས་མལ་ཕན་ཕུན་དུ་གྱུར་པ་ནི་ལྟུང་བ་འདིའི་རྒྱུ་ལྐོག་ཏུ་གྱུར་པ་ཡིན་ནོ། །གནས་སྐབས་གང་ལ་ཁ་ན་མ་ཐོ་བ་གང་དུ་འགྱུར་ཞེ་ན། གནས་མལ་ཕན་ཕུན་དུ་གྱུར་པའི་མདུན་རོལ་ཏུ་ནི་སྦྱོར་བའོ། །མཚམས་ལས་མ་འདས་ཀྱང་
ཕན་ཕུན་དུ་གྱུར་པ་དང༌། ཕན་ཕུན་དུ་མ་གྱུར་ཀྱང་མཚམས་ལས་འདས་པ་ལ་ནི་མཐའ་དངོས་གཞིར་འགྱུར་རོ། །གནས་མལ་བརྟུལ་བ་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་པ་ལ་ནི་སྦྱོར་མཐའི་ལྟུང་བ་དེ་དག་མི་འབྱུང་ངོ༌། །བླ་གབ་མེད་པར་གནས་མལ་བཏིང་ངམ་བཏིང་དུ་བཅུག་པའམ་སྡུད་པ་བཅོལ་བའི་དགེ་སློང་ཡོད་པ་ལ་ཡང་ལྟུང་བ་དེ་དག་མི་འབྱུང་ངོ༌། །སྲོག་དང་ཚུལ་ཁྲིམས་ཀྱི་བར་ཆད་དུ་གྱུར་པའམ་ཉམ་ང་བ་དང་ཕྲད་དམ་ཕྲད་དུ་ དོགས་པ ་ལ་ཡང་ལྟུང་བ་དེ་དག་མི་འབྱུང་ངོ༌། །གཞན་གྱིས་གནས་མལ་བླ་གབ་མེད་པར་བཏིང་བ་ལ་སྤྱོད་པ་ནི་རང་གིས་འདིང་བར་བྱེད་པ་པོ་དང་འདྲ་བས་དེས་བཅོལ་བའི་དགེ་སློང་མེད་པར་འགྲོ་བ་ལ་ཡང་ལྟུང་བ་འདིར་འགྱུར། གཉིས་པ་རྒྱས་བཤད་ནི། དགེ་སློང་གཉིས་ཀ་གཅིག་ཅར་གནས་མལ་ལ་སྤྱོད་སྤྱོད་པ་ལ་ནི་དུས་ཕྱིས་ལངས་པས་གནས་མལ་བརྟུལ་བ་བྱ་བ་དང་ལྡན་པ་ཡིན་ནོ། །གལ་ཏེ་གཉིས་ཀ་མཉམ་དུ་ལངས་ན་གཞོན་པས་གནས་མལ་བརྟུལ་བར་བྱའོ། །རྒན་གཞོན་མཉམ་པ་ཉིད་ཡིན་ན་གཉིས་ཀས་བརྟུལ་བར་བྱའོ། །བཅོལ་ཏེ་འགྲོ་བར་བཤད་ན། གང་ལ་བཅོལ་བར་བྱ་ཞེ་ན། ཚུལ་ཁྲིམས་ལ་གཡེལ་བའི་ངོ་ཚ་མེད་པ་དང༌། ནང་ཞེ་འགྲས་པ་དང་བཅས་པ་དང༌། རྒས་པ་དང་ན་བས་སྦྱོར་མི་བཟོད་པ་དང༌། བསྙེན་པར་མ་རྫོགས་པ་རྣམས་ལ་ནི་གནས་མལ་འདི་བརྟུལ་བ་བཅོལ་བར་བྱ་བ་མིན་པ་ཉིད་དོ། །བཅོལ་བའི་ངོ་བོ་གང་ཞེ་ན། བཅོལ་བ་ལྔ་སྟེ། གཙུག་ལག་ཁང་འདི་རེ་ཞེའམ། ལྟོས་ཤིག་ཅེ་འམ། གནས་མལ་འདི་རེ་ཞེའམ། སྡུས་ཤིག་ཅེའམ། སྒོ་ལྕགས་ཆུག་ཅིག་ཅེས་བྱ་བ་ལྟ་བུ་ནི་བཅོལ་བ་དག་ཡིན་ནོ། །སྔར་ཕན་ཕུན་དུ་གྱུར་པ་ཞེས་སྨོས་པ་དེའི་ངོ་བོ་གང་ཞེ་ན། ཕན་ཕུན་ནི་གསུམ་སྟེ། རླུང་གི་གནས་མལ་བཟློག་པ་དང༌། ཆར་པས་རིམ་པ་གཞན་སླེབ་པ་དང༌། སྲིལ་
ལ་སོགས་པས་ཀྱང་གནས་མལ་གྱི་རིམ་པ་གཞན་སླེབ་པའོ། །གནས་མལ་བླ་གབ་མེད་པར་འཇོག་པ་དེ་ལ། དགེ་འདུན་གྱི་གནས་མལ་ཉིད་ཡིན་གྱི་གང་ཟག་གི་མིན། དགེ་སློང་རང་ངམ་རང་གིས་བསྐོས་པས་བླ་གབ་མེད་པར་བཞག་པ་བྱས་པ་ལྟ་བུ་ནི་ལྟུང་བའི་བྱེད་པ་པོ་དག་ཡིན་ནོ། །གནས་སྐབས་གང་ལ་ལྟུང་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། ཕན་ཕུན་དུ་གྱུར་པ་མཐར་ཐུག་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གཉིས་པ་སེལ་བ་ནི། རེ་ཤིག་གི་དུས་སུ། གང་ཟག་གཞན་གནས་མལ་དེ་ལ་འདུག་པའི་བར་དུ་གནས་མལ་ཕན་ཕུན་དུ་གྱུར་ན་ཡང་ཉེས་བྱས་དེའོ། །གང་ཟག་གི་གནས་མལ་བླ་གབ་མེད་པར་བཞག་པ་ཆར་ལ་སོགས་པས་ཕན་ཕུན་དུ་གྱུར་ན་ཡང་ཉེས་བྱས་སོ། །བསླབ་པའི་གཞི་འདིའི་འོག་མ་གདིང་བ་དང༌། སྐྲོད་པ་དང༌། ཕྱིས་བསྣོན་དང༌། རྩ་བ་འབྱུང་བ་ལ་འདུག་པ་བཞི་ལ་ཡང་གང་ཟག་གི་གནས་སུ་ནི་ཉེས་བྱས་སོ། །དགེ་སློང་གིས་རེག་པར་བྱ་བ་མིན་པ་གསེར་ལ་སོགས་པ་ལ་བྱས་པའི་ཁྲི་ལ་སོགས་པ་མ་བརྟུལ་བ་ལ་ནི་ལྟུང་བར་མི་འགྱུར་ཏེ། དེ་དག་གླེང་བས་ཕན་ཕུན་དུ་མི་འགྱུུར་བའི་ཕྱིར་རོ། །གཉིས་པ་བསླབ་བྱ་ལ་ལྔ། འགྲོ་བར་ཆས་པ་དང་འབྲེལ་བའི་བསླབ་བྱ་དང༌། ཁྱིམ་དང་ནད་པ་དང༌། དགེ་བའི་ཕྱོགས་དང༌། གཙུག་ལག་ཁང་དང་ངོ༌། །དང་པོ་ལ་གཉིས་ལས་། བསོད་སྙོམས་པ་དང་འབྲེལ་བའི་བསླབ་བྱ་ནི། དགེ་སློང་གིས་བརྟུལ་བར་བྱ་བ་གནས་མལ་བླ་གབ་མེད་པར་བཏིང་སྟེ། རང་ཉིད་བསོད་སྙོམས་ལ་ཞུགས་པ་ན། གལ་ཏེ་རླུང་དང་ཆར་པ་འདས་ན་དགེ་སློང་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་གནས་མལ་དེ་དག་བརྟུལ་བར་བྱའོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་དེས་ཀྱང་རླུང་དང་ཆར་འོང་བ་མཐོང་ན་
གུས་པར་མྱུར་དུ་ཕྱིར་འོང་བར་བྱས་ཏེ། བསོད་སྙོམས་དེའི་དོན་ཉིད་ལ་སོང་ནས་གནས་མལ་ཕན་ཕུན་དུ་གྱུར་པ་ཉེས་པ་མེད་པ་ཡང་མིན། ལྟུང་བ་ན་སྨད་པ་ཡང་མིན་ཏེ། ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །གལ་ཏེ་གནས་མལ་བརྟུལ་བ། བརྗེད་པས་ཡུལ་གཞན་དུ་འགྲོ་ཞིང་ལམ་རིང་དུ་འདས་སམ་གནས་སུ་ཕྱིན་ནས་གནས་མལ་གླ་གབ་མེད་པར་གཞག་པ་དྲན་པ་རྙེད་ནས་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །ལམ་རིང་པོར་མ་ཕྱིན་པར་དྲན་པ་རྙེད་ན་ཕྱིར་ལྡོག་པར་བྱའོ། །གལ་ཏེ་དགེ་སློང་དེས་དགེ་སློང་ལམ་ནས་ཚུར་འོང་བ་ཞིག་དང་ཕྲད་པར་གྱུར་ན། གནས་མལ་བརྟུལ་བའི་ཕྱིར་ཚུར་འོང་བ་དེ་ལ་གནས་མལ་བརྟུལ་བ་བཅོལ་བར་བྱའོ། །གནས་མལ་བརྟུལ་བ་ཁས་བླངས་བའི་དགེ་སློང་དེ་གནས་མལ་གྱི་གནས་སུ་སོན་པ་ཉིད་ན་གནས་མལ་བརྟུལ་བ་དེ་བྱ་བ་ཉིད་དོ། །གཉིས་པ་གཞན་དང་འབྲེལ་བ་ནི། གནས་ནས་འཕགས་པར་འགྱུར་པ་ན། སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བའི་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བླ་གབ་ཡོད་པའམ་མེད་པ་ན་འདུག་ཀྱང་རུང་བསྡུ་བར་བྱའོ། །འགྲོ་བར་ཆས་པས་གལ་ཏེ་གནས་མལ་རྡུལ་ལ་སོགས་པས་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱའོ། །དེས་དུས་ཀྱིས་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་མི་འགྱུར་ན་གནས་མལ་དེ་ཁུངས་སུ་དབུལ་བར་བྱའོ། །ཡང་དུས་ཀྱིས་མི་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་གྱུར་ན་གནས་མལ་དེ་གཞན་ལ་བཅོལ་བར་བྱའོ། །སུ་ལ་བཅོལ་ཞེ་ན། དགེ་སློང་ལའོ། །དགེ་སློང་མེད་ན་དགེ་ཚུལ་ལ་བཅོལ་ལོ། །དགེ་ཚུལ་དེ་ཡང་མེད་ན་ཁྱིམ་བདག་ལ་བཅོལ་བར་བྱའོ། །བཅོལ་བར་བྱ་བ་ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ། ལྡེ་མིག་སྦས་ནས་འགྲོ་
བར་བྱའོ། །གལ་ཏེ་ལམ་ཁར་གནས་དེར་གཏོགས་པའི་དགེ་སློང་ཚུར་འོང་བ་མཐོང་ན་ལྡེ་མིག་སྦས་པའི་ཕྱོགས་དེ་དགེ་སློང་དེ་ལ་བརྗོད་པར་བྱའོ། །གཉིས་པ་ཁྱིམ་དང་འབྲེལ་བའི་བསླབ་བྱ་ནི། གལ་ཏེ་དགེ་སློང་སོང་བ་དེ་ཕྱིར་འོངས་པ་ན་དགེ་སློང་རྣམས་ཡོན་བདག་གི་ཁྱིམ་གཞན་དུ་མགྲོན་དུ་བོས་ཤིང་གཙུག་ལག་ཁང་གི་སྒོ་བཅད་པར་གྱུར་ན་དགེ་སློང་དེས་གཙུག་ལག་ཁང་གི་ཉེ་འཁོར་གྱི་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་སྟེ་དགེ་སློང་རྣམས་མགྲོན་དུ་བོས་བའི་ཁྱིམ་དེར་ཟས་ལ་འཇུག་པར་བྱའོ། །མགྲོན་དུ་བོས་བའི་ཁྱིམ་དེར་གཙུག་ལག་ཁང་གི་སྟན་དག་གཡར་པོར་སྦྱིན་ནོ། །ཁྱིམ་དེ་ནས་སྟན་དེ་རང་གིས་བསྐུར་བར་མི་བྱའོ། །འོ་ན་སུས་བསྐུར་ཞེ་ན། སྟན་བསྐུར་པ་དེ་ནི་ཁྱིམ་པ་དང༌། དགེ་ཚུལ་དག་གི་ལས་ཡིན་ནོ། །ཁྱིམ་པ་དང་དགེ་ཚུལ་མེད་ན། གནས་མལ་བསྐྱལ་བའི་ཕྱིར་ཁྱིམ་པ་ལ་བཅོལ་ཏེ་འདོང་པར་བྱའོ། །ཁྱིམ་བདག་དེ་དག་བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་གནས་མལ་བཞག་སྟེ་འདོང་པར་བྱའོ། །ཁྱིམ་པ་དེ་དག་གིས་མ་བསྐྱལ་ན་གནས་པར་བྱེད་པ་ལྷན་ཅིག་གནས་པ་དབྱར་དང་ཉེ་གནས་དག་གིས་སྟན་དག་བླང་བར་བྱའོ། །གནས་པར་བྱེད་པ་མེད་ན་དགེ་སློང་རང་གིས་བླླང་ངོ༌། །གལ་ཏེ་དགེ་འདུན་ཐམས་ཅད་ཀྱིས་བླང་དགོས་ན་ཐམས་ཅད་ཀྱིས་ལེན་དུ་འདོང་པའི་ཕྱིར་གཎྜི་བརྡུང་བར་བྱའོ། །དགེ་འདུན་ལ་བསྙེན་བཀུར་བྱེད་པའི་ཡོན་བདག་གིས་གཙུག་ལག་ཁང་དུ་ཡོན་བདག་རང་གི་དོན་དུ་སྟན་དག་གཡར་པོ་བྱེད་ན་སྦྱིན་པར་བྱའོ། །ཡོན་བདག་ལ་གཡར་དུ་བཏང་བའི་སྟན་དེ་དག་བསྲུང་བའི་ཕྱིར་དུ་དགེ་སློང་ཡང་བསྒོ་བར་བྱའོ། །བསྲུང་མ་དེས་ཁྱིམ་པ་བཟའ་བཏུང་སོགས་བྱེད་པའི་ནང་དུ་མི་འཇུག་པར་ཕྱོགས་གཅིག་ཏུ་བསྡད་པར་བྱའོ། །དེས་རང་གི་ལས་
བསམ་གཏན་དང་ཁ་ཏོན་སོགས་བྱའོ། །དེས་སྟན་ཆ་དེ་དག་ལ་སེམས་གཏད་པ་ཡང་བྱའོ། ཁྱིམ་པ་དག་དོང་ན་གདན་ཆ་དག་བརྟུལ་བར་བྱའོ། །སྟན་ཆ་ཁྱིམ་པས་མ་རུངས་པར་བྱས་པ་དགེ་སྐོས་ལ་སོགས་པས་བྱི་དོར་བྱའོ། །ཇི་ལྟར་བྱ་ན། ཆང་གིས་མ་རུངས་པར་བྱས་ན། ཆུ་དག་གིས་བཀྲུ་ཞིང་བྱི་དོར་བྱའོ། །སྣུམ་གྱིས་མ་རུངས་པར་གྱུར་ན་འདག་ཆལ་གྱིས་བྱི་དོར་བྱའོ། །མི་གཙང་པས་མ་རུངས་པར་གྱུར་ན་ས་འམ། འདག་རྫས་སམ་ལྕི་བས་བྱི་དོར་བྱའོ། །ཐགས་མ་མི་གཙང་བར་གྱུར་པ་འདག་རྫས་ཀྱིས་མ་དག་ན་བཅད་དེ་དོར་བར་བྱའོ། །ཁྱིམ་པ་འདུག་འདུག་པའི་སྟན་མ་བརྟུལ་བ་མཐོང་ན་སུ་མཐོང་བས་བརྟུལ་བར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་མཐོང་བ་པོ་རྒས་པ་དང་ན་བས་སྦྱོར་མི་བཟོད་པ་ཡིན་ན། དགེ་སྐོས་ཀྱིས་བརྟུལ་བར་བྱའོ། །རྒན་པོའམ་ནད་པ་དེས་སྟན་ཆ་མ་བརྟུལ་བར་མཐོང་བ་དེ་དགེ་སྐོས་ལ་སྦྲོན་པར་བྱ་བ་ཉིད་དོ། །གསུམ་པ་ནད་པ་དང་འབྲེལ་པའི་བསླབ་བྱ་ནི། མཚམས་དེར་གཏོགས་པའི་དགེ་སློང་མིན་པ་ཐམས་ཅད་ཀྱིས་ནད་པ་བལྟ་བར་བྱའོ། །འདུག་སྟེ་བལྟ་བར་བྱའི་འགྲང་སྟེ་མིན་ནོ། །ནད་པ་བལྟ་བ་དེར་དགེ་སློང་རྣམས་ཀྱིས་རང་གི་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ། །སུས་སྟན་བཤམ་ཞེ་ན། ནད་པའི་ནད་གཡོག་གིས་དེར་དགེ་སློང་དག་འཁོད་པའི་སྟན་བཤམ་པར་བྱའོ། །བཞི་པ་དག་པའི་ཕྱོགས་བརྩམ་པ་དང་འབྲེལ་བའི་བསླབ་བྱ་ནི། མཁན་པོའམ། སློབ་དཔོན་ཉིན་པར་དགེ་བའི་ཕྱོགས་ལ་འགྲོ་ན་སློབ་མ་དང་ཉེ་གནས་དག་གིས་མཁན་སློབ་ཀྱི་ཕྱི་བཞིན་འགྲོ་བ་ལས་གཞན་གྱིས་དགེ་བའི་ཕྱོགས་མི་འཕེལ་ན། མཁན་སློབ་གྱི་ཕྱི་བཞིན་འགྲོ་བར་བྱའོ། །མཁན་སློབ་དེ་འདུག་པའི་ཕྱིར་དུ་སློབ་མ་རང་གིས་སྟན་བསྐུར་བར་བྱའོ། །བདག་ཀྱང་ཕྱི་བཞིན་འགྲོའོ་ཞེས་འགྲོ་བ་མ་ཞུས་པར་སྟན་མི་བསྐུར་
རོ། །སློབ་མས་ཕར་ཁྱེར་པའི་སྟན་དེ་མཁན་སློབ་རང་ཉིད་ཀྱིས་ཕྱིར་བསྐུར་རོ། །བླ་གབ་མེད་པར་ཆོས་ཉན་དུ་བཅུག་པ་ན་རླུང་དང་ཆར་བྱུང་ན་གནས་མལ་བརྟུལ་བར་བྱའོ། །དེའི་ཚེ་རྒན་པོ་རྣམས་ཀྱི་གནས་མལ་ལྕི་བ་ཉིད་ཀྱིས་རང་གིས་བསྐུལ་མ་ནུས་ན་གཞོན་ནུ་རྣམས་དང་ལྷན་ཅིག་ལྕི་ཡང་བརྗེ་བར་བྱའོ། །ཁྲི་དང་གོར་བུ་ལ་སོགས་པའི་གནས་མལ་མཐུན་པ་དང་མཐུན་པ་ལྷན་ཅིག་ཏུ་གཞག་པར་བྱའོ། །ལྔ་པ་གཙུག་ལག་ཁང་དང་འབྲེལ་བའི་བསླབ་བྱ་ནི། གཙུག་ལག་ཁང་གཞན་དུ་གདན་ཆ་དང་མཆོད་རྫས་སོགས་བརྙན་དགེ་སློང་རྣམས་ཀྱིས་བསྐུར་བར་བྱའོ། །ཐམས་ཅད་དུ་བསྐུར་རམ་ཞེ་ན། གལ་ཏེ་དེ་ཉིད་ཀྱི་ཚེ་ཆར་འབབ་པའམ། དེའི་འོག་ཏུ་ཆར་འབབ་ཏུ་ དོགས་པ ་མེད་ན་བསྐུར་བར་བྱའོ། །གལ་ཏེ་ལམ་ཁར་རླུང་དང་ཆར་བྱུང་ན་བསྲུང་བའི་དགེ་སློང་གིས་ཤིང་ལྗོན་པའམ་རྩིག་དྲུང་དུ་རྫས་དེ་དགུ་བཅེར་བར་བྱའོ། །རྫས་ཐམས་ཅད་ཀྱི་ནང་ནས་རྫས་ངན་པ་ཞིག་གིས་དེ་དག་གཡོག་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་རྫས་གཤེར་བ་རྣམས་བསྐམ་པར་བྱའོ། །གཙུག་ལག་ཁང་དུ་མེ་ཤོར་བའམ་ཆུ་བྱུང་ན། དགེ་འདུན་གྱི་ཡང་གདོན་པར་བྱའོ། །གང་གི་ཚེ་ཞེ་ན། རང་གི་ལྷུང་བཟེད་དང་ཆོས་གོས་དག་ཐོན་ཟིན་ན་དེའི་འོག་ཏུ་དགེ་འདུན་ཀྱི་ཡང་གདོན་པར་བྱ་སྟེ། གང་ཟག་ནི་ཕོངས་པར་འགྱུར་གྱི་དགེ་འདུན་ཕོངས་པར་མི་འགྱུར་བའི་ཕྱིར་རོ། །མེ་དང་ཆུའི་ནང་ནས་བཏོན་ཟིན་པའི་རྫས་བསྲུང་བའི་ཕྱིར་འདོན་པའི་ལས་ཀྱི་འོས་སུ་མི་རུང་བའི་དགེ་སློང་ཆེན་པོ་མི་ནུས་པ་བཞག་པར་བྱ། མེ་དང་ཆུ་མི་བཟོད་པ་ཁྱད་དུ་གསོད་དུ་མི་རུང་བའི་ནང་དུ་རྫས་འདོན་པའི་ཆེད་དུ་འཇུག་པར་མི་བྱའོ། །གནས་མལ་གྱི་ལྟུང་བྱེད་དོ།། །།གཉིས་པ་གདིང་བ་ལ་གནོད་པ་ལ་བཞི་ལས། དང་པོ་བསླབ་བྱ་ནི། ཁྱིམ་པའི་ཁྱིམ་གཞན་དུ་རྩྭ་དང་ལོ་མ་ལ་
སོགས་གདིང་པ་རང་གིས་བྱས་སམ་གཞན་འདིང་དུ་བཅུག་པ་འགྲོ་ཁར་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ། །དགོན་པར་རྩྭ་ལ་སོགས་པ་བཏིང་བ་ནི་དོར་བ་འམ་ཡང་ན་སློང་བར་བྱའོ། །སློང་བ་དེ་ནི་མགོ་འམ་མཇུག་ལྡོག་པ་བྱས་པ་ཉིད་དོ། །གོས་དག་བསྐམ་པའི་ཕྱིར་རྩྭ་གཅལ་དུ་བཏིང་བ་ཡང་དོར་བར་བྱའོ། །རྩྭ་གཏིང་བ་དག་གལ་ཏེ་འགའ་ཞིག་སློང་བ་ལ་འདོར་རམ་ཞེས་དྲིས་ནས་འདོར་བར་ཁས་ལེན་ན་དེ་ལ་སྦྱིན་ནོ། །དགེ་སློང་ཡུན་རིང་དུ་འཆག་པ་དགེ་བའི་ཕྱོགས་རྒྱ་ཆེར་བྱེད་པ་དག་གིས་འཆག་ས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱའོ། །འཆག་སར་གཏིང་བའི་རྩྭ་དེ་དག་ཀྱང་དོར་བར་བྱའོ། །གནས་དེར་འཆག་པ་གཏོང་ཞིང་ཡུལ་གཞན་དུ་འགྲོ་ན་བཏིང་བའི་རྩྭ་རྣམས་དོར་བར་བྱ་བ་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་དགྲམ་དུ་རུང་བ་རྣམས་དོར་བར་བྱའོ། །གཏོང་བའི་དུས་ལས་གཞན་གྱི་ཚེ་ནི་རྩྭ་ལ་སོགས་པ་དེ་དག་ལ་དུས་དུས་སུ་སྲོག་ཆགས་ཡོད་མེད་སོ་སོར་བརྟག་པ་དང༌། སྲོག་ཆགས་མི་སྐྱེ་བའི་ཕྱིར་བསྒྱུར་སློག་བྱའོ། །དུས་ཇི་ཙམ་ན་བྱ་ཞེ་ན། ས་གཞི་སྣུམ་པ་གཤེར་བ་དང་མཉེན་ཅིང་དངར་བ་ཡོད་སར་ནི་ཉིན་རེ་ཞིང་ལན་རེ་བསྒྱུར་སློག་བྱའོ། །ས་སྣུམ་པ་དངར་བ་ལས་གཞན་པའི་ཡུལ་དུ་ནི། ཟླ་བ་ཕྱེད་ཅིང་ལན་རེ་བསྒྱུར་སློག་བྱའོ། །འཆག་ས་དག་ཏུ་རྙིང་པ་དོར་ནས་གསར་པ་གཞན་དགྲམ་པའི་ཕྱིར་རྩྭའི་ཆུན་པོ་དག་ཐག་པས་བཅིངས་ཏེ་ཤིང་ལྗོན་པ་ལ་སྦྱང་ཞིང་བཞག་པར་བྱའོ། །འདག་རྫས་ཀྱི་རྒྱུ་ལྕི་བ་འཆག་སའི་ཉེ་འཁོར་དུ་གྱོ་མོར་བཞག་པར་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་འདྲ་བར་བསྟན་པ་ནི། གནས་ནས་འཕགས་པ་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་སྔར་ཐལ་བ་རྣམས་གདིང་བའི་བསླབ་པའི་གཞི་འདིར་ཅི་རིགས་པར་སྦྱར་བར་བྱའོ། །དེར་ཁྲི་དང་ཁྲིའུ་ཞེས་སོགས་སྨོས་པ་འདིར་མི་སྦྱར་བར་དེའི་
སར་བཏིང་བའི་རྩྭ་ལ་སོགས་པ་སྦྱར། གཉིས་ཀ་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་ཞེས་སོགས་མི་སྦྱོར་བར། དེའི་གནས་སུ་ཅིག་ཅར་སྤྱོད་པ་ནི་འདྲ་བ་ཉིད་རང་རང་གིས་ལོངས་སྤྱད་པ་དེ་དོར་བར་བྱའོ། །གསུམ་པ་བསླབ་བྱ་སྤྱིར་བཤད་པ་ནི། དགེ་འདུན་གྱི་གཙུག་ལག་ཁང་མིན་པར་བཏིང་བ་དོར་བ་ནི་གནས་དེའི་བདག་པོ་རྣམས་ལ་དྲིས་ནས་དོར་བར་བྱ་བ་ཉིད་ཡིན་ནོ། །བཞི་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ་གླེང་གཞི། མཉན་ཡོད་དུ་ལྷོ་ཕྱོགས་ནས་ཀྱི་དགེ་སློང་གཉིས་ཉོན་མོངས་པ་སྔ་མ་བཞིན་ནོ། །རྒྱུ་མཚན་གཙུག་ལག་ཁང་ཆུད་ཟོས་པ་དང༌། གདིང་བ་ལོངས་སྤྱད་དུ་མ་འདོད་པས་གནོད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། གནས་དགེ་འདུན་གྱི་གཙུག་ལག་ཁང་ཆུད་ཟ་བའི་རྐྱེན་དང་བཅས་པ་གནས་ཀྱི་མཚན་ཉིད་དུ་གྲུབ་པའོ། །དངོས་པོ་རྩ་དང་ལོ་མའི་གདིང་བ་ཡིན་པ་སྦྱོར་གཞན་འདྲ། གཞུང་དོན་ནི། གནས་དེ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། འོག་གཞི་རྡོ་བ་དང༌། བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མིན་པ་ཉིད་དང༌། སྲོག་ཆགས་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་ས་གཞིར་དགེ་སློང་རང་དང་རང་གིས་བསྐོས་པས་རྩའི་གདིང་བ་བྱས་པ་ཉིད་ལྟ་བུ་ནི་ལྟུང་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །གདིང་བའི་ལྟུང་བྱེད་དོ།། །།བཞི་པ་གང་ཟག་ལ་གནོད་པ་ལ་གཉིས་ལས། སྐྲོད་པ་ལ་གཉིས་ལས། སྤྱི་དོན། གླེང་གཞི། མཉན་ཡོད་དུ་འཆར་ཀས་གནོད་སེམས་ཀྱིས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པའོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། གནས་དགེ་འདུན་གྱི་གཙུག་ལག་ཁང་གནས་ཀྱི་མཚན་ཉིད་དུ་གྲུབ་པའོ། །ཡུལ་དགེ་སློང་ཆོས་དྲུག་ལྡན་དེར་ཞུགས་པའོ། །ཀུན་སློང་ཕན་མི་འདགས་པ་སྐྲོད་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་སྐྲད་པར་རྩོམ་
པའོ། །མཐར་ཐུག་ཉེ་འཁོར་ལས་འདས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། སྐྲོད་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཡིན་ཞེ་ན། གང་བསྐྲད་པར་བྱ་བ་དགེ་སློང་ཉིད་དང༌། གང་ནས་བསྐྲད་པར་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །བསམ་པ་ཐམས་ཅད་ལ་དེ་ཉིད་བྱེད་པ་པོ་ཡིན་ནམ་ཞེ་ན། གལ་ཏེ་བསྐྲད་པར་བྱ་བའི་དགེ་སློང་དེ་ལ་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བའི་གནོད་པ་སྐྱེ་བར་ དོགས་པའམ། སྐྱེས་པ ་ཉེ་བར་ཞི་བར་མི་འགྱུར་བའི་གཉེན་པོར་དང༌། དགེ་འདུན་གྱི་འཁྲུག་པ་སྐྱེ་བར་ དོགས་པ ་དང༌། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བའི་གཉེན་པོར་སྐྲོད་པར་འདོད་པ་མིན་ན་གཉིས་པོ་དེ་ལྟུང་བའི་བྱེད་པ་པོ་ཡིན་ནོ། །དེ་གཉིས་ཀྱི་གཉེན་པོར་ན་ལྟུང་བ་མེད་དོ། །དེ་གཉིས་གང་ལ་བྱེད་པ་པོ་ཡིན་ཞེ་ན། དགེ་སློང་སྐྲོད་པ་ལའོ། །སུས་ཤེ་ན། རང་ཉིད་དུ་མ་ཟད་དགེ་སློང་གཞན་གྱིས་ཀྱང་སྐྲོད་པར་བྱེད་ན་དངོས་གཞིར་འགྱུར་རོ། །གཞན་གྱིས་བཅོལ་བའི་སྒོ་ནས་གཞན་གྱི་རྗེས་སུ་འཇུག་པས་ཀྱང་དགེ་སློང་གཙུག་ལག་ཁང་ནས་སྐྲོད་ན་ལྟུང་བྱེད་དོ། །སེལ་བ་ནི། དགེ་སློང་གིས་དགེ་སློབ་མ་དང༌། དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་དགེ་སློང་སྐྲོད་དུ་བཅུག་ན་བསྒོ་བ་པོ་ལ་ལྟུང་བྱེད་དང༌། དེ་དག་ལ་ཉེས་བྱས་ཀྱི་བྱེད་པ་པོའོ། །དགེ་སློབ་མ་ལ་སོགས་པ་དེ་དག་ཀྱང་སྐྲོད་ན་ཉེས་བྱས་སོ། །བཞད་གད་ཀྱིས་བསྐྲད་ཀྱང་ཉེས་བྱས་སོ། །དགེ་སློང་གཙུག་ལག་ཁང་ནས་སྐྲོད་པར་བྱེད་པའི་ཁྱིམ་པ་རྣམས་ལ་ནི་བསོད་ནམས་མིན་པ་མང་པོ་བྱེད་པ་ཉིད་དོ། །འོ་ན་སྐྲོད་པའི་ཁ་ན་མ་ཐོ་བ་འདི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནམ་མིན། ཡིན་ན་རྐྱེན་ལ་ལྟོས་ཏེ་གནང་བ་དང་འགལ། མ་ཡིན་ན་ཁྱིམ་པ་ལ་བསོད་ནམས་མིན་པ་འབྱུང་བ་དང་འགལ་ཞེ་ན། སྐྲོད་པའི་ཉེས་པ་འདི་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡིན། ཁྱིམ་པ་ལ་བསོད་ནམས་མིན་པ་འབྱུང་
པར་གསུངས་པ་ནི་ཞེ་སྡང་གློ་བུར་བ་དང་འབྲེལ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། །སྐྲོད་པའི་ལྟུང་བྱེད་དོ།། །།གཉིས་པ་ཕྱིས་གནོན་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་གཉིས་འདྲ། ཉོན་མོངས་པ་མཐོ་འཚམས་པའོ། །རྒྱུ་མཚན་སོགས་འདྲ་བ་ལ། སྔར་ཞུགས་པ་ཞེས་སྦྱར། ཀུན་སློང་ན་བ་སོགས་མིན་པས། ཕྱིས་གནོན་བྱེད་འདོད་པའོ། །སྦྱོར་བ་ལུས་ངག་གང་རུང་གི་རྩོམ་པའོ། །མཐར་ཐུག་ཡུལ་གྱི་དོན་གོ་བའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། ཕྱིས་གནོན་བྱེད་པའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཤེས་གཙོ་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་སྔར་ཞུགས་པ་ཉིད་ལའོ། །དམིགས་བསལ་ནི། བདག་ཉིད་ན་བ་དང༌། ཆོམ་རྐུན་པ་ལ་སོགས་པས་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པ་ལའོ། །ཕྱིས་གནོན་ནི། གཞན་གནས་པའི་གནས་སུ་གཞན་དེ་མ་དད་བཞིན་དུ་འདུག་པ་སྟེ་ཟིལ་གྱིས་གནོན་པའོ། །གཉིས་པ་ཕྱིས་གནོན་དཔེར་བསྟན་པ་ནི། ཕྱིས་གནོན་བྱེད་པ་དེ་ནི་མཐོ་འཚམས་པ་དག་གི་དཔེ་སྟེ། མཐོ་འཚམས་པར་འདུག་པས་དགེ་སློང་ལ་ཅུང་ཟད་མཐོ་འཚམས་པ་དག་ཀྱང༌། བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་དོ། །བར་སྡོམ་ལས། ངན་དང་གསོད་དང་གྲང་དྲོ་དང༌། །ཆོལ་ཟངས་དང་ནི་བཀྲུ་སྨན་དང༌། །རྣལ་འབྱོར་མཐུན་དང་ཁ་ཏོན་དང༌། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་གསུངས་པ་རྣམས་བསྡུས་པ་ཡིན་ནོ། །འདི་ལ་ཁ་ཅིག །ཕྱིས་གནོན་ལ་འདིར་འགྱུར་གྱི་ངག་གི་མཐོ་འཚམས་ལ་ཉེས་བྱས་ཞེས་ཟེར་ལ། ཁ་ཅིག་བཅུ་པོ་དེ་ལས་གཞན་ལ་ཉེས་བྱས་ཏེ། མདོ་ལས་སྤྱིར་གསུངས་ཤིང་ལུང་དུ་དགེ་སློང་ལ་དགེ་སློང་གིས་ཇི་ཙམ་ཅུང་ཟད་མཐོ་འཚམས་པ་བྱེད་ན། ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །
ཞེས་དང༌། རྣམ་ཊཱིཀ་ཏུ་ནི་དེ་ལྟར་བཤད་ཅིང༌། ཊཱིཀྐར། བསྒོ་བ་རྣ་ལ་གཟོན་པ་ལ་སོགས་པ་དག་ལ་ཡང་སྤྱིར་མཐོ་འཚམས་པ་ཡོད་མོད་ཀྱི་འོན་ཀྱང་གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་ཡོད་པའི་ཕྱིར་ལྟུང་བྱེད་ཐ་དད་པ་ཉིད་ཡིན་ནོ། །ལྟུང་བྱེད་དུ་བསྟན་པའི་མཐོ་འཚམས་པ་དེ་དག་ལས་གཞན་པའི་མཐོ་འཚམས་པ་ནི་ཐམས་ཅད་ཉེས་བྱས་སོ། །ཞེས་གསུངས་པས། འདིའི་ཡན་ལག་ཏུ་གཙུག་ལག་ཁང་དུ་སྔར་ཞུགས་པ་ལ་མཐོ་འཚམས་པ་དགོས་པ་ཡིན་ནོ། །ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ།། །།ལྔ་པ་གནས་དངོས་ལ་གནོད་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་མཉན་ཡོད་དུ་ཉེར་དགས་ཉོན་མོངས་པ་མཐོ་འཚམས་པའོ། །རྒྱུ་མཚན་གཙུག་ལག་ཁང་དང་བདག་པོ་དགེ་འདུན་ལ་གནོད་པ་སོགས་ཡན་ལག་ལ་བཞི་ལས། གཞི་ལ། གནས་གཙུག་ལག་ཁང་གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཐོག་རྡོལ་བའི་ཉེན་དང༌བཅས་པའོ། །དངོས་པོ་ཁྲིའམ་ཁྲིའུ་ཚད་ལྡན་རྩ་བ་ཕུར་བུ་ལྟ་བུ་ཡིན་པ། བཀན་པ་སོགས་མིན་པའོ། །ཀུན་སློང་ཉལ་འདུག་བྱེད་འདོད་པ། སྦྱོར་བ་ལུས་ཀྱིས་རྩོམ་པ། མཐར་ཐུག་རྫོགས་པའོ། །གཞུང་དོན་ལ་གསུམ། བྱེད་པ་པོའི་མཚན་ཉིད། དངོས་པོའི་སེལ་བ་ལ་ལྟུང་བ་མེད་པ། སྦྱོར་བ་དང་འདུ་ཤེས་ཀྱི་མཚན་ཉིད་དོ། །དང་པོ་ནི། རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་པོ་ཡིན་ནོ། །དམིགས་བསལ་ནི། གལ་ཏེ་སྟེང་གི་ཐོག་ཉའི་རྒྱབ་ལྟར་བྱིན་གྱིས་གཞོལ་བ་ཉིད་དམ། སྤང་ལེབ་ཉིད་དམ། སྤང་ལེབ་དེ་དང་འདྲ་བ་རྫས་སྲ་བ་གཞན་གྱིས་གཡོགས་པ་མིན་ན་བྱེད་པ་པོ་ཉིད་ཡིན་ནོ། །ཐོག་བྱིན་གྱིས་གཞོལ་པ་ལ་སོགས་པ་ཡིན་ན་ལྟུང་བ་མེད་དོ། །བྱེད་པ་པོ་དེ་ཙམ་དུ་ཟད་དམ་ཞེ་ན། མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཕུར་བུ་ལྟ་བུ་རྣོ་བ་ཉིད་ཀྱང་བྱེད་པ་པོ་ཡིན་ནོ། །གཉིས་པ་ནི། དེ་
ལྟ་བུ་དེ་དུས་ཐམས་ཅད་དུ་བྱེད་པ་པོ་ཡིན་ནམ་ཞེ་ན། ཁྲི་ལ་སོགས་པ་གན་རྐྱལ་བཀན་པ་ཉིད་དང༌། མ་བཀན་པ་ཡང་རྟེན་བཅུག་པ་ཉིད་ནི་ལྟུང་བའི་བྱེད་པ་པོར་མ་གཏོགས་སོ། །གསུམ་པ་ནི། གང་ལ་སྟེང་གི་ཐོག་ཉིད་དང༌། རྩ་བ་ཕུར་བུ་ལྟ་བུ་དེ་གཉིས་བྱེད་པ་པོ་ཡིན་ཞེ་ན། མནན་པར་འོས་པའི་ཁྲི་ལ་སོགས་པ་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་ནས་གནོན་པ་ལའོ། །དེ་དག་ལ་ཤེས་གཙོའོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ།། །།དྲུག་པ་གཞན་གྱི་སྲོག་ལ་གནོད་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་ཀོའུ་ཤམ་བིར་འདུན་པས་ཤེས་བཞིན་མིན་པའོ། །རྒྱུ་མཚན་གཞན་གྱི་སྲོག་ལ་གནོད་པ་དང༌། མི་མིན་དང་ཐུག་ནས་རང་གི་ལུས་སྲོག་ལའང་གནོད་པ་དང་མ་དད་པ་སོགས་ཡན་ལག་ལ་བཞི་ལས། གཞི་ལ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ། ཐ་མལ་བའི་མིག་ལ་སྣང་དུ་རུང་བ། རྩྭ་ཤིང་ལ་སོགས་པའི་གཞི་དང་བཅས་པ། ཀུན་སློང་གཞན་ཆེད་དུ་ལོངས་སྤྱོད་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལོངས་སྤྱོད་པར་རྩོམ་པ། མཐར་ཐུག་དེ་ཤི་བའོ། །གཞུང་དོན་ནི། བསླབ་པའི་གཞི་འདི་དང་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་གཞི་གཉིས་ཕལ་ཆེར་ཚུལ་འདྲ་ཡང་སྲོག་ཆགས་དང་བཅས་པའི་ཚུལ་དེར་ཤེས་བཞིན་དུ་ལྟུང་བ་འབྱིན་པ་པོ་རང་སྤྱོད་པའི་དོན་དེ་ལས་གཞན་རང་སྤྱོད་པ་མིན་པར་རྩྭའམ་ལྕི་བ་ལ་སོགས་པ་ལ་འདེབས་པའི་དོན་ལ་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་པ་ལ་ལྟུང་བ་འདི་བཞག་ལ། རང་དོན་དུ་སྤྱོད་པ་ལ་བསླབ་པའི་གཞི་འོག་མ་བཞག་གོ །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དོ།། །།གསུམ་པ་གནས་བསྒྲུབ་ལུགས་ལས་གྱུར་པ་ལ་གསུམ། བསླབ་བྱ། རྣམ་གཞག །ལྟུང་མེད་དོ། །དང་པོ་ནི། སྒོ་སྐྱེས་ལ་སོགས་པའི་སྒོ་ཆ་གཞུག་པར་བྱའོ། །སྒོ་གླེགས་དག་ཀྱང་
གཞུག་པར་བྱའོ། །ངོས་ཀྱི་སྐར་ཁུང་དག་ཀྱང་གདོད་པར་བྱའོ། །གཉིས་པ་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི་ཀོའུ་ཤམ་བིར། དྲུག་སྡེས། བརྙས་པ་མི་བཟོད་པའོ། །རྒྱུ་མཚན་གནས་བརྩམ་པ་ཚེ་ཐུང་བ་དང༌། སྦྱིན་བདག་གི་ཡོ་བྱད་ཆུད་ཟ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ་དངོས་པོ་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ། འཇིག་ཉེན་དང་བཅས་གཞན་གྱིས་བཟོ་རྩོམ་མ་བྱས་པ། བདག་ཉིད་ཆར་ཆུ་བསྐྱབ་པའི་སྦྱོར་བ་མ་བྱས་པ་དང༌། ཡོན་བདག་གིས་མ་བསྐུལ་བའོ། །དུས་འཇིམ་པས་སྦྱར་བ་སོགས་གཞི་མ་བྱས་ན་ཉི་མ་ཐ་དད་ལའང་བསྐྱེད་པས་དེ་དག་བྱས་ན་ཉི་མ་གཅིག་གི་དུས་ཡིན་པ། ཀུན་སློང་བརྩིག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་རིམ་པ་བཞི་པ་འཁོརཾ་བའོ། །གཞུང་དོན་ནི། གཙུག་ལག་ཁང་གི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །ཚད་ཇི་ཙམ་ཞེ་ན། འཆག་པ་ལ་སོགས་པའི་སྤྱོད་ལམ་བཞི་ཤོང་བའོ། །གཙུག་ལག་ཁང་དེ་ལྟ་བུ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། གལ་ཏེ་གཙུག་ལག་ཁང་གི་རྨང་ལ་སོགས་པ་ཐམས་ཅད་རྡོ་འམ་སོ་ཕག་སོ་བཏང་བའམ་ཤིང་ལས་བྱས་པ་མིན་ན་བྱེད་པ་པོ་ཡིན་ནོ། །དགེ་འདུན་གྱི་གཙུག་ལག་ཁང་དུ་མ་ཟད་གང་ཟག་དང་ཁྱིམ་པ་དབང་བ་ཡང་བྱེད་པ་པོ་ཡིན་ནོ། །ཆར་ཆུ་བསྐྱབ་པའི་ཕྱིར་ལོ་མ་ལ་སོགས་པས་འཕྲོ་མ་གཡོགས་ན་ཡང་བྱེད་པ་པོ་ཡིན་ནོ། །རྟེན་ཐམས་ཅད་ལ་བྱེད་པ་པོ་ཡིན་ནམ་ཞེ་ན། ཡོན་བདག་གིས་གཙུག་ལག་ཁང་བྱས་སམ་བལྟའོ་བྱས་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལ་བྱེད་པ་པོ་ཡིན་གྱི་ཡོན་བདག་གིས་དེ་སྐད་སྨྲས་ན་ལྟུང་བ་མེད་དོ། །གང་ལ་དེ་བྱེད་པ་པོ་ཡིན་ཞེ་ན། ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་ལ་བྱེད་པ་པོ་ཡིན་བདག་ཉིད་ཁོ་ནས་བརྩིག་པ་ལ་བྱེད་པ་པོ་ཡིན་ནམ་ཞེ་ན། རང་གིས་བསྐོས་པ་གཞན་གྱིས་བརྩིགས་ན་ཡང་བྱེད་པ་པོ་ཡིན་ནོ། །གང་གི་ཚེ་བརྩིགས་ན་ཡིན་ཞེ་ན། ཉི་མ་གང་ལ་རིམ་
པ་གསུམ་བརྩིགས་པའི་ཉི་མ་དེ་ཉིད་ལ་བཞི་པ་བརྩིགས་ནའོ། །དེར་མ་ཟད་ཉི་མ་གཞན་ལ་ཡང་འཇིམ་པ་མེད་པར་རིམ་པ་གསུམ་ལས་ལྷག་པ་བརྩིགས་ན་ཡང་གཙུག་ལག་ཁང་དེ་ལྟུང་བའི་བྱེད་པ་པོ་ཡིན་ནོ། །དེས་ན་འཇིམ་པ་མེད་པ་ཡང་རིམ་པར་བགྲང་བར་བྱའོ། །རང་གི་གནས་སུ་ཆུ་ཁུང་དག་མ་གཏོད་པ་ལ་ཡང༌། ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པ་བརྩིགས་ན་བྱེད་པ་པོ་ཡིན་ནོ། །ཆུ་ཁུང་གཏོད་པའི་གནས་ཡན་ཆད་ནས་རིམ་པ་གསུམ་བགྲང་བར་བྱའོ། །ས་བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་ཉིད་ཀྱང་ཉི་མ་གཞན་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བའི་བྱེད་པ་པོར་རུང་ངོ། །སྒོ་ཆ་གོང་མ་སྒོའི་ཡ་ཕུབས་སོགས་མ་བཅུག་པ་ཡང་ཉི་མ་གཞན་ལ་རིམ་པ་གསུམ་ལས་ལྷག་པ་བརྩིགས་ན་བྱེད་པ་པོར་རུང་ངོ༌། །གསུམ་པ་ལྟུང་མེད་ནི། རིམ་པ་ལྷག་པ་དང་པོ་བཞི་པའི་མདུན་རོལ་རིམ་པ་གསུམ་པ་བརྩིགས་པ་ལ་ནི་ཉེས་པ་མེད་དོ། །གཙུག་ལག་ཁང་གི་ལྟུང་བྱེད་དོ།། །།བཅུ་པ་གསུམ་པ་ལ་ལྔ། ཆོས་ཀྱི་གཞི་ལས་གྱུར་པ། གོས་ཀྱི། ལམ་གྱི། གནས་ཀྱི། ཟས་ཀྱིའོ། །དང་པོ་ལ། ལྟུང་བ་གསུམ་གྱི་དང་པོ་ལ་གསུམ། བསླབ་བྱ། རྣམ་གཞག །ལྟུང་མེད་དོ། །དང་པོ་ལ་གཉིས་ལས། སྤྱི་དོན་ལ་དྲུག །གང་ཟག་གང་བསྐོ་བ། གང་གིས། ཆོ་ག །དུས། གནས། དགོས་པའོ། །དང་པོ་རྫོགས་པའི་སྡོམ་པ་དང་ལྡན་པ་ཕམ་ལྷག་དང་མི་ལྡན་པ། ལོ་ཉི་ཤུ་ལོན་པ། ལྟ་མཚན་མཐུན་པ། ཐ་སྙད་གསུམ་ལྡན། ས་དང་གཟུགས་ཐ་མལ་པར་གནས་པ། མཚམས་ནང་ན་གནས་པ། ཚོགས་ལོངས་པ། གྲོང་ཁྱེར་པའི་སྐད་སྨྲ་བ་སྡེ་སྣོད་གསུམ་ནས་ཚོགས་ཀྱི་བར་གང་རུང་སྟོན་ནུས་པ་ཟའགྲོ་བ་བཞི་དང་བྲལ་བ། བསྐོས་ཟིན་པ་མིན་པའོ། །གཉིས་པ་གྲངས་ཚང་པ། ཁ་བསྐང་པར་འོས་པ་མི་མཐུན་པ་མེད་པ་སྟེ་ཆོས་གསུམ་
ལྡན་ནོ། །གསུམ་པ་སྦྱོར་བ་འདུ་བའི་སྐབས་བསྒྲུབ་ཅིང་སྤྲོ་བ་དྲིས། དངོས་གཞི་གཉིས་ཀྱི་ལས་ཚང་བ་མ་ནོར་བ་མ་འཁྲུགས་པ། བཞི་པ། ཉ་ཤིའི་གསོ་སྦྱོང་གི་ཚེའོ། །ལྔ་པ་མཚམས་ནང་ངོ༌། །དྲུག་པ་དགེ་སློང་མའི་ཆོས་ཕུན་སུམ་ཚོགས་པ་དང་བསྟན་པ་སྤྱི་ལ་ཕན་པའོ། །གཞུང་དོན་ནི། དགེ་སློང་ཕམ་པར་གྱུར་པའི་ལྟུང་བ་མ་བྱུང་བ་མདོ་སྡེ་དང༌། འདུལ་བ་དང་མ་མོའི་ཚིག་དང་དོན་གྱི་སྒོ་ནས་འཛིན་པ། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བ། འདིས་གནས་བརྟན་རྒྱལ་ཚབ་ལྟ་བུར་བསྒྲུབ་པ་ཡིན་ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་དང་མཐུན་པའི་སྐད་སྨྲ་བ། དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཕྱིར་བཅོས་པར་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ། །ཉི་མ་གང་ལ་བསྐོ་ཞེ་ན། གསོ་སྦྱོང་བཅོ་ལྔ་པ་ལ་བསྐོའོ། །འདིས་གསོ་སྦྱོང་བཅུ་བཞི་པ་ཡང་བསྡུས་ཏེ། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བ་ནི་ཟླ་བ་དེའི་ངོ་ལ་ཞག་གཅིག་ཆད་པས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་བྱས་ནས་བཅུ་བཞི་པར་བཤད་ཀྱི་དངོས་སུ་བཅུ་བཞི་པ་དེ་ཉིད་ཚེས་བཅོ་ལྔ་ཡིན་པའི་ཕྱིར་རོ། །གསོ་སྦྱོང་ཞེས་སྨོས་པས་དགེ་འདུན་གྱིས་སྔར་གསོ་སྦྱོང་བྱས་ནས་དེའི་འོག་ཏུ་དགེ་སློང་མའི་སྟོན་པ་བསྐོའོ། །ཕྱོགས་གང་དུ་བསྐོ་ན། མཚམས་ཀྱི་ནང་དུའོ། །མདོ་སྡེ་འཛིན་པ་སོགས་མེད་ན་ཇི་ལྟ་བུ་བསྐོ་ཞེ་ན། མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན། སོ་སོ་ཐར་པའི་མདོ་ཁ་ཏོན་ཏུ་ཐོན་པ་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་པ་བརྒྱད་པོའམ་ལྕི་བའི་ཆོས་བརྒྱད་པོ་རྣམས་ཚིག་དང་དོན་གྱི་སྒོ་ནས་སྟོན་ནུས་པ་བསྐོའོ། །དེ་ཡང་མེད་ན། དགེ་སློང་མའི་སྟོན་པ་ཕྱི་མ་སྟེ། ཐ་མ་ནི་སྲིང་མོ་དག་ཅི་ཁྱོད་ཅག་དགེ་སློང་མའི་དགེ་འདུན་ལས་གཅིག་ཏུ་བྱེད་པས་ཚོགས་སམ། ཕམ་པ་མ་བྱུང་ངམ། གཞན་ཡང་བྱིན་གྱིས་བརླབ་པ་དང་བཤགས་པས་ཕྱིར་བཅོས་པས་ཡོངས་སུ་དག་གམ། ཕན་ཚུན་ལྟ་བ་མཐུན་
ནམ། འཐབ་མོ་ལ་སོགས་པའི་ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་ཐུག་ཐུབ་ཏུ་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ༌། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཞེས་བྱ་བ་ནི། ང་ཡང་དགེ་འདུན་གྱིས་ལས་ཀྱིས་བསྐོས་ནས་འོངས་པར་ཟད་ཀྱི། རང་དགར་འོངས་པ་མིན་པས་གཞན་ཁྱེད་ཅག་ལ་སྟོན་པར་སྤྲོ་བ་མེད་དོ་ཞེས་སྤ་བཀོང་པའི་ཚིག་ཡིན་ནོ། །ཁྱེད་ཅག་གི་གསོ་སྦྱོང་དང་དགག་དབྱེ་བྱ་བའི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་འོང་ངོ༌། །སྲིང་མོ་དག་གིས་བསླབ་པ་ཡང་དག་པར་བླངས་པ་དག་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་བསྐོའོ། །ཉོན་མོངས་པ་མེད་པར་གནས་པ་སོགས་མི་ཆོས་བླ་མའི་མཐུ་དང་ལྡན་པའི་དགེ་སློང་ནི་མ་བསྐོས་པར་སྟོན་པའི་ལྟུང་བ་འབྱིན་པ་བོར་མ་གཏོགས་སོ། །གཉིས་པ་རྣམ་གཞག་ལ་གཉིས་ལས། སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། གཏོགས་འདོད་ཀྱིས་དགེ་སློང་མ་ལ་མ་བསྐོས་པར་སྟོན་པའོ། །རྒྱུ་མཚན་ཐུན་མོང་བ་དང་དགེ་སློང་མའི་ཆོས་ལ་གནོད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མི་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་རྟེན་དུ་རུང་བ་ཐ་མལ་པར་གནས་པ། རྫུ་འཕྲུལ་ཅན་མིན་པ་བསམ་པ་ཐག་པ་ནས་ཉན་འདོད་པ། དངོས་པོ་ལུང་གི་ཆོས་ཤོ་ལོ་ཀ་གཅིག་ཡན་ཆད་དུ་ལོངས་པ། བདག་ཉིད་སྟོན་པར་མ་བསྐོས་སམ། བསྐོས་ཀྱང་ཡོན་ཏན་གང་རུང་དང་མི་ལྡན་པའམ། དགེ་འདུན་དུ་མ་འོངས་པའི་ཚེ་གསོལ་བ་དང༌། ཆོས་བླ་མའི་མཐུ་དང་མི་ལྡན་པ། ཀུན་སློང་ཆོས་སྟོན་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན་མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། གང་བྱས་
ན་མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྟོན་པར་བསྐོས་པ་ཡིན་ཀྱང་སྔར་བསྟན་པའི་ཡོན་ཏན་དེ་དག་ལས་གང་རུང་གཅིག་དང་ཡང་མི་ལྡན་པ་དང༌། མ་བསྐོས་པར་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མའི་སྟོན་པར་སྔར་ལན་གཅིག་བསྐོས་པ་ནི། མ་བསྐོས་པ་ཉིད་མིན་པས་ལན་གཅིག་བསྐོས་པས་དེས་ཇི་སྲིད་འཚོའི་བར་དུ་བསྟན་དུ་རུང་ལ། ཆོས་བཤད་པར་གསོལ་བ་ཡང་དེ་དང་འདྲའོ། །གསུམ་པ་ནི། སྐོ་བར་བྱེད་པ་དགེ་འདུན་དུ་མ་ལོངས་ཤིང་དགེ་སློང་མའི་སྟོན་པར་འོས་པ་ལ་དགེ་སློང་མ་རྣམས་ཀྱིས་ཆོས་སྟོན་པར་གསོལ་ན་དེས་དགེ་སློང་མ་ལ་སྟོན་པ་ལ་ཉེས་པ་མེད་དོ། །དགེ་སློང་གང་ལ་གསོལ་བ་འདེབས་པར་བྱེད་པའི་དགེ་སློང་མ་དེ་དག་ལ་ཡང་ཉེས་པ་མེད་དོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དོ།། །།གཉིས་པ་ཉི་མ་ནུབ་པ་ལ། སྤྱི་དོན་ལ། མཉན་ཡོད་དུ་དགའ་བྱེད་ཀྱིས་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པའོ། །རྒྱུ་མཚན་ཐུན་མོང་བ་དང༌། མ་དེ་དག་གཞན་གྱིས་འཇོམས་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དང་དངོས་པོ་འདྲ། གནས་འཇིགས་པ་དང་བཅས་པ། དུས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བ། མཚན་ཐོག་ཐག་ཏུ་སྟོན་པའི་དུས་མིན་པའོ། །གཞན་གསུམ་འདྲའོ། །གཞུང་དོན་ནི། ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། ཉི་མས་ཁྱད་པར་དུ་བྱས་པའི་སྣང་བ་ནུབ་པ་ཉིད་ལའོ། །མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པར་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། ཆོས་སྟོན་པ་དེའི་ཚེ་གལ་ཏེ་དགེ་འདུན་གྱི་གཙུག་ལག་ཁང་གི་སྒོ་ཕྱེ་བ་དེ་ལྟ་བུའི་གཙུག་ལག་ཁང་གི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་ན་ཐག་
ཐོགས་མེད་པར་རང་གི་གནས་སུ་འཇུག་ཏུ་ཡོད་པས་ཉི་མ་ནུབ་ནས་སྟོན་ཀྱང་ལྟུང་བ་མེད་ལ། དེ་ལྟ་བུ་མིན་པ་ཉི་མ་ནུབ་ནས་སྟོན་ན་ལྟུང་བྱེད་དོ། །འདི་ནི་མཚོན་པ་ཙམ་སྟེ་ཐག་ཐོགས་མེད་པར་རང་གི་གནས་སུ་ཕྱིན་པར་རུང་བའི་གནས་གཞན་དུ་ཡང་ཉི་མ་ནུབ་ཀྱི་བར་དུ་སྟོན་པ་ལ་ལྟུང་བ་མེད་དོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དོ།། །།གསུམ་པ་ཟས་ཅུང་ལ་གཉིས་ལས། དང་པོ་བསླབ་བྱ་ནི། དགེ་སློང་མས་ཆོས་འདྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ། །རྒྱ་ཆང་དང༌། ཤོར་བུ་དང༌། ལྕགས་ཕོད་དང༌། ཤོར་བུ་ཁྲིའུ་ཡང་དགེ་སློང་ལ་དབུལ་བར་བྱའོ། །དགེ་སློང་གིས་དགེ་སློང་མས་ཕུལ་བ་དེ་དག་བླང་བར་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན་ལ། མཉན་ཡོད་དུ་ཉེར་དགས་ཕྲག་དོག་ཉེས་པ་འཕྱས་འདོགས་པའོ། །རྒྱུ་མཚན་སྐུར་འདེབས་བཞིན། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན་ཟང་ཟིང་ཙམ་གྱི་ཕྱིར་ཆོས་སྟོན་པ་མིན་པའོ། །གོ་བྱ་ཐ་སྙད་ལྔ་ལྡན་ལུས་ཐ་མལ་བར་གནས་པ། རྒྱུད་ཐ་དད་པ། ཀུན་སློང་སྐུར་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། གང་བྱས་ན་ཟས་ཅུང་ཟད་ཙམ་གྱི་ཕྱིར་དུ་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་དགེ་སློང་མ་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར། སྟོན་པ་དེ་ལྟར་གྱུར་པ་མིན་པ་ལ། ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ལྟུང་བྱེད་དུ་འགྱུར། བདེན་ན་ལྟུང་བ་མེད་དོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དོ།། །།ལྔ་པ་གོས་ཀྱི་གཞི་ལས་གྱུར་པ་ལ་གཉིས་ལས། བཟོ་བྱེད་པའི་སྤྱི་དོན། མཉན་ཡོད་དུ་འཆར་ཀ་འདོད་ཆགས་
སོགས། རྒྱུ་མཚན་ཐུན་མོང་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་མ་བརྒྱད་ལྡན་དངོས་པོ་གོས་རུང་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱི་ཡིན་པ། དེས་བདག་ལ་ངག་གིས་བཅོལ་བ། སྔར་བཟོ་རྩོམ་མ་བྱས་པ། ཀུན་སློང་བཟོ་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བཟོ་རྩོམ་རྫོགས་པའོ། །གཞུང་དོན་ནི། གོས་བྱེད་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོ་འོ། །གང་ལ་ན། གོས་བྱ་བའི་དགེ་སློང་མ་ཉེ་དུ་མིན་པ་ལའོ། །གང་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། གོས་འཚེམ་པར་བྱེད་ནའོ། །གོས་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་གོས་སྦྱིན་པ་ལ་གཉིས་ལས། སྤྱི་དོན་ལ། མཉན་ཡོད་དུ། ཚོང་དཔོན་དགེ་སློང་གིས་ཆུང་མ་ལ་སྲེད་པའོ། །རྒྱུ་མཚན་འདྲ། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་བརྒྱད་ལྡན། དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་ལེན་པ་སོགས་མིན་པ་རྫས་ཐ་དད་པ། དངོས་པོ་གོས་རུང་བ་ཚད་ལྡན་རང་གི་ཡིན་པའོ། །བདག་ཉིད་དད་པ་ཅན་དང་སེམས་ཡངས་ཅན་མིན་པ་རུང་མི་རུང་བརྗེ་བའི་ཕྱིར་མིན་པའོ། །ཀུན་སློང་སྟེར་བར་འདོད་པ། སྦྱོར་བ་སྟེར་བར་རྩོམ་པ། མཐར་ཐུག་དེས་གོས་ལག་ཏུ་ཐོབ་པའོ། །གཞུང་དོན་ནི། གོས་སྦྱིན་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །དགེ་སློང་མ་ཉེ་དུ་མིན་པ་ཉིད་ལའོ། །གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །ཐམས་ཅད་དུའམ་ཞེ་ན། དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་མིན་པར་མཛའ་གཅུགས་སོགས་ཀྱིས་སྦྱིན་པ་ལའོ། །དེ་མ་གཏོགས་པ་གཞན་ཐམས་ཅད་ལ་བྱིན་ན་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དགེ་སློང་མ་གོས་བོར་བརླག་བྱུང་བ་ལ་སྦྱིན་པ་དང༌། ལེགས་པར་སྨྲ་བ་ལ་སྦྱིན་པ་དང༌། བསྙེན་པར་རྫོགས་པར་བྱེད་པ་ལ་སྦྱིན་པ་དང༌། བརྗེ་བའི་ཕྱིར་སྦྱིན་པ་བཞི་པོ་ལ་ལྟུང་བ་མེད་ལ། བཞི་པོ་དེ་མིན་པ་གཞན་ལ་བྱིན་པ་ལ་ལྟུང་བྱེད་དོ། །གོས་སྦྱིན་པའི་ལྟུང་བྱེད་དོ།། །།
གསུམ་པ་ལམ་གྱི་གཞི་ལས་གྱུར་པ་ལ་གཉིས་ལས། སའི་ལམ་ལ་གཉིས། བསླབ་བྱ་དང༌། རྣམ་གཞག་གོ །དང་པོ་ནི། དགེ་སློང་དང་དགེ་སློང་མ་ལམ་དུ་འགྲོ་བས་ལམ་བརྒྱགས། རིན་པོ་ཆེ་ལྔའམ། རིན་པོ་ཆེར་སྨོས་པ་ལྔའམ། བཟའ་བ་ལྔའམ། བཟའ་བར་སྨོས་པ་ལྔ་ལས་གང་འབྱོར་བ་བསྐུར་བར་བྱའོ། །སུས་བསྐུར་ཞེ་ན། རྩེ་རྒོད་དང་རྩེ་རྒོད་མ་དང༌། དགེ་ཚུལ་དང་དགེ་ཚུལ་མ་དག་གིས་འཁྱེར་དུ་གཞུག་གོ །དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་ལམ་བརྒྱགས་གཅིག་གིས་བསྐུར་དུ་རུང་ངོ༌། །ཡང་དགེ་སློང་དང་དགེ་སློང་མ་རྣམས་གཅིག་གིས་གཅིག་གི་བྱིན་ལེན་ཡང་བྱར་རུང་ངོ༌། །དགེ་སློང་ལམ་དུ་འགྲོ་བ་དག་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །ནད་པ་དེ་བསྐུར་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་མི་དོར་བ་དང་དེ་བསྐུར་བར་བྱའོ། །ནད་པ་བསྐུར་བ་དེ་ལ་དགེ་སློང་དང་དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་གིས་བྱའོ། །ཇི་ལྟར་བྱ་ན། མཚན་མི་མཐུན་པས་མགོ་ལོགས་ནས་བཟུང་ཞིང༌། མཚན་མཐུན་པས་རྐང་པ་ལོགས་ནས་གཟུང་བར་བྱའོ། །དགེ་སློང་དང་དགེ་སློང་མ་དག་གིས་ནད་པ་ཁྲིད་དེ་གྲོང་དུ་ཕྱིན་པ་ན། ནད་པ་བཞག་ནས་གཞན་དུ་སོང་ཡང་ཉེས་པ་མེད་དོ། །ཐམས་ཅད་དུ་ཉེས་པ་མེད་དམ་ཞེ་ན། ནད་པའི་སྨན་དང་ཟས་ལེགས་པར་སྦྱར་ཏེ་རང་བཞིན་མཚན་མཐུན་པའི་ནད་གཡོག་གཅིག་ཀྱང་བཞག་ནས་སོང་པ་ལ་ཉེས་པ་མེད་དོ། །རྣམ་གཞག་ལ་གཉིས་ལས། སྤྱི་དོན། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་ནོ། །རྒྱུ་མཚན་ཐུན་མོང་བ་དང༌། ཁྱིམ་ཐབ་ཡིན་ནོ་པའོ། །ཡན་ལག་ལ་བཞི་ལས།
གཞི་ལ། ཉེ་དུ་མིན་པ་མ་གཏོགས་བདུན་ལྡན། བདག་ཉིད་ལ་ཕན་འདོགས་པ་མིན་པ་དང་འཐམས་པའོ། །ལམ་ས་ལ་བརྟེན་པ་རྒྱང་གྲགས་སུ་ལོངས་པ་འཇིགས་པ་དང་བཅས་པ་མིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་ལམ་གཅིག་ལ་འགྲོ་བར་འདོད་པ། སྦྱོར་བ་འགྲོར་རྩོམ་པའོ། །མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །གཞུང་དོན་ནི། གང་ལ་དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཆོམ་རྐུན་པ་ལ་སོགས་པའི་འཇིགས་པ་དང་བཅས་པའི་ལམ་ཉིད་དུ། སྔར་མ་འཐམས་པར་དགེ་སློང་མ་དང་འགྲོན་ཐབས་གཅིག་ཏུ་ཞུགས་ཤིང་ལམ་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་གང་དགེ་སློང་མ་གཅིག་དང་ཡང་ལྷན་ཅིག་འགྲོན་ཐབས་གཅིག་ཏུ་འགྲོགས་ཏེ་ལམ་ལས་འདའ་ཞིང་འགྲོ་ན་ལྟུང་བྱེད་དོ། །ཇི་སྲིད་དུ་འདས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། རྒྱང་གྲགས་རེ་རེར་འདས་ན་ལྟུང་བྱེད་དག་རྒྱང་གྲགས་དེའི་ཕྱེད་རེ་རེར་ནི་སྦྱར་བའི་ཉེས་བྱས་རེ་རེར་འགྱུར་རོ། །དགེ་སློང་མ་དང་ལྷན་ཅིག་འགྲོ་ན་ལམ་དུ་འཇུག་པའི་ལྟུང་བྱེད་དོ།། །།གཉིས་པ་ཆུའི་ལམ་ལ་གཉིས་ལས་སྤྱི་དོན་ལ། ཆུའི་ལམ་ཞེས་དང༌། འགྲམ་གཉིས་འཇིགས་པ་དང་བཅས་པ་དང༌། ཐད་ཀར་ཞེས་སྦྱར། གཞན་འདྲ། གཞུང་དོན་ནི། གང་བྱས་ན་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གང་ཕ་རོལ་ཚུ་རོལ་གྱི་འགྲམ་གཉིས་བར་ཆད་བརྒྱད་གང་རུང་གི་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལྷན་ཅིག་སར་འཐམས་ཀྱང་རུང་མ་འཐམས་ཀྱང་རུང་དུས་ཅིག་ཅར་གྲུ་གཅིག་གིས་ཆུའི་ལམ་ལས་འདའ་ཞིང་འགྲོ་ན་རྒྱང་གྲགས་རེ་རེར་དངོས་གཞི་རེ་རེ་དང་རྒྱང་གྲགས་ཕྱེད་རེ་རེར་ཉེས་བྱས་རེ་རེ་འབྱུང༌། ཐམས་ཅད་དུ་འགྱུར་རམ་ཞེ་ན། ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་གཏོགས་པར་ཆུའི་རྒྱུན་ལས་བཟློག་ཕྱོགས་སམ་རྒྱུན་ཕྱོགས་སུ་འགྲོ་
བ་ལ་ལྟུང་བ་འདིར་འགྱུར་རོ། །དང་པོར་ཐད་ཀར་ཕ་རོལ་ཏུ་འགྲོ་བ་དེའི་ཕྱིར་དུ་དགེ་སློང་མ་དང་ལྷན་ཅིག་ཏུ་གྲུར་ཞུགས་པ་ན་ཆུའི་གཞུང་ཡོ་བ་དང༌། ཆུ་ཀླུང་གི་འགྲམ་བཏིབ་ཆད་པ་དང༌། རྦ་ཀློང་ཆུ་སྲུབས་ཆེན་པོ་གཅིག་ཏུ་འཁྱིལ་ཞིང་འཁྲུག་པ་ལས་བཟུར་བ་དང༌། རུས་སྐྱ་གྲུ་སྨད་ཀྱི་སྐྱ་བ་ཆེན་པོ་དང༌། གདོས་པ་སྲོག་ཤིང་ཆག་པ་དང༌། རུས་སྐྱ་འཛིན་པ་རླུང་ཡོར་ཐོགས་པའི་དབང་གིས་གྲུའི་འཇུག་པ་གཞན་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་ཚད་ལས་འདས་པར་སོང་ན་ཡང་ཉེས་པ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ།། །།བཞི་པ་གནས་ཀྱི་གཞི་ལས་གྱུར་པ་ལ་གཉིས་ལས་འདུག་པའི་སྤྱི་དོན་ལ། མཉན་ཡོད་དུ་འཆར་ཀ་འདོད་ཆགས་སོ། །རྒྱུ་མཚན་ཐུན་མོང་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་བུད་མེད། མཚན་དོན་བྱེད་ནུས་པ། ཐ་སྙད་ཕྱེད་དང་ལྔ་ལྡན། ལུས་བསྟེན་རུང༌། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མིན་པ། གྲོགས་དང་མི་ལྡན་པ། ལུས་ཐ་མལ་བར་གནས་པ་བདག་ཉིད་ལ་ཕན་འདོགས་པ་མིན་པ། འདུག་པའི་སྤྱོད་ལམ་ཅན། གནས་ཕྱོགས་དབེན་པ། སྐྱབས་བཅས་འདོམ་གང་གི་ནང་ཡིན་པ། བདག་ཉིད་ཀྱང་འདུག་པའོ། །ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རྐུབ་ཙོས་ཙམ་ས་ལ་བཞག་པའོ། །གཞུང་དོན་ནི། གཅིག་པུར་འདུག་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། བུད་མེད་གྲོགས་མེད་པ་གཅིག་པུ་ཉིད་དང༌། སྐྱེ་བོ་མང་པོ་འགྲིམ་པའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། རྩིག་པ་དང་རིབ་མ་དང་ཡོལ་བ་སོགས་ཀྱི་སྐྱབས་དང་བཅས་པ་ཉིད་དང༌། བུད་མེད་དང་བར་འདོམ་གང་བ་ཉིན་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །གང་ལ་དེ་དག་བྱེད་པ་པོ་ཡིན་ཞེ་ན། དགེ་སློང་དང་བུད་མེད་འདུག་པ་ལའོ། །འདུག་པའི་ངོ་བོ་དེ་ནི། གཉིས་ཀས་རྐུབ་ཙོས་ཙམ་ས་ལ་བཞག་
པའོ། །གཅིག་བུ་འདུག་པའི་ལྟུང་བྱེད་དོ།། །།གཉིས་པ་འགྲེང་བའི་སྤྱི་དོན་ལ། འགྲེང་བ་དང༌། དགེ་སློང་མ་ཞེས་སྦྱར། གཞན་རྣམས་འདྲ། གཞུང་དོན་ནི། བུད་མེད་གཅིག་པུའི་དོད་དུ། དགེ་སློང་མ་ཞེས་སྦྱར། དེས་ན་དགེ་སློང་མ་གཅིག་པུ་ཉིད་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱི་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །གང་ལ་བྱེད་པ་པོ་ཡིན་ཞེ་ན། འདུག་པ་ལའོ་ཞེས་པའི་གནས་སུ་འགྲེང་བ་ལའོ་ཞེས་སྦྱར་རོ། །ར་ཊཱིར། བསོད་སྙོམས་ཀྱི་དོན་དུ་འགྲེང་བ་ལ་སོགས་པ་སྦྱར་བའི་ཕྱིར་ཁྱིམ་པ་མོ་དང་ལྷན་ཅིག་གནས་པ་འདི་མི་བཟུང་ངོ་ཞེ་དང༌། ཊཱིཀྐར། འདིར་དགེ་སློང་མ་ཉིད་བྱེད་པ་པོ་ཡིན་གྱི་བུད་མེད་ནི་མིན་ནོ་ཞེས་གསུངས། ཞུ་བར། འདུག་པ་དང་འདྲ་བར་གསུངས་སོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དོ།། །།ལྔ་པ་ཟས་ཀྱི་གཞི་ལས་གྱུར་པ་ལ་གཉིས་ལས་སྤྱི་དོན་མཉན་ཡོད་དུ། དྲུག་སྡེས། ལྟོ་འདུན་རྒྱུ་མཚན་ཐུན་མོང་བ་དང༌། གཞན་ལ་གནོད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པ། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་བ་མགྲོན་གཅིག་གི་ཚད་དུ་ལོངས་པ་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། བདག་ཉིད་ཀྱི་ཡང་དག་པ་མིན་པའི་ཡོན་ཏན་གྱིས་སྦྱོར་དུ་བཅུག་པ། སྦྱོར་བྱེད་དགེ་སློང་མ་ཆོས་བརྒྱད་ལྡན། བདག་ཉིད་མགྲོན་དུ་མ་བོས་སམ་བོས་ཀྱང་ལྷག་པ། ཀུན་སློང་ཟར་འདོད་པ། སྦྱོར་བ་ཟར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གཞུང་དོན་ནི། དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། དགེ་སློང་མས་ཚིག་གིས་བཅོལ་ཞིང་ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཉིད་ལའོ། །སྤྲིང་ཡིག་ལ་སོགས་པས་སྦྱོར་དུ་བཅུག་པ་ལ་ནི་ཉེས་བྱས་སོ། །ཇི་ལྟར་སྦྱོར་དུ་བཅུག་པ་
ལ་ཞེ་ན། དགེ་སློང་འདི་ནི་མདོ་སྡེ་ལ་སོགས་པ་འཛིན་པ་དང༌། རྒྱུན་ཞུགས་སོགས་འབྲས་བུ་ལ་གནས་པའོ་ཞེས་ཡང་དག་པ་མིན་པ་མི་བདེན་པའི་ཡོན་ཏན་བརྗོད་པ་དག་གིས་སྦྱོར་དུ་བཅུག་ན་ལྟུང་བར་འགྱུར་གྱི། བདེན་ན་ལྟུང་བ་མེད་དོ། །གང་ལ་སྦྱོར་དུ་བཅུག་ན་ཞེ་ན། དགེ་སློང་གང་སྦྱིན་བདག་གིས་སྔར་མགྲོན་དུ་མ་བོས་པ་ལ་སྦྱོར་དུ་བཅུག་ནའོ། །མགྲོན་དུ་བོས་པ་ལ་ཡང་། སྦྱིན་བདག་གིས་སྔར་བཤམས་པ་ལས་ལྷག་པའམ། དགེ་སློང་གཞན་ལས་ལྷག་པ་སྦྱོར་དུ་བཅུག་ནའོ། །ཅི་ཞིག་སྦྱོར་དུ་བཅུག་པ་ལ་ལྟུང་བ་དེར་འགྱུར་ཞེ་ན། འབྲས་ཆན་ལ་སོགས་པའི་བཟའ་བར་བྱ་བ་ལའོ། །ཡང་དག་པའི་ཡོན་ཏན་གྱིས་སྦྱོར་དུ་བཅུག་ན་ཅིར་འགྱུར་ཞེ་ན། ཚུལ་ཁྲིམས་ནས་བརྩམས་ཏེ་དགྲ་བཅོམ་པའི་བར་གྱི་སྒྲུབ་པ་ཕུན་སུམ་ཚོགས་པ་ཡང་དག་པར་བརྗོད་པས་སྦྱོར་དུ་བཅུག་པ་ལ་ཉེས་པ་མེད་དོ། །སྒྲུབ་པ་ཕུན་སུམ་ཚོགས་པ་དེའི་ཐབས་ཐོས་པ་ཕུན་སུམ་ཚོགས་པ་ཡང་དག་པར་བརྗོད་པས་ཀྱང་སྦྱོར་དུ་བཅུག་ན་ཉེས་པ་མེད་དོ། །ཅི་ཞིག་བསྒྲུབས་ན་དེ་དག་ལྟུང་བའི་བྱེད་པ་པོ་ཡིན་ཞེ་ན། ཟོས་ནའོ། །ཟོས་པའི་ངོ་བོ་དེ་ནི། ཁར་བཅུག་པ་ཙམ་མིན་གྱི། མགུལ་པར་མིད་ན་ཟོས་པ་དེ་ཡིན་ནོ། །དགེ་སློང་གིས་དགེ་སློང་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་ཟོས་ན། ན་སྨད་པ་ཉིད་དེ་ཉེས་བྱས་སོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་མས་དགེ་སློང་འདི་ལ་བསོད་སྙོམས་བྱིན་ཅིག་ཅེས་ཟེར་བ་དགེ་སློང་གིས་བླངས་ཏེ་ཟོས་ན་ཡང་ཉེས་བྱས་སོ། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ།། །།བཅུ་པ་བཞི་པ་ལ་ལྔ། ཚད་ལས་འདས་པའི་ལྟུང་བ་དང༌། གནས་མིན་པར་ཟོས་པའི་དང༌། དུས་མིན་པ་དང༌། ཆོ་ག་ལས་འདས་པའི་དང༌། ཟས་བསོད་པ་ལས་གྱུར་པའི་འོ། །དང་པོ་ལ་བཞི། ཉི་མ་གཅིག་ལ་བླངས་པ་ཚད་ལས་
འདས་པའི་དང༌། གནས་གཅིག་ཏུ་དང༌། སྦྱིན་བདག་གཅིག་ལ་དང༌། དམ་བཅའ་ཚད་ལས་འདས་པའིའོ། །དང་པོ་ལ་གསུམ། བསླབ་བྱ། རྣམ་གཞག །ལྟུང་མེད་དོ། །དང་པོ་ནི། དགེ་སློང་གིས་གཙུག་ལག་ཁང་དུ་མ་ཟད་ཁྱིམ་གཞན་དུ་ཡང་སྦྱིན་བདག་གིས་ཟན་ལ་བོས་པ་དང་དུ་བླང་བར་བྱའོ། །དང་དུ་བླངས་ནས་ཟས་ལ་སོགས་པའི་དུས་ཤེས་པར་བྱས་ཏེ་ཁྱིམ་གཞན་དེར་འཇུག་པར་བྱའི། ཧ་ཅང་སྔ་ཚོམས་སུ་འགྲོ་བར་མི་བྱའོ། །ཁྱིམ་གཞན་དུ་མགྲོན་དུ་བོས་པ་དེའི་ཕྱིར་དུས་ལ་བབ་པར་གཎྜི་བརྡུངས་ཏེ་གནས་བརྟན་རྣམས་ཀྱིས་རང་རང་གི་འཁོར་ལ་ཚང་མ་ཚང་བལྟ་བར་བྱའོ། །དགེ་སློང་གློ་བུར་དུ་འོངས་པ་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ། །ནད་ལ་སོགས་པའི་རྒྱུ་མེད་པར་ཁྲོ་བའམ། ལེ་ལོ་ལ་སོགས་པས་གྱ་ཚོམ་དུ་རང་གི་ཟན་གཅད་པར་མི་བྱའོ། །ཁྱིམ་གཞན་དུ་མགྲོན་དུ་བོས་པ་ན་ཡོན་བདག་འདིར་དགེ་འདུན་རྣམས་ཀྱིས་སྐོམ་བཏུང་བར་བྱའོ་ཞེས་སྐོམ་གྱི་ཕྱིར་གསོལ་བ་འདེབས་ན། དགེ་སློང་རྣམས་ཀྱིས་ཅི་རན་ཙམ་དུ་བསྡུས་པར་བྱའོ། །གཉིས་པ་ལ་གཉིས་ལས། སྤྱི་དོན། སྤོང་བྱེད་དུ། དྲུག་སྡེས། ཟས་ལ་བསྡུ་བའོ། །རྒྱུ་མཚན་ལུས་ལ་གནོད་པ་དང༌། སྦྱིན་བདག་སྔ་མ་མ་དད་པ་སོགས་ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དེ་གཉིས། ཁྱིམ་པ་ཐ་སྙད་ལྔ་ལྡན་དེ་གཉིས་ཕན་ཚུན་དང༌། བདག་ཉིད་ལས་རྫས་ཐ་དད་པ། ནར་མར་སྦྱོར་བ་མིན་པ། བསམ་པ་ཐག་པས་འབོད་པ་པོ་ཡིན་པའོ། །ཟས་དེ་གཉིས་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། རུང་བ་མགྲོན་བོས་ཀྱི་ཚད་དུ་ལོངས་པ། ཕན་ཚུན་ཁོངས་སུ་གཏོགས་པ་མིན་པ། ཕྱི་མ་ལ་རྙེད་པ་མེད་པའོ། །བདག་ཉིད་ན་བ་ལས་བྱས་པ་ལམ་དུ་ཞུགས་པ་སྲ་བརྐྱང་བཏིང་བ་དང༌། བདག་ཉིད་ཀྱི་ཕྱིར་མིན་པར་དགེ་འདུན་བོས་པ་མིན་པའོ། །དུས་མུ་གེའི་དུས་མིན་པ་དང༌། ཉི་མ་གཅིག་
ཡིན་པའོ། །ཀུན་སློང་སོགས་གསུམ་གོང་དང་འདྲ། གཞུང་དོན་ལ་གཉིས་ལས། མདོར་བསྟན་ནི། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། དགེ་སློང་གིས་ཉི་མ་གཅིག་ལ། དུས་ཅིག་ཅར་རམ། རིམ་གྱིས་ཀྱང་རུང་སྟེ། གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་ཅིག་ཅར་དང་དུ་བླངས་ན་བཟའ་བའི་ཕྱིར་སྔ་ཕྱིར་སེམས་པ་ཡོད་ན། གང་ཕྱིས་བཟའ་བར་སེམས་པ་དེ་ལས་ཉེས་བྱས་སུ་འགྱུར་ལ། དེ་ལྟར་སེམས་པ་མེད་ན་ཕྱིས་བཟའ་བྱ་འགྲུབ་པར་འགྱུར་པ་དེ་ལ་ཉེས་བྱས་སུ་འགྱུར་ཞིང༌། གང་རུང་གཅིག་ལ་གོས་ཀྱི་རྙེད་པ་མེད་ན་གོས་ཀྱི་རྙེད་པ་མེད་པ་དེ་ལས་ཉེས་བྱས་སུ་འགྱུར་རོ། །ཅི་ཞིག་ལ་མགྲོན་དུ་བོས་པ་རྙེད་ན་བྱེད་པ་པོ་ཡིན་ཞེ་ན། བཟའ་བར་བྱ་བ་ལ་མགྲོན་དུ་བོས་པའོ། །བཟའ་བྱ་ཇི་ལྟ་བ་ལ་ཞེ་ན། འབྲས་ཆན་དང་ཟན་དྲོན་དང༌། ལྡེ་གུ་དང་ཤ་དང་སྣུམ་འཁུར་ཞེས་བྱ་བ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ལའོ། །གལ་ཏེ་མགྲོན་པོས་ཕྱི་མ་ལས་གཞན་སྔ་མ་དེ་ཡང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་དེ་ཉིད་ཡིན་ན། མགྲོན་པོས་ཕྱི་མ་རྙེད་པ་དེ་བྱེད་པ་པོ་ཡིན་གྱི། མ་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་ཇི་ལྟ་བུ་ལ་བྱེད་པ་པོ་ཡིན་ཞེ་ན། ན་བ་མ་ཡིན་པ་དང༌། ལས་མ་བྱས་པ་དང་ལམ་དུ་མ་སོང་བ་ལ་བྱེད་པ་པོ་ཡིན་ནོ། །གནས་སྐབས་གང་ལ་ལྟུང་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། ཡིད་ཀྱིས་དང་དུ་བླངས་ན་བསྡམ་བྱའི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ལ། ཟ་བའི་མདུན་རོལ་ཏུ་འགྲོ་བ་ལ་སོགས་པ་ནི་བཤགས་བྱའི་ཉེས་བྱས་སོ། །ཟོས་ཏེ་མགུལ་དུ་མིད་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །རྒྱས་བཤད་ནི། གོས་ཀྱི་རྙེད་པ་ཞེས་སྨོས་ན་གོས་ཀྱི་ཚད་ཇི་ཙམ་ཞེ་ན། གོས་ཀྱི་རྙེད་པ་དང་བཅས་པ་ལ་མགྲོན་དུ་
བོས་པ་འདིར། གོས་གྱི་ཆུང་བའི་མཐར་གྱུར་པའི་ཚད་ནི་ཁྲུ་གང་གི་ཁྱོན་ནོ། །དེ་ལས་ཆུང་བ་ནི་གོས་ཀྱི་རྙེད་པ་དང་བཅས་པ་མིན་པས་དངོས་གཞིའི་བྱེད་པ་པོ་མིན་ནོ། །ལམ་གྱི་ཚད་ཇི་ཙམ་ཞེ་ན། ཇི་ཙམ་དུ་སོང་བས་ཡང་ཡང་ཟ་བའི་ལྟུང་བར་མི་འགྱུར་བའི་ལམ་གྱི་ཚད་ནི་དཔག་ཚད་ཕྱེད་དོ། །འདུས་ཤིང་ཟ་བ་ལ་སོགས་པ་གཞན་ལ་ཡང་ལྟུང་བར་མི་འགྱུར་བའི་ལམ་གྱི་ཚད་ནི་དཔག་ཚད་ཕྱེད་དོ། །སྐམ་ལ་འགྲོ་བ་འདིར་རམ་གྲུར་འགྲོ་བ་ལ་ཡང་ལམ་གྱི་ཚད་ནི་དཔག་ཚད་ཕྱེད་དོ། །གང་བྱས་པས་ཡང་ཡང་ཟ་བ་དང༌། འདུས་ཤིང་ཟ་བ་སོགས་ཀྱི་ཉེས་པར་མི་འགྱུར་བའི་ལས་ནི་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་ཡིན་ནོ། །ལས་དེ་ཡང་དགེ་འདུན་ནམ་མཆོད་རྟེན་གྱི་དོན་དུ་ཡིན་ན་ལས་དེ་ཡིན་གྱི་གཞན་མིན་ནོ། །ཡང་ཡང་ཟོས་ཀྱང་ལྟུང་བར་མི་འགྱུར་བའི་ན་བ་ཉིད་ཀྱི་ཚད་ནི་མགྲོན་དུ་བོས་པ་གཅིག་གིས་ནད་འཚོ་བར་མི་ནུས་པའོ། །གསུམ་པ་ལྟུང་མེད་ནི། ཟས་ནར་མར་བཤམས་པ་ནི། མགྲོན་དུ་བོས་པ་ཉིད་མིན་པས་གཞན་དུ་མགྲོན་དུ་བོས་པས་ཟོས་ནས་ཡང་བཤམས་པའི་ཟས་ནར་མར་ཟོས་ཀྱང་སྐབས་འདིར་གཏོགས་པའི་ལྟུང་བ་མེད་དོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་བཤེས་པའི་དབང་གིས་ཀུན་ཏུ་བལྟ་བ་སྟེ་སྤྱན་གཟིགས་ཙམ་ཟོས་པ་ཡང་མགྲོན་དུ་བོས་པ་མིན་ནོ། །ཉིན་གཅིག་ལ་སྔར་གོས་དང་བཅས་པའམ་གོས་མེད་པའི་མགྲོན་དུ་བོས་པ་རྙེད་ནས་དེའི་རྗེས་སུ་གོས་དང་བཅས་པའི་མགྲོན་དུ་བོས་པ་གཞན་ཡོད་ན་ཟན་སྔ་མ་ལ་འགྲངས་པར་ཟོས་ནས་དེང་འདི་ལས་མི་ཟའོ་ཞེས་སྤོང་བ་བསྲུང་ཞིང་ཟན་སྔ་མ་ལ་འཇུག་པར་བྱ་ཞིང༌། དེ་ནས་ཕྱི་མ་ལ་འགྲོ་བར་བྱའི་ཟན་སྔ་མ་ལ་སྤངས་ན་ཕྱི་མར་སོང་ཡང་བཟའ་བར་མི་བྱའོ། །འདི་ལ་མཐོ་འཚམ་མོ་སྙམ་དུ་མཐོ་འཚམ་པའི་བསམ་པས་མགྲོན་དུ་བོས་
པ་ནི་བསམ་པ་ཐག་པས་མགྲོན་དུ་བོས་པ་ཉིད་མིན་པར་འགྲོན་དུ་བོས་པ་གཞན་ཟ་བ་ལ་ཉེས་པ་མེད་དོ། །བྱིན་ལན་མ་བྱས་པ་དང་རྟ་ཤ་སོགས་མི་རུང་བ་ལ་མགྲོན་དུ་བོས་པ་ཡང་མགྲོན་དུ་བོས་པ་ཉིད་མིན་ནོ། །དགེ་སློང་གང་ལ་མགྲོན་དུ་བོས་པ་གཞན་ཡོད་པ་དེའི་ཕྱིར་དུ་དགེ་འདུན་སྤྱན་དྲངས་པ་མིན་པར་སྤྱིར་དགེ་འདུན་སྤྱན་དྲངས་པ་ཡང་མགྲོན་བོས་ཅིག་ཤོས་མིན་ལ་དེའི་ཕྱིར་དུ་ཡིན་ན་ནི་ཡིན་ནོ། །དགེ་སློང་ཁ་གཉིས་སུ་མགྲོན་དུ་བོས་པས། གཅིག་ཏུ་རང་ཉིད་ཟ་ཞིང་གཞན་དུ་རབ་ཏུ་བྱུང་བ་སྡེ་ལྔ་པོ་འཇོག་པ་ཡང༌། གང་དུ་ལྔ་པོ་བཞག་པ་དེ་མགྲོན་དུ་བོས་པ་མིན་ནོ། །མགྲོན་དུ་བོས་པ་གཉིས་བྱུང་ན་གཅིག་ཏུ་ལྔ་པོ་འཇོག་པ་དེ་ནི་ཆོས་དང་ལྡན་པ་ཉིད་དོ། །མགྲོན་དུ་བོས་པ་གཞན་ཡོད་ན་འཇོག་པ་གླང་བ་ཡང་ཆོས་དང་ལྡན་པ་ཉིད་དོ། །མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་བདག་གིར་བྱའོ། །དེའི་ཚེ་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་ཟོས་ན་ཡང་ལྟུང་བ་མེད་དོ། །གང་ཟག་ལྔ་པོ་གཞན་ལ་བསོད་སྙོམས་ལྷག་པ་སྦྱིན་དུ་ཡང་རུང་ངོ༌། །གལ་ཏེ་གཞན་ལ་བྱིན་པས་སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྟ་ན། བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་ཁྱིམ་བདག །དགེ་སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱི། རྗེས་སུ་ཡི་རང་བར་གྱིས་ཤིག་དང་འདི་ལ་སྦྱིན་པར་བྱའོ། །ཞེས་སྦྱིན་བདག་མངོན་པར་དགའ་བར་བྱས་ནས་གཞན་ལ་སྦྱིན་ནོ། །ཡང་ཡང་ཟ་བའི་ལྟུང་བྱེད་དོ།། །།གཉིས་པ་གནས་གཅིག་ཏུ་བླངས་པ་ཚད་ལས་འདས་པ་ལ་གཉིས་ལས། སྤྱི་དོན། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་དང༌། འཐབ་ཀྲོལ་ལོ། །རྒྱུ་མཚན་མུ་སྟེགས་ཅན་དང་འཐབ་རྩོད་དུ་འགྱུར་བ་དང༌། མ་དད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། གནས་དེའི་བདག་
པོ་ཁྱིམ་པ་ཆོས་ལྔ་ལྡན་དེའི་མཆོད་གནས་མུ་སྟེགས་ཅན་ཐ་སྙད་གསུམ་ལྡན་བཞིར་ལོངས་པ། གནས་ནི། གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཡ་མཚན་ཅན་སྤྱིའི་གནས་མིན་པ། དངོས་པོ་སྔ་མ་དང་འདྲ་བ་འདུག་གནས་པ་དེ་ཉིད་ཀྱི་ཡིན་པའོ། །རྟེན་ནད་པ་དང༌། བསྟབས་པ་མིན་པ། ཞག་གཅིག་གནས་ཤིང་ཟན་གཅིག་ཟོས་པའོ། །གསུམ་འདྲའོ། །གཞུང་དོན་ནི། འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཆོས་འདི་པའི་འདུག་གནས་མིན་པ། མུ་སྟེགས་ཅན་གྱི་འདུག་གནས་སུ་གྱུར་པ། བདག་པོ་ཁྱིམ་པ་དང་བཅས་པ། ཡ་མཚན་ཅན་ཕྱི་ནང་གི་རབ་བྱུང་ཐམས་ཅད་ཀྱི་མིན་པའི་འདུག་གནས་ནི་ལྟུང་བ་འདིའི་བྱེད་པ་ཡིན་ནོ། །རྟེན་ཇི་ལྟ་བུ་ལ་བྱེད་པ་པོ་ཡིན་ཞེ་ན། མི་ན་བ་ལ་བྱེད་པ་པོ་ཡིན་གྱི། །ན་བ་ནི་ཇི་སྲིད་འདོད་པར་འདུག་ཅིང་ཟོས་ཀྱང་ཉེས་པ་མེད་དོ། །མི་ན་བ་ཡང་ཐམས་ཅད་ལ་མིན་གྱི་སྦྱིན་བདག་གིས་འདིར་བཞུགས་ལ་བསོད་སྙོམས་གསོལ་ཅིག་ཅེས་གནས་སུ་བསོད་སྙོམས་མ་བསྟབས་པ་ལ་བྱེད་པ་པོ་ཡིན་གྱི། བསྟབས་པ་ལ་ནི་ལྟུང་བ་མེད་དོ། །གང་བྱས་ན་འདུག་གནས་སུ་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མི་ན་བས་དེ་ལྟ་བུའི་འདུག་གནས་སུ་སྦྱིན་བདག་གིས་མ་བསྟབས་པར་ཉི་མ་གཉིས་པ་དེའི་བསོད་སྙོམས་ཟོས་ན་གང་གིས་ཟོས་པ་ལ་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །ཉི་མ་གཉིས་སུ་ཟན་མ་ཟོས་པར་གནས་ན་ཞག་ལོན་པ་ལ་ཉེས་བྱས་ཀྱི་བྱེད་པ་པོའོ། །ཉི་མ་དང་པོ་ལ་གནས་པ་དང་ཟོས་པ་ལ་ནི་ལྟུང་བ་མེད་དོ། །ཆོས་འདི་པའི་མིན་པའི་ཡ་མཚན་ཅན་ཐམས་ཅད་ཀྱི་མ་ཡིན་པའི་འདུག་གནས་དེའི་བདག་པོ་ཁྱིམ་པ་མངོན་གྱུར་དུ་མེད་པ་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །བསླབ་པའི་གཞི་འདི་ལ་རབ་ཏུ་བྱུང་བ་འདི་ལ་འདུག་གནས་ཀྱི་བདག་པོ་ཡིན་པ་ནི། མུ་སྟེགས་ཅན་བདག་པོ་ཡིན་པའི་གནས་སུ་ཉི་མ་གཉིས་པ་ལ་ཟ་བ་
དང་གནས་པ་ལ་ཉེས་བྱས་སུ་འགྱུར་བ་དང་འདྲ་བར་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ། །ལྟུང་བ་འབྱིན་པ་པོའི་ཉེ་དུས་བྱས་པའི་འདུག་གནས་ཡ་མཚན་ཅན་ཐམས་ཅད་ཀྱི་མིན་པ་ཉིད་ཀྱང་བསོད་སྙོམས་གཅིག་ལས་ལྷག་པ་ཟ་བ་དང༌། ཞག་གཅིག་ལས་ལྷག་པ་གནས་པ་ལ་ཉེས་བྱས་གྱི་བྱེད་པ་པོ་ཡིན་ནོ། །རྣམ་འབྱེད་རྩ་འགྲེལ་ལས་ལྟུང་མེད་དུ་བཤད། ཚོགས་དེ་ཁ་ཡར་བའི་འདུག་གནས་ཀྱང་ལྟུང་མེད་དུ་གསུངས་པ་ནི་དངོས་གཞིའི་ལྟུང་མེད་ལ་དགོངས་སོ། །སྐྱེ་བ་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་ནི་རྣམ་འབྱེད་ཀྱི་ཐད་ཀས་བསྡུས་ལ། འདི་ནི་ཞུ་བ་ནས་འབྱུང་སྟེ། འདུག་གནས་སུ་ཟ་བའི་ལྟུང་བྱེད་དོ།། །།གསུམ་པ་སྦྱིན་བདག་གཅིག་ལ་བླངས་པ་ལ་གཉིས་ལས། སྤྱི་དོན་ནི། གླེང་གཞི། མཉན་ཡོད་དུ། དྲུག་སྡེ་ལྟོ་ལ་གདུ་བའོ། །རྒྱུ་མཚན་ཧ་ཅང་ཚོད་མི་འཛིན་པར་བླངས་པས་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་ལྔ་ལྡན་ཡོངས་སུ་སྤགས་པ་དང༌། ཅི་བདེར་སྟོབས་པ་མིན་པའོ། །དངོས་པོ་འདྲ་བ་ལས། བྲེ་ཕྱེད་དང་ལྔ་ལས། བྲེ་ཕྱེད་དམ། ཕུལ་ཕྱེད་དང་ལྔ་ཡན་ཆད་དེ། ཞུ་བར། བཙུན་པ། དགེ་སློང་གིས་དྲུག་ཕུལ་ཕྱེད་དང་ལྔས་ལྷག་པ་ལ་ལྷག་པར་ཤེས་ཏེ་བླངས་ན་ཅིར་འགྱུར་ལྟུང་བའོ། །ཞེས་གསུངས་པའི་ཕྱིར་རོ། །གཡོས་སུ་བྱས་པའོ། །གནས་མནོས་པ་དེ་ལས་གཞན་པའོ། །སྦྱོར་བ་ངག་དྲུག་ལྡན་མཐར་ཐུག་མགུལ་དུ་མིད་པའོ། །གཞུང་དོན་ལ་གསུམ། ལྟུང་བ་རྣམ་གཞག །ལྟུང་མེད། བསླབ་བྱའོ། །དང་པོ་ནི། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། སྟོབས་པའི་བསོད་སྙོམས་བྱེད་པ་པོ་ཡིན། ཇི་ལྟར་སྟོབས་པའི་ཞེ་ན། ལྷུང་བཟེད་འདི་སྙེད་ཅིག་བཞེས་ཤིག་ཅེས་ཚད་ཡོངས་སུ་མ་
སྦགས་པར་སྟོབས་པ་བྱེད་པ་པོ་ཡིན། གལ་ཏེ་ཡོངས་སུ་བཅད་ནས་སྟོབས་ན་ཆོས་ལྡན་གྱི་དགོས་པ་ཡོད་ན་ལྷུང་བཟེད་བརྒྱ་བླངས་ཀྱང་ཉེས་པ་མེད་དོ། །དེ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། ཇི་ཙམ་དགོས་པ་བཞེས་ཤིག་ཅེས་ཅི་བདེར་མ་བྱས་པ་དེ་བྱེད་པ་པོ་ཡིན་གྱི། ཅི་བདེར་བྱས་པ་བླངས་ན་ཉེས་པ་མེད་དོ། །གང་གིས་སྟོབས་པའི་བསོད་སྙོམས་ཤེ་ན། ཁྱིམ་པ་སྟོབས་པའི་བསོད་སྙོམས་དེ་བྱེད་པ་པོ་ཡིན་ནོ། །བསོད་སྙོམས་ཇི་ཙམ་ཞིག་བྱེད་པ་པོ་ཡིན་ཞེ་ན། བསོད་སྙོམས་ལྷག་པ་དེའི་བྲེའུ་ཆུང་དག་གི་ཚད་ནི། འབྲས་ཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ། ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ནི་བྱེད་པ་པོ་ཡིན་ནོ། །དགེ་སློང་གྲོགས་ཇི་སྙེད་ཡོད་པ་རེ་རེས་ཀྱང་དེ་ཙམ་བླང་ངམ་ཞེ་ན། གྲོགས་ཇི་སྙེད་ཡོད་པའི་སྐལ་བ་དང་ཡང་བཅས་པ་ཡིན་གྱི། དེ་ལས་ལྷག་པ་མི་བླང་ངོ༌། །ལྷག་པ་དེ་གང་གི་ཚེ་བྱེད་པ་པོ་ཡིན་ཞེ་ན། མགུལ་དུ་མིད་ནས་ཟོས་པ་ན། ལྟུང་བའི་བྱེད་པ་པོ་ཡིན། ཟོས་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། གང་དུ་བསྟབས་པ་དེ་ནས་མནོས་ཏེ་ཁྱེར་ནས་ཟོས་ན་ཡིན་གྱི། དེ་ཉིད་དུ་འདུག་ནས་ཟོས་ན་ལྟུང་བ་མེད་དོ། །བསོད་སྙོམས་ལྷག་པ་མནོས་པ་དེ་ལ་ནི་སྦྱོར་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །རང་གིས་བསྐོས་པ་གཞན་གྱིས་མནོས་པ་ཟོས་ན་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གཉིས་པ་ནི། མནོས་པ་ལས་གཞན་མ་མནོས་པར་དེ་ཉིད་དུ་ཟ་བ་ལ་ནི་ལྟུང་བ་མེད་དེ། འབྲས་ལ་སོགས་པ་རྔོ་འཐག་སོགས་ལས་སུ་མ་བྱས་པ་མནོས་ཏེ་ཟ་བ་ལ་ཡང་ལྟུང་བ་མེད་དོ་དེ་ལ་སྐབས་འདིའི་ཉེས་པ་མེད་པ་ཡིན་གྱིས། འབྲུ་ཙམ་པ་ལེན་པའི་ཉེས་པ་གཞན་ནི་ཡོད་དོ། །གསུམ་པ་ནི། བླང་བར་བྱ་བ་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་ཚོད་མ་དང་བཅས་པ་རང་ཟ་བ་ལས་གལ་ཏེ་མང་བ་ཉིད་
ཡིན་ན། དགེ་སློང་དག་ལ་བགོ་བཤའ་བྱའོ། །མ་ལྷག་ན་མ་བགོས་ཀྱང་ཉེས་པ་མེད་དོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ།། །།བཞི་པ་དམ་བཅའ་ཚད་ལས་འདས་པ་ལ་གཉིས། སྤངས་པ་ཟ་བ་དང༌། སྟོབས་པའོ། །དང་པོ་ལ་བཞི། བསླབ་བྱ། སྤངས་བའི་མཚན་ཉིད་ཞར་བྱུང་དང་བཅས་པ། ལྷག་པོར་གྱི་མཚན་ཉིད་བསླབ་བྱ་དང་བཅས་པ། ཡན་ལག་གི་མཚན་ཉིད་དོ། །དང་པོ་ནི། འདོད་ཁམས་པ་ཁམ་ཟས་ཀྱིས་འཚོ་བར་བྱ་དགོས་པས། ཟས་ཅི་ཙམ་གྱིས་བཀྲེས་པའི་སྡུག་བསྔལ་སེལ་བར་ནུས་པའི་ཆོག་པ་བཟའ་བར་བྱའོ། །གཞི་དེར་ཟས་བཟའ་བར་བརྩམས་པ་བྱིན་ལེན་བྱས་ཤིང་དེར་བཟའ་བར་སེམས་ཏེ་འདུག་པས་ཆོག་པར་མ་ཟོས་པར་རྐྱེན་དགོས་ཁྱད་པར་ཅན་མེད་པར་མཁན་སློབ་མཐོང་བ་ལ་སོགས་པ་ཙམ་གྱིས་ལྡང་བར་མི་བྱའོ། །དགེ་ཚུལ་ལའང་ཟས་ཟ་བའི་དགག་བྱ་ཡོད་པས་ཉེས་བྱས་ཡིན་གསུང༌། ཇི་ཙམ་གྱིས་ཟས་བརྩམས་པ་ཡིན་ཞེ་ན། ཐ་ན་ལན་ཚྭ་ཡན་ཆད་བཟའ་བ་དང་བཅའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བྱིན་ལེན་བྱས་ཏེ་བླངས་ན་ཟས་བརྩམས་པའི་རྣམ་པ་དེ་ཡིན་ནོ། །གཉིས་པ་ནི། འོག་ནས་སྤངས་པ་ཞེས་འབྱུང་བའི་སྤངས་པ་ནི། ཕྱོགས་གང་དུ་འདུག་པའི་གནས་བཏང་བའོ། །གང་གི་འདུག་པའི་གནས་ཤེ་ན། ཟ་བ་པོ་དགེ་སློང་གི་འདུག་པའི་གནས་སོ། །འདུག་པ་ཇི་ལྟ་བུ་ཞེ་ན། རྩ་བ་དང༌། སྡོང་བུ་དང་མེ་ཏོག་དང་འདབ་མ་དང་འབྲས་བུ་ལ་སོགས་པ་བཅའ་བར་བྱ་བ་དང་། འབྲས་ཟན་དང་ཟན་དྲོན་ལ་སོགས་པའི་བཟའ་བར་བྱ་བའི་ཟས་བརྩམས་པའོ། །ཇི་ཙམ་གྱིས་ཟས་བརྩམ་པའི་རང་བཞིན་གྱིས་འདུག་པའི་གནས་བཏང་བ་ཡིན་ཞེ་ན། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་བྱ་བ་དག་དང༌། ཐུག་པ་ལས་གཞན་པ་བཟའ་བར་བྱ་བ་རུང་བ་མི་
རུང་བ་དང་མ་འདྲེས་པ་རང་ལ་བྱིན་ལེན་སྟོབས་པ། བྱིན་ལེན་བྱ་བའི་ཟས་འཐོབ་པའི་ཕྱོགས་ན་འགྲེང་བ་སྤང་བར་བྱས་ན་འདུག་པའི་གནས་བཏང་བ་ཡིན་ནོ། །རྩ་བ་ལ་སོགས་པའི་བཅའ་བ་དང༌། ཐུག་པ་སྤངས་བས་བཟའ་བར་བྱ་བ་སྤངས་པར་མི་འགྱུར་གྱི། བཟའ་བ་ལྔ་པོ་སྤངས་ན་བཅའ་བ་ལ་སོགས་པ་ཐམས་ཅད་སྤངས་པ་ཡིན་ནོ། །གཞན་ལ་གསོལ་ཅིག་ཅེས་སྨྲས་ན་ཡང་སྤངས་བ་དེ་ཡིན་ནོ། །ཟས་འབྲིམ་མཁན་ལ་མར་སོང་ཞིག་ཅེས་སྨྲས་ན་ཡང་སྤངས་པ་ཡིན་ནོ། །ཁོ་བོས་འཚལ་ལགས་ཏེ་ཟོས་ཟིན་ཏོ་ཞེས་བྱ་བས་ཀྱང་སྤངས་པ་ཡིན་ནོ། །རེ་ཞིག་གཞན་བྲིམས་ཤིག་ཅེས་སོགས་རེ་ཞིག་གི་སྒྲ་ཉེ་བར་སྦྱར་ན་ནི་སྤངས་པ་མིན་ནོ། །རེ་ཞིག་ཆོག་གོ་ཞེས་བའི་སྒྲ་སྦྱར་ན་ཡང་སྤངས་པ་མིན་ནོ། །ཐུག་པ་ཞེས་སྨྲས་ན། ཐུག་པ་དང་སྐྱོ་མ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ་བཟར་བཙུགས་པ་ན་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་དག་ན་ཐུག་པ་ཉིད་དོ། །སྐྱོ་མ་གང་གི་སྟེང་དུ་སོར་མོ་ལྔ་བཞག་པའི་རྗེས་མི་མངོན་པ་དེ་ནི་སྐྱོ་མའོ། །དགེ་སློང་ལ་འགའ་ཞིག་གིས་མཐོ་འཚམ་པས་བྱིན་ལེན་སྟོབས་པ་ནི། བྱིན་ལེན་སྟོབས་པ་ཉིད་མིན་པས་དགེ་སློང་གིས་དེ་ཤེས་ནས་འདི་མི་དགོས་ཤེས་སྤངས་པས་ཀྱང་བཏང་བར་མི་འགྱུར་རོ། །གསུམ་པ་ལྷག་བོར་གྱི་མཚན་ཉིད་ལ་གཉིས་ལས། སྤྱི་དོན། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན་བྱིན་ལེན་ཅན་ལྷག་བོར་བྱས་མ་ཟིན་པ། གནས་བྱིན་ལེན་བཞིན། བདག་ཉིད་སྤངས་པ་ཡོངས་རྫོགས་ཡིན་པ། ནད་པ་དང་མུ་གེ་བྱུང་བ་མིན་པའོ། །བསམ་པ་ནི་ལྷག་བོར་བྱེད་པར་འདོད་པ། ཆོ་ག་ནི་སྤྱོད་ལམ་བསྟེན་པ་སོགས་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་
པར་བགྱིས་པ་ལས་བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་བོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། ཞེས་ལན་ཅིག་བརྗོད། ཡུལ་དེས་སྤངས་ན་མི་ཟ། མ་སྤངས་ན་ཁམ་གཉིས་སམ་གསུམ་ཟོས་ནས་སྤོང་བའི་ཚིག་བརྗོད་དོ། །སྒྲ་དོན། ལྷག་མར་བྱས་ཤིང་བོར་བས་ན་ལྷག་བོར་རོ། །དགོས་པ་སྤངས་ཟའི་ཉེས་པ་མི་འབྱུང་བ་དང་བཅས་པའི་ས་མཚམས་ཟིན་པའོ། །གཞུང་དོན་ནི། ཡུལ་རྟེན་གཉིས་ཀ་ཆུ་དང་ནམ་མཁའ་སོགས་མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང༌། ཟས་མི་འཐོབ་པའི་ཕྱོགས་ན་འདུག་པ་དང༌། གློ་དང་རྒྱབ་ལ་སོགས་པ་མདུན་མིན་པ་ན་འདུག་པ་ལས་ལྷག་བོར་བྱ་བ་མི་འབྱུང་སྟེ། ལྷག་བོར་མི་འཆགས་སོ། །ལྷག་བོར་བྱ་བའི་ཟས་གང་ཟག་དེས་ལག་ཏུ་མ་བླངས་པ་ལ་ཡང་ལྷག་བོར་བྱ་བ་མི་འབྱུང་ངོ༌། །ཟས་རུང་བ་མིན་པ་གསོག་འཇོག་བྱས་པ་སོགས་དང༌། དེ་དང་འདྲེས་པ་ལ་ལྷག་བོར་མི་བྱ་བ་ཉིད་དོ། །སུས་ལྷག་བོར་བྱ་ཞེ་ན། དགེ་སློང་གང་གིས་ཟས་ཀྱི་གནས་མ་བཏང་བས་ལྷག་བོར་བྱ་བ་ཉིད་དོ། །འདི་ལས་གཞན་པའི་ཟན་མི་ཟའོ་ཞེས་མི་ཟ་བར་བརྟག་པ་བྱས་པས་ཀྱང་ལྷག་བོར་བྱའོ། མ་གསོལ་བས་ཀྱང་བྱ་འམ་ཞེ་ན། གསོལ་བས་ལྷག་བོར་བྱ་བ་ཉིད་དོ། །ལྷག་བོར་བྱེད་པས་ལྷག་བོར་ཇི་ལྟར་བྱ་ཞེ་ན། ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ། །ཁ་ཅིག་ནི། ཅི་བདེར་གསོལ་ཅིག་ཅེས་བྱ་བའི་ཚིག་བརྗོད་པར་བྱ་ཞེས་ཟེར། དེ་གཉིས་གང་གིས་བྱས་ཀྱང་རུང་ངོ༌། །ཚིག་ཁོ་ནས་ལྷག་བོར་བྱའམ་ཞེ་ན། ཁམ་གཉིས་སམ་གསུམ་ཟོས་ནས་དེའི་འོག་ཏུ་སྔར་གྱི་ཚིག་བརྗོད་དེ་དོར་བར་བྱའོ། །ཟས་ཀྱི་བྱ་བ་བཏང་བས་ཀྱང་བཟའམ་ཞེ་ན། ཟས་ཀྱི་བྱ་བ་བཏང་བས་ནི་བཟའ་བར་མི་བྱ་བར་སྔར་གྱི་ཚིག་གང་རུང་གིས་ལྷག་
པོར་བྱའོ། །ལྷག་བོར་བྱས་པའི་ཟས་དགེ་སློང་གཅིག་གིས་བླངས་པ་དེ་དགེ་སློང་གཞན་གྱིས་ཀྱང་བཟའ་བར་བྱ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཆོ་ག་མཚུངས་པའི་ཕྱིར་རོ། །བཞི་པ་ཡན་ལག་གི་མཚན་ཉིད་ལ་གཉིས་ལས། སྤྱི་དོན། མཉན་ཡོད་དུ་དྲུག་སྟེ། བསླབ་པ་ལ་གཡེལ་བ་དང་མ་གུས་པ་ཉེས་པ་ཟས་སྤངས་པ་ཟ་བར་བྱེད་པའོ། །རྒྱུ་མཚན་དམ་བཅས་པ་དང་འགལ་བས་ཡ་རབས་ཀྱི་ཚུལ་དང་འགལ་བ་སོགས་ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན། ལྷག་བོར་མ་བྱས་ཤིང་དཀོན་ཟས་མིན་པའོ། །བདག་ཉིད་སྤངས་པ་ཡོངས་རྫོགས་ཡིན་ཞིང་ནད་པ་དང་མིད་པ་གཉིས་པ་མིན་པའོ། །དུས་སྤངས་པའི་ཉིན་མཚན་གྱི་དུས་ཡིན་པ་དང་མུ་གེའི་དུས་མིན་པའོ། །ཀུན་སྤོང་ཟ་བར་འདོད་པ། སྦྱོར་བ་ཟར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གཞུང་དོན་ནི་ཤེས་གཙོའོ། །གང་ལ་ཞེ་ན། བདག་ཉིད་སྤངས་པ་ཡོངས་སུ་རྫོགས་པ་ཉིད་དང༌། ཟས་ལྷག་བོར་མ་བྱས་པ་ཉིད་དག་ལའོ། །ཅི་ཞིག་བསྒྲུབ་ན་བྱེད་པ་པོ་ཡིན་ཞེ་ན། ཟོས་ནའོ། །གང་ཟོས་ན་ཞེ་ན། ཟས་དུས་རུང་གི་བཟའ་བ་དང་བཅའ་བ་ཙམ་མོ། །ཊཱིཀྐར། ཤ་ཁ་ར་ལ་སོགས་པ་དག་ལ་ཐལ་བར་མི་འགྱུར་ཏེ། སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་ཚུལ་གྱིས་དུས་མིན་པར་ཟ་བ་ལ་སོགས་པ་བཞིན་ནོ། །སྟན་གཅིག་པའི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་དགེ་སློང་གིས་སྤངས་པ་ཉིད་ཡིན་ཡང་རུང་སྤངས་པ་ཉིད་མིན་ཡང་རུང་སྟེ། ཟོས་ཟིན་ཕན་ཆད་ལྷག་བོར་བྱས་ཀྱང་རུང་ལྷག་བོར་མ་བྱས་ཀྱང་རུང་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་བཟའ་བར་མི་བྱ་སྟེ། ཟོས་ན་ཡི་དམ་རལ་བར་འགྱུར་རོ་ཞེས་གསུངས། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ།། །།གཉིས་པའི་སྤྱི་དོན་ལ། མཉན་ཡོད་དུ། རྒན་ཞུགས། ཉོན་
མོངས་པ་ཉེས་རྩོམ་མོ། །རྒྱུ་མཚན་ཡུལ་དེ་ལ་མཐོ་འཚམས་པ་དང་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། སྤངས་པ་ཡོངས་རྫོགས་ནད་པ་མིན་པའོ། །དངོས་པོ་དང་དུས་འདྲ། ཀུན་སློང་སྟོབས་པར་འདོད་པ། སྦྱོར་བ་སྟོབས་པར་རྩོམ་པ། མཐར་ཐུག་དོན་གོ་བའོ། །གཞུང་དོན་ནི། སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དག་ལའོ། །སྟོབས་ནའོ། །དགེ་སློང་ལའོ་ཞེས་སྦྱར། སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དོ།། །།གཉིས་པ་གནས་མིན་པར་ཟོས་པ་ལ་གཉིས་ལས། སྤྱི་དོན། རྒྱལ་པོའི་ཁབ་ཏུ། ལྷས་བྱིན་མི་མཐུན་པར་འདོད་པའོ། །རྒྱུ་མཚན་དགེ་འདུན་བྱེ་བར་འགྱུར་བ་དང༌། དགེ་བའི་བར་ཆད་དུ་འགྱུར་བ་དང༌། ཡོ་བྱད་ཐམས་ཅད་ཟད་པར་འགྱུར་བ་སོགས་ཡན་ལག་ལ་བཞི་ལས། གཞི་ལ། གནས་མཚམས་ནང་ཡིན་པ། གཞན་དགེ་འདུན་དུ་ལོངས་པ་ཡོད་པའོ། །ཡུལ་དགེ་སློང་ཆོས་ལྔ་ལྡན་གསུམ་ཡན་ཆད་དུ་ལོངས་པ་དང༌། ཅིག་ཅར་དང་ལྷན་ཅིག་ཏུ་ཟ་བ་པོ་ཡིན་པའོ། །དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན། མུ་སྟེགས་ཅན་དང་དུས་སྟོན་ཆེན་པོའི་ཟས་ལས་གཞན་པ། ཟས་གཅིག་པ་མིན་པའོ། །བདག་ཉིད་ན་བ་དང༌། ལས་བྱས་པ་དང་ལམ་དུ་ཞུགས་པ་དང༌། སྲ་བརྐྱང་བཏིང་བ་བཞི་མིན་པའོ། །ཀུན་སློང་ཟར་འདོད་པ། སྦྱོར་བ་ཟར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གཞུང་དོན་ལ་གསུམ། རྣམ་གཞག ལྟུང་མེད། བསླབ་བྱའོ། །དང་པོ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། གནས་སོ་སོར་ཐ་དད་པར་ངེས་པའི་ཟས་ཀྱི་གནས་ཁང་ཁྱིམ་ལྟ་བུའི་གནས་ཅན་འདུས་ཤིང་ཟ་པ་པོའི་དགེ་སློང་དག་ལས་
གཞན་པ་འདུས་ཤིང་ཟ་བ་པོ་མིན་པར་དགེ་སློང་བཞི་ཡན་ཆད་ཀྱི་དགེ་འདུན་དུ་གྱུར་པ་ཟ་བ་པོ་དག་ལ་ལྟོས་ཏེ་མཚམས་ཀྱི་ནང་ན་གནས་པ་དག་གི་ཟན་དང༌། འདུས་ཤིང་ཟ་བ་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་གྱི་དགེ་སློང་མཚམས་ཀྱི་ནང་ན་ཟན་ཟ་བ་དག་གི་ཟན་ལྷན་ཅིག་མིན་པ་ཉིད་ལ་འདུ་ཤེས་གཙོ་ཆར་བྱེད་པ་པོ་ཡིན་ནོ། །ཟ་བ་པོ་གཅིག་པུ་ཞག་གི་ཟས་ལྷན་ཅིག་མིན་པ་ལ་ལྟུང་བ་འདིར་འགྱུར་རམ་ཞེ་ན། གཅིག་པུའི་མིན་གྱི་གྲོགས་གཞན་དང་ལྷན་ཅིག་པའིའོ། །ཇི་ལྟར་ཟ་བ་དང་ཞེ་ན། དུས་ཅིག་ཅར་ཟ་བ་དང་ལྷན་ཅིག་པ་ཡིན་གྱི་རིམ་གྱིས་ཟ་བ་དང་སུན་ནོ། །དུ་དང་ལྷན་ཅིག་ཅེ་ན། རང་མ་གཏོགས་པ་གསུམ་ལ་སོགས་པ་དང་ལྷན་ཅིག་ཅིག་ཅར་ཟ་བའོ། །བསྙེན་པར་མ་རྫོགས་པ་གསུམ་ལ་སོགས་པ་དང་ལྷན་ཅིག་ཀྱང་ཡིན་ནམ་ཞེ་ན། དགེ་སློང་རྣམས་ཀྱི་གྲོགས་གསུམ་ལ་སོགས་པ་དང་ལྷན་ཅིག་པའོ། །དེ་ལྟ་བུ་ཐམས་ཅད་ལ་ལྟུང་བར་འགྱུར་རམ་ཞེ་ན། དགེ་སློང་ན་བ་ལ་སོགས་པའི་དུས་ལ་མ་བབ་པ་རྣམ་པ་ཇི་ལྟ་བུས་དོན་མེད་པའི་ཟས་གཉིས་པ་རྙེད་པ་ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་ཡིན་པ་བཞིན་དུ། འདིར་ཡང་དགེ་སློང་མིན་པ་ལས་མ་བྱས་པ་ལམ་དུ་མ་ཞུགས་པ་དག་ལྟུང་བའི་བྱེད་པ་པོ་ཡིན་ནོ། །ཟན་ལྷན་ཅིག་མིན་པར་ཟ་བ་ཐམས་ཅད་ལ་ལྟུང་བར་འགྱུར་རམ་ཞེ་ན། དོང་ཁའི་མེ་ཏོག་བརྔ་བ་ལ་སོགས་པ་དུས་སྟོན་ཆེན་པོའི་དུས་སུ་ཟས་སྤགས་ཤིང་སྐྱེད་མོས་ཚལ་ལ་སོགས་པར་ཁྱེར་ཏེ་ཚོམས་སོ་སོར་ཟས་ཟ་བས་ལྟུང་བ་མེད་ལ་དེ་ལས་གཞན་པ་ལ་ཟན་ལྷན་ཅིག་མིན་པར་ཟ་ན་ལྟུང་བར་འགྱུར་རོ། །དུས་ལ་མ་བབ་པའི་དགེ་སློང་གིས་བཟའ་བ་གང་རུང་ཟོས་ན་ལྟུང་བ་དེར་འགྱུར་རམ་ཞེ་ན། རྟགས་འདི་མེད་པའི་ཕྱི་རོལ་པའི་རབ་ཏུ་བྱུང་བའི་ཟས་མུ་སྟེགས་ཅན་གྱི་ལྟ་བ་རྣམ་པར་བཅད་པའི་ཕྱིར་དང༌། བསྟན་པ་ལ་གཞུག་པར་བྱ་
བའི་ཕྱིར་ཟ་བ་ལ་ལྟུང་བ་མེད་པས་དེ་ལས་གཞན་པའི་ཟས་དུས་ལ་མ་བབ་པར་ཟོས་ན་ལྟུང་བར་འགྱུར་རོ། །གང་བྱས་ན་ཞེ་ན། ཟོས་ནའོ། །གཉིས་པ་སེལ་བ་ནི། མཚམས་གཅིག་གི་ནང་ན་གཞིའི་འདུག་གནས་ལོགས་གཅིག་ན་ཡོད་ཅིང༌། དེའི་ཕྱི་རོལ་ན་ཁང་ཁྱིམ་དག་ཡོད་ལ། དགེ་འདུན་གྱི་བཀད་ས་རེས་གཞིའི་འདུག་གནས་སུ་བྱེད། རེས་ཁང་ཁྱིམ་དུ་བྱེད་པ་ལས། གལ་ཏེ་གཞིའི་འདུག་གནས་སུ་བཀད་ས་བྱེད་པའི་ཚེ་ཁང་ཁྱིམ་ན་གནས་པ་དག་ཀྱང་དེར་ཟས་ཀྱི་ཕྱིར་འོང་བས། དེའི་ཚེ་གཞིའི་འདུག་གནས་པ་དག་གིས་གཞིའི་འདུག་གནས་དེར་ཟས་ཀྱི་ཕྱིར་འོང་བར་བྱ་བ་ཉིད་དུ་གནས་པ། མཚམས་ཀྱི་ནང་ན་འཁོད་པའི་དགེ་སློང་ཁང་ཁྱིམ་ན་གནས་པ་དག་ཀྱང་འོངས་སམ་ཞེས་དྲི་བར་བྱ་སྟེ། དེ་དག་གི་འོང་བ་ཉིད་མ་དྲིས་པར་ཟ་ན་བསླབ་པའི་གཞི་འདི་ལས་འདའ་བའི་ཕྱེད་ཡིན་པས་ཉེས་བྱས་སུ་འགྱུར་ཏེ། འདུས་ཤིང་ཟ་བ་བཏང་སྙོམས་སུ་འཇོག་པའི་ཕྱིར་རོ། །ཁང་ཁྱིམ་པ་དག་གིས་མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར། ཊཱིཀྐར། ཟན་ལྷན་ཅིག་ཉིད་ཡིན་ན་ནི་མ་དྲིས་པར་ཟོས་ན་ཡང་ཉེས་པ་མེད་དོ་ཞེས་གསུངས། གཉིས་པ་ནི། ཕན་ཚུན་དུ་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཉིད་ཡིན་ནོ། །གསུམ་པ་ནི། འགྲོ་བར་ཆས་པ་དང༌། གློ་བུར་དུ་འོངས་པ་དང༌། ནད་པ་དང༌། ནད་གཡོག་དང༌། དགེ་སྐོས་ལས་གཞན་པས་དགེ་སློང་ཐམས་ཅད་ཀྱིས་ཟན་མ་ཟས་པར་གཡོས་མལ་ཚང་མང་དང༌། ཐམས་ཅད་ཀྱི་ཟས་ཕྱོགས་གཅིག་ཏུ་སྤུངས་པའི་སྤྱི་བུངས་ལས་རང་གི་སྐལ་པ་མནོས་ཏེ་ཁྱེར་ནས་བཟའ་བར་མི་བྱའོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དོ།། །།གཉིས་པ་དུས་མ་ཡིན་པར་ཟོས་པ་ལ་གཉིས་ལས། སྤྱི་དོན། མཉན་ཡོད་དུ། གཞོན་ནུ་བཅུ་བདུན་སྡེས་སྦྱོར་མི་
བཟོད་པའོ། །རྒྱུ་མཚན་ལུས་འགྲངས་ཤིང་རྒྱགས་པས་ཉོན་མོངས་པ་གཞན་གྱི་རྒྱུར་འགྱུར་པ་དང་ཁྱིམ་པ་དང་ཁྱད་མེད་དུ་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། དུས་ནི། རང་གི་གླིང་གི་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་ཡིན་པ་དང་མུ་གེའི་དུས་མིན་པའོ། །དངོས་པོ་དུས་སུ་རུང་བ་མགུལ་དུ་མིད་པ་མངོན་པའོ། །བདག་ཉིད་ནད་པ་དང་ཟན་མེད་པ་དང་མིད་པ་གཉིས་པ་མིན་པའོ། །གསུམ་འདྲའོ། གཞུང་དོན་ནི། དགེ་སློང་རང་གང་ན་གནས་པའི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སང་གི་སྐྱ་རེངས་འཆར་བའི་བར་ནི་དུས་མིན་ནོ། །ཊཱིཀྐར། གུང་ཚིགས་ཀྱི་སྐད་ཅིག་ཕན་ཆད་སྐྱ་རེངས་ཤར་བའི་མདུན་རོལ་ཀྱི་བར་དེ་ནི་དུས་མིན་པར་རིག་པར་བྱའོ་ཞེས་གསུངས། འཛམ་བུ་གླིང་པས། དེའི་དུས་ཀྱིས་གླིང་གསུམ་དུ་དེ་དག་གི་དུས་མིན་པར་ཡང་ཟོས་ན་ལྟུང་བར་མི་འགྱུར་རོ། །དུས་མིན་པ་དེ་ཉིད་ལ་ཤེས་གཙོའོ། །ཅི་ཞིག་ཀུན་ཏུ་སྤྱད་ན་ཞེ་ན་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟོས་ན་ལྟུང་བྱེད་དུ་འགྱུར་རོ། །དུས་མིན་པར་ཟ་བའི་ལྟུང་བྱེད་དོ།། །།བཞི་པ་ཆོ་ག་ལས་འདས་པ་ལ་གཉིས། གསོག་འཇོག་གི་དང༌། བྱིན་ལེན་གྱིའོ། །དང་པོ་ལ་བཞི། རྣམ་གཞག །ཞར་ལ་བཙོག་པ་ཟ་བའི་ཉེས་པ་བསྟན་པ། བྱེ་བྲག་ལག་ཉའམ་དམིགས་བསལ། བསླབ་བྱའོ། །དང་པོ་ལ་གཉིས་ལས། སྤྱི་དོན། མཉན་ཡོད་དུ། ནག་པོ་ཆེན་པོ་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པའོ། །རྒྱུ་མཚན་སྐྱེ་བོ་དྲི་མས་སྨད་པ་དང༌། ལུས་ཀྱི་ནད་འཕེལ་བའོ། །ཡན་ཡག་ལ་བཞི་ལས། གཞི་ལ། དངོས་པོ་རྣམ་པ་བཞི་ངོ་བོར་གྲུབ་པ། ངོ་བོའི་སྒོ་ནས་རུང་ཚད་ལྡན། གསོག་འཇོག་མཚན་ཉིད་པ་དང་ལྡན་པའོ། །བདག་ཉིད་ནད་པ་མིན་པ། དུས་མུ་གེའི་དུས་མིན་པ་དང༌། དེ་དང་འདྲ་བའི་དུས་མིན་པ། གསུམ་འདྲའོ། །གཞུང་དོན་ལ་གསུམ། ཡན་ལག་གི་མཚན་ཉིད་
བྱིན་གྱིས་བརླབས་པའི་དགོས་པ་ལ་ དོགས་པ ་བཅད་པ། སེལ་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་ནི། གསོག་འཇོག་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྐྱ་རེངས་ཤར་ནས་གུང་ཚིགས་ཀྱི་སྐད་ཅིག་གི་བར་ནི་སྔ་དྲོ་ཡིན་ལ་དེར་རུང་བའི་ཟས་བྱིན་ལེན་བྱས་པ་བྱིན་ལེན་དེ་ཉིད་མ་བཤིག་པར་གུང་ཚིགས་ཡོལ་ཕན་ཆད་ཀྱི་ཕྱི་དྲོ་ཡང་རུང་བའི་ཟས་ཀྱི་དུས་སུ་གྱུར་པ་དང༌། ཐུན་ཚོད་དུ་རུང་བའི་ཟས་བྱིན་ལེན་བྱས་པ་དེ་ཉིད་མ་བཤིག་པར་སྲོད་ཀྱི་ཐུན་ཚོད་ལས་འདས་པ་ནི་གསོག་འཇོག་བྱས་པ་ཡིན་ཏེ། སྨན་བྱིན་རླབས་ཅན་རང་དུས་འདས་པའི་ཕྱིར་རོ། །དེ་བཞིན་དུ་སྨན་གཞན་ལའང་ཤེས་པར་བྱའོ། །གསོག་འཇོག་བྱས་པ་དེ་ཉིད་ལ་ཤེས་གཙོའོ། །ཟོས་ན་ལྟུང་བྱེད་དུ་འགྱུར་རོ། །བྱིན་ལེན་མ་བྱས་པར་དགེ་སློང་རང་ངམ་རང་དང་འདྲ་བས་ལག་ཉ་བླངས་པའི་ཟས་མིད་པར་མི་བྱའོ། །དགེ་སློང་གི་གནས་ཀྱི་མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པ་ཡང་བཟའ་བར་མི་བྱའོ། །མཚམས་ཀྱི་ནང་ངམ་ཕྱི་རོལ་ཏུ་ཡང་རུང་དགེ་སློང་གིས་བཙོས་པ་བཟའ་བར་མི་བྱའོ། །ཊཱིཀྐར། སྦྱིན་བདག་གིས་རུང་བ་མིན་པའི་གཞིར་བཙོས་པའམ་ཞག་ཏུ་བཞག་པ་འབུལ་བར་བྱེད་པ་དེ་ལ་ཉེས་པ་མེད་དོ། །སྦྱིན་བདག་གིས་མར་དང་འབྲས་ལ་སོགས་པ་ཕུལ་ལ་རང་འོངས་ནས་བྲིམ་མོ་ཞེས་ཟེར་བ་དེ་ལ་ཉེས་པ་ཁོ་ནར་འགྱུར་ཏེ། དང་པོ་ཁོ་ནར་བདག་གིར་བྱས་པར་གྱུར་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་བཞི། བཙོས་པའི་མཚན་ཉིད། ཞག་ལོན་གྱི་མཚན་ཉིད། བཙོས་པ་ལ་ དོགས་པ ་བཅད་པ། གནས་དང་ཉེ་འཁོར་གྱི་མཚན་ཉིད་དོ། །དང་པོ་ནི། མཚམས་ཀྱི་ནང་དང་དགེ་སློང་གིས་བཙོས་པའི་སྐབས་འདིར་རྗེན་པ་བཙོས་པ་གང་ཡིན་པ་དེ་ནི་མཚམས་ནང་དུ་བཙོས་པ་དང༌། དགེ་སློང་གིས་བཙོས་པ་དེའོ། །ལུང་དུ། བཙོས་པ་ནི་བྱིན་ལེན་བྱས་ནས་ཡང་བཙོ་
བར་བྱ་བ་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྗེན་པ་དེ་གང་ཞེ་ན། ཏིལ་དང་འབྲས་དང་ཤ་སྐམ་ལ་སོགས་པ་མི་སྙི་བ་རྣམས་ཀྱི་རྗེན་པ་ནི་སུམ་ཆ་འདས་པ་ཉིད་ཀྱི་མདུན་རོལ་ཏུ་རྗེན་པ་དེ་ཉིད་ཡིན་ནོ། །ཉུང་མ་སོགས་སྙི་བ་རྣམས་ཀྱི་རྗེན་པ་ནི་ཁ་དོག་གྱུར་པའི་མདུན་རོལ་ཏུ་དེ་ཉིད་ཡིན་ནོ། །འོ་མ་ལ་སོགས་པ་ཁུ་བ་རྣམས་ཀྱི་རྗེན་པ་ནི། ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱི་མདུན་རོལ་ཏུའོ། །དེ་དག་ཕྱིན་ཆད་རྗེན་པ་དང་བྲལ་བ་ཡིན་ནོ། །བཙོས་པར་འགྱུར་བ་ལའང་རྗེན་དང་བྲལ་བ་དགོས་སམ་ཞེ་ན། རྒུན་ལ་སོགས་པ་མེས་རུང་བ་བྱས་པ་ནི་མ་བཙོས་པ་མིན་པས་མཚམས་ནང་དུ་ཤིང་ཐོག་མེས་རུང་བར་མི་བྱའོ། །གཉིས་པ་ནི། ཤིང་ཐོག་ལ་སོགས་པ་རུང་བའི་ས་ན་འདུག་པ་དེའི་རུང་བའི་ས་དེར་འགྲུབ་པ་ཉིད་རུང་བ་མིན་པའི་ས་ན་འདུག་པ་སྡོང་བུ་ལྟ་བུ་རང་གི་སྐྱེ་བའི་རྒྱུན་ལ་རག་ལས་པ་ནི་ཞག་མ་ལོན་པ་ཉིད་མིན་ཏེ་སྐྱེ་བའི་རྒྱུན་རུང་བའི་ས་ནས་བྱུང་བའི་དབང་གིས་གྲུབ་པའི་ཕྱིར་རོ། །དེས་ན་སྐྱེ་བའི་རྒྱུན་དང་བྲལ་བ་དང་མ་བྲལ་བ་གཉིས་ཀ་ཡང་སྐྱེ་བ་ལ་རག་ལས་པ་ཞེས་བྱའོ། །དེའི་ཤུགས་ལ་རུང་བའི་ས་ནས་སྡོང་པོ་སྐྱེས་པ་ཡལ་ག་མི་རུང་བའི་སར་འཕྱང་བས་ཤིང་ཐོག་མི་རུང་བའི་ས་ན་འདུག་པ་དེ་ཡང་དེ་ཙམ་གྱིས་ཞག་ལོན་པ་མིན་ལ། བྲུལ་ནས་ལོན་ན་ནི་ལོན་པ་ཡིན་ནོ། །མཚམས་ནང་ནས་རྩ་བ་ཕྱི་རོལ་ཏུ་འཕེལ་བ་དང༌། བ་དང་འོ་མ་ཞག་ལོན་པའི་ཞོ་ཞག་ལོན་དུ་འགྱུར་བ་ནི་གནས་སྐབས་འཕོས་སུ་ཟིན་ཀྱང་སྨན་གྱི་རིགས་གཅིག་པའི་ཕྱིར་རོ། །དེ་དག་གི་མར་ནི་མི་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར་རོ། །ས་བོན་ཞག་ལོན་པ་ཕྱི་རོལ་ཏུ་བཏབ་པ་ལས་རྩ་བ་དང་མྱུ་གུ་སྐྱེས་པ་ནི་ཞག་ལོན་པ་མིན་ཏེ། སྐྱེ་བ་གཞན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འཚོད་པར་བྱེད་པ་ཕྱི་རོལ་ན་འདུག་ཀྱང་རྫས་དང་བཅས་པའི་སྣོད། མཚམས་ནང་གི་ཕྱོགས་ན་འདུག་ན་དེས་ཀྱང་རྫས་མཚམས་
ནང་དེར་བཙོས་པ་ཉིད་ཡིན་ནོ། །རྫས་རུང་བའི་ས་ན་འདུག་ན་འཚོད་པར་བྱེད་པ་མི་རུང་བའི་ས་དེ་ན་འདུག་པ་ཉིད་ཀྱིས་ནི། རྫས་མི་རུང་བའི་སར་བཙོས་པར་མི་འགྱུར་རོ། །མེ་མདག་ནི་སྣོད་དང་འདྲ་བ་མིན་པ་ཉིད་མིན་པས་མཚམས་ནང་ན་འདུག་པའི་མེ་མདག་གི་སྟེང་དུ་རྫས་བཙོས་པ་ནི་མཚམས་ནང་དུ་བཙོས་པ་ཡིན་ནོ། །མེ་ལྕེའི་སྟེང་དུ་བསྲེགས་པ་ནི་མིན་ཏེ། མེ་ལྕེ་ནི་ནམ་མཁའ་དང་འདྲ་བའི་ཕྱིར་རོ། །མཚམས་ནང་གི་མེ་དེ་ལས་བྱུང་བ་དང༌། རང་བྱུང་བ་དག་ནི་མི་རུང་བའི་ས་དེ་ཉིད་མིན་པས་དེར་བཙོས་པས་མཚམས་ནང་དུ་བཙོས་པར་མི་འགྱུར་རོ། །གསུམ་པ་གནས་དང་ཉེ་འཁོར་གྱི་མཚན་ཉིད་ནི། རྩིག་མཚམས་དང་འབྲེལ་བའི་ཉེ་འཁོར་ནི་གནས་ཉིད་དང་འདྲ་བ་ཡིན་ནོ། །ཉེ་འཁོར་གྱི་ཚད་ཇི་ཙམ་ཞེ་ན། རྩིག་པའི་ཕྱི་རོལ་ཀྱི་ངོས་ནས་བརྩམས་ཏེ་འདོམ་གང་ཚུན་ཆད་གནས་དེའི་ཉེ་འཁོར་ཡིན་ནོ། །གནས་ནི་གཉིས་ཏེ། སྟེང་གཡོག་པ་དང་མ་གཡོགས་པའོ། །མ་གཡོགས་པའི་དབང་དུ་བྱས་ན། སྟེང་དུ་ནམ་མཁའ་ལ་མགོ་སླེབས་པ་མན་ཆད་གནས་དང་འདྲ་བ་ཡིན་ནོ། །གཡོགས་པའི་དབང་དུ་བྱས་ན་ནང་གི་ནམ་མཁའ་ཡང་གནས་ཡིན་ནོ། །འོག་ཁང་གི་སྟེང་གི་ཡང་ཐོག་གཞན་ཡང་འོག་ཁང་དེ་ཉིད་ཡིན་ནོ། །ཊཱིཀྐར། དགེ་སློང་རྣམས་འོག་ཁང་ན་གནས་པར་གྱུར་ན་སྟེང་གི་ཡང་ཐོག་དག་ཏུ་རུང་བའི་ཁང་པ་སྐོ་བར་མི་བྱ་སྟེ། མི་འཆགས་པའི་ཕྱིར་རོ་ཞེས་གསུངས། བདག་པོ་རིགས་མི་མཐུན་པ་དབང་ཆེ་བ་གཞན་གནས་པ་ཉིད་ནི་བདག་པོ་སྔ་མ་གཞན་དགེ་སློང་གི་གནས་ཉིད་མིན་ནོ། །འབྲལ་བའི་སྐབས་སུ་གསུངས་པ་དགེ་སློང་དབང་ཆེ་བ་ལ་དགོངས་སོ། །དགེ་ཚུལ་རྣམས་ཀྱི་གང་ཟག་གི་གནས་དང་དགེ་ཚུལ་གྱི་ཚོགས་སྤྱིར་དབང་བའི་གནས་དེ་ནི་དགེ་སློང་གི་གནས་ཉིད་མིན་ནོ། །དགེ་སློང་གི་གནས་སུ་
དགེ་ཚུལ་ཙམ་གནས་པ་ནི་དགེ་སློང་གི་གནས་མིན་ཏེ། དགེ་ཚུལ་དེ་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ། །གཉིས་པ་བྱིན་གྱིས་བརླབ་པའི་དགོས་ པ་དོགས ་གཅོད་དང་བཅས་པ་ནི། ལག་ཉར་བླངས་པ་དང༌། ནང་དུ་བཙོས་པ་དང༌། དགེ་སློང་གིས་བཙོས་པ་དེ་དག་མུ་གེ་མ་བྱུང་བ་ལ་སོགས་པའི་དུས་ཀྱི་ཕྱིར་དགག་པ་མཛད་པར། འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ཏེ། འཚོ་བཅང་དུས་ཐམས་ཅད་དུ་བཟར་རུང་བའི་ཕྱིར་རོ། །དེས་ན་མུ་གེའི་ཚེ་གནང་མུ་གེ་མིན་པའི་ཚེ་བཀག་པ་དང༌། མུ་གེའི་ཚེ་ན་ཡང་སྔ་དྲོ་ལག་ཉ་ལ་སོགས་པར་གྱུར་པ་སྔ་དྲོ་གནང་གི་ཕྱི་དྲོ་བཀག་པ་དང༌། ཕྱི་དྲོ་དེ་དག་ཏུ་གྱུར་པ་ཡང་ཐུན་ཚོད་ལས་ཡོལ་ནས་མ་གནང་བ་ལྟ་བུ་ནི་མིན་ནོ། །འཚོ་བཅང་བྱིན་གྱིས་མ་བརླབས་པ་ནི་དུས་ཀྱི་ཕྱིར་དགག་པ་མཛད་པར་འདུས་ལ། ཞག་བདུན་པ་ཡང་དེ་དང་འདྲའོ། །གསུམ་པ་སེལ་བ་ལ་གཉིས། ཚད་ཀྱི་དང༌། ངོ་བོ་ཉིད་ཀྱི་སེལ་བ་བསླབ་བྱ་དང་བཅས་པའོ། །དང་པོ་ནི། ལྷུང་བཟེད་སོགས་ལ་གསོག་འཇོག་ཏུ་གྱུར་པའི་ཟས་གྱིས་འབགས་པ་ནི་ཟས་ཀྱི་ཕྱེད་ཉིད་ཡིན་གྱི་ཟས་རྫོགས་པ་ནི་མིན་ཏེ། ལྷུང་བཟེད་སོགས་བཟའ་བ་མིན་པའི་ཕྱིར་རོ། །དེས་ན་ལྟུང་བའི་ཕྱེད་ཡིན་ལ། མགུལ་དུ་མིད་པ་མངོན་ན་དངོས་གཞིར་འགྱུར་རོ། །ཁའི་ནང་མ་དག་པ་དྲི་མ་ཅན་གྱིས་བཟའ་བཏུང་ཟོས་སམ་འཐུངས་ན་ཕྱེད་ཉིད་ཡིན་པས་ཉེས་བྱས་སོ། །ཇི་ཙམ་གྱིས་ཁ་དག་པ་ཡིན་ཞེ་ན། ཁ་དེའི་ཕྱི་རོལ་ནི་ལྕི་བའམ་སས་ཀུན་ནས་དྲུད་དེ་ཆུས་བཤལ་ན་དག་པ་ཡིན་ནོ། །ཁའི་ནང་ནི་ཆུ་མཁུར་བ་དོ་འམ་གསུམ་གྱིས་བཤལ་ན་དག་པའོ། །ལྷུང་བཟེད་ཇི་ཙམ་གྱིས་དག་པ་ཡིན་ཞེ་ན། ལྷུང་བཟེད་ནི་བསམ་པ་ཐག་པས་ལན་གཉིས་སམ་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཀྱང་དག་པ་ཉིད་ཡིན་ནོ། །ལྷུང་བཟེད་དག་པར་བྱས་པ་ལ། རྩི་ཁ་དོག་གི་དྲེག་པ་ལངས་པ་ལ་ནི་རྩི་
འགོགས་པའི་ཉེས་པ་མེད་དོ། །ལྷུང་བཟེད་ཟས་ཀྱིས་འབོགས་པ་མེད་པར་བཟའ་བར་བྱ་བ་ལ་རེག་ཀྱང་ཉེས་པ་མེད་དོ། །ལྷུང་བཟེད་འདག་རྫས་སམ་ལྕི་བའམ། ས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་ཅུང་ཟད་སྣུམ་པ་ཉིད་ཡོད་ཀྱང་ཉེས་པ་མེད་དོ། །ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་མམ་རྩི་ལངས་པ་བསལ་བར་བྱ་བ་ཉིད་ཡིན་ནོ། །ལྷུང་བཟེད་ཟས་ལ་སོགས་པས་འབགས་ན་འབགས་པའི་ཕྱོགས་དེ་ཉི་ཚེ་བཀྲུ་བར་བྱ་བ་ཉིད་ཡིན་གྱི། རིལ་གྱིས་བཀྲུ་མི་དགོས་སོ། །བུམ་པ་ལ་སོགས་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་གཏིང་ཟབ་མོའི་ནང་དུ་གཞུག་གོ། དུས་ཇི་སྲིད་དུ་གཞུག་ཅེ་ན། ཉའམ་རུས་སྦལ་ལམ། སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱིམ་དག་གིས་སྣུམ་མ་ལུས་པར་འདོགས་ཀྱི་བར་དུ་གཞག་གོ །བུམ་པ་སོགས་སྣུམ་ཅན་མེར་བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་སྣུམ་མེད་པ་དེ་དག་ཇི་ལྟར་དག་པར་བྱ་ཞེ་ན། སྣུམ་མེད་པར་གྱུར་པ་ནི་བཀྲུས་པས་དག་པར་འགྱུར་རོ། །གང་གིས་བཀྲུ་ཞེ་ན། འདག་རྫས་སམ་ལྕི་བས་བཀྲུས་ན་འདག་པ་ཉིད་དོ། །གཉིས་པ་ངོ་བོ་ཉིད་ཀྱི་སེལ་བ་ལ་ངག་དོན་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང༌། ཉེ་བར་བསྒྲུབས་པའོ། །དང་པོ་ནི། མདོ་དང་པོ་བཞིས་བསྟན། གཉིས་པ་ནི། འབྱུང་ཁུངས་ཀྱི་དབང་ནི། འབྱུང་ཁུངས་དག་ཏུ་ཞེས་པས་བསྟན་ལ། བཏབ་པའི་དབང་ནི། ཟངས་ལ་སོགས་པར་ཚྭ་ལ་སོགས་པ་བཏབ་པ་སྟེ། འདི་ལ་མི་མངོན་ཡང་ལྟུང་བྱེད་རྫོགས་པར་འགྱུར་བར་འགྲེལ་པར་གསུངས། ཚིག་དོན་ནི། ལན་ཚྭ་ལ་སོགས་པ་ཚྭ་ཆུར་གྱུར་པ་དང་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང༌། རྙོག་ཆུར་གྱུར་པ་ནི་རང་གི་བྱ་བ་བྱེད་པ་གསོག་འཇོག་བྱས་པའམ་བྱིན་ལེན་མ་བྱས་པར་འཐུང་ན་ནི་ཕྱེད་ཉིད་དེ་ཉིད་ཉེས་བྱས་སོ། །ཚྭ་ཆུ་ལ་སོགས་པར་གྱུར་པ་དེ་ནི་ན་མི་ན་
ཐམས་ཅད་ལ་བྱིན་ལེན་བྱས་ན་མ་བཙགས་ཀྱང་དུས་མིན་པར་ཡང་འཐུང་དུ་རུང་བ་ཉིད་དོ། །ལན་ཚྭ་དང་འགྱུར་བྱེད། ཇ་བསྐོལ་བ་ན་ཚྭ་གཞན་ལ་ལྟོས་པ་ལྟ་བུ་རང་གི་བྱ་བ་མི་བྱེད་པ་དག་ལ་ནི་ཕྱེད་ཉིད་ཀྱང་མེད་པ་ཉིད་དོ། །ཐ་མ་རྙོག་པ་ཅན་ལ་ནི་བཞིན་གྱི་གཟུགས་བརྙན་བྱུང་ན་རྙོག་པ་མེད་པ་ཡིན་ནོ། །ཀ་ཏ་ཀའི་འབྲས་བུ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་པས་ཆུ་དེ་ཤིན་ཏུ་དྭངས་པར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ཆུ་ཤིན་ཏུ་དྭངས་བར་འགྱུར་རོ། །ཟན་གྱིས་ཀྱང་ཆུ་ཤིན་ཏུ་དྭངས་བར་འགྱུར་རོ། །ཆུའི་ནང་དུ་གཞུག་པར་བྱ་བའི་ཟན་དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུའོ། །ཁྲོན་པ་ལ་སོགས་པ་ཆུའི་འབྱུང་ཁུངས་དག་ཏུ་ཟས་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མིན་ནོ། །མངོན་ན་ནི་ལྟུང་བྱེད་དོ། །ཟས་ཀྱི་ཕྱོགས་གཅིག་ཏུ་རུང་བ་མིན་པ་འདྲེས་པ་འགྱུར་ན་འདྲེས་པའི་ཕྱོགས་དེ་ཉི་ཚེ་བསལ་པར་བྱ་བ་ཉིད་ཡིན་གྱི། ལྷག་མ་བཟའ་བར་བྱའོ། །གཉིས་པ་ཞར་ལ་བཙོག་པ་ཟ་བའི་ཉེས་པ་བསྟན་པ་ནི། ཟས་ལ་བྱ་ཁྭ་ཏ་ལ་སོགས་པའི་མཆུས་རེག་པ་ནི། རེག་པའི་ཕྱོགས་དེ་ཉིད་དང་དེའི་ཐན་ཀོར་ཡང་བསལ་བར་བྱའོ། །རིལ་བ་ལྟ་བུ་དེ་དང་འབྲེལ་བ་འོ་མ་ལྟ་བུའི་རྒྱུན་གྱིས་ལྷུང་བཟེད་ལྟ་བུ་ལ་རེག་པ་ནི་ལྷུང་བཟེད་ཀྱིས་རིལ་བ་ལྟ་བུ་དེ་ལ་རེག་པ་ཉིད་མིན་ལ། རིལ་བ་དང་འབྲེལ་བའི་འོ་མ་ལ་སོགས་པ་བཙོག་པར་ཡང་མི་འགྱུར་རོ། །མདོ་དེ་ཉིད་ནི་བཙོག་པ་སྤངས་པའི་ཕྱིར་གསུངས་པ་ཡིན་ནོ། །དེས་ན་བཙོག་པ་ནི་གཉིས་ཏེ། གང་ཟག་དམན་པས་དང༌། དངོས་པོ་དམན་པས་སོ། །དང་པོ་ནི། དགེ་ཚུལ་མན་ཆད། སྦྲང་བུ་ཡན་གྱི་ཁ་འཕྲོའམ་ཁ་མ་བཀྲུས་པར་རེག་པ་ལྟ་བུའོ། །གཉིས་པ་ནི། དགེ་སློང་ནང་ཡིན་ཡང་རུང༌། གཞན་གྱི་ཟ་འཕྲོ་གཙང་མའི་ནང་དུ་འདྲེས་སམ། དེས་གཙང་མ་ཕྱོགས་སམ་དེ་ལྟ་བུའི་སྣོད་དུ་གཙང་མ་བླུག་པ་ལྟ་བུའོ། །གསུམ་པ་ལག་ཉའི་དམིགས་བསལ་ལ་གཉིས། རེག་པའི་དང༌། ཟ་བའི་དམིགས་
བསལ་ལོ། །དང་པོ་ནི། ཟས་ཡོད་མེད་ནོར་བ་དང༌། ཡོད་པ་བརྗེད་པས་བཟའ་བར་བྱ་བ་ལ་རེག་པས་ཀྱང་ལག་ཉར་འགྱུར་བ་མིན་ནོ། །ནོར་བ་དང་བརྗེད་པ་དེ་གཉིས་ཀྱིས་ཟས་གནས་ནས་སྤོས་པ་རང་གནས་སུ་བཞག་པའི་ཕྱིར་རེག་པ་ཡང་ལག་ཉར་འགྱུར་བ་མིན་ནོ། །ནོར་བ་དང་བརྗེད་པས་ཟས་གནས་ནས་སྤོས་པ་གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བསྐུར་གྱི། ཐག་ཤིན་ཏུ་རིང་བར་ཁྱེར་ན་ལག་ཉའི་སྐྱོན་དུ་འགྱུར་རོ། །སངས་རྒྱས་ཀྱི་འདུལ་བ་ལ་མ་མོས་པའམ། ཐེ་ཚོམ་ཟ་བ་བསླབ་པའི་གཞི་ཐམས་ཅད་ལ་གཡེལ་བས་ལག་ཉར་བླངས་པ་དང་བྱིན་ལེན་བླངས་པ་ཉིད་ནི། རང་བཞིན་དུ་གནས་པའི་ལག་ཉར་བླངས་པ་དང་བྱིན་ལེན་བླངས་པ་ཉིད་མིན་ནོ། །བྱིན་ལེན་སྟོབས་པར་འོས་པ་དང་འབྲེལ་བ་མ་བྲལ་གྱི་བར་དུ་བཟའ་བར་བྱ་བ་བླངས་པ་ཡང་ལག་ཉར་བླངས་པ་དང་བྱིན་ལེན་བྱས་པ་མིན་ནོ། །བྱིན་ལེན་སྟོབས་པར་འོས་པའི་གང་ཟག་དེས་བཟུང་བའི་ཐག་པ་ལ་སོགས་པ་དང་ཟས་འབྲེལ་བ་ཉིད་ནི་བྱིན་ལེན་སྟོབས་པར་འོས་པ་དེ་དང་ཟས་འབྲེལ་བ་ཉིད་ཡིན་ནོ། །བྱིན་ལེན་ལ་སོགས་པར་འགྱུར་བ་ལ་རང་ཁོ་ནས་བྱས་པ་དགོས་སམ་ཞེ་ན། སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་པ་དང༌། བྱིན་ལེན་བྱས་པ་དང༌། ལག་ཉར་བླངས་པ་དག་ནི་གཅིག་པ་ཉིད་ཡིན་པས་དགེ་སློང་གཅིག་གི་བྱིན་ལེན་བྱས་པ་དེ་གཞན་དག་གི་བྱིན་ལེན་བྱས་པ་ཡང་ཡིན་ནོ། །སྡོམ་པ་མཆོག་དང་ལྡན་པ་དགེ་སློང་ལྟ་བུ་དང༌། མཆོག་མིན་པ་བསླབ་པ་བྱིན་པ་ལྟ་བུར་གཅིག་པས་དགེ་སློང་གི་བྱིན་ལེན་གསོག་འཇོག་གིས་བསླབ་བྱིན་གྱི་བྱིན་ལེན་གསོག་འཇོག་ཏུ་ཡང་འགྱུར་རོ། །སྡོམ་པས་མཉམ་པ། མཚན་མི་མཐུན་པ་དག་གི་ཡང་བྱིན་ལེན་གསོག་འཇོག་ཕན་ཚུན་གཅིག་པ་ཉིད་དུ་འགྱུར་རམ་ཞེ་ན། སྐྱེས་པ་དགེ་སློང་དང་བུད་མེད་དགེ་
སློང་མ་དག་གི་བྱིན་ལེན་དང་གསོག་འཇོག་ནི་ཕན་ཚུན་ཁྱིམ་པ་དང་འདྲ་བར་དགེ་སློང་གི་བྱིན་ལེན་གསོག་འཇོག་གིས་དགེ་སློང་མའི་བྱིན་ལེན་གསོག་འཇོག་ཏུ་མི་འགྱུར་རོ། །དགེ་སློང་གིས་དགེ་ཚུལ་དག་གི་ཟས་ལ་རེག་པ་ནས་སྦེད་པའི་བར་ལ་ཉེས་པར་འགྱུར་བ་ནི། དགེ་སློང་གི་ཟས་ལ་དགེ་ཚུལ་གྱིས་རེག་པས་ཉེས་པར་མི་འགྱུར་བ་དེ་བཞིན་ནོ། །ལག་ཉར་བླངས་པའི་རྫས་དེ་ཡང་ཕྱིར་བླང་ངོ་སྙམ་པའི་འདོད་པའམ། ལྟོས་པ་དང་བཅས་པས་ཕར་བྱིན་པ་ནི་བཏང་བ་ཉིད་མིན་ཏེ། བསམ་པ་ཐག་པ་ནས་མ་བཏང་བའི་ཕྱིར་རོ། །དེས་ན་ལག་ཉ་སོགས་འཇིག་པར་མི་འགྱུར་རོ། །ལག་ཉར་བླངས་པ་ལ་སོགས་པའི་རྫས་དང་པོར་ལྟོས་པ་མེད་པར་བཏང་བ་ལ། ཕྱིས་ལྟོས་པ་དང་བཅས་པ་ཉིད་ནི། བྱིན་ལེན་བྱས་ཏེ་ཟོས་ན་ཕྱེད་ཉིད་ཡིན་པས་ཉེས་བྱས་སོ། །ལྟོས་པ་མེད་པར་བཏང་བ་ལ་ལྟོས་པ་དང་བཅས་པ་ཕྱེད་ཉིད་ཡིན་པ་དེའི་ཕྱིར། ལྟོས་པ་མེད་པར་བཏང་བ་དེ་བཟའ་བའི་ཕྱིར་དུ་བསླང་བར་མི་བྱ་སྟེ། སློང་ན་ལྟོས་བཅས་སྐྱེ་བའི་ཕྱིར་རོ། །ལྟོས་པ་མེད་པར་བཏང་བ་དེ་ཤེས་བཞིན་དུ་ཕྱིར་མི་བསླང་སྟེ། མི་ཤེས་ན་ཉེས་པ་མེད་དོ། །ཞིང་གི་ཐོག་ཤས་ནོད་པ་དང༌། དེ་གྲུབ་པའི་ཕྱིར་རེག་པ་ནི་ཆུད་ཟ་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེ་ལ་རེག་པ་རུང་བ་མིན་པ་ཉིད་དུ་མི་འགྱུར་རོ། །ཟས་བཀལ་བའི་ཤིང་རྟ་ལ་ནི་རྐྱེན་དེ་ལྟ་བུ་ཡོད་ན་ཁ་ལོ་པའི་སྟན་མ་གཏོགས་པ་ལ་རེག་པར་བྱ། འབྲས་ལ་སོགས་པས་གང་བའི་ཤིང་རྟ་ལ་ཡང་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་ཡོད་ན་ཁ་ལོ་པའི་སྟན་མ་གཏོགས་པ་ལ་རེག་པར་བྱའོ། །འབྲུ་ལ་སོགས་པས་གང་བའི་ཤིང་རྟ་ལ་ཡང་དེ་བཞིན་ནོ། །ནད་པ་ཞོན་པའི་ཤིང་རྟ་ལ་ཡང་རྐྱེན་དེ་ལྟ་བུ་ཡོད་ན་ཁ་ལོ་པའི་སྟན་མ་གཏོགས་པ་རེག་པར་བྱའོ། །བཟའ་བ་དང་འབྲུ་ལ་སོགས་པ་བཅུག་པའི་གྲུ་ལ་ནི་རུ་སྐྱ་མ་གཏོགས་པ་ལ་རེག་གོ །རུ་སྐྱ་དེ་འཛིན་པའི་སྟན་པ་ཡང་
རེག་པར་མི་བྱའོ། །དགེ་འདུན་ནམ་གང་ཟག་གི་སྨན་དག་བསྐོལ་བའི་ཚེ། ལུད་པ་ན་སྐྱམ་པ་དང་གནས་ནས་དབྱུང་བ་དང༌། གཟར་བུའི་ལས་ཕྱར་བ་ལ་སོགས་པ་དང༌། བསྐོལ་བའི་གནས་ལས་ཤོད་དུ་དཔོག་པ་དག་ལ་ཡང་མི་རུང་བ་མེད་དོ། །སྐྱམ་པ་སོགས་ལ་དང་པོ་ནས་རེག་པར་བྱའམ་ཞེ་ན། དང་པོར་ལུད་པ་ཞི་བར་བྱ་བའི་ཕྱིར་དང་པོར་ཤིང་དབྲི་བ་དང་མེ་བསད་པ་དང༌། གོས་ཀྱི་ཐུ་བ་ལ་སོགས་པར་རླུང་གཡབ་ལས་འབད་པར་བྱའོ། །དེ་ལྟར་བྱས་ཀྱང་མ་ཤི་ན་སྐྱམ་པ་སོགས་བྱའོ། །གཉིས་པ་ཟ་བའི་དམིགས་བསལ་ནི། དགེ་ཚུལ་ལ་སོགས་པས་མ་ཐེག་པར་རང་གིས་ཆུ་ཀླུང་བརྒོལ་བའི་ཕྱིར་རམ། ལམ་བརྒྱགས་འཁྱེར་བའི་ཁུར་ཚ་བ་བསྙག་པའི་ཕྱིར་ལག་ཉར་བླངས་བའི་ལམ་བརྒྱགས་བཟར་རུང་ངོ༌། །གང་གི་ཚེ་རུང་ཞེ་ན། དེ་གཉིས་ཀྱི་དུས་སུ་བསྙེན་པར་མ་རྫོགས་པར་རང་གི་ལུས་སམ་དེ་དང་འབྲེལ་བའི་ཐག་པ་ལ་སོགས་པ་ནས་འཛིན་པའི་ཆོ་ག་མ་འབྱོར་ཏམ། རུང་བའི་ལམ་བརྒྱགས་གཞན་མེད་ནའོ། །ལམ་བརྒྱགས་འཁྱེར་བའི་ཁུར་ཚ་བ་གཞན་མེད་ན། སྦྱིན་བདག་གིས་དེ་གཞན་ལ་བསྐུར་བ་སོགས་སྤྲོ་བར་བྱའོ། །སྦྱིན་བདག་ལ་བཅོལ་ཡང་མ་གྲུབ་པས་ཁྱེར་བ་མེད་ན་ལམ་བརྒྱགས་རང་གིས་བསྐུར་བར་བྱའོ། །རང་གིས་ཁྱེར་བ་དེ་ཉིད་ལས་ཚབ་གཞན་ལ་སྦྱིན་པས་བསྙེན་པར་མ་རྫོགས་པ་དང་སྐལ་བ་བརྗེ་ཞིང་བླང་བ་ལ་བསྒྲུབ་པར་བྱའོ། །གཞན་དང་བརྗེ་བ་དེ་ཡང་མ་གྲུབ་ན། རང་གིས་འཁྱེར་བ་དེ་བཟའ་བར་བྱ་བ་ཉིད་དོ་བྱིན་ལེན་སྟོབས་པར་བྱེད་པ་མེད་ན་བྱིན་ལེན་མ་བྱས་པ་རང་གིས་ཁྱེར་བ་དེའམ། བྱིན་ལེན་མ་བྱས་པ་གཞན་ཡང་བཟའ་བར་བྱའོ། །དེ་གཉིས་དགེ་སློང་གང་གི་བཟའ་བྱ་ཡིན་ཞེ་ན། ཉིན་གཅིག་ཟན་བཅད་པར་བྱས་པའི་དགེ་སློང་གི་བཟའ་བྱའོ། །དེས་ཉི་མ་གང་ལ་ཇི་ཙམ་བཟའ་
ཞེ་ན། བཟར་རུང་བའི་ཉི་མ་དང་པོ་ལ་སྤར་གང་བཟའོ། །ཉི་མ་གཉིས་པ་ལ་ནི་སྤར་བ་དོ་བཟའ་བར་བྱའོ། །ཉི་མ་གསུམ་པ་ཕན་ཆད་ལ་ནི་ཇི་ཙམ་གྱིས་ཆོག་པ་དེ་ཙམ་བཟའ་བར་བྱའོ། །ཤིང་ཐོག་རུང་བར་མ་བྱས་པ་དང༌། བྱིན་ལེན་མ་བྱས་པ་དང༌། ལག་ཉར་བླངས་པ་དག་ཀྱང་དུས་མིན་པར་ཡང་བཟའ་བར་བྱ་བ་ཉིད་དོ། །སུའི་བཟའ་བྱ་ཡིན་ཞེ་ན། ཟན་མེད་པའི་དགེ་སློང་གིའོ། །ཐམས་ཅད་དུ་བཟའམ་ཞེ་ན། ཤིན་ཏུ་བཀྲེས་པ་ཉིད་ནའོ། །ཟན་མེད་ཅིང་ཤིན་ཏུ་བཀྲེས་པས་ལ་ཕུག་ལ་སོགས་པའི་རྩ་བ་རུང་བ་མ་བྱས་པ་དག་ཀྱང་དུས་མིན་པར་ཡང་བཟར་རུང་ངོ༌། །ཟན་མེད་ཅིང་ཤིན་ཏུ་བཀྲེས་ན་རང་གིས་ཀྱང་ཤིང་ཐོག་སོགས་བཏོག་པ་དང་རྩ་བ་ནས་དབྱུང་བ་ཉིད་དང༌། བཙོ་བ་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་ཀྱང་བྱ་ཞིང་གཞན་ཡང་བྱེད་དུ་གཞུག་གོ །བཞི་པ་བསླབ་བྱ་ནི་བྱིན་ལེན་མ་བསྟབས་པ་དང༌། རུང་བར་མ་བྱས་པ་དང༌། དུས་མིན་པར་བཟའ་བ་ལ་སོགས་པ་རུང་པར་བྱ་བ་དག་ལ་རྩོམ་འདོད་པ་ན་དེའི་མདུན་རོལ་ཏུ་ཡོ་བྱད་ལ་བདག་དང་གཞན་གྱི་བདག་གིར་བྱ་བའི་ཐ་སྙད་མེད་པ་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་མངོན་དུ་བྱའོ། །དགེ་སློང་གིས་ལག་པ་བསྙལ་པ་བཀྲུས་པ་དང་འདབ་མ་དག་ཡོད་ན་ཆུ་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ༌། །དེ་དག་མེད་ན་སྐྱོགས་ཀྱིས་སྐོམ་བཏུང་བ་མ་བསྒྲིབས་པར་མི་བྱའོ། །ཆུ་སྐྱོགས་དེ་ཆུ་དང་བཅས་པ་ཉིད་ཡིན་ན་ཁ་མ་བཅད་པ་ཉིད་དུ་མི་གཞག་གོ །སྐྱོགས་དེའི་ཁ་གང་ནི་རྣམ་པ་གསུམ་སྟེ། ཤིང་ལས་བྱས་པ་དང༌། རྡོ་ལས་བྱས་པ་དང༌། ས་ལས་བྱས་པའོ། །སྐྱོགས་དེ་གཞག་པའི་གཞི་ཤིང་ལས་བྱས་པའམ་རྡོ་ལས་བྱས་པ་བཅང་བར་བྱའོ། །ཤིང་ལ་སོགས་པའི་འདབ་མ་དག་ཟས་ཀྱི་སྣོད་ཉིད་དུ་སྤྱོད་པ་ན་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ། །སྣོད་དུ་སྤྱོད་པའི་འདབ་མ་འདི་ལ། ཤིང་ལྗོན་པ་སོགས་ལས་བརྔས་པ་དང་མ་
བརྔས་པ་དག་བྱིན་ལེན་སྟོབས་པའི་ཕྱིར་ནི་ཁྱད་པར་མེད་དོ། །འདབ་མ་བརྔས་པ་དང༌། སྣོད་གཞན་མེད་ན་འདབ་མ་བརྔས་པ་དག་ཀྱང་སྣོད་དུ་སྤྱད་དོ། །གསོག་འཇོག་གི་ལྟུང་བྱེད་དོ།། །།གཉིས་པ་བྱིན་ལེན་གྱི་ཆོ་ག་ལས་འདས་པ་ལ་ལྔ། རྐྱེན་ཁྱད་པར་ཅན་ལ་དམིགས་ཀྱིས་བསལ་བ་དང༌། བྱིན་ལེན་གྱི་མཚན་ཉིད་དམིགས་བསལ་དང་བཅས་པ། ཟས་བྲིམ་པའི་ཚུལ་བསྟན་པ། བྱིན་ལེན་འཇིག་མི་འཇིག་ དོགས་གཅོད་དང་བཅས་པ ། ཡན་ལག་གི་མཚན་ཉིད་དམིགས་བསལ་དང་བཅས་པའོ། །དང་པོ་ནི། བྱིན་ལེན་བྱས་པའི་ཟས་གཞན་དང༌། བྱིན་ལེན་སྟོབས་པའི་བསྙེན་པར་མ་རྫོགས་པ་དག་ཀྱང་མེད་ན། སྦྱིན་བདག་གིས་བསམ་པ་ཐག་པས་དགེ་སློང་ལ་བསྔོས་ཏེ་བཏང་བའི་བསོད་སྙོམས་པ་ལ་དགེ་སློང་རང་གིས་བླངས་ཏེ་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ནས་བཟའ་བར་བྱའོ། །གཉིས་པ་ནི། ཇི་ཙམ་གྱིས་བྱིན་ལེན་བྱས་པ་ཡིན་ཞེ་ན། མངོན་སུམ་དྲང་ཐད་དུ་མནོས་པ་ནི་བྱིན་ལེན་ཡིན་གྱི། གློ་དང་རྒྱབ་ནས་མནོས་པ་ནི་མིན་ནོ། །དེ་ཡང་བདག་པོ་དང་ལས་དང༌། མེ་ཆུ་ནམ་མཁའ་སོར་བཞི་ཙམ་གྱི་རགས་པས་མ་ཆོད་པའི་མཚམས་ཀྱི་ནང་དུ་མནོས་པ་དང༌། ས་མི་དམའ་བ་དང་ལག་པས་སླེབ་པ་འཐོབ་པའི་ཕྱོགས་ན་གནས་པས་མནོས་པ་དང༌། ལག་པ་གཉིས་གན་རྐྱལ་དུ་བཀན་པས་མནོས་པ་དང༌། ལག་པ་ལ་སོགས་པའི་ལུས་སམ། ལག་པ་དེ་དང་འབྲེལ་བའི་ལྷུང་བཟེད་ལ་སོགས་པས་མནོས་པ་དང༌། ཟས་དེ་གྱེན་དུ་འདེགས་པར་ནུས་པ་ལས་མནོས་པ་དང༌། ངོ་བོའམ་རྣམ་གྲངས་ཀྱིས་བསྙེན་པར་མ་རྫོགས་པ་ལས་མནོས་པ་དང༌། རྟ་དང་གླང་པོ་ཆེ་དང་སྤྲེའུ་ཅང་ཤེས་སོགས་མི་མིན་པ་ལས་ཀྱང་བྱིན་པ་མནོས་པ་ནི་བྱིན་ལེན་ཡིན་ནོ། །སྦྱིན་པར་མི་འདོད་པས་བྱིན་པ་ནི་བྱིན་ལེན་མིན་པས། སྦྱིན་པར་
འདོད་པས་དེའི་ཡན་ལག་གིས་སམ་ལག་པ་དེ་དང་འབྲེལ་བས་བྱིན་པ་མནོས་པ་ནི་བྱིན་ལེན་ཡིན་ནོ། །དམིགས་བསལ་ནི། བྱིན་ལེན་སྟོབས་པ་པོ་རང་གི་ཡུལ་དེ་ན་འགའ་ཡང་དེའི་ལག་ནས་ཟན་མི་ཟ་བའི་མི་སྨད་པར་བྱ་བ་རིགས་ངན་སོགས་ཡིན་ན། དཀྱིལ་འཁོར་རམ་བྱུགས་རིགས་འདིའི་སྟེང་དུ་ཞོག་ཅིག་ཅེས་བསྟན་ན་ཡང་བྱིན་ལེན་ཡིན་ནོ། །སྣོད་ལ་ཁྱད་པར་མེད་པ་ནི། ལྷུང་བཟེད་དང༌། ལྷུང་བཟེད་དེའི་གཞི་དག་ནི་བྱིན་ལེན་གྱི་སྐབས་འདིར་གཅིག་པ་ཉིད་དེ་དེ་གཉིས་ཀར་དུ་མནོས་པ་བྱིན་ལེན་བྱས་པ་ཡིན་ནོ། །འཐོབ་པའི་ཕྱོགས་ཀྱི་དམིགས་བསལ་ནི། སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཤིང་གི་ཡལ་ག་ཡིན་པས། ཡལ་གའི་སྟེང་དེ་ནས་སྤྲེའུས་བྱིན་ལེན་བསྟབས་པ་དེའི་ཕྱིར་མི་འཐོབ་པའི་ས་ཉིད་མིན་ནོ། །ལག་པ་གཉིས་བཀན་པའི་དམིགས་བསལ་ནི། ཤིང་ཐོག་དག་མན་ཤེལ་དང༌། ཁྲི་དང་ཁྲིའུ་དང་ཐུ་བ་དང་ལྷུུང་བཟེད་ཀྱི་གཞི་དག་གིས་བྱིན་ལེན་ནོད་དུ་མི་རུང་བ་ཉིད་མིན་ནོ། །ཤིང་ཐོག་དེ་དག་གནས་པ་སློབ་མ་དང་ཉེ་གནས་དག་གིས་ཅང་མི་སྨྲ་བས་སྲོག་ཆགས་ཡོད་མེད་སོགས་སོ་སོར་བརྟག་པར་བྱའོ། །གསུམ་པ་ནི། ཤིང་ཐོག་འབྲིམ་པར་བྱེད་པ་དག་གིས་སྙོམས་པར་འབྲིམ་པར་བྱ་བར་མོས་པར་བྱའོ། །དགེ་སློང་བྱིན་ལེན་བྱས་པས་འབྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་དག་འབྲིམ་པ་ན། གོས་དག་མ་རུངས་པ་སྦང་བའི་ཕྱིར་རྩྭ་དང་ལོ་མ་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱའོ། །བྲིམ་པར་བྱ་བ་རྒུན་འབྲུ་ལ་སོགས་པ་གཅེས་པ་བཟང་བ་དང་བར་མ་དང༌། ཐ་མ་དག་སོ་སོར་བྱས་ནས་བྲིམ་པར་བྱའོ། །ཨ་མྲ་ཞིམ་པོ་དག་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱ་སྟེ་མི་སྙོམས་པ་བསལ་བའི་ཕྱིར་རོ། །འབྲིམ་པར་བྱེད་པའི་སྐལ་པ་ནི་དེའི་མཁན་པོའམ་སློབ་དཔོན་གྱིས་
ནོད་པར་བྱའོ། །མཁན་སློབ་ཀྱིས་དེའི་སྐལ་པ་ནོད་ན། དེ་གཉིས་ཤིན་ཏུ་རྒན་པས་འབྲིམ་བྱེད་ཀྱིས་མིང་ཐོབ་པའི་ཟས་བཟང་པོ་ཐོབ་ན་འབྲིམ་བྱེད་རང་གི་དྲུང་ན་འདུག་པའི་གྲོགས་དག་གིས་ནོད་པར་བྱའོ། །འབྲིམ་པར་བྱེད་པ་དུ་མ་ཉིད་ཡིན་ན་དྲུང་ན་འདུག་པའི་དགེ་སློང་རང་སྟན་ལས་མ་འཕགས་པས་དེ་དག་གི་སྐལ་པ་ཇི་ཙམ་ལེན་ནུས་པ་དེ་ཙམ་ནོད་པར་བྱ་ཞིང་ལྷག་མ་ནི་གཞན་དག་གིས་ནོད་དོ། །བཞི་པ་ནི། བྱིན་ལེན་ཅན་གྱི་ཟས་འགྲིལ་བ་ནི། དགེ་སློང་རང་གནས་ནས་མ་འཕགས་པས་ལེན་པར་ནུས་པ་ཉིད་ཡིན་ན་བྱིན་ལེན་མ་བཤིག་གནས་ནས་མི་སློབ་པའི་སར་ཕྱིན་ན་བྱིན་ལེན་ཞིག་གོ །བྱིན་ལེན་བྱས་པའི་འོག་ཏུ་སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པས་ཀྱང་བྱིན་ལེན་མ་ཞིག་གོ །དགེ་སློང་གིས་འཛིན་པ་མ་བཏང་བ་ལ་གཞན་གྱིས་རེག་པས་ཀྱང་བྱིན་ལེན་མི་འཇིག་གོ །བྱི་བས་རེག་པས་ནི་བྱིན་ལེན་ཞིག་པར་བྱས་སོ། །བྱིན་ལེན་འཇིག་པའི་རྒྱུ་བཅུ་སྟེ། འགྲིལ་བ་དང༌། དངོས་པོ་གཞན་དུ་གྱུར་པ་དང༌། སྐྱེ་བ་གཞན་དུ་གྱུར་པ་དང༌། ནམ་མཁའ་ལ་འཕངས་པ་དང༌། བདག་ཉིད་དགེ་སློང་མིན་པར་གྱུར་པ་དང་དགེ་སློང་ནང་ཡིན་ནའང་རུང་ཀྱལ་ཁ་ལྟ་བུས་ཀྱང་འཕྲོགས་པ་དང་མ་རྫོགས་པ་ལ་བསྔོས་པ་དང༌། རང་དང་འབྲེལ་བ་བྲལ་བ་ལ་མ་རྫོགས་པས་རེག་པ་དང༌། ལྟུང་བ་བྱུང་ནས་སྤངས་པ་དང༌། མེ་ཆུ་ལྟ་བུས་དངོས་པོ་བརླག་པ་རྣམས་སོ། །བྱིན་ལེན་བྱས་ཟིན་པའི་ཟས་ལ་གཞན་གྱིས་རེག་གམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་བྱིན་ལེན་སྟོབས་པ་ནི་མི་རིགས་པ་ཉིད་མིན་ནོ། །ལྔ་པ་ལ་གཉིས་ལས། སྤྱི་དོན་ནི། མཉན་ཡོད་དུ། དྲུག་སྡེས། བསླབ་པ་ལ་གཡེལ་བས་བྱིན་ལེན་མ་བྱས་པ་ཟོས་པའོ། །རྒྱུ་མཚན་དབང་པོ་མེད་པར་ཟོས་པར་བརྐུས་སོ་དང་དུས་མིན་པར་ཟོས་སོ་སོགས་ཁ་ཟེར་བའོ། །
ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་ཆུ་དང་སོ་ཤིང་ལས་གཞན་པ་བྱིན་ལེན་མ་བྱས་པ་མགུལ་དུ་མིད་པ་མངོན་པའོ། །བདག་ཉིད་ནད་པ་དང་ཟན་ཆད་པ་མིན་པའོ། །གནས་ནི་སྒྲ་མི་སྙན་ནམ་དེ་དང་འདྲ་བ་མིན་པ། ཀུན་སློང་ཟར་འདོད་པ། སྦྱོར་བ་ཟར་རྩོམ་པ་མཐའ་མགུལ་དུ་མེད་པའོ། །གཞུང་དོན་ནི། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། བྱིན་ལེན་མ་བསྟབས་པ་ཉིད་ལའོ། །གང་གི་བྱིན་ལེན་མ་བསྟབས་པ་ལ་ཞེ་ན། ཆུ་དང་སོ་ཤིང་སོགས་མ་གཏོགས་པ་བཟའ་བར་བྱ་བའིའོ། །གང་དུ་བཟའ་བར་བྱ་བའི་ཞེ་ན། ཁར་བཟའ་བར་བྱ་བ་ཡིན་ཀྱི། རྣ་བ་སོགས་སུ་ལོངས་སྤྱོད་པ་ནི་མིན་ནོ། །གང་བྱས་ན་བྱེད་པ་པོ་ཡིན་ཞེ་ན། ཟོས་པ་མགུལ་དུ་མིད་པ་ན་ལྟུང་བར་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །དམིགས་བསལ་ནི། བྱང་གི་སྒྲ་མི་སྙན་དུ་ཟ་བ་ནི་མ་གཏོགས་སོ། །དེར་ཡང་དུས་དྲན་བྱ་དགོས་ཏེ། ཞུ་བར། བྱང་གི་སྒྲ་མི་སྙན་གྱི་གླིང་ན་ནི་ཟས་མ་བྱིན་པར་ཁའི་སྒོ་ནས་ཟ་བར་བྱེད་པ་དེ་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་རློབ་ན་ནི་ལྟུང་བ་མེད་དོ། །ཅི་སྟེ་བྱིན་གྱིས་མི་རློབ་ན་ནི་ཉེས་བྱས་སོ། །ཞེས་གསུངས། ནད་པས་རང་གི་ཟས་ཁར་སྐྱལ་མི་ནུས་ན་བསྙེན་པར་རྫོགས་པ་གཞན་མེད་ན་བསྙེན་པར་མ་རྫོགས་པ་ལས་ཁར་ཟན་ནོད་པར་བྱས་ཏེ་དེ་ལ་བྱིན་ལེན་འཇིག་པའི་སྐྱོན་མེད་དོ། །ནད་པ་བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་པས་ཟས་བསྟབས་པ་བཟའ་བར་བྱའོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ།། །།ལྔ་པ་ཟས་བསོད་པ་ལས་གྱུར་པ་ལ་སྤྱི་དོན། །སེར་སྐྱར་དྲུག་སྡེས་རང་ཉམས་དང་ལྟོ་འདུན་ནོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང་རང་ལྟོ་འདུན་ལ་ཞུགས་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་ཡུལ་དུས་དེར་ཟས་བསོད་པར་གྲགས་པ། རུང་ཚད་ལྡན། སྦྱིན་བདག་
དེ་ཉིད་ཀྱི་ཡིན་པའོ། །ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཉེ་དུ་མ་ཡིན་པ། རྫས་ཐ་དད་མ་བླངས་པར་སྟེར་པ་པོ་མིན་པ་ལུས་ཐ་མལ་པར་གནས་པ་སྟེ་དྲུག་ལྡན་ནོ། །བདག་ཉིད་ནད་པ་དང་ཅི་བདེར་བསྟབས་པ་མིན་པའོ། །ཀུན་སློང་བླངས་ཏེ་ཟར་འདོད་པའོ། །སྦྱོར་བ་རང་གི་ལག་ཏུ་བསམ་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པའོ། །མཐར་ཐུག་མགུལ་དུ་མིད་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི་ཟས་བསོད་པ་ཇི་ལྟ་བུ་ཞེ་ན། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ། །ཊཱིཀྐར། རྣམ་པ་དེ་ལྟ་བུ་དག་དང་མར་ཁུ་ལ་སོགས་པ་དག་ནི་ཟས་བསོད་པ་ཡིན་ནོ་ཞེས་གསུངས། ཟས་བསོད་པ་འདི་ནི་ལྟུང་བ་འདི་བྱེད་པ་པོའོ། །སྦྱིན་པར་བྱེད་པ་ཉེ་དུ་མིན་པ་ཁྱིམ་པ་ཉིད་ཀྱང་བྱེད་པ་པོ་ཡིན་ནོ། །གང་གི་ཚེ་དེ་གཉིས་བྱེད་པ་པོ་ཡིན་ཞེ་ན། རང་གི་ལག་གིས་བླངས་ཏེ་ཟོས་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །བདག་ཉིད་མིན་པས་ཟས་བསོད་པ་བསླངས་པ་དང༌། གཞན་སློང་དུ་བཅུག་པ་ཉིད་དེ་ལ་ནི་ཉེས་བྱས་ཀྱི་བྱེད་པ་པོའོ། །མི་ན་བ་ཐམས་ཅད་ལ་དེ་གཉིས་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནམ་ཞེ་ན། སྦྱིན་བདག་གིས་སློང་བ་པོ་ལ་ཅི་བདེར་མ་བསྟབ་པ་ལ་ཡིན་ཀྱི་བསྟབས་པ་ལ་ནི་ལྟུང་བ་མེད་དོ། །བསྟབས་པ་ལ་ཉེས་པ་མེད་པ་དེའི་ཕྱིར་སྦྱིན་བདག་གིས་ཅི་བདེར་མ་བསྟབས་པས་དང་པོར་ངན་པ་འབྲུ་མར་ལ་སོགས་པའམ། བསོད་པ་འོ་མ་ལ་སོགས་པའམ། ཐ་མལ་པ་རའི་འོ་མ་ལ་སོགས་པའམ། བཟང་པོ་བའི་འོ་མ་ལ་སོགས་པ་ཡང་ན་ངན་པ་རའི་འོ་མ་བསོད་པ་འབྲས་ཀྱི་འོ་ཐུག་མར་དང་ཤ་ཁ་ར་དང་བསྲེས་པའོ། །བཟང་པོ་གོང་མ་སྲེག་ལ་སོགས་པའི་ཤ །བལ་པོ་སེའུའི་ཁུ་བ། ན་ལེ་ཤམ་ལ་སོགས་པ་སྤོད་ཀྱི་བྱེ་བྲག་དང་སྦྱར་བའོ། །དེ་ལྟ་བུའི་བསོད་སྙོམས་ཐོབ་
པ་སྟེ་ཅི་བདེར་བསྟབས་པ་ན། གལ་ཏེ་སླར་ཡང་ཟས་བསོད་པ་བླངས་ན་ཁྱིམ་པ་དང་ཉེ་དུ་མིན་པ་དེ་གཉིས་ལ་བླངས་ན་ཉེས་བྱས། ཟོས་ན་དངོས་གཞིའི་བྱེད་པ་པོའོ། །གཉིས་པ་སེལ་བ་ནི། བཟང་པོ་ཅི་བདེར་བསྟབས་པ་ན། ངན་པ་བླངས་ཏེ་ཟ་བ་འདི་ལ་ནི་ཕྱེད་ཉེས་བྱས་ཉིད་ཡིན་ཏེ། བཟང་པོ་བསྟབས་པས་དངོས་གཞི་མེད་ལ་ངན་པ་མ་བསྟབས་པས་ཉེས་བྱས་སུ་འགྱུར། ཊཱིཀྐར། དགེ་སློང་གིས་བསོད་པ་འཐོབ་པ་ན། ངན་པ་སློང་བར་བྱེད་ན་དེ་སློང་བ་ལ་ཡང་ཉེས་བྱས་ལ་ཟོས་པ་ན་ཡང་ཉེས་བྱས་སོ། །ཞེས་དང༌། བམ་ལྔར། བསོད་པ་འཐོབ་པ་ན། ངན་པ་སློང་བ་དང་དེ་ཐོབ་པ་ཟོས་པ་ལ་ཉེས་བྱས་སོ། །ཞེས་དང༌། རྣམ་འབྱེད་དུ། ཞོ་སྦྱིན་པ་ན་ཕྱར་ཁུ་དང་དར་བ་སློང་བ་ལ་ལྟུང་བ་མེད་དོ། །ཞེས་དང༌། དེའི་ཊཱིཀྐར། དམན་པ་སློང་བའི་ཕྱིར་ཞེས་སོ། །ཅི་བདེར་བསྟབས་པའི་མཚན་ཉིད་གང་ཞེ་ན། སྦྱིན་བདག་ཟས་ཁྱེར་ཏེ་ཕྱིར་བྱུང་བས་དགེ་སློང་ཟས་མི་ལེན་པར་ཅང་མི་སྨྲ་འམ། ཁོ་བོ་ལ་འདི་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ་འོ་ན་ཅི་སློང་ཞེས་དྲིས་པ་ནི་སྦྱིན་བདག་གིས་ཟས་ཅི་བདེར་བསྟབས་པ་ཉིད་ཡིན་ནོ། །བསོད་པ་སློང་བའི་ལྟུང་བྱེད་དོ།། །།བཅུ་པ་ལྔ་པ་ལ་དྲུག །གཞན་གྱི་སྲོག་ལ་དང༌། འདོད་པའི་ལོངས་སྤྱོད་ལ་དང༌། བསོད་ནམས་ལ་དང༌། ལུས་སྲོག་ལ་དང༌། ལུས་ལ་དང༌། ཕྱིར་བཅོས་པ་ལ་གནོད་པའོ། །དང་པོ་ལ་གཉིས་ལས། རྣམ་འབྱེད་ནས་འབྱུང་བ་ལ། སྤྱི་དོན། ཀོའུ་ཤམྦཱིར། འདུན་པ། ཉོན་མོངས་པ་བག་མེད་པའོ། །རྒྱུ་མཚན་སོགས་འདེབས་པ་བཞིན། རང་ཆེད་ཅེས་སྦྱར་རོ། །གཞུང་དོན་ལ་གཉིས་ལས། མདོར་བསྟན་ནི། རང་སྤྱད་པའི་དོན་ཉིད་ལ་འཇུག་པ་དང༌། འཇུག་ཏུ་འཛུད་པ་དག་ལ་ཤེས་གཙོའོ། །གཞན་ཡང་སྲོག་ཆགས་དང་བཅས་པ་ཉིད་ལའོ། །གང་གི་སྲོག་ཆགས་དང་བཅས་པ་ཞེ་ན། ཆུ་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང༌།
བུ་རམ་གྱི་དབུ་བ་དང༌། འོ་མ་དང་ཞོ་དང་མར་དང་ཚྭ་དང་འབྲུའི་ཚྭ་དང༌། ཞོ་ཁ་ཆུ་དང་རྩབ་མོ་དང་ཤིང་ཐོག་དང་བཅའ་བར་བྱ་བ་ལ་སོགས་པ་རང་གི་ལུས་ཀྱི་ཡོ་བྱད་དུ་ཉེ་བར་སྦྱར་བར་བྱ་བའི་སྲོག་ཆགས་དང་བཅས་པའོ། །སྲོག་ཆགས་ཇི་ལྟ་བུའི་སྲོག་ཆགས་དང་བཅས་པ་ཞེ་ན། ཐ་མལ་བའི་མིག་ལ་སྣང་བ་ལྟར་ནུས་པས་སོ། །གང་གི་ཚེ་ལྟུང་བྱེད་དུ་འགྱུར་ཞེ་ན། སྲོག་ཆགས་དེ་དག་ཤི་ན་ལྟུང་བྱེད་དུ་འགྱུར་རོ། །སྲོག་ཆགས་དུ་མ་ཤི་ན་ཡང་ལྟུང་བྱེད་གཅིག་ཏུ་འགྱུར་རམ་ཞེ་ན། དུད་འགྲོར་གྱུར་པའི་སྲོག་ཆགས་རེ་རེའི་སྲོག་འགགས་པ་ན་ལྟུང་བ་རེ་རེར་འགྱུར་རོ། །དངོས་གཞི་འདི་ངེས་པ་ཡིན་ལ། སྦྱོར་བ་ནི་རྩོམ་པའི་དབང་གིས་་མ་ངེས་ཏེ། རྩོམ་པ་གཅིག་གིས་མང་པོ་ཤི་ན་ཡང་སྦྱོར་བའི་ལྟུང་བ་གཅིག་ཁོ་ན་ཡིན་ལ། རྩོམ་པ་དུ་མས་བསད་ན་རྩོམ་པ་ཇི་སྙེད་པའི་སྦྱོར་བའི་ལྟུང་བར་འགྱུར་རོ། །གཉིས་པ་རྒྱས་བཤད་ནི། སྔར་རང་སྤྱད་པ་ཞེས་གསུངས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྤྱད་པ་ནི་རང་གི་ལུས་ཀྱིར་ཉེ་བར་སྤྱད་པ་ཡིན་ནོ། །སྤྱད་པའི་ངོ་བོ་ནི་འདི་ལྟ་སྟེ། ཁྲུས་དང་ལྟུང་བ་དང༌། སོ་ཤིང་དོར་བ་དང༌། ལག་པ་དང་རྐང་པ་བཀྲུ་བའོ། །དེར་མ་ཟད་ལུས་ཀྱི་ཡོ་བྱད་དུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱིར་སྤྱད་པ་ཡིན་ནོ། །ལུས་ཀྱི་ཡོ་བྱད་གང་ཞེ་ན། བཟའ་བར་བྱ་བ་དང༌། ལྷུུང་བཟེད་དང༌། ཆོས་གོས་དང་གནས་དང་སོ་བཀྲུ་བ་དང༌། མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དག་ཡིན་ནོ། །སོགས་པའི་སྒྲས། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང༌། ལྭ་བ་ལ་སོགས་པ་བསྡུའོ། ལུས་ཀྱི་ཡོ་བྱད་དུ་ཉེ་བར་སྦྱར་བ་གང་ཞེ་ན། ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་ནི། ས་དང་ལྕི་བ་དང་ཚོན་དང༌། རྩ་དང་ཤིང་ལ་སོགས་པའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་ཇི་ལྟར་དགོས་
ཤེ་ན། ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དགོས་པ་ནི། འདི་ལྟ་སྟེ། བྱི་དོར་བྱ་བ་དང༌། བཀྲུ་བ་དང་ཁ་བསྒྱུར་བ་དང༌། ཆག་ཆག་གདབ་པ་དང༌། ཕྱག་བདར་བྱ་བ་དང༌། ཞལ་ཞལ་བྱ་བ་དང༌། འུ་ཤ་དང༌། ཐང་དང་ཐུག་པ་དག་ཏུ་བྱ་བའོ། །ཡུར་བ་ལ་སོགས་པའི་སྲོག་ཆགས་དང་བཅས་པའི་ཆུའི་སྲོལ་དགག་པ་དང༌། བསལ་བ་དག་ཀྱང་ཉེ་བར་སྦྱར་བ་ཡིན་ནོ། །ཤིང་སྲོག་ཆགས་དང་བཅས་པའི་ཆུའི་ནང་དུ་གཞུག་པ་དང༌། ཆུའི་ནང་དུ་དྲང་བ་དང༌། ཆུའི་ནང་ནས་སྐམ་སར་བཤལ་བ་དང༌། རྡོ་ལ་སོགས་པའི་ཆུ་ལོན་སོགས་ཆུར་གཡེང་བ་དང༌། བཤལ་བ་དག་ཀྱང་ཉེ་བར་སྦྱོར་བ་ཡིན་ནོ། །གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་དང་ལྷན་པ་ཅན་ལ་སོགས་པ་བཀྲུ་བ་ཡང་སྦྱོར་བ་ཡིན་ནོ། །གོས་རིམ་པ་གཅིག་པ་ཅན་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུ་ལ་བཀྲུ་བ་ལྟ་བུ་ཡང་ཉེ་བར་སྦྱོར་པ་དག་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་རྣམ་པར་འབྱེད་པའོ། །གཉིས་པ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་ལ་བཞི། ཆུ་ཚགས་མེད་དུ་མི་རུང་བ་དམིགས་བསལ་དང་བཅས་པ། ཆུ་བརྟག་པའི་ཚུལ་ཞར་ལ་སྲོག་ཆགས་ལ་གནོད་པ་སྤངས་པ། ཆུ་རུང་བ་རྣམས་ཀྱི་མཚན་ཉིད། ཆུ་དང་འབྲེལ་བའི་ལས་གཞན་བསྟན་པའོ། །དང་པོ་ནི། དགེ་སློང་གིས་ཆུ་བཙག་པའི་ཕྱིར་སྤྱད་ཚགས་བཅང་པར་བྱའོ། །ཆོས་འདི་བ་རྣམས་ཀྱིས་ཆུ་ཚགས་ལྔ་གང་རུང་བཅངས་ན་ཞག་ཏུ་མི་ལྡན་པའི་དང༌། ཆུ་ལ་ལོངས་སྤྱོད་པའི་དང༌། ལམ་དུ་མི་ལྡན་པའི་ཉེས་པ་འབྱུང་བས། དེ་འགོག་པ་ལ་ཆེ་ཆུང་གི་ཚད་དགོས་པ་བསྒྲུབ་ནུས་དང༌། དམ་ལྷོད་སྲོག་ཆགས་ཕྲ་མོ་ཐུབ་པ་ཡིན་ནོ། །སྤྱད་ཚགས་དེའི་ངོ་བོ་གང་ཞེ་ན། ཆུ་བཟེད་པའི་སྣོད་བུམ་པ་ལ་སོགས་པའི་སྟེང་གི་ནམ་མཁའ་ལ་
གཞག་པར་བྱ་ཞིང༌། ཆུ་སྣོད་དགང་བ་དང་སྲོག་ཆགས་བཙག་པར་བྱ་བའི་ཆུ་བཟེད་པར་བྱེད་པ། ཆུ་ཚགས་གདགས་པར་བྱའི་ལྕགས་གཟེར་དག་བཏབ་པའི་ཤིང་བུ་གསུམ་ཕན་ཚུན་བསྣོལ་ཏེ་མདུང་ཁྱིམ་ལྟར་གནས་པ་དང་ལྡན་པ་ལ་བཏགས་པའི་ཆུ་ཚགས་ནི་སྤྱད་ཚགས་དེ་ཞེས་བྱའོ། །སྲོག་ཆགས་འཚོ་བའི་ཕྱིར་ཆུ་ཚགས་ལ་ཆུ་ཅུང་ཟད་གནས་པར་བྱ་བའི་ཕྱིར་གཅལ་གཞུག་པར་བྱའོ། །གང་གི་ཞེ་ན། བྱེ་མའམ་ལྕི་བའི་གཅལ་གཞུག་པར་བྱའོ། །ཡང་ན་ཆུ་གནས་པའི་དོན་དུ་ཆུ་ཚགས་ཀྱི་རྟེན་འོག་ཏུ་སྣོད་ཚགས་མིག་ཅན་གཞུག་གོ །གང་ལས་བྱས་པ་ཞེ་ན། ས་དང་ཟངས་མ་ལས་བྱས་པ་གང་ཡང་རུང་ངོ༌། །ཚགས་རྟེན་སྣོད་དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་སོ། །ཐབས་གང་གིས་གདགས་ཤེ་ན། ཚགས་རྟེན་སྣོད་དེ་ལ་བུ་གུ་ཕུག་སྟེ་ལུང་བཏགས་ཏེ་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་སོ། །ཡང་ན་ཚགས་རྟེན་སྣོད་དེ་ནི་བུ་གུ་དུ་མ་བྱས་ནས་ངོས་གཡས་གཡོན་གཉིས་ནས་ཤིང་བུ་དག་ལ་བཏགས་ན་ཡང་འདུག་ཏུ་བཏུབ་བོ། །དེའི་འོག་ཏུ་སོང་བའི་སྲོག་ཆགས་པ་གནོད་པ་སྤངས་པའི་ཕྱིར་ཆུ་ཚགས་ཀྱི་ཕྱི་རོལ་ཀྱི་ངོས་སུ་ཚགས་རྟེན་སྣོད་གཞག་པར་བྱའོ། །དེ་ཅི་ཞིག་གིས་གདགས་ཤེ་ན། སྔ་མ་ས་ལས་བྱས་པ་ནི། ཐ་གུས་གདགས་སོ། །ཕྱི་མ་ཟངས་ལས་བྱས་པ་ནི་ལྕགས་ཐག་འཇམ་པོས་གདགས་སོ། །གང་ཟག་གིས་ཀྱང་ཚགས་རྟེན་སྣོད་དེ་བཅང་བར་བྱའོ། །ཆུ་ཚགས་ལས་ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་བརྡབ་པར་བྱའོ། །ཆུ་ཚགས་གཉིས་པ་བུམ་ཚགས་ལྕེའུ་ཅན་ནི་ཚེགས་ཆུང་བས་འདོད་པར་བྱའོ། །བུམ་ཚགས་ལྕེའུ་ཅན་དེ་གང་ཟག་གིས་ཀྱང་བཅང་བར་བྱའོ། །དེ་ཅི་ལས་བྱས་པ་བཅང་ཞེ་ན། སའམ་ཟངས་མ་ལས་བྱས་པ་བཅང་བར་བྱའོ། །དེའི་དབྱིབས་
ཇི་འདྲ་བྱ་ཞེ་ན། བུམ་ཚགས་ལྕེའུ་ཅན་དེ་ནི་ཕྱི་བུམ་པའི་དབྱིབས་ཅན་ཁའི་ནང་པདྨའི་སྙིང་པོའི་བུ་གུ་དང་ལྡན་པ། བུ་གུའི་ངོས་འོག་མ་སྦུབས་ཅན་ཡིན་ནོ། །བུ་གུ་དེ་དག་ཏུ་སྲོག་ཆགས་མི་འཆོར་བའི་རས་མས་དགབ་པར་བྱས་ནས་ཆུ་བཙག་གོ །གང་ཟག་གིས་ཀྱང་ཆུ་ཚགས་ཉེ་བར་གཞག་པར་བྱའོ། །ཆུ་ཚགས་ཇི་ལྟ་བུ་ཞེ་ན། ཆུ་ཚགས་ཤིང་བུ་ལ་རས་གཡོགས་པའི་གྲུ་གསུམ་མམ། འདིས་རིལ་ཚགས་ཀྱང་བཟུང་ངོ༌། །འོག་ཟོ་བ་ཞབས་མ་བཅུག་པ་ལྟ་བུའི་ནང་ནས་རས་གཡོགས་པའི་རིམ་པ་ཞབས་ཚབས་ཅན་ནམ། ཁ་ཞབས་གཉིས་སུ་ཐ་གུ་བཏགས་པའི་བསལ་ཚགས་རྣམས་བཅང་བར་བྱའོ། དམིགས་བསལ་ནི། བྱ་མ་བུམ་དང༌། རིལ་བ་དག་གིས་ཆུ་རུང་བ་བཅུས་པ་ཉིད་དང༌། ལམ་དུ་ཆུ་རུང་བ་ཡོད་པ་ཉིད་ཀྱང་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་པས་ཆུ་ཚགས་དངོས་སུ་མེད་ཀྱང་ཉེས་པ་མེད་དོ། །ཆུ་ཚགས་དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གྲོགས་ནང་ཞེ་འགྲས་པ་དང་བཅས་པ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གལ་ཏེ་དེ་དང་འགྲོགས་ནས་མི་འགྲོ་ན་ཚུལ་ཁྲིམས་སོགས་ཀྱི་བར་ཆད་དུ་འགྱུར་བའི་རྐྱེན་དེ་ལྟ་བུ་ཡོད་ན། གཙུག་ལག་ཁང་དེ་ཉིད་དུ་དེ་ལ་བཟོད་པ་གསོལ་ཏེ་འགྲོ་བར་བྱའོ། །ཆུ་འཚག་པའི་བྱ་བ་བྱེད་པ་ན། ཆུ་འཚག་ཡོད་པ་ཉིད་ནི་ཆུ་ཚགས་ཡོད་པ་ཉིད་ཡིན་ནོ། །གྲོགས་གཞན་གྱིས་ཆུ་འཚག་པའི་དུས་དེར་ཆུ་ཚགས་དེ་སྦྱིན་ནོ་ཞེས་ཁས་བླངས་པ་ནི་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་ནོ། །ལྗོངས་རྒྱུ་བའི་ཚེ་ཆུ་ཚགས་དང་བཅས་པའི་གྲོགས་དང་གྲོང་གཞན་དུ་འབྲལ་བ་ན་དེས་ཆུ་ཚགས་སྦྱིན་པར་ཁས་མ་བླངས་ན་གྲོགས་ཀྱི་ཆུ་ཚགས་དེ་ལ་བརྟེན་པར་མི་བྱའོ། །ཆུས་ཕོངས་
པར་མི་འགྱུར་བའི་ཉེ་འཁོར་དུ་དགེ་སློང་འགྲོ་བ་ནི་ལྗོངས་རྒྱུ་བ་མིན་པས་དེར་ཆུ་ཚགས་མེད་ཀྱང་ཉེས་པ་མེད་དོ། །ཆུས་ཕོངས་པར་མི་འགྱུར་བའི་ཉེ་འཁོར་དེ་ནི་རྒྱང་གྲགས་ལྔ་ཉིད་དོ། །མདོ་སྔ་མའི་དམིགས་བསལ་ནི། དགེ་སློང་གིས་དེར་ཕྱིན་ནས། ཆུ་ཚགས་རྙེད་པར་འགྱུར་པའི་ངེས་པ་མེད་པར་རང་གི་གནས་སུ་ཆུ་ཚགས་བཞག་སྟེ་གནས་གཞན་དུ་སོང་བ་ཆུ་ཚགས་དེ་དང་ལྡན་པ་ཉིད་མིན་པ་ནི་རང་དགའ་བྱེད་པ་མིན་པ་ཡིན་ནོ། །དགེ་སློང་རེ་རེ་ལ་ཆུ་ཚགས་རེ་རེ་དགོས་སམ་ཞེ་ན། ལྗོངས་རྒྱུ་བའི་ཚེ་ཆུ་ཚགས་གཅིག་གི་དགེ་འདུན་མན་ཆད་དུ་མ་ཆུ་ཚགས་དེ་དང་ལྡན་པ་ཉིད་མིན་པར་མི་འགྱུར་རོ། །ཆུའི་རྒྱུན་མགྱོགས་པར་མྱུར་བ་ལ། གྲུས་འགྲོ་བ་ལ་ནི་རྒྱང་གྲགས་ལྔ་ཚུན་ཆད་ཕོངས་པར་མི་འགྱུར་ལ། དེ་ཕན་ཆད་ནི་ཕོངས་པར་མི་འགྱུར་བ་མིན་ནོ། །དེས་ན་རྒྱང་གྲགས་ལྔ་ཕན་ཆད་དུ་ཆུ་བཙགས་ཟིན་རུང་བའམ། ཆུ་ཚགས་མེད་ན་རྒྱང་གྲགས་རེ་རེ་ཞིང་ཉེས་བྱས་དང༌། ཕྱེད་པ་ཉེས་བྱས་ཕྲ་མོར་འགྱུར་རོ། །ཆུའི་རྒྱུན་མགྱོགས་པར་འགྲོ་བ་དེ་ལ་དགེ་སློང་ཆུ་མགོར་སྲོག་ཆགས་ཡོད་མེད་བརྟགས་ནས་བརྟགས་པའི་ཆུ་དེ་དང་མཉམ་དུ་རྒྱུན་ཕྱོགས་སུ་འབྲེལ་བར་འགྲོ་བ་ནི་སྔར་ཆུ་བཏགས་པར་བྱས་པ་དེས་རྒྱང་གྲགས་གཅིག་གི་བར་དུ་བརྟག་མི་དགོས་པར་ཆུ་ལ་འདོད་དགུར་འཇུག་ཏུ་རུང་ངོ༌། །དམིགས་བསལ་ནི། གལ་ཏེ་བརྟགས་པའི་ཆུ་དེ་རྒྱང་གྲགས་ཀྱི་ནང་ཡན་ཆད་དུ་ཆུ་གཞན་དང་འདྲེས་པར་གྱུར་ན་འདྲེས་པ་དེ་ཡན་ཆད་དུ་མ་བརྟགས་པར་འཇུག་ཏུ་རུང་གིས་ཕྱིན་ཆད་བརྟག་དགོས་སོ། །གཉིས་པ་ཆུ་བརྟག་པའི་ཚུལ་ནི། འཁྱིལ་ཆུ་ལྟ་བུ་ལ་ཕོར་གང་ཙམ་ལ་བརྟགས་པ་ནས་འདོམ་གང་ཁོར་ཡུག་ཚུན་ཆད་ནི་བརྟགས་པ་དེ་ཉིད་ཡིན་ནོ། །ཇི་ཙམ་གྱིས་ཆུ་དག་པ་ཡིན་ཞེ་ན། ཐ་མལ་བའི་མིག་སྐྱོན་མེད་ཀྱིས་སྲོག་ཆགས་མ་མཐོང་བར་དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ནོ། །མིག་གང་གིས་ཤེ་ན། ཐ་
མལ་པའི་ཤའི་མིག་གིས་དག་པ་ཡིན་གྱི་ལྷའི་མིག་ལ་སོགས་པས་མིན་ནོ། །ཆུ་ཇི་ལྟ་བུ་ལ་སྲོག་ཆགས་ཡོད་མེད་བརྟག་ཅེ་ན། མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ལ་བརྟག་པར་བྱའོ། །བུམ་པ་ཆུས་གང་བ་ཉིད་ལ་བརྟག་པར་བྱའོ། །ཡུན་ཇི་ཙམ་དུ་བརྟག་ཅེ་ན། ཆུ་བརྟག་པ་དེ་ལ་བྱ་བ་ལས་འདས་པར་བགྲང་བའི་ཡུན་རིང་པོ་ཉིད་དུ་བརྟག་པར་མི་བྱའོ། །སྲོག་ཆགས་ཡིན་མིན་ཐེ་ཚོམ་ཟ་ན། རྩྭ་ལ་སོགས་པའི་རྩེ་མོ་འཇམ་པོས་བསྟན་ན་བརྟག་པར་སླའོ། །བརྟགས་ནས་ཇི་ལྟར་བསྒྲུབ་ཅེ་ན། སྲོག་ཆགས་མེད་ན་ལོངས་སྤྱོད་ཅིང༌། འདུག་ན་ཆུའི་སྲོག་ཆགས་དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་འདོར་རོ། །ཆུའི་སྲོག་ཆགས་ལས་གཞན་ཤིག་དང་རྩྭ་ཤིག་ལ་སོགས་པ་ཡང་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་ཕྱེ་མ་ལེབ་ལ་སོགས་པའི་སྲོག་ཆགས་ལྷུང་ན། མར་མེ་དེ་བྱེད་པས་མར་མེ་དེ་འོད་མི་སྒྲིབ་པའི་འོད་ཁང་གིས་གཡོགས་པར་བྱའོ། །འོད་ཁང་དེ་ཇི་ལྟ་བུ་ཞེ་ན། སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་ནི་འོད་ཁང་དེ་ཞེས་བྱའོ། །ཡང་ན་མིག་བརྒྱ་པ་ཡང་འོད་ཁང་དུ་རུང་ངོ༌། །དེ་ཇི་ལྟ་བུ་ཞེ་ན། རྫ་མཁན་གྱིས་དང་པོ་ནས་ས་ལས་བྱས་པའི་སྣོད་བུམ་པའི་དབྱིབས་འདྲ་བ་ཚགས་སེ་ལྟ་བུར་བུ་ག་མང་པོ་གཏོད་ནས་སོ་བཏང་བ་ཆེད་དུ་བྱས་པའམ། བུམ་པ་ལ་སོགས་པའི་སྣོད་ལ་ཕྱིས་བུ་གུ་མང་པོ་གཏོད་པ་ཅན་ནོ། །སྐྲ་ལ་སོགས་པའི་རྙིས་སྦྲུལ་གཟུང་བར་མི་བྱའོ། །སྦྲུལ་ཇི་ལྟར་བསལ་ཞེ་ན། སེ་གོལ་གྱི་སྒྲ་ཕྱུང་སྟེ། ཀྱེ་བཞིན་བཟང༌། མིག་ལམ་ན་མ་འདུག་ཅེས་བརྗོད་པར་བྱའོ། །དེ་སྐད་བརྗོད་ཀྱང་མིག་ལམ་ན་མི་སྣང་བའི་ཕྱོགས་ན་མི་འདུག་ན། དབྱུག་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་བུ་གུ་དག་གཏོད་དེ་སྦྲུལ་བསལ་བར་བྱའོ། །ཐབས་སྔ་མ་དེ་མ་གྲུབ་ན། ལྕགས་ཕོད་དམ་
ཤོར་བུའམ་ཤོར་བུ་ཕྲེའུས་སམ་ཐ་གུ་རས་མས་དཀྲིས་པའི་ཞགས་མིག་གིས་སྦྲུལ་གྱི་མགུལ་བར་བཅིངས་ཏེ་དོར་བར་བྱའོ། །ལྕགས་ཕོད་ལ་སོགས་པས་བཅིང་པའི་ཐབས་དེ་དག་ནི། རྫ་མ་ལ་སོགས་པར་གཞུག་པ་ལ་ཡང་བྱའོ། །སྦྲུལ་དེ་ནགས་ལ་སོགས་པ་ཚང་ཚིང་གི་ནང་དུ་དོར་བར་མི་བྱ་སྟེ། དེ་ནི་མེ་གཏོང་བའི་ཉེས་པ་སྤང་བའི་ཕྱིར་རོ། །སྦྲུལ་དེ་ཁུང་དུ་ཞུགས་པའི་བར་དུ་བསྡད་པར་བྱའོ། །ལུས་ཀྱི་ཤིག་རྣམས་ནི་རས་མའི་ནང་དུ་གཞུག་པར་བྱའོ། །རས་མ་དེ་ནི་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །རྩྭ་ཤིག་རྣམས་ནི་རྩྭ་སྔོན་པོར་ཡོད་པའི་གསིང་མར་དོར་རོ། །ཡང་ན་ཕྱོགས་གསིལ་པར་དོར་བར་བྱའོ། །སྔ་མ་ཆུའི་སྲོག་ཆགས་ཁྲོན་པ་སོགས་ཐག་རིང་པོར་ཕྱིར་གཞུག་པར་བྱ་བའི་ཕྱིར། གང་ཟག་གིས་ཀྱང་བསལ་སྣོད་བཅང་པར་བྱའོ། །བསལ་སྣོད་ཇི་ལྟ་བུ་ཞེ་ན། བུམ་པ་སོགས་ལ་མགྲིན་པ་དང་ཞབས་གཉིས་ཀར་དུ་ཐག་པ་བཏགས་ཏེ་མར་གཏང་བ་ན་མགྲིན་པའི་ཐག་པ་ནས་བཟུང་ཞིང་ཞབས་ཀྱི་ཐག་པ་སློད་ལ་ཆུའི་ནང་དུ་སླེབ་པ་ནི་མགྲིན་པའི་ཐག་པ་གློད་ཅིང་ཞབས་ཀྱི་ཐག་པ་འཐེན་པས་ཁ་བུབ་ཏུ་འགྱུར་རོ། །ཡང་ན་སྲོག་ཆགས་བཙགས་པའི་ཆུ་ཚགས་དེ་ཉིད་ཀྱི་སྲོག་ཆགས་དེ་དག་ཁྲོན་པ་ལ་སོགས་པར་གཞུག་པར་བྱའོ། །དེ་ལ་ཡང་མགྲིན་པ་དང་ཞབས་སུ་སྤྱད་ཐག་གདགས་པའི་ཚུལ་ནི་སྔ་མ་བཞིན་ནོ། །ཆུ་ཚགས་ལ་སྲོག་ཆགས་ཆགས་པ་བསལ་བའི་ཐབས་ནི་ཆུས་བཤལ་བ་ཡིན་ནོ། །ཆུ་ཚགས་ལ་དྲི་མ་བསལ་བའི་ཐབས་ནི་ཆུས་བཀྲུ་བའོ། །ཆུ་ཚགས་རུལ་བར་མི་འགྱུར་བའི་ཐབས་ནི་ཉི་མ་སོགས་ལ་བསྐམ་པའོ། །དྲི་མ་བསལ་བ་དང་རུལ་བར་མི་འགྱུར་བ་དེ་གཉིས་ཀ་ལ་ཡང་དམ་དུ་བཙིར་ནས་ཆུ་ཟགས་ན་ཕན་པ་ཉིད་དོ། །གསུམ་པ་ཆུ་རུང་བ་རྣམས་ཀྱི་མཚན་ཉིད་
ནི། དགེ་འདུན་ཚད་མ་དགེ་འདུན་འདི་ལ་སྲོག་ཆགས་དང་བཅས་པའི་ཆུས་ཐ་སྙད་བྱེད་པ་མེད་དོ་ཞེས་བྱ་བ་དང༌། གང་ཟག་ཚད་མ་གང་ཟག་འདི་སྲོག་ཆགས་དང་བཅས་པའི་ཆུ་མི་སྤྱོད་དོ་ཞེས་བྱ་བ་དང༌། ཆུ་ཚགས་ཚད་མ་ཆུ་བཙགས་འདིས་བཙགས་པའི་ཆུ་དུས་ཐམས་ཅད་དུ་དག་པ་ཡིན་ནོ་ཞེས་བྱ་བ་དང༌། ཆུ་ཚད་མ་ཁྲོན་པ་ལ་སོགས་པའི་ཆུ་འདི་ལ་ནམ་ཡང་སྲོག་ཆགས་མེད་ཅེས་བྱ་བ་རྙེད་པའི་ཤེས་པས་མ་བརྟགས་པར་འཇུག་པ་ལ་ནི་ཁ་ན་མ་ཐོ་བ་མེད་དོ། །ཉིན་ཞག་གི་རུང་བ་ནི། ཆུ་བཅུས་པ་དང་ཁྲོན་པའི་ཆུ་དག་ནི་སང་ཉི་མ་འཆར་ཁ་ཚུན་ཆད་ཉི་མ་སྔ་མར་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་གོ །བཞི་པ་ཆུ་དང་འདྲེས་པའི་ལས་གཞན་བསྟན་པ་ནི། དགེ་སློང་གིས་དགེ་འདུན་གྱི་རྐང་བཀྲུས་ཀྱི་སྣོད་ཆུས་སྟོང་པ་མཐོང་ན་དགང་བར་བྱའོ། །ཆུའི་སྣོད་དང་འབྲུ་མར་སོགས་གཞན་གྱི་སྣོད་ཀྱང་དགེ་འདུན་གྱིས་ཉེ་བར་གཞག་པར་བྱའོ། །དགེ་འདུན་ཀྱི་ཆུ་དང་གཞན་གྱི་སྣོད་དེར་གཏོགས་པ་ནི་འདྲུབ་པ་སྣོད་སྤྱད་འདྲུབ་པར་བསྐོས་པའི་ལས་ཡིན་ནོ། །སྣོད་སྤྱད་འདྲུབ་པས་ལས་བསྟན་པ་འདིར་དགེ་འདུན་གྱི་སྣོད་སྤྱད་གཞན་ལ་སྦྱིན་པ་དང༌། དེ་ཕྱིར་བླང་བ་དག་ཀྱང་མ་བསྡུས་པ་མིན་པས་དེ་དག་ཀྱང་སྣོད་སྤྱད་འདྲུབ་པའི་ལས་ཡིན་ནོ། །ཁྱིམ་པ་དགེ་འདུན་གྱི་སྣོད་སྤྱད་རྙིང་པ་བརྙ་བ་ཉིད་ལ་རྙིང་པ་དེ་ཡོད་པ་ཉིད་ན་སྣོད་སྤྱད་འདྲུབ་པས་དེ་གཡར་པོར་སྦྱིན་པར་བྱའོ། །དེ་ཡོད་པ་ཉིད་ན་སྦྱིན་པར་བྱའོ་ཞེས་པའི་ཚིག་དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་འོངས་ནས་སྣོད་སྤྱད་རྙིང་པ་བརྙ་བ་ལ་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་མིན་ནོ། །དགེ་སློང་དགེ་འདུན་གྱི་སྣོད་སྤྱད་བརྙ་བའམ་སློང་ན་སྣོད་སྤྱད་འདྲུབ་པས་དགེ་འདུན་གྱི་སྣོད་སྤྱད་གསར་བ་ཡོད་ན་ཕྱིར་བླང་བ་མེད་པ་ཉིད་དུ་གཏན་སྦྱིན་པར་བྱའོ། །དགེ་འདུན་གྱི་སྣོད་སྤྱད་གཞག་པའི་ཕྱིར་དུ་མཛོད་ཁང་བསྒོ་བར་བྱའོ། །ས་དང་ཟངས་མའི་
སྣོད་སྤྱད་དག་གནས་ཁང་སོ་སོར་གཞག་གོ །དེ་མེད་ན་མཛོད་ཁང་གཅིག་ཏུ་ཡང་སོ་སོར་གཞག་གོ །དགེ་འདུན་གྱི་སྣོད་དུ་ཆུ་ཉེ་བར་གཞག་པར་བྱའོ། །ཆུ་དེ་གར་བབ་བབ་ཏུ་མི་གཞག་གོ །གང་དུ་གཞག་ཅེ་ན། ཆུ་གཞག་པ་དེའི་ཆེད་དུ་ཆུ་ཁང་བྱའོ། །ཕྱོགས་གང་དུ་ཞེ་ན། གཙུག་ལག་ཁང་གི་ནང་གི་ལྷོ་ནུབ་ཀྱི་མཚམས་སུ་བྱ་སྟེ། དེར་རྟག་ཏུ་གྲིབ་མ་འབབ་པའི་ཕྱིར་རོ། །ཆུ་ཁང་དེ་ལ་ངོས་སུ་སྐར་ཁུང་གདོད་པ་དང༌། འོག་གཞིར་སོ་ཕག་གི་གཅལ་བཀྲམ་པ་དང༌། ཆུ་ཕྱིར་འབྱུང་བར་བྱ་བའི་ཕྱིར་ཆུ་ཁུང་གདོད་པ་དང༌། སྒོ་གདོད་པ་དང༌། སྒོ་དེར་སྒོ་གླེགས་གཞུག་པ་དང༌། སྒོ་དེ་ལ་ལག་ཟུང་གི་ཡང་མིག་གཞུག་པར་བྱའོ། །ཆུ་ཁང་དེར་ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ། །ཆུ་སྣོད་ཤིང་གི་ཁྲིའུ་དག་ལ་གཞག་གོ །ཡང་ན་ཆུ་སྣོད་སོ་ཕག་གི་སྟེགས་བུའི་སྟེང་དུ་གཞག་གོ །དེ་ཉི་ཚེའི་སྟེང་དུ་གཞག་གམ་ཞེ་ན། སྟེགས་བུ་དེའི་སྟེང་དུ་ཤིང་ལེབ་བམ། བཅུ་སྐོར་སོགས་ཀྱི་གཞི་དག་ལ་གཞག་གོ །ཆུ་སྣོད་ནི། ཐ་ན་ཕྱི་རོལ་ཆེ་ཆུང་དུ་འགྲོ་བའི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་ཀྱི་སྣོད་ཀྱང་དྲི་མ་མེད་པར་གཙང་སྦྲ་བྱའོ། །ཆུ་སྣོད་དྲི་མ་མེད་པར་གཙང་བར་བྱའོ། །བཏུང་བར་བྱ་བའི་ཆུ་ཡང་གཙང་སྦྲ་དང་གཙང་བར་བྱའོ། །བཏུང་བར་བྱ་བའི་ཆུ་དེ་ལག་པ་དང་གོས་དྲི་མ་ཅན་རུང་བ་མིན་པ་དག་གིས་བྲིམ་པར་མི་བྱའོ། །ཆུ་སྣོད་རྣམས་ཀྱི་ནང་དུས་དུས་སུ་བཀྲུ་བཤལ་བྱ་ཞིང་སྦྱང་བར་བྱའོ། །ཆུ་སྣོད་ཟབ་མོ་ནང་གི་ཞབས་སུ་ལག་པས་མི་སླེབ་པ་རྣམས་ཀྱི་བཀྲུ་བཤལ་ནི་སྤུ་ཤེལ་རྩེའི་ཁྲུད་ཤིང་ངམ། འདབ་མའི་ཆང་བུའམ། རས་མ་ཤིང་བུའི་རྩེ་མོ་ལ་བཏགས་པར་བྱའོ། །ཁྲུ་ཏ་ཤིང་དེ་ལ་ཟས་ཀྱི་འགྲམ་ཟེར་དུ་མ་གྲུགས་མི་སྲུང་བ་ཉིད་དུ་མི་བྱའོ། །ཆུ་སྣོད་
བཀྲུ་བཤལ་བྱས་པ་ཉི་མ་སོགས་ལ་བསྐམ་པར་ཡང་བྱའོ། །བཀྲུ་བ་དང་བསྐམ་པ་དེའི་ཚེ་ཆུ་སྣོད་ཀྱིས་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་སྣོད་སྤྱད་ཐམས་ཅད་དུས་ཅིག་ཅར་ཉིད་དུ་བཀྲུ་བ་དང་བསྐམ་པར་མི་བྱའོ། །ཆུ་བླང་བ་ལ་སོགས་པ་ཇི་སྐད་བསྟན་པའི་ཆུ་དང་འབྲེལ་བའི་ལས་ནི་གནས་པ་སློབ་མ་དང་ཉེ་གནས་ཀྱིས་བྱ་བ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དོ།། །།གཉིས་པ་གཞན་གྱི་འདོད་པའི་ལོངས་སྤྱོད་ལ་གནོད་པ་ལ་གཉིས་ལས། འདུག་པའི་སྤྱི་དོན། མཉན་ཡོད་དུ། འཆར་ཀ་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ། རྒྱུ་མཚན་བདག་ཉིད་ཉོན་མོངས་པའི་བསམ་པ་སྐྱེ་བ་དང༌། གཞན་ལ་གནོད་པ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། གནས་ནི་གནས་གཞན་པ་གེགས་བྱེད་གཞན་མེད་པ། མངོན་སུམ་ཡིན་པའོ། །རྣམ་ཊཱིཀ་ཏུ། འདོམ་གང་གི་ནང་ཡིན་པ་ཞེས་སོ། །བདག་ཉིད་བར་ཆད་དང་མི་ལྡན་པ་དང༌། འདུག་པའོ། །ཡུལ་ནི་སྐྱེས་པ་བུད་མེད་ཁྱིམ་པ་ཐ་སྙད་ཕྱེད་དང་ལྔ་ལྡན། ལུས་རྟེན་དུ་རུང་བ་རྫུ་འཕྲུལ་མ་ཐོབ་པ། སྤྲོད་པ་ལ་ཞུགས་པའམ་ཕྱོགས་པའོ། །ཀུན་སློང་བརྣག་པས་འདུག་པར་འདོད་པ། སྦྱོར་བ་འདུག་པར་རྩོམ་པ། མཐའ་འདུག་པར་རྫོགས་ཤིང་ཚོར་བའོ། །གཞུང་དོན་ལ་གཉིས་ལས། ཐུན་མོང་པ་ནི་ཤེས་གཙོའོ། །གང་ལ་ན་དངོས་སུ་ཞུགས་པའམ་ཕྱོགས་པ་ལའོ། །ཅི་ཞིག་ལ་ན་སྤྲོད་པ་ལའོ། གང་གི་སྤྲོད་པ་ལ་ནི། སྐྱེས་པ་དང་བུད་མེད་གཉིས་ཀྱི་དབང་པོ་གཉིས་སྤྲོད་པའོ། །སྐྱེས་པ་དང་བུད་མེད་ཇི་ལྟ་བུ་ཞེ་ན། ཁྱིམ་པ་ཉིད་ཀྱི་སྐྱེས་པ་དང་བུད་མེད་དོ། །དེ་གཉིས་གནས་གང་ན་འདུག་ཀྱང་ལྟུང་བར་འགྱུར་རམ་ཞེ་ན། གནས་དེ་དགེ་སློང་གི་ལས་གཞན་
སྐྱེས་པ་དང་བུད་མེད་དེ་གཉིས་ཀའམ་གང་རུང་གི་ཡིན་ནའོ། །དེ་ཙམ་གྱིས་ལྟུང་བ་འདིར་འགྱུར་རམ་ཞེ་ན། གནས་དེ་ན་དེ་གཉིས་འཁྲིག་པ་སྤྱོད་པ་ལ། དགེ་སློང་ལས་གཞན་གེགས་བྱེད་པ་མེད་པ་ཉིད་ཀྱིས་འཁྲིག་པ་སྤྱོད་དུ་རུང་བ་ཉིད་ནའོ། །གཉིས་པ་ཐུན་མོང་བ་ནི། གང་བྱས་ན་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། མ་བསྒྲིབས་པར་མངོན་སུམ་དུ་བརྣག་པ་སྟེ་ནན་གྱིས་འདུག་ནའོ། །ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ།། །།གཉིས་པ་འགྲེང་བ་ལ་སྤྱི་དོན། གནས་དབེན་པ་དང༌། བདག་ཉིད་འགྲེང་བ་ཞེས་སྦྱར། གཞན་འདྲའོ། གཞུང་དོན་ལ་གསུམ། ཡན་ལག་གི་མཚན་ཉིད་སེལ་བ། གནས་ཀྱི་མཚན་ཉིད་དོ། །ལྟུང་བ་འདིའི་བྱེད་པ་པོ་གང་ཞེ་ན། ཐུན་མོང་བ་རྣམས་ཁས་བླངས་ནས་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། གལ་ཏེ་གླང་པོ་ཆེ་ལ་སོགས་པ་འཇིགས་པའི་དབང་གིས་འགྲེང་ན་ཉེས་པ་མེད་ལ་དེ་མིན་ན་ལྟུང་བར་འགྱུར་རོ། །བསླབ་པའི་གཞི་སྔ་མ་དང་འདི་གཉིས་ལ་བྱེ་བྲག་ནི་འདི་ཡོད་དེ། སྔ་མ་ལ་ནི་མངོན་སུམ་དུ་བརྣགས་པས་འདུག་ནའོ། །འདི་ལ་ནི་དབེན་པར་བརྣགས་པས་འགྲེང་ནའོ། །དེས་ན་སྔ་མ་ནི་དབེན་པར་བརྣགས་པར་འདུག་ན་ཉེས་བྱས་སུ་འགྱུར་ལ། འདི་ལ་ནི་མངོན་སུམ་དུ་བརྣགས་པས་འགྲེང་ན་ཉེས་བྱས་སུ་འགྱུར་རོ། །སྔ་མ་དང་འདི་གཉིས་ཀ་ལ་འགྲོ་བ་དང་ཉལ་བ་གཉིས་ལ་ནི་ཉེས་པ་ཁོ་ནར་འགྱུར་རོ། །གཉིས་པ་ནི། ཚོར་བྱ་འཁྲིག་པ་སྤྱོད་པར་བྱེད་པ་གཉིས་དང༌། ཚོར་བྱེད་ལྟུང་བ་འབྱིན་པ་པོ་གཉིས་ཀས་ཕན་ཚུན་མ་ཚོར་ན་གནས་དེར་འགྲེང་བ་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདུག་པ་དང་འགྲེང་བའི་དགེ་སློང་གིས་བལྟ་བ་དང་ཉན་པ་སྤྲོད་པར་བྱེད་པ་གཉིས་ཀྱི་
གནས་ལས་གནས་གཞན་ལ་སེམས་གཏོད་པར་བྱེད་ན་ཡང་ཉེས་བྱས་སོ། །གསུམ་པ་ནི། བསླབ་པའི་གཞི་གཉིས་པོ་འདི་ལ་མིག་གི་ཤེས་པ་མ་ཉམས་པས་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་ཀྱི་མཐའ་ཡིན་ནོ། །མཛོད་ནི་ཁྱམས་ཀྱི་ཁང་ཁྱིམ་གྱི་ཁོངས་སུ་གཏོགས་པས་གནས་གཅིག་གོ །ཉལ་པོ་གཤོམ་པའི་ཁྱིམ་དེ་ལས་ཁྱིམ་གཞན་དགེ་སློང་འདུག་པ་དང་འགྲེང་བས་ཉལ་པོ་གཤོམ་པ་མངོན་སུམ་དུ་མཐོང་ན་ཁྱིམ་དེ་དག་གི་བདག་པོ་བཟའ་ཐ་དད་པ་ཡིན་ན་གནས་ཐ་དད་པས་ལྟུང་བར་མི་འགྱུར་ལ། བཟའ་གཅིག་པ་ཡིན་ན་གནས་གཅིག་པས་ལྟུང་བ་རྫོགས་པར་འགྱུར་རོ། །ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དོ།། །།གསུམ་པ་གཞན་གྱི་བསོད་ནམས་ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ། ཀུན་དགའ་བོ་མ་བརྟགས་པར་སྤྱད་པའོ། །རྒྱུ་མཚན་དགེ་སློང་གིའང་མཆོད་གནས་མུ་སྟེགས་ཅན་དང༌། རྙེད་པའི་བར་ཆད་དུ་འགྱུར་བ་དང་མ་དད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་མུ་སྟེགས་ཅན་གྱི་བསླབ་པ་ཅན་ཐ་སྙད་གསུམ་དང་ལྡན་པ། རྫས་ཐ་དད་པ། ཉེ་དུ། ནད་པ། རབ་ཏུ་འབྱུང་བར་འདོད་པ་ལ་འཚོ་བ་ལྟོས་པ་གཞི་མིན་པའོ། །དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ། རུང་ཚད་ལྡན། རང་གི་ཡིན་པ་དམན་པ་མིན་པའོ། །ཀུན་སློང་སྡིག་ལྟ་དང་དབྲལ་་འདོད་མིན་པར་སྟེར་བར་འདོད་པ། སྦྱོར་བ་སྟེར་བར་རྩོམ་པ། མཐའ་དེས་ཐོབ་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི་གང་བྱས་ན་གཅེར་བུ་ལ་ཟས་སྟེར་པའི་ལྟུང་བར་འགྱུར་ཞེ་ན། གཅེར་བུ་བ་ཕོ་ཡང་རུང་མོ་ཡང་རུང་བ་ལ་སྟེར་ན་ལྟུང་བྱེད་དུ་འགྱུར། དམིགས་བསལ་ནི། གཅེར་བུ་དེ་ཟས་སྟེར་བ་པོའི་ཉེ་དུ་དང༌། ཆོས་འདི་པ་ལ་རབ་ཏུ་འབྱུང་བ་ལ་ལྟོས་པ་དང༌། ནད་པ་མ་གཏོགས་པ་ལ་
སྟེར་ན་ལྟུང་བྱེད་དོ། །གང་ལ་ཞེ་ན། ནད་པའི་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུ་ལའོ། །གང་དུ་བྱིན་ན་ཞེ་ན། གཅེར་བུ་དེའི་ལུས་ལག་པ་སོགས་སམ། ལུས་དང་འབྲེལ་བ་ལྷུང་བཟེད་ལ་སོགས་པར་སྟེར་ནའོ། །དངོས་པོ་གང་ཞེ་ན། བཅའ་བར་བྱ་བ་དང༌། བཟའ་བར་བྱ་བ་དག་གོ །དེ་ཇི་ལྟ་བུ་ཞེ་ན། རུང་བ་དག་གོ །སུ་ལ་ཞེ་ན། དགེ་སློང་རང་དང་གཅེར་བུ་དེ་གཉིས་ཀ་ལ་རུང་བའོ། །དོན་གང་ཡང་རུང་བའི་ཕྱིར་དུ་བྱིན་ནམ་ཞེ་ན། གཅེར་བུ་བ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་ཀྱི་ཕྱིར་སྟེར་བ་མ་གཏོགས་སོ། །དགེ་སློང་རང་གིས་སྦྱིན་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སེལ་བ་ནི། རང་དང་དེ་ལ་མི་རུང་བའི་ཟས་བྱིན་པ་དག་ནི་ཉེས་བྱས་སོ། །གཞན་སྦྱིན་དུ་འཇུག་ནའང་ཉེས་བྱས་སོ། །རང་གིས་ཞལ་ཏ་བྱས་ནས་བྱིན་ན་ཉེས་བྱས་སོ། །ལུས་སམ་དེ་དང་འབྲེལ་བ་ལས་གཞན་དུ་བཟའ་བ་སོགས་བགོ་བཤའ་བྱེད་པའི་ཚུལ་དུ་འཇོག་ན་ཉེས་བྱས་སོ། །ཞེན་པའི་བློས་གདོལ་བ་བཞིན་དུ་གཞན་དུ་འཇོག་པ་ལ་ནི་ལྟུང་བ་མེད་དོ། །གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དོ།། །།བཞི་པ་རང་གཞན་གྱི་ལུས་སྲོག་ལ་གནོད་པ་ལ་གསུམ་ལས། དམག་ལ་བལྟ་བའི་སྤྱི་དོན། གཉན་ཡོད་དུ། དྲུག་སྡེས་མ་དུལ་བའོ། །རྒྱུ་མཚན་རང་གཞན་གྱི་ལུས་སྲོག་ལ་གནོད་པ་དང༌། དགེ་བའི་བར་ཆད་དུ་འགྱུར་བ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་སྐྱེས་པ་ཐ་སྙད་དམག་གི་མཚན་ཉིད་དུ་གྲུབ་པ་གཡུལ་སྤྲད་པའི་ཕྱིར་ཆས་པ་ཡིན་པའོ། །བདག་ཉིད་རྐྱེན་དགོས་དང་མི་ལྡན་ཞིང༌། དེ་ན་གནས་པའི་དོན་ཅན་མིན་པའོ། །ཀུན་སློང་བལྟ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་ཉེ་འཁོར་ལས་འདས་ཏེ་མཐོང་བའོ། །གཞུང་དོན་ལ་གསུམ་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་དམག་
ལ་ལྟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། གཡུལ་སྤྲོད་པའི་ཕྱིར་ཆས་པའི་གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟད་མོ་བལྟ་བའི་དོན་ཉིད་ཀྱིས་ཞུགས་པའི་དགེ་སློང་ལ་ལྟུང་བར་འགྱུར་རོ། །དགེ་སློང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན་དམག་ལ་བལྟ་ན་ཡང་ལྟུང་བྱེད་དོ། །གཉིས་པ་དམིགས་བསལ་ནི། རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། ཁྲོམ་གྱི་རུས་སྣ་དང་གྲོང་སྡེ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང༌། ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་བྱུང་བའི་དབང་གིས་དམག་ལ་བལྟ་བ་ཉིད་མ་གཏོགས་སོ། །གསུམ་པ་མཐར་ཐུག་བྱེ་བྲག་ཏུ་བཤད་པ་ནི། དམག་ལ་བལྟ་བའི་ཕྱིར་གནས་ནས་འཕགས་པའི་གནས་དེའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་ན་ལྟུང་བྱེད་དོ། །ཉེ་འཁོར་གྱི་མཐའ་ལས་མ་འདས་པར་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ཉེས་བྱས་སོ། །དམག་ལ་བལྟ་བའི་ལྟུང་བྱེད་དོ།། །།གཉིས་པ་གནས་པའི་སྤྱི་དོན་ལ། གླེང་གཞི་རྒྱུ་མཚན་འདྲ། ཡན་ལག་ལ་བཞི་ལས། གཞི་ལ། གནས་ནི་དམག་ཆས་པ་མ་གཏོགས་པ་བཞི་ལྡན་གནས་པའོ། །བདག་ཉིད་དེར་འདུག་དགོས་པའི་རྐྱེན་དགོས་མེད་པའོ། །ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པ་མཐའ་སྐྱ་རེངས་ཤར་བའོ། །གཞུང་དོན་ནི། གང་བྱས་ན་དམག་ནང་ན་གནས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རྒྱལ་པོ་སོགས་ཀྱིས་བཀུག་པ་དང་འཇིགས་པའི་དབང་དེ་དག་མེད་པར་གཡུལ་ལ་མངོན་པར་དགའ་བའི་དམག་ནང་དེར་ཉིན་མཚན་གཉིས་ལས་ལྷག་པར་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་གྱི་བར་དུ་འདུག་ན་ལྟུང་བྱེད་དོ། །མདུན་རོལ་ཏུ་ནི་སྦྱོར་བའི་ཉེས་བྱས་སུ་འགྱུར་ལ། དེ་ཕྱིན་ཆད་ཉི་མ་རེ་རེ་ཞིང་དངོས་གཞིའི་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །ཆོས་ལྡན་གྱི་དགོས་པ་མེད་ན་ཉིན་མཚན་གསུམ་པའི་སྔ་མ་ཉིན་མཚན་དང་པོ་གཉིས་ལ་
ཡང་ཉི་མ་རེ་རེ་ཞིང་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དོ།། །།གསུམ་པ་བཤམ་དཀྲུགས་ལ། སྤྱི་དོན། བདག་ཉིད་དེ་ན་གནས་པའི་དོན་ཅན་ཡིན་པ་ཞེས་སྦྱར། གཞན་ལྟ་བ་བཞིན་ནོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གཡུལ་ལ་མངོན་པར་དགའ་བའི་དམག་གི་དཔུང་གི་ཡན་ལག །གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་རྣམས་ནི་ལྟུང་བ་འདིའི་བྱེད་པ་པོ་ཉིད་དོ། །གང་ལ་བྱེད་པ་པོ་ཡིན་ཞེ་ན། བར་ཆད་ཀྱི་དབང་གིས་འགྲོ་བ་མིན་པ་ལ་བྱེད་པ་པོ་ཡིན་ནོ། །དཔུང་གི་ཡན་ལག་ཇི་ལྟ་བུ་ཞེ་ན། དཔུང་གི་ཡན་ལག་བསྡུས་པ། རྒྱལ་མཚན་གྱི་མཆོག་གམ་དཔུང་གི་མཆོག་སྟེ་དཔུང་ཚོགས་ཡན་ལག་བཞི་པའོ། །སོ་སོ་བ་ནི་གཡུལ་བཀོད་ཅིང་བཤམས་པ་སྟེ་དེ་གཉིས་རྣམ་གྲངས་སོ། །གཡུལ་བཀོད་པ་ནི་བཞི་སྟེ། འབྲུའི་ཁ་ལྟ་བུ་དང༌། ཤིང་རྟའི་དབྱིབས་ལྟ་བུ་དང༌། ཟླ་ཁམ་གྱི་རྣམ་པ་ལྟ་བུ་དང༌། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །འབྲུའི་ཁ་ལྟ་བུ་ནི། མདུན་དུ་ཡང་རུ་དངར་རྒྱབ་ཏུ་ཡང་རུ་དངར་ལ་དབུས་ན་རྒྱལ་པོ་འདུག་པའོ། །ཤིང་རྟའི་དབྱིབས་ལྟ་བུ་ནི། མདུན་དང་གློ་གཡས་གཡོན་དུ་ཡང་རུ་དངར་རྒྱལ་པོ་རྒྱང་ན་འདུག་པའོ། །ཟླ་ཁམ་གྱི་རྣམ་པ་ལྟ་བུ་ནི། མདུན་དང་རྒྱབ་དང་གློར་ཡང་རུ་དང་ར་དབུས་ན་རྒྱལ་པོ་འདུག་པའོ། །ནམ་མཁའ་ལྡིང་གི་འདབ་མ་ལྟ་བུ་ནི། གློ་རུ་དངར་ལ་མདུན་དུ་རྒྱལ་པོ་འདུག་པའོ། །དཔུང་གི་ཡན་ལག་ཇི་ལྟ་བུ་ལྟུང་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། གླང་པོ་ཆེ་སོགས་གོ་བསྐོན་པ་དང༌། ཤིང་རྟ་བཤམས་པ་དང༌། རྒྱལ་མཚན་བསྒྲེང་བ་དང༌། གཞུ་བདུངས་བ་དང༌། མདའ་མདེའུ་ཅན་བརྡབ་པ་དང༌། རལ་གྲི་ཤུབས་
ནས་ཕྱུང་བ་སོགས་སྟ་གོན་བྱས་པ་རྣམས་ཀྱི་དངོས་ལ་ལྟུང་བྱེད་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །སྟ་གོན་བྱས་པ་རྣམས་ཀྱི་དངོས་དེ་གང་ཞེ་ན། དཔུང་གི་ཡན་ལག་སྟ་གོན་བྱས་པ་དག་ལ་རེག་པ་དང༌། བཤམས་པ་དཀྲུགས་པ་གླང་པོ་ཆེ་སོགས་གནས་ནས་བསྐྱོད་པའོ། །བལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་ནི་དངོས་དག་ཡིན་ནོ། །གཉིས་པ་སེལ་བ་ནི། བསླབ་པའི་གཞི་གསུམ་པོ་འདི་དག་གི་ཡུལ་ལ་དམག་ཡུལ་ལ་མངོན་པར་དགའ་བ་མིན་པ་དང༌། སྟ་གོན་མ་བྱས་པའི་སྒོ་ནས་མ་ཆས་པ་ཉིད་ལ་ནི། རེག་པ་ལ་སོགས་པ་ལ་ན་སྨད་པ་ཉིད་དོ། །གཉིས་པ་ནི། དགེ་སློང་གིས་གླང་པོ་ཆེ་དང་རྟ་དང༌། བྱ་གག་དང༌། བྱ་ལ་བ་ཀ་དང༌། བྱ་བ་རྟ་ག་དང༌། སྐྱེས་པ་དང༌། བུད་མེད་འཐབ་པ་ལ་སོགས་པ་རང་གིས་བྱས་པ་དང༌། གཞན་བྱེད་དུ་གཞུག་པ་དང་བལྟ་བར་མི་བྱའོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །ལྔ་པ་གཞན་གྱི་ལུས་ལ་གནོད་པ་ལ་གཉིས་ལས། བརྡེག་པའི་སྤྱི་དོན། མཉན་ཡོད་དུ། འཆར་ཀ །ཞེ་སྡང་གི་ཀུན་སྦྱོར། རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང༌། ཚུར་ལ་ལན་བརྡེགས་པ་ན་ཞེ་སྡང་འཕེལ་ནས་སྲོག་གཅོད་པའི་རྒྱུར་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། ཀུན་སློང་གསོད་སེམས་ལས་གཞན་པའི་རྙོག་པ་སོགས་ཀྱིས་བརྡེག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ལུས་ལ་རེག་པའོ། །གཞུང་དོན་ལ་གསུམ། ཡན་ལག་ཐུན་མོང་བ་དང༌། ཐུན་མོང་མིན་པ་དང༌། བསླབ་བྱའོ། །དང་པོ་ནི། གང་བྱས་ན་བརྡེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རྙོག་པ་ཅན་ཞེ་སྡང་གི་སེམས་ཉིད་ཀྱིས་ཡུལ་དགེ་སློང་ཕ་རོལ་ལ། ལག་པ་སོགས་ལུས་སམ། དེས་འཕངས་བའི་བོང་པ་སོགས་སམ། དེ་དང་འབྲེལ་བའི་དབྱུག་པ་ལ་སོགས་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ་རྩྭ་
དག་གིས་བརྡེག་ན་ལྟུང་བྱེད་དུ་འགྱུར་རོ། །བསླབ་པའི་གཞི་འོག་མ་དག་གཟས་པ་དང༌། གནས་ངན་ལེན་འཆབ་པ་དང༌། ཟན་གཅོད་དུ་འཇུག་པ་ཞེས་བྱ་བ་གཞན་དག་ལ་ཡང་དགེ་སློང་ཕ་རོལ་ཞེས་སྦྱར་རོ། །གཉིས་པ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། གང་གི་ཚེ་ལྟུང་བྱེད་དུ་འགྱུར་ཞེ་ན། བརྡེག་སྤྱད་ཀྱིས་བརྡེག་པར་བྱ་བའི་ལུས་ལ་རེག་ནའོ། །བརྡེག་སྤྱད་མང་པོ་ལ་ཡང་ལྟུང་བ་གཅིག་ཏུ་འགྱུར་རམ་ཞེ་ན། བརྡེག་སྤྱད་སོར་མོ་སོགས་རེ་རེས་རེག་པ་ལ། དེ་སྙེད་ཀྱི་ལྟུང་བར་འགྱུར་རོ། །ཚུལ་འཕགས་པ་ན་རེ་གནོད་པའི་རེག་པ་ཀུན་ཏུ་ཐུག་པའི་རེག་པ་ཡིན་པའི་ཕྱིར་རོ། །ག་ག་ཚིལ་ལ་བྱེད་པ་ནི། འདོད་པའི་རེག་པ་ཀུན་ཏུ་སྤྱོད་པའི་རེག་པ་ཡིན་པའི་ཕྱིར་ཟེར། རྒྱ་ནི། གནོད་པ་གཅིག་བྱ་སྙམ་པ་དང༌། དུ་མ་བྱ་སྙམ་པའི་ཀུན་སློང་གི་ཁྱད་པར་ཡིན་ལ། ག་ག་ཚིལ་ཡང་དེ་དང་འདྲ་ཟེར། རྣམ་ཊཱིཀ་ཏུ། གང་གི་ཚེ་སོར་མོ་ཐ་དད་པས་རྡེག་པར་བྱེད་པ་དེའི་ཚེ་ན་བརྡེག་པ་ཐ་དད་པར་བསམས་པའི་ཕྱིར་ལྟུང་བ་ཡང་ཐ་དད་པར་འགྱུར་ལ། གང་གི་ཚེ་གཅིག་ཉིད་ཀྱིས་རྡེག་པར་བྱེད་པ་དེའི་ཚེ་ནི། བརྡེག་པ་ཐ་དད་པར་སེམས་པ་མེད་པའི་ཕྱིར་ལྟུང་བ་ཡང་གཅིག་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི། བརྡེག་སྤྱད་ཀྱིས་བརྡེག་པར་བྱ་བ་ལ་མ་ཕོག་ན། བརྡེག་སྤྱད་ཇི་སྙེད་པའི་ཉེས་བྱས་སོ། །གསུམ་པ་ནི། བརྡེག་པར་བྱ་བ་འདོད་ཆགས་ཅན་གྱི་སེམས་ལྟ་བུ་གཞན་ཡིན་ལ། དེ་མི་སྡུག་པ་བསྒོམ་པ་ལྟ་བུས་ཞི་བར་བྱའི། རང་གི་ལུས་ལྟ་བུ་གཞན་ལ་བརྡེག་པར་མི་བྱའོ། །རྙོག་པ་ཅན་གྱི་སེམས་ཀྱིས་ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་ས་དང་ཤིང་ལྗོན་པ་དང་སྒོ་ལ་སོགས་པ་གཞན་ལ་ཡང་བརྡེག་པར་མི་བྱའོ། །དགོས་པའི་དབང་གིས་ཤིང་གཤགས་པ་དང་བརྡུང་བ་སོགས་ནི་ཉེས་པ་མེད་དོ། །བརྡེག་པའི་ལྟུང་བྱེད་དོ། །གཉིས་པ་གཟས་
པའི་སྤྱི་དོན་ལ་གཟས་པ་ཞེས་སྦྱར་གཞན་འདྲའོ། །གཞུང་དོན་ནི། གང་བྱས་ན་བརྡེག་པར་གཟས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ཕ་རོལ་ལ་རྙོག་པ་ཅན་གྱི་སེམས་ཀྱིས་ལུས་སམ་དེ་དང་འབྲེལ་བ་སོགས་གང་ཡང་རུང་བས་བརྡེག་པར་གཟས་ན་ལྟུང་བྱེད་དུ་འགྱུར་རོ། །བརྡེག་སྤྱད་མང་པོ་ལ་ཡང་ལྟུང་བ་གཅིག་ཏུ་འགྱུར་རམ་ཞེ་ན། སོར་མོ་སོགས་བརྡེག་སྤྱད་ཀྱི་རྫས་རེ་རེ་ལ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །གཟས་པའི་ལྟུང་བྱེད་དོ། །དྲུག་པ་གཞན་གྱི་ཕྱིར་བཅོས་པ་ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ་ཉེར་དགའ་ཉེས་རྩོམ་མོ། །རྒྱུ་མཚན་ཕྱིར་བཅོས་ལ་གནོད་པ་དང༌། ལས་ཀྱི་ཁ་སྐོང་དུ་མི་རུང་བས་བསྟན་པ་ལ་གནོད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་རྫོགས་པའི་སྡོམ་ལྡན། ལྟ་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། རྒྱུད་ཐ་དད་པ། ལུས་ཐ་མལ་པར་གནས་པའོ། །དངོས་པོ་ཕམ་ལྷག་གང་རུང་ཡུལ་དེ་ལ་བྱུང་བ། གནས་མཚམས་ནང་ན་མཐོལ་ཡུལ་མཚན་ཉིད་པ་ཡོད་པའོ། ཀུན་སློང་རྐྱེན་དགོས་ལ་མི་ལྟོས་པར་འཆབ་པར་འདོད་པའོ། །མཐའ་མཚན་མོ་འདས་པའོ། །གཞུང་དོན་ནི། གང་བྱས་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་ཕ་རོལ་པོའི་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དག་བཅབས་ན་ལྟུང་བྱེད་དུ་འགྱུར་རོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། མ་བཅབས་ན་རང་ཉིད་བདེ་བ་ལ་མི་རེག་པ་དང༌། རང་གི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང༌། ཚངས་པར་སྤྱད་པའི་བར་ཆད་དང༌། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ན་ལྟུང་བྱེད་དུ་འགྱུར་རོ། །ནམ་གྱི་ཚེ་ལྟུང་བྱེད་དུ་འགྱུར་ན། ཉིན་མཚན་གྱི་མཐར་དངོས་གཞིར་འགྱུར་རོ། །ཉིན་མཚན་གྱི་མཐའ་སྔ་རོལ་ཏུ་ནི་ཉེས་བྱས་སོ། །ཕམ་ལྷག་གཉིས་ལས་གཞན་པའི་ལྟུང་བ་འཆབ་ན་ཡང་ཉིན་མཚན་གྱི་མཐར་ཉེས་བྱས་དང་དེའི་སྔ་རོལ་ཏུ་ཉེས་བྱས་ཕྲ་མོའོ། །གནས་ངན་ལན་འཆབ་པའི་ལྟུང་བྱེད་དོ། །
བཅུ་པ་དྲུག་པ་ལ་ལྔ། གནོད་པ་ལས་གྱུར་པ་དང༌། འདོད་པ་ལས་དང༌། ལྟ་བ་ཉམས་པ་ལས་དང༌། གྲོགས་ངན་པ་བསེྟན་པ་ལས་དང༌། དགེ་སྦྱོང་གི་ཚུལ་ཉམས་པ་ལས་གྱུར་པའོ། །དང་པོ་ལ་གསུམ། གཞན་གྱི་འཚོ་བ་ལ་གནོད་པ། རང་གི་ལུས་ལ་གནོད་པ། དགེ་འདུན་གྱི་ལས་ལ་གནོད་པའོ། །དང་པོ་ལ་སྤྱི་དོན། མཉན་ཡོད་དུ་ཉེར་དགའ་ཞེ་དཀུའོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང༌། སྦྱིན་བདག་གིས་བསོད་ནམས་ཀྱི་བར་ཆད་དུ་འགྱུར་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ་སྦྱིན་བདག་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་དང་ཡུལ་དེ་གཉིས་ཀ་ལས་རྫས་ཐ་དད་པ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན་ཡུལ་དེ་ལ་བསྔོས་པ། ཀུན་སློང་ནད་ཀྱི་གཉེན་པོའི་དོན་མ་གཏོགས་པར་ཆེད་དུ་བསམས་ཏེ་སྦྱིན་པ་པོ་ཟན་གཅོད་དུ་འཇུག་འདོད་པ། སྦྱོར་བ་རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་བསམས་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པ། མཐའ་ཡུལ་དེས་དོན་གོ་བའོ། །གཞུང་དོན་ནི། ནད་ཀྱི་གཉེན་པོའི་དོན་མ་གཏོགས་པར་ཆེད་དུ་བསམས་ཏེ་སྦྱིན་པ་པོ་དགེ་སློང་ཕ་རོལ་གྱི་ཟན་གཅོད་དུ་བཅུག་ན་ལྟུང་བྱེད་དོ། །ཟན་གཅོད་དུ་བཅུག་པའི་ལྟུང་བྱེད་དོ། །གཉིས་པ་རང་གི་ལུས་ལ་གནོད་པ་ལ་གསུམ། དགག་པའི་བསླབ་པ། གནང་པའི་བསླབ་པ། རྣམ་གཞག་གོ །དང་པོ་ནི། སེང་གེ་ལ་རེག་པར་མི་བྱ་སྟེ། མེ་དང་འདྲ་བར་བསྟེན་པ་དང་བཟོད་པར་དཀའ་བའི་ཕྱིར་རོ། །གཉིས་པ་ནི། དུས་བྱིན་གྱིས་བརླབས་པ་སྔར་བཏང་ནས། དགེ་སློང་གིས་མེ་ལ་རེག་པར་བྱ་ཞེས་གསུངས་ན། དུས་བྱིན་གྱིས་བརླབ་པའི་ངོ་བོ་གང་ཞེ་ན། སྟོན་པ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་མར་མེ་དང་བདུག་སྤོས་བསྲེགས་པ་སོགས་ཆོས་དང་ལྡན་པའི་
བྱ་བའི་དོན་ཉིད་དང༌། དགེ་སློང་རང་གི་ལྷུང་བཟེད་ཁ་བསྒྱུར་བ་དང་ཚོན་བསྐོལ་བ་སོགས་ཀྱི་ལས་ལ་དེ་དང་དེའི་དོན་དུ་མེ་ལ་རེག་པར་བྱའོ་སྙམ་དུ་བརྟག་པ་སྔོན་དུ་བཏང་བ་ནི་དུས་བྱིན་གྱིས་བརླབས་པ་ཡིན་ནོ། །བྱ་བ་འདི་དང་འདི་མ་ཟིན་གྱི་བར་དུ་མེ་ལ་རེག་པར་བྱའོ་སྙམ་དུ་དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པ་ནི་བཅུ་གཅིག་སྟེ། གོས་ལྷུང་སྨན་རིན་གསོ་དགག་དབྱར། །དུས་དང་ལྟུང་རྙེད་རུང་ཁང་ངོ༌། །དུས་བྱིན་གྱིས་བརླབ་པ་ལ་དྲུག་ལས། གཞི་ནི། བཀག་པ་ལས་རྐྱེན་སྟོབས་ཀྱིས་གནང་བ་སྟེ། མ་བཀག་པ་སྔ་དྲོ་ཟན་ཟ་བ་དང༌། ནམ་ཕྱེད་ན་གཉིད་ལོག་པ་ལྟ་བུ་དང༌། མ་གནང་བ་རང་བཞིན་ལྟ་བུ་ལ་མིན་ནོ། །ཁ་ཅིག་ངེས་པ་བཞི་ལས་གཞན་པ་གསུང་སྟེ། དུས་ངེས་པ་ཟླ་བ་ཕྱེད་ན་ཁྲུས་བྱེད་པ་ལྟ་བུ་དང༌། གནས་ངེས་པ་བྱང་སྒྲ་མི་སྙན་ལྟ་བུ་དང༌། དངོས་པོ་ངེས་པ་སོ་ཕག་ལས་རིམ་པ་ལྷག་པ་ལྟ་བུ་དང༌། གང་ཟག་ངེས་པ་མིད་པ་གཉིས་པ་ལྟ་བུའོ། །སྒྲ་མི་སྙན་དང་ཨསྨ་པ་རན་ཏར་དུས་དྲན་བྱ་མི་དགོས་གསུངས་ཤིང༌། ན་བ་ལ་སོགས་པ་ཡང་ངེས་པ་ཡིན་ནོ། །དབྱེ་བ་ནི་གཉིས་ཏེ། དགག་བྱ་ཉེས་དམིགས་འགོག་པ་དང༌། བརྒྱུད་པ་རྒྱུར་འགྲོ་འགོག་པའོ། །དང་པོ་ལ། ནང་ལ་འདོད་ཆགས་འགོག་པ། བུད་མེད་ལ་རེག་པའི་ཚེ་མ་ལ་སོགས་པའི་འདུ་ཤེས་སམ། མི་སྡུག་པ་ལ་སོགས་པ་བསྒོམ་པའོ། །ལོངས་སྤྱོད་ལ་ཆགས་པ་འགོག་པ་ནི། མི་རྟག་པ་དང་གཞན་གྱི་ཡིན་པ་སོགས་སོ། །ཞེ་སྡང་འགོག་པ་ནི། དྲན་པ་ལ་སོགས་པ་བརྟན་པར་བྱེད་པའོ། །གཉིས་པར་གཞུང་དུ་སྨོས་པའོ། །ངོ་བོ་ནི། དགེ་སྦྱོང་གི་བློ་འཆོས་པའི་བརྟག་པའོ། །དུས་ནི་ནམ་བྱ་བ་ལ་འཇུག་པའི་ཚེ་ན་སྟེ། རྩོམ་འདོད་པ་ན་ཞེས་གསུངས། ཡུན་ནི། བྱ་བ་ཟིན་གྱི་བར་དུ་ཡུན་རིང་པོར་རོ། །དགོས་པ་ནི། དོན་མེད་པའི་ཚེ་དེ་དག་ལ་མི་འཇུག་པ་དང༌། དུས་དྲན་མ་བྱས་པའི་ཉེས་བྱས་ཁེགས་པའོ། །
གསུམ་པའི་སྤྱི་དོན་ལ་མཉན་ཡོད་དུ་དྲུག་སྡེས་འགྲན་གཏོར་ལ་དགའ་བ། རྒྱུ་མཚན་དོན་དང་བྱ་བ་མང་བ་དང༌། དགེ་བ་དང་ལུས་ལ་སོགས་པའི་བར་ཆད་དུ་འགྱུར་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་མེ་ཡིན་པ། ཚད་དང་ལྡན་པ། མེ་མར་མུར་དང་མེ་ལྕེ་ལས་གཞན་པ། བདག་ཉིད་གནང་བ་མིན་པའོ། །ཀུན་སློང་རེག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རེག་པར་རྩོམ་པ། མཐའ་རེག་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་མེ་ལ་རེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་རྩེ་བ་ཉིད་ནའོ། །གང་གིས་ཤེ་ན། གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་སོ། །ཅི་ཞིག་གིས་རྩེ་ཞེ་ན། མེས་སོ། །རྩེ་བ་ཁོ་ན་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དགེ་སློང་དུས་བྱིན་གྱིས་མ་བརླབས་པ་ན་བའི་དབང་ཉིད་དུ་གནས་པ་མིན་པས་མེ་ལ་རེག་ན་ལྟུང་བྱེད་དུ་འགྱུར་རོ། །ཇི་ལྟར་རེག་ན་ཞེ་ན། དགེ་སློང་རང་གིས་རེག་གམ་གཞན་བསྐོས་པས་རེག་ཏུ་བཅུག་ནའོ། །རྩེ་བས་རེག་པ་ཁོ་ན་ལ་ལྟུང་བར་འགྱུར་རམ་ཞེ་ན། དགེ་སློང་མི་ན་བ་དུས་བྱིན་གྱིས་མ་བརླབས་པས་རང་ངམ་བསྐོས་པས་མེ་སྦར་བ་དང༌། གསོད་པ་དང་མེས་རེག་པ་དང་མ་རེག་པའི་བུད་ཤིང་ཚང་མང་དུ་བསྐུལ་ཞིང་འཇུག་པ་དང་མེ་དང་བཅས་པ་འདྲེན་པ་དང༌། མདག་མ་སྤུང་པ་དང༌། མེ་ཕྱིར་འདྲུ་བ་བྱེད་པ་དག་ལ་ལྟུང་བར་འགྱུར་རོ། །གཉིས་པ་སེལ་བ་ལ་གསུམ། མེའི་སེལ་བ་དང༌། བུད་ཤིང་གི་དང༌། གནས་སྐབས་ཀྱིའོ། །དང་པོ་ནི་ཐལ་བར་འགྱུར་ལ་ཁད་པའི་མེ་མར་མུར་ནི་ཕྱེད་ཤི་བ་ཉིད་ཡིན་པས་དེ་ལ་རེག་ན་ཉེས་བྱས། མེ་ལྕེ་དག་ཀྱང་ཕྱེད་ཤི་བ་ཡིན་པས་རེག་ན་ཉེས་བྱས་སོ། །གཉིས་པོ་དེར་བུད་ཤིང་འཇུག་པ་དང༌། འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། སྐྲ་དང་སྤུ་
དང་རུས་པ་དང་སེན་མོ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་། རླུགས་པ་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། ཏིལ་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། མར་དག་ནི་བུད་ཤིང་གི་ཕྱེད་ཉིད་ཡིན་པས་དེ་དག་མེར་འཇུག་པ་དང་འབྱིན་པ་ལ་ཉེས་བྱས་སོ། །གསུམ་པ་ནི་མཁན་པོ་ལྟ་བུ་གཞན་གྱི་བྱ་བ་སློབ་དཔོན་ལྟ་བུ་གཞན་ལ་བྱིན་གྱིས་རློབ་པ་ནི་ཕྱེད་བྱིན་གྱིས་བརླབས་པ་ཡིན་པས་ཉེས་བྱས་སོ། །མེ་ལ་རེག་པའི་ལྟུང་བྱེད་དོ།། །།གསུམ་པ་དགེ་འདུན་གྱི་ལས་ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ། དགའ་བོས་སྤོང་བའི་ཆོས་སུ་བྱེད་པའོ། །རྒྱུ་མཚན་དགེ་འདུན་ལ་གནོད་པ་སོགས་སོ། ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་མཚན་ཉིད་པ། དགེ་སློང་གི་ཆེད་དུ་བྱས་ལ་ཆགས་པའོ། །བདག་ཉིད་འདུན་པ་ཕུལ་ཟིན་པ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། འདུན་པ་ལེན་པ་པོ་ཡིན་པ། ཀུན་སློང་འདུན་པ་བསྒྱུར་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐའ་དོན་གོ་བའོ། །གཞུང་དོན་ནི། དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལ་ལྟུང་བ་འབྱིན་པ་པོ་རང་གིས་སྔར་འདུན་པ་ཕུལ་བ་སླར་ཕྱིར་བསྒྱུར་བའི་ཕྱིར། དགེ་སློང་འདུན་པ་སླར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ། །ཞེས་སྨྲས་ན་ལྟུང་བྱེད་དོ། །བམ་ལྔར། དགེ་སློང་གི་དོན་གྱི་ཆེད་མིན་པའི་ལས་གཞན་ལ་ཉེས་བྱས་སོ། །ལས་བརྒྱ་རྩ་གཅིག་མ་གཏོགས་བའི་ལས་ལ་ཉེས་པ་མེད་དོ་ཞེས་གསུངས། འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ། །གཉིས་པ་འདོད་པ་ལས་གྱུར་པ་ལ་བཞི། བསླབ་བྱ་ལོག་རྟོག་དགག་པ་དང་བཅས་པ། རྣམ་གཞག །ལྟུང་མེད། བསླབ་བྱ་གཞན་བསྟན་པའོ། །དང་པོ་ནི། ཉི་མ་དང་ཟླ་བ་ཐུན་མོང་གི་སྣང་བ་ཡིན་པས་དེ་གཉིས་མ་གཏོགས་པའི་མར་མེ་དང༌། ནོར་བུ་དང༌། སྨན་ལ་སོགས་པའི་སྣང་བ་དང་བཅས་པའི་གནས་ཁང་ཁྱིམ་གྱི་ཕྱོགས་སུ་ཉལ་
ནས་གཉིད་ལོག་པར་མི་བྱ་སྟེ། ལོངས་འཆོས་པར་འགྱུར་བའི་ཕྱིར་རོ། །མཚན་མོའི་མཐར་ཉེས་བྱས་དངོས་གཞི། མདུན་རོལ་ཏུ་སྦྱོར་བའི་ཉེས་བྱས་སོ། །དམིགས་བསལ་ནི། རང་ནད་པ་ཉིད་གཞན་གྱི་ནད་གཡོག་གི་དབང་གིས་དེར་ཉལ་བ་ནི་མ་གཏོགས་སོ། །ལོག་རྟོག་དགག་པ་ནི། སྣང་བ་དང་བཅས་པའི་ཕྱོགས་སུ་ཉལ་བ་འདི་ལ། འདུལ་བ་འཛིན་པ་ཁ་ཅིག་ནི། ནུབ་ལྷག་ཉལ་གྱི་ལྟུང་བྱེད་ཀྱི་ཡན་ལག་ཡིན་ཏེ། ལུང་དུ། དགེ་སློང་གིས་སྣང་བ་དང་བཅས་པའི་ཁྱིམ་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་ནི་མི་རིགས་ཏེ། རྣམ་འབྱེད་ལས། ཕྱིས་སྣང་བ་མེད་པར་ལྟུང་བྱེད་བཅའ་བ་མཛད་པའི་ཕྱིར་ཏེ། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཁྱིམ་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར། སྣང་བ་དང་བཅས་པ་དང་བསྙེན་པར་མ་རྫོགས་པ་དང་ཉལ་བ་འདི་གཉིས་རིགས་གཅིག་པ་མིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །གཅིག་ནི་ལོངས་འཆོས་པའི་རྒྱགས་པ་སྐྱེད་བྱེད་ཡིན་ལ། ཅིག་ཤོས་སེམས་ཅན་ལ་བརྟེན་པའི་འདོད་ཆགས་སྐྱེད་བྱེད་ཡིན་པའི་ཕྱིར། ཤེས་རབ་བྱེད་པར། ལྟུང་བ་དགུ་བཅུ་རྩ་གཅིག་ཏུ་མི་འབྱུང་བས་ལྟུང་བ་མིན་གྱི་ཉེས་བྱས་སོ་ཞེའོ། །གཉིས་པ་ལ་གཉིས། ཡན་ལག་ཐུན་མོང་བ་དང༌། ཐུན་མོང་མིན་པའོ། །དང་པོ་ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་སོགས་ཉལ་བའི་བསླབ་པའི་གཞི་རྣམས་ལ་ཉལ་བ་མིན་པའི་སྤྱོད་ལམ་གྱིས་གཉིད་ལོག་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །དེ་དག་གི་སྐབས་སུ་ཉིན་མོ་ཉལ་ན་མཚན་མོ་ལས་ཐ་དད་པ་ཉིད་ཀྱི་ལྟུང་བར་འགྱུར་རོ། །གནས་ནི་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཕལ་ཆེར་གཡོགས་
ཤིང་ཐམས་ཅད་བསྐོར་བ་དང༌། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང༌། ཕལ་ཆེར་གཡོགས་པ་དང་ཕལ་ཆེར་བསྐོར་བ་རྣམས་སོ། །ཕྱི་མ་ནི་གནས་བཞི་པོའི་མཐའ་ཡིན་ནོ། །གནས་གང་གི་ཉེ་འཁོར་བསམ་པར་བྱ་བ་དེའི་སྒོའི་ངོས་དང་འབྲེལ་བའི་ཉེ་འཁོར་གནས་སུ་གྱུར་པ་ནི། གནས་དངོས་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །སྟེང་ཁང་ལྟ་བུ་ཁྱེར་གཞན་པར་ཁང་ལྟ་བུས་བར་དུ་མ་ཆོད་པ་གནས་སུ་གྱུར་པ། སྒོ་འོག་ཁང་དེ་དང་འབྲེལ་བ་ཡང་སྒོ་གཞན་ཡོད་དུ་ཟིན་ཀྱང་འོག་ཁང་གི་ཁོངས་སུ་གཏོགས་སོ། །ཁང་པ་གཅིག་ཡིན་དུ་ཟིན་ཀྱང་ཉེ་འཁོར་འདོམ་གང་ཙམ་དང་བཅས་པ་ནས་གནས་ཁང་སྤྱོད་ལམ་བཞི་ཤོང་བ་ཙམ་གྱི་ཕ་རོལ་ན་བསྙེན་པར་མ་རྫོགས་པ་དང་ཐ་དད་པར་གྱུར་ཅིང་གནས་པ་ནི་ཁོངས་སུ་གཏོགས་པ་མིན་ཏེ། དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཕལ་ཆེར་མི་འཁོར་བའི་ཤིང་ལྗོན་པའི་དྲུང་དང༌། རྩིག་པའི་བར་དང༌། ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དེ་ཉེས་བྱས་སོ། །རྩྭའམ་ནགས་ལ་སོགས་པ་ཐིབས་པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ཡང་ཕྱེད་ཉིད་དེ་ཉེས་བྱས་སོ། །བུད་མེད་དང་ལྷན་ཅིག་ཉལ་བ་འདི་ལ་ནི་བསྒྲིབས་སམ་མ་བསྒྲིབས་ཀྱང་རུང་བྱ་གག་འཕུར་ནས་བབས་པའི་ལམ་ཙམ་གྱི་ཕ་རོལ་ན་བུད་མེད་གནས་ན་གནས་གཅིག་ཡིན་ཡང་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ། །ཁང་པ་ཐ་དད་ཀྱང་གནས་གཅིག་པ་ནི། གཡས་གཡོན་གྱི་ཁང་པ་གཉིས་ནང་གཅིག་ཏུ་རྒྱུ་ཞིང་དེ་གཉིས་ཀྱི་བར་ན་གནས་གཞན་མེད་པ་མིན་པ་དབུས་ཁང་དོག་པ་ལྟ་བུ་ཡོད་པ་ཉིད་ལ་ནི་སྟེང་གཡོགས་མ་གཅིག་གིས་བཀབ་པ་ཐམས་ཅད་གནས་གཅིག་པ་ཉིད་ཡིན་ནོ། །དགེ་སློང་རང་གི་ཆར་གཏོགས་པ་བདག་ཉིད་དབང་བའི་སྒོ་བཅད་པ་སྒོ་གླེགས་ལ་སོགས་པས་བཅད་པ་ལ་ནི་གནས་དེའི་ཉེ་འཁོར་ཡང་གནས་ཐ་དད་པ་ཉིད་དོ། །དེས་ན་རང་དབང་བའི་སྒོ་
བཅད་ན་ཉེ་འཁོར་ན་བུད་མེད་ཡོད་ཀྱང་ལྟུང་བར་མི་འགྱུར་རོ། །ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་དགེ་སློང་གཞན་གྱིས་བསྲུང་པ་ཉིད་དང༌། བུད་མེད་ཁྱིམ་ཐབ་ཕ་མིང་སོགས་བདག་པོས་བསྲུང་བ་ནི་སྒོ་བཅད་པ་དེ་དང་འདྲ་བར་ལྟུང་བར་མི་འགྱུར་རོ། །སྟེང་ངམ་འོག་གི་རིམ་ཁང་གཞན་ན་བུད་མེད་གནས་ལ། གཞན་དགེ་སློང་གནས་པ་ལ་ནི་སྐས་དགེ་སློང་རང་ཉིད་གང་ན་གནས་པའི་སྟེང་ངམ་འོག་ཏུ་བརྟུལ་པ་ཉིད་སྒོ་བཅད་པ་དང་འདྲའོ། །གནས་ལས་གཞན་ཉེ་འཁོར་གནས་མིན་པ་ཉིད་ལ་ནི་ན་སྨད་པ་ཉེས་བྱས་སོ། །གཉིས་པ་ཐུན་མོང་མིན་པའི་སྤྱི་དོན་ལ་མཉན་ཡོད་དུ། ཉེ་དགའ་འདོད་ཆགས་ཀྱི་ཆ་ལ་བརྟེན་པ། རྒྱུ་མཚན་ཆགས་པའི་བསམ་པ་སྐྱེ་བ་དང༌། འདྲིས་པས་རྩེ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ངོ་བོའམ་རྣམ་གྲངས་ཀྱི་སྒོ་ནས་མ་རྫོགས་པར་ཐ་སྙད་ལྔ་ལྡན། བདག་ཉིད་ནད་པ་དང་ནད་གཡོག་དང་རྨྱ་བ་དང་དབྱར་ཟླ་བ་གཉིས་ལ་བབ་པའི་ཚེ་སྡིག་ཅན་ཉེ་བར་གནས་པ་མིན་པ་དང༌། ཡུལ་རྟེན་གཉིས་ཀ་ཉལ་ཞིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་ནོ། །དུས་མཚན་མོའི་དུས་ཡིན་པ། གནས་མཚན་ཉིད་དུ་གྲུབ་པ་དང་གཅིག་པའོ། །ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་མཚན་མོ་གསུམ་པའི་མཐའ་ལའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཇི་སྐད་བཤད་པའི་གནས་གཅིག་ཏུ། དུས་མཚན་མོ་གསུམ་པ་ལ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ན་ལྟུང་བྱེད་དུ་འགྱུར་རོ། །ལྷན་ཅིག་ཅེས་སྨོས་པས་གཅིག་སྤྱོད་ལམ་གཞན་གྱིས་ཉལ་ན་ཉེས་བྱས། གཅིག་སྤྱོད་ལམ་གཞན་གྱིས་གཉིད་ལོག་པར་མི་བྱེད་ཅིང༌། གཅིག་ཉལ་བ་ལ་
ནི་ལྟུང་བ་མེད་དེ། ལྷན་ཅིག་གཉིད་ལོག་པ་མ་གྲུབ་པའི་ཕྱིར་རོ། །མཚན་མོ་གསུམ་པའི་དུས་ནམ་གྱི་ཚེ་ལྟུང་བར་འགྱུར་ཞེ་ན། མཚན་གསུམ་པའི་མཐའ་སྐྱ་རེངས་དང་པོ་འཆར་བའི་མདུན་རོལ་ཀྱི་སྐད་ཅིག་མ་ལ་དངོས་གཞིར་འགྱུར་རོ། །འདི་མཚན་མཐུན་ཁོ་ན་བསྐྱེད་པ་མིན་ཏེ། ཤེས་རབ་བྱེད་པར། བུད་མེད་བདག་པོོས་བསྲུངས་པ་དང༌། ཞག་གཉིས་ལས་འདས་ན་ལྟུང་བྱེད་མ་རྫོགས་པ་དང་ཉལ་བའི་ལྟུང་བར་བརྩི་ཞེས་དང༌། བམ་ལྔར། ཁྱིམ་པའམ་རབ་ཏུ་བྱུང་བ་དང་མཚན་མོ་གསུམ་པ་ལ་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར། གང་ཟག་དང་གནས་ངོ་སྤོས་མ་སྤོས་ཀྱང་འདྲ་སྟེ། ཞུ་བར། ནུབ་གཉིས་དགེ་ཚུལ་དང་ཉལ་ནས་ནུབ་གསུམ་པ་ལ་བསྙིལ་བའམ། བུད་མེད་དང་ཉལ་ན་ལྟུང་བྱེད་གཉིས་སུ་གསུངས་པ་དང༌། མཚན་མོ་གསུམ་པ་འགྲོན་པོ་ལས་ཕྱི་རོལ་ཏུ་དགར་བར་གསུངས་པའི་ཕྱིར་རོ། །མཚན་མི་མཐུན་དང༌། ཞག་དང་པོ་ལའང་ཉེས་པར་འགྱུར་རོ། །གཉིས་པ་སེལ་བ་ནི། མཚན་མོ་མཐའི་མདུན་རོལ་ཏུ་ནི་སྦྱོར་བའི་ཉེས་བྱས་སོ། །གསུམ་པ་ལྟུང་བ་མེད་པ་ནི། ལམ་གྱིས་དུབ་པ་རྨྱ་བ་ལ་ནི་མདུན་རོལ་ཏུ་གཉིད་ལོག་པ་ཉེས་པ་མེད་དོ། །རྨྱ་བ་མ་སངས་ན་མཚན་མོའི་མཐར་ཡང་གཉིད་ལོག་པ་ལ་ཉེས་པ་མེད་དོ། །བྱིན་ལེན་ལ་སོགས་པ་དགེ་སློང་གིས་བྱར་མི་རུང་བ་ཡོད་ན་དེ་སྒྲུབ་པར་བྱེད་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་པའི་ནད་པ་དང༌། ནག་གཡོག་ལ་ཡང་མདུན་རོལ་དང་མཐར་ཉེས་པ་མེད་དོ། །རང་གི་དགེ་ཚུལ་དང་ཡང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད། དགེ་སློང་གང་ལ་ཉེས་པ་མེད་ཅེ་ན། དགེ་ཚུལ་དེ་དང་ལྡན་པ་ལའོ། །གང་གི་ཚེ་ཉེས་པ་མེད་ཅེ་ན། གནས་དེ་ན་དགེ་ཚུལ་སུན་འབྱིན་པར་བྱེད་པའི་དགེ་སློང་སྡིག་ཅན་ཉེ་བར་གནས་པར་གྱུར་ནའོ། །དེ་དང་ལྡན་པ་ཐམས་ཅད་ལ་ཉེས་པ་མེད་དམ་ཞེ་ན། སྡིག་ཅན་དེ་རེ་ཞིག་གམ་
གཏན་དུ་བཅུག་པ་ལ་འབད་པ་སྔར་བྱས་སམ། ད་ལྟ་བྱེད་པ་ལ་ཉེས་པ་མེད་པ་ཡིན་གྱི། གཞན་ལ་མིན་ནོ། །དུས་ཐམས་ཅད་དུ་ཉེས་པ་མེད་དམ་ཅེ་ན། དབྱར་སྔ་མ་གནས་པར་ཁས་བླངས་ན་དེའི་ཟླ་བ་གསུམ་གྱི་དུས་ཕྱི་མའི་ཟླ་བ་གཉིས་པོ་དག་ལ་བབ་པ་དང་དབྱར་ཕྱི་མ་ཁས་བླངས་ན་དེའི་ཟླ་བ་གསུམ་གྱི་སྔ་མའི་ཟླ་བ་གཉིས་པོ་དག་ལ་བབ་པ་ན་ཉེས་པ་མེད་པ་ཡིན་གྱིས་གནས་པར་ཁས་མ་བླངས་པ་དང༌། ཁས་བླངས་ཀྱང་དབྱར་སྔ་མའི་ཟླ་བ་དང་པོ་དང༌། ཕྱི་མའི་ཟླ་བ་ཐ་མ་ལ་ནི་ཉེས་པར་འགྱུར་རོ། །བཞི་པ་བསླབ་བྱ་གཞན་བསྟན་པ་ནི། དབྱར་གནས་པར་ཁས་བླངས་པ་ལ་བབ་པའི་དགེ་སློང་དེས་ཕྱི་མའི་ཟླ་བ་གཉིས་པ་ལས་ལྷག་པར་གནས་པར་མི་བྱའོ། །སྔ་མ་ལ་ནི་མ་སྨྲས་ཀྱང་གྲུབ་བོ། །ཡང་དེས་སྡིག་ཅན་ཉེ་བར་གནས་པའི་གནས་སུ་དབྱར་གནས་པར་ཁས་བླངས་པ་སྔ་མ་ཤོས་མི་བྱ་བ་ཉིད་དོ། །དབྱར་ཁས་བླངས་པའི་འོག་ཏུ་སྡིག་ཅན་ཉེ་བར་གྱུར་ན་ཟླ་བ་སྔ་མ་མི་སྲུང་བར་བྱ་བ་ཉིད་དོ། །སྡིག་ཅན་ཉེ་བར་གནས་པའི་དགེ་སློང་དེས་དགེ་ཚུལ་སྔར་ཉེ་བར་མ་བཞག་པ་བཞག་པར་མི་བྱའོ། །དགེ་ཚུལ་དང་ལྡན་པའི་དགེ་སློང་དེས་དགེ་ཚུལ་ཁྲིད་ནས་ལམ་དུ་འགྲོ་བ་ན་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་དགེ་ཚུལ་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །གལ་ཏེ་དེ་བྲུ་བ་ཚ་བར་གྱུར་ན་དེ་ལ་ནང་པར་ཕྱི་དུས་སུ་ཁ་ཟས་སྦྱིན་པར་བྱ། གལ་ཏེ་བྲོ་ཁར་བབ་པ་ན་ཡང་བཀྲེས་ན་དེ་ཚེ་ཡང་དྲོ་ཟན་སྦྱིན་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །།གསུམ་པ་ལྟ་བ་ཉམས་པ་ལས་གྱུར་བའི་སྤྱི་དོན། མཉན་ཡོད་དུ། སྔོན་བོང་རྫི་མཆི་ལྟས་ལྟ་བའི་ཀུན་ཏུ་སྦྱོར་བ། ཉེས་པ་སྡིག་ལྟ་མི་གཏོང་བའོ། །རྒྱུ་མཚན་སངས་རྒྱས་ལ་སྐུར་པ་བཏབ་པ་དང་དགེ་འདུན་ལ་གནོད་པ་
སོགས། ཡན་ལག་ལ་བཞི་ལས། གཞི་ལ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་ཆོས་ལས་ཕྱིན་ཅི་ལོག་གི་ཚིག་རྐྱེན་གསོལ་བཞིའི་ལས་མཚན་ཉིད་པ། ཀུན་སློང་སྡིག་ལྟ་མི་གཏོང་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་བརྗོད་པ་གསུམ་པ་ལས་འདས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། བསྒོ་གྱུར་ཐུན་མོང་བ་རྣམས་ཁས་བླངས་ནས། གང་མ་གཏོང་ན། ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གང༌། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ཚུལ་གྱི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཕམ་པ་ལ་སོགས་པ་གང་ཡིན་པ་དེ་དག་བརྟེན་ཀྱང་དགེ་སྦྱོང་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོས་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ། །ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་མི་གཏོང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་བསླབ་བྱ་ནི་ལྟ་བའི་རྣམ་པ་མི་གཏོང་བའི་དགེ་སློང་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྨད་པ་ཉིད་དང༌། གནས་དབྱུང་ཅིག་ཅར་དུ་བྱ་སྟེ་ལྟུང་བྱེད་དུ་གྱུར་བའི་ལྟ་བའི་རྣམ་པ་མི་གཏོང་བ་དེའི་འོག་ཏུ་བྱའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དོ།། །།གཉིས་པ་གྲོགས་ངན་བསྟེན་པ་ལས་གྱུར་པ་ལ་གཉིས་ལས། དགེ་སློང་ལས་གྱུར་བའི་སྤྱི་དོན། མཉན་ཡོད་དུ། ཉེ་དགའ་སྡིག་པ་འདོད་པའོ། །རྒྱུ་མཚན་དགེ་འདུན་གྱི་ཆད་པས་མི་གཅོད་པ་དང༌། གྲོགས་དེ་ཡང་བྱ་བ་ངན་པ་བསྲེལ་དུ་བཅུག་པ་དང༌། རང་ཡང་དེ་ལྟ་བུ་བརྟེན་པར་འགྱུར་བ་དང༌། གཞན་མ་དད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ལྟ་མཐུན་མ་གཏོགས་ལྔ་ལྡན། སྤངས་པ་ཕྱིར་བཅོས་མ་བྱས་པ། བདག་ཉིད་གནས་ཕྱུང་མིན་པའོ། །ཀུན་སློང་ནད་པ་དང་ལྟ་བ་དང་དབྲལ་འདོད་མིན་པ། སྦྱོར་བ་རྗེས་སུ་ཕྱོགས་པར་རྩོམ་པ། མཐའ་ལུང་དབོག་པ་ལ་སོགས་པ་གང་
རུང་བྱས་པའོ། །གཞུང་དོན་ལ་གསུམ། ཡན་ལག་གི་མཚན་ཉིད། མཐར་ཐུག་གི་རབ་དབྱེ། སེལ་བ་ལ་ལྟུང་བ་མེད་པའོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་སོགས་ཀྱི་ཚིག་དེ་སྐད་སྨྲ་བས་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་བྱུང་སྟེ། དགེ་འདུན་གྱི་གནས་ནས་ཕྱུང་སྟེ། སྤངས་པ་ཉེས་པ་བཟོད་པར་གསོལ་བ་ཕྱིར་བཅོས་པ་མ་བྱས་པའི་དགེ་སློང་ལའོ། །གཉིས་པ་ནི། ཅི་ཞིག་བྱས་ན་བྱེད་པ་པོ་ཡིན་ཞེ་ན། དགེ་འདུན་གྱིས་སྤངས་པའི་དགེ་སློང་ལ་དེར་ཤེས་བཞིན་དུ་ལུང་དབོག་པ་སྦྱིན་པ་དང་དམིགས་ཀྱིས་འདྲི་བའི་ལན་སྦྱིན་པ་དང༌། གནས་བཅའ་བ་སྦྱིན་པ་དང༌། མ་ཐོབ་པ་ཐོབ་པའི་ཐབས་རྫས་སུ་བསྟན་པ་དང༌། ཐོབ་པ་མི་ཉམས་ཤིང་འཕེལ་བའི་ཐབས་གདམས་ངག་སྦྱིན་ན་ལྟུང་བྱེད་དུ་འགྱུར་རོ། །སྤངས་པ་དེ་ལ་ཁོ་བོ་འདི་དང་འདི་ལྟ་བུ་འདོད་ཅེས་རང་གི་ལྟ་བ་སྨྲ་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །ལྷུང་བཟེད་སོགས་ཟང་ཟིང་གི་ལོངས་སྤྱོད་བདག་གིར་བྱེད་ན་ཡང་ལྟུང་བར་འགྱུར་རོ། །སྤངས་པ་དེའི་བསྙེན་བཀུར་བདག་གིར་བྱེད་ན་ཡང་ལྟུང་བར་འགྱུར་རོ། །སྤངས་པ་དེ་དང་གནས་སུ་ལྷན་ཅིག་ཉལ་ན་ཡང་ལྟུང་བར་འགྱུར་རོ། །གང་གི་ཚེ་འགྱུར་ན། མཐར་རོ། །གང་གི་མཐར་འགྱུར་ན། མཚན་མོའི་མཐར་རོ། །གང་དུ་བཤད་པ་དེ་དག་ལས་གཞན་སྤངས་པ་དེ་དང་ལྷན་ཅིག་འདག་རྫས་ཙམ་གྱིས་སྲུལ་ཞིང་འདུ་འཛི་བྱེད་ན་ཡང་ལྟུང་བར་འགྱུར་རོ། །གསུམ་པ་ནི། ནད་པ་དང༌། སྡིག་པ་ཅན་གྱི་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱིས་སྲུལ་བ་ནི་མ་གཏོགས་སོ། །སྤངས་པའི་རྗེས་སུ་ཕྱོགས་
པའི་ལྟུང་བྱེད་དོ།། །།གཉིས་པ་དགེ་ཚུལ་ལས་གྱུར་པ་ལ་གཉིས་ལས། བསླབ་བྱ་ནི། དགེ་ཚུལ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་སོགས་ཀྱི་ཚིག་དེ་ཉིད་ལ་ཞུགས་པ་ལ། དགེ་འདུན་གྱིས་དེ་བཟློག་པའི་ཕྱིར་བཞམས་བསྒོ་བྱ་སྟེ། དགེ་ཚུལ་ནི་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ། །བཟློག་ཀྱང་ལས་ཀྱི་མཐའ་ལས་མི་གཏོང་ན་དགེ་འདུན་གྱིས་དགེ་ཚུལ་དེ་བསྙིལ་བར་བྱའོ། །ཇི་ལྟར་བསྙིལ་བར་བྱ་ན། དགེ་འདུན་གྱིས་བསྐོས་པའི་དགེ་སློང་ཞིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དང་པོར་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་རྩོམ་མོ། །དེའི་འོག་ཏུ་ཁྱོད་བསྙིལ་བའི་ལས་མཛད་པར་རྩོམ་མོ་ཞེས་བྱ་བ་དང༌། དང་པོར་གསོལ་བ་བྱས་པའི་འོག་ཏུ་དེ་ལ་འདི་སྐད་ཅེས་ཁྱོད་ཀྱི་ཕྱིར་དགེ་འདུན་གྱིས་གསོལ་བ་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ཐོངས་ཤིག་ཅེས་དང༌། བརྗོད་པ་དང་པོ་དང་གཉིས་པ་བྱས་པའི་འོག་ཏུ་ཡང༌། ཁྱོད་ཀྱི་ཕྱིར་དགེ་འདུན་གྱིས་བརྗོད་པ་དང་པོ་བྱས་ཟིན་གྱི་ཞེས་དང༌། གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོངས་ཤིག་ཅེས་རེ་རེའི་མཐར་དགེ་སློང་གིས་དགེ་ཚུལ་དེ་ལ་བསྒྲག་པར་བྱའོ། །བརྗོད་པ་གསུམ་པ་བྱས་ཟིན་པའི་འོག་ཏུ་ནི་ལས་རྫོགས་ཟིན་པའི་ཕྱིར་བསྒྲགས་ཀྱང་ཅི་ཡང་མི་ཕན་ཏེ། དེའི་ཚེ་དགེ་ཚུལ་བསྙིལ་ཟིན་པའི་ཕྱིར་རོ། །རྣམ་འབྱེད་དུ། ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང༌། དེའི་འོག་ཏུ་དགེ་སློང་གཅིག་གིས་ཞེས་སོགས་ནས། དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན་ལེགས་གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བ་བྱ་ཞེས་གསུངས། བརྩམས་པ་མཐར་ཕྱིན་པར་བྱ་བ་རིགས་སོ་སྙམ་པ་བསལ་བའི་ཕྱིར་གསོལ་བ་སོགས་སྔ་མའི་ཚེ་ལྟ་བའི་རྣམ་པ་བཏང་ན་ལས་ཕྱི་མ་མི་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་བསྙིལ་བ་སྡུད་
པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གིས་ལྟ་བའི་རྣམ་པ་མི་གཏོང་བའི་དགེ་ཚུལ་དགེ་འདུན་གྱིས་བསྙིལ་བ་ལ་དེར་ཤེས་བཞིན་དུ་ལུང་འབོགས་པ་སོགས་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དོ།། །།ལྔ་པ་དགེ་སྦྱོང་གི་ཚུལ་ཉམས་པ་ལས་གྱུར་པ་ལ་གསུམ། གོས་ལས་གྱུར་པ། རྒྱན་ལས། འཕྲལ་གྱི་བྱ་བ་ལས་གྱུར་པའོ། །དང་པོ་གཉིས་ལས། ཡན་ལག་གི་མཚན་ཉིད་ལ། སྤྱི་དོན། རྒྱལ་པོའི་ཁབ་ཏུ། དྲུག་སྡེས། ཉོན་མོངས་པ་མི་བཟོད་པ་དང་རྙེད་པ་འདོད་པ། ཉེས་པ་གོས་ཁ་མ་བསྒྱུར་བ་གྱོན་པའོ། །རྒྱུ་མཚན་ཁྱིམ་པ་དང་རྟགས་འདྲེ་བ་དང༌། བདག་ཉིད་དེར་བཅོས་ནས་བྱ་བ་མིན་པ་བྱེད་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་རང་གི་ཡིན་པའི་གོས་རྒྱུ་རུང་བ་ཚད་ལྡན། ཁ་བསྒྱུར་པ་རུང་བས་སྟེང་གཡོགས་པ་མིན་པ། ཆུ་ཚགས་ལས་གཞན་པ། བདག་ཉིད་སྣང་བ་མིན་པའོ། །ཀུན་སློང་ལོངས་སྤྱོད་འདོད་པ། མཐའ་ལོངས་སྤྱད་པའོ། །གཞུང་དོན་ནི། ཅི་ཞིག་བྱས་ན་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རམས་སོགས་སྔོན་པོ་དང༌། བཙག་སོགས་དམར་པོ་དང༌། ངུར་སྨྲིག་ལ་སོགས་པ་དག་གིས་ཁ་མ་བསྒྱུར་པའི་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་སྣོད་དང་རྐང་པའི་འབོབ་དང༌། སྐ་རགས་དག་གིས་བསྒོ་བ་སླེའུ་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱད་ན་ལྟུང་བྱེད་དོ། །ཆུ་ཚགས་ནི་ཁ་བསྒྱུར་བར་མི་རིགས་ཏེ། དེས་བཙགས་པའི་ཆུ་ལ་ཚོན་གྱི་བག་ཆགས་པ་ན་ཆུ་ལག་ཉར་བླངས་པ་དང༌། གསོག་འཇོག་བྱས་པ་དང༌། བྱིན་ལེན་མ་བྱས་པ་དང༌། དུས་མིན་པར་ཟ་བ་ལ་སོགས་པའི་ཉེས་པའི་ཆ་བསྟེན་པར་འགྱུར་བའི་ཕྱིར། དེས་ན་དེ་ནི་ཡོ་བྱད་ཀྱི་གོས་བཞིན་དུ་ཁ་མ་བསྒྱུར་བར་བྱའོ། །གཉིས་པ་བསླབ་བྱ་ནི། རབ་ཏུ་བྱུང་བ་སྡེ་པ་ལྔ་པོ་གཞན་གྱི་
གོས་རང་གིས་སྤྱོད་པ་ལ་ཡང་གཟོད་རུང་བར་བྱ་མི་དགོས་པ་ཉིད་ཡིན་ནོ། །ཁྱིམ་པས་གཞན་ལ་བརྐུས་པའི་གོས་རུང་བ་བྱས་ཟིན་པ་ཞིག་དགེ་སློང་གིས་རྙེད་པ་ལ་ཡང་གཟོད་རུང་བ་བྱ་མི་དགོས་སོ། །ཁ་དོག་ཆེན་པོ་ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བའི་གོས་བགོ་བ་བསྟེན་པར་མི་བྱའོ། །བརྒྱད་ནི་སུམ་བརྒྱ་པར། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང༌། །གུར་ཀུམ་དག་དང་ཐིང་ཤིང་ལི་ཁྲི་དང༌། །རྨ་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །ཁ་ཚར་དང་ཕུན་ཚར་མ་བཅད་པའི་ཁྱིམ་པའི་གོས་ཀྱང་བགོ་བ་བསྟེན་པར་མི་བྱའོ། །གཙུག་ལག་ཁང་གི་ནང་དུ་ནི་རྐྱེན་དེ་ལྟ་བུ་ཡོད་ན་སྟེང་དུ་ངུར་སྨྲིག་གིས་གཡོགས་ཏེ་བགོ་བ་བསྟེན་པར་བྱའོ། །ལམ་དུ་གོས་བརྙེས་པ་ནི། གཅིག་གིས་ཐོབ་པ་ཡིན་ཡང་གཞན་དང་ཐུན་མོང་བ་ཡིན་ནོ། །སུ་དང་ཐུན་མོང་བ་ཡིན་ན། གྲོགས་དག་དང་ངོ༌། །གྲོགས་ཇི་ལྟ་བུ་དག་དང་ཞེ་ན། དགེ་སློང་དང་དགེ་ཚུལ་དག་དང་ངོ༌། །གོས་བརྙེས་པ་གཅིག་ཉིད་ཡིན་ན། རྒན་རིམ་ནས་བརྩམས་ཏེ་ཇི་སྲིད་དུ་སླེབ་པའི་སྟེང་དུ་གཡོག་གོ །ཁྱོད་ཁོ་ན་ལ་སྦྱིན་ནོ་ཞེས་དམིགས་ཀྱིས་མ་བསྔོས་པར་སྤྱིར་བརྙན་ན་གོས་དེ་གཞན་ལས་བཤུས་ཏེ་རང་གིས་གྱོན་ནས་བཅག་པར་མི་བྱའོ། །སྦྱིན་བདག་བསོད་ནམས་འདོད་པས། དགེ་སློང་མགྲོན་དུ་བོས་པ་ན་ཁྱིམ་པའི་གོས་ཁ་ཚར་མ་བཅད་པ་མན་ཆད་གསར་པ་ལ་འདིའི་སྟེང་དུ་རྫིར་གསོལ་ཟེར་ན། དགེ་སློང་གིས་འདུས་བྱས་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས། སྟེང་དུ་རྐང་པ་གཉིས་ཀྱིས་བརྫི་བར་བྱའོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ།། །།གཉིས་པ་རྒྱན་ལས་གྱུར་པ་ལ་གཉིས་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གཉིས་ལས། སྤྱི་དོན། ཡངས་པ་ཅན་དུ། དྲུག་སྡེ་ལོངས་པའི་གཞིར་གཏོགས་པ། རྒྱུ་མཚན་ང་རྒྱལ་དང་རྒྱགས་པ་སྐྱེ་བ་དང་མ་དད་པ་སོགས་
སོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་རིན་པོ་ཆེའམ་དེར་སྨོས་པ་རུང་བ། དངོས་པོའི་ཆ་ནས་གཞན་དབང་བ། ཆུད་ཟ་བ་དང༌། སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་དང༌། མི་མིན་གྱི་གནས་སུ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་མིན་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་སྐབས་དང༌། བར་ཆད་ཅན་དང་དོན་ཁྱད་པར་ཅན་བསྒྲུབ་པ་དང་ཆོས་འཆད་པའི་སྐབས་མིན་པའོ། །ཀུན་སློང་རྒོད་བག་གིས་རིག་པར་འདོད་པ། སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པ། མཐའ་རེག་པའོ། །གཞུང་དོན་ལ་བཞི། ཡན་ལག་གི་མཚན་ཉིད། སེལ་བ་ལ་ལྟུང་མེད་བསླབ་བྱ་དང་བཅས་པ། གཞིའི་མཚན་ཉིད་སེལ་བ་དང་བཅས་པ། རྐྱེན་ཁྱད་པར་ཅན་ལ་ཉེས་པ་མེད་པ་བསླབ་བྱ་དང་བཅས་པའོ། །དང་པོ་ནི། གང་བྱས་ན་ལོངས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རིན་པོ་ཆེ་རང་གི་ལ་རེག་ན་སྤང་ལྟུང་དུ་འགྱུར་བས་རིན་པོ་ཆེ་རང་གི་མིན་པ་དང༌། རང་ངམ་གཞན་གྱི་རིན་པོ་ཆེ་དེར་སྨོས་པ་ལ་རང་གིས་རེག་གམ་གཞན་རེག་ཏུ་བཅུག་ན་ལྟུང་བའི་བྱེད་པ་པོ་ཡིན་ནོ། །རིན་པོ་ཆེར་སྨོས་པ་དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང༌། རོལ་མོར་སྤྱད་པའི་ལག་ཆའོ། །དེ་གཉིས་ཇི་ལྟ་བུ་ཞིག་ལྟུང་བ་གང་གི་བྱེད་པ་པོ་ཡིན་ཞེ་ན། གཡུལ་དུ་དགོས་པའི་ཕྱིར་བྱ་བ་བྱེད་པ་རུང་བ་ཉིད་དུ་གྱུར་པའི་མཚོན་ཆ་དང༌། རོལ་མོར་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པའི་ལག་ཆ་ནི་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །རང་རང་གི་བྱ་བ་བྱེད་ནུས་ཀྱི་རུང་བར་མ་གྱུར་པ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གཉིས་པ་ནི། དེ་གཉིས་གནས་གང་ཡང་རུང་བ་ན་འདུག་པ་བྱེད་པ་པོ་ཡིན་ནམ་ཞེ་ན། གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་རིན་པོ་ཆེ་དང་དེར་སྨོས་པ་འདུག་པ་ལ། བདག་གིར་བྱ་བའི་བསམ་པ་དང་མ་འབྲེལ་བར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིེས་རེག་
གམ་རེག་ཏུ་བཅུག་པ་ནི་མ་གཏོགས་སོ། །གཙུག་ལག་ཁང་དང་ཉེ་འཁོར་ན་བདག་པོ་ལས་འཁྱམས་པའི་རིན་པོ་ཆེ་དང་དེར་སྨོས་པ་འདུག་པ་དེ་དགེ་སློང་གིས་ཡལ་བར་མི་དོར་རོ། །ཇི་ལྟར་ཡལ་བར་མི་དོར་ཞེ་ན། དེ་ཞག་འདུན་ནམ་བརྒྱད་ཀྱི་བར་དུ་དུས་དུས་སུ་བལྟ་བ་སོགས་བསྡུ་སྐྱོགས་བྱའོ། །བསོད་སྙོམས་ལ་འགྲོ་བའི་ལམ་ཡོགས་སུ་གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ན། དེ་དག་འཁྱམས་པ་མཐོང་ན་སའམ་ལོ་མའི་ཚོགས་དག་གིས་གཡོག་པར་བྱའོ། །བདག་པོ་རྟགས་ཐམས་ཅད་ལ་མ་བབ་པར་མུན་སྤྲུལ་ཙམ་གྱིས། ཁོ་བོའི་ཡིན་ནོ་ཞེས་ཟེར་བ་ལ་རྫས་དེ་སྦྱིན་པར་མི་བྱའོ། །ཞག་བདུན་ནམ་བརྒྱད་ནས་བདག་པོ་འོངས་པར་མ་གྱུར་ན་དེའི་འོག་ཏུ་རྫས་དེ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ། །ཡུན་ཇི་སྲིད་དུ་བཅང་ཞེ་ན། ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ། །ཟླ་བ་དྲུག་གི་འོག་ཏུ་བདག་པོ་མ་འོངས་ན། རྫས་དེ་སངས་རྒྱས་སམ་དགེ་འདུན་གྱི་རིས་གང་ནས་རྙེད་པ་དེར་སྤྱད་དུ་རུང་ངོ༌། །རྫས་དེ་དཀོན་མཆོག་གསུམ་གྱི་ཡོ་བྱད་དུ་རུང་བ་མིན་ན། རྫས་དེས་དེ་དག་ལ་རུང་བའི་རྫས་བརྟན་པོ་གཞན་ཉོ་བར་བྱའོ། །གལ་ཏེ་རྫས་ཉོས་སམ་མ་ཉོས་པར་སྤྱོད་པ་དེའི་ཚེ་བདག་པོ་འོངས་པར་གྱུར་ན། དཀོན་མཆོག་གསུམ་གྱི་དོན་དུ་རྗེས་སུ་གནང་བ་གསོལ་ཏེ་མི་སྟེར་ན། རྫས་དེ་བདག་པོ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་བདག་པོ་དེས་རྫས་སྤྱད་པའི་བསྐྱེད་དགོས་སོ་ཞེས་སློང་ན། ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱ་ཞིང་བསྐྱེད་སྦྱིན་པར་མི་བྱའོ། །གསུམ་པ་གཞིའི་མཚན་ཉིད་ནི། སྔར་རུང་བ་ཉིད་དུ་གྱུར་པ་ཞེས་སྨོས་པ་དེ་ལ་རུང་བ་གང་ཞེ་ན། ནོར་བུ་དང་བཻཌཱུརྱ་ལ་སོགས་པ་ལ་ནི། ནོར་བུ་མཁན་གྱིས་བརྡར་བ་དང་མིག་ཕུག་པ་ཉིད་རུང་བ་ཉིད་ཡིན་ནོ། །གསེར་དངུལ་ལས་བྱས་པའི་མགུལ་རྒྱན་དང༌། ལག་ངར་ལ་
བསྐོན་པའི་གདུ་བུ་རྒྱན་ཅན་དང༌། དཔུང་རྒྱན་དང༌། མུ་ཏིག་གི་དོ་ཤལ་རིང་དུ་འཕྱང་བ་དང༌། མུ་ཏིག་གི་སེ་མོ་དོ་ནུ་མ་སླེབས་ཙམ་དུ་འཕྱང་བ་གནས་པ་ཡང་རུང་བ་ཡིན་ནོ། །པི་ཝང་དང་འོད་མ་དང་འབའ་ལ་རི་དང་མ་ཧ་ཏི་དང་། སུ་གྷོ་ཥ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ན་རུང་བའོ། །དུང་དང་རྔ་བོ་ཆེ་དང་རྔ་བ་ཏ་ཧ་དང༌། རྫ་རྔ་རྣམས་ནི་སྒྲ་འབྱིན་ན་རུང་བའོ། །གཞུ་ནི་རྒྱུད་དང་བཅས་པ་ཉིད་ན་རུང་བའོ། །རལ་གྲི་དང་རལ་གྲི་ཀྱོག་པོ་དང་རལ་གྲི་སོ་གཅིག་པ་དང༌། མདུང་དང་འཕང་མདུང་དང༌། ལྕགས་ཀྱུ་རྣམས་ནི་དེ་དག་ཉིད་ཡིན་ན་རུང་བའོ། །མདའ་དང་ལྕགས་མདའ་དང་མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ན་རུང་བའོ། །རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་རུང་བ་ཡིན་པས་དེ་ལ་རེག་ན་དངོས་གཞིར་འགྱུར། སྐུ་གདུང་མེད་ན་ཉེས་བྱས་དང༌། རིན་པོ་ཆེ་མིན་པ་ལས་བྱས་པའི་སྐུ་གཟུགས་སྐུ་གདུང་མེད་ན་ལྟུང་བ་མེད། སྐུ་གདུང་དང་བཅས་ན་ཉེས་བྱས་སོ། །ཉན་རང་གི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་སྐུ་གདུང་དང་བཅས་པ་ལ་ཉེས་བྱས་སུ་འགྱུར་རོ། །སྟོན་པའི་སྐུ་གཟུགས་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ་རེག་གམ་རེག་ཏུ་བཅུག་ན་ཉེས་པ་མེད་དོ། །སེལ་བ་ནི། ནོར་བུ་མཆིང་བུ་དང༌། སོག་མའི་འཕྲེང་བ་དང༌། མཆུ་སྦྲང་དང༌། རྫ་རྔ་ཁ་གཅིག་པ་དང༌། གཞུའུ་རས་བལ་རྨེལ་བ་ལ་དགོས་པའི་ལག་ཆ་དང༌། མདའ་ལྟར་བཅས་པ་ཤིང་བུ་ལ་སོགས་པ་ལ་ལྟོང་ཙམ་གཏོད་ཅིང་འོལ་སྤྱི་ཙམ་མདའ་འདྲ་བ་རྣམས་ལ་རེག་གམ་རེག་ཏུ་བཅུག་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །གསེར་གྱི་སྟེགས་བུ་ལ་ནི་དགེ་སློང་འདུག་ཏུ་མི་རུང་སྟེ། འདུག་ན་ཉེས་བྱས་སོ། །བཞི་པ་ནི། ཆོམ་རྐུན་པ་ལ་སོགས་པས་འཇིགས་པར་གྱུར་ན། དགེ་སློང་རང་གི་རྫས་སྦ་བའམ་ཁྱེར་བ་
ལ་མི་གནོད་ན། དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ནས་སམ། ཁྱེར་ཏེ་འགྲོ་བར་བྱའོ། །རང་གི་ལ་གནོད་ན་དང་པོར་རང་གི་ཆོས་ལྡན་གྱི་རྫས་སྦ་བའམ་བསྐུར་བར་བྱའོ། །གང་གིས་སྦས་ནས་སམ་ཁྱེར་ཏེ་འགྲོ་ཞེ་ན། ཁྱིམ་པ་དད་པ་ཅན་ནམ། དགེ་ཚུལ་གྱིས་སོ། །དེ་དག་མེད་ན་དགེ་སློང་རང་གིས་སྦ་བ་སོགས་བྱའོ། །སྦ་བ་དང་འཁྱེར་བ་དེར་རྫས་དེ་ས་འོག་ཏུ་སྦ་བའམ་འགའ་ཞིག་ལ་ཐོགས་པ་ཡིན་ན་དད་པ་ཅན་ནམ། དགེ་ཚུལ་གྱིས་ས་བརྐོ་བར་བྱའོ། །མེད་ན་རང་གིས་སོ། འཇིགས་པ་དང་བྲལ་ན་རྫས་དེ་གནས་དེར་སྦྱིན་ནོ། །རྫས་དེ་ས་འོག་ནས་བྲུ་བ་དང་དབྱུང་བ་ཡང་དེ་དང་འདྲ་བར་དད་པ་ཅན་ནམ་དགེ་ཚུལ་གྱིས་བྲུའོ། །མེད་ན་རང་གིས་སོ། །ལྷ་དང་ཀླུ་ལ་སོགས་པ་མི་མིན་པའི་གནས་ན་འཇིག་རྟེན་ཆགས་པའི་ཚེ་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་གྱིས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་རེག་པ་ནི་ཉེས་པ་མེད་དོ། །དེར་ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལས་བྱས་པ་ལ་ཡང་ཉེས་པ་མེད་དོ། །གནས་དེར་འདུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་མལ་ཆ་དང་སྟན་དག་ལ་ཡང་ཉེས་པ་མེད་དོ། །བསླབ་བྱ་ནི། གླང་པོ་ཆེ་ལ་སོགས་པའི་བཞོན་པས་འགྲོ་བར་བྱའོ། །དགོས་པ་གང་ཡང་རུང་བས་སམ་ཞེ་ན། ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་སོ། །བཞོན་པ་དེ་ལ་གསེར་དང་རྒྱ་དར་ལ་སོགས་པའི་ཆ་སྒེག་དང་ལྡན་པ་ཉིད་ཀྱིས་འགྲོ་བར་མི་བྱའོ། །དགེ་སློང་ཆོས་ལྡན་གྱི་དགོས་པ་དང་བཅས་པས་ཀྱང་རྒས་པ་དང་ན་བ་དག་ལས་གཞན་པས་བཞོན་པས་འགྲོ་བར་མི་བྱའོ། །འདི་ལ་འདུག་སྟེ་ཆོས་བསྒྲག་པར་བྱའོ་སྙམ་དུ་ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །ཁྱིམ་གཞན་དུ་ཁྱིམ་པ་དེས་བཤམས་
པ་ན་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཀས་གཤིབས་པའི་གོས་དེ་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་འདུག་ཀྱང་ཉེས་པ་མེད་དོ། །ཁྲི་དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་དག་ལ་ཡང་མི་རྟག་པས་ཉེན་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །སེང་གེའི་ཁྲི་ལ་རིན་པོ་ཆེས་བརྒྱན་པའི་གོས་བཤམས་པ་དེ་དག་དགེ་སློང་གིས་གྲུབ་པར་བྱའོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་དགེ་སློང་གིས་རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་ཉིད་མེད་དོ། །དེ་གཉིས་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་རིན་པོ་ཆེ་ལས་བྱས་པའི་རྒྱན་ལ་སོགས་པ་ལ་རེག་པ་ལ་ཡང་མི་རུང་བ་མེད་དོ། །མཆོད་པའི་ཕྱིར་ནི་གཉིས་ཡོད་ཀྱང་ཉེས་པ་མེད་དོ། །གཉིས་པ་ལུང་གཞན་ནས་འབྱུང་བ་ལ་གཉིས། རྒྱགས་པ་དང་འབྲེལ་བ་དང༌། རྒོད་བག་དང་འབྲེལ་བའོ། །དང་པོ་ལ་གཉིས། རྒྱན་བསླབ་བྱ་དང་བཅས་པ། ཁ་དོག་དང་དྲི་བསླབ་བྱ་དང་བཅས་པའོ། །དང་པོ་ནི། དགེ་སློང་གིས་རིན་པོ་ཆེ་ལས་བྱས་ཤིང་ཚད་དང་ལྡན་པའི་རྒྱན་གདགས་པ་བསྟེན་པར་མི་བྱའོ། །བསླབ་བྱ་ནི། དགེ་སློང་གིས་རྒྱ་བཅང་བར་བྱའོ། །རྣམ་པ་ཇི་ལྟ་བུ་ཞེ་ན། རྒྱན་གྱི་ཐ་སྙད་གདགས་སུ་མི་རུང་བའོ། །རྒྱུ་གང་ལས་བྱས་པ་ཞེ་ན། རོ་ཉེའམ་ཟངས་སམ་ར་གན་ནམ་འཁར་བའམ་རྒྱ་སྐྱེགས་ཀྱི་ཚིགས་མའམ་ཤིང་ངམ་རྡོའམ་སའམ་བ་སོའམ་རྭ་དག་ལས་བྱས་པའོ། །རྟགས་ཇི་ལྟ་བུ་བྱ་ཞེ་ན། རྟགས་ནི། དགེ་འདུན་གྱི་རྒྱ་ལ་ནི་འཁོར་ཞིང་སྤྱད་པའི་བརྡར་དབུས་སུ་འཁོར་ལོ། གང་ཟག་གིས་རིས་སུ་བཅད་དུ་མི་རུང་བ་མཚོན་པར་ངོས་གཉིས་སུ་རི་དྭགས།
སྦྱིན་བདག་དགའ་བའི་ཕྱིར་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་རྒྱ་ལ་ནི་ཀུན་ཏུ་སྐྱོ་བ་བསྐྱེད་པའི་ཕྱིར་རུས་པའི་ཀེང་རུས་སམ་མགོ་བོའི་ཐོད་པ་བྲི་བར་བྱའོ། །སོ་མང་ཀྱིས་སྐྲ་ཤད་པར་མི་བྱའོ། །སོ་མང་དེ་ནི་དཔེ་ཡིན་པས་གཞན་གྱིས་ཀྱང་སྐྲ་ཤད་པར་མི་བྱའོ། །མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཐ་ན་ཆུ་ཡན་ཆད་ཀྱིས་ཀྱང་བལྟ་བར་མི་བྱའོ། །ཐམས་ཅད་དུ་མི་བལྟའམ་ཞེ་ན། ཆུ་ལ་སྲོག་ཆགས་ཡོད་མེད་བརྟག་པའི་ཆེད་ཉིད་དང་རྨ་དང༌གཉེར་མ་དང་སྐྲ་དཀར་བ་ལྟ་བ་དང་ལུས་ཀྱི་སྔ་ཕྱིའི་མཚན་མ་བཟུང་བའི་ཕྱིར་མེ་ལོང་ལ་བལྟ་བ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་ནི། ས་དཀར་ལྟ་བུའི་དཔྲལ་རིས་གསུམ་བསྟེན་པར་མི་བྱའོ། །གི་ལྦང་གིས་ལུས་ལ་བསྐུ་བ་བསྟེན་པར་མི་བྱའོ། །དྲི་དག་གིས་བསྐུ་བར་མི་བྱའོ། །བསླབ་བྱ་ནི། སྦྱིན་བདག་བསོད་ནམས་འདོད་པས་དགེ་སློང་གིས་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་བསྐུས་པ་བསྟེན་པར་བྱའོ། །སྦྱིན་བདག་དེའི་མདུན་རོལ་ཏུ་དྲི་དེ་དོར་བར་མི་བྱའོ། །དྲི་དེ་དག་གིས་བསྐུས་པས་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ། །དྲི་དག་གིས་བསྐུས་པས་ཁྱིམ་པ་དག་ལ་ཆོས་བསྟན་པར་མི་བྱའོ། །དེས་བསོད་སྙོམས་སོགས་ལ་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །བསྐུ་བའི་ལས་ཟིན་པའི་མཇུག་ཏུ་ཁྲུས་བྱའོ། །དྲི་དེ་དག་འབུལ་ན་བླང་བར་བྱའོ། །མེ་ཏོག་གི་ཕྲེང་བའི་རྒྱུུ་དག་ཀྱང་བླང་བར་བྱའོ། །དྲི་དང་ཕྲེང་བ་རྒྱུ་བླངས་པ་དེ་དག་མཆོད་རྟེན་ལ་དབུལ་བར་བྱའོ། །སུའི་མཆོད་རྟེན་ལ་དབུལ་ཞེ་ན། ཉན་ཐོས་ཀྱི་མཆོད་རྟེན་ལ་ཡང་ངོ༌། །དྲི་དང་འཕྲེང་བ་མཆོད་རྟེན་ལ་འབུལ་བ་སྦྱིན་པར་བྱེད་པ་མངོན་པར་མ་དད་ན། རང་གི་མགོ་ལོགས་ཀྱི་སྔས་སམ་རྐང་པ་ལོགས་ཀྱི་བརྟེན་མར་གཞག་གོ །ཇི་ལྟར་གཞག་ཅེ་ན། སྒོའི་བྱང་ཐད་མིན་པར་གཞག་གོ །གཞི་གང་ལ་གཞག་ཅེ་ན། རྩིག་པའི་ངོས་ལའོ། །རྩིག་པའི་
ངོས་དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་རྒྱུ་དག་བཅང་པར་བྱའོ། །ག་བུར་དང་ཨུཏྤལ་སྔོན་པོ་སོགས་མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ། །བྲམ་ཟེའི་སྲད་བུ་མཆོད་སྦྱིན་གྱི་དག་བྱེད་སེ་རལ་འཕྲེང་ཐོགས་པ་བསྟེན་པར་མི་བྱའོ། །སྔགས་སྐུད་ཀྱང་ཐོགས་པ་བསྟེན་པར་མི་བྱའོ། །ཐམས་ཅད་ཀྱིས་སམ་ཞེ་ན། ནད་པ་ནི་མ་གཏོགས་སོ། །ནད་གསོ་བའི་ཕྱིར་ཚོན་སྣ་ལྔ་པའི་སྔགས་སྐུད་དཔུང་པ་གཡོན་པར་གདགས་པར་བྱའོ། །ནད་གསོས་པར་གྱུར་ན་སྔགས་སྐུད་དེ་གར་བབ་བབ་ཏུ་མི་དོར་རོ། །གལ་ཏེ་ནད་ལྷག་མ་དང་བཅས་པར་གྱུར་ན། ཆོས་གོས་ཀྱི་ཐ་མའམ་སྐ་རགས་ལ་གདགས་སོ། །གལ་ཏེ་ནད་ལྷག་མ་དང་བཅས་པར་མ་གྱུར་ན། སྔགས་སྐུད་དེ་ཀ་བའི་གསེབ་བམ་རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །གཉིས་པ་རྒོད་བག་དང་འབྲེལ་བ་ནི། བྲོ་གར་སྨིན་མ་བསྐྱོད་པ་ཙམ་ཡན་ཆད་དང༌། གླུ་དབྱངས་དང༌། ཕེག་རྡོབ་པ་ལ་སོགས་པའི་རོལ་མོ་ཀུན་ཏུ་སྤྱད་པར་མི་བྱའོ། །གར་ལ་སོགས་པ་བསླབ་པར་མི་བྱའོ། །གར་ལ་སོགས་པ་བསླབས་ཟིན་པ་ལུས་ཀྱིས་བཟླས་པར་མི་བྱའོ། །གར་ལ་སོགས་པ་ལ་བལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་དང་དགེ་སློང་མ་ལྷན་ཅིག་ཀུན་ཏུ་གར་བྱེད་པ་ཚོམ་བུ་ཚོམ་བུར་གར་བྱེད་དུ་མི་གཞུག་གོ །གླུའི་དམིགས་བསལ་ན། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པ་དང༌། རྒྱུད་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །གཞན་གྱི་དུས་སུ་མི་བྱ་སྟེ། གླུ་རྒྱངས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དབྱངས་ཀྱི་ང་རོ་དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ། །གཞན་ལ་མཐོ་འཚམ་པ་ཅོ་འདྲི་བ་དང༌། ཀུན་ཏུ་རྩེ་བ་འཇོ་སྒེག་དང༌། ཀུན་ཏུ་ཅ་ཅོ་སྒྲ་སྐད་ཆེན་པོ་འདོན་པ་དང༌། རྒོད་པ་རྐང་ལག་རྐྱོང་བ་སོགས་དང༌། དྲེགས་པ་ངལ་བར་བྱེད་པ་དང༌། ལུས་ལ་
རྡེག་པ་ཕན་ཚུན་བརྒྱུ་ཞིང་བཞད་གད་བྱེད་པ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བར་མི་བྱའོ། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པ་འདྲེས་པ་ནི་ཕན་ཚུན་ཆར་བསྡོམས་ཏེ་གནས་མལ་བསྐྱབ་པའི་བསམ་པ་ཅུང་ཟད་དང་རྒོད་པའི་བསམ་པ་ཅུང་ཟད་ཀྱིས་རྨ་བྱའི་འགྲོས་ཀྱིས་འདུག་པ་ན་གནས་མལ་བསྐྱབ་པའི་བསམ་པ་ལ་ནི་ཉེས་པ་མེད་ལ་ཅིག་ཤོས་ལ་ནི་ཉེས་བྱས། གནས་མལ་བསྐྱབ་པའི་བསམ་པ་རིགས་མི་མཐུན་གྱིས་བར་དུ་ཆོད་པའི་རྒོད་པའི་བསམ་པ་སྔ་ཕྱི་ཐ་དད་པ་དེ་དག་ལྟུང་བ་ཐ་དད་ཀྱི་བྱེད་པ་པོ་ཡིན་ནམ་ལྟུང་བ་གཅིག་གི་བྱེད་པ་པོ་ཡིན་ཞེ་ན། ཉོན་མོངས་ཅན་གྱི་ཆ་རྣམས་ལྷན་ཅིག་ཏུ་བསྡོམས་ལ་ཉོན་མོངས་ཅན་མིན་པའི་ཆ་རྣམས་ཀྱང་ལྷན་ཅིག་ཏུ་བསྡོམ་པར་བྱའོ། །དེས་ན་རྒོད་པས་ཀུན་ནས་བསླང་བའི་སེམས་ཐམས་ཅད་ཀྱི་འཇུག་པ་གཅིག་ཡིན་པས་ལྟུང་བ་གཅིག་གི་བྱེད་པ་པོ་ཡིན་ནོ། །ཆང་འཐུང་བ་བཞིན་སྣོད་གཅིག་ཏུ་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱ་སྟེ། ལག་བཟོའི་ཐ་སྙད་སྤང་བའི་ཕྱིར་རོ། །མེ་ཏོག་རྣ་རྒྱན་ལུས་ལ་གདགས་པར་མི་བྱའོ། །གར་མཁན་སོགས་ལ་བལྟས་ནས་དེ་དག་ལ་མགུ་བའི་བྱ་དགའ་སྟེར་བ་སོགས་ངོ་སོ་ལས་བྱུང་བ་སྦྱིན་པར་མི་བྱའོ། །མི་རིངས་ཕར་བརྒྱུག་པར་མི་བྱའོ། །དྲག་ཏུ་མྱུར་བར་འགྲོ་བ་དང༌། མཆོང་ཞིང་འགྲོ་བར་མི་བྱའོ། །བརླ་ཡ་གཅིག་ས་ལ་བཙུགས་ཏེ་ལུས་བསྐོར་བ་དང༌། ལག་པ་ཕྱར་ཏེ་ལུས་བསྐོར་བ་དང༌། ཉ་ལྟར་ཕྱི་གན་དུ་བརྒལ་ཞིང་བསྐོར་བ་སྟེེ་དེ་ལྟར་བསྐོར་བར་མི་བྱའོ། །ཆུའི་ནང་ན་འཕྱོ་བའི་གསེག་མ་དག་ཆུར་གདབ་པར་མི་བྱའོ། །ཆུར་རྫ་རྔ་ཁ་གཅིག་པ་དང༌། རྔ་བོ་ཆེ་ལྟར་བརྡུང་བར་མི་བྱའོ། །འདམ་རྫབ་འདྲེད་པ་ལ་བྱིལ་མོ་ཉུག་པར་མི་བྱའོ། །གླང་པོ་ཆེའི་སྐད་དང་རྟའི་སྐད་དང་ཁྱུ་
མཆོག་གི་སྐད་དང་རྨ་བྱའི་སྐད་དང༌། ཁུ་བྱུག་གི་སྐད་འདྲ་བའི་སྐད་མི་དབྱུང་ངོ༌། །ཁས་དུང་དང་སིལ་ཀྲོལ་དང༌། རྔ་བོ་ཆེའི་སྐད་མི་བྱའོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ།། །།འདུལ་བའི་མདོ་བམ་པོ་ལྔ་པ་འདི་ནས་འཆད་དོ། །གསུམ་པ་འཕྲལ་གྱི་བྱ་བའི་གཞི་ལས་གྱུར་པ་ལ་གཉིས་ལས། སྤྱི་དོན། རྒྱལ་པོའི་ཁབ་ཏུ། དྲུག་སྡེ། མཐོ་འཚམ་པའོ། །རྒྱུ་མཚན་བྱ་བ་མང་བ་དང་དགེ་བའི་བར་ཆད་དུ་འགྱུར་བ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། དུས་ཟླ་བ་ཕྱེད་དང་གསུམ་དང༌། ཟླ་བ་ཕྱེད་ཅིང་གནང་བའི་དུས་མིན་པ་དང༌། བདག་ཉིད་ནད་པ་ལས་བྱས་དྲི་རླུང་ཆར་སོགས། ཁ་སྐྲ་འཁར་ལན་སྒོག་པ་རོ་རེག་ཕྱག་དར་བྱས་མིན་ལུས་དངོས་ཡིན་པའོ། །དངོས་པོ་ཆུ་ཡིན་པ། གནས་ཨསྨ་པ་རན་ཏའམ་དེ་དང་འདྲ་བ་མིན་པའོ། །ཀུན་སློང་ཁྲུས་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐའ་ལུས་ཕྱེད་ཙམ་དུ་སོན་པའོ། །གཞུང་དོན་ལ་གསུམ། རྣམ་གཞག །ལྟུང་མེད། སླ་ཐབས་པའི་ཉེས་པ་བསྟན་པའོ། །དང་པོ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། འོག་ནས་གཞན་གྱི་དུས་སུ་ཁྲུས་བྱེད་ནའོ་ཞེས་བཤད་ན། གང་ལས་གཞན་ཡིན་ཞེ་ན། དབྱར་ཟླ་ར་བ་དང་འབྲིང་པོ་ནི་སོས་ཀ་རྣམས་ཀྱི་དུས་ཡིན་ལ། དེའི་ཟླ་བ་ཕྱེད་དབྱར་ཟླ་ར་བ་མར་གྱི་ངོ་འདས་པའི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་རྣམས་ཀྱི་དང་པོ་དབྱར་ཟླ་ཐ་ཆུང་ནི་ཁྲུས་ཀྱི་དུས་ཡིན་ལ། དེ་ལས་གཞན་པའི་དུས་སུ་དུས་མིན་པར་ཁྲུས་བྱེད་ན་ལྟུང་བར་འགྱུར་རོ། །དགེ་སློང་ཐམས་ཅད་ལ་ལྟུང་བར་འགྱུར་རམ་ཞེ་ན། གོས་མེད་པའི་ཟས་གཉིས་པ་རྙེད་པའི་རྣམ་པ་གང་ཡིན་པ་དང་འདྲ་བར་ན་བ་མིན་པ་ལས་མ་བྱས་པ་ལམ་དུ་ཞུགས་པ་མིན་པ་ལ་ལྟུང་བར་འགྱུར་རོ། །གནས་སྐབས་ཐམས་ཅད་དུ་འགྱུར་རམ་ཞེ་ན། རླུང་གིས་
མ་བསྐྱོད་པ་ལ་འགྱུར། རླུང་གིས་བསྐྱོད་པའི་ཚད་གང་ཞེ་ན། གོས་ཀྱི་གྲྭ་རླུང་གིས་བསྐུལ་བ་ནི། རླུང་གིས་བསྐྱོད་པ་དེའི་མཐའ་ཡིན་ནོ། །དེར་མ་ཟད་ཆར་གྱིས་མ་ཕོག་པ་ལའོ། །དེའི་ཚད་ནི་ཐིགས་པ་གཉིས་ཀྱིས་ཕོག་པའོ། །གང་ལ་ཕོག་པ་ཞེ་ན། ལུས་ལ་ཡིན་གྱི་གོས་ལ་མིན་ནོ། །ཟླ་བ་ཕྱེད་དང་གསུམ་ལས་གཞན་གྱི་དུས་སུ་གང་གི་ཉི་མ་ལ་ཁྲུས་བྱས་པའི་ཉི་མ་དེ་ལའང་ཁྲུས་གཉིས་པ་མི་བྱ་བ་ཡིན་པས་དེ་མ་གཏོགས་པའི་ཉི་མ་བཅུ་བཞི་ནི་ཁྲུས་ཀྱི་ཉིན་མོ་མིན་པ་ཡང་ཡིན་ལ་ཞག་བཅོ་ལྔའི་མདུན་རོལ་ཡིན་པ་དེར་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དེས་ན་དེ་ཉིད་གཏོགས་པའི་ཉི་མ་བཅོ་ལྔར་ཁྲུས་མི་བྱའོ། །ཁྲུས་ཇི་ལྟ་བུ་ཞེ་ན། ལུས་ཀྱི་སྟེང་ནས་ཆུ་ལྡུགས་པའི་དབང་བསྐུར་བས་སམ། ཆུའི་ནང་དུ་འཇུག་པས་བཀྲུ་བའོ། །ནམ་གྱི་ཚེ་ལྟུང་བར་འགྱུར་ཞེ་ན། སྟེང་ནས་བླུག་པ་དང༌། ནང་དུ་ཞུགས་པའི་ཆུས་ལྟེ་བར་སོན་པ་ན་ལྟུང་བྱེད་དུ་འགྱུར་རོ། །ཆུ་ལ་རེག་པའི་མདུན་རོལ་ཏུ་རྩོམ་པ་བྱས་པ་ནི་སྦྱོར་བའི་ཉེས་བྱས་སོ། །གཉིས་པ་སེལ་བ་ནི། ཆུ་མིན་པ་འབྲུ་མར་དང་འོ་མ་ལ་སོགས་པས་ཁྲུས་བྱེད་ན་ཡང་ཉེས་བྱས་སོ། །ཁྲུས་འབའ་ཞིག་ཏུ་མ་ཟད་བསླབ་པའི་གཞི་ཐམས་ཅད་ལ་དགེ་འདུན་གྱི་ཕྱིར་མེ་ལ་རེག་པ་ལྟ་བུའི་གནང་བའི་དུས་དག་ཡོད་ཀྱང་མངོན་སུམ་དུ་དྲན་པར་མ་བྱས་ཤིང་བྱིན་གྱིས་མ་བརླབས་ན་ཉེས་བྱས་སོ། །གཉིས་པ་ལྟུང་མེད་ནི། ཁྲུས་ལས་དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མིན་ནོ། །དེའི་ཕྱིར་ཁྲུས་བྱ་བར་མ་བསམས་པར་བརྒལ་བ་དང་བརྒྱལ་བ་ལ་ཆུས་གདབ་པ་དག་ལ་ནི་ལྟུང་བ་མེད་དོ། །ཨསྨ་པ་རན་ཏ་རྡོ་ཅན་ཞེས་བྱ་བའི་ཡུལ་དག་ནི་ཁྲུས་བྱ་བའི་ངེས་པ་འདི་མེད་པར་ཤེས་པར་བྱ་སྟེ། དེར་རྟག་ཏུ་ཁྲུས་བྱ་བར་གནང་བའི་ཕྱིར་རོ། །དེའི་ཕྱིར་དེར་ནི་བློ་གྲོས་དེ་ཉེ་བར་བཞག་སྟེ་དུས་མིན་པ་
ཡང་ཁྲུས་བྱའོ། །གསུམ་པ་ནི། ཆོ་ག་བཙན་པོ་བཅོམ་ལྡན་འདས་ཀྱིས་བཀས་བཅད་པ་དམ་པོ་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག །དེ་ལས་འདུམས་པར་བྱས་ན་ལྟུང་བྱེད་དོ་ཞེས་པ་ལྟ་བུ་ཡོད་ན་བསླབ་པ་གློད་ཅིང་བག་ཡངས་སུ་བྱ་བ་ན་བ་དུས་སོ་ཞེས་སོགས་ལ་བརྟེན་པར་མི་བྱའོ། །དེ་ཡང་སྤྱིར་བསྟན་བྱར་ཡོད་བཞིན་དུ་དམིགས་བསལ་ལ་མི་བརྟེན་ཞེས་པ་ཡིན་ཏེ། དགེ་སློང་བཅུ་བསག་ཏུ་ཡོད་བཞིན་དུ་མཐའ་འཁོབ་ཏུ་ལྔ་ཚོགས་ལ་བརྟེན་པར་མི་བྱ་བ་ལྟ་བུའོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ།། །།བཅུ་པ་བདུན་པ་ལ་བཞི། གནོད་པས་ཀུན་ནས་བསླང་བ། འདོད་པས་དང༌། གནོད་པས་ཀུན་ནས་བསླང་བ་གཞན་བསྟན་པ། འདོད་པས་སོ། །དང་པོ་ལ་གསུམ། གཞན་གྱི་སྲོག་ལ་དང༌། ཡིད་བདེ་བ་ལ་དང༌། ལུས་ལ་གནོད་པའོ། །དང་པོའི་སྤྱི་དོན་ལ། མཉན་ཡོད་དུ་འཆར་ཀས། ངན་སེམས། དུད་འགྲོ་གསོད་པའོ། །ཀུན་སློང་གསོད་པར་འདོད་པ། ཡན་ལག་གཞན་འདེབས་སྤྱོད་གཉིས་བཞིན་ནོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ན་ལྟུང་བྱེད་དུ་འགྱུར་རོ། །བསྣུན་པའི་དུས་དེ་ཉིད་ན་ལྟུང་བྱེད་འབྱུང་ངམ་ཞེ་ན། གསོད་སེམས་ཀྱིས་བསྣུན་པའི་གཞི་དེས་བསྣུན་པའི་དུས་དེའི་ཚེ་གསད་བྱ་ཤི་འམ། དུས་གཞན་གྱི་ཚེ་ཤི་ན་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་གཅིག་གིས་བྱས་ན་ཡང་གསད་བྱ་ཇི་སྙེད་པ་རེ་རེའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་བསླབ་བྱ་ནི། སེམས་ཅན་གྱི་གཟུགས་རི་མོར་བྲིས་པ་སེམས་ཅན་དུ་བགྲང་བ་མིན་པ་ལ་བསྣུན་པ་སོགས་ཉེས་བྱས་སོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ།། །།གཉིས་པ་གཞན་གྱི་ཡིད་བདེ་བ་ལ་གནོད་པའི་སྤྱི་དོན། གཉིས་འདྲ། ཉོན་མོངས་པ་ཕྲག་དོག །ཉེས་པ་དགེ་སློང་
ལ་འགྱོད་པ་བསྐྱེད་པ། རྒྱུ་མཚན་གཞན་གྱི་དགེ་བའི་བར་ཆད་འགྱུར་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དགེ་སློང་མིན་པའི་དོན་ཡིན་པ། ཀུན་སློང་འགྱོད་པ་བསྐྱེད་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐའ་དོན་གོ་བའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཁྱོད་བསྙེན་པར་རྫོགས་པ་མིན་ཞིང་ཕམ་པར་གྱུར་པ་བྱུང་ངོ་བསླབ་པ་ཕུལ་ལོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མིན་པའི་དོན་གོ་བར་བྱེད་པའི་ཚིག་གིས་འགྱོད་པ་བསྐྱེད་ན་ལྟུང་བྱེད་དུ་འགྱུར་རོ། །སུ་ལ་ཞེ་ན། དགེ་སློང་ལའོ། །བསམ་པ་ཇི་ལྟ་བུས་ཤེ་ན། ཕ་རོལ་པོ་བདེ་བ་ལ་མི་རེག་པ་ཡིད་མི་བདེ་སྐྱེད་པར་བྱེད་པའི་སེམས་ཀྱིས་སོ། བཞད་གད་ཀྱི་བསམ་པས་ཀྱང་འགྱོད་པ་སྐྱེས་ན་ལྟུང་བྱེད་དུ་འགྱུར་རོ། །ཕ་རོལ་པོ་འགྱོད་པ་མ་སྐྱེས་ན་ཡང་ལྟུང་བྱེད་དུ་འགྱུར། དགེ་སློང་མིན་པའི་དོན་ལས་གཞན་དགེ་འདུན་ལྷག་མ་སོགས་ཀྱི་འགྱོད་པ་སྐྱེས་ན་ཉེས་བྱས་སོ། །ཊཱིཀྐར། ལྟུང་བ་རྣམ་པར་བཞག་པ་ན་བསམ་པའི་དབང་གིས་ཏེ། གལ་ཏེ་མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་བྱེད་ན་ནི་དེར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །བདེ་བ་ལ་རེག་པར་མི་གནས་པའི་བསམ་པས་གོ་བར་བྱེད་ན་ནི་འགྱོད་པ་བསྐྱེད་པ་འདིར་གཏོགས་པའི་ཁོ་ན་མ་ཐོ་བར་འགྱུར་རོ། །སྐུར་པ་གདབ་པའི་བསམ་པས་གོ་བར་བྱེད་ན་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཐམས་ཅད་ཀྱི་བསམ་པ་ཉིད་ཀྱིས་ན་ནི་ཐམས་ཅད་དུ་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །མིའི་སྐྱོན་ནས་སྨྲ་བ་དང༌། འགྱོད་པ་བསྐྱེད་པ་དང༌། དགེ་འདུན་ལྷག་མ་ཞེས་བྱ་བ་དག་ནི་རྣམ་པར་རིག་བྱེད་གཅིག་གིས་ཏེ། སྡོམ་པ་ཡང་དག་པར་བླང་བ་ནོད་པ་དང་འདྲའོ་ཞེས་
སོ། །འགྱོད་པ་བསྐྱེད་པའི་ལྟུང་བྱེད་དོ།། །།གསུམ་པ་གཞན་གྱི་ལུས་ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ། བཅུ་བདུན་སྡེ། བག་མེད་པ། རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང༌། ཅ་ཅོའི་སྒྲ་འབྱུང་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་དྲུག་ལྡན་ལུས་མ་ཉམས་པ། རེག་བྱེད་བདག་ཉིད་ཀྱི་ལུས་མ་ཉམས་པ། ཀུན་སློང་སྐྱི་གཡའ་བར་བྱ་བའི་བསམ་པས་ག་ག་ཚིལ་བྱེད་འདོད་པ། སྦྱོར་བ་རྩོམ་པ་མཐའ་རེག་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་ལ་སོར་མོའམ་ཁུ་ཚུར་རམ། གྲུ་མོའམ། ཕྲག་པའམ། མགོའམ། གློ་འམ། རྒྱབ་བམ། རྐེད་པའམ། བརླའམ། པུས་མོའམ། བྱིན་པའམ། རྐང་པའི་མཐེ་བོ་ལ་སོགས་པ་དག་གིས་ལུས་ལ་རེག་ན་ལྟུང་བྱེད་དུ་འགྱུར་རོ། །ལུས་མིན་པས་ལུས་མིན་པ་ལ་རེག་པ་དང༌། སྐྲ་དང་སེན་མོ་དང་སོ་དག་གིས་རེག་པ་ལ་ནི་ཉེས་བྱས་སོ། །བསམ་པ་ཇི་ལྟ་བུས་ཤེ་ན། ཕ་རོལ་པོ་སྐྱི་གཡའ་བ་བག་འཁུམས་པར་བྱེད་པའི་སེམས་ཀྱིས་རེག་ནའོ། །སྐྱི་གཡའ་བར་བྱེད་པའི་སེམས་ཀྱིས་རེག་པ་ལ་ལྟུང་བར་འགྱུར་བ་དེའི་ཕྱིར། རྨ་དང་སྦྲང་བུ་དང་འབྲུམ་བུ་དང་རྨེ་པ་དང༌། སྤུའི་ཚུམས་བསྟན་པའི་ཕྱིར་རེག་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་ཀུན་སློང་གི་སེལ་བ་ལ། ལྟུང་བ་གཅིག་ཏུ་བསྟན་པ་ནི། རེག་བྱེད་སོར་མོ་ལ་སོགས་པ་གཅིག་གམ་དུ་མ་ཉིད་ལ་ལྟུང་བ་གཅིག་ཁོ་ནར་འགྱུར་གྱི་རེག་བྱེད་རེ་རེ་ལ་ལྟུང་བ་ཐ་དད་དུ་འགྱུར་བ་མེད་དོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་འདོད་པས་ཀུན་ནས་བསླང་བ་ལ་གཉིས། ཕྱི་རོལ་ལ་འདོད་པས་དང༌། ནང་སེམས་ཅན་ལའོ། །དང་པོའི་སྤྱི་དོན་ལ། གླེང་གཞི། མཉན་ཡོད་དུ་
བཅུ་བདུན་སྡེ་མ་དུལ་བ། རྒྱུ་མཚན་སྲོག་དང་དགེ་བའི་བར་ཆད་དུ་གྱུར་པ་དང་མ་དད་པ། ཡན་ལག་ལ་བཞི་ལས། གཞི་ལ། ཆུ་ཡིན་པ་ལུས་ཕྱེད་ཙམ་ནུབ་པའི་ཚད་དུ་ལོངས་པའོ། །ཀུན་སློང་རྒོད་པས་དགའ་བ་ཉམས་སུ་མྱོང་བར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩེ་བར་རྩོམ་པ། མཐའ་རྩེས་པའོ། །གཞུང་དོན་ལ་བཞི། ཡན་ལག་གི་མཚན་ཉིད། སེལ་བ། སྦྱོར་བ་དང་ཀུན་སློང་གི་མཚན་ཉིད། ཀུན་སློང་གི་སེལ་བ་ལ་ལྟུང་བ་མེད་པའོ། །གང་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ། །རྩེ་བ་ཇི་ལྟ་བུ་བསྒྲུབ་ན་ཞེ་ན། རྩེ་བའི་བསམ་པས་ཆུའི་ནང་དུ་ལྟེ་བ་མན་ཆད་ཞུགས་ཤིང་ཆུའི་འོག་ཏུ་ནུབ་པའི་བྱི་ཟུལ་བྱེད་པ་དང༌། འོག་ནས་སྟེང་དུ་འབྱུང་བ་དང༌། ཆུའི་ངོགས་གཞན་ནས་གཞན་དུ་བརྒལ་བ་དང༌། ཆུའི་རྒྱུན་ཕྱོགས་སུ་རྩོལ་བ་དང༌། རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང༌། ཆུ་ལ་རྔ་བོ་ཆེ་དང་རྗ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང༌། གསེག་མ་འཁྲབ་པ་དང༌། འཕེན་པ་དང༌། ཁོར་ཡུག་དང༌། རྡོ་རྗེ་དང༌། ཁྲོན་པ་དང༌། དབའ་ཀློང་དང་ཆུ་སྲུབས་འདྲེན་པ་དག་བྱེད་ན་དངོས་གཞིའོ། །གཉིས་པ་ནི། ཆུ་ལ་བེམ་ཐོལ་སོར་མོས་བརྡེག་ན་ཉེས་བྱས་སོ། །མ་ཞུགས་པར་དུ་མ་པ་དང་ཕྲུ་བ་དང༌། རིལ་བ་དང་ཁམ་ཕོར་དང༌། བུ་རམ་བཙིར་བའི་ཁུ་བ་འཛག་པ་དང༌། སྲན་ཚོད་དང༌། འུ་ཤ་འབྲས་བཙོས་པའི་ཁུ་བ་དང༌། ཐང་ཚ་བ་ཉིད་ཡོད་པ་ལ་ཡང་རྩེ་ན་ཉེས་བྱས་སོ། །ཆུ་མིན་པ་བོང་བ་སོགས་ལ་རྩེ་བ་ཡང་ཉེས་བྱས་སོ། །གསུམ་པ་ནི། ཆུ་མིན་པ་དེ་ལྟ་བུ་ལ་གཞན་རྩེ་བར་བྱེད་དུ་བཅུག་པ་ནི། རང་གིས་བྱས་པ་དེ་དང་འདྲ་བར་ལྟུང་བྱེད་དང༌། ཉེས་བྱས་ཅི་རིགས་སུ་འགྱུར་རོ། །བསམ་པ་གང་ཡང་རུང་བས་བྱེད་དམ། བྱེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། བསམ་པ་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱེད་པའི་འདུན་པས་སོ། །བཞི་
པ་ནི། རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བ་འདིར་འགྱུར་བ་དེའི་ཕྱིར་སིམ་པར་འདོད་པས་བརྒལ་བ་དང༌། ནུབ་པ་ལ་སོགས་པ་བྱས་སམ་བྱེད་དུ་འཇུག་པ་ལ་ལྟུང་བ་མེད་དོ། །རྐྱལ་སློབ་བའི་བསམ་པས། ཐད་ཀའམ་ལྟག་འོག་ཏུ་རྩོལ་བ་ལ་ཡང་ལྟུང་བ་མེད་དོ། །གྲང་པར་འདོད་པས་འུ་ཤ་ལ་སོགས་པ་ཚ་བ་དག་ལ་དཀྲུགས་པ་ལ་སོགས་པས་རི་མོ་འདོད་པ་ལ་ཡང་ལྟུང་བ་མེད་དོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ།། །།གཉིས་པའི་སྤྱི་དོན། མཉན་ཡོད་དུ་འཕགས་པ་མ་འགགས་པ་བག་ཆགས་མ་བྱང་བས་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། གནས་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་གཅིག་པའོ། །ཡུལ་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ། ཐ་སྙད་དང་ལྡན་པ། ལུས་བསྟེན་དུ་རུང་བ། རྫུ་འཕྲུལ་ཐོབ་པ་ཉེ་དུ་ཕན་འདོགས་པ་བསྲུང་མ་དང་ལྡན་པ་བཞི་མིན་པ་ཉལ་ཞིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་པའོ། །དུས་མཚན་མོ་ཡིན་པ་བདག་ཉིད་གྲོགས་དང་མི་ལྡན་པ་དང་ཉལ་ཞིང་གཉིད་ལོག་པའོ། །ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་མཚན་མོ་འདས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་བུད་མེད་དང་ལྷན་ཅིག་འདོམ་དགུའི་ནང་ཚུན་ཆད་ཀྱི་གནས་གཅིག་ཏུ་གཉིད་ལོག་ན་ལྟུང་བྱེད་དུ་འགྱུར་རོ། །གང་གི་ཚེ་གཉིད་ལོག་ན་འགྱུར་ཞེ་ན། མཚན་མོའོ། །མཚན་མོའི་དུས་ཐམས་ཅད་ལ་འགྱུར་རམ་ཞེ་ན། མཚན་མོའི་མཐར་རོ། །གཉིས་པ་སེལ་བ་ནི། མཚན་མོའི་མཐའི་མདུན་རོལ་ཏུ་ནི་ཉེས་བྱས་སོ། །འདིར་མིའི་བུད་མེད་མཐུ་མེད་པ་དང༌། མ་
ནིང་ཕོ་མོ་དང༌། མི་མིན་པ་སྤྲུལ་པ་དང༌། དུད་འགྲོ་མཐུ་མེད་པ་ལ་ཡང་ཉེས་བྱས་ཡིན་ནོ། །དེ་དག་བོང་ཚོད་ཇི་ཙམ་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ཞེ་ན། བྱ་གག་གི་ཚད་ཙམ་ནི་ཉེས་བྱས་དེ་བྱེད་པ་ཉིད་ཀྱི་མཐའ་ཡིན་པས་དེ་དང་ལྷན་ཅིག་ཉལ་ན་མཚན་མོའི་མཐར་ཉེས་བྱས་དང་དེའི་མདུན་རོལ་ཏུ་ཉེས་བྱས་ཕྲ་མོའོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །།གསུམ་པ་གནོད་པས་ཀུན་ནས་བསླང་བ་གཞན་བསྟན་པ་ལ་གསུམ། གཞན་གྱི་ཡིད་བདེ་བ་ལ་དང༌། ལོངས་སྤྱོད་ལ་དང༌། ཚུལ་ཁྲིམས་ལ་གནོད་པའོ། །དང་པོའི་སྤྱི་དོན། མཉན་ཡོད་དུ། འཆར་ཀ །ཕྲག་དོག །རྒྱུ་མཚན་ཡུལ་དེ་ལ་གནོད་པ། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ། ཀུན་སློང་སྐྱོ་བ་བསྐྱེད་པའི་དོན་མ་གཏོགས་པར་དངངས་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པའི་ངག་དྲུག་ལྡན། མཐའ་དོན་གོ་བའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། ཀུན་སློང་གི་སེལ་བའོ། །དང་པོ་ནི། གང་བྱས་ན་དངངས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བཞད་གད་བྱ་བར་བསམས་པའམ། ཁྲོ་བ་སྔོན་དུ་བཏང་ཡང་རུང་སྟེ། དངངས་པ་འཇིགས་པ་བསྐྱེད་པར་འདོད་པས་འཇིགས་པའི་རྒྱུ་གཟུགས་སྒྲ་སོགས་ཡིད་དུ་མི་འོང་བ། ཉེ་བར་བསྒྲུབས་པ་སྔོན་དུ་བཏང་བ་ལྷའམ། ཀླུའམ་གནོད་སྦྱིན་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་ཅེས་དགེ་སློང་ཕ་རོལ་ལ་རང་ངམ་གཞན་ལ་བཅོལ་བས་ཀྱང་གོ་བར་བྱེད་ན་ཕ་རོལ་པོ་འཇིགས་པ་སྐྱེས་སམ་མ་སྐྱེས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །འཇིགས་པའི་རྒྱུ་ཇི་འདྲ་ཞིག་གོ་བར་བྱེད་ན་ལྟུང་བ་ཅིར་འགྱུར་ཞེ་ན། ཡིད་དུ་མི་འོང་བ་གོ་བར་བྱེད་པ་ལ་ནི་དངོས་གཞིའོ། །ཡིད་དུ་མི་འོང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དཔེར་ན་ཡི་དྭགས་དང༌། ཤ་ཟ་དང༌། གྲུལ་བུམ་དང༌། ལུས་སྲུལ་པོ་གཟུགས་ལྭ་བ་
ནག་པོ་ལྟ་བུ་དང༌། སོལ་བ་དང༌། ཀ་བ་འཚིག་པ་ལྟ་བུ་དང༌། སེང་གེ་དང་སྟག་དང་གུང་དང༌། མཚའ་དང་གཟིག་དང་ལྦའི་སྐད་ལྟ་བུ། བཤང་བའི་དྲི་ལྟ་བུ་དང༌། གཅི་བ་དང་ར་དང༌། དེའི་ཟེ་བའི་དྲི་ལྟ་བུ། སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་དག་ཉིད་གནས་འདི་ན་ཡོད་དོ་ཞེས་སྒྲོགས་པའོ། །སེལ་བ་ནི། ཡིད་དུ་འོང་བ་སྒྲོགས་པ་ལ་ནི་ཉེས་བྱས་སོ། །ཡིད་དུ་འོང་བ་འདི་ལྟ་སྟེ། དཔེར་ན། གཟུགས་ཡིད་དུ་འོང་བ། ལྷ་དང་ཀླུ་དང་དྲི་ཟ་དང༌། གནོད་སྦྱིན་དང་མིའམ་ཅི་དང་ལྟོ་ཕྱེ་ཆེན་པོ་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ། སྒྲ་ཡིད་དུ་འོང་བ་པི་ཝང་ལ་སོགས་པའི་སྒྲ་ལྟ་བུ། དྲི་ཡིད་དུ་འོང་བ་ཨ་ཀ་རུ་དང་ཙནྡ་དང་གུར་ཀུམ་དང་ཏམ་ལའི་ལོ་མའི་དྲི་ལྟ་བུ། རེག་བྱ་ཡིད་དུ་འོང་བ། དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་དུ་གུ་ལའི་རས་དང་གོ་ཏམ་མའི་རས་ཀྱི་རེག་པ་ལྟ་བུ་ཉིད་སྒྲོགས་ཤིང་གོ་བར་བྱེད་ན་ཉེས་བྱས་སོ། །མི་ཆོས་བླ་མ་དང་ནི་ཀུན་སློང་ལ་ཁྱད་ཡོད་དོ། །སེམས་སྐྱོ་བར་བྱ་བའི་ཆེད་དུ་དེ་ལྟ་བུ་གོ་བར་བྱེད་པ་ནི་མ་གཏོགས་ཏེ་ཉེས་པ་མེད་དོ། །སྐྱོ་བར་བྱ་བསམ་པས་སྒྲོག་པ་ལ་ཉེས་པ་མེད་པ་དེའི་ཕྱིར་གདུལ་བྱ་སྐྱོ་བར་བྱ་བའི་ཆེད་དུ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང་ཡི་དྭགས་ཀྱི་གཏམ་ལ་སོགས་པ་བརྗོད་པ་ལ་ནི་ལྟུང་བ་མེད་དོ། །དངངས་པར་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་གཞན་གྱི་ལོངས་སྤྱོད་ལ་གནོད་པ་ལ་གཉིས་ལས། སྦེད་པའི་སྤྱི་དོན་མཉན་ཡོད་དུ། ཉེར་དགའ་མཐོ་འཚམ་པའོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང་མ་བྱིན་ལེན་གྱི་རྒྱུར་འགྲོ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་རབ་བྱུང་སྡེ་ལྔ། ལྟ་བ་མཐུན་པ། ཐ་སྙད་གསུམ་ལྡན་རྒྱུད་ཐ་དད་པ། དངོས་པོ་དགེ་སྦྱོང་གི་ཡོ་
བྱད་རུང་ཚད་ལྡན་དེ་ཉིད་དབང་བའོ། །ཀུན་སློང་བརྐུ་སེམས་དང་ཕན་འདོད་མ་གཏོགས་པ་སྦེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐའ་སྦས་པ་རྫོགས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རབ་ཏུ་བྱུང་བ་འདི་བ་སྡེ་ལྔ་པོ་དག་དབང་བའི་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་རུང་བ་ཚད་ལྡན་རང་གིས་སྦེད་དམ་གཞན་སྦེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་རོ། །ཞུ་བར། དགེ་སློང་མ་ལ་སོགས་པ་བཞིའི་སྦེད་པ་ལ་ཉེས་བྱས་སུ་གསུངས་སོ། །གཉིས་པ་ལྟུང་མེད་ནི། ཕ་རོལ་པོ་ལ་ཕན་པར་འདོད་པས། སྦེད་དམ་སྦེད་དུ་བཅུག་པ་ནི་མ་གཏོགས་སོ། །སྦེད་པའི་ལྟུང་བྱེད་དོ།། །།གཉིས་པ་གདེངས་མེད་པའི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ། ཐུགས་ཐུབ་བོ། །རྒྱུ་མཚན་འདྲ། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་དྲུག་ལྡན། གཞི་དེས་མི་དགའ་བའོ། །དངོས་པོ་གོས་རུང་བ་ཚད་ལྡན་རང་གིས་ཕྱིར་བླང་བ་མེད་པར་བྱིན་པ་ཀུན་སློང་བརྐུ་སེམས་དང་ཡིད་གཅུགས་ལས་གཞན་རང་གིས་བྱིན་པའི་བསམ་པས་སྤྱོད་འདོད་པ། སྦྱོར་བ་རྩོམ་པ། མཐའ་ལོངས་སྤྱད་པའོ། །གཞུང་དོན་ནི། དགེ་སློང་ལ་གོས་བསླང་བ་མེད་པར་བྱིན་པ། དགེ་སློང་དེས་གནང་བའི་གདེངས་མེད་པར་རང་གི་བློོས་སྤྱོད་ན་ལྟུང་བྱེད་དུ་འགྱུར་རོ། །གཞན་གྱི་བློས་ནི་མ་བྱིན་ལེན་གྱི་སྦོམ་པོར་འགྱུར་རོ། །གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །བསམ་པ་གང་ཡང་རུང་བས་སྤྱོད་པ་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། གལ་ཏེ་གོས་སྤྱད་པའི་གཞི་དེས་དགེ་སློང་དེ་དགའ་བར་མི་འགྱུར་ན། ཉེས་པར་འགྱུར་གྱི་གལ་ཏེ་བདག་གིས་སྤྱད་པའི་རྒྱུ་དེས་དགའ་བར་འགྱུར་རོ་སྙམ་དུ་བསམ་པ་ཡོད་ན་
ཉེས་པ་མེད་དོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ།། །།གསུམ་པ་གཞན་གྱི་ཚུལ་ཁྲིམས་ལ་གནོད་པའི་སྤྱི་དོན། ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ཀུན་ཏུ་འཛིན་པ། དགེ་འདུན་ལྷག་མས་སྐུར་བའོ། །རྒྱུ་མཚན་སོགས་དགེ་འདུན་ལྷག་མ་བཞིན་ལ་དངོས་པོ་དགེ་འདུན་ལྷག་མ་ཞེས་སྦྱར་རོ། །གཞུང་དོན་ནི། གང་བྱས་ན་སྐུར་བ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྐུར་པ་འདེབས་པར་འདོད་པས་དགེ་སློང་ཕ་རོལ་ལ་འདུ་ཤེས་བསྒྱུར་ཏེ་དགེ་འདུན་ལྷག་མས་སྐུར་པ་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ། །གསལ་པོར་མ་ཟད་བག་ཙམ་གྱི་དགེ་འདུན་ལྷག་མས་སྐུར་ན་ཡང་ལྟུང་བྱེད་དོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།བཞི་པ་འདོད་པ་ཀུན་ནས་བསླང་བ་གཞན་བསྟན་པའི་སྤྱི་དོན། མཉན་ཡོད་དུ། དགེ་སློང་ཆོས་འདི་པ་ཞིག་ཤེས་བཞིན་མིན་པ་སྐྱེས་པ་མེད་པར་བུད་མེད་དང་འགྲོན་ལམ་དུ་འགྲོ་བའོ། །རྒྱུ་མཚན་ཐུན་མོང་བ་དང༌། ཁྱིམ་ཐབ་འཕྲོགས་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་བུད་མེད་ཁྱིམ་པ་མོ་ལུས་རྟེན་རུང་ཐ་སྙད་ཕྱེད་དང་ལྔ་ལྡན་རྫུ་འཕྲུལ་ཐོབ་པ་ཉེ་དུ་ཕན་འདོགས་པ་གསུམ་མིན་པའོ། །བདག་ཉིད་གྲོགས་དང་མི་ལྡན་པ། ལམ་སའམ་ཆུ་ལ་བརྟེན་པ་རྒྱང་གྲགས་སུ་ལོངས་པ། དུས་ཉི་མ་གཅིག་ཡིན་པ། ཀུན་སློང་རང་དགར་འགྲོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་རྒྱང་གྲགས་ལས་འདས་པའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ནི། སྔར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོར་སྨྲས་པ་ལ། གང་ཡང་རུང་བ་ལ་བུད་མེད་བྱེད་པ་པོ་ཡིན་ནམ་ཞེ་ན། རང་དགར་འགྲོར་འདོད་པས་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །ལམ་ཇི་སྲིད་དུ་འགྲོ་བ་ལ་ཞེ་ན། རྒྱང་གྲགས་རེ་རེར་འགྲོ་བ་ལ་ལྟུང་བྱེད་
དོ། །རྒྱང་གྲགས་དེའི་ཕྱེད་རེ་རེར་ནི་སྦྱོར་བའི་ཉེས་བྱས་རེ་རེར་འགྱུར། གཉིས་པ་ནི། དགེ་སློང་ཕོངས་པ་ལ་བུད་མེད་ཀྱིས་དགེ་སློང་གི་སེལ་བྱེད་པ་ནི་མ་གཏོགས་སོ། །དགེ་སློང་དེ་ལམ་ནོར་བ་བུད་མེད་ཀྱིས་ལམ་དུ་འབུད་པར་བྱེད་པ་ཡང་མ་གཏོགས་སོ། །དགེ་སློང་ལམ་དུ་འགྲོ་མི་ནུས་པ་འཁྲིད་པའི་ཕྱིར་གྲོགས་བྱེད་པའི་བུད་མེད་ཀྱང་མ་གཏོགས་སོ། །བུད་མེད་དང་། ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ།། །།བཅུ་པ་བརྒྱད་པ་ལ་ལྔ། ལམ་གྱི་གཞི་ལས་གྱུར་པ་དང༌། ཆོ་གའི་དང༌། འཕྲལ་གྱི་བྱ་བའི་དང༌། འཁྲུལ་བ་བསྐྱེད་པའི་དང༌། བརྒྱུ་བ་དུས་མིན་པའི་འོ། །དང་པོའི་སྤྱི་དོན། གླེང་གཞི་གསུམ་འདྲ། ཉེས་པ་དོན་མཐུན་རྐུན་མ་དང་འགྲོན་ལམ་དུ་འགྲོ་བའོ། །རྒྱུ་མཚན་གཞན་གྱིས་སྐུར་བ་དང༌། རང་ཡང་དེ་ལྟ་བུ་བྱེད་པར་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་སྐྱེས་པ་ཐ་སྙད་ལྔ་ལྡན། རྐུན་མའམ་ཤོ་གམ་འདྲལ་བའི་ཚོང་པ་ཡིན་པ་ཕན་འདོགས་པ་པོ་མིན་པའོ། །ལམ་ལ་སོགས་པ་རྣམས་སྔ་མ་བཞིན་ནོ། །གཞུང་དོན་ནི། གང་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ་ཤོ་གམ་འདྲལ་བའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ། །འདོད་པས་ལམ་དུ་འགྲོ་བའོ་ཞེས་པ་ནས། མི་ནུས་པ་ཁྲིད་པའོ་ཞེས་པ་འདིར་ཡང་སྦྱར་རོ། །ཟོལ་པ་གཡོ་སྒྱུས་ཐ་སྙད་བྱེད་པ་དག་དང༌། བརྐུ་ཐབས་སུ་རབ་ཏུ་བྱུང་བ་རང་རྟགས་རང་གིས་བླངས་པ་དང༌། ལྷན་ཅིག་ལམ་དུ་འགྲོ་བ་ལ་ནི་རྒྱང་གྲགས་རེ་རེར་ཉེས་བྱས་དང༌། དེའི་ཕྱེད་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ།། །།གཉིས་པའི་སྤྱི་དོན། མཉན་ཡོད་དུ། མོའུ་གལ་གྱི་བུ་ཆེན་པོ་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ།
གང་ཟག་ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བྱས་པའོ། །རྒྱུ་མཚན་སྡོམ་པ་སྐྱེ་བའི་རྟེན་མིན་པས་སྡོམ་པ་མི་སྐྱེ་བ་དང༌། མ་དད་པ་སོགས་ཡུལ་དངོས་པོ་དང་རྟགས་དང་བསམ་པ་སྡོམ་པ་སྐྱེ་བའི་རྟེན་དུ་མ་གྱུར་པ་དང༌། སྐྱེ་བའི་བར་ཆད་གཞན་དང་མི་ལྡན་པའོ། །བདག་ཉིད་མཁན་པོ་བྱེད་པ་ཡིན་པ། ཀུན་སློང་བསྙེན་པར་རྫོགས་པར་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐའ་བརྗོད་པ་གསུམ་པ་རྫོགས་པའོ། །ཁོ་ཉིད་ལོ་ལོན་པ་ལ་སྐྱེ། མ་ལོན་པ་ལ་མི་སྐྱེ་བར་བཅའ་བ་ཅི་ཞེ་ན། ལོན་པ་ལ་ཚ་གྲང་གཏོགས་པ་གཞན་གྱི་ཚིག་གི་སྐབས་བཟོད་པ་དང༌། གཉེན་པོ་བསྟེན་ནུས་ཡོད་ལ་མ་ལོན་པ་ལ་མེད་པའི་ཕྱིར་རོ། །གཞུང་དོན་ལ་གསུམ། ཡན་ལག་གི་མཚན་ཉིད། བསླབ་བྱ། ཞར་ལ་སྡོམ་པ་སྐྱེ་འཇིག་གི་དུས་བསྟན་པའོ། །ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལ་དེར་འདུ་ཤེས་པ་ཉིད་གཙོ་བོར་བྱེད་པ་པོ་ཡིན་ནོ། །ཡན་ལག་གང་གིས་བསྙེན་པར་རྫོགས་པར་བྱས་ན་བྱེད་པ་པོ་ཡིན་ཞེ་ན། མཁན་པོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དོ། །དགེ་འདུན་ལའང་ཉེས་བྱས་སུ་འགྱུར་རོ། །གཉིས་པ་ནི། མཁན་པོ་དེས་བསྙེན་པར་རྫོགས་པར་བྱ་བ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱའོ། །མཁན་པོ་ལས་གཞན་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱའོ། །དགེ་འདུན་དུ་གྱུར་བའི་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བྱ་བ་དེ་ལོ་ཉི་ཤུ་ལོན་པར་ངེས་པར་མི་ཤེས་པ་དེ་བསྙེན་པར་རྫོགས་པར་མི་བྱའོ། །བསྙེན་པར་རྫོགས་པར་བྱེད་པ་དག་གིས་ལོ་མ་ལོན་པར་ཤེས་སམ་ཡིད་གཉིས་ཟའམ་མ་དྲིས་སམ་མ་བརྗོད་པས་རྣམ་པ་ཐམས་ཅད་དུ་མ་ལོན་པར་ཤེས་
སུ་ཟིན་ཀྱང༌། གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་སོ། །ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལ་ཉམས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །ལོ་ལོན་པ་ལས་ཅིག་ཤོས་མ་ལོན་པ་ལ་ནི་རང་དང་རྫོགས་པར་བྱེད་པ་དག་གིས་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་སྟེ། འདི་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ། །མཁན་པོ་ལ་སོགས་པས་ལོ་གྲངས་མི་ཤེས་པ་དང༌། ལོ་ཚིགས་མི་དྲན་པ་དང༌། ལོ་ལོན་མ་ལོན་ཡིད་གཉིས་ཟ་བ་དག་ལ་ཡང་ཁོ་ཉིད་ཀྱིས་ལོན་པར་ཤེས་ན་འཆགས་ཏེ། བསམ་པའི་དབང་གིས་ཀྱང་སྡོམ་པའི་ཞིང་ཉིད་མཐོང་སྟེ། དཔེར་ན་དགེ་བའི་རྩ་བ་ཕྱིར་འབྱོར་བ་ལྟ་བུའོ། །འཇིག་དུས་ནི་ལོ་ཉི་ཤུ་མ་ལོན་པར་ཤེས་ན་ནི་སྡོམ་པ་ཆགས་པ་དེ་ཞིག་གོ །ཐམས་ཅད་དུ་ཞིག་གམ་ཞེ་ན། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་དེ་སྐྱེས་པ་ན། ལོ་ཉི་ཤུ་མ་ལོན་པའི་ཞིག་གི་དེའི་ཚེ་ལོན་ན་མ་ལོན་པར་འདུ་ཤེས་ན་མི་འཇིག་གོ །དེས་ན་བསམ་པ་ཙམ་གྱིས་ཀྱང་སྡོམ་པ་གཏོང་བ་སྣང་ཏེ། དཔེར་ན་དགེ་བའི་རྩ་བ་ཆད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེའི་ཚེ་ལོ་ཉི་ཤུ་ལོན་པ་བརྩི་བ་དེ་བཙས་ནས་སམ་མངལ་དུ་ཞུགས་ནས་བརྩི་བར་བྱ་ཞེ་ན། མངལ་ན་གནས་པའི་ཟླ་བ་དག་དང་བཤོལ་གྱི་ཟླ་བ་དག་དང་བཅས་ཏེ་ལོ་ཉི་ཤུ་ལོན་པར་བརྩི་བར་བྱའོ། །བསྙེན་པར་རྫོགས་པར་བྱེད་པའི་ཚེ་ནི་བརྩི་བར་མི་བྱ་ལ། གལ་ཏེ་བརྩི་ན་བསྙེན་རྫོགས་འཆགས་ལ། བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ། །མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།གསུམ་པ་འཕྲལ་གྱི་བྱ་བའི་གཞི་ལས་གྱུར་པ་ལ་ལྔ། བྱ་བ་ངན་པས་བརྐོ་བ་ལས་གྱུར་པ་དང༌། ཟས་ཀྱི་བྱ་བ་ཚུལ་མིན་པ་ལས་དང༌། རང་གི་བྱ་བ་ལ་སྦྱོར་བ་སྤོང་བ་ལས་དང༌། གཞན་གྱི་བྱ་བ་ལ་གནོད་པ་ལས་དང༌། སངས་
རྒྱས་དང་དགེ་འདུན་གྱི་བྱ་བ་ལ་མ་གུས་པ་ལས་སོ། །དང་པོའི་སྤྱི་དོན། མཉན་ཡོད་དུ། དྲུག་སྡེ། དགེ་སྦྱོང་གི་ཚུལ་མིན་པ། རྒྱུ་མཚན་དོན་དང་བྱ་བ་མང་བ་སྲོག་ཆགས་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་ས་ཡིན་པ་སྲ་བ་དང་འབྲེལ་བ་སོར་བཞི་ཡན་ཆད་ཀྱི་ཚད་དུ་ལོངས་པ་འཐས་པར་གནས་པའོ། །བདག་ཉིད་རྫུ་འཕྲུལ་གྱི་སྐབས་དང་བར་ཆད་དང་ལྡན་པ་དང་དོན་ཁྱད་པར་ཅན་བསྒྲུབ་པའི་གནས་སྐབས་གསུམ་མིན་པའོ། །ཀུན་སློང་བརྐོ་བར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ་མཐའ་སོར་བཞི་ཙམ་ས་ལས་ཕྲལ་བའོ། །འདིའི་ཚད་ལ་ཁ་ཅིག་འབྱོར་གང་ཙམ་ཡིན་ཟེར། ཁ་ཅིག་སེན་གང་ཙམ་ཡིན་ཏེ། སྡེ་པ་བཞིའི་ཐུན་མོང་གི་ལུང་གཞུང་ཤིང་གི་སོ་སོ་ཐར་པ་ནས་བཤད་ཟེར། གཞུང་འགྲེལ་ལས། སྦར་གང་ཙམ་ལ་བཤད་དོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ལ་གསུམ་ལས། མདོར་བསྟན་ནི། གང་ལས་བརྐོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། རང་གིས་བརྐོ་པའམ། གཞན་བརྐོར་བཅུག་པ་ལ་ལྟུང་བྱེད་དུ་འགྱུར། ཅི་ཞིག་བརྐོའམ་བརྐོར་བཅུག་པ་ལ་འགྱུར་ཞེ་ན། སའི་རང་བཞིན་གྱིས་ཡིན་གྱི། བྱེ་མ་དང་རྡོ་ཐལ་གྱི་རྒྱུ་ལ་སོགས་པ་མ་ཡིན་ནོ། །གཉིས་པ་རྐྱེན་ཁྱད་པར་ཅན་ལ་ལྟུང་བ་མེད་པ་ནི། ཐམས་ཅད་དུ་བརྐོའམ་བརྐོར་བཅུག་པ་ལ་ལྟུང་བར་འགྱུར་རམ་ཞེ་ན། དགེ་སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་གཙུག་ལག་ཁང་གི་ཐིག་ལ་སོགས་པ་འདེབས་པའི་དུས་ཡོལ་དུ་མི་རུང་ཞིང་རུང་བ་བྱེད་པ་བསྙེན་པར་མ་རྫོགས་པ་མེད་ན། དེའི་ཚེ་ཐུར་མ་སོར་བཞི་ཙམ་གྱི་ཚད་ས་ལ་འཛུགས་པ་ནི་མ་གཏོགས་ཏེ། དེ་ལ་ཉེས་པ་མེད་དོ། །
གསུམ་པ་རྒྱས་བཤད་ནི། སའི་ས་ཇི་ལྟ་བུ་ཞེ་ན། གལ་ཏེ་འཐས་པར་གནས་པའི་རང་བཞིན་ཅན་གྱི་ས་ཡིན་ན་དེ་བརྐོའམ་བརྐོར་བཅུག་ན་དངོས་གཞིའོ། །གལ་ཏེ་རང་བཞིན་གྱིས་འཐས་པ་མིན་ན་ཉེས་བྱས་སོ། །འོ་ན་རང་བཞིན་དུ་འཐས་མ་འཐས་དེ་གང་ཞེ་ན། སྔ་མ་རང་བཞིན་གྱིས་འཐས་པ་ཤོས་ནི་དང་པོ་འཐས་པ་ལས་ཞིག་པའི་ཡན་ལག་རྣམས་ཟླ་བ་གསུམ་ལོན་པའི་འཐས་པའོ། །དུས་ཐམས་ཅད་དུ་ཡུན་དེ་ཙམ་གྱིས་འཐས་པར་འགྱུར་རམ་ཞེ་ན། གལ་ཏེ་ཆར་ཆུ་ཞོད་དེ་ཡང་ཡང་ཆར་བབ་ན་རང་བཞིན་གྱིས་འཐས་པ་ཡིན་ནོ། །ཆར་ཆུ་ཞོད་པ་ལས་གཞན་གྱི་ཚེ་ན་ཟླ་བ་དྲུག་ལོན་པ་ཉིད་རང་བཞིན་གྱིས་འཐས་པ་ཡིན་ནོ། །རྩིག་པ་ནི་ས་ཉིད་མིན་པར་ཤེས་པར་མི་བྱ་བར་ས་ཉིད་ཡིན་ནོ། །འདིས་ནི་ཁང་ཐོག་ཀྱང་ས་ཡིན་པར་ཤེས་པར་བྱས་སོ། །ས་དང་བྱེ་མ་སོགས་རིགས་མི་མཐུན་པ་འདུས་པ་དག་ལ་ནི་སྲ་བ་ལ་སོགས་པའི་རྫས་གང་གི་ཤས་ཆེ་བས་འདུས་པའི་མཚན་ཉིད་རབ་ཏུ་དབྱེ་ཞིང་ཁས་བླང་བར་བྱའོ། །རྒྱུ་མཚན་དེའི་ཕྱིར་རྫས་རིགས་མི་མཐུན་ཉུང་ངུ་གཞན་ཡོད་པའི་རྫས་ལ་ནི་གང་ཕལ་ཆེ་བ་ཉིད་དུ་རྣམ་པར་བཞག་སྟེ། སའི་ཚོགས་བྱེ་མ་དང་འདྲེལ་བ་ལ་ཡང་ས་ཕལ་ཆེ་ན་ས་ཉིད་དུ་བཞག་ལ་བྱེ་མ་ཕལ་ཆེ་ན་དེ་ཉིད་དུ་གཞག་གོ །གཉིས་པ་སེལ་བ་ནི། ས་མེས་ཚིག་པ་ཉིད་ནི་སའི་རང་བཞིན་ལས་ཉམས་པ་ཉིད་ཡིན་ནོ། །འདམ་རྫབ་ཏུ་གྱུར་པའི་ཉམས་པ་ཉིད་ལ་ནི་བརྐོའམ་བརྐོར་བཅུག་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །ས་ཞག་དང་ངོགས་དང་རྩིག་པ་དང་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ཕྱེད་ཉིད་དེ་ཉེས་བྱས་སོ། རྡོ་ཐལ་རྒྱུ་རྡོ་རྒྱུས་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ཕྱེད་ཉིད་དོ། །བྱ་བ་དག་བྱེད་པ་ཡང་ཕྱེད་ཉིད་དོ། །དེ་གང་ཞེ་ན། ས་ལ་ཕུར་པ་བཏབ་པ་འབྱིན་པ་དང༌། ས་ལ་མཛུབ་མོས་རི་མོ་འདྲེན་པ་དང༌། སའི་ཕྱེ་མ་འདྲེས་
པའི་ལྕི་བ་འགོགས་པ་དང༌། འདམ་མེར་མེར་པོ་བསྐྱོད་པ་དང༌། འདམ་རྫབ་དེ་དང་འབྲེལ་བའི་ཕྲུ་བ་ལ་སོགས་པ་འདེགས་པ་དང༌། རྩིག་པ་སོགས་འཇིག་པར་བྱེད་པའི་བདག་ཉིད་ཀྱི་ཚར་སྒོའི་རྫས་འབྲུལ་བར་བྱེད་པ་དག་ཀྱང་ཕྱེད་ཉིད་དོ། བསམ་པ་གང་ཡང་རུང་བས་ཕུར་བ་འབྱིན་པ་སོགས་བྱེད་ན་ལྟུང་བར་འགྱུར་རམ་ཞེ་ན། ཕུར་པ་འབྱིན་པ་ལ་སོགས་པ་འདིར་ས་གཞིག་པའི་བློ་དང་ལྡན་ན་ཉེས་བྱས་ལ་སོགས་པ་དེའོ། །དེས་ན་འདིར་ཡང་ཤེས་གཙོའོ། །གཉིས་པ་ལྟུང་མེད་ནི། གཞིག་བསམ་མེད་པ་ལ་ལྟུང་བ་མེད་པ་དེའི་ཕྱིར་བཟང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པས་ས་འཇིག་པ་ལ་ལྟུང་བ་མེད་དོ། །ས་བརྐོ་བའི་ལྟུང་བྱེད་དོ།། །།གཉིས་པ་ཟས་ཀྱི་བྱ་བ་ཚུལ་མིན་པར་གྱུར་པ་ལ་བཞི། བསླབ་བྱ། རྣམ་གཞག །ལྟུང་མེད། སྡོམ་རྒྱུན་ཐ་དད་ལ་ལྟུང་བ་ཐ་དད་པར་བསྟན་པའོ། །སྦྱིན་བདག་གིས་བསྟབས་སུ་ཟིན་ཀྱང་ཧ་ཅང་བླང་བར་མི་བྱའོ། །མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་ལ་བབ་པོ་ཞེས་བསྐུལ་བ་དེ་མེད་ན་མ་བསྐུལ་བར་ཡང་འགྲོར་རུང་ངོ༌། །མགྲོན་དུ་བོས་པའི་ཁྱིམ་དུ་ཕྱིན་པ་ན་གདུགས་ཚོད་དུས་ལས་ཡོལ་དུ་བྱེད་ན། དགེ་སློང་རང་གིས་སྦྱིན་བདག་ལ་གདུགས་ཚོད་བྲིམས་ཤིག་ཅེས་བསྒོ་བ་ཡང་རུང་ངོ༌། །བཅོམ་ལྡན་འདས་ཀྱིས་གསོལ་བ་འབའ་ཞིག་དང༌། གསོལ་བ་གཉིས་དང༌། གསོལ་བཞིའི་ལས་ལ་སོགས་པ་གསུངས་པའི་ཚིག་འབྲུ་དེ་ཉིད་མིན་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚིག་ལ་གུས་པར་ཏེ་གཅིག་ཏུ་འཆེལ་བར་མི་བྱ་བར་ཡུལ་དུས་གང་དུ་གོ་ཞིང་བདེ་བར་བསྒྱུར་ཏེ་སྨྲས་རུང་ངོ༌། །སྔགས་ཚིག་རྣམས་ལ་གུས་པར་བྱའོ། །དགེ་སློང་གིས་སོ་སོ་ཐ་དད་པར་མགྲོན་དུ་བོས་པ་བདག་གིར་བྱའོ། །དགེ་འདུན་སྤྱན་དྲངས་པའི་ཚེ་
གང་ཟག་གིས་ཁས་བླང་བར་མི་བྱ་སྟེ། མགྲོན་བོས་གཉིས་པ་བཀག་པའི་ཕྱིར་སྙམ་དུ་ དོགས་པ ་བསལ་བའི་ཕྱིར་དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡོད་ན་ཡང་གང་ཟག་གིས་ཁྱིམ་གཞན་དུ་ཁས་བླངས་པ་ལ་ཉེས་པ་མེད་དོ། །དགེ་འདུན་ནམ་གང་ཟག་ཇི་སྲིད་འཚོའི་དུས་ཐམས་ཅད་དུ་མགྲོན་དུ་བོས་པ་ཡང་བདག་གིར་བྱའོ། །གཉིས་པའི་སྤྱི་དོན། སེར་སྐྱར། དྲུག་སྡེ། ལྟོ་འདུན་མགྲོན་དུ་བོས་པའི་ཟས་ཧ་ཅང་བླང་བ། རྒྱུ་མཚན་སྦྱིན་བདག་ལ་གནོད་པ་དང་རང་འདོད་ཞེན་ཆེ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་ཆོས་ལྔ་ལྡན། དངོས་པོ་དུས་རང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། བདག་ཉིད་མགྲོན་དུ་བོས་པ་དང༌། ཕྱིས་མ་བོས་པ་དང༌། ནད་པ་མིན་པའོ། །དུས་བཤམས་པ་ཟོས་པའི་འོག་ཡིན་པ། ཀུན་སློང་རིང་དུ་འདུག་སྟེ་ཟར་རྩོམ་པ། མཐའ་མགུལ་དུ་མིད་བའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཟོས་ན་ལྟུང་བྱེད་དུ་འགྱུར། གང་ལས་ན། སྦྱིན་པ་བོའམ་སྦྱིན་བདག་གིས་ཁྱེད་དུས་འདི་སྲིད་དུ་མགྲོན་དུ་གཉེར་ཞེའམ་ཁྱོད་རྟག་ཏུ་མགྲོན་དུ་གཉེར་རོ་ཞེས་དུས་ངེས་པར་བྱས་པའི་ཚིགས་རྣམ་པར་བཞག་པ་མེད་པར། སྤྱིར་ཇི་ཙམ་ཐེགས་པ་འདེགས་ཞེས་པ་ལྟ་བུའི་མགྲོན་དུ་གཉེར་བ་དགག་པ་ཆེ་བ་དང་ལྡན་པ་ཕྱིར་ལྡོག་པ་བསལ་པ་དང་ལྡན་པ་ལས་སོ། །ཁྱད་པར་ཇི་ལྟ་བུ་ལས་ན། དེའི་ཕྱིས་ཚིགས་རྣམ་པར་བཞག་པ་མེད་པ་ལས་གཞན་ངེས་པར་བྱས་པ་དང༌། ཉིན་རེ་བཞིན་དུ་ཡང་དང་ཡང་དུའམ་དུས་ཀྱི་སྟེ། བསམ་པ་ཤས་ཆེན་པོས་ནན་གྱིས་སོ། །དུས་ནམ་གྱི་ཚེ་ན། ཟླ་བ་བཞི་ལ་ཡོངས་སུ་རྫོགས་པའི་འོག་ཏུའོ། །དེ་ཡང་ཇི་ཙམ་ཐེགས་
ཚད་ཅེས་པའི་དབང་དུ་བྱས་ལ། ཞག་དང་ཟླ་བ་དང་ལོ་ཇི་ཙམ་ཐེགས་ཚད་ཟེར་ནའང་དེ་དག་བཞི་བཞི་ཡིན་གསུང་ངོ༌། །དངོས་པོ་གང་ན་ཟས་བཤམ་པའོ། །གཉིས་པ་སེལ་བ་ནི། ཟན་གྱི་ཕྱིར་འགྲོ་བའི་རྣམ་པར་རིག་བྱེད་ལ་ནི་ཉེས་བྱས་སོ། །གསུམ་པ་ལྟུང་མེད་ནི། ནད་པའི་ཕྱིར་ཟླ་བ་བཞི་ལས་ལྷག་པའི་ཟས་ལུས་ངག་གི་རིག་བྱེད་ཀྱིས་བསྒྲུབ་པ་ལ་ནི་ལྟུང་བ་མེད་དོ། །སྦྱིན་བདག་ཉེ་དུ་ལས་ཀྱང་བླངས་ཏེ་ཟོས་པ་ལ་ནི་ཉེས་པ་མེད་དོ། །བཞི་པ་སྡོམ་རྒྱུན་ཐ་དད་ལ་ཉེས་པ་ཐ་དད་པར་བསྟན་པ་ནི། སྔར་སྦྱིན་བདག་གིས་དགེ་སློང་ལ་ཁྱོད་ཅི་དགོས་པ་ཁོ་བོའི་ཁྱིམ་ནས་སྦྱིན་ནོ་ཞེས་བསྟབས་པ་ལས། དགེ་སློང་དེ་ཡང་རྣམ་པར་འཁྱམས་ཏེ་བབས་ཤིང་ཡང་བསྙེན་པར་རྫོགས་པ་ལས་རབ་ཏུ་བྱུང་བ་སྔ་མ་ནི་ཐ་དད་པ་ཡིན་པས་དེའི་ཆོ་ག་སྔ་མ་ལ་བརྟེན་ནས་དེ་ལས་ཟས་ཟོས་ན་ཁ་ན་མ་ཐོ་བར་འགྱུར་རོ། །ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། འཁྱམས་པའི་འོག་ཏུ་བསོད་པ་སློང་པ་ལ་སོགས་པ་དེ་ནི་སྦྱིན་བདག་གིས་མ་བསྟབས་པར་ཟས་བསོད་པ་སློང་བའི་ཉེས་པར་བྱེད་པ་ཉིད་ཡིན་ནོ། །སྦྱིན་བདག་གིས་ཚིགས་རྣམ་པར་བཞག་པ་མེད་པར་མགྲོན་དུ་གཉེར་བ་ན་ཟླ་བ་བཞི་མ་ཚང་པའི་མདུན་རོལ་ཏུ་ཡང་དངོས་པོ་གང་གིས་མ་བསྟབས་པ་དེ་སློང་ངམ་ཟ་ན་མ་བསྟབས་པའིི་ཉེས་པ་བྱེད་པ་ཡིན་ནོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ།། །།གསུམ་པ་རང་གི་བྱ་བ་སྦྱོར་བ་སྤོང་བ་ལས་གྱུར་པ་ལ་སྤྱི་དོན། ཁབ་ཏུ། དྲུག་སྡེ་བཀའ་དང་བསླབ་པ་ལ་མ་གུས་པ། རྒྱུ་མཚན་ཡུལ་དེ་ལ་གནོད་པ་དང་མ་དད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན་འདུལ་བའི་བྱ་བ་མངོན་པར་ཤེས་པ་དང༌། བསླབ་པ་ལ་ཉེ་བར་འཇོག་པ་པོ་ཡིན་པ། དངོས་པོ་འདུལ་བར་གཏོགས་པའི་བསླབ་
པ་ཡིན་པ། ཀུན་སློང་སྤོང་པའི་ཚིག་སྨྲ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱིས་མི་ཤེས་པ་ཉིད་སྒྲོགས་པ། མཐའ་དོན་གོ་བའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད། བསླབ་པ་ལ་ཉེར་འཇོག་སྤོང་བའི་ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། འདུལ་བར་གཏོགས་པའི་བསླབ་པ་མངོན་པར་ཤེས་པ་ཉིད་ལའོ། །གང་ལ་མངོན་པར་ཤེས་པ་ཞེ་ན། ལྟུང་བ་འབྱིན་པ་པོ་རང་ལ་བསླབ་པ་སྨྲ་བ་པོ་ལའོ། །དེས་གང་ལ་མངོན་པར་ཤེས་པ་ཞེ་ན། འདུལ་བར་གཏོགས་པའི་བསླབ་པ་མངོན་པར་ཤེས་པ་ལའོ། །གང་ལ་དེ་བྱེད་པ་པོ་ཡིན་ཞེ་ན། གོ་བར་བྱེད་པའི་དགེ་སློང་གིས་ལྟུང་བ་འབྱིན་པར་བྱེད་པ་ཁྱོད་ཀྱིས་འདུལ་བ་ནས་གསུངས་པའི་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བརྗོད་པ་ནའམ། མོས་པར་བྱས་པའི་བསྒོ་བ་ན་ཁོ་བོ་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ཞིང༌། དེའི་རྒྱུའི་དངོས་པོ་སྡེ་སྣོད་འཛིན་པ་ལ་འདྲི་བའི་བར་དུའོ། །ཞེས་པ་དེས་དགེ་སློང་བདག་ཉིད་ལ་གོ་བར་བྱེད་པ་ལ་མི་ཤེས་པ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱོད་ཀྱི་ཚིག་གིས་མི་སློབ་བོ་ཞེས་སྒྲོག་པར་བྱེད་པའི་ཚིག་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ། །ཡང་དག་པར་དེ་དག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ནི་སྤོང་བའི་བློ་མེད་པའི་ཕྱིར་ཡིན་གྱི། སྐྱོན་ནས་སྨྲ་བའི་ལྟུང་བ་མེད་པ་ནི་མིན་ནོ། །གཉིས་པ་སེལ་བ་ནི། མདོ་སྡེ་ལས་གསུངས་པའི་བསླབ་པ་མངོན་པར་ཤེས་པའི་སྨྲ་བ་པོས་ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་བསྟན་པ་ན། སྨྲ་བ་པོ་མདོ་སྡེའི་བསླབ་པ་མངོན་པར་ཤེས་པར་ཤེས་བཞིན་དུ་སྔར་ལྟར་མི་ཤེས་པ་ཉིད་སྒྲོག་པའི་ཚིག་བརྗོད་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དོ།། །།བཞི་པ་གཞན་གྱི་བྱ་བ་ལ་གནོད་པ་ལས་གྱུར་པ་ལ་གཉིས་ལས། རྩོད་པ་
ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ། ཤ་གླན་པའི་བསམ་པ། ཉན་རྣ་བྱེད་པའོ། །རྒྱུ་མཚན་འཐབ་རྩོད་ཀྱི་རྒྱུར་འགྱུར་བ་དང༌། དེ་དག་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན་བདག་ཉིད་དང་རྩོད་པའི་ཕྱིར་གྲོས་བྱེད་པ་པོ་གཉིས་ཡན་ཆད་ཡིན་པ། དངོས་པོ་བདག་ཉིད་དང་རྩོད་པ་བཞི་པོ་གང་རུང་ཡིན་པ། ཀུན་སློང་ཞི་བར་འདོད་པ་མིན་པ་ཉན་པར་འདོད་པ། སྦྱོར་བ་ཉན་པར་རྩོམ་པ། མཐའ་ཚིག་ཐོས་ཤིང་དོན་གོ་བའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་དམིགས་བསལ་བ་དང་བཅས་པ་ནི། གང་བྱས་ན་ཉན་རྣ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དག་རྩོད་པར་གྱུར་པ་ན། རྩོད་པ་དེ་དགེ་སློང་དག་དང་གྲོས་བྱེད་པ་ན། འདི་དག་ཇི་སྐད་ཟེར་བ་བདག་གིས་ཉན་ཏེ་དེ་ལྟར་དེ་ལྟ་བུར་སྟ་གོན་བྱའོ་སྙམ་ན་རྐྱེན་དེ་ཉིད་ཀྱིས་མཉན་པའི་ཕྱིར་བཞབས་ཏེ་རྣ་བ་གཏོད་ན་ལྟུང་བྱེད་དུ་འགྱུར་རོ། །རྣ་བ་གཏོད་པ་ཐམས་ཅད་ལ་འགྱུར་རམ་ཞེ་ན། རྩོད་པ་དེ་ཉེ་བར་ཞི་བར་འདོད་པས་རྣ་བ་གཏོད་པ་ནི་མ་གཏོགས་སོ། །གནས་སྐབས་གང་ལ་ལྟུང་བ་ཅིར་འགྱུར་ཞེ་ན། གྲོས་བྱེད་པའི་སྒྲ་ཙམ་ཐོས་པ་ལ་ནི་ཉེས་བྱས་སོ། །སྒྲའི་དོན་གོ་བ་ལ་ནི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གཉིས་པ་ཀུན་སློང་གི་མཚན་ཉིད་ནི། དོན་གང་ཡང་རུང་བས་གོ་ན་དངོས་གཞིར་འགྱུར་རམ་ཞེ་ན། གལ་ཏེ་འཁྲུག་ལོང་བྱ་བ་ལ་གཞོལ་བས་དོན་གོ་ན་དངོས་གཞིའོ། །དང་པོ་ཀུན་སློང་མེད་ཀྱང་དོན་གཞན་གྱི་དབང་ཉིད་ཀྱིས་གྲོས་བྱེད་པའི་གནས་སུ་སོན་ཅིང་འདི་ན་དགེ་སློང་དག་གྲོས་བྱེད་དོ་སྙམ་དུ་ཤེས་ལ། ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གྲོས་བྱེད་པ་དག་ལ་གོ་བར་
མི་བྱེད་ན། ངེས་པར་ལྟུང་བ་འབྱིན་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ནོར་བ་དང་རྩོད་པ་ཞི་བར་འདོད་པ་ནི་མ་གཏོགས་སོ། །གཉིས་པ་བསླབ་བྱ་ནི། འཐབ་བཅུག་འཐབ་མོ་སྦར་བར་མི་བྱའོ། །འཐབ་མོ་བྱེད་པ་ཉན་པར་མི་བྱའོ། །འཐབ་མོ་དེ་བྱེད་པ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ། །རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ།། །།གཉིས་པ་དགེ་འདུན་གྱི་ལས་ལ་གནོད་པའི་སྤྱི་དོན། མཉན་ཡོད་དུ། དགའ་བོ་ལས་དང་མི་མཐུན་པར་འདོད་པ། རྒྱུ་མཚན་ལས་ལ་མི་མཐུན་པ་བསྐྱེད་པ་དང༌། དགེ་འདུན་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། གནས་ནི་ལས་ཆོས་ལྡན་གསོལ་བ་མ་ཟིན་པ་ཇི་བཞིན་པའོ། །བདག་ཉིད་ཐོས་པའི་ཉེན་ཀོར་དུ་འདུས་ཤིང་དགེ་སློང་འཁོད་པ་ལ་མ་སྨྲས་པ། བར་ཆད་དང་མི་ལྡན་པ། ཀུན་སློང་འགྲོར་འདོད་པ། སྦྱོར་བ་རྩོམ་པ། མཐའ་ཐོས་པའི་ཉེན་ཀོར་ལས་འདས་པའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། གསོལ་བ་འབའ་ཞིག་དང༌། གསོལ་གཉིས་དང༌། གསོལ་བཞིའི་ལས་ཀྱི་བདག་ཉིད་གསོ་སྦྱོང་དང་དགག་དབྱེ་སོགས་ཀྱི་ལས་ལ་འདུས་པ་ན་ལྟག་འོག་གི་དགེ་སློང་ལ་མ་སྨྲས་པར་སྟན་ལས་ལངས་ཏེ་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །ཐག་ཇི་ཙམ་དུ་སོང་ན་འགྱུར་ཞེ་ན། ལས་ཐོས་པའི་ཉེན་ཀོར་ལས་འདས་ན་དགེ་སློང་དེ་ལ་དངོས་གཞིར་འགྱུར། ཐོས་པའི་ཉེན་ཀོར་ལས་འདའ་བའི་མདུན་རོལ་ཏུ་ནི་ཉེས་བྱས་སོ། །དོན་མེད་པ་དང་མི་རིགས་པས་དགེ་སློང་ལ་སྨྲས་ཏེ་འགྲོ་ན་ཉེས་བྱས་སོ། །གསོལ་བ་བྱས་པའི་འོག་ཏུ་ཐོས་པའི་ཉེན་ཀོར་ལས་འདའ་བ་ལ་ཡང་ཉེས་བྱས་སོ། །མ་སྨྲས་སུ་ཟིན་ཀྱང་ཆོས་
དང་ལྡན་པ་ཉིད་མིན་པའི་ལས་ལ་ཐོས་པའི་ཉེ་འཁོར་ལས་འདའ་ན་ཉེས་བྱས་སོ། །གཉིས་པ་ལྟུང་མེད་ནི། ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དོ།། །།ལྔ་པ་སངས་རྒྱས་དང་དགེ་འདུན་གྱི་བྱ་བ་ལ་མ་གུས་པ་ལས་གྱུར་པའི་སྤྱི་དོན། ཁབ་ཏུ་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་ང་རྒྱལ་གྱིས་ཀུན་ཏུ་སྦྱོར་བའོ། །རྒྱུ་མཚན་དེ་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་སངས་རྒྱས་སམ་དགེ་འདུན་ནམ་དེའི་ཐ་སྙད་པ་ཡིན་པ། དངོས་པོ་ཆོས་ལྡན་གྱིས་བསྒོའམ་དེ་དང་འདྲ་བ་ཡིན་པ། བདག་ཉིད་ཤད་སྦྱང་མ་བྱས་པ། ཀུན་སློང་མ་གུས་པས་བཟློག་སྟེ་འགལ་བར་འདོད་པ། སྦྱོར་བ་འགལ་བར་རྩོམ་པ། མཐའ་འགལ་བ་རྫོགས་པའོ། །གཞུང་དོན་ལ་གཉིས། །རྣམ་གཞག་དང་བསླབ་བྱའོ། །དང་པོ་ལ་གསུམ། ཡན་ལག་གི་མཚན་ཉིད། སེལ་བ། ཡན་ལག་ལ་ དོགས་པ ་བཅད་པའོ། །དང་པོ་ནི། གང་ལ་མ་གུས་པའི་ཚུལ་གྱི་ལྟུང་བྱེད་དུ་འགྱུར་ཞེ་ན། འདུག་པ་དང་འགྲོ་བ་དང༌། གནས་མལ་དང༌། གཙུག་ལག་ཁང་ལེན་པ་དང༌། སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ་མ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་འདུག་པ་སོགས་དེ་ལས་བཟློག་སྟེ་མི་འདུག་པ་སོགས་འགལ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །མ་གུས་པ་དང་ཤད་སྦྱང་མེད་པ་གཉིས་ཀ་ཡོད་ན་དངོས་གཞི་ལ་གང་རུང་གཅིག་ལ་ཉེས་བྱས་སོ། །སུས་བསྒོ་བ་ལས་འགལ་བར་བྱེད་པ་ལ་ལྟུང་བ་གང་དུ་འགྱུར་ཞེ་ན་དགེ་སློང་གི་དགེ་འདུན་གྱིས་བསྒོ་བ་ལས་འགལ་བར་བྱེད་པ་ལ་དངོས་གཞིའོ། །གཉིས་པ་ནི། མཁན་པོ་དང་སློབ་དཔོན་དག་གིས་བསྒོ་བ་ལས་འགལ་བར་བྱེད་པ་ལ་ནི་ཉེས་བྱས་སོ། །དགེ་
སློང་གི་དགེ་འདུན་གྱིས་ཆོས་དང་ལྡན་པ་ཉིད་མིན་པའི་བསྒོ་བ་ལས་ཀྱང་འགལ་བར་བྱེད་ན་ཉེས་བྱས་སོ། །གསུམ་པ་ནི། གནས་བརྟན་རྣམས་ཆོས་དང་ལྡན་པའི་གཏམ་གླེང་བ་ན་མ་གུས་པར་གློ་བུར་དུ་གཏམ་ཟེར་བ་ནི་དགེ་འདུན་གྱིས་བསྒོ་བ་ལས་འགལ་བ་དེ་ཉིད་ཡིན་པས་ལྟུང་བྱེད་དོ། །དགེ་འདུན་གྱི་ཐ་སྙད་པ་ནི་དེའི་ཁ་ཡིན་པས་དེའི་བསྒོ་བ་བཅག་ན་དངོས་གཞིའོ། །སངས་རྒྱས་ནི་མ་གུས་པའི་ལྟུང་བ་བསྐྱེད་པའི་གཞི་ལ་དགེ་འདུན་དང་འདྲ་སྟེ། བསླབ་པ་ལས་འགལ་བའི་ཚེ་དེའི་ཚིག་མི་དགོས་པ་འདིས་ཅི་བྱ་ཞེས་སངས་རྒྱས་ལ་མ་གུས་པ་བསྐྱེད་ན་ལྟུང་བྱེད་དོ། །བསླབ་པ་ཙམ་ལ་ཅུང་ཟད་ཙམ་འདིས་ཅི་ཞིག་བྱ་ཞེས་མ་གུས་པ་བསྐྱེད་ན་ཉེས་བྱས་སོ། །གཉིས་པ་ནི། རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་རྣམ་པར་དཀྲུག་ཅིང་འདའ་བར་མི་བྱ་སྟེ། རྒྱལ་པོ་ནི་འཇིག་རྟེན་སྐྱོང་བ་དང༌། གནས་བརྟན་ནི་དགེ་འདུན་སྐྱོང་བར་བྱེད་པའི་ཕྱིར་དང༌། དགྲ་བཅོམ་པ་ནི་ཆོས་ལ་ཚད་མར་གྱུར་པའི་ཕྱིར་རོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དོ།། །།བཞི་པ་འཁྲུལ་པ་བསྐྱེད་པའི་གཞི་ལས་གྱུར་པའི་སྤྱི་དོན། མཉན་ཡོད་དུ། འཕགས་པ་ལེགས་འོངས་བག་ཆགས་མ་བྱང་བས་མ་བསམས་པ། རྒྱུ་མཚན་འཁྲུལ་ནས་ལྟུང་པ་གཞན་གྱི་རྒྱུར་འགྱུར་བ་དང༌། ལུས་སྲོག་དང་ཡོ་བྱད་ཀྱི་བར་ཆད་དུ་འགྱུར་བ་དང༌། འཁྲུག་ལོང་གི་རྒྱུར་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་སྦྱར་ཆང་བཅོས་ཆང་གཉིས་གང་རུང༌། འཁྲུལ་པ་བསྐྱེད་པའི་ནུས་པ་དང་ལྡན་པའི་ཆེད་དུ་ལོངས་པའོ། །ཀུན་སློང་འཐུང་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་མགུལ་དུ་མིད་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་བྱས་ན་མྱོས་འགྱུར་འཐུང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། མྱོས་པར་འགྱུར་བ་འཐུངས་ན་ལྟུང་བྱེད་དུ་འགྱུར།
གཉིས་པ་སེལ་བ་ནི། ཆང་དེ་བསྐོལ་ན་ནི་མྱོས་པར་འགྱུར་བ་དེ་ཉིད་ལས་ཉམས་པ་ཡིན་ནོ། །འབྲུའི་ཆང་གི་སྦང་མ་དང་བཅོས་པའི་ཆང་གི་ཚིག་མ་ཟ་བ་ལ་ནི་མྱོས་འགྱུར་དེའི་འཇུག་པ་ཡོད་པས་དེ་གཉིས་ཟ་ན་ལྟུང་བྱེད་དོ། །ཕབས་ཀྱི་ཆང་བུ་ནི་མྱོས་འགྱུར་གྱི་ཕྱེད་ཉིད་དེ་ཉེས་བྱས་སོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང༌། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་མྱོས་པར་འགྱུར་བའི་ཕྱེད་ཉིད་དོ། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ཀྱང་ཕྱེད་ཉིད་དོ། །མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་འཐུངས་བ་ལ་ནི་ཉེས་པ་མེད་དོ། །མྱོས་འགྱུར་འཁུར་བར་བསྲེལ་བ་དང་དེས་ལུས་ལ་སྐུད་པ་ནི་སྦྱོར་བ་དང་འདྲ་བར་ཉེས་བྱས་སོ། །ནད་པ་ལ་ནི་སྨན་གྱི་དོན་དུ་འཁུར་བར་བསྲེལ་བ་དང་ལུས་ལ་སྐུད་པ་ལ་ནི་ལྟུང་བ་མེད་དོ། །མྱོས་པར་འགྱུར་བ་འཐུངས་བའི་ལྟུང་བྱེད་དོ།། །།ལྔ་པ་རྒྱུ་བ་དུས་མིན་པ་ལས་གྱུར་བའི་སྤྱི་དོན། མཉན་ཡོད་དུ། འཆར་ཀ་ཉོན་མོངས་འདྲ། རྒྱུ་མཚན་ལུས་སྲོག་གི་བར་ཆད་དུ་འགྱུར་བ་དང༌། ཕམ་པ་དང་པོའི་རྒྱུ་དང༌། སྐུར་པ་འདེབས་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། གང་དུ་འགྲོ་བའི་གནས་ནི། གནས་ཀྱི་མཚན་ཉིད་དུ་གྲུབ་པ་འབྱུང་འཇུག་ལ་ཁྱིམ་པ་དབང་ཆེ་བ། བདག་པོ་ཁྱིམ་པ་ཐ་སྙད་ལྔ་ལྡན་གྲོང་བའི་ཆོས་སྤྱོད་པའོ། །གང་ནས་འགྲོ་བའི་མཚམས་ནང་ནས་སྨྲ་ཡུལ་ཡོད་པ། བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མིན་པ། བར་ཆད་དང་མི་ལྡན་པ། དོན་ཁྱད་པར་ཅན་བསྒྲུབ་པའི་གནས་སྐབས་མིན་པ། ཡུལ་ལ་མ་སྨྲས་པའོ། །དུས་ཕྱི་དྲོ་ཡིན་པ། ཀུན་སློང་འགྲོར་འདོད་པ། སྦྱོར་བ་རྩོམ་པ། མཐའ་སྒོ་གཏན་ནམ་ཉེ་འཁོར་ལས་འདས་པའོ། །གཞུང་དོན་ལ་གསུམ། རྣམ་གཞག །ཞར་
ལ་ཡུལ་གྱི་མཚན་ཉིད། སྦྱོར་བའི་སེལ་བ་ལ་ལྟུང་བ་མེད་པའོ། །དང་པོ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། དུས་མིན་པར་འགྲོ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། རང་གི་ཕྱེད་ཡོལ་ནས་སྐྱ་རེངས་ཤར་བའི་བར་དུས་མིན་པ་ཉིད་ལའོ། །དགེ་སློང་ཇི་ལྟ་བུ་ལ་བྱེད་པ་པོ་ཡིན་ཞེ་ན་དགེ་སློང་འཁོད་པ་ལ་ཁོ་བོ་དགོས་པ་འགའ་ཞིག་གི་ཕྱིར་གྲོང་དུ་འགྲོའོ། །ཞེས་མ་སྨྲས་པ་ལ་བྱེད་པ་པོ་ཡིན་ནོ། །ཅི་ཞིག་བྱས་ན་ཞེ་ན། གྲོང་དུ་ཞུགས་ནའོ། །ཁྱམས་གཅིག་པའི་གནས་ཀྱང་གྲོང་ཉིད་ཡིན་པར་གསུངས་པས་དེའི་ཕྱིར་ཁང་པ་གཅིག་ཙམ་ཡོད་པའི་གནས་ཀྱང་གྲོང་ཉིད་ཡིན་ནོ། །གྲོང་པའི་ཆོས་དང་ལྡན་པ་ལྷག་པར་སྤྱོད་པའི་གནས་དག་ལ་ནི་གྲོང་གི་སྒྲ་འཇུག་པར་འགྱུར་བས་དེའི་ཕྱིར་མ་སྨྲས་པར་ཕྱི་རོལ་པའི་རབ་ཏུ་བྱུང་བའི་གནས་སུ་འཇུག་པ་ལ་ཉེས་པ་མེད་དོ། །རྩིག་པ་སོགས་ཀྱིས་བསྐོར་བའི་གྲོང་ལ་སྒོ་གཏན་གྱི་བར་དུ་འཇུག་ན་ཞུགས་པ་རྫོགས་ལ་མ་བསྐོར་བ་ལ་ནི་བསྐོར་བའི་མཐའ་འདོམ་གང་ལ་སོགས་པར་རོ། །ཞུགས་པ་ཐམས་ཅད་ལའང་ཞེ་ན། གལ་ཏེ་ཆོམ་རྐུན་སོགས་ཀྱི་གནོད་པ་བཏང་བའི་བྱ་བ་མ་བྱུང་ན་ཡིན་གྱི་བཏང་བའི་བྱ་བ་བྱུང་ན་ཉེས་པ་མེད་དོ། །གཉིས་པ་སེལ་བ་ནི། སྨྲས་པའི་ཁྱིམ་དེ་ལས་ཁྱིམ་གཞན་དུ་རྒྱུ་བ་ལ་ནི་ཉེས་བྱས་སོ། །གྲོང་གཞན་དུ་རྒྱུ་བ་ལ་ནི་ལྟུང་བྱེད་དོ། །གཉིས་པ་ནི། དགེ་སློང་འཁོད་པ་ལ་སྨྲས་ཏེ་འགྲོ་བ་འདི་ལ་གལ་ཏེ་དགེ་སློང་མེད་ན་དགེ་སློང་མ་ཡང་དགེ་སློང་དེ་དང་འདྲ་བས་དེ་ལ་སྨྲས་ཏེ་འགྲོ་བར་བྱའོ། །དགེ་སློང་མ་དེ་ཡང་མེད་ན་དགེ་ཚུལ་ལ་སྨྲས་ཏེ་འགྲོ་བར་བྱའོ། །དགེ་ཚུལ་དེ་ཡང་མེད་ན་དགེ་སློབ་མ་ལ་སྨྲས་ཏེ་འགྲོ་བར་བྱའོ། །དགེ་སློབ་མ་དེ་ཡང་མེད་ན་དགེ་ཚུལ་མ་ལ་སྨྲས་ཏེ་འགྲོ་བར་བྱའོ། །གླེན་པ་དང་ལྐུགས་པ་སོགས་བརྡ་མི་འཕྲོད་པ་ནི་ཡོད་ཀྱང་སྨྲ་བར་བྱ་
བ་མེད་པ་ཉིད་དོ། །དེས་ན་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ཉེས་པ་མེད་དོ། །ཆུ་དང་ལམ་ཁ་སོགས་མཚམས་གཞན་ན་གནས་པ་དང་གནས་ནས་ཕྱུང་བ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་སྨྲ་བར་བྱ་བ་མེད་པ་ཉིད་ཡིན་ནོ། །གསུམ་པ་ནི་རྫུ་འཕྲུལ་གྱིས་གྲོང་དུ་འཇུག་པ་ལ་ནི་ལྟུང་བ་མེད་དོ། །དུས་མིན་པར་འགྲོ་བའི་ལྟུང་བྱེད་དོ།། །།བཅུ་པ་དགུ་པ་ལ་ལྔ། གནས་གཞན་རྒྱུ་བ་ལས་གྱུར་བ་དང༌། བསླབ་པ་ཁྱད་གསོད་ལས་དང༌། སྣོད་སྤྱད་གྱི་བཟོ་བསྒྲུབ་པ་ལས་དང༌། དགེ་འདུན་གྱི་གཞི་ལས་དང༌། གོས་བཟོ་བསྒྲུབ་པ་ལས་གྱུར་པའོ། །དང་པོ་ལ་གཉིས། གྲོང་རྒྱུ་བ་དང༌། ཕོ་བྲང་དུ་འགྲོ་བའོ། །དང་པོའི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ་རང་ཉམས་ཀྱིས་ཀུན་ཏུ་སྤྱོད་པ། རྒྱུ་མཚན་དགེ་འདུན་གྱི་ཆོས་ཀྱི་ལོངས་སྤྱོད་ལ་གནོད་པ་དང༌། སྔ་མའོ། །ཡན་ལག་ལ་བཞི་ལས། བདག་ཉིད་སྔར་ལན་གསུམ་བརྒྱུས་པ་དང༌། དུས་ཉི་མ་གཅིག་མིན་པ་སྦྱར་རོ། །གསུམ་ལ་ཁྱིམ་བཞི་པ་ཞེས་སྦྱར། གཞན་སྔ་མ་བཞིན་ནོ། །གཞུང་དོན་ནི། གང་ལ་གྲོང་རྒྱུ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དུས་མིན་པར་ཁྱིམ་བཞི་པ་ལ་སོགས་པ་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །འདི་ལ་ནི་དགེ་སློང་འཁོད་པ་ལ་སྨྲས་ཀྱང་ལྟུང་བྱེད་དུ་འགྱུར། དེ་འབའ་ཞིག་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། ལྟུང་བ་འབྱིན་པ་པོའི་དགེ་སློང་དེའི་ཚིག་གིས་དགེ་འདུན་ཁྱིམ་གཞན་དུ་ཟས་ལ་སྤྱན་དྲངས་པ་ན་སྦྱིན་བདག་ལ་དགེ་སློང་གིས་ཁོ་བོ་མ་འོངས་པའི་དབང་གིས་དགེ་འདུན་གྱི་གདུགས་ཚོད་བྲིམ་པ་ཡོལ་བར་མ་བྱེད་ཅིག་ཅེས་མ་བསྒོ་བར་ཁྱིམ་གསུམ་པ་ལ་སོགས་པར་རྒྱུ་བ་ལ་ཡང་ལྟུང་བྱེད་དུ་འགྱུར། བར་ཆད་ཀྱི་དབང་གིས་ན་ལྟུང་བ་མེད་དོ། །མདོ་སྔ་མ་ལ་ནི། ཁྱིམ་བཞི་པ་ཕན་ཆད་ཁྱིམ་རེ་རེ་ལ་ལྟུང་བྱེད་རེ་རེ། ཕྱི་མ་ལ་ནི་གསུམ་པ་ཕན་ཆད་ཁྱིམ་རེ་རེ་ལ་
ལྟུང་བྱེད་རེ་རེ་འགྱུར་རོ། །གྲོང་རྒྱུ་བའི་ལྟུང་བྱེད་དོ།། །།གཉིས་པ་ཕོ་བྲང་དུ་འགྲོ་བའི་སྤྱི་དོན། མཉན་ཡོད་དུ། འཆར་ཀ་དུས་མི་ཤེས་པ། རྒྱུ་མཚན། འཛུམ་སྦྲུམ་རིན་ཆེན་གཏོར་བ་དང༌། །གསང་འཕེལ་རྒྱལ་པོ་རྒྱལ་བུ་གསོད། །མཐོ་དམན་འཇོག་བྱེད་ཡུལ་གཞན་དམག །འདྲེན་པ་མི་འོས་ཆད་པ་བཅུ། །གཞན་ཡང་ལུས་སྲོག་དང་དགེ་བའི་བར་ཆད་དུ་འགྱུར་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། གནས་རྒྱལ་པོའམ་དེའི་བཙུན་མོའི་ཡིན་པ། དུས་འོད་དམར་ནུབ་ནས་སྐྱ་རེངས་ཐ་མ་མ་ཤར་བའི་དུས་ཡིན་པ། གཞན་གོང་བཞིན་ནོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གསུམ། ཡན་ལག་གི་མཚན་ཉིད། སེལ་བའི་མཚན་ཉིད་ཉེས་པ་གཞན་དུ་འགྱུར་བ་བསྟན་པ། རྟེན་གྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཐུན་མོང་བ་བཙུན་མོའི་གནས་ལ་མཚོན་པ་དང༌། རྒྱལ་པོའི་ཕོ་བྲང་དེ་དང་འདྲ་བར་བསྟན་པའོ། །དང་པོ་ནི། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ཞེ་ན། ནམ་མ་ལངས་པ་ཉིད་ལའོ། །དེ་གང་ཞེ་ན། སྐབས་འདིར་ནི་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་ནམ་མ་ལངས་པ་དེ་ཡིན་ནོ། །གནས་སྐབས་གང་ལ་དེ་བྱེད་པ་པོ་ཡིན་ཞེ་ན། བཙུན་མོའི་འཁོར་འདུག་པའི་གནས་དང་ལྟུང་བ་འབྱིན་པར་བྱེད་པའི་ལས་སུ་འབྲེལ་བ་ཉིད་ལའོ། །བཙུན་མོའི་འཁོར་ནི་བཙུན་མོ་ཉིད་དེ། བཙུན་མོའི་འཁོར་ལ་འོས་པའི་གོས་བགོས་ཏེ་ཞེས་གསུངས་པའི་ཕྱིར་རོ། །ནུབ་མོའི་སྐབས་སུ་འགྲོ་བ་ཁོ་ན་ལ་འདུ་ཤེས་དེ་བྱེད་པ་པོ་ཡིན་ནམ་ཞེ་ན། ལྟུང་བ་བསྐྱེད་པའི་ནུབ་མོ་དེའི་ཚེའི་སྐབས་མིན་པ་དུས་གཞན་གྱི་ཚེ་འགྲོ་བའི་སྐབས་ལ་ཡང་འདུ་ཤེས་བྱེད་པ་པོ་ཡིན་ནོ། །དེས་ན་ཉིན་མོ་སོང་ནས་མཚན་མོ་དེར་གནས་པ་ལ་ཡང་ལྟུང་བ་འགྱུར་རོ། །མཚན་མོ་དུ་མར་འབྲེལ་
བ་ལ་ལྟུང་བ་གཅིག་ཏུ་འགྱུར་རམ་ཞེ་ན། མཚན་མོ་རེ་ལ་ལྟུང་བ་ཐ་དད་པར་འགྱུར་རོ། །མཚན་མོ་ཆ་ཡང་གང་ཡང་རུང་བ་ལྟུང་བའི་བྱེད་པ་པོར་འགྱུར་གྱི། སྤང་ལྟུང་གི་སྐབས་སུ་བསྟན་པ་ལྟར་མཐའི་སྐད་ཅིག་མ་ཁོ་ན་ཡན་ལག་ཏུ་མི་དགོས་སོ། །གལ་ཏེ་འབྱུང་འཇུག་དུ་མ་བྱས་ན་འཇུག་ཐེབས་ཇི་སྙེད་བྱས་པའི་ལྟུང་བར་འགྱུར་ཏེ། སྦྱོར་བ་ཐ་དད་པའི་ཕྱིར་རོ། །མཚན་མོའི་དང་པོ་གང་ཞེ་ན། ཉི་མ་འདས་པའི་འོག་ཏུ་ཐུན་མཚམས་ཀྱི་འོད་དམར་པོ་འདས་པ་དེ་མཚན་མོའི་དང་པོ་ཡིན་ནོ། །གང་ནས་བརྩམས་ཏེ་བཙུན་མོའི་འཁོར་འདུག་པའི་གནས་ཡིན་ཞེ་ན། བཙུན་མོའི་འཁོར་འདུག་པའི་གནས་དེའི་སྒོའི་གཏན་པའི་མཐའ་གཏན་རྟེན་དང༌། གཏན་པའི་ཉེ་འཁོར་རྩ་བ་བརྟེན་པ་ནས་རྩེ་མོ་སྒོ་ལོགས་སུ་སླེབ་པའི་བར་དང་རྩེ་མོ་ཕྱིར་བཟློག་སྟེ་ཕུགས་ལོགས་སུ་སླེབ་པའི་བར་ཡིན་ནོ། །དེའི་ནང་གི་ངོས་ཀྱི་མཐའ་གཉིས་ནི། གནས་དེའི་དང་པོ་ཡིན་ནོ། །ཡུལ་གྱི་དབྱེ་བ་ནི། གལ་ཏེ་སྒོ་མ་བཅད་ན་ནི་ཉེ་འཁོར་གྱི་མཐའ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ལ། སྒོ་བཅད་ན་ནི་སྒོ་གཏན་གྱི་མཐའ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །དེ་ཡང་ནང་དུ་ཚུད་བློ་ཆེ་ཆུང་གིས་བཞག་སྟེ། ཊཱིཀྐར། བཙུན་མོའི་འཁོར་འདུག་པའི་གནས་ལ་གང་གི་ཚེ་སྒོ་བཙུགས་པར་རྣམ་པར་བཞག་པ་དེའི་ཚེ་ནི་སྒོའི་གཏན་པའི་ཉེ་འཁོར་གྱི་མཐའ་གཉིས་དང་པོ་ཡིན་ནོ། །གང་གི་ཚེ་བཙུན་མོའི་འཁོར་འདུག་པའི་གནས་ཀྱི་སྒོ་མ་བཙུགས་པར་རྣམ་པར་གཞག་པ་དེའི་ཚེ་ནི་འོབས་ལ་སོགས་པའི་ནང་གི་ངོས་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ་ཞེས་སོ། །ཕུགས་ལོགས་ཀྱི་ཉེ་འཁོར་ནི་ཉེ་འཁོར་བརྩིས་པ་ཙམ་ཡིན་ཏེ། དེ་ལྟ་མིན་ན་སྤྱོད་ལམ་བཞི་ཤོང་བ་ལ་ཕུགས་ལོགས་སུ་ཕྱིན་ཀྱང་ལྟུང་བ་མེད་པར་འགྱུར་
བའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ནི། རྒྱལ་པོའི་ཕོ་བྲང་དང༌། གྲོང་ཁྱེར་དག་གི་དང་པོ་ཡང༌། བཙུན་མོའི་འཁོར་གྱི་གནས་དེ་དང་འདྲ་བར་སྒོ་གཏན་གྱི་ཉེ་འཁོར་གཉིས་ཡིན་ནོ། །བཙུན་མོའི་འཁོར་འདུག་པའི་གནས་འབའ་ཞིག་ཏུ་མ་ཟད། རྒྱལ་པོའི་ཕོ་བྲང་གི་གནས་དང༌། རང་གི་ལུས་འབྲེལ་བར་འདུ་ཤེས་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གཉིས་པ་ནི། ནམ་མ་ལངས་བར་གྲོང་ཁྱེར་དང་རང་གི་ལུས་འབྲེལ་བར་འདུ་ཤེས་ན་སྦྱོར་བའི་ཉེས་བྱས་སོ། །གྲོང་ཁྱེར་དང་འབྲེལ་བ་ཐམས་ཅད་ལ་ཉེས་པ་འདིར་འགྱུར་རམ་ཞེ་ན། གལ་ཏེ་གྲོང་ཁྱེར་དང་འབྲེལ་བའི་བཙུན་མོའི་འཁོར་གྱི་གནས་སམ། རྒྱལ་པོའི་ཕོ་བྲང་དེར་འཇུག་པ་དེའི་དོན་ཉིད་ཡིན་ན། གྲོང་ཁྱེར་དང་འབྲེལ་བ་ལ་ཉེས་བྱས་སུ་འགྱུར་གྱི། དགོས་པ་གཞན་གྱི་ཕྱིར་ནི་ལྟུང་བ་མེད་དོ། །རྒྱལ་པོའི་ཕོ་བྲང་ལ་སོགས་པར་སྐྱ་རེངས་མ་ཤར་བར་དགེ་སློང་ལ་མ་སྨྲས་བར་འགྲོ་བ་འདི་ལ་ཅིག་ཤོས་དུས་མིན་པར་གྲོང་དུ་འགྲོ་བའི་ཁ་ན་མ་ཐོ་བ་དེ་ཡང་ཡོད་དོ། །གསུམ་པ་ནི། གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་བར་ཆད་དང༌། གདུལ་བྱ་འདུལ་བའི་དབང་གིས་འགྲོ་བ་ལ་ལྟུང་བ་མེད་པས། དེ་མིན་པར་འགྲོ་བ་ལའོ། །གཉིས་པ་བསླབ་བྱ་ནི། དགེ་སློང་གིས་ཤྭཀྱའི་དགེ་སློང་འོངས་སོ་ཞེས་སོགས་རྒྱལ་པོ་ལ་མ་བཟླུགས་མ་སྦྲན་པར་རྒྱལ་པོའི་ཕོ་བྲང་དུ་གྱ་ཚོམ་དུ་འཇུག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དོ།། །།གཉིས་པ་བསླབ་པ་ཁྱད་གསོད་ལས་གྱུར་པའི་སྤྱི་དོན། མཉན་ཡོད་དུ། དྲུག་སྡེ། སྒྱུ་ཐབས་ཀྱི་བསམ་པ། རྒྱུ་མཚན་ཡུལ་དེ་དག་ལ་གནོད་པ་ཡིད་བློང་བློང་པོར་བྱེད་པ་དང༌། བསྲུང་སྡོམ་ལ་གཡེལ་བར་འགྱུར་བས་སོ། །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་སོ་སོ་ཐར་པར་གཏོགས་པའི་བསླབ་པའི་གཞི་ཡིན་པ། གོ་བྱ་དགེ་སློང་ཆོས་དྲུག་ལྡན་གསོ་སྦྱོང་གི་
ལས་དེ་ལ་གཏོགས་པའོ། །བདག་ཉིད་གསོ་སྦྱོང་གི་ལས་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མིན་པ། གནས་དུས་གསོ་སྦྱོང་གི་ཚེ་ཡིན་པའོ། །ཀུན་སློང་བཞད་གད་ཡིན་ཡང་རུང་ཁྱད་དུ་གསོད་འདོད་པ། སྦྱོར་བ་འདི་ཡང་མདོའི་ནང་དུ་གཏོགས་པར་གཟོད་ཤེས་ཞེས་པའི་ཚིག་དྲུག་ལྡན། མཐའ་དོན་གོ་བའོ། །གཞུང་དོན་ལ་གསུམ། རྣམ་གཞག །ལྟུང་མེད། བསླབ་བྱའོ། །དང་པོ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་ལ་བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སོ་སོ་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། མདོ་འདོན་པ་དེ་ལན་གཉིས་ཉམས་སུ་མྱོང་ཞིང༌། ཡིད་རྨོངས་པ་མིན་པས་མདོ་གདོན་པ་འདི་ལ། ཆོས་འདི་ཡོད་པར་བདག་གིས་གཟོད་ཤེས་སོ་ཞེས་ཟེར་བ་དེ་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པའི་གཞི་འདྲ་བ་ཐམས་ཅད་ལ་མ་གུས་པའི་སེམས་བསྐྱེད་པ་དེ་ལ་ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་མ་གུས་པའི་སེམས་བསྐྱེད་ན་ལྟུང་བྱེད་དུ་འགྱུར་རོ། །རྫུན་དུ་སྨྲ་བ་ཉིད་ཡིན་ན་རྫུན་སྨྲ་བའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སེལ་བ་ནི། མཚན་གཞན་དགེ་སློང་མ་རྣམས་ཀྱི་འདོན་པའི་ཚེ་བསླབ་པའི་གཞི་ཐུན་མོང་བ་རྣམས་ལ་འདི་ཡང་མདོའི་ཁོངས་སུ་གཏོགས་པར་གཟོད་བདག་གིས་ཤེས་སོ་ཞེ་ན་ཉེས་བྱས་སོ། །མདོ་སྡེ་དང་ལྡན་པའི་བསླབ་པའི་གཞི་སྨྲ་བ་ན་དེ་སྐད་ཟེར་བ་ཡང་ཉེས་བྱས་སོ། །གཉིས་པ་ནི་མཚན་གཞན་གྱི་འདོན་པའི་ཚེ་དགེ་སློང་མའི་བསླབ་པའི་གཞི་ཐུན་མོང་མིན་པ་ལ་ནི། དེ་སྐད་སྨྲས་ཀྱང་ལྟུང་བ་མེད་དོ། །གསུམ་པ་ནི། སོ་སོ་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་གཟོད་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་དང༌། ཁོ་བོ་
ལ་འདིས་ཅི་བྱ་འདོད་པའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོས་སོ། །གནོད་སེམས་དང་རྣམ་འཚེའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོས་སོ་ཞེས་ཚིག་བརྒྱུད་པས་མ་གུས་པ་ཉེ་བར་བསྒྲུབ་པ་ལ་ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ། །རྙེད་པ་མིན་པའོ། །ཉེས་པ་རྙེད་པའོ། །ལེགས་པ་མ་རྙེད་པའོ་ཞེས་འགྱོད་དུ་གཞུག་གོ །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། །།གསུམ་པ་སྣོད་སྤྱད་ཀྱི་བཟོ་བསྒྲུབ་པ་ལས་གྱུར་པའི་སྤྱི་དོན། མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོ། འདོད་ཞེན། རྒྱུ་མཚན་འདོད་པ་ཆེ་བ་དང༌། དོན་དང་བྱ་བ་མང་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་ཁབ་རལ་གྱི་རྒྱུ་རུང་བ། སོར་བཞི་ཡན་ཆད་དུ་ལོངས་པ། རང་གི་ཡིན་པ། སྔར་བཟོ་རྩོམ་མ་བྱས་པའོ། །ཀུན་སློང་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐའ་ཟིན་པའོ། །གཞུང་དོན་ལ་གསུམ་ལས། ཡན་ལག་གི་མཚན་ཉིད་ནི། གང་ལ་ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བ་སོ་དང་རུས་པ་དང་རྭའི་ཁབ་རལ་རང་གིས་བྱེད་དམ་གཞན་བྱེད་དུ་བཅུག་པ་ལ་ལྟུང་བྱེད་དུ་འགྱུར། བ་སོ་ལ་སོགས་པ་ནི་རིན་ཆེ་བས་བཀག་ལ། ལྕགས་ལ་སོགས་པ་ནི་ཆེས་རིན་ཆེ་བའི་ཕྱིར་བཀག །རིན་པོ་ཆེ་ལས་བྱས་པ་ནི་རུང་བ་མིན་པས་ཉེས་བྱས་སོ། །གཉིས་པ་ལྟུང་མེད་ནི། བ་སོ་སོགས་ལས་བྱས་ཟིན་པའི་ཁབ་རལ་གསར་དུ་རྙེད་པ་དང་བྱས་ཟིན་པ་ལ་སྤྱོད་པ་དག་ལ་ལྟུང་བ་མེད་དོ། །གསུམ་པ་ཕྱིར་བཅོས་པའི་ཐབས་ནི། གང་གི་མདུན་དུ་ལྟུང་བ་འཆགས་པའི་དགེ་སློང་དེས་ཁྱེད་ཀྱིས་ཁབ་རལ་དེ་བཅག་གམ་ཞེས་བཅག་པ་ཉིད་མ་དྲེིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་ལྟུང་བ་བྱེད་པ་པོས་ཁབ་རལ་དེ་མ་བཅག་པར་ལྟུང་བ་འཆགས་ན་ལྟུང་བ་མ་བཤགས་པ་ཡིན་ནོ། །བསླབ་པའི་གཞི་འོག་མ་ཁྲི་རྐང་འཆོས་པ་ཤིང་བལ་གྱིས་གོས་པ་གདིང་བ་རས་ཆེན་གཡན་པ་
དགབ་པ་ལྔ་པོ་དག་ལ་ཡང་དེ་དག་དང་བཅང་པ་དང་ལྡན་པ་ཉིད་མ་དྲིས་པར་བཤགས་པ་བླང་བར་བྱ་བ་མིན་ནོ། །དམིགས་བསལ་ནི། བསླབ་པའི་གཞི་གཉིས་པ་ཤིང་བལ་གྱིས་གོས་པར་བྱས་པ་ནི་བསྡུས་པ་མ་དྲིས་པར་འཆགས་པ་མི་བླང་ངོ༌། ཁབ་རལ་འཆོས་པའི་ལྟུང་བྱེད་དོ།། །།བཞི་པ་དགེ་འདུན་གྱི་གཞི་ལས་གྱུར་པ་ལ་གཉིས། བཟོད་སྒྲུབ་པ་ལས་གྱུར་པ་དང༌། གནོད་པ་ལས་གྱུར་པའོ། །དང་པོ་ལ་གཉིས་ལས། བསླབ་བྱ་ནི། ཁྲི་གང་ལ་ཉལ་བ་ན་མགོ་ས་ལ་རེག་པར་འགྱུར་བ་དེ་ལྟ་བུའི་རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ། ཉལ་བའི་མལ་དང་འབྲེལ་བའི་ཁྲིའི་ཉེ་འཁོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །ཐམས་ཅད་ཀྱིས་མི་བཀྲུའམ་ཞེ་ན། ཉེ་འཁོར་ན་ལྷམ་ཡུ་ཆད་སོགས་ཡོད་པས་མི་བཀྲུའོ། །ཉེ་འཁོར་ན་ལྷམ་ཡོད་པ་ལས་གཞན་མེད་པ་རྣམས་ཀྱིས་མགོ་ལོགས་མ་གཏོགས་པ་དང་རྐང་པ་ལོགས་མ་གཏོགས་པ་གཡས་གཡོན་དུ་བཀྲུ་བར་མི་བྱའོ། །རྩ་བ་བུ་གར་གཞུག་པ་མ་གཏོགས་པ་ཁྲུ་གང་ལས་ལྷག་པའི་མལ་སྟན་མཐོན་པོ་དང༌། གསེར་དངུལ་ལ་སོགས་རིན་པོ་ཆེ་ལས་བྱས་པའི་མལ་སྟན་ཆེན་པོ་ལ་རྐྱེན་དགོས་མེད་པར་འདུག་པའམ་གློས་ཕབ་སྟེ་ཉལ་བར་མི་བྱའོ། །ཁྱིམ་པའི་ཁྱིམ་གཞན་དུ་མལ་སྟན་མཐོན་པོ་དང༌། ཆེན་པོ་ལས་གཞན་མེད་ན་འདུག་པའམ་ཉལ་བར་མི་བྱའོ་ཞེས་པའི་སྔ་མ་ཤོས་འདུག་པ་ཙམ་བྱའི་ཉལ་བར་མི་བྱའོ། །ཕྱོགས་གཅིག་མཐོ་བ་ཙམ་གྱིས་མལ་སྟན་མཐོན་པོར་མི་འགྱུར་བས་མགོ་བོའི་ཕྱོགས་ཀྱི་ཁྲིའི་རྐང་པ་རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ། །ཁྲིའི་སྟེང་དུ་ཁྲི་བཞག་པའི་ཁྲི་བརྩེགས་མའི་སྟེང་དུ་འདུག་པར་མི་བྱའོ། །གཉིས་པ་ཡན་ལག་གི་མཚན་ཉིད་ཀྱི་སྤྱི་དོན། མཉན་ཡོད་དུ། དྲུག་སྡེ་ལྷག་
འཚོལ་བའོ། །རྒྱུ་མཚན་ལོངས་སྤྱད་དུ་མི་རུང་པས་དགེ་འདུན་ལ་གནོད་པ་དང་ཆུད་ཟ་བ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་དགེ་འདུན་མཚན་ཉིད་པའི་ཁྲི་རྐང་གི་རྒྱུ་རུང་བ་བུ་གར་གཞུག་པ་མ་གཏོགས་པ་ཁྲུ་གང་ལས་སོར་ཕྱེད་ཡན་ལས་ལྷག་པའི་ཚད་དུ་ལོངས་པ་སྔར་བཟོ་རྩོམ་མ་བྱས་པའོ། །གཞན་གསུམ་འདྲའོ། །གཞུང་དོན་ནི། གང་ལ་ཁྲི་རྐང་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཚད་ལས་ལྷག་པའི་ཁྲིའི་རྐང་པ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་པ་ལའོ། །བསླབ་པའི་གཞི་འདིའི་གཉིས་པ་ཤིང་བལ་གྱིས་གོས་པར་བྱེད་པའི་འོག་མ་གདིང་བ་དང་རས་ཆེན་དང༌། གཡན་པ་དགབ་པ་ལས་གྱུར་པ་གསུམ་པོ་དག་ལ་ཡང་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བྱེད་དོ། །གང་གི་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་འཇུག་པ་ལ་ཞེ་ན། རྐང་པ་དག་གི་ཚད་ལས་ལྷག་པའོ། །གང་གི་རྐང་པ་དག་ཅེ་ན། ཁྲིའམ་ཁྲིའུ་དག་གི་རྐང་པའོ། །སུའོ་ཞེ་ན། དགེ་འདུན་གྱིའོ། །འོག་མ་རས་བལ་གྱིས་གོས་པར་བྱས་པ་ལ་ཡང་ཁྲིའམ་ཁྲིའུ་དག་ལའོ་དགེ་འདུན་གྱིའོ་རྐང་པ་དག་གིའོ་ཞེས་སྦྱར། ཁྲི་དང་ཁྲིའུ་རྐང་པ་དེ་དག་གི་ཚད་ནི། བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་སྲིད་དུ་ཁྲུ་གང་ངོ༌། །ཁྲུའི་ཚད་ཇི་ལྟ་བུ་ཞེ་ན། བདེ་བར་གཤེགས་པའི་ཁྲུའི་སུམ་ཆས་རྣམ་པར་བཞག་གོ །བསླབ་པའི་གཞི་འོག་མ་ཤིང་བལ་གྱིས་གོས་པ་དང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་མ་གཏོགས་པ། གདིང་བ་དང་གཡན་པ་དགབ་པ་དང་དབྱར་གྱི་རས་ཆེན་གསུམ་ལ་ཡང་ཁྲིའི་ཚད་ནི་བདེ་བར་གཤེགས་པའི་ཁྲུའི་སུམ་ཆའོ། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དོ།། །།གཉིས་པ་གནོད་པ་ལས་གྱུར་པའི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ། ཞེ་དཀུ །ཡན་ལག་ལ་བཞི་ལས། གཞི་ལ། དངོས་པོ་དགེ་འདུན་མཚན་ཉིད་པའི་གནས་མལ་རུང་ཚད་ལྡན་གོས་པར་བྱེད་པ་ལུས་
སམ་གནས་མལ་ལ་གནོད་པར་བྱེད་བའི་ཤིང་བལ་ཡིན་པ། གཉིས་འདྲ། མཐའ་སུམ་ཆ་ཙམ་གོས་པའོ། །གཞུང་དོན་ནི། གང་ལ་ཤིང་བལ་གྱིས་གོས་བར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རང་ཉིད་ཀྱིས་གོས་པར་བྱས་པ་དགོས་སམ་ཞེ་ན། རང་ངམ་རང་གིས་བསྐོས་པས་གོས་པར་བྱས་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །འདིར་ཤིང་བལ་ཇི་ལྟ་བུ་ཞེ་ན། ཤིང་བལ་ནི་ལྔ་སྟེ། ཤལ་མ་ལིའི་དང༌། ཨརྐའི་དང༌། ཨ་ཤ་ཀའི་དང༌། སྤྲ་བའི་དང༌། ཨེ་ར་ཀའི་ཤིང་བལ་ལོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དོ།། །།ལྔ་པ་གོས་བཟོ་བསྒྲུབ་པ་ལས་གྱུར་པ་ལ་བཞི་ལས། གདིང་བ་ལས་གྱུར་བའི་སྤྱི་དོན། མཉན་ཡོད་དུ། རབ་ཏུ་མང་པོ། ཚད་མི་ཤེས་པ། རྒྱུ་མཚན་འདོད་ཞེན་ཆེ་བ། དགེ་བའི་བར་ཆད་དུ་འགྱུར་བ། ལོངས་སྤྱད་དུ་མི་རུང་བས་ཆུད་ཟ་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། གདིང་བའི་རྒྱུ་རུང་བ་ཚད་ལྡན་རང་དབང་བ། རྙིང་པ་དང་སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པ། གསུམ་འདྲ། གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། གང་ལ་གདིང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། གདིང་བའི་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་རོ། །གདིང་བའི་ཚད་གང་ཞེ་ན། གདིང་བ་འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ། །ཁྲུ་གསུམ་གྱིས་མི་ཆོག་ན། སྲིད་དུ་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་དོ། །གདིང་བ་འདིའི་ཞེང་གི་ཚད་དུ་ནི་ཁྲུ་དོ་དང་སོར་དྲུག་གོ །གཉིས་པ་སེལ་བ་ནི། གདིང་བའི་ཆུ་ཞེང་ཇི་སྐད་བཤད་པ་ལས་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །འོག་མ་གཡན་པ་དགབ་པ་དང༌། དབྱར་གྱི་རས་ཆེན་གཉིས་ལ་ཡང་ཚད་ལས་ཆུང་བ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དོ།། །།གཡན་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ལ། གང་ལ་གཡན་
པ་དགབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། གཡན་པ་དགབ་པའི་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །གཡན་པ་དགབ་པའི་ཚད་ནི། སྲིད་དུ་ཁྲུ་དྲུག་དང༌། ཞེང་དུ་ཁྲུ་གསུམ་མོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།གང་ལ་དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དབྱར་གྱི་རས་ཆེན་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་རོ། །དེའི་ཚད་ནི་སྲིད་དུ་ཁྲུ་དགུ་དང༌། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དོ།། །།བཞི་པ་བདེ་བར་གཤེགས་པའི་ཆོས་གོས་ལས་གྱུར་པའི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ། ཉོན་མོངས་པ་བླ་མ་ལྟར་བཅོས་པ། ཉེས་པ། བདེ་གཤེགས་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ། །རྒྱུ་མཚན་བླ་མ་ལྟར་བཅོས་པ་དང༌། དེ་འཚོལ་འཚོལ་ནས་དགེ་བའི་བར་ཆད་དུ་འགྱུར་བ་སོགས། ཡན་ལག་ལ་ཆོས་གོས་གསུམ་གྱི་རྒྱུ་ཡིན་པ། བདག་ཉིད་དེའི་སྐུ་ཙམ་མེད་པ་ཞེས་སྦྱར། གཞན་འདྲའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི། སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ། ཕལ་པའི་ཁྲུ་བཅོ་ལྔ་དང༌། ཞེང་དུ་སྟོན་པའི་ཁྲུ་གསུམ། ཕལ་པའི་ཁྲུ་དགུ་པའི་ཆོས་གོས་སོ། །གང་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བདེ་བར་གཤེགས་པ་དེའི་སྐུ་ལུས་ཀྱི་ཚད་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་དེའི་ཚད་དམ་དེའི་ཚད་ལས་ལྷག་པའི་ཆོས་གོས་དེ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་བསླབ་བྱ་ནི། བདེ་བར་གཤེགས་པའི་ཆོས་གོས་སམ། དེ་ལས་ལྷག་པ་དེ་རང་གི་ལུས་དང་འབྲེལ་བས་སམ་གཞན་ཡང་རུང་སྟེ་བྱིན་གྱིས་བརླབས་ནས་སམ། རྣམ་པར་བརྟགས་ནས་སམ། རྣམ་པར་མ་བརྟགས་པར་བཅང་བར་མི་བྱའོ། །ཁབ་རལ་ལ་
སོགས་བདུན་པོ་འདི་སྤང་བར་མ་བཅས་པ་ནི་བཅག་པ་སོགས་མ་བྱས་ན་སྤང་བྲལ་སྔོན་དུ་བཏང་ཡང་བཤགས་པ་མི་འཆགས་ལ། དེ་དག་བྱས་ན་སྤང་བྲལ་མི་དགོས་པའི་ཕྱིར་རོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །།བཞི་པ་སོ་སོར་བཤགས་པའི་སྡེ་ལ་གཉིས། དགེ་སློང་མའི་གཞི་ལས་གྱུར་པ་དང༌། ཁྱིམ་པའི་གཞི་ལས་གྱུར་པའོ། །དང་པོ་ལ་གཉིས་ལས། དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ཀྱི་སྤྱི་དོན། མཉན་ཡོད་དུ། ཉེར་དགའ། ཉོན་མོངས་པ་བག་མ་གཞུག་གིས་མཐོ་འཚམས་པ། རྒྱུ་མཚན་ཐུན་མོང་བ་དང་ཡུལ་དེ་ལ་གནོད་པ། ཡན་ལག་ལ་བཞི་ལས། གཞི་ལ། དགེ་སློང་མ་ཆོས་བརྒྱད་ལྡན་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་གསུམ་གང་རུང་ན་འདུག་པ། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ། རུང་ཚད་ལྡན་དགེ་སློང་མ་དེ་ཉིད་ཀྱིས་མི་འབྲིམ་པའི་རྣམ་པས་ཕུལ་བ། བདག་ཉིད་ཀྱང་གནས་གསུམ་པོ་གང་རུང་ན་འདུག་པ་ཀུན་སློང་ལེན་པར་འདོད་པ། སྦྱོར་བ་དངོས་སུ་ལེན་པར་རྩོམ་པ། མཐའ་ཟོས་པར་གྱུར་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ན། དགེ་སློང་མ་ཉིད་དང་ཉེ་དུ་མིན་པ་ཉིད་ལའོ། །ཅི་ཞིག་བྱས་ན་བྱེད་པ་པོ་ཡིན་ཞེ་ན། ཉེ་དུ་མ་ཡིན་པའི་དགེ་སློང་མ་གྲོང་ངམ་གཞན་གང་ཡང་རུང་བ་ན་འདུག་པས། རང་གི་ལག་གིས་གཞན་ལ་མི་འབྲིམ་པའི་རྣམ་པས་བདག་ཉིད་ཀྱི་དོན་དུ་བསྒྲུབས་ཤིང་ཕུལ་བའི་བཅའ་བ་དང་བཟའ་བ་དག་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་བདག་ཉིད་གྲོང་ན་འདུག་པས་རང་གི་ལག་གིས་བླངས་ཏེ་གནས་གང་ཡང་རུང་བར་འདུག་ནས་ཟོས་
ན་དངོས་གཞིར་འགྱུར། ཊཱིཀྐར། དགེ་སློང་ལམ་པོ་ཆེ་ན་འདུག་པས་དགེ་སློང་མ་གང་ཡང་རུང་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཞིང་ཟ་བར་བྱེད་ན་དངོས་གཞིར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ལམ་པོ་ཆེ་ན་འདུག་པ་མིན་པས་དགེ་སློང་མ་ལམ་པོ་ཆེ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཞིང་ཟ་བར་བྱེད་ན་ནི་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གཙུག་ལག་ཁང་ན་འདུག་པས་དགེ་སློང་མ་གྲོང་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་པ་དེ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་སེལ་བ་ནི། དགེ་སློང་མའི་དབྱར་ཁང་ནི་གྲོང་ཉིད་མིན་པས་དགེ་སློང་དེ་ན་འདུག་པས་ལེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་གི་གནས་ཀྱང་གྲོང་ཉིད་མིན་པས་དགེ་སློང་དེ་ན་འདུག་པས་ལེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་གྲོང་གི་སྟེང་གི་ནམ་མཁའ་ལ་འདུག་སྟེ་བླངས་ནས་ཟ་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །དགེ་སློང་མས་ཟས་གྲོང་དུ་བཞག་ནས་གུད་དུ་སོང་སྟེ་ཟས་འཇོག་པར་བྱེད་པ་དགེ་སློང་མ་ཉེ་བར་མི་གནས་པ་ན་དགེ་སློང་གིས་གཞག་པའི་ཟས་ལེན་པ་ནི་འཇོག་པར་བྱེད་པ་དེ་ལས་བླངས་པ་མིན་ནོ། །དེས་ན་ཡིད་གཅུགས་པས་ལེན་ན་ལྟུང་བ་མེད་ཅིང་དེ་ལས་གཞན་པས་ལེན་ན་མ་བྱིན་ལེན་དུ་འགྱུར་རོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ།། །།གཉིས་པ་མ་བཟློག་པར་ཟ་བའི་སོར་བཤགས་ཀྱི་སྤྱི་དོན། མཉན་ཡོད་དུ། དྲུག་སྡེ་ཉོན་མོངས་པ་ངོ་བཟློག་མི་ཕོད་པ། རྒྱུ་མཚན་ལྷག་པོ་བླངས་བས་སྦྱིན་བདག་ལ་གནོད་པ་དང༌། དགེ་སློང་གཞན་གྱི་སྐལ་བ་ཆད་པ་དང༌། དགེ་སློང་མ་དང་ཐུན་མོང་བའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཁྱིམ་པ་ཐ་སྙད་ལྔ་ལྡན་ཉེ་དུ་མིན་པ། རང་ངམ་དགེ་སློང་མ་ལས་རྫས་ཐ་དད་པ། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན་བསྐོ་ཤམ་བྱེད་པ། དགེ་སློང་མ་བདུན་ལྡན་ཚིག་གདགས་སུ་རུང་བ་ན་འདུག་པ་དང༌། སྐོ་ཤམ་བྱེད་པ་ལ་
ཞུགས་པ་དང༌། གང་ཡང་རུང་བས་མ་བསྒོ་བའོ། །གྲོགས་དགེ་སློང་དྲུག་ལྡན་རང་དང་གསུམ་ཡན་ཆད་དོ། །བདག་ཉིད་དེའི་ཚིག་གིས་སམ་དེའི་ཉེ་དུས་བོས་པ་མིན་པའོ། །ཀུན་སློང་ལེན་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བླངས་ཏེ་ཟར་རྩོམ་པ། མཐའ་མགུལ་དུ་མིད་པའོ། །གཞུང་དོན་ལ་གཉིས། རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གསུམ། ཡན་ལག་གི་མཚན་ཉིད་དམིགས་བསལ་དང་བཅས་པ། སེལ་བ། འདུ་ཤེས་བྱེད་པ་པོར་བསྟན་པའོ། །དང་པོ་ནི། འདིའི་བྱེད་པ་པོ་གང་ཞེ་ན། ལྟུང་བ་འབྱིན་པ་པོའི་དགེ་སློང་དེའམ། དགེ་སློང་གཞན་ལ་འདི་ལ་བཅའ་བའམ། བཏུང་བའམ་སྲན་ཚོད་དམ་བཟའ་བ་བྱིན་ཅིག །ཡང་ལྷག་པོ་བྱིན་ཅིག །ཅེས་བྱ་བ་ལ་སོགས་པས་བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ནི་བྱེད་པ་པོ་ཡིན་ནོ། །དེ་ལྟ་བུའི་དགེ་སློང་མ་འདུག་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། གལ་ཏེ་བསྐོ་ཤམ་བྱེད་པའི་དགེ་སློང་མ་དེའི་ཚིག་གིས་མགྲོན་དུ་བོས་སམ། དགེ་སློང་མ་དེའི་ཉེ་དུས་མགྲོན་དུ་བོས་པ་མིན་པ་དེ་བྱེད་པ་པོ་ཡིན་ནོ། །དམིགས་བསལ་ནི། དགེ་སློང་མས་འདིར་བྲིམས་ཤིག་དེའི་འོག་ཏུ་འདིར་བྲིམས་ཤིག་ཅེས་སོགས་མདུན་གྱི་བྱུག་རིས་སྟོན་པ་དང༌། མ་བྱིན་པ་ལ་འདིར་བྱིན་ཅིག་ཅེས་སྦྱིན་དུ་འཇུག་པ་ནི་མ་གཏོགས་ཏེ་ཉེས་པ་མེད་དོ། །ཅི་ཞིག་བྱས་ན་བྱེད་པ་པོ་ཡིན་ཞེ་ན། བསྐོ་ཤམ་བྱེད་པའི་དགེ་སློང་མ་དེ་ལ་མ་བསྒོ་བར་དགེ་སློང་གིས་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར། སུས་མ་བསྒོ་བར་ཞེ་ན། ལྟུང་བ་འབྱིན་པ་པོའམ་དེ་ལས་གཞན་པའི་དགེ་སློང་གང་ཡང་རུང་བ་སྟོན་མོ་དེའི་ནང་དུ་སྔར་ཟན་ཟོས་ཟིན་ནས་ལངས་པ་ད་ལྟ་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་མ་བསྒོས་པར་རོ། །ཅི་ཞིག་མ་བསྒོས་པར་ཞེ་ན། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར་རོ། །དགེ་སློང་ཇི་སྙེད་ཅིག་ལ་ལྟུང་བར་
འགྱུར་ཞེ་ན། གཉིས་མན་ཆད་ལ་ནི་ན་སྨད་ཡིན་པས་དགེ་སློང་གསུམ་ལ་སོགས་པ་ཡན་ཆད་མགྲོན་དུ་བོས་པས་ཟོས་པ་དེ་ཐམས་ཅད་ལ་ཁ་ན་མ་ཐོ་བ་དེར་འགྱུར་རོ། །གནས་གང་དུ་ཟོས་ན་འགྱུར་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པའི་ཁྱིམ་དུ་མགྲོན་དུ་བོས་པ་ཟོས་ན་ཡིན་གྱི་གཞན་དུ་མིན་ནོ། །དགེ་སློང་མ་ཐག་ཇི་ཙམ་ན་འདུག་པ་ཁ་ན་མ་ཐོ་བའི་བྱེད་པ་པོ་ཡིན་ཞེ་ན། གལ་ཏེ་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་པའི་ཚིག་དེ་དགེ་སློང་མ་དེ་ལ་ཉེ་བར་གདགས་སུ་རུང་བའི་སོ་ན་འདུག་ནས་མ་བསྒོས་པར་ཟ་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གཉིས་པ་ནི། གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་མི་རུང་བའི་ས་ན་འདུག་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གསུམ་པ་ནི། བསླབ་པའི་གཞི་འདི་ལ་དགེ་སློང་མ་ལ་བསྒོོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོའོ། །དེས་ན་དགེ་སློང་མ་བསྐོ་ཤམ་བྱེད་པར་འདུ་ཤེས་ནས་མ་བསྒོ་བར་ཟ་ན་ཉེས་པར་འགྱུར་ལ། མི་ཤེས་ན་ལྟུང་བ་མེད་དོ། །གཉིས་པ་བསླབ་བྱ་ནི། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པ་དེའི་ཕྱིར། དགེ་སློང་མ་བསྐོ་ཤམ་བྱེད་པར་འདུ་ཤེས་ན་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བ་ལ་བརྩོན་པར་བྱའོ། །འདྲི་བ་འདི་ལ། རྒན་པས་འཇུག་པར་བྱ་ཞིང་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ།། །།གཉིས་པ་ཁྱིམ་པའི་གཞི་ལས་གྱུར་པ་ལ་གཉིས་ལས། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ལ་གསུམ་ལས། བསླབ་བྱ་ནི། ཁྱིམ་བདག་དད་པ་ཅན་ལ་གལ་ཏེ་དགེ་འདུན་ལ་བྱིན་ན་དེ་ཡོ་བྱད་ཀྱིས་ཕོངས་པར་འགྱུར་བ་ལྟ་ན། དགེ་འདུན་གྱིས་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །གང་གིས་སྦྱིན་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་སོ། །སྡོམ་པ་དེ། སླར་གཞིག་ཅིང་བག་ཡངས་སུ་བྱ་བ་ཡང་གསོལ་
བ་འབའ་ཞིག་གི་ལས་ཀྱིས་བྱའོ། །བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་སེམས་རྟོགས་ནས་དེའི་ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུག་པ་དང་ཆོས་བསྟན་པ་དག་བྱའོ། །དགེ་སློང་ལྷུང་བཟེད་སྟོང་པས་དེའི་ཁྱིམ་དུ་འཇུག་པར་མི་བྱའོ། །སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་བྱིས་པ་ཟས་སློང་བ་དག་ལ་སྣུམ་འཁུར་དག་སྦྱིན་པར་བྱ་ཞིང་བསོད་སྙོམས་རིམ་གྱིས་ནི་མི་སྦྱིན་ནོ། །གལ་ཏེ་དད་པ་ཅན་དེ་འདོད་ན་ཁྱིམ་གྱི་སྡོམ་པ་དེ་བག་ཡངས་སུ་བྱ་ཞིང་གཞིག་པར་བྱའོ། །གཉིས་པ་རྣམ་གཞག་གི་སྤྱི་དོན། ཡངས་པ་ཅན་དུ། དྲུག་སྟེ། ཉོན་མོངས་པ་འགྲན་འཚོལ་བ། རྒྱུ་མཚན་དགེ་འདུན་གྱི་བཀའ་བཅག་པ་དང༌། སྦྱིན་བདག་ལ་གནོད་པ་སོགས། ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་བསླབ་པའི་སྡོམ་པ་བྱིན་པ་རྫས་ཐ་དད་པ། དངོས་པོ་དུས་རུང་གི་བཅའ་བའམ་བཟའ་བ་རུང་ཚད་ལྡན་དེ་ཉིད་ཀྱི་ཡིན་པ། ལ་ཕུག་ལ་སོགས་པ་མོད་པ་མིན་པའོ། །བདག་ཉིད་སྡོམ་པ་བྱིན་པའི་མདུན་དུ་མགྲོན་དུ་བོས་པ་མིན་པ། གསུམ་འདྲའོ། །གཞུང་དོན་ནི། བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་ཏུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གསུམ་པ་ལྟུང་མེད་ནི། བཅའ་བ་སོགས་གང་རུང་ཟོས་པ་ལ་འགྱུར་རམ་ཞེ་ན། ག་གོན་དང་ལ་ཕུག་དང་སྔོ་ལྡམ་ལྡུམ་མོད་པ་དག་ཅི་རན་དུ་བླངས་བས་དེ་ལ་གནོད་པར་མི་འགྱུར་བ་ནི་མ་གཏོགས་སོ། །དེའི་རུང་མཐུན་དོ་གསུམ་འདུས་ཟ་རིང་འདུག་པ་ལའང་སྦྱར་རོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའོ།། །།གཉིས་པ་ནགས་བརྟག་ལ་གཉིས་ལས། བསླབ་བྱ་ནི། ཆོམ་རྐུན་པ་ཡོད་མེད་རྟོག་པའི་ནགས་མྱུལ་བའི་དགེ་སློང་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་ཚུལ་ལ་སོགས་པ་ཡིད་
བརྟན་ཏུ་མི་རུང་བས་མི་བསྐོའོ། །ནགས་ནི་དགོན་པར་གྱུར་པ་ཙམ་ལ་དགོངས་ཏེ་གསུངས་པ་ཡིན་གྱི་ཤིང་ལྗོན་པའི་ཚོགས་ཐིབས་པོ་འབའ་ཞིག་ལ་མི་བྱའོ། །བསྐོས་པའི་དགེ་སློང་དེས་ཇི་ལྟར་བྱ་ཞེ་ན། བསྐོས་པའི་དགེ་སློང་དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །གལ་ཏེ་ཆོམ་རྐུན་གྱི་འཇིགས་པ་དང་བཅས་པ་ཡིན་ན་དུང་བརྡ་གཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདའ་མའི་ཆང་བུ་དག་ལམ་ཁར་གཞག་པར་བྱའོ། །གསུམ་པོ་འདི་འཇིགས་པ་ཆུང་འབྲིང་ཆེན་པོའི་བརྡ་ཡིན་ཟེར། འཇིགས་པ་དང་བཅས་པ་ལས་གཞན་དུ་འཇིགས་པ་མེད་པར་གྱུར་ན་བ་དན་དཀར་པོ་དག་བསྒྲེང་བར་བྱའོ། །ནགས་མྱུལ་བའི་དགེ་སློང་དེ་འདོད་པ་ཉིད་ཡིན་ན། དེ་ལ་ཁྱེའུ་སུས་དང་གྲོགས་དག་ཀྱང་སྦྱིན་པར་བྱའོ། །གཉིས་པ་རྣམ་གཞག་གི་སྤྱི་དོན། སེར་སྐྱར། དྲུག་སྡེ། བདག་ཉིད་འགེངས་ཤིང་དགེ་འདུན་གྱི་དོན་ཡལ་བར་འདོར་བ། ནགས་མ་མྱུལ་བར་ཟས་བླངས་ཏེ་ཟོས་པའོ། །ཡན་ལག་ལ་བཞི་ལས། གཞི་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པ། དངོས་པོ་འདྲ། གནས་གྲོང་ངམ་གཙུག་ལག་ཁང་ནས་རྒྱང་གྲགས་ཀྱི་ཕྱི་རོལ་ཡིན་པ་འཇིགས་པ་དང་བཅས་པའོ། །བདག་ཉིད་དགོན་པ་བ་མིན་པ། རང་གཞན་གྱིས་མ་བསྲུངས་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བ། ཀུན་སློང་བླངས་ཏེ་ཟར་འདོད་པ། སྦྱོར་བ་ཟར་རྩོམ་པ། མཐའ་མགུལ་དུ་མིད་པ་རྫོགས་པའོ། །གཞུང་དོན་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། འདིའི་བྱེད་པ་པོ་གང་ཞེ་ན། ཤེས་གཙོའོ། །གང་ལ་ན། ནགས་མ་མྱུལ་བ་ཉིད་ལའོ། །ཊཱིཀྐར། རེ་ཞིག་བདག་གི་དོན་ནི་གྲུབ་ཟིན་གྱི། དགེ་འདུན་སྦྱིན་པ་པོའི་གནོད་པ་བསྲུང་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་ཞེས་བདག་ཉིད་བཀོད་པ་ཙམ་གྱིས་ཆོག་པར་འཛིན་ཅིང་འཇིགས་པ་དང་བཅས་པའི་གནས་སུ་ཟས་བླངས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་གསུངས་པས་བསྐོས་
པ་ཁོ་ན་ལ་འདི་འབྱུང་ཟེར། ཅི་ཞིག་བྱས་ན་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དགེ་སློང་ཀུན་དགའ་ར་བ་ན་གནས་པས་དེའི་ཕྱི་རོལ་གྱི་དགོན་པ་རྒྱང་གྲགས་གཅིག་གི་མཐར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ནའོ། །གཉིས་པ་སེལ་བ་ནི། དགེ་སློང་གིས་ནགས་འཇིགས་པ་མེད་པ་ཉིད་དུ་མྱུལ་བ་སྦྱིན་བདག་བསྲུང་བ་བསྒྲུབས་ནས་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་སོགས་བླངས་ཏེ་ཟོས་ན་ཕྱེད་ཉིད་དེ་ཉེས་བྱས་སོ། །བསྲུང་བ་མ་བསྒྲུབས་ཀྱང་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པ་འཇིགས་པ་དང་བཅས་པའི་གནས་ལས་གཞན་དུ་གྱུར་པ་ཉིད་དུ་ཟས་བླངས་ཏེ་ཟ་བ་ཡང་ཕྱེད་ཉིད་དོ། །གསུམ་པོ་འདི་ལ་རང་གིས་ཞེས་མ་སྨོས་པས་སྤྲིང་ཡིག་ལ་སོགས་པས་བླངས་ཀྱང་འདྲའོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ། །སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །།ཉེས་བྱས་ཀྱི་སྡེ། ལྔ་པ་བསླབ་བྱ་ཉེས་བྱས་ཀྱི་སྡེ་ལ་དགུ །གོས་བགོ་བའི་སྡེ་དང༌། སྤྱོད་ཡུལ་དུ་འགྲོ་བའི་དང༌། སྟན་ལ་འདུག་པའི་དང༌། ཟས་བླང་བའི་དང༌། ཟས་བཟའ་བའི་དང༌། ལྷུང་བཟེད་ལ་སྤྱད་པའི་དང༌། ཆོས་བསྟན་པའི་དང༌། བསྒྲུབ་པས་ཚུལ་ལས་གྱུར་པའི་དང༌། རྒྱུ་བ་དགག་པའི་སྡེའོ། །དང་པོ་ནི། དགེ་སློང་གིས་ཤམ་ཐབས་མཐང་གོས་ཅི་ནས་ཀྱང་མ་མཐའི་ཁ་མཉམ་པའི་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བྱའོ། །ཧ་ཅང་བརྩེངས་པ་པུས་གོང་དུ་ཐལ་བ་མིན་པར་ཟླུམ་པོར་བགོ་བར་བྱའོ། །ལོང་བུའི་ཚིགས་ལ་རེག་པའི་ཧ་ཅང་འཇོལ་བ་མིན་པར་རོ། །གྲ་ཟུར་དག་གླང་པོ་ཆེའི་སྣ་ལྟར་ནར་ཞིང་འཕྱང་བ་མིན་པར་རོ། །ལྟེ་བའི་གོང་དུ་ཏ་ལའི་ལོ་མ་ལྟར་མ་ལྟེབས་པར་རོ། །གློ་ནས་ཕྱི་རོལ་གྱི་རིམ་པའི་གྲ་འབྲུའི་ཕུར་མ་ལྟར་འདུག་པ་མིན་པར་རོ། །མདུན་གྱི་ལྟེ་བའི་འོག་ཏུ་ཤམ་ཐབས་ཀྱི་ནང་དང་འབྲེལ་བའི་རིམ་པ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མིན་པར་
ཟླུམ་པོར་བགོ་བར་བྱའོ། །ཆོས་གོས་བླ་གོས་དང་སྣམ་སྦྱར་ཅི་ནས་ཀྱང་ཟླུམ་པོར་འདུག་པ་དང༌། ཧ་ཅང་བརྩེངས་པ་མིན་པ་དང༌། ཧ་ཅང་འཇོལ་བ་མིན་པ་ཤམ་ཐབས་བགོ་བའི་ཚུལ་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ། །གཉིས་པ་ནི། རྐང་ལག་རྐྱོང་བ་སོགས་མི་བྱ་བར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ། །འོག་མ་རྣམས་ལ་ཁྱིམ་གཞན་དུ་ཞེས་སྦྱར། ཤམ་ཐབས་དང་སྟོད་གཡོགས་ལེགས་པར་བགོས་ཤིང་ངོ༌། །ཅ་ཅོའི་སྒྲ་སྐྱུང་ཞིང་ངོ༌། །མིག་ཐག་རིང་པོར་བལྟ་བ་སོགས་གཡེང་བར་མི་བྱ་ཞིང་ངོ༌། །འོ་ན་ཇི་ལྟར་བྱ་ན། མིག་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ༌། །རས་ལ་སོགས་པས་མགོ་མི་གཡོག་པའི་རྣམ་པས་སོ། །འདོམས་སྣང་བ་ཙམ་དུ་ཤམ་ཐབས་མི་རྫེ་པར་རོ། །ཆོས་གོས་ཕྲག་པའི་ཕྱོགས་སུ་བཞག་ཅིང་མི་གཟར་བར་རོ། །རྣམ་འབྱེད་འགྲེལ་བ་ལས། ཆོས་གོས་ཟླུམ་པོ་གྱོན་པ་ལས་ཕྲག་པ་གཡོན་པ་སོགས་ཕྲག་ལ་གཟར་པའོ་ཞེས་དང༌། ཤེས་རབ་བྱེད་པར། ཆོས་གོས་ཐ་མ་གཉིས་ཕྲག་པ་གཡས་གཡོན་དུ་གཟར་ཞིང་གྲོང་དུ་མི་འགྲོའོ་ཞེའོ། །གཉའ་བའམ་ཕྲག་པའི་གོང་དུ་ལག་པ་གཉིས་ཕན་ཚུན་མི་བསྣོལ་བར་རོ། །ལྟག་པར་ལག་པ་གཉིས་ཕན་ཚུན་མི་བསྣོལ་བར་རོ། །སྤྲེའུ་ལྟར་མི་མཆོང་བར་རོ། །འཕྲ་བརྡེག་པ་ལྟར་སྒྱིད་པ་མི་རྐྱང་པར་རོ། །ཙོག་བུས་འགྲོ་བ་མིན་པར་རོ། །རྐང་པའི་རྟིང་པ་བཏེག་སྟེ་བྲང་བས་འགྲོ་བ་མིན་པར་རོ། །ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ནས་གྲུ་མོ་བརྐྱངས་ཏེ་འགྲོ་བ་དཀུར་མི་བརྟེན་པར་རོ། །ལུས་ཀྱོག་པོར་མ་བསྒྱུར་བར་རོ། །ལག་པ་མི་ཀྱོག་པར་རོ། །མགོ་ཀྱོག་ཅིང་མ་བསྒྱུར་བར་རོ། །གཞན་དང་ལྷན་ཅིག་ཕྲག་པ་གཉིས་མི་སྤྲད་པར་རོ། །གཞན་དང་ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བྱའོ། །གསུམ་པ་ནི། ཁྱིམ་གཞན་དེར་ཁྱིམ་པས་བཞུགས་ཤིག་ཅེས་མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །སྟན་ལ་སོ་སོར་མ་བརྟགས་པར་འདུག་པར་མི་
བྱའོ། །གྱ་ཚོམ་དུ་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མི་དབབ་པར་རོ། །རྐང་པ་གཅིག་གི་སྟེང་དུ་གཅིག་གཞག་སྟེ་མི་བསྣོལ་བར་རོ། །བརླ་གཅིག་གི་སྟེང་དུ་གཅིག་གཞག་སྟེ་མི་བསྣོལ་བར་རོ། །ལོང་བུ་གཅིག་གི་སྟེང་དུ་ལོང་བུ་ཅིག་ཤོས་མི་གཞག་པར་རོ། །རྐང་པ་གཉིས་ནང་དུ་མི་དགུག་པར་རོ། །རྐང་པ་གཉིས་ཕྱིར་འགྲད་དེ་མི་གདང་པར་རོ། །འདོམས་ཀྱི་ཕྱོགས་མི་སྣང་བར་འདུག་པར་བྱའོ། །སྐོམ་ཚུགས་བཅས་ཏེ་ལག་པ་ལ་འགྲམ་པ་བརྟེན་ཏེ་སྟན་ལ་འདུག་པར་མི་བྱའོ། །གང་ལ་འདུག་པའི་སྟན་ཐབས་རྒྱབ་ཀྱིས་ཁྱེར་ཞིང་བསྐུར་བར་མི་བྱའོ། །དེ་གཉིས་སྡོམ་བསྡུས་ནི་མིན་ནོ། །བཞི་པ་ནི། གྲོང་འབའ་ཞིག་ཏུ་མ་ཟད་ཐམས་ཅད་དུ་ལེགས་པར་ཟས་བླང་བར་བྱའོ། །དེ་ཉིད་བསྟན་པ་ནི། ཟས་ལྷུང་བཟེད་སོགས་སྣོད་ཀྱི་ཁའི་མུ་དང༌། ཁ་ཐ་ཆད་མིན་པར་ཅུང་ཟད་མི་གང་བ་དེ་ཙམ་དུ་བྱས་ཏེ་བླང་བར་བྱ། ཟས་ཚོད་མ་དང་མཉམ་པ་མིན་པར་བླང་བར་བྱ། སྟན་ལ་ཇི་ལྟར་འདུག་པའི་གྲལ་རིམ་བཞིན་མཐར་ཆགས་སུ་ཟས་བླང་བར་བྱ། ཡིད་ཀྱིས་ལྷུང་བཟེད་ལ་བལྟ་ཞིང་ཟན་བླང་བར་བྱའོ། །བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱའོ། །ཡང་ཐོབ་པར་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་གཟུང་བར་མི་བྱའོ། །ལྔ་པ་ནི། ལེགས་པར་ཟས་བཟའ་བར་བྱའོ། །དེ་ཉིད་བསྟན་པ་ནི། ཁམ་ཧ་ཅང་ཆུང་བ་མིན་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་ཆེན་པོ་མིན་པར་རོ། །རང་དང་འཇིག་རྟེན་དང་མཐུན་པའི་ཁམ་རན་པར་བཟའོ། །ཁའི་སྒོར་ཁམ་མ་གཟས་པར་ཁ་མི་གདང་ངོ༌། །ཁའི་ནང་ཁམ་གྱིས་བཀང་སྟེ་མི་སྨྲ་བར་རོ། །ཟས་ཟ་བའི་ཚེ་ཙུག་ཙུག་མི་བྱའོ། །ལྕག་ལྕག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། །ཟས་བཟའ་བའི་ཚེ་
ལྕེ་ཕྱིར་ཕྱུང་སྟེ་ཟས་མི་བཟའོ། །འབྲས་ཆན་གྱི་འབྲུ་རེ་རེ་ནས་ཐ་དད་དུ་བྱས་ཤིང་བཟའ་བར་མི་བྱའོ། །སྦྱིན་བདག་གི་ཟས་ལ་འཕྱས་མི་གདགས་སོ། །མཁུར་བ་གཉིས་ཟས་ཀྱིས་བཀང་ནས་ཕན་ཚུན་མི་སྤོའོ། །ལྕེས་རྐན་མི་གཏོག་གོ །སོས་ཁམ་གྱི་འཕྲོར་མི་བཅད་དོ། །ཟས་ལག་པ་ལ་གོས་པ་ལྕེས་མི་ལྡག་གོ །ལྷུང་བཟེད་མཛུབ་མོས་མི་འཇོག་གོ །ལག་པ་ལ་ཟས་ཆགས་པ་ལྕེའི་སྟེང་ངམ་གཞན་དུ་མི་སྤྲུག་གོ །ལྷུང་བཟེད་ཀྱི་ནང་དུ་ཟས་བླུག་སྟེ་མི་སྐྱོམ་མོ། །ཟས་མཆོད་རྟེན་གྱི་དབྱིབས་དང་འདྲ་བར་བྱས་ནས་མི་གཞོམ་མོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་བའི་ཕྱིར་མི་བལྟའོ། །ལག་པ་ཟས་དང་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་ལ་མི་བཟུང་ངོ༌། །དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ། །དྲུང་ན་དང་ཟས་གཉིས་ཀ་མཚོན་པའོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དེ་ཁྱིམ་དུ་མི་དབོའོ། །དྲུག་པ་ནི། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུག་སྟེ་མི་དོར་བར་བྱའོ། །བྲམ་ཟེ་ལ་སོགས་པ་དགེ་སློང་ལ་ལྷུང་བཟེད་ཀྱི་ཆུ་སློང་ན་ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གི་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ། །འདི་སྡོམ་བསྡུས་མིན་ནོ། །ལོ་མས་གཡོགས་པ་སོགས་འོག་གཞི་མེད་པའི་སར་ལྷུང་བཟེད་མི་གཞག་གོ །ལྷུང་བཟེད་གད་ཁ་མིན་པར་རོ། །གཡང་ས་མིན་པར་རོ། །དཀན་གཟར་པོ་མིན་པར་བཞག་གོ །དགེ་སློང་གི་འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བྱའོ། །ལྷུང་བཟེད་བཀྲུ་བ་དེ་གད་ཁ་ལ་སོགས་པ་དེ་གསུམ་དུ་མི་བྱ་བར་བསླབ་བོ། །ལྷུང་བཟེད་དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་ཏེ་ཆུ་མི་བཅུ་བར་བསླབ་བོ། །ལམ་གྱི་བཞི་མདོར་ལྷུང་བཟེད་བཞག་པའམ་བཀྲུ་བར་མི་བྱའོ། །འདི་མ་རྣམ་དུ་འབྱུང་ལ་སྡོམ་བསྡུས་མིན་ནོ། །བདུན་པ་ནི། འོག་ནས་འགྲེང་སྟེ་
བཤང་གཅི་ཞེས་པ་ཡན་ཆད་མིན་པའི་དབང་དུ་བྱའོ། །དེས་ན་འོག་ནས་འབྱུང་བའི་མདོ་དེ་དག་ལ་མིན་པ་ཞེས་སྦྱར་རོ། །ཉན་པ་པོ་མིན་པར་འདུག་པ་ལ་དགེ་སློང་གིས་འགྲེང་སྟེ་ཆོས་མི་བཤད་པར་བསླབ་བོ། །ཉལ་བ་ལ་འདུག་སྟེ་མི་བཤད་པར་རོ། །སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ། །སྟན་ངན་པ་དམའ་བ་དང༌། བཟང་པོ་མཐོ་བ་དེ་ཡིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ། །མགོ་གཡོགས་པ་དང་བརྫེས་པ་དང་གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་ལྟག་པར་བསྣོལ་བ་ལ་མི་བཤད་པར་རོ། །སྐྲ་གྱེན་དུ་གཙུག་ཏོར་ལྟར་བཅིངས་པའི་མགོ་བོ་དོ་ཀེར་ཅན་དང༌། ཞྭ་གྱོན་ཅན་དང༌། ཅོད་པན་ཅན་དང་། ཕྲེང་བ་ཅན་དང༌། དཀྲིས་པ་ཐོད་པ་བཅིངས་པ་ལ་མི་བཤད་པར་རོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་ཁྱོགས་དང་ཤིང་རྟ་ལ་སོགས་པ་མིས་བཏེག་པ་མིན་པའི་བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་མི་བཤད་པར་རོ། །ལག་ན་འཁར་བ་དང༌། གདུགས་དང་མཚོན་ཆ་དང་རལ་གྲི་དང་དགྲ་ཆ་མདའ་གཞུ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་མི་བཤད་པར་རོ། །བརྒྱད་པ་ནི། དགེ་སློང་གིས་མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་བོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བར་རོ། །བྱས་ཟིན་པ་ཆུའི་ནང་དུ་མི་དོར་བར་བསླབ་པར་བྱའོ། །མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་ཡང་ཆུའི་ནང་དུ་མི་དོར་བར་རོ། །རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་ཡང་མི་བྱ་མི་དོར་བར་རོ། །ཆུ་དང་རྩྭས་ཐམས་ཅད་ཁྱབ་ན་ཉེས་པ་མེད་དོ། །དགུ་པ་རྒྱུ་བ་དགག་པའི་སྡེ་ནི། སྟག་ལ་སོགས་པའི་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །བསླབ་པའི་ཆོས་
མང་པོ་རྣམས་སོ། །དགེ་སློང་གི་རྣམ་པར་འབྱེད་པ་རྫོགས་སོ།། །།གཉིས་པ་དགེ་སློང་མའི་སྡེ་ལྔ་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྡེ་ལྔ་གཞན་ལྡན་རྣམ་བཅད་དུ་བསྟན་པ་དང༌། ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་པའི་ཚིག་ཡན་ཆད་དགེ་སློང་མ་རྣམས་ཀྱི་ཡིན་གྱི་དགེ་སློང་གི་མིན་ནོ། །དེ་སྐད་སྨོས་ཅི་དགོས་ཤེ་ན། དགེ་སློང་གི་རྣམ་འབྱེད་བཞིན་དུ་ཐུན་མོང་དུ་གོ་བ་སྤངས་པའི་ཕྱིར་རོ། །གལ་ཏེ་ཕ་མ་གཉིས་སྡོམ་པ་རྫས་གཅིག་པ་ལ་ལྟུང་བ་ཐ་དད་པ་དག་སྟོན་པ་ཅི་ཞེ་ན། ཕ་མ་གཉིས་ལུས་མི་འདྲ་བས་ཉོན་མོངས་པ་ཅན་གྱི་སེམས་མི་འདྲ་ལ། དེས་བཅས་པ་ཡང་མི་འདྲ་བ་མཛད་དོ། །ཊཱིཀྐར། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང་ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བས། དགེ་སློང་མ་རྣམས་ཀྱི་འདུལ་བ་ནི་ལོགས་ཤིག་ཏུ་རྣམ་པར་བཞག་པ་དེ་ཕྱིར་དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་དགེ་སློང་དང་མཐུན་པ་གང་ཡིན་པ་དེ་ནི་དགེ་སློང་གི་རྣམ་འབྱེད་བཤད་པ་ཉིད་ཀྱི་རྣམ་པར་ཕྱེ་བ་ཡིན་ནོ། །མི་མཐུན་པ་རྣམས་འདིར་བརྗོད་པར་བྱའོ། །མི་མཐུན་པ་ཅི་ཞིག་ཡོད་ཅེ་ན། དགེ་སློང་ལ་རྣམ་པར་བཞག་པ། ལ་ལ་དགེ་སློང་མ་རྣམས་ཀྱི་མིན་པ་ཡོད་དེ། དཔེར་ན་ཀུན་སྤྱོད་བསྔགས་པ་ལྟ་བུའོ། །ལ་ལ་ཉེས་པ་ཆུང་བར་བཞག་པ་ཡོད་དེ། དགེ་སློང་ལ་ཁུ་བ་འབྱིན་པ་དགེ་འདུན་ལྷག་མར་འགྱུར་ལ། དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་བ་ལྟ་བུ། ལ་ལ་ཉེས་པ་ཆེ་བར་བཞག་པར་ཡོད་དེ། དགེ་སློང་གི་ལུས་ཀྱི་རེག་པ་དགེ་འདུན་ལྷག་མ་དང༌། དགེ་སློང་མ་རྣམས་ཀྱི་ཕམ་པར་འགྱུར་པ་ལྟ་བུ་སྟེ། དེ་ལ་སོགས་པའི་བྱེ་བྲག་རྣམས་དགེ་སློང་མའི་རྣམ་འབྱེད་འདིར་བརྗོད་པར་བྱའོ། །གཉིས་པ་ངོ་བོ་རྒྱས་པར་
བཤད་པ་ལ་ལྔ་ལས། ཕམ་པའི་སྡེ་ལ་གཉིས་ལས། ཐུན་མོང་བ་མིང་ཙམ་ནི། གོང་དུ་བཤད་པའི་ཕམ་པ་བཞི་པོ་དག་འདིར་ཡང་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །གཉིས་པ་སོ་སོའི་མཚན་ཉིད་ལ་བཞི་ལས། རེག་ཕམ་ལ་གཉིས། སྐབས་དོན་དང༌། སྐྱེས་པ་བྱེད་པ་པོ་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་དོ། །དང་པོ་ལ་གསུམ། ལྟུང་བ་རྣམ་བཞག །ལྟུང་མེད། བསླབ་བྱའོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། གང་ལ་རེག་པའི་ཕམ་པར་འགྱུར་ཞེ་ན། བདག་གིར་བྱེད་པ་ལའོ། །ཡན་ལག་གང་གིས་བདག་གིར་བྱེད་པ་ཞེ་ན། མིག་ནས་པུས་མོའི་བར་རྨའི་སྒོ་གསུམ་ལས་གཞན་པས་སོ། །གང་བདག་གིར་བྱེད་པ་ལ་ཞེ་ན། རེག་པའོ། །སུའི་རེག་པ་ཞེ་ན། ཕོའིའོ། །ཀུན་སློང་གང་གིས་ཤེ་ན། འཁྲིག་པའི་འདོད་ཆགས་ཀྱིས་སོ། །སྐྱེས་པ་ཆགས་པ་ནི་འདིའི་དངོས་གཞིའི་ཡན་ལག་མིན་ནོ། །གཉིས་པ་ནི། མིག་ནས་པུས་མོའི་བར་ལས་ཡན་ལག་གཞན་གྱིས་ཕོའི་རེག་པ་འཁྲིག་པའི་འདོད་ཆགས་ཀྱིས་བདག་གིར་བྱེད་པ་ལ་སྦོམ་པོའོ། །ཆགས་སེམས་ལས་སེམས་གཞན་འཇམ་པ་སོགས་ཀྱིས་བདག་གིར་བྱེད་པ་ལ་སྦོམ་པོར་ན་སྨད་དོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་རེག་པའི་དུས་དེའི་ཚེ་དགེེ་སློང་མ་དེ་ལ་སྐྱེས་པའི་འདོད་ཆགས་དེ་དགེ་སློང་མ་དེས་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་ཤེས་ན་སྦོམ་པོ་སོགས་སུ་འགྱུར་ཏེ། ཆགས་སེམས་མངོན་སུམ་དུ་མ་གྱུར་ཀྱང་བསམ་པའི་ཉེས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་སྐྱེས་པ་ལ་འདོད་ཆགས་མེད་དམ་ཡོད་ཀྱང་དེ་ལ་མིན་ནམ། ཡིན་ཀྱང་མི་ཤེས་ན་ནི་ན་སྨད་པ་དེ་ལས་ཀྱང་ན་སྨད་དོ། །གཉིས་པ་ལྟུང་མེད་ནི། སྐྱེས་པའི་རེག་པ་བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ། །དེ་ཡང་བཅའ་བ་འདིར་གཏོགས་པའི་ལྟུང་བ་མེད་པ་ཡིན་གྱི། གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་
བྱའོ། །ཞེས་འབྱུང་བའི་ཉེས་བྱས་ནི་ཡོད་དོ། །བྱམས་པའི་སེམས་ཀྱིས་མས་བུ་ལ་རེག་པ་ལ་ནི་སྐྱོན་ཆགས་པ་མེད་དོ། །གསུམ་པ་ནི། བུ་ལས་གཞན་ཡིན་ན་ཕུ་ནུ་སོགས་ཀྱི་བྱིས་པ་ལ་ཡང་བྱམས་པའི་སེམས་སོགས་ཀྱིས་ཀྱང་རེག་པར་མི་བྱའོ། །གཉིས་པ་ཐུན་མོང་གི་མཚན་ཉིད་ནི། ཕ་མ་དང་རེག་པ་ལུས་བཀན་དབེན་པར་འདུག་འགྲེང་གི་ལྟུང་བ་ལྔ་སྟེ། འདོད་པ་དང་ལྡན་པའི་བསླབ་པའི་གཞི་རྣམས་ཀྱི་སྐབས་སུ་ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བས་འཁྲིག་པ་བརྟེན་པ་ཉིད་ཀྱི་མཐུ་ཡོད་པ་དང་བཟློག་ཕམ་གླ་ལེན་ལེན་འཇུག་རྫས་བཅིངས་གྲོལ་ཆོས་སྟོན་རིག་པ་ལེན་ཀློོག་ཁྱིམ་པའི་རྣ་བར་བཤུབས་ཏེ་ཉན་དགེ་སློང་གི་གཉིས་རྣམས་ཀྱི་སྐབས་ཏེ་ཚིག་ལ་བརྟེན་པའི་སྐབས་སུ་ལེགས་སྨྲས་ཉེས་སྨྲས་ཤེས་པའི་སྒོ་ནས་ཚིག་དེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །རེག་པའི་ཕམ་པར་འགྱུར་བའོ།། །།གཉིས་པ་ལུས་བཀན་པ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། དགེ་སློང་མ་ལུས་བཀན་ཏེ་ཉལ་བ་ལའོ། །སེམས་ཇི་ལྟ་བུས་ན། ཆགས་པར་གྱུར་པས་དགེ་སློང་མ་ལ་འཁྲིག་པ་བརྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པར་བྱ་བའི་ཕྱིར་ལུས་བཀན་ནའོ། །འདི་སྨོས་མི་དགོས་ཏེ། ལུས་བཀན་ཞེས་པས་གྲུབ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཇིགས་པའི་དབང་དང་བསྲན་ཕོད་པའི་ཕྱིར་བཀན་པ་སྲིད་ལ། དེ་གཉིས་རིམ་བཞིན་ལྟུང་མེད་དང་ཉེས་བྱས་སོ། །ཐམས་ཅད་དུ་ལུས་བཀན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན། རྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པ་དེས་དགེ་སློང་མ་ལ་གེགས་བྱེད་གཞན་མེད་པར་དབང་པོ་སྤྲད་དུ་རུང་བ་ཉིད་ལ་གནས་པས་ལུས་བཀན་ནའོ། །གཉིས་པ་ནི། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་
པ་ཆགས་པ་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱས་ན་སྦོམ་པའོ། །གཞོགས་སྟེགས་ནི་ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་བུ་མ་ཉམས་པར་འཇོ་སྒེག་དང་ཀུན་ཏུ་རྩེ་བ་ལ་སོགས་པའི་ལུས་ངག་གི་ལས་སོ། །ཕྱར་ཡངས་ཤིན་ཏུ་བརྟད་པར་འཇུག་ཅིང་ཧྲལ་བག་ཙམ་བྱེད་པའོ། །རྩབ་ཧྲལ་བཙུན་བུ་ཉམས་ཤིང་བརྟེན་པའི་ཕྱིར་གཞོལ་བ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་མགོ་འདར་བ་དང༌། ཚིགས་འགུལ་བ་དང༌། ཚིག་འཁྲུལ་པ་ལ་སོགས་པའི་ལུས་ངག་གི་ལས་སོ། །སྐྱེས་པ་ཆགས་པ་དེ་ལས་འཁྲིག་པ་སྤྱོད་པའི་དུས་མལ་ཚིག་གིས་མནོས་ན་ཡང་སྦོམ་པོའོ། །དུས་ཚོད་ཀྱི་བརྡ་བྱེད་པ་མནོས་ན་སྦོམ་པོའོ། །ཆ་ལུགས་ཀྱི་མཚན་མ་ནོད་ན་སྦོམ་པའོ། །སྐྱེས་པ་ཆགས་པ་དེའི་ཚུར་ལ་འོང་བ་དང་ཕར་ལ་འགྲོ་བའི་འཇུག་པ་བདག་གིར་བྱེད་ནའོ། །ལུས་བཀན་པའི་ཕམ་པར་འགྱུར་བའོ།། །།གསུམ་པ་འཆབ་པའི་ཕམ་པ་ནི། མཐོལ་ཡུལ་ཡོད་པ་ལ་སོགས་པས་རྐྱེན་འཛོམ་བཞིན་དུ་དགེ་སློང་མ་ཟླ་མོའི་ཕམ་པར་འགྱུར་བ་བརྒྱད་ལས་གང་ཡང་རུང་བ་འཆབ་པ་ལ་སྐྱ་རེངས་ཤར་བ་ན་ཕམ་པར་འགྱུར་རོ། །འཆབ་པའི་ཕམ་པར་འགྱུར་རོ།། །།བཞི་པ་བཟློག་པའི་ཕམ་པ་ལ་གཉིས། ཡན་ལག་གི་ཁྱད་པར་དང༌། ཐུན་མོང་གི་ཡན་ལག་དབྱེན་དང་འདྲ་བར་བསྟན་པའོ། །དང་པོ་ནི། དགེ་སློང་མ་དང་འདྲེ་ཞིང་གནས་པའི་དགེ་སློང་དགེ་འདུན་གྱི་གནས་ནས་བྱུང་བ་སླར་ཡང་དགེ་འདུན་ལ་བཟོད་པ་གསོལ་བར་ངེས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་དེ་ལ་ཕྱག་བྱ་བའི་འོས་མིན་པའི་སྡོམ་པ་བྱིན་པ་ལ་དེར་ཤེས་བཞིན་དུ་བཟོད་པ་གསོལ་བ་དེ་ལས་བཟློག་པ་ཉིད་བཞམས་བསྒོ་སོགས་ཀྱིས་བཟློག་ཀྱང་མི་གཏོང་ན་ཕམ་པར་འགྱུར་རོ། །གཉིས་པ་ནི། ཇི་ལྟར་མི་གཏོང་བ་ལ་ཞེ་ན། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་མི་གཏོང་བ་ལ་ལྟུང་བར་འགྱུར་བ་དེ་དང་འདྲའོ། །བཟློག་པའི་
ཕམ་པར་འགྱུར་བའོ། །དགེ་སློང་མའི་ཕམ་པར་འགྱུར་བ་རྫོགས་སོ།། །།གཉིས་པ་དགེ་འདུན་ལྷག་མའི་སྡེ་ལ་གཉིས། དང་པོས་གྱུར་པ་དང༌། བསྒོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས། ཐུན་མོང་བ་མིང་ཙམ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་གཉིས་ལས། སྨྱན་བྱེད་པ་ལ་གཉིས་ལས། དངོས་ནི། སྨྱན་བྱེད་པ་དགེ་སློང་གི་སྐབས་བཞིན་དུ་ཤེས་པར་བྱའོ། །ཐུན་མོང་མིན་པ་དྲུག་ནི། འབྱིན་པ་ལྟུང་བྱེད་དང་རེག་པ་ཕམ་པ་དང༌། འཁྲིག་སྨྲ་གཞོགས་སྟེགས་སོགས་དང༌། བསྙེན་བཀུར་བུད་མེད་གཡོག་བྲན་གྱི་ཆར་གྱུར་པས་སྐྱེས་པ་ལ་བསྔགས་པ་མི་རིགས་པའི་ཕྱིར་དང༌། ཁང་པ་དང་གཙུག་ལག་ཁང་གཉིས་བྱེད་པའི་མཐུ་མེད་པས་བྱེད་པ་ལ་མངོན་ཞེན་ཆུང་ཞིང་སྐྱེས་པ་བཞིན་བྱེད་དུ་འཇུག་པའི་ནུས་པ་ཡང་མེད་པས་རྣམ་པར་མ་བཞག་གོ །འདི་དག་ལ་དང་པོས་གྱུར་པ་ཞེས་པ་ནི་སྤྱད་པ་ཙམ་གྱིས་འགྱུར་གྱི་བཟློག་པ་ལ་མི་ལྟོས་པའོ། །གཉིས་པ་ཞར་བྱུང་ནི། དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱིས་བསྔགས་པ་བརྗོད་ན་སྦོམ་པོའོ། །གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་པ་ཡང་སྦོམ་པོའོ། །བྲན་མོ་ཟོང་ཉིད་དུ་སྟོང་པ་ནི་གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་པ་དེ་ལས་ཕྱི་རོལ་ཏུ་གྱུར་པ་མིན་ནོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་གཞི་མེད་བག་ཙམ་ལ་གཉིས། མིང་ཙམ་དངོས་དང༌། ཡུལ་གྱི་བྱེ་བྲག་གོ །དང་པོ་ནི། གཞི་མེད་པའོ། །བག་ཙམ་མོ། །གཉིས་པ་ནི། ཐམས་ཅད་ལ་བྱེ་བྲག་ནི་འདི་ཡོད་པར་རིག་པར་བྱ་སྟེ། དགེ་སློང་གི་སྐབས་དབྱེན་ལ་སོགས་པ་ཕོ་ཡན་ལག་ཏུ་དགོས་པ་ཉིད་ལ་ནི། འདིར་མོ་ཉིད་ཡན་ལག་གོ །མོ་ཡན་ལག་ཏུ་དགོས་པ་དེ་ལ་ནི། འདིར་ཕོ་ཉིད་ཀྱི་རྟགས་བལྟ་བར་བྱའོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་གཉིས་སོ།། །།གཉིས་པ་སོ་སོའི་མཚན་ཉིད་ལ་ལྔ། གླ་ལེན་པ་དང༌། གཅིག་པུ་རྒྱུ་བ་དང༌། རབ་ཏུ་འབྱིན་པ་དང༌། ཤི་
བའི་ནོར་ལེན་པ་དང༌། བཟོད་པ་གསོལ་དུ་འཇུག་པའོ། །དང་པོ་ལ་གཉིས་ལས། ལེན་པ་ལ་གཉིས། ཡན་ལག་གི་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། སྐྱེས་པ་ལས་འཁྲིག་པ་དང་འབྲེལ་བའི་གླ་ཅི་ཡང་རུང་བ་ཆུང་ངུ་ཡང་བདག་གིར་བྱེད་པ་ལའོ། །ཇི་ལྟར་གྱུར་པས་ཤེ་ན། དགེ་སློང་མ་ཆགས་པར་གྱུར་པས་སོ། །གང་ལས་བདག་གིར་བྱེད་ཅེ་ན། སྐྱེས་པ་ཆགས་པར་འགྱུར་པ་ལས་སོ། །གཉིས་པ་ནི། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལ་ཅི་ཡང་རུང་བ་བདག་གིར་བྱས་ན་སྦོམ་པོའོ། །དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་མ་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ན་ཉེས་བྱས་སོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ཅི་ཡང་རུང་བ་ལེན་དུ་འཇུག་པ་ནི། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་འཁྲིག་པ་དང་འབྲེལ་བའི་གླའི་དོན་དུ་ཟོང་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགེ་སློང་མ་ལ་གོ་བར་བྱེད་པ་ལ་དགེ་འདུན་ལྷག་མར་འགྱུར་རོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་གཅིག་པུ་རྒྱུ་བ་ལ་གཉིས། ཐུན་མོང་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་གཉིས། ཁྲིམས་གྲོགས་ཀྱི་མཚན་ཉིད་དམིགས་བསལ་དང་བཅས་པ། དུས་དང་འབྲེལ་བའི་མཚན་ཉིད་དོ། །དང་པོ་ནི། བསླབ་པའི་གཞི་འདིའི་འོག་མ་མཚན་མོ་འབྲལ་བ་དང༌། ཉིན་མོ་འབྲལ་བ་དང༌། ལམ་དུ་འཇུག་པ་དང༌། ཆུ་བརྒལ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་བཞི་པོ་དག་ལ་ནི། གྲོགས་དགེ་སློང་མ་གཞན་མེད་པར་འགྲོ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློབ་མ་ཉིད་ནི་དགེ་སློང་མའི་སུམ་ཆ་དང་བྲལ་བ་ཡིན་ནོ། །དེས་ན་དགེ་སློབ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་སོགས་བྱེད་པ་ལ་དགེ་འདུན་ལྷག་མ་དང་ཉེས་པ་སྦོམ་
པོར་མི་འགྱུར་གྱི་དངོས་གཞིའི་གནས་སུ་ཉེས་བྱས་དང༌། སྦྱོར་བའི་གནས་སུ་ཉེས་བྱས་ཕྲ་མོར་འགྱུར་རོ། །དགེ་ཚུལ་མ་ནི་དགེ་སློང་མ་དང་ལྷན་ཅིག་འགྲོགས་པའི་སུམ་ཆ་བསྒྲུབ་ཅིང་སུམ་གཉིས་དང་བྲལ་བ་ཡིན་ནོ། །དེས་ན་དགེ་སློང་མ་དགེ་ཚུལ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་སོགས་ལ་དངོས་གཞིའི་གནས་སུ་སྦོམ་པོ་དང༌། སྦྱོར་བའི་གནས་སུ་ཉེས་བྱས་སུ་འགྱུར་རོ། །དམིགས་བསལ་ནི། དགེ་སློང་མ་ཁྲིམས་ཟླ་དང་འབྲལ་བར་མི་འདོད་བཞིན་དུ་མཚན་མོ་རྒྱུ་བ་སོགས་བཞི་ལ་ཁྲིམས་ཟླ་དང་བྲལ་བ་ལ་ནི་ལྟུང་མེད་དོ། །སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་བྱུང་བའི་དབང་ཉིད་ཀྱི་མཚན་མོ་འབྲལ་བ་སོགས་བྱེད་ཀྱང་ཉེས་པ་མེད་དོ། །གཉིས་པ་ནི། ལྷག་མ་བཞི་པོ་འདི་ལ་གང་གི་ཚེ་སྦྱོར་བ་དང་དངོས་གཞི་ཡིན་ཞེ་ན། ཉིན་མོ་དང་མཚན་མོའི་དུས་དང་འབྲེལ་བ་མཚན་མོ་དང་ཉིན་མོ་འབྲལ་བ་ལ་ནི་ཉིན་མཚན་གྱི་མཐའི་མདུན་རོལ་ཏུ་ནི་སྦྱོར་བའི་ཉེས་པ་སྦོམ་པོར་འགྱུར་ལ་མཐའི་དུས་སུ་དངོས་གཞིར་འགྱུར་རོ། །འདིར་ཉིན་མོའི་མཐའ་གང་ཞེ་ན། ཉི་མ་ནུབ་པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ། །གཉིས་པ་ལ་བཞི་ལས། མཚན་མོ་འབྲལ་བ་ནི། ཁྲིམས་གྲོགས་གསུམ་གང་ཡང་མེད་པ་མཚན་མོ་དབྱར་ཁང་ལས་ཕྱི་རོལ་ཏུ་གྱུར་ནའོ། །དབྱར་ཁང་ནི་ཁྱིམ་གཞན་དང༌། གྲོང་དང་སྐྱེད་མོས་ཚལ་དང་དགོན་པ་ལ་སོགས་པ་དགེ་སློང་མ་རྣམས་གང་དུ་གནས་པའི་གནས་ཀྱི་དཔེ་ཡིན་ནོ། །མཚན་མོ་འབྲལ་བའི་དགེ་འདུན་ལྷག་མའོ།། །།གཉིས་པ་ཉིན་མོ་འབྲལ་བ་ལ་གཉིས་ལས། རྣམ་གཞག་ནི། དགེ་སློང་མ་ཁྲིམས་ཟླ་གཞན་མེད་པར་ཉིན་མོ་དབྱར་ཁང་ལས་ཕྱི་རོལ་ཏུ་གྱུར་ནའོ། །གཉིས་པ་བསླབ་བྱ་ནི། དགེ་སློང་མ་གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲལ་བའི་ཉེ་བར་སྤྱོད་པ་གནང་བ་ཐོབ་ན་འགྲོ་བར་བྱའོ། །དེའི་ཚེ་གནང་བ་དེ་
དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་དེ་ལ་སྦྱིན་པར་བྱའོ། །ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མའོ།། །།གསུམ་པ་ལམ་དུ་འགྲོ་བ་ནི། དགེ་སློང་མའི་ཁྲིམས་ཟླ་མེད་པར་ལམ་དུ་ཞུགས་པ་ལ་རྒྱང་གྲགས་རེ་རེའི་མཐར་དགེ་འདུན་ལྷག་མ་རེ་རེར་འགྱུར་ལ། དེ་ཕྱེད་ཕྱེད་དུ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །གྲོང་གི་ཉེ་འཁོར་ལས་འདས་ན་ལམ་དུ་ཞུགས་པ་ཡིན་པ། ཉེ་འཁོར་ནི་ཆོས་གོས་དང་འབྲལ་བའི་སྐབས་སུ་བསྟན་པ་བཞིན་ནོ། །ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ཆུ་བརྒལ་བ་ལ་གཉིས་ལས། ཡན་ལག་གི་མཚན་ཉིད་ནི། དགེ་སློང་མ་ཁྲིམས་ཟླ་མེད་པར་ཆུ་ཀླུང་གི་ཕ་རོལ་ལམ་རྒྱུན་ཕྱོགས་སམ་རྒྱུན་ལ་བཟློག་ཕྱོགས་སུ་བརྒལ་བ་ལ་དགེ་འདུན་ལྷག་མར་འགྱུར་རོ། །གང་གིས་བརྒལ་བ་ལ་ཞེ་ན། ལག་རྐྱལ་དང་གྲུ་ལ་སོགས་པ་དག་གིས་ཐད་ཀར་འགྲོ་ན་ཕ་རོལ་ཏུ་ཕྱིན་ན་དངོས་གཞིར་འགྱུར། རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་གྲུ་ཚུགས་ཙམ་ལས་འདས་ན་དངོས་གཞིར་འགྱུར། ཕ་རོལ་ཏུ་འགྲོ་བ་ན་ཕ་རོལ་ཏུ་ཕྱིན་པའི་མདུན་རོལ་ཏུ་སྦོམ་པོའོ། །མཆོངས་པས་བརྒལ་བར་ནུས་པའི་ཡུལ་ཕྲན་གྱི་ཕ་རོལ་ཏུ་དགེ་སློང་མ་གཅིག་པུ་འགྲོ་ན་ཕ་རོལ་ཏུ་ཕྱིན་ན་ཉེས་བྱས་སོ། །ཆུ་བརྒལ་བའི་དགེ་འདུན་ལྷག་མའོ།། །།གསུམ་པ་རབ་ཏུ་འབྱིན་པ་ནི། རབ་ཏུ་འབྱིན་པ་ལའོ། །གང་ཞིག་ཅེ་ན། ཚོགས་པ་ཡིད་མཐུན་པས་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བའོ། །དེ་དག་གང་གི་ཕྱིར་ཞེ་ན། བསད་པའི་ཕྱིར་ཡིད་མཐུན་པའོ། །སྦྱོར་པ་གང་གིས་རབ་ཏུ་འབྱིན་ན་ཞེ་ན། མཁན་མོ་བྱས་པ་ཉིད་ཀྱིས་རབ་ཏུ་འབྱིན་ནའོ། །མཁན་མོ་ཁྱད་པར་ཇི་ལྟ་བུ་ཞིག་གིས་ཤེ་ན། ཁྱད་པར་གསུམ་པོ་དེ་ཚང་བ་དེ་ཤེས་པ་ཉིད་ཀྱིས་སོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ།། །།བཞི་པ་ཤི་བའི་ནོར་ལེན་པ་
ལ་གཉིས་ལས། རྣམ་གཞག་ནི། རིགས་རྒྱུད་གང་ཡང་མེད་པའི་ཤི་བའི་ནོར་ལེན་པའམ། དེད་པའི་ཚེ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་ཐོབ་པའི་དུས་འབའ་ཞིག་ཏུ་མ་ཟད་དོ། །རིགས་རྒྱུད་ཡོད་པ་དང༌། གཞན་ལེན་དུ་བཅུག་པ་སྦོམ་པོའོ། །བླང་བའི་ཡུལ་ཁྱིམ་པ་ཉེ་དུ་མིན་པ། རྫས་ཐ་དད་པ་གཅིག་དགོས་ལ། ཆེད་དུ་བྱ་བ་རང་ངམ་རང་དང་འདྲ་བའི་ཡིན་པའོ། །དགེ་འདུན་གྱི་ཤི་བའི་ནོར་རྙེད་པ་ལ་ཡང་ཉེས་པ་འདིར་འགྱུར་རམ་ཞེ་ན། དགེ་འདུན་གྱིས་འཐོབ་པའི་ཤི་བའི་ནོར་ལེན་པ་ལ་ནི་ལྟུང་བ་མེད་དོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་དགེ་འདུན་གྱིས་འཐོབ་པའི་ཤི་པའི་ནོར་དེ་ཚེགས་ཆུང་ངུ་བསྐུལ་བའི་སྒོ་དྲུག་ཙམ་གྱིས་འཐོབ་ན་དེད་ཅིང་ལེན་པ་ལ་ཉེས་པ་མེད་དོ། །ཚོགས་དང་བཅས་ཤིང་རང་དོན་དུ་ལེན་ན་དགེ་འདུན་ལྷག་མ་དང༌། གཞན་དོན་ཙམ་དུ་ལེན་ན་སྦོམ་པོར་འགྱུར་རོ། །ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མའོ།། །།ལྔ་པ་བཟོད་པ་གསོལ་དུ་འཇུག་པ་ནི། སྡིག་པ་སོགས་ཆད་པའི་ལས་བྱས་པའི་དགེ་སློང་མ་མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་ཅིང་རང་ལ་བཟོད་པ་གསོལ་དུ་འཇུག་པ་ལ་དགེ་འདུན་ལྷག་མར་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ནི་མཚོན་པ་སྟེ། མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ནི་སྡིག་ཤིན་ཏུ་ཆེ་བའི་ཕྱིར་ཏེ། དེ་ནི་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །ལུང་དུ་གནས་ཕྱུང་སྨོས་པ་ཡང་མཚོན་པ་ཡིན་ནོ། །བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་བསྒོ་བ་ལས་གྱུར་པ་ལ་གཉིས། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་པའོ། །དང་པོ་ལ་བཞི་ལས། སྤོང་པ་ལས་གྱུར་པ་ནི། གང་ལ་སྤོང་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་མ་གང་ཁྲོས་ཏེ་དཀོན་མཆོག་གསུམ་གཏོང་ངོ༌། །ཤཱཀྱའི་དགེ་སྦྱོང་འདི་དག་ཁོ་ན་ཚུལ་ཁྲིམས་དང་ལྡན་པ་དེས་པ་དགེ་བའི་ཆོས་ཅན་མིན་གྱི་འདི་དང་
མཚུངས་པ་ཚུལ་ཁྲིམས་དང་ལྡན་ཞིང་དེས་པ་དགེ་བའི་ཆོས་ཅན་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱི། དེ་དག་ལ་ཚངས་པར་སྤྱོད་པ་ཉིད་སྤྱད་དོ། །ཞེས་བྱ་བའི་ཚིག་དེ་ལ་ཞུགས་པ་དགེ་སློང་མའི་དགེ་འདུན་གྱིས་བཞམས་བསྒོ་སྔོན་དུ་འགྲོ་བའི་གསོལ་བཞིའི་ལས་ཀྱིས་བཟློག་པ་ན་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་བ་ལ་དགེ་འདུན་ལྷག་མར་འགྱུར་རོ། །དཀོན་མཆོག་བཏང་བས་བསླབ་པ་ཕུལ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འབུལ་བའི་བློ་མེད་པའི་ཕྱིར་ཏེ། དགེ་སློང་གཞན་ལ་ཚངས་པར་སྤྱོད་པ་སྤྱད་དོ་སྙམ་པའི་བསམ་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་མི་གཏོང་ཞེ་ན། དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལ་སྦྱོར་བ་དང་དངོས་གཞིའི་ལྟུང་བར་འགྱུར་བ་ལྟར་རོ། །བསླབ་པའི་གཞི་འདིའི་འོག་མ་འཐབ་ཀྲོལ་བྱེད་པ་སོགས་ལ་ཡང་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །སྤོང་བའི་དགེ་འདུན་ལྷག་མའོ།། །།གཉིས་པ་འཐབ་ཀྲོལ་བྱེད་པ་ནི། དགེ་སློང་མ་འཐབ་ཀྲོལ་བྱེད་པ་ལ། དགེ་སློང་མ་རྣམས་ཀྱིས་ཆོ་ག་བཞིན་དུ་ཕྱིར་བཟློག་པ་ན་དགེ་སློང་མ་རྣམས་ལ་འདུན་པ་དང༌། ལ་སོགས་པ་ཞེ་སྡང་དང༌། གཏི་མུག་དང་འཇིགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་པ་དང་ལས་ཀྱིས་བསྒོ་བ་ནི་གཏོང་བའི་དགེ་སློང་མ་དེ་ལ་དགེ་འདུན་ལྷག་མར་འགྱུར་རོ། །གང་ལ་རྗེས་སུ་སྦྱོར་བ་མི་གཏོང་བ་ལ་ཞེ་ན། དགེ་སློང་མ་གང་དགེ་སློང་མ་རྣམས་གང་ལྷན་ཅིག་རྩུབ་པོར་སྨྲ་བ་དང༌། ཕྱིར་སྨྲ་བའི་འཐབ་ཀྲོལ་དང་འཇམ་རྩུབ་གང་ཡང་རུང་བས་ཚིག་གམ་བྱ་བས་མཚང་འབྲུ་བ་དང༌། ཁོན་དུ་འཛིན་ཅིང་གནས་པའི་རྩོད་པ་དང༌། གཤགས་འབྱེད་པ་ལ་དགེ་སློང་མའི་དགེ་འདུན་གྱིས་ཁྱོད་འཐབ་ཀྲོལ་ལ་སོགས་པ་མ་བྱེད་ཅེས་བཟློག་པ་ན་
འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་པ་དང་ལས་ཀྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་ལྷག་མར་འགྱུར་རོ། །འཐབ་ཀྲོལ་སོགས་བྱེད་པ་ཡང་དགེ་སློང་དང་ལྷན་ཅིག་བྱེད་ན་ལྕི་བའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ཡིན་ལ། གཞན་དང་འཐབ་ཀྲོལ་སོགས་བྱེད་ན་ཉེས་བྱས་སོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའོ།། །།གསུམ་པ་བུད་མེད་དང་བརྟེན་པ་ནི། གང་ལ་བུད་མེད་དང་བརྟེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། སྡེ་ཞིང་གནས་པ་མི་གཏོང་བ་ལ་འགྱུར། སུ་དང་སྡེ་ཞིང་གནས་པའི་མི་གཏོང་བ་ལ་ཞེ་ན། དགེ་སློང་མ་དང་ལྷན་ཅིག་སྡེ་ཞིང་གནས་པ་མི་གཏོང་བ་ལ་འགྱུར། གླེང་གཞིའི་དབང་གིས་དགེ་སློང་མ་དང་ཞེས་གསུངས་ཀྱི་ཁྱིམ་པ་མོ་དང་མུ་སྟེགས་ཅན་མོ་དང་དགེ་ཚུལ་མ་དང་དགེ་སློབ་མ་དང་ལྷན་ཅིག་སྡེ་ཞིང་གནས་པ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། དེ་དག་དང་སྡེ་ཞིང་གནས་པ་ཤིན་ཏུ་སྡིག་ཆེ་བའི་ཕྱིར་རོ། །སྐྱེས་པ་དང་སྡེ་ཞིང་གནས་པ་ནི་ཕམ་པའི་སྦྱོར་བའོ། །རྣམ་པ་གང་གིས་སྡེ་ཞིང་གནས་པ་ལ་ཞེ་ན། གཞོགས་སྟེགས་ཀྱི་རྒྱུར་གྱུར་པའི་མཐོ་འཚམ་པ་དང༌། ཕྱར་གཡེང་གི་རྒྱུ་ཀུན་ཏུ་རྩེ་བ་དང༌། རྩབ་ཧྲལ་གྱི་རྒྱུར་གྱུར་པ་ཀུན་ཏུ་ཅ་ཅོ་འདོན་པ་དག་གིས་སྡེ་ཞིང་གནས་པའོ། །བུད་མེད་དང་བརྟེན་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་བརྟེན་དུ་འཇུག་པ་ནི། དགེ་སློང་མས་དགེ་སློང་མ་གཞན་བུད་མེད་དང་ལྷན་ཅིག་སྡེ་ཞིང་གནས་པ་དེ་སླར་ཡང་ཡང་དག་པར་ལེན་དུ་འཇུག་པའི་དགེ་སློང་མ་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་བཞམས་པ་དང་ལས་ཀྱིས་བསྒོས་ཀྱང་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །བུད་མེད་དང་བརྟེན་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ཐུན་མོང་བ་ནི། དགེ་འདུན་འབྱེད་པ་དང་ལ་སོགས་པའི་དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་
འབྱིན་པ་དང༌། བཀའ་བློ་མི་བདེ་བཞི་པོ་ནི། དགེ་སློང་གི་སྐབས་སུ་བཤད་པ་ལས་རིག་པར་བྱའོ། །མའི་སྐབས་ཞེས་བཤད་པས་མཚན་མཐུན་ཡན་ལག་ཡིན་པར་བསྟན་ནོ། །དགེ་སློང་མའི་དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །།གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས་ལས། ཞག་གི་ཆད་ལས་དང་འབྲེལ་བ་སྤང་བའི་སྡེ་ལ་གཉིས། ཐུན་མོང་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་གསུམ། གྲངས་ཀྱི་དབྱེ་བ་དང༌། ཁྱད་པར་བརྗོད་པ་དང༌། བསླབ་བྱའོ། །འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། རིན་ཐང་སོ་སོར་བསྐུར་བའོ། །ཞེས་པའི་བཅུ་པ་དང་པོ་དང༌། གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པ་དང༌། ལྷུང་བཟེད་འཚོལ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐག་པ་བསྐྱེད་པ་དང༌། འཕྲོག་པ་དང༌། བསྔོས་པ་ལས་བསྒྱུར་བ་དང༌། གསོག་འཇོག་ལས་གྱུར་པ་སྟེ་བཅུ་དགུ་པོ་དགེ་སློང་གི་སྐབས་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཡང་ཕོ་ཉིད་ལ་ནི་མོ་ཉིད་དོ་དེ་ལ་ནི་ཕོ་ཉིད་དོ་ཞེས་བསྟན་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། འཁྲུ་བ་དང་འཆག་པ་ལ་སོགས་པ་བྱེད་པའི་སྤང་བ་ནི་དགེ་སློང་གི་གོས་འཁྲུ་བ་སོགས་བྱེད་པ་ལ་སྤང་བར་འགྱུར་གྱི། དགེ་སློང་མ་དབང་བའི་གོས་ལ་ནི་མིན་ནོ། །ལེན་པའི་སྤང་བ་ནི། དགེ་སློང་དེ་ལས་ལེན་ན་སྤང་བར་འགྱུར་གྱི། དགེ་སློང་མ་ལས་ལེན་པ་ལ་མིན་ནོ། །འཕྲོག་པའི་སྤང་བ་ཡང་དགེ་སློང་མ་ལ་བྱིན་པ་འཕྲོགས་ན་སྤང་བར་འགྱུར་གྱི་དགེ་སློང་ལ་བྱིན་པ་ནི་མིན་ནོ། །དགེ་སློང་གི་སྤང་ལྟུང་བཅུ་གཅིག་ནི་དགེ་སློང་མ་རྣམས་དང་ཐུན་མོང་མིན་པས་འདིར་མ་བཞག་གོ །གསུམ་པ་ནི། མཚན་མཐུན་བསྲུང་བ་ལྟར་རུང་བར་ དོགས་པ ་སྤང་བའི་ཕྱིར། བསྲུང་སྐྱབས་བྱེད་པའི་ལྷ་རྟེན་བཅང་བར་མི་བྱའོ། །ལྷ་རྟེན་ནི་བསྲུང་སྐྱབས་བྱ་བའི་
ཕྱིར་སྣོད་ཟ་མ་ཏོག་མེ་ཏོག་ལ་སོགས་པས་བརྒྱན་ཅིང་ས་ལས་བྱས་པའི་འཇིག་རྟེན་པའི་ལྷའི་གཟུགས་ཀྱིས་བསྐང་བ་ཡིན་ཟེར་རོ། །འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུའོ།། །།གཉིས་པ་སོ་སོའི་མཚན་ཉིད་ལ། བཅུ་བཞི་ཡོད་པའི་དང་པོ་ལྷུང་བཟེད་འཆང་སྤང་ནི། གང་ལ་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་ཞེ་ན། ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་འཆང་བ་ལའོ། །དེ་ལྟར་བཅའ་བ་མཛད་པའི་རྒྱུ་མཚན། བུད་མེད་རྣམས་ནི་ཡོ་བྱད་ལ་ལྷག་པར་ཆགས་པ་ཤིན་ཏུ་དམ་པས་སོ། །ཐུན་མོང་མིན་པ་རྣམས་འདི་དང་ཟླ་བ་ཕྱེད་དང་ཐ་མ་གཉིས་རྣམས་ལྟུང་བ་མེད་ལ། དེ་ལྷག་རྣམས་ཕ་ལ་ཉེས་བྱས་སོ། །ལྷུང་བཟེད་འཆང་བའི་སྤང་བའོ།། །།གཉིས་པ་བྱིན་གྱིས་མི་རློབ་པ་ནི། གང་ལ་བྱིན་གྱིས་མི་རློབ་ཅེ་ན། བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་ལྔ་པོ་དག་རྙེད་ན་དེ་དག་མེད་པས་རྙེད་པའི་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་ན་སྐྱ་རེངས་དང་པོ་ཤར་བ་ན་སྤང་བར་འགྱུར་ཞིང༌། བྱིན་གྱིས་བརླབས་ཟིན་ཀྱང་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་པ་ལ་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་བ་ན་སྤང་བར་འགྱུར་རོ། །བྱིན་གྱིས་མི་རློབ་པའི་སྤང་བའོ།། །།གསུམ་པ་སྲ་བརྐྱང་འབྱིན་པ་ནི། གང་ལ་སྲ་བརྐྱང་འབྱིན་པའི་སྤང་བར་འགྱུར་ཞེ་ན། དཔྱིད་ཟླ་ར་བ་ཉའི་ཉིན་མོ་སྲ་བརྐྱང་འབྱིན་པའི་དུས་ཡིན་ལ། དེའི་མདུན་རོལ་ཏུ་དགེ་སློང་མའི་དགེ་འདུན་གྱིས་སྲ་བརྐྱང་འབྱིན་པ་ལ་ལས་དེ་ལ་གཏོགས་པའི་དགེ་སློང་མ་ཐམས་ཅད་ལ་སྤང་བའི་ལྟུང་བར་འགྱུར་རོ། །སྲ་བརྐྱང་འབྱིན་པའི་དགེ་སློང་མ་རྣམས་དབང་བའི་སྲ་བརྐྱང་གི་རྙེད་པ་སྤང་བར་འགྱུར་གྱི། གང་ཟག་སོ་སོའི་རྙེད་པ་ནི་སྤང་དགོས་པར་མི་འགྱུར་རོ། །སྲ་བརྐྱང་གི་རྙེད་པ་དེ་ཡང་མ་བགོས་ནས་སྤང་བར་འགྱུར་གྱི་བགོས་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་
ཉིད་དུ་ནི་དཔྱིད་ཟླ་བ་ཉའི་མདུན་རོལ་ཏུ་སྲ་བརྐྱང་འབྱིན་པ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་འབྱིན་པའི་སྤང་བའོ། །བཞི་པ་མི་འབྱིན་པ་ནི། གང་ལ་སྲ་བརྐྱང་མི་འབྱིན་པའི་སྤང་བར་འགྱུར་ཞེ་ན། སྲ་བརྐྱང་འབྱིན་པའི་དུས་ལ་བབ་པའི་ཚེ་སྲ་བརྐྱང་མི་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར། སྲ་བརྐྱང་མི་འབྱིན་པའི་སྤང་བའོ།། །།ལྔ་པ་སློང་བ་ནི། གང་ལ་རིན་པོ་ཆེ་སློང་བའི་སྤང་བར་འགྱུར་ཞེ་ན། དབྱིག་དང་གསེར་སློང་བ་སྔོན་དུ་བཏང་ནས་ལེན་པ་ལ་འགྱུར། དབྱར་ཁང་སོགས་ཀྱི་དགོས་པ་ཡོད་ན་ཉེས་པ་མེད་དོ། །རིན་པོ་ཆེ་སློང་བའི་སྤང་པའོ། །དྲུག་པ་གོས་ཟ་བ་ནི། ཟས་ལས་གཞན་གླེགས་བམ་འབྲི་བ་ལ་སོགས་པའི་ཆེད་དུ་རྙེད་པའི་གོས་སོགས་བདག་ཉིད་ཀྱིས་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་ངེས་པར་འཇོག་པ་ལ་སྤང་བར་འགྱུར་རོ། །གོས་ཟ་བ་ལས་འགྱུར་པའི་སྤང་བའོ།། །།བདུན་པ་གོས་རྒྱུ་སོགས་ཟ་བ་ནི། གང་ལ་གོས་རྒྱུ་སོགས་ཟ་བའི་སྤང་བར་འགྱུར་ཞེ་ན། གོས་དང་མལ་ཆ་དང༌། དབྱར་ཁང་གི་ཆེད་དུ་ཡང་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་པ་ལ་ཁ་ན་མ་ཐོ་བ་འདི་གསུམ་དུ་འགྱུར་རོ། །གོས་རྒྱུ་ལ་སོགས་པ་ཟ་བ་ལས་གྱུར་པའི་སྤང་བའོ།། །།བཅུ་པ་སྐྱེ་བོ་མང་པོ་ལ་བསྔོས་པ་ནི། གང་ལ་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་པར་འགྱུར་ཞེ་ན། དགེ་སློང་མའི་སྐྱེ་བོ་མང་པོ་བཞི་ཡན་ཆད་གྲངས་ཚང་བའི་ཕྱིར་སྦྱིན་བདག་ཡོ་བྱད་སྦྱོར་དུ་བཅུག་ནས་དེ་ཉིད་རང་ལ་ཡོངས་སུ་བསྒྱུར་བ་ལ་ཁ་ན་ཐོ་བ་འདིར་འགྱུར་རོ། །སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤོང་བའོ།། །།བཅུ་གཅིག་པ་དགེ་འདུན་ལ་བསྔོས་པ་ནི། གང་ལ་དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བར་འགྱུར་ཞེ་ན། དགེ་སློང་མའི་དགེ་འདུན་དུ་ལོངས་པ་གྲངས་ཚང་པ་མེད་པའི་ཕྱིར་དུ་ཡོ་བྱད་སྦྱོར་དུ་བཅུག་ནས་དེ་ཉིད་རང་ལ་བསྒྱུར་བ་ལ་ཡང་
སྤང་བར་འགྱུར་རོ། །འདི་དང་སྔ་མ་གཉིས། དགེ་སློང་མ་བཞིར་མ་ལོངས་པ་དང་དགེ་སློང་ལ་སོགས་པའི་ཕྱིར་སྦྱོར་དུ་འཇུག་པ་བསྒྱུར་བ་ལ་ཉེས་བྱས་སོ། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ།། །།བཅུ་གཉིས་པ་བཅིངས་པ་འགྲོལ་བ་ནི། གང་ལ་བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བར་འགྱུར་ཞེ་ན། འཁྲིག་པའི་རོས་ཉེ་བར་འཚོ་བའི་ཆེད་དུ་སྐྱེས་པ་གཞན་རང་གི་ཚིག་ཉན་དུ་གཞུག་པའི་ཕྱིར་རང་དབང་བའི་རྫས་ཀྱི་ཐུམ་བུ་བཅིངས་པ་འདི་ཁྲོལ་གཅིག་ཅེས་འགྲོལ་དུ་འཇུག་པ་ལ་སྤང་བར་འགྱུར་རོ། །རྫས་ལེགས་པར་གནས་པར་བྱ་བའི་ཕྱིར་འགྲོལ་དུ་འཇུག་པ་ལ་ནི་ཉེས་པ་མེད་དོ། །བཅིངས་བ་འགྲོལ་དུ་འཇུག་པའི་སྤང་བའོ།། །།བཅུ་གསུམ་པ་གོས་ལྕི་བ་བརྟེན་པ་ན། གང་ལ་གོས་ལྕི་བ་བརྟེན་པའི་སྤང་བར་འགྱུར་ཞེ་ན། ལྕིད་ཀྱིས་ལྕི་བ་སྲང་བརྒྱ་པ་ལ་སོགས་པ་དང༌། རིན་གྱིས་ལྕི་བ་ཀརྵ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་པ་ལ་སྤང་བར་འགྱུར་རོ། །གྱོན་པ་ནི་གཞན་དབང་ཡང་དངོས་གཞིར་འགྱུར་རོ། །བསྔོ་བའི་ཕྱིར་ནི་ལྟུང་བ་མེད་དོ། །འཚོང་པའི་ཕྱིར་འཆང་ན་དངོས་གཞིའོ། །རིན་པོ་ཆེ་བཞིན་རུང་བར་བྱས་ན་ཉེས་པ་མེད་དོ། །གོས་ལྕི་བ་བརྟེན་པའི་སྤང་བའོ།། །།བཅུ་བཞི་པ་ཡང་བ་བརྟེན་པ་ནི། གང་ལ་གོས་ཡང་པ་བརྟེན་པའི་སྤང་བར་འགྱུར་ཞེ་ན། ལྕིད་ཀྱིས་ཡང་བ་སྲང་ལྔ་པ་ནས་སྲང་གཅིག་པའི་བར་དང༌། སྲང་གིས་གཞལ་དུ་མེད་པའི་མཐར་ཐུག་པ་བདག་གིར་བྱེད་ན་སྤང་བར་འགྱུར་རོ། །གོས་ཡང་བ་བརྟེན་པའི་སྤང་བའོ། །སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།གཉིས་པ་བཤགས་པ་ཙམ་དང་འབྲེལ་བ་ལྟུང་བྱེད་འབའ་ཞིག་པ་ལ་གཉིས། ཐུན་མོང་བ་མིང་ཙམ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་གསུམ། གྲངས་ཙམ་མདོར་བསྟན་པ་དང༌། གཞན་སེལ་གྱི་ཚུལ་གྱིས་གསལ་བར་བཤད་པ་དང༌། ཞར་ལ་བསླབ་བྱ་བསྟན་པའོ། །དང་པོ་ནི།
དགེ་སློང་གི་རྣམ་འབྱེད་ཀྱི་སྐབས་སུ་ལྟུང་བྱེད་འབའ་ཞིག་པ་ལ་དགུ་བཅུ་བསྟན་པ་ལས། བདུན་ཅུ་རྩ་གཉིས་ནི་དགེ་སློང་རྣམས་དང་ཐུན་མོང་བ་ཡིན་པས་སྔར་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། བདུན་ཅུ་རྩ་གཉིས་པོ་དེ་གང་ཞེ་ན། མ་བསྐོས་པ་ལ་སོགས་པ་བཅུ་དང༌། སྐྲོད་པ་དང་ཡང་ཡང་ཟ་བ་དང༌། ཟས་བསོད་པ་སློང་བ་དང་འདུག་པ་དང་འགྲེང་བ་དང་ཕྱིར་མ་བླངས་པ་སྤྱོད་པ་དང༌། མ་ལོན་པ་དང༌། དབྱར་གྱི་རས་ཆེན་ལས་གྱུར་པ་སྟེ་བཅོ་བརྒྱད་པོ་མ་གཏོགས་པ་བདུན་ཅུ་རྩ་གཉིས་པོ་རྣམས་ཐུན་མོང་བ་ཡིན་ནོ། །བཅོ་བརྒྱད་པོ་མ་གཏོགས་པའི་རྒྱུ་མཚན། ཁ་ཅིག་མི་སྲིད་པས་དགེ་སློང་མའི་ལྟུང་བར་མ་བཞག་པ་ཡོད་དེ། མ་བསྐོས་པར་སྟོན་པ་དང༌། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་གསུམ་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མ་རྣམས་བློ་གྲོས་དང་དྲན་པ་ཆུང་བས་དགེ་སློང་ལ་བསྟན་བྱ་མིན་ཕྱིར་བྱས་ན་སྔ་མ་གཉིས་ལ་ལྟུང་མེད་ལ་ཕྱི་མ་ཉེས་བྱས་སོ། །གོས་སྦྱིན་པ་དང་གོས་བྱེད་པའི་ལྟུང་བྱེད་གཉིས་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མས་དགེ་སློང་ལ་གོས་སྦྱིན་པ་དང༌། དགེ་སློང་གི་གོས་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚར་པོ་ཆེ་མེད་པའི་ཕྱིར་ཏེ། དགེ་སློང་ནི་འཁོར་གཙོ་བོར་འགྱུར་པ་དང་མཆོད་པའི་གནས་ཉིད་ཡིན་པའི་ཕྱིར། མགྲོན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་གཉིས་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མ་རྣམས་མཐུ་ཆུང་བས་གཞན་ལ་བརྟེན་ཏེ། ལམ་དུ་འགྲོ་བ་ལ་བཞད་གད་དུ་འགྱུར་བ་མཚར་པོ་ཆེ་མེད་པའི་ཕྱིར་རོ། །དབེན་པ་ན་འདུག་འགྲེང་གཉིས་ཀྱང་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མ་བུད་མེད་དང་ལྷན་ཅིག་འདུག་འགྲེང་བྱེད་པ་ལ་ཉེས་པ་མེད་པའི་ཕྱིར། སྦྱོར་དུ་བཅུག་པའི་ཟས་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་ལ་མ་བཞག་སྟེ། སྐྱེས་
པས་སྦྱོར་དུ་བཅུག་པ་བུད་མེད་ཟ་བ་ལ་མི་རིགས་པ་མེད་པའི་ཕྱིར། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མ་རྣམས་ཕལ་ཆེར་མཆོད་པར་བྱ་བ་མིན་པ་མགྲོན་བོས་གཉིས་པ་འབྱུང་དཀའ་བའི་ཕྱིར་རོ། །དབྱར་གྱི་རས་ཆེན་གྱི་ལྟུང་བྱེད་ཀྱང་དགེ་སློང་མ་ལ་མ་བཞག་སྟེ། དགེ་སློང་མ་ལ་དེ་འཆང་བ་ཉིད་ཀྱང་མ་བཅས་ལ་ཚད་ངེས་པ་ཡང་མ་བཞག་པའི་ཕྱིར། སྐྲོད་པ་མ་བཞག་སྟེ་དགེ་སློང་དང་མི་འདྲ་བའི་ཕྱིར་རོ། །ཟས་བསོད་པ་སློང་བའི་ལྟུང་བྱེད་མ་བཞག་སྟེ། སོར་བཤགས་ཡིན་པའི་ཕྱིར་རོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་འགྲེང་གཉིས་ཀྱང་མ་བཞག་སྟེ། མས་གཞན་ཟིལ་གྱིས་མནན་མི་ནུས་པའི་ཕྱིར་རོ། །ཕྱིར་མ་བླངས་པ་སྤྱོད་པ་ཡང་བ་བཞག་སྟེ། སེམས་སྒོ་དོག་པས་འབྱུང་རིང་བའི་ཕྱིར། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ཀྱང་མ་བཞག་སྟེ་མི་འདྲ་བའི་ཕྱིར་རོ། །གསུམ་པ་ནི། དགེ་སློང་གིས་རབ་ཏུ་བྱུང་བ་མོ་དགེ་སློང་མའི་ཕྱིར་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་སྟེ། སྔོན་ཁྱིམ་པའི་དུས་ཀྱི་ཆུང་མ་རབ་ཏུ་བྱུང་བར་གྱུར་པ་ཉིད་ལ་ཡང་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་ན། མ་དང་སྲིང་མོ་ལ་སོགས་པ་རབ་ཏུ་བྱུང་བ་ལ་ལྟ་ཅི་སྨོས། དགེ་སློང་མ་དེས་དགེ་སློང་དེ་ལ་ཟང་ཟིང་སློང་དུ་ཡང་རུང་ངོ༌། །དགེ་སློང་མ་གང་ལ་བུ་ཆུང་ངུ་མཚན་མོ་མ་མེད་པར་ཉལ་མི་ནུས་པ་ཡོད་པ་དེ་དང་ལྷན་ཅིག་ཉལ་བ་མ་གཏོགས་པ་ཉིད་མ་ཡིན་ཏེ། ལྷན་ཅིག་ཏུ་ཉལ་དུ་རུང་ངོ༌། །དགེ་སློང་མ་དེ་ལྟ་བུའི་བུ་དང་ལྡན་པ་ཐམས་ཅད་ལ་མ་གཏོགས་སམ་ཞེ་ན། དགེ་སློང་མ་བུ་ཆུང་བ་དང་ལྷན་ཅིག་ཉལ་བའི་གནང་བ་ཐོབ་པ་ལ་མ་གཏོགས་སོ། །དེ་ལ་གནང་བ་དེ་སྦྱིན་ནམ་ཞེ་ན། དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་དེ་ལ་གནང་བ་དེ་སྦྱིན་པར་བྱའོ།། །