Nitartha Digital Library
Tibetan
རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།

1 occurrence of དྲིལ་བུ་
[Clear Hits]


  
 
ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན།


1 occurrence of དྲིལ་བུ་
[Clear Hits]

 
previousཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན།no next

ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན།


DLL1004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །


DLL1004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ཅེས་བྱ་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་སྙིང་རྗེའི་འཕྲིན་ལས་ཚོགས་གཉིས་ཁ་བ་རབ་འཁྲིགས་རབ་དཀར་དགེ་ལེགས་ས་འཛིན་སྤོ་ལ་དགེས་པར་རོལ། །རྫུ་འཕྲུལ་རྐང་པའི་ཞབས་བརྟན་སྟོབས་བཅུའི་རྩལ་འཆང་ཕ་རོལ་ཕྱིན་པའི་རབ་རྒྱས་མི་འཇིགས་རྣམ་བཞིའི་མཆེ་བ་གཙིགས། །སོ་སོར་རིག་བཞིའི་སྡེར་ཁྱིམ་འཇིགས་རུང་རབ་བདུད་བདུད་དང་མུ་སྟེགས་བྱེད་ཀྱི་གཉིས་འཐུང་དྲེགས་པའི་མྱོས་བུམ་འཇིག་མཛད་ཅིང་། །སྲིད་པ་གསུམ་ན་རིགས་པའི་གད་རྒྱངས་རྒྱ་ཆེན་སྒྲོགས་ལ་སྨྲ་བ་ཟླ་མེད་ཤཱཀྱ་སེང་གེ་རྟག་ཏུ་རྒྱལ་གྱུར་ཅིག །གསུང་གི་དབང་ཕྱུག་རབ་མཛེས་གཞོན་ནུའི་སྐུ། །སྟོན་ཀའི་མཁའ་ལྟར་དག་པའི་རལ་གྲི་དང་། །རྒྱལ་བའི་ཆོས་མཛོད་པོ་ཏི་འཛིན་མཛད་པ། །བློ་གཏེར་མི་ཟད་འཇམ་པའི་


DLL1004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ལ་འདུད། །རྒྱལ་བ་ཀུན་གྱི་འཕྲིན་ལས་མཐའ་ཡས་རྣམས། །གཅིག་ཏུ་བསྡུས་པ་རབ་མཛེས་ལྷ་མོའི་སྐུ། །དྲན་པས་བདེ་སྟེར་ཐུགས་རྗེའི་སྤྱན་ཡངས་མ། །རྗེ་བཙུན་ཨུཏྤལ་བསྣམས་པས་དགེ་ལེགས་མཛོད། །པད་དཀར་ཅན་གྱི་ཞལ་གྱི་པདྨོ་ཡི། །ཚེམས་ཀྱི་ཟེའུ་འབྲུ་དཀར་པོ་རྒོད་པ་ལས། །རབ་འཁྲུངས་ངང་པའི་བུ་མོ་དབྱངས་ཅན་ཁྱོད། །བདག་བློ་པདྨོའི་ཚལ་འདིར་རྟག་ཏུ་རོལ། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་ཀྱི་གླང་པོ་ཆོས་མིན་ཕམ་མཛད་ཆོས་ཀྱི་གྲགས་པ་ཀུན་ཏུ་བཟང་པོར་ས་གསུམ་གྲགས་པ་དང་། །རིགས་པའི་དབང་ཕྱུག་ལྷ་དབང་བློ་དང་ཤཱཀྱ་བློ་གྲོས་རྒྱལ་སྲས་རྒྱལ་རྔ་བདུན་པ་ཁྲིམས་གཙང་མཆོག་གྱུར་ཆོས་ཀྱི་མཆོག །ཤེས་རབ་ཕུན་ཚོགས་ཤེས་རབ་འབྱུང་གནས་སྦས་པ་ཉི་མ་སྦས་པ་ལ་སོགས་མདོ་དང་རྣམ་འགྲེལ་འགྲེལ་བཤད་མཛད་རྣམས་དང་། བློ་གྲོས་མཚུངས་མེད་བློ་བཟང་གྲགས་པའི་དཔལ་


DLL1004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་ཕྱག་འོས་ཀུན་ལ་ཀུན་ནས་གུས་པས་ཕྱག་བགྱིའོ། །འདིར་གསུང་རབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བར་བྱེད་པའི་ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་ཅེས་བྱ་བ་འཆད་པ་ལ་གསུམ། བསྟན་བཅོས་ཀྱི་དགོས་པ་བཤད་པ་དང་། བརྗོད་བྱ་ངོས་གཟུང་བ་དང་། དེ་རྒྱས་པར་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ་དང་། །རང་ལུགས་བཞག་པའོ། །དང་པོ་ནི། བོད་ཁ་ཅིག་ན་རེ། ཚད་མའི་བསྟན་བཅོས་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མིན་ཏེ། རྟོག་གེའི་བསྟན་བཅོས་ཡིན་པའི་ཕྱིར་དང་། ནང་རིག་པའི་བསྟན་བཅོས་ལས་ཕྱི་རོལ་ཏུ་གྱུར་པའི་གཏན་ཚིགས་རིག་པ་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། རྟོག་གེ་ཞེས་པ་ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་དོན་མཐའ་དག་མངོན་དུ་མ་གྱུར་པར་རྟོག་པས་བཏགས་པ་ཙམ་གྱིས་བཞག་པ་དང་། དེའི་རྗེས་སུ་འབྲངས་པའི་བསྟན་བཅོས་ལ་རྟོག་གེར་བྱས་པ་དང་། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་གསུངས་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གྱི་སྒོ་ནས་རྟོགས་པ་ལ་རྟོག་གེར་བྱས་པ་ལས། དང་པོ་གྲོལ་བ་དོན་གཉེར་ལ་མི་མཁོ་བ་བདེན་ཡང་རིགས་པའི་བསྟན་བཅོས་འདི་དག་ནི་དེ་ལྟར་ཁས་མི་ལེན་ཏེ། རང་གི་སྟོན་པ་ཤེས་བྱ་ཐམས་ཅད་མངོན་སུམ་གྱིས་གཟིགས་པའི་རྗེས་སུ་འབྲངས་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །གཉིས་པའི་དབང་དུ་བྱས་པའི་རྟོག་གེ་ཡིན་པས་གྲོལ་བ་དོན་གཉེར་ལ་མི་


DLL1004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཁོ་ན། སྦྱོར་ལམ་ཆོས་མཆོག་མན་ཆད་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་པར་ཐལ། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གྱི་སྒོ་ནས་རྟོགས་པའི་ཕྱིར། ནང་རིག་པའི་བསྟན་བཅོས་མ་ཡིན་པའང་མི་འཐད་དེ། རིགས་པའི་བསྟན་བཅོས་འདི་དག་གིས་གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་ཉིད་རིགས་པས་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར་དང་། འཁོར་བ་འཇུག་ལྡོག་རྒྱས་པར་གཏན་ལ་ཕབ་ནས་ནང་གི་སེམས་རྒྱུད་འདུལ་བའི་ཐབས་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་པའི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །གཏན་ཚིགས་རིག་པ་ཡིན་པ་ཙམ་གྱིས་གྲོལ་བ་དོན་གཉེར་ལ་ཉེ་བར་མི་མཁོ་བའང་མི་འཐད་དེ། གཏན་ཚིགས་རིག་པའི་དོན་ནི་རྒྱུ་མཚན་རིག་པ་ལ་ཟེར། བསྟན་བཅོས་འདི་དག་གིས་ཀྱང་གསུང་རབ་ཀྱི་དགོངས་པ་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཕྱིར། དེས་ན་འདི་དག་ནི་གཏན་ཚིགས་རིག་པ་དང་ནང་རིག་པའི་བསྟན་བཅོས་གཉིས་ཀ་ཡིན་ལ། ནང་རིག་པའི་བསྟན་བཅོས་ཁོ་ན་ཡིན་པ་འདུལ་བའི་མདོ་ལྟ་བུ་དང་། གཏན་ཚིགས་རིག་པ་ཁོ་ན་ཡིན་ལ་ནང་རིག་པ་མ་ཡིན་པ་ནི། རྟགས་དང་དཔེ་དང་རྒོལ་ཕྱི་རྒོལ་རྩོད་པའི་ཚུལ་ལ་སོགས་པ་ཙམ་ཞིག་གཏན་ལ་འབེབས་པ་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི་བཟོ་དང་གསོ་བ་རིག་པའི་བསྟན་བཅོས་ལྟ་བུའོ། །གཏན་ཚིགས་རིག་པ་ཡིན་པས་གྲོལ་བ་དོན་གཉེར་ལ་ཉེ་བར་མི་མཁོ་ན། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་


DLL1004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་གཟུང་དང་། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་རྗེ་བཙུན་གྱིས་གསུངས་པ་རྣམས་མི་འཐད་པར་འགྱུར་རོ། །གཞན་ཡང་ཚད་མ་རྣམ་པ་གཉིས་དང་རྟགས་དང་སྒྲུབ་ངག་ལ་སོགས་པ་བསྟན་པས་ནང་རིག་པའི་བསྟན་བཅོས་མ་ཡིན་པར་འགྱུར་ན། རྒྱལ་བའི་གསུང་རབ་ཀུན་ཀྱང་ནང་རིག་པ་མ་ཡིན་པར་ཐལ། ཚད་མ་རྣམ་པ་གཉིས་དང་རྟགས་དང་སྒྲུབ་ངག་ལ་སོགས་པ་བསྟན་པའི་ཕྱིར། ཇི་ལྟར་བསྟན་ན། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའི་སྙམ་དུ་ནི་མ་ཡིན་ནོ་ཞེས་དང་། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་པས་མངོན་སུམ་བསྟན་ལ། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པས་འབྲས་རྟགས་དང་དེ་ལ་བརྟེན་པའི་རྗེས་དཔག་བསྟན་ཅིང་། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ། །ཞེས་པས་རང་བཞིན་རྟགས་ཀྱི་སྒྲུབ་ངག་དང་། ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་གི །གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ། ཞེས་པས་མ་དམིགས་པའི་རྟགས་བསྟན་ཏོ། །འདི་དག་ནི་གསུང་རབ་ལས་ཚད་མ་གཉིས་ཀྱི་རྣམ་གཞག་ལན་དུ་མར་གསུངས་པར་ལན་རེ་ཙམ་གསུངས་པ་དཔེར་བཀོད་པ་མ་ཡིན་གྱི། མངོན་སུམ་དང་རྗེས་དཔག་གི་རྟེན་གཏན་ཚིགས་ལ་སོགས་པ་མ་གསུངས་པའི་གསུང་རབ་མི་སྲིད་པས། གསུང་རབ་མཐའ་དག་ལས་གསུངས་པ་མཚོན་བྱེད་དུ་བཀོད་པ་ཡིན་ནོ། །ཁ་ཅིག་ན་རེ། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་བཤད་པ་ལྟར། ཚད་མའི་བསྟན་བཅོས་འདི་དག་


DLL1004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་མུ་སྟེགས་པའི་ལོག་རྟོག་དགག་པའི་ཕྱིར་དུ་གསུངས་པ་ཡིན་པས། ཕྱི་རོལ་བ་མེད་པའི་ས་ཕྱོགས་སུ་ཉན་པ་དང་འཆད་པ་སོགས་བྱེད་པ་ལ་དགོས་པ་མེད་པར་འགྱུར་རོ། །ཞེས་ཟེར་བ་མི་འཐད་དེ། ཕྱི་རོལ་བ་མེད་པའི་ས་ཕྱོགས་སུ་རང་རྒྱུད་ཀྱི་ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པའི་སྒྲོ་འདོགས་དང་། སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་འཛིན་པའི་སྐུར་འདེབས་ཀྱི་ལྟ་བ་བསལ་ནས། ཕུང་པོ་མི་རྟག་སྡུག་བསྔལ་སྟོང་བདག་མེད་དང་། སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཡོད་པ་ལ་ངེས་ཤེས་ལེགས་པར་དྲངས་དགོས་ལ་ཚད་མའི་བསྟན་བཅོས་འདི་དག་གིས་ཀྱང་སྐྱེ་བ་སྔ་ཕྱི་མེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་འཛིན་པའི་སྐུར་འདེབས་དང་། ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པའི་སྒྲོ་འདོགས་བསལ་བའི་སྒོ་ནས་རྒྱས་པར་གཏན་ལ་འབེབས་པའི་ཕྱིར་རོ། །ཁ་ཅིག །བསྟན་བཅོས་འདི་དག་ཟས་ཀྱི་ལན་ཚྭ་དང་འདྲ་བར་འདི་ཉིད་གཙོ་བོར་ཉེར་མཁོ་མེད་ཀྱང་། འདི་དག་གི་དོན་ཁོང་དུ་ཆུད་ན་གཙོ་བོའི་དོན་གཞན་ཁོང་དུ་ཆུད་པ་ལ་ཉེ་བར་མཁོ་བ་ཙམ་ཡིན་ནོ། །ཞེས་ཟེར་བའང་མི་འཐད་དེ། ཐོས་པ་དང་བསམ་པ་དང་སྒོམ་པའི་གཞི་འདི་ནས་གཏན་ལ་ཕབ་པ་ལས་མཆོག་ཏུ་གྱུར་པ་གཞན་རྙེད་པར་དཀའ་བའི་ཕྱིར་རོ། །རང་དང་གཞན་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་འཁོར་བའི་སྡུག་བསྔལ་འགོག་པར་བྱེད་པའི་ཐབས་ལ་འབད་དགོས་ཏེ། ཐབས་དེ་ཡོད་བཞིན་དུ་འབད་པ་མ་བྱས་ན་དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །འོ་ན་གང་གི་རྗེས་སུ་འབྲངས་ནས་ཐབས་དེ་ལ་འབད་པར་བྱ་ཞེ་ན། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་


DLL1004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡི། །ཞེས་བཤད་པ་ལྟར། ལུགས་གང་འཐད་པའི་ཕྱོགས་ཡིན་དཔྱད་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཉག་གཅིག་སྐྱོན་མེད་པར་གྲུབ་པས་དེའི་རྗེས་སུ་འབྲངས་པར་བྱ་བ་ཡིན་ལ། རིགས་པའི་བསྟན་བཅོས་འདི་དག་གིས་ཀྱང་ལུང་དང་རྟོགས་པས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོན་མེད་པ་དང་། དེ་སྟོན་པའི་སྟོན་པ་ཚད་མའི་སྐྱེས་བུ་དང་། བསྟན་པའི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པའི་དགེ་འདུན་རྣམས་སྐྱོན་མེད་པར་རིགས་པས་གཏན་ལ་འབེབས་པ་ཡིན་པས་དེ་ལྟར་རྟོགས་པ་ནི་རིགས་པའི་བསྟན་བཅོས་འདི་དག་གི་དགོས་པ་ཡིན་ནོ། །ཇི་སྐད་བཤད་པའི་དགོས་པ་དེ་དག་རིགས་པའི་བསྟན་བཅོས་འདི་དག་ལ་རག་ལས་པ་ཡིན་ཏེ། བསྟན་བཅོས་འདི་དག་ལ་བརྟེན་ནས་སྟོན་པ་སངས་རྒྱས་དང་། དེའི་བསྟན་པ་སྐྱོན་མེད་པར་དངོས་སྟོབས་ཀྱི་རིགས་པས་ངེས་པར་བྱེད་ནུས་ཀྱི་གཞན་ལ་བརྟེན་ནས་ངེས་པར་བྱེད་པའི་ཐབས་རྙེད་པར་དཀའ་བའི་ཕྱིར་རོ། །དེས་ན་གྲོལ་བ་དོན་གཉེར་རྣམས་ཀྱིས་རིག་པའི་བསྟན་བཅོས་འདི་དག་ལ་གཅེས་པར་བཟུང་ནས། ཐོས་བསམ་སྒོམ་པ་ལ་འབད་པར་བྱ་ཞིང་། དེ་ཡང་འཁོར་བ་འཇུག་ལྡོག་ཉིད་ལ་སྐོར་ནས་ཉན་པ་ལ་སོགས་པ་དེའི་ཐབས་སུ་འགྱུར་བ་ལ་འབད་པར་བྱའོ། །རང་ཉིད་ཉམས་པར་འགྱུར་ཞིང་གཞན་ཡང་བསྟན་བཅོས་ལ་གུས་པ་སྐྱེད་པའི་གེགས་བྱེད་པའི་ཕྱིར་རོ། །གཉིས་པ་བསྟན་བཅོས་ཀྱི་བརྗོད་བྱ་ངོས་གཟུང་བ་ལ་གཉིས། དངོས་དང་དོགས་པ་གཅད་པའོ། །དང་པོ་ནི། འོ་ན་སྡེ་བདུན་མདོ་དང་བཅས་པའི་བརྗོད་པར་བྱ་བ་གང་ཞེ་ན། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ་ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་


DLL1004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཐོབ་པ་དང་། མི་ཕན་པ་སྤོང་བ་ནི་དེའི་རྒྱུ་ལ་བླང་དོར་བྱེད་པ་ལ་རག་ལས་པ་ཡིན་ལ། དེ་ཡང་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་རྣམས་སྡེ་བདུན་མདོ་དང་བཅས་པའི་བརྗོད་བྱ་ཡིན་ནོ། །འོ་ན་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ལ་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་དེ་སྔོན་དུ་འགྲོ་བ་ཡིན་ཏེ། མཐར་ཐུག་གི་ཕན་པ་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ། བདག་མེད་མངོན་སུམ་གྱིས་རྟོགས་པའི་རྣལ་འབྱོར་མངོན་སུམ་གོམས་པ་སྔོན་དུ་འགྲོ་དགོས་ལ། དེ་ལ་བདག་མེད་དོན་སྤྱིའི་ཚུལ་གྱིས་བསྒོམས་པ་སྔོན་དུ་འགྲོ་དགོས་ཤིང་། དེ་ལ་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་སུན་བྱུང་བའི་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་སྔོན་དུ་འགྲོ་དགོས་ལ། རྗེས་དཔག་དེ་སྐྱེ་བ་ལ་གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་ཀྱི་ཚུལ་རྣམས་ཐ་སྙད་པའི་དབང་པོའི་མངོན་སུམ་དང་། རང་རིག་མངོན་སུམ་ལ་ཐུག་གི་བར་དུ་བར་མ་ཆད་དུ་སྒྲུབ་དགོས་པའི་ཕྱིར་དང་། དེ་བཞིན་དུ་ངན་འགྲོའི་སྡུག་བསྔལ་ཆེ་ཆུང་དང་ཚེ་རིང་ཐུང་སོགས་དང་། ངན་འགྲོའི་རྒྱུ་བཀག་ནས་ཕྱི་མ་ལ་མངོན་མཐོ་སྒྲུབ་པ་སོགས་ཤིན་ཏུ་ལྐོག་གྱུར་རྣམས་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་འགྲུབ་ཅིང་། དེའི་ཚུལ་གསུམ་རྣམས་ཀྱང་སྔར་བཤད་པ་ལྟར་སྒྲུབ་དགོས་པའི་ཕྱིར་རོ། །དེ་བཞིན་དུ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་རྣམས་ཀྱིས་འདོད་པའི་དོན་ཐོབ་པ་དང་། མི་འདོད་པའི་དོན་སྤོང་བ་ལ་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་ཏེ། ཐེ་ཚོམ་དྲངས་ནས་འཇུག་པ་ལའང་ཐེ་ཚོམ་འདྲེན་པའི་ཚད་མ་སྔོན་དུ་འགྲོ་


DLL1004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར། འོ་ན་སྡེ་བདུན་མདོ་དང་བཅས་པས་ཡང་དག་པ་ལ་ཤེས་པ་འཁོར་དང་བཅས་པ་བརྗོད་བྱར་ཇི་ལྟར་བྱེད་ཅེ་ན། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་བཤད་པའི་རྟོག་གེའི་ཚིག་དོན་བརྒྱད་དང་ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་འབེབས་པ་ཚད་མ་ཀུན་ལས་བཏུས་པ་མཛད་དེ། མངོན་སུམ་གྱི་ལེའུ་དང་། རང་དོན་གྱི་ལེའུ་དང་། དེ་ལ་འཕྲོས་པ་སེལ་བ་བརྟག་པ་དང་། གཞན་དོན་ལེའུ་དང་། དེ་ལ་འཕྲོས་པ་དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་གསུངས་སོ། །དེའི་དགོངས་པ་འགྲེལ་བ་ལ་དཔལ་ལྡན་ཆོས་ཀྱི་གྲགས་པས་སྡེ་བདུན་མཛད་དེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིའོ། །གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས་དང་། ལུས་ཤིན་ཏུ་བསྡུས་པ་ཚད་མ་རིགས་པའི་ཐིགས་པའོ། །འོ་ན་རྣམ་འགྲེལ་འདིས་ཅི་བསྟན་ཅེ་ན། རང་ཉིད་ཀྱིས་གཞལ་བྱའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། དེ་གཞན་ལ་འདོམས་པའི་ཐབས་རྟོག་གེའི་ཚིག་དོན་བརྒྱད་ཙམ་མདོའི་ཚིག་གི་ཆ་དང་སྦྱར་ནས་སྟོན་པ་ཡིན་ལ། དེའི་ནང་ནས་མངོན་སུམ་ལེའུའི་དོན་རྣལ་འབྱོར་མངོན་སུམ་གྱི་གཙོ་བོ་ཐམས་ཅད་མཁྱེན་པ་སྒྲུབ་པ་རྟོགས་དཀའ་བ་དང་། དེ་བསྟན་བྱའི་གཙོ་བོ་ཡིན་ཞིང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐུབ་པ་ཚད་མར་བསྒྲུབས་པའི་སྒོ་ནས་གསུང་རབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ལ་ངོ་མཚར་བསྐྱེད་པའི་ཕྱིར་དུ། སྟོན་པ་དང་བསྟན་པ་སྐྱོན་མེད་པར་སྒྲུབ་པ་ཚད་མ་གྲུབ་པའི་ལེའུ་ཟུར་པ་མཛད་པ་ཡིན་ལ། དེ་ཡང་ཐམས་ཅད་མཁྱེན་པ་ལ་སྐྱེད་བྱེད་ཀྱི་རྒྱུ་མེད་པར་འཛིན་པའི་ལོག་པར་རྟོག་པ་དང་།


DLL1004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱེད་ཀྱི་རྒྱུ་མེད་པར་འཛིན་པའི་ལོག་པར་རྟོག་པ་གཉིས་ལས། ལོག་རྟོག་དང་པོ་བསལ་ནས་ཐམས་ཅད་མཁྱེན་པ་ལམ་གང་ནས་བྱོན་པ་རྟོགས་པའི་ཕྱིར་དུ་ལུགས་ལས་འབྱུང་བའི་བཤད་པ་མཛད་ཅིང་། ལོག་རྟོག་གཉིས་པ་བསལ་བའི་ཕྱིར་དུ་ལུགས་ལས་བཟློག་པའི་བཤད་པ་མཛད་པ་ཡིན་ནོ། །ཚད་མ་རྣམ་ངེས་ཀྱིས་ཅི་བསྟན་ཅེ་ན། སློབ་དཔོན་ཕྱོགས་གླང་གིས་རྟོག་གེ་མི་ཤེས་ཞེས་སྨོད་པ་ལ་སོགས་པའི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། རྣམ་འགྲེལ་ལྟ་བུའི་རིགས་པ་རྒྱས་པར་མ་བསྟན་པར་ཚད་མའི་དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་དུ་རྟོག་གེའི་ལུས་ཅུང་ཟད་བསྡུས་ནས་བསྟན་ལ། དེ་ཡང་ཆ་ཐམས་ཅད་ནས་རྒྱས་པ་རྣམ་འགྲེལ་ལྟ་བུ་མེད་ཀྱང་གཞན་དོན་ལེའུ་རྣམ་ངེས་འདིར་རྒྱས་པར་བཤད་པ་ཡིན་ནོ། །རིགས་པའི་ཐིགས་པས་ཅི་བསྟན་ཅེ་ན། གདུལ་བྱ་སྤྲོས་པ་རྒྱས་པའི་རྗེས་སུ་འཇུག་མི་ནུས་པ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་དུ་རྟོག་གེའི་ལུས་ཤིན་ཏུ་བསྡུས་ནས་བསྟན་པ་ཡིན་ནོ། །ལུས་ཀྱི་ཆ་ཤས་གསལ་བར་བྱེད་པ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ནི། གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ་དང་། རྒྱུད་གཞན་སྒྲུབ་པ་དང་། རྩོད་པའི་རིགས་པའོ། །བཞི་པོ་འདི་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཇི་ལྟར་ཡིན་ཞེ་ན། དང་པོ་གཉིས་རང་དོན་ལེའུ་ལ་འཕྲོས་པ་ཡིན་ཏེ། གཞལ་བྱ་ལྐོག་གྱུར་རྟོགས་པ་རྗེས་དཔག་ལ་རག་ལས་ལ། དེ་ཡང་མཐའ་ཆོད་པར་རྟོགས་པ་རྟགས་ཀྱི་ཚུལ་རྒྱས་པར་གཏན་ལ་ཕབ་པ་ལ་རག་ལས་ཤིང་རྟགས་ཀྱི་ཚུལ་དྲུག་དང་གཅིག་ཏུ་འདོད་པ་ལ་སོགས་པའི་ལོག་རྟོག་བསལ་ནས། རྟགས་ཀྱི་ཚུལ་གསུམ་དུ་གྲངས་ངེས་པ་ཡིན་ནོ་ཞེས་བསྟན་


DLL1004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དུ་གཏན་ཚིགས་ཐིགས་པས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡིས། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་པ་འདི་རྒྱས་པར་འཆད་པ་ཡིན་པའི་ཕྱིར་དང་། ཚུལ་གསུམ་གྱི་རྩ་བ་འབྲེལ་བ་ལ་རག་ལས་པ་ཡིན་ལ། འབྲེལ་བ་ལ་ལྡན་འདུའི་འབྲེལ་བ་དང་། འབྲེལ་བ་རྫས་གྲུབ་འདོད་པའི་ལོག་རྟོག་བསལ་ནས། འབྲེལ་བ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གཉིས་སུ་གྲངས་ངེས་པར་བསྒྲུབ་པའི་ཕྱིར་དང་། ཐར་པ་ཐོབ་པར་བྱེད་པའི་ཐབས་བདག་མེད་རྟོགས་པའི་ཤེས་རབ་དང་། འཁོར་བའི་རྩ་བ་བདག་འཛིན་ཡིན་ལ། དེའི་ཞེན་ཡུལ་གང་ཟག་གི་བདག་མེད་པར་འབྲེལ་བ་རྫས་གྲུབ་བཀག་པས་འགྲུབ་པར་དགོངས་ནས། འབྲེལ་པ་བརྟག་པས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་རྒྱས་པར་འཆད་པའི་ཕྱིར་རོ། །ཕྱི་མ་གཉིས་ནི་གཞན་དོན་གྱི་ཡན་ལག་ཡིན་ཏེ། མངོན་སུམ་ལེའུར་ཕྱི་རོལ་གྱི་དོན་བཀག་ནས་རྣམ་པར་རིག་པ་ཙམ་དུ་བསྟན་པ་ལ། གལ་ཏེ་ཕྱི་རོལ་གྱི་དོན་མེད་པར་རྣམ་པར་རིག་པ་ཙམ་ཡིན་ན། རྒྱུད་གཞན་མ་གྲུབ་པས་གཞན་དོན་བྱེད་པ་མི་འཐད་དོ་སྙམ་ན། རྣམ་པར་རིག་པ་ཙམ་ཡིན་ཡང་ལུས་ངག་གི་བྱ་བ་ལས་ཀུན་སློང་དཔགས་ནས། དེ་རང་གི་རྒྱུད་དང་འབྲེལ་བ་བཀག་ནས་རྒྱུད་གཞན་བསྒྲུབ་པའི་ཕྱིར་དུ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཚུལ་འདི་སེམས་ཙམ་ལ་ཡང་མཚུངས། །ཞེས་རྒྱུད་ཁ་ཅིག་ཚད་མ་གྲུབ་པའི་ལེའུར་ཐམས་ཅད་མཁྱེན་པའི་རྒྱུའི་རྩ་བ་སྙིང་རྗེ་ཆེན་པོར་བཤད་པ་དེའི་དམིགས་ཡུལ་བསྒྲུབ་པའི་ཆེད་ཡིན་པས་ལེའུ་དེ་ལ་འཕྲོས་པ་ཡིན་ནོ་ཞེས་ཟེར་རོ། །རྩོད་པའི་རིགས་པ་གཞན་དོན་གྱི་ཡན་ལག་ཡིན་ཏེ། གཞན་དོན་བྱེད་པ་ན་ཟས་གོས་སྤྱིན་པ་ལ་སོགས་པས་གནས་སྐབས་སུ་བདེ་བ་ཙམ་གྲུབ་ཀྱང་


DLL1004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་བདེ་བ་མི་འགྲུབ་ལ། གཞི་ལམ་འབྲས་གསུམ་ལ་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་དང་། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་སུན་འབྱིན་དང་སྒྲུབ་ངག་གིས་བསལ་ནས་ཡང་དག་པའི་ལམ་ལ་བཀོད་པས་གཏན་གྱི་བདེ་བ་འགྲུབ་པའི་རྩོད་པའི་ཚུལ་ཤེས་པའི་ཕྱིར་དུ་རྩོད་པའི་རིགས་པ་མཛད་པའི་ཕྱིར་རོ། །མདོར་ན་སྡེ་བདུན་གྱི་དང་པོ་གསུམ་གྱིས་རྟོག་གེའི་ཚིག་དོན་བརྒྱད་ཀ་ཚང་བར་སྟོན་པས་ལུས་ལྟ་བུ་དང་། ཕྱི་མ་བཞིས་དེ་ལས་འཕྲོས་པའི་དོན་ཙམ་སྟོན་གྱི་རྟོག་གེའི་ཚིག་དོན་བརྒྱད་ཀ་ཚང་བར་མི་སྟོན་པས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཞེས་བྱའོ། །དེ་ལྟར་ན། ཚད་མ་སྡེ་བདུན་པོ་འདིས་ཐེག་པ་ཆེན་པོའི་རིགས་ཅན་རང་ཉིད་སངས་རྒྱས་སུ་བགྲོད་པར་བྱེད་པའི་ལམ་གྱི་རིམ་པ་དང་། སངས་རྒྱས་ནས་གཞན་དོན་བྱེད་པའི་རིམ་པ་ཡིན་ལ། དེ་ཡང་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར། གཞལ་བྱའི་གནས་དང་པོ་གཉིས་ལ་དངོས་སྟོབས་ཀྱི་རིགས་པས་དཔྱད་པ་དག་པར་བྱེད་པ་དང་། ཤིན་ཏུ་ལྐོག་གྱུར་ལུང་གི་རྟགས་ལ་བརྟེན་ནས་དཔོག་ཅིང་། དེ་ལ་ཡང་ཁས་བླངས་སྔ་ཕྱི་འགལ་བ་དང་། རང་ཚིག་དངོས་ཤུགས་འགལ་བ་སོགས་ཡོད་མེད་དངོས་སྟོབས་ཀྱི་རིགས་པས་དཔྱོད་པའི་ཚུལ་གཏན་ལ་འབེབས་པ་ཡིན་ལ། དེ་རྣམས་ཀྱི་དང་པོ་རྣམ་འགྲེལ་ཡིན་པས་དེ་ལ་རྟོག་པའི་དྲ་བ་རྣམས་བསལ་ཅིང་། ཞེས་སོགས་ཀྱི་མཆོད་བརྗོད་མཛད་ཅིང་མཐར་ནི་རྩོད་པའི་རིགས་པ་ཡིན་ནོ། །གཉིས་པ་དོགས་པ་གཅད་པ་ལ་གཉིས། ལེའུའི་གྲངས་ངེས་ལ་དོགས་པ་གཅད་པ་དང་། གོ་རིམ་ལ་དོགས་པ་གཅད་པའོ། །དང་པོ་ནི། བསྟན་


DLL1004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་རྣམ་འགྲེལ་འདི་ཀུན་ལས་བཏུས་ཀྱི་རྣམ་འགྲེལ་དུ་རྩོམ་ན། ཀུན་ལས་བཏུས་སུ་ལེའུ་དྲུག་གསུངས་ལ་འདིར་ལེའུ་བཞིར་བྱས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དཔེ་བརྟག་པ་དང་སེལ་བ་བརྟག་པའི་ལེའུ་གཉིས་འདིར་རང་དོན་ལེའུའི་ནང་དུ་བསྡུས་ནས་བསྟན་ཅིང་། ལྟག་ཆོད་བརྟག་པ་གཞན་དོན་ལེའུའི་ནང་དུ་འདུས་ཤིང་རྩོད་རིམས་སུ་རྒྱས་པར་གཏན་ལ་ཕབ་པས་འདིར་ལེའུ་ལོགས་སུ་མ་བསྟན་ལ། ཀུན་ལས་བཏུས་ཀྱི་མཆོད་བརྗོད་ནས་བཤད་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་གཏན་ལ་དབབ་བྱའི་གཙོ་བོ་ཡིན་པས། དེ་གཏན་ལ་འབེབས་པ་ལ་ཚད་མ་གྲུབ་པའི་ལེའུ་ལོགས་སུ་མཛད་པས་ལེའུ་བཞིར་འགྱུར་པའི་ཕྱིར་རོ། །དེས་ན་བསྟན་བཅོས་འདིའི་ལེའུ་བཞིར་གྲངས་ངེས་པ་ཡིན་ཏེ། གཏན་ལ་དབབ་བྱའི་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པར་ངེས་ཤིང་། དེ་ཉིད་རང་གིས་རྟོགས་པར་བྱེད་པའི་ཐབས་མངོན་སུམ་དང་རྗེས་དཔག་གཉིས་སུ་ངེས། རང་གིས་རྟོགས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་གཙོ་བོ་གཞན་དོན་རྗེས་དཔག་ཏུ་ངེས་པའི་ཕྱིར་རོ། །གཉིས་པ་ལེའུའི་གོ་རིམ་ལ་དོགས་པ་གཅད་པ་ལ་གཉིས། ལྷ་དབང་བློའི་ལུགས་དང་། རྒྱན་རྗེས་འབྲང་དང་བཅས་པའི་ལུགས་སོ། །དང་པོ་ནི། བསྟན་བཅོས་འདི་ཀུན་ལས་བཏུས་ཀྱི་རྣམ་འགྲེལ་དུ་རྩོམ་ན། ཅིའི་ཕྱིར་ལེའུའི་གོ་རིམ་བཟློག་ནས་རང་དོན་དང་པོར་བཤད་ཅེ་ན། སྤྱིར་གོ་རིམ་ལ་རྒྱུད་ལ་སྐྱེ་བའི་གོ་རིམ་དང་། དགོས་པ་ལ་ལྟོས་པའི་གོ་རིམ་སོགས་དུ་མ་ཡོད་པ་ལས། དང་པོའི་དབང་དུ་བྱས་ན་དང་པོར་མངོན་སུམ་གྱི་ལེའུ་དང་དེའི་འོག་ཏུ་རང་དོན་གྱི་ལེའུ་དང་དེའི་འོག་ཏུ་གཞན་དོན་གྱི་ལེའུ་འཆད་པར་རིགས་པ་ཡིན་ཏེ། འདུས་བྱས་མི་རྟག་པ་དང་གང་ཟག་གི་བདག་མེད་པ་ཡིན་ནོ་ཞེས་སྒྲུབ་ངག་གི་སྒོ་ནས་གཞན་ལ་འདོམས་པ་ལ་དང་པོར་རང་ཉིད་ཀྱིས་རྟོགས་དགོས་ལ། དེ་ཡང་སོ་སྐྱེ་རྣམས་ཀྱི་མངོན་སུམ་གྱིས་རྟོགས་


DLL1004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་པས་རྗེས་དཔག་གིས་རྟོགས་དགོས་ཤིང་། རྗེས་དཔག་གི་རྟེན་གཏན་ཚིགས་ཀྱི་ཚུལ་གསུམ་པོ་ཡང་། མཐར་མངོན་སུམ་གྱིས་གྲུབ་པ་ལ་རག་ལས་པའི་ཕྱིར་རོ། །དོན་གཉིས་སྒྲུབ་པའི་རིམ་པ་ལ་ལྟོས་ནས་ཀྱང་གོ་རིམ་དེ་འཐད་པ་ཡིན་ནོ། །དེས་ན་ཀུན་ལས་བཏུས་དང་རྣམ་ངེས་ལས་བཤད་པ་ནི་རྒྱུད་ལ་སྐྱེ་བའི་གོ་རིམ་ཡིན་ལ། རྣམ་འགྲེལ་འདིར་ནི་དགོས་པ་ལ་ལྟོས་པའི་གོ་རིམས་ཀྱི་དབང་དུ་བྱས་ནས། རང་དོན་ལེའུ་དང་པོར་གསུངས་ཏེ། རང་དོན་ལེའུ་དང་པོར་འཆད་པའི་རྒྱུ་མཚན་རང་དོན་རྗེས་དཔག་ཀུན་ལས་བཏུས་འཆད་པའི་རྒྱུ་ཡིན་པས་དང་པོར་འཆད་ཅེས་སྟོན་པ་ལ། རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ལ། དེ་ལ་ལོག་པའི་རྟོག་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ་ཞེས་གསུངས། འདིའི་དོན་ལ་ཁ་ཅིག །དོན་ཕན་པ་དང་དོན་མ་ཡིན་པ་ནི་མི་ཕན་པ་ཡིན་ལ། དེ་རྣམ་པར་འབྱེད་པ་ནི་ཐོབ་པ་དང་སྤོང་བ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། འོ་ན་ཕན་པ་དང་མི་ཕན་པ་རྣམ་པར་འབྱེད་པ་ནི་རྗེས་དཔག་ཁོ་ན་ལ་བརྟེན་པའི་ཕྱིར་དང་པོར་འཆད་ཅེས་ཟེར་རམ། ཕན་པ་དང་མི་ཕན་པ་ཁོ་ན་རྣམ་པར་འབྱེད་པ་རྗེས་དཔག་ལ་བརྟེན་པའི་ཕྱིར། རྗེས་དཔག་དེ་ལ་ལོག་པར་རྟོག་པའི་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ་ཞེས་ཟེར། དང་པོ་མི་རིགས་ཏེ། ཕན་པ་དང་མི་ཕན་པ་རྣམ་པར་འབྱེད་པ་མངོན་སུམ་ལ་ཡང་བརྟེན་པའི་ཕྱིར་ཏེ། ཕན་པ་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་དང་། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པས་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པའང་མི་རིགས་ཏེ། བླང་དོར་བཏང་སྙོམས་སུ་བྱ་བའི་ཆོས་རྣམ་པར་འབྱེད་པ་ཡང་རྗེས་དཔག་ལ་བརྟེན་པའི་ཕྱིར་རོ། །རང་ལུགས་ནི། དོན་ནི་


DLL1004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས་མཛད་པའི་ཚད་མའི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་ཡིན་ཏེ། རིགས་པ་དང་ལྡན་པའི་ཕྱིར་རོ། །དོན་མ་ཡིན་པ་ནི་ཕྱི་རོལ་པའི་ཚད་མའི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་གཉིས་རིགས་པ་དང་ལྡན་མི་ལྡན་རྣམ་པར་འབྱེད་པ་ནི་རྗེས་དཔག་ཁོ་ན་ལ་བརྟེན་པའི་ཕྱིར་དང་པོར་རང་དོན་རྗེས་དཔག་བཤད་པ་ཡིན་ནོ། །དེ་མངོན་སུམ་ལ་བརྟེན་པ་མ་ཡིན་ཏེ། མངོན་སུམ་ནི་ཡུལ་ལ་དཔྱད་པ་མི་འཇུག་པའི་ཕྱིར། འོ་ན་སློབ་དཔོན་གྱིས་རྗེས་དཔག་བཤད་ཟིན་པ་མིན་ནམ་ཞེ་ན། བཤད་མོད་དེ་ལ་ཡང་ལོག་པར་རྟོག་པ་མཐོང་བས་དེ་རྣམ་པར་བཞག་པའི་ཕྱིར་དུ་བཤད་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་རྒྱལ་བ་ཅན་ན་རེ། སྤྱིའི་མཚན་ཉིད་མ་བསྟན་པར་ཁྱད་པར་གྱི་མཚན་ཉིད་མི་རྟོགས་པས། ཚད་མ་སྤྱིའི་མཚན་ཉིད་བརྗོད་པའི་ཕྱིར་དུ་ཚད་མ་གྲུབ་པའི་ལེའུ་དང་པོར་བསྟན། དེ་ནས་རང་གི་དོན་འཕེལ་བའི་རྩ་བ་ཡིན་པས་མངོན་སུམ་གྱི་ལེའུ་བསྟན། རང་གི་དོན་གྱི་རྗེས་སུ་དཔག་པ་ནི་མངོན་སུམ་ལ་རག་ལས་པའི་ཚད་མ་ཡིན་པས་མངོན་སུམ་གྱི་ལེའུ་འོག་ཏུ་བསྟན། དེའི་རྗེས་ཐོགས་དེ་མ་ཐག་ཏུ་གཞན་དོན་གྱི་ལེའུའི་བསྟན་ལ། ལྷ་དབང་བློས། རང་དོན་ལེའུ་དང་པོར་བྱས་པ་ན་ལེའུའི་གོ་རིམ་ལ་འཁྲུལ་བ་བློས་རང་དོན་ལེའུ་དང་པོར་བྱས་པ་ནི་ལེའུའི་གོ་རིམ་ལ་འཁྲུལ་བ་ཡིན་ནོ། །འོ་ན་སློབ་དཔོན་གྱིས་རང་དོན་རྗེས་དཔག་དང་པོར་བཤད་པ་ཅི་ཡིན་ཞེ་ན། དེ་ནི་རྟོགས་པར་དཀའ་བས་དང་པོར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སློབ་དཔོན་ཡ་མ་རི་ན་རེ། དེ་ནི་མི་འཐད་དེ། རྩ་བའི་པོ་ཏིར་རང་དོན་དང་པོར་བསྟན་པའི་ཕྱིར་རོ། །དེ་ཚད་མར་མི་བྱེད་ན་ཚད་མའི་མཚན་ཉིད་ལ་སོགས་པ་ལ་ཡང་སློབ་དཔོན་གྱི་ཡིན་པར་ཡིད་ཆེས་པ་མེད་དོ། །རྩ་བའི་པོ་ཏིར་རང་དོན་དང་པོར་འབྱུང་བ་ནི་ལྷ་དབང་བློས་བྱས་པ་ཡིན་གྱི་སློབ་དཔོན་གྱིས་མཛད་པ་མིན་ནོ་ཞེ་ན། འོ་ན་ཚད་མ་སླུ་མེད་ཅན་ཤེས་པ། ཞེས་སོགས་ཀྱང་ལྷ་དབང་བློས་བྱས་པ་ཡིན་


DLL1004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སློབ་དཔོན་གྱིས་མཛད་པ་ལ་ཡིད་ཆེས་པ་ཅི་ཡོད། གཞན་ཡང་ལྷ་དབང་བློས་ལེའུའི་གོ་རིམ་འཆད་པ་ལ་ནུས་པ་ཉམས་པ་ཅི་ཞིག་ཡོད། འཁྲུལ་བའི་ཕྱིར་རོ་ཞེ་ན། འཁྲུལ་བའི་རྒྱུ་ཅི་ཡིན། རང་དོན་རྗེས་དཔག་དང་པོར་བཤད་པ་ནི་འཁྲུལ་པའི་རྒྱུ་ཡིན་ནོ་ཞེ་ན། འོ་ན་སློབ་དཔོན་མི་མཁས་པར་ཐལ། རང་དོན་ལེའུ་དང་པོ་མ་ཡིན་བཞིན་དུ་དེ་ལ་རང་འགྲེལ་དང་པོར་མཛད་པའི་ཕྱིར། སྐྱོན་མེད་དེ། རང་དོན་ལེའུ་དཀའ་བའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། བསྟན་བཅོས་སུ་དཀའ་བའི་ཆ་དབུས་དང་མཐར་མཐོང་ཡང་དང་པོར་འཆད་པ་མིན་པའི་ཕྱིར་དང་། མངོན་སུམ་གྱི་ལེའུ་ལས་རང་དོན་ལེའུ་དཀའ་བར་མ་གྲུབ་པའི་ཕྱིར་རོ། །རང་དོན་ལེའུ་རྟོགས་པར་དཀའ་བས་དེའི་རང་འགྲེལ་དང་པོར་རྩོམ་ན། རང་དོན་ལེའུ་རྟོགས་པར་དཀའ་བས་དང་པོར་ཅིའི་ཕྱིར་མི་རྩོམ། གལ་ཏེ་རང་དོན་རྗེས་དཔག་ནི་མངོན་སུམ་ལས་སྐྱེས་པ་ཡིན་པས། མངོན་སུམ་གྱི་འོག་ཏུ་རྩོམ་པར་རིགས་སོ་ཞེ་ན། འོ་ན་འཆད་པར་ཡང་ཅིའི་ཕྱིར་མི་རིགས། གཞན་ཡང་། རང་དོན་ལེའུ་དང་པོ་མ་ཡིན་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ལ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཚད་མ་གྲུབ་པ་ལེའུ་དང་པོ་ཡིན་ན། རྟོག་པའི་དྲ་བ་རྣམ་བསལ་ཅིང་། ཞེས་སོགས་ཀྱི་མཆོད་བརྗོད་དང་། སྐྱེ་བོ་ཕལ་ཆེར་ཞེས་སོགས་ཀྱི་རྩོམ་པར་དམ་བཅའ་བ་ཡང་ཚད་མ་གྲུབ་པའི་ལེའུར་འབྱུང་རིགས་ཀྱི་རང་དོན་ལེའུའི་དང་པོར་འབྱུང་བ་མི་རིགས་སོ། །གལ་ཏེ་ཚིགས་བཅད་དེ་གཉིས་སློབ་དཔོན་གྱིས་རང་དོན་ལེའུའི་དང་པོར་གསུངས་ཀྱང་ཚད་མ་གྲུབ་པའི་ལེའུའི་དང་པོར་འབྱུང་རྒྱུ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་ལྟ་ན་དོན་འདི་ལ་སློབ་དཔོན་ནི་མི་མཁས་པ་ཡིན་ལ། བདག་ཅག་ནི་མཁས་པ་ཡིན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །དེས་ན་ལྷ་དབང་བློ་བསྟན་


DLL1004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཀྱི་བརྗོད་བྱ་ཟབ་མོ་ལ་འཁྲུལ་ཡང་གོ་རིམ་ལ་འཁྲུལ་བ་མིན་ནོ། །གལ་ཏེ་ལྷ་དབང་བློ་སློབ་དཔོན་ལ་དངོས་སུ་ཉན་པ་བརྗོད་བྱ་ལ་འཁྲུལ་བ་མི་འཐད་དེ། འདིས་འདི་བཤད་དོ་ཞེས་འཛིན་པའི་ནུས་པ་བྱིས་པ་ལ་ཡང་ཡོད་པའི་ཕྱིར་རོ། །གལ་ཏེ་བརྗོད་བྱ་ལ་འཁྲུལ་ན་ལེའུའི་གོ་རིམ་ལ་ཡང་ཅིའི་ཕྱིར་མི་འཁྲུལ་ཞེ་ན། ལྷ་དབང་བློས་རྣམ་འགྲེལ་མཛད་པ་ལས་དངོས་སུ་མ་ཐོས་ཀྱི་ཕྱོགས་ཀྱི་གླང་པོའི་དངོས་ཀྱི་སློབ་མ་ཡིན་པས་དེའི་ང་རྒྱལ་གྱི་རྣམ་འགྲེལ་འདི་ཀུན་ལས་བཏུས་ཀྱི་རྣམ་འགྲེལ་དུ་བཀྲལ་བ་ཡིན་ནོ། །དེས་ན་ལྷ་དབང་བློ་ལ་རྣམ་འགྲེལ་ཉེ་བར་བསྟན་པ་མེད་པས་བརྗོད་བྱ་ལ་འཁྲུལ་བ་སྲིད་ལ། མ་འཁྲུལ་ན་ཡང་ཕྱོགས་ཀྱི་གླང་པོ་ལ་མངོན་པར་ཞེན་པའི་དབང་གིས་ཀུན་ལས་བཏུས་ཀྱི་རྣམ་འགྲེལ་དུ་བཀྲལ་པ་ཡིན་གྱི་ལེའུའི་གོ་རིམ་འཁྲུལ་བ་མིན་ནོ། །འོ་ན་རྒྱན་མཁན་པོས། རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་ཏུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བརྗོད་དེ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རང་དོན་རྗེས་དཔག་གི་འཇུག་ཐོགས་སུ་གཞན་དོན་རྗེས་དཔག་འཆད་པའི་དོན་མིན་གྱི། རང་དོན་རྗེས་དཔག་གི་ཕྱིས་གཞན་དོན་རྗེས་དཔག་འཆད་པ་མཚོན་པའི་ཕྱིར་དུ་དེ་མ་ཐག་ཅེས་སྨོས་པ་ཡིན་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །རང་དོན་རྗེས་དཔག་གི་འཇུག་ཐོགས་དེ་མ་ཐག་ཏུ་གཞན་དོན་རྗེས་དཔག་འཇུག་པར་མ་ངེས་ཏེ། ཕྱི་རྒོལ་གྱི་ཤེས་འདོད་ལ་སོགས་པའི་དུས་ཀྱི་བར་དུ་ཆོད་པ་སྲིད་པའི་ཕྱིར། དེས་ན་རང་དོན་རྗེས་དཔག་གི་དེ་མ་ཐག་ཏུ་གཞན་དོན་རྗེས་དཔག་འཇུག་པ་ཡང་ངེས་པ་མེད་ན་འཆད་པ་ལྟ་ཅི་སྨོས། ཡང་ན་རྗེས་དཔག་གཞན་མེད་པས་རིགས་མཐུན་གྱིས་བར་མ་ཆོད་པས་དེ་མ་ཐག་ཅེས་སྨོས་པ་ཡིན་


DLL1004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདས་ནས་ཡུན་རིང་དུ་ལོན་པ་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པ་བཞིན་ནོ་ཞེས་ཡ་མ་རིའི་འགྲེལ་བ་ལས་འབྱུང་ངོ་། །ཉི་མ་སྦས་པའི་ལུགས་ལ་ཡང་། རྣམ་འགྲེལ་གྱི་དོན་གྱི་ཆ་ལ་ལྷ་དབང་བློ་འཁྲུལ་ཡང་ལེའུའི་གོ་རིམ་ལ་མ་འཁྲུལ་བར་བཞེད་དོ། །འོ་ན་རྒྱན་རང་གི་ལུགས་གང་ཡིན་ཞེ་ན། འདི་ལ་ཁ་ཅིག་ཚད་མ་གྲུབ་པ་ལེའུ་དང་པོ་ཡིན་ཏེ། རྒྱན་གྱི་འགྲེལ་པར་ཚད་མ་གྲུབ་པ་ལ་ལེའུ་དང་པོ་ཞེས་འབྱུང་བའི་ཕྱིར། དེ་ནི་རང་གི་འགྲེལ་པ་ལ་ལྟོས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་གཞན་དོན་གྱི་ལེའུ་ལ་ལེའུ་གསུམ་པ་ཞེས་འབྱུང་རིགས་པ་ལ་ལེའུ་བཞི་པ་ཞེས་འབྱུང་བའི་ཕྱིར། རྟོག་པའི་དྲ་བ་རྣམ་བསལ་ཅིང་། ཞེས་སོགས་ནི་རང་འགྲེལ་གྱི་མཆོད་བརྗོད་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་བརྗོད་བྱ་རྒྱས་པར་བཤད་པ་ལ་གཉིས། ཚད་མ་བཤད་པ་དང་། དེའི་ཡུལ་བཤད་པའོ། །དང་པོ་ལ་གསུམ། མཚན་ཉིད་དང་། མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་དང་། མཚན་གཞིའི་དབྱེ་བ་བཤད་པའོ། །དང་པོ་ནི་ཁ་ཅིག་ན་རེ། ལྷ་དབང་བློའི་ལུགས་ལ། ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་ཤིག་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་ཀྱང་ཚད་མའི་མཚན་ཉིད་ཡོངས་རྫོགས་ཤིག་བསྟན་པ་ཡིན་ཏེ། ལྷ་དབང་བློའི་འགྲེལ་པར། དེ་བས་ན་དེ་ལྟར་ཚད་མའི་མཚན་ཉིད་མི་སླུ་བ་ཅིག་བཤད་དོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། གཞན་ཚད་མའི་མཚན་ཉིད་གཉིས་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར། དེ་འགོག་པ་ལ་མཚོན་བྱ་ཚད་མ་དེ་རང་ལྡོག་ཐ་དད་པ་གཉིས་སུ་ཐལ། ཚད་མའི་མཚན་ཉིད་གཉིས་ཡོད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་མཚོན་བྱ་གཞན་དོན་བསྒྲུབ་བྱ་དེ་རང་ལྡོག་ཐ་དད་གཉིས་སུ་ཐལ། གཞན་དོན་


DLL1004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱའི་མཚན་ཉིད་གཉིས་ཡོད་པའི་ཕྱིར་ཏེ། ཀུན་ལས་བཏུས་ནས་ཀྱང་གཞན་དོན་སྒྲུབ་བྱའི་མཚན་ཉིད་ཡོངས་རྫོགས་གཅིག་བསྟན། རིགས་སྒོ་ནས་ཀྱང་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཡོངས་རྫོགས་ཅིག་བསྟན་པའི་ཕྱིར། འཁོར་གསུམ་མོ། །ཁ་ཅིག་རྒྱན་མཁན་པོའི་ལུགས་ལ། གཞུང་སྔ་མས་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་གཞུང་ཕྱི་མས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པ་ཡིན་ལ་དེ་ཡང་མི་འཐད་དེ། རྣམ་འགྲེལ་འདིར་ཚད་མ་སྤྱིའི་མཚན་ཉིད་ཆད་པའི་སྐྱོན་ཡོད་པར་ཐལ། གཞུང་སྔ་མས་ཐ་སྙད་པའི་ཚད་མའི་མཚན་ཉིད་བསྟན། གཞུང་ཕྱི་མས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པ་གང་ཞིག །དེ་གཉིས་ལས་གཞན་པའི་ཚད་མ་སྤྱིའི་མཚན་ཉིད་སྟོན་པའི་གཞུང་མེད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཚད་མ་མདོར་ཡང་ཚད་མ་སྤྱིའི་མཚན་ཉིད་ཆད་པའི་སྐྱོན་ཡོད་པར་ཐལ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པས་མངོན་སུམ་ཚད་མའི་མཚན་ཉིད་བསྟན། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པས་རྗེས་དཔག་ཚད་མའི་མཚན་ཉིད་བསྟན་པ་གང་ཞིག །དེ་གཉིས་ལས་གཞན་པའི་ཚད་མ་སྤྱིའི་མཚན་ཉིད་སྟོན་པའི་གཞུང་མེད་པའི་ཕྱིར། འཁོར་གསུམ། རྒྱན་གྱི་དགོས་པ་དེ་ལྟར་བྱས་ནས་རང་ལུགས་སུ་བྱེད་པའང་མི་འཐད་དེ། དོན་དམ་པའི་ཚད་མ་ཆོས་ཅན། ཐ་སྙད་པའི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཚད་མ་མ་ཡིན་པར་ཐལ་ལོ། །ཐ་སྙད་པའི་ཚད་མའང་ཆོས་ཅན། དོན་དམ་པའི་ཚད་མ་ཡིན་པར་ཐལ། མ་ཤེས་དོན་གྱི་གསལ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཚད་མ་མ་ཡིན་པར་ཐལ་ལོ། །གལ་ཏེ་ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་པས་ཐ་སྙད་པའི་ཚད་མའི་མཚན་ཉིད་བསྟན་


DLL1004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ཐ་སྙད་པའི་ཚད་མ་ཡིན་ཏེ། ཐ་སྙད་པ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་བསྟན་པའི་ཕྱིར། དེ་བཞིན་དུ་མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པས། དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་ཏེ། དེས་དོན་དམ་པའི་ཚད་མ་ཡིན་ཏེ་དོན་དམ་པ་མ་ཤེས་པ་གསལ་བར་བྱེད་པའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །ཞེ་ན། འོ་ན་གཞུང་སྔ་མས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པར་ཐལ། དེས་དོན་དམ་པའི་ཚད་མ་ཡིན་ཏེ། དོན་དམ་པ་ལ་གསར་དུ་བསླུ་བ་མེད་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་བསྟན་པའི་ཕྱིར། དེ་བཞིན་དུ་གཞུང་ཕྱི་མས་ཀྱང་ཐ་སྙད་པའི་ཚད་མའི་མཚན་ཉིད་བསྟན་པ་ཡིན་པར་ཐལ། དེས་ཐ་སྙད་པའི་ཚད་མ་ཡིན་ཏེ། ཐ་སྙད་པ་སྔར་མ་ཤེས་པ་གསལ་བར་བྱེད་པའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །འདོད་ན། དེ་གཉིས་སོ་སོར་སྨོས་པ་དོན་མེད་དོ། །རང་ལུགས་ལ། ལྷ་དབང་བློས་ཚད་མའི་མཚན་ཉིད་ཀྱི་ཟུར་ལ་མཚན་ཉིད་ཀྱི་སྒྲས་བསྟན་པ་ཡིན་ཏེ། ཚད་མ་སླུ་མེད་ཅན་ཤེས་པ། ཞེས་པས་མཚན་ཉིད་ཀྱི་ཟུར་མི་བསླུ་བ་བསྟན་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། ཞེས་པས་མཚན་ཉིད་ཀྱི་ཟུར་གསར་དུ་ཞེས་པ་བསྟན་པ་ཡིན་ལ། གཉིས་ཀ་ དྲིལ་བས་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་པ་ཡིན་ནོ། །དེས་ན། སྔོ་སྣང་དབང་ཤེས་ལྟ་བུ ་མཚན་གཞི། ཚད་མ་ཡིན་པར་མཚོན། གསར་དུ་མི་སླུ་བའི་ཤེས་པ་ཡིན་པ་ཞེས་བྱའོ། །འོ་ན་ཅིའི་ཕྱིར་ཚད་མ་ཞེས་བྱ་ཞེ་ན། ཚད་མའི་སྐད་དོད། པྲ་མཱ་ཎ་ཞེས་པའི་པྲ་དང་པོ་དང་མཱ་ཎ་འཇལ་བ་ལ་འཇུག་པས། དང་པོར་འཇལ་བའི་དོན་གྱིས་ཚད་མ་ཞེས་བྱའོ། །གལ་ཏེ་ཀུན་མཁྱེན་ཡེ་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། གསར་དུ་མི་བསླུ་བའི་ཤེས་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་པ་དོན་མེད་པར་འགྱུར་རོ། །རྩ་བར་འདོད་ན། ཆོས་


DLL1004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གསར་དུ་མི་བསླུ་བའི་ཤེས་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་གཞལ་བྱ་གསར་དུ་རྟོགས་པ་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཕྱིར་ཞེ་ན། རྣམ་མཁྱེན་སྐད་ཅིག་དང་པོའི་རྗེས་སུ་དེ་མ་ཐག་ཏུ་རྣམ་མཁྱེན་སྐད་ཅིག་གཉིས་པ་གསར་དུ་སྐྱེས་སམ་མ་སྐྱེས། ཕྱི་མ་ལྟར་ན། དེ་གཉིས་དངོས་རྒྱུ་དངོས་འབྲས་མ་ཡིན་པར་འགྱུར་ལ། དང་པོ་ལྟར་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་གཞལ་བྱ་གསར་དུ་རྟོགས་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་རྗེས་དེ་མ་ཐག་ཏུ་རྣམ་མཁྱེན་སྐད་ཅིག་གཉིས་པ་སྐྱེས་པ་དེ། རྣམ་མཁྱེན་སྐད་ཅིག་གཉིས་པས་གསར་དུ་རྟོགས་པའི་ཕྱིར། གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོ་སྐྱེས་ཕྱིན་ཆད་ཤེས་བྱ་གསར་ཡོད་མི་སྲིད་ན། དངོས་པོ་རྟག་པར་འགྱུར་ལ། སྲིད་ན་གསར་ཡོད་དེ་ཉིད་གསར་དུ་རྟོགས་དགོས་པས་གསར་རྟོགས་མེད་པ་ཉམས་སོ། །གཉིས་པ་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ། གཞན་ལུགས་དགག་པ། རང་ལུགས་བཞག་པ། རྩོད་པ་སྤོང་བའོ། །དང་པོ་ནི། རིག་བྱེད་པ་རྣམས། རིག་བྱེད་ཀྱི་སྒྲའི་ཡུལ་ལ་ཚད་མ་གཞན་མི་འཇུག་པས་ཚད་མ་མ་ཡིན་པར་མ་གྱུར་ཅིག་སྙམ་དུ་བསམས་ནས། ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཉིད་ཀྱིས་གྲུབ་པ་ཡིན་གྱི་གཞན་གྱིས་གྲུབ་པ་མིན་ནོ་ཞེས་སྨྲ་བར་བྱེད་དོ། །འོ་ན་ཚད་མ་ཡིན་ན་རང་ཉིད་ཀྱིས་གྲུབ་པའི་དོན། རང་ཉིད་ལས་སྐྱེས་པའམ་རང་ཉིད་ཀྱིས་གསལ་བར་བྱེད་པ་ཡིན། དང་པོ་ལྟར་ན་རང་ཉིད་སྐྱེས་སམ་མ་སྐྱེས། སྐྱེས་སོ་ཞེ་ན། ཚད་མ་ཆོས་ཅན། ཚད་མས་སྐྱེད་མི་དགོས་པར་ཐལ། ཚད་མའི་དུས་ན་སྐྱེས་པའི་ཕྱིར། མ་སྐྱེས་ན། ཆོས་ཅན། ཁྱོད་ཀྱི་ཚད་མ་སྐྱེད་མི་ནུས་པར་ཐལ། ཁྱོད་མ་སྐྱེས་པའི་ཕྱིར། གལ་ཏེ་རང་ཉིད་ཀྱིས་གྲུབ་པའི་དོན། ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། འོ་ན་ཚད་མིན་གྱི་


DLL1004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡིན་ན་ཚད་མིན་གྱི་བློ་ཡིན་པར་རང་ཉིད་ཀྱིས་ངེས་དགོས་པར་ཐལ། ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཉིད་ཀྱིས་ངེས་དགོས་པའི་ཕྱིར། འདོད་ན། ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་ལ་རྨོངས་པ་མི་སྲིད་པར་ཐལ། ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཉིད་ཀྱིས་ངེས་དགོས། ཚད་མིན་གྱི་བློ་ཡིན་ན་ཚད་མིན་གྱི་བློ་ཡིན་པར་རང་ཉིད་ཀྱིས་ངེས་དགོས་པའི་ཕྱིར། འདོད་ན། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་བརྩམས་པ་དོན་མེད་པར་ཐལ། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན་ན། ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་མ་རྨོངས་པ་མི་སྲིད་པའི་ཕྱིར། གཞན་ཡང་། བསྟན་བཅོས་རྩོམ་པ་པོ་རྣམས་ཚད་མའི་མཚན་ཉིད་མི་མཐུན་པ་སྨྲ་བ་མི་སྲིད་པར་ཐལ་ལོ། །འདོད་ན། རིག་བྱེད་པས་ཀྱང་གསར་དུ་མི་སླུ་བའི་ཤེས་པ་དེ་ཉིད་ཚད་མའི་མཚན་ཉིད་དུ་འཇོག་པར་ཐལ་ལོ། །འདོད་མི་ནུས་ཏེ། སྐྱེས་བུས་མ་བྱས་པའི་རིག་བྱེད་ཚད་མར་ཁས་ལེན་པའི་ཕྱིར། གཞན་ཡང་། རང་རིག་མངོན་སུམ་གྲུབ་པར་ཐལ་ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཉིད་ཀྱིས་རིག་དགོས་པའི་ཕྱིར། སྐྱོན་དེ་སྤང་བར་འདོད་ནས་ཚད་མ་གཞན་གྱིས་གྲུབ་པར་འདོད་ན་དེ་ཡང་མི་འཐད་དེ། རིག་བྱེད་ཚད་མ་དང་དེའི་ཡུལ་ལ་ཚད་མ་གཞན་མི་འཇུག་པར་ཁས་བླངས་པའི་ཕྱིར། དེས་ན་ཚད་མ་ཡིན་ན་ཚད་མ་ཡིན་པར་རང་ཁོ་ན་ལས་ངེས་པས་མ་ཁྱབ་སྟེ། ཚད་མ་ཡིན་པ་ལ་མ་ཡིན་པ་དང་མ་ཡིན་པ་ལ་ཡིན་པར་ཐེ་ཚོམ་ཟ་བ་མཐོང་པའི་ཕྱིར་རོ། །ཁ་ཅིག་ཚད་མ་ལ་རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས་ཡོད་ཀྱང་ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་དགོས་ཏེ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་པས་ཁྱབ་པའི་ཕྱིར་ཞེ་ན། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་འཛིན་པའི་


DLL1004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་མངོན་སུམ་དེ་ཚད་མ་མ་ཡིན་པར་ཐལ། ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་རང་གི་གཞལ་བྱ་ལ་ངེས་པ་འདྲེན་པའི་ཚད་མ་དེ་རང་ལས་ངེས་ཀྱི་ཚད་མ་དང་། རང་གི་གཞལ་བྱ་ལ་ངེས་པ་འདྲེན་མི་ནུས་པའི་ཚད་མ་དེ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་ངེས་པ་འདྲེན་པས་ཁྱབ་པའི་ཕྱིར་ཏེ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག །དེ་གཉིས་ཀྱི་ཁྱད་པར་ཚད་མ་ཡིན་པ་གཞིར་བཞག་ནས་རང་ཉིད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་དང་མི་ནུས་པ་ཞེས་ཟེར། དེ་ལ་ཁ་ཅིག དེ་མི་འཐད་དེ། ཚད་མ་ཡིན་ན་རང་ཉིད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པས་ཁྱབ་པའི་ཕྱིར། རང་ལས་རང་གི་ངོ་བོ་རྟོགས། ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་གཉིས་ཀ་མི་འཐད་དེ། དོན་བྱེད་སྣང་གི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་རང་ཉིད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་ཁྱོད་རང་ཡུལ་དུ་མི་བྱེད་པའི་ཕྱིར་ཏེ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་པའི་ཡུལ་ཅན་དུ་ངེས་པའི་ཕྱིར་ཏེ། དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་གསུངས་པའི་ཕྱིར། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པ་དང་མི་འགལ་ཏེ། རང་རིག་མངོན་སུམ་ལས་མངོན་སུམ་རང་གི་ངོ་བོ་རྟོགས་པར་བསྟན་པ་ཡིན་གྱི། དབང་པོའི་མངོན་སུམ་དེ་ཉིད་ཀྱིས་རང་གི་ངོ་བོ་རྟོགས་པར་བསྟན་པ་མ་ཡིན་པའི་ཕྱིར་རོ། །ལོ་ཙཱ་བ་ཆེན་པོ་ན་རེ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་དོན་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་ཡིན་པས་ཁྱབ་ཀྱང་། རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་ཐ་སྙད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་རང་ལས་ངེས་དང་། དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པ་གཞན་ལས་


DLL1004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཀྱི་ཚད་མ་ཡིན་ནོ་ཞེས་གསུངས། འདི་ལ་ཁ་ཅིག །མངོན་སུམ་རྟོག་པར་འདོད་པའི་སྐྱེས་བུའི་རྒྱུད་ཀྱི་གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཞེས་སུན་འབྱིན་ནོ། །དེ་ནི་མི་འཐད་དེ། ཁྱབ་པ་མི་འགྲིག་པའི་ཕྱིར་དང་། དེ་ལྟ་བུའི་དབང་པོའི་མངོན་སུམ་ཆོས་ཅན། རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་དོན་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་ཟེར་ན། ལོ་ཙཱ་བ་ཆེན་པོའི་ལུགས་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། འོན་ཀྱང་ལོ་ཙཱ་བ་ཆེན་པོའི་བཞེད་པ་དེ་ཡང་འཐད་པ་མིན་ཏེ། འདི་ལྟར་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ལ་རང་ལས་ངེས་ཀྱི་ཚད་མ་མེད་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་ན། རང་གི་གཞལ་བྱ་ལ་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ལ་གོམས་པ་ཅན་གྱི་མངོན་སུམ་ཚད་མ་ཡོད་པའི་ཕྱིར། གཞན་ཡང་། རྒྱང་འཕེན་གྱི་རྒྱུད་ཀྱི་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ཉིད་རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་ཐ་སྙད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། འདོད་མི་ནུས་ཏེ། རྗེས་དཔག་ཡིན་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། རྒྱང་འཕེན་པ་རྗེས་དཔག་ཚད་མ་མེད་པར་འདོད་པའི་ཕྱིར། ཁ་ཅིག །དང་པོ་བ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་པའི་དགོངས་པར་བྱས་ནས། མངོན་སུམ་དང་པོ་བ་དང་། ཡིད་མ་གཏད་པ་དང་། འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས་ཀྱི་ཚད་མ་ཡིན་ལ། དང་པོ་བ་ནི་བྱིས་པ་སྐྱེས་མ་ཐག་པའི་གཟུགས་འཛིན་དབང་པོའི་མངོན་སུམ་ལྟ་


DLL1004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ཡིད་མ་གཏད་ནི་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུའོ། །འཁྲུལ་རྒྱུ་ཅན་ནི་སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཀྱི་སྨིག་རྒྱུ་མཐོང་བའི་དབང་པོའི་མངོན་སུམ་ལྟ་བུའོ་ཞེས་ཟེར། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་ངེས་པ་འདྲེན་ནུས་མ་ཡིན་པའི་ཕྱིར། སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཀྱི་སྨིག་རྒྱུ་མཐོང་བའི་དབང་པོའི་མངོན་སུམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཚད་མའི་བྱ་བ་དངོས་སུ་འགོག་པའི་ཕྱིར་ཏེ། སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཡིན་པའི་ཕྱིར་རོ། །ཁ་ཅིག་རང་རིག་མངོན་སུམ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་སྟེ། དོན་རིག་གཉིས་དང་རང་རིག་དང་། །རྗེས་སུ་དཔག་པ་རང་ལས་ངེས། །ཞེས་གསུངས་པའི་ཕྱིར་ཞེ་ན། མི་འཐད་དེ། རང་རིག་མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། རང་རིག་མངོན་སུམ་ཡིན་ན་རང་གི་གཞལ་བྱ་ལ་ངེས་པ་འདྲེན་ནུས་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །༨༽ གཞན་ལས་ངེས་དང་རང་ལས་ངེས་ཀྱི་ཚད་མ་བཤད་པ། གཉིས་པ་རང་ལུགས་བཞག་པ་ལ་གཉིས། མཚན་ཉིད་དང་། མཚན་གཞིའི་དབྱེ་བའོ། །དང་པོ་ནི། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཚད་མ་གང་ཞིག །རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་དུ་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ། དེ་སྐད་དུའང་ཆོས་མཆོག་གིས་མངོན་སུམ་གོམས་པ་ཅན་འཆད་པའི་སྐབས་སུ། དེས་ན་རང་གི་ངོ་བོ་ལས་དོན་མེད་ན་མི་འབྱུང་བར་གྲུབ་བོ་ཞེས་བཤད་དོ། །གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཚད་མ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་དུ་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ལ་གཞན་སྟོབས་ཀྱིས་ངེས་པ་འདྲེན་དགོས་པ། དེ་སྐད་དུའང་


DLL1004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཆོག་གིས་གཞན་ལས་ངེས་ཀྱི་ཚད་མ་འཆད་པའི་སྐབས་སུ། ཤིང་ཤ་བ་ཉིད་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་ངེས་པ་ནི་གཞལ་ལས་ངེས་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ནི། གཞན་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་དང་། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལསངེས་པ་གཉིས། དང་པོ་ནི་དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་མཐོང་བའི་མངོན་སུམ་ལྟ་བུ་སྟེ། དེས་དམར་པོར་སྣང་བ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་ནས་དེའི་རྗེས་སུ་འདི་མེ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་ཞུགས་པ་ན་ཕྱིས་དོན་བྱེད་སྣང་གི་མངོན་སུམ་གྱིས་སྔར་གྱི་དམར་པོ་མེ་ཡིན་པ་དེ་མེ་མངོན་སུམ་དེ་མིན་འབྱུང་བར་ངེས་པ་འདྲེན་དགོས་པ་ཡིན་ནོ། །དེ་ཡང་ངེས་ཤེས་སྔར་དྲངས་ནས་དེའི་རྗེས་སུ་ཐེ་ཚོམ་སྐྱེད་པ་ཡིན་གྱི། ཐེ་ཚོམ་དངོས་སུ་སྐྱེད་བྱེད་ཀྱི་ཚད་མ་མེད་དེ། སྒྲོ་འདོགས་ཀྱིས་ཚད་མའི་བྱ་བ་འགོག་པ་བཞིན་དུ་ཐེ་ཚོམ་གྱིས་ཀྱང་ཚད་མའི་བྱ་བ་འགོག་པའི་ཕྱིར། འོན་ཏེ། སྔར་གྱི་མངོན་སུམ་དེ་དམར་པོ་མེ་ཡིན་པ་ལ་ཚད་མ་ཡིན་ནམ་མིན། མིན་ན། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་འགྱུར་ལ། ཡིན་ན། ཕྱིས་དམར་པོ་མེ་ཡིན་པ་མཐོང་བའི་མངོན་སུམ་དེ་བཅད་ཤེས་སུ་འགྱུར་རོ་ཞེ་ན། བཅད་ཤེས་སུ་མི་འགྱུར་ཏེ། སྔར་གྱི་མངོན་སུམ་དེ་དམར་པོ་མེ་ཡིན་པ་ལ། ཐེ་ཚོམ་སྐྱེ་བྱེད་ཡིན་གྱི་ཚད་མ་ཡིན་པར་ཁས་མི་ལེན་པའི་ཕྱིར། །འོ་ན་དམར་པོ་མེ་ཡིན་པ་ལ་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ་ལོ། །འདོད་ན། དེ་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། དེ་དམར་པོ་ལ་ཡང་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན། དམར་པོ་མེ་ཡིན་པ་ལའང་གཞན་ལས་ངེས་ཀྱི་ཚན་མ་མ་ཡིན་པའི་ཕྱིར་ཞེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་འཁྲུལ་བའི་ཚད་


DLL1004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཐལ། དེ་སྒྲ་མི་རྟག་པ་ལ་ཡང་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན། སྒྲ་མི་རྟག་པའི་དོན་སྤྱི་ལ་ཡང་འཁྲུལ་བའི་ཚད་མ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་མི་རྟག་པ་ལ་མ་འཁྲུལ་བའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་མི་རྟག་པའི་དོན་སྤྱི་ལ་ཚད་མ་མ་ཡིན་པའི་ཕྱིར། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ་ནི་དོན་ལ་ཙན་དན་ཡིན་ཞིང་རྟོག་པས་ཙན་དན་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་ཡལ་ག་ལོ་འདབ་དང་ལྡན་པ་མཐོང་བའི་མངོན་སུམ་ལྟ་བུའོ། །རང་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། གོམས་པ་ཅན་གྱི་མངོན་སུམ་ཚད་མ་དང་རྗེས་དཔག་གཉིས་ནི་མཐའ་གཅིག་ཏུ་རང་ལས་ངེས་ཡིན་ལ། དོན་བྱེད་སྣང་གི་མངོན་སུམ་དང་རང་རིག་མངོན་སུམ་ལ་རང་ལས་ངེས་དང་གཞན་ལས་ངེས་ཅི་རིགས་སུ་ཡོད་པ་ཡིན་ནོ། །གལ་ཏེ་སྔོ་སྣང་དབང་ཤེས་མི་བསླུ་བའི་ཚད་མ་ཡིན་ན། །སྔོ་སྣང་དབང་ཤེས་དེ་ཉིད་གང་གིས་རྟོགས། མི་བསླུ་བ་དང་ཚད་མ་ཡིན་པར་གང་གིས་རྟོགས་ཤེས་ན། སྔོ་སྣང་དབང་ཤེས་ཆོས་ཅན། རང་གི་ངོ་བོ་ཚད་མ་ཡིན་པ་གཞན་གྱིས་སྒྲུབ་མི་དགོས་ཏེ། རང་རིག་མངོན་སུམ་ལས་རང་གི་ངོ་བོ་རྟོགས་པའི་ཕྱིར། རང་ཉིད་སྔོན་པོར་ཚད་མ་ཡིན་པ་ནི་རང་རིག་མངོན་སུམ་ལས་རྟོགས་པ་མིན་ཏེ་ཕྱིས་ཀྱི་ཐ་སྙད་པའི་ཚད་མ་ལས་རང་ཉིད་སྔོན་པོ་ལ་ཚད་མ་ཡིན་པར་རྟོགས་དགོས་པའི་ཕྱིར། གལ་ཏེ་སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྔོ་སྣང་དབང་ཤེས་ཚད་མ་ཡིན་པ་དེའང་རྟོགས་པར་ཐལ། སྔོ་སྣང་དབང་ཤེས་ཚད་མ་ཡིན་པ་དེའང་བཟུང་བའི་ཕྱིར་ཏེ། སྔོ་སྣང་དབང་ཤེས་སྒྲུབ་པའི་སྒོ་ནས་བཟུང་བ་གང་ཞིག །སྔོ་སྣང་དབང་ཤེས་དང་དེ་ཚད་མ་ཡིན་པ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་མ་ཡིན་པས། དེས་སྔོ་སྣང་དབང་ཤེས་ཚད་མ་ཡིན་པའང་བཟུང་མོད་ཀྱི་དེ་ཙམ་གྱིིས་དེ་རྟོགས་པར་མི་འགྱུར་


DLL1004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བཟུང་བ་ལ་ཡང་ངེས་པ་སྐྱེད་པར་བྱེད་པ་དེ་རྟོགས་པ་ཡིན་པའི་ཕྱིར། འོ་ན་དེ་ཆོས་ཅན། སྔོ་སྣང་དབང་ཤེས་དང་དེ་ཚད་མ་ཡིན་པ་གཉིས་ལ། ངེས་པ་འདྲེན་མི་འདྲེན་གྱི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀ་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། མཐོང་བར་མཚུངས་ཀྱང་དོན་དུ་གཉེར་བ་དང་གོམས་པ་ལ་སོགས་པའི་མཐུན་རྐྱེན་ཚང་ན་ངེས་པ་འདྲེན་པ་ཡིན་གྱི། མཐུན་རྐྱེན་མ་ཚང་ན་ངེས་པ་མི་འདྲེན་པའི་ཕྱིར། དེས་ན་སྔོ་སྣང་དབང་ཤེས་ཚད་མ་ཡིན་པའི་ཆ་བཟུང་ཡང་མ་བཟུང་བ་དང་འདྲ་བ་ཡིན་ཏེ། དེ་ལ་ངེས་ཤེས་འདྲེན་པར་མི་ནུས་པའི་ཕྱིར། དེ་སྐད་དུའང་ལྷ་དབང་བློས། ཤེས་པ་ཡོད་པ་ཉིད་དམིགས་པ་ན་ཚད་མ་ཉིད་བཟུང་དུ་ཟིན་ཀྱང་མ་བཟུང་བ་དང་འདྲ་བ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་རྩོད་པ་སྤང་བ་ནི། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཏེ། མངོན་སུམ་ཡིན་པའི་ཕྱིར། མ་ཁྱབ་ན། རྗེས་དཔག་ཡིན་ན་རྗེས་དཔག་ཚད་མ་ཡིན་མི་དགོས་པར་ཐལ། མངོན་སུམ་ཡིན་ན་མངོན་སུམ་ཚད་མ་ཡིན་མི་དགོས་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། ཆོས་དེ་ལ་རྗེས་དཔག་ཡིན་ན་དེ་ལ་ངེས་པ་གསར་དུ་འདྲེན་པའི་ཤེས་པ་ཡིན་དགོས། ཆོས་དེ་ལ་མངོན་སུམ་ཡིན་ན་ཆོས་དེ་ལ་ངེས་པ་གསར་དུ་འདྲེན་པའི་ཤེས་པ་ཡིན་མི་དགོས་པའི་ཕྱིར། གསུམ་པ་མཚན་གཞིའི་དབྱེ་བ་ལ་གཉིས། གྲངས་ངེས་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ལ་གསུམ། རྟགས་དགོད། ཚུལ་བསྒྲུབ། གྲངས་ངེས་ཀྱི་དོན་ནོ། །དང་པོ་ནི། ཚད་མ་ལ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སུ་གྲངས་ངེས་ཏེ། ཚད་མའི་སྣང་ཡུལ་གྱི་གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་


DLL1004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དགག་གཞག་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག །རྒྱན་མཁན་པོའི་དགོངས་པར་བསམས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་ཏེ་གཞལ་བྱ་ལ་རང་འཛིན་ཤེས་པ་དངོས་སུ་སྐྱེད་ནུས་མི་ནུས་གཉིས་སུ་ངེས་པའི་ཕྱིར། སྤྱི་མཚན་གྱིས་རང་འཛིན་ཤེས་པ་དངོས་སུ་སྐྱེད་མི་ནུས་པ་ཡིན་གྱི་རང་འཛིན་གྱི་ཤེས་པ་སྐྱེད་མི་ནུས་པ་ནི་མ་ཡིན་ཏེ། དོན་བྱེད་མི་ནུས་པ་ཚད་མའི་གཞལ་བྱར་མི་རུང་བའི་ཕྱིར་ཏེ། ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་གསུངས་པའི་ཕྱིར་ཞེ་ན་དེ་ནི་མི་འཐད་དེ། ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་གསུངས་པ་དེ། སྒྲ་མི་རྟག་པར་འཛིན་པའི་མངོན་སུམ་ཚད་མ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་གཉིས་ལྟ་བུ་འཇུག་ཡུལ་གྱི་གཞལ་བྱ་རང་མཚན་དུ་མཚུངས་པར་བསྟན་པ་ཡིན་གྱི། ཚད་མ་ཡིན་ན་འཇུག་ཡུལ་གྱི་གཞལ་བྱ་རང་མཚན་པ་ཡོད་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པས་དག་པའི་ས་ཕྱོགས་བུམ་མེད་དུ་རྟོགས་པའི་རྗེས་དཔག་ཚད་མ་ལ་འཇུག་ཡུལ་རང་མཚན་ཡོད་པར་ཐལ་ལོ། །འདོད་ན། དགག་གཞི་བུམ་པས་དག་པའི་ས་ཕྱོགས་དེ་དེའི་འཇུག་ཡུལ་ཡིན་ནམ། དགག་ཆོས་བུམ་པ་དེ་དེའི་འཇུག་ཡུལ་ཡིན་ནམ། རྗེས་དཔག་དེའི་གཟུང་རྣམ་དེ་དེའི་འཇུག་ཡུལ་ཡིན། དང་པོ་ལྟར་ན། བུམ་པས་དག་པའི་ས་ཕྱོགས་བུམ་མེད་དུ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། དེ་ལྟ་བུའི་ས་ཕྱོགས་དེ་ཁྱོད་ཀྱི་འཇུག་ཡུལ་མ་ཡིན་པར་ཐལ། ཁྱོད་ཚད་མ་གང་ཞིག་ཁྱོད་དེ་ལྟ་བུའི་ས་ཕྱོགས་དེ་ལ་ཚད་མ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། གང་ཟག་གི་བདག་དེ་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་ཚད་མའི་འཇུག་ཡུལ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། གང་ཟག་གི་བདག་གཞི་མ་གྲུབ་པའི་ཕྱིར། གསུམ་པ་ལྟར་ན། སྒྲ་རྟག་འཛིན་རྟོག་པའི་གཟུང་རྣམ་དེའང་སྒྲ་རྟག་འཛིན་རྟོག་པའི་འཇུག་ཡུལ་ཡིན་པར་ཐལ་ལོ། །འདོད་


DLL1004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ན། འཇུག་ཡུལ་རང་མཚན་མེད་པའི་ཁ་ཕྱིར་བལྟས་ཀྱི་ཤེས་པ་མ་གྲུབ་པར་ཐལ་ལོ། །ཡང་ཁ་ཅིག །གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་ཏེ། གཞལ་བྱ་ལ་འདྲ་བ་གཞན་དང་ཐུན་མོང་བ་དང་མི་འདྲ་བ་གཞན་དང་ཐུན་མོང་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར་ཞེས་ཟེར། དེའང་མི་འཐད་དེ། ལྡོག་པ་གཞན་དང་ཐུན་མོང་བ་ཡིན་པ་ཙམ་གྱིས་སྤྱི་མཚན་དུ་སྒྲུབ་མི་ནུས། རང་གི་འགལ་ཟླ་དང་ཐུན་མོང་བ་ཡིན་པ་མི་སྲིད་པའི་ཕྱིར། ཁ་ཅིག །ཆོས་འདྲ། གཞལ་བྱ་ལ་ཆོས་གཞན་ཐུན་མོང་དུ་རྗེས་འགྲོ་བྱེད་པ་དང་། ཐུན་མོང་དུ་རྗེས་འགྲོ་མི་བྱེད་པ་གཉིས་སུ་ངེས་པའི་ཕྱིར་ཞེས་ཟེར། འོ་ན་སྒྲ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། ཆོས་གཞན་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར་ཏེ། རང་གི་གསལ་བ་དུ་མ་ལས་རྗེས་འགྲོ་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག །གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་སྒྲའི་ཡུལ་ཡིན་པ་དང་སྒྲའི་ཡུལ་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། རང་མཚན་ཡང་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རང་མཚན་སྒྲའི་བརྗོད་བྱ་མ་ཡིན་པར་དམ་འཆའ་བ་མི་རིགས་པར་ཐལ། དམ་བཅའ་དེ་ཁས་བླངས་སྔ་ཕྱི་འགལ་བའི་དམ་བཅའ་ཡིན་པའི་ཕྱིར་ཏེ། རང་མཚན་སྒྲའི་བརྗོད་བྱ་མ་ཡིན་ཞེས་པའི་ཚིག་ཟུར་གྱི་རང་མཚན་ཞེས་པའི་སྒྲ་དེས་རང་མཚན་བརྗོད་པའི་ཕྱིར་ཏེ། ངའི་མ་མོ་གཤམ་ཡིན་ཞེས་པའི་ཚིག་ཟུར་གྱི་ངའི་མ་ཞེས་པ་དེས་བུ་སྐྱེད་པའི་ནུས་ལྡན་དེ་བརྗོད་པའི་ཕྱིར། ཁ་ཅིག །སྒྲའི་དངོས་ཀྱི་ཡུལ་ཡིན་མིན་གཉིས་སུ་ངེས་པའི་ཕྱིར་ཞེས་པའང་མི་འཐད་དེ། བུམ་པ་དེའང་སྒྲའི་དངོས་ཀྱི་ཡུལ་ཡིན་པའི་ཕྱིར་ཏེ། སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། བུམ་པ་ཞེས་པའི་སྒྲས་དངོས་སུ་བརྗོད་པའི་ཕྱིར་ཏེ། བུམ་པ་ཞེས་པའི་སྒྲས་བརྗོད་པ་གང་ཞིག །དེས་ཤུགས་ལ་མ་བརྗོད་


DLL1004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཡང་ཅིག །གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རྟོག་པའི་ཡུལ་དང་རྟོག་མེད་ཤེས་པའི་ཡུལ་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་རོ། །འོ་ན་བུམ་པ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ་རྟོག་པའི་ཡུལ་ཡིན་པའི་ཕྱིར། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། རང་མཚན་ཡིན་པར་ཐལ། རྟོག་མེད་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཏེ། བུམ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར། ཁྱབ་པ་སྔ་མ་གཉིས་ཁས་བླངས་སོ། །གཉིས་པ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། དེ་ལ་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་སུ་ངེས་པའི་ཕྱིར་དང་། རང་སྣང་ཡུལ་དུ་བྱེད་པའི་བློ་ངོར་ཆོས་གཞན་ལ་རྗེས་འགྲོ་བྱེད་པར་སྣང་བ་དང་མི་སྣང་བའི་ཆོས་གཉིས་སུ་གྲངས་ངེས་པའི་ཕྱིར་དང་། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲའི་ཡུལ་ཡིན་པ་དང་མིན་པའི་ཆོས་གཉིས་སུ་ངེས་པའི་ཕྱིར་དང་། རྟོག་པའི་སྣང་ཡུལ་དང་རྟོག་མེད་ཤེས་པའི་སྣང་ཡུལ་གཉིས་སུ་ངེས་པའི་ཕྱིར། དེ་དག་ནི། དོན་བྱེད་ནུས་དང་མི་ནུས་ཕྱིར། །འདྲ་དང་མི་འདྲ་ཉིད་ཕྱིར་དང་། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །ཞེས་གསུངས་པའི་དོན་ཡིན་ནོ། །གསུམ་པ་ནི། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། རང་མཚན་ཡིན་པར་ཐལ། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲའི་ཡུལ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། སྐབས་འདིར་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཁས་མི་ལེན་ཏེ། སྐབས་འདིར་མདོ་སྡེ་བའི་ལུགས་ཡིན་པས་ཕྱི་རོལ་གྱི་དོན་གྲུབ་པའི་ཕྱིར་རོ། །འོ་ན་རྣལ་འབྱོར་མངོན་སུམ་འཆད་པའི་སྐབས་སུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་མ་བསྟན་པར་ཐལ། སྐབས་འདིར་གཟུང་


DLL1004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཁས་མི་ལེན་པའི་ཕྱིར་ཞེ་ན། འདོད་དེ། དེ་ལ་སྔར་བཤད་དངོས་པོ་བཞིན། །ཞེས་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ་ཙམ་ཞིག་བསྟན་པའི་ཕྱིར་རོ། །འོ་ན་གང་ཟག་གི་བདག་མེད་ཆོས་ཅན། རང་མཚན་ཡིན་པར་ཐལ། རྟོག་མེད་ཤེས་པའི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། དེ་ལ་གསལ་བར་སྣང་བའི་ཕྱིར། རྟགས་མ་གྲུབ་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་ཐོབ་པ་མི་སྲིད་པར་ཐལ། གང་ཟག་གི་བདག་མེད་གསལ་བར་སྣང་བའི་རྣལ་འབྱོར་མངོན་སུམ་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་བ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། གང་ཟག་བདག་མེད་གསལ་བར་སྣང་བའི་རྣལ་འབྱོར་མངོན་སུམ་མ་གྲུབ་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་ཐོབ་པ་མི་སྲིད་མི་དགོས་པར་ཐལ། དེ་མ་གྲུབ་ཀྱང་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལས་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ལ་གསལ་སྣང་ཐོབ་པར་འགྱུར་བའི་ཕྱིར། རྣལ་འབྱོར་མངོན་སུམ་ལ་གང་ཟག་གི་བདག་མེད་གསལ་བར་སྣང་བ་མ་ཡིན་ཏེ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་གསུངས་པའི་མ་འདྲེས་པའི་དོན་ནི་རང་མཚན་ཡིན་ལ། ཙམ་སྒྲས་ལྷག་མ་འགོག་ཅིང་། རང་མཚན་འདིར་མདོ་སྡེ་བའི་སྐབས་ཡིན་པས་དོན་བྱེད་ནུས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་གང་


DLL1004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་བདག་གིས་དབེན་པའི་འདུ་བྱེད་དངོས་སུ་རྟོགས་ཤིང་། གང་ཟག་གི་བདག་མེད་ཤུགས་ལ་རྟོགས་པ་ཡིན་ཏེ། དག་འཛིན་མངོན་སུམ་གྱིས་བུམ་པས་དག་པའི་ས་ཕྱོགས་དངོས་སུ་རྟོགས་ཤིང་། ས་ཕྱོགས་དེའི་སྟེང་གི་བུམ་པ་སྣང་རུང་མ་དམིགས་པ་ཤུགས་ལ་རྟོགས་པ་བཞིན་ནོ། །མདོར་ན། མེད་ལ་དབང་སྐྱེ་བློ་མིན་ཏེ། །དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། །ཞེས་པའི་རིགས་པ་ལ་བརྟེན་ནས། མདོ་སྡེ་པའི་ལུགས་ལ་མངོན་སུམ་གྱིས་སྤྱི་མཚན་ དང་དངོས་མེད་དངོས་སུ་མ་རྟོགས་པར་འདོད་པ་ཡིན་ནོ། །ཁོ་ན་རེ། གང་ཟག་གི་བདག་མེད་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། དོན་བྱེད་མི་ནུས་པའི་ཆོས་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས། འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་མ་ཡིན་པའི་ཕྱིར་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། རྣམ་དག་གི་དམིགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་པ་ཀུན་ལས་བཏུས་སུ། རྣམ་དག་གི་དམིགས་པ་ལ་དོན་དམ་བདེན་པར་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཀུན་ལས་བཏུས་སུ་གསུངས་པ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་སྤྱི་ཡང་མ་ཡིན། དོན་སྤྱི་ཡང་མ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་ན་ཁྱོད་ཡིན་དགོས་པའི་ཕྱིར་ཞེ་ན། རྟོག་པ་ལ་བློའི་ཡུལ་དུ་བྱར་རུང་དུ་སྣང་བ་ཆོས་ཅན། དོན་སྤྱི་མ་ཡིན་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། བློའི་ཡུལ་དུ་བྱར་རུང་དེ་མཚན་ཉིད་ཡིན་པའི་ཕྱིར། རྟོག་པ་ལ་ཤེས་བྱར་སྣང་བ་ཆོས་ཅན། སྒྲ་སྤྱི་མ་ཡིན་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་བྱ་དེ་མཚོན་བྱ་ཡིན་པའི་ཕྱིར། ཁོ་ན་རེ། ཤེས་བྱ་ཆོས་ཅན། རང་འཛིན་རྟོག་པའི་སྣང་ཡུལ་ཡིན་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་པ་གང་ཞིག །རང་འཛིན་རྟོག་པ་ལས་གཞན་པའི་རྟོག་པའི་སྣང་ཡུལ་མ་


DLL1004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། འདོད་ན་དེ་མ་ཡིན་པར་ཐལ། རང་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར་ཞེ་ན། སྒྲ་དོན་ཆོས་ཅན། རྟོག་པའི་སྣང་ཡུལ་མ་ཡིན་པར་ཐལ། རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་ཁྱབ་པ་བསྒྲུབ་པ་ལ། དགག་གཞག་གཉིས། དང་པོ་ནི། ཁོ་ན་རེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། རང་མཚན་གྱི་ཡུལ་ཅན་ནི་མངོན་སུམ་ཁོ་ན་ཡིན་ལ། སྤྱི་མཚན་གྱི་ཡུལ་ཅན་ནི་རྗེས་དཔག་ཁོ་ན་ཡིན་པའི་ཕྱིར། དེ་སྐད་དུའང་རྒྱལ་དབང་བློས། རང་མཚན་གྱི་ཡུལ་ཅན་མངོན་སུམ་ཁོ་ན་དང་། སྤྱི་མཚན་གྱི་ཡུལ་ཅན་རྗེས་དཔག་ཁོ་ནའོ་ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་མི་འཐད་དེ། རྗེས་དཔག་གིས་ཀྱང་རང་མཚན་ཡུལ་དུ་བྱེད་པ་ཡོད་ལ། མངོན་སུམ་གྱིས་ཀྱང་སྤྱི་མཚན་ཡུལ་དུ་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ནི། ཚད་མའི་སྣང་ཡུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཁྱབ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་རྗེས་དཔག་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། དེ་ལ་དགོངས་ནས་རྒྱལ་དབང་བློས། རང་མཚན་གྱི་ཡུལ་ཅན་མངོན་སུམ་ཁོ་ན་དང་སྤྱི་མཚན་གྱི་ཡུལ་ཅན་རྗེས་དཔག་ཁོ་ནར་གསུངས་པ་ཡིན་ནོ། །འོ་ན་ཚད་མ་ཆོས་ཅན། ཁྱོད་མངོན་སུམ་ཚད་མ་ཡིན་པར་ཐལ། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཚད་མ་གང་ཞིག །སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། རྗེས་དཔག་ཚད་མ་ཡིན་པར་ཐལ་ལོ། ཁྱབ་པ་ཁས་བླངས་ཟེར་ན། ཚད་མ་ཆོས་ཅན། རང་ཡུལ་གསལ་བར་སྣང་བའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པ་གང་ཞིག །རང་ཡུལ་མི་


DLL1004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་སྣང་བའི་ཚད་མ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་ཕྱི་མ་མ་གྲུབ་ན། ཆོས་ཅན། རྟོག་པ་ཡིན་པར་ཐལ། རང་ཡུལ་མི་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། རྟོག་མེད་ཀྱི་ཤེས་པ་ཡིན་པ་ཐལ། རང་ཡུལ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། དེ་གཉིས་ཀ་ལ་ཁྱབ་པ་ཡོད་དེ། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་དང་། གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་གཉིས་ཀར་ཡང་། །དེ་ལྟ་མིན་ན་རྟོག་པ་ཡིན། ཞེས་གསུངས་པས་སོ། །གསུམ་པ་ནི། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་མངོན་རྗེས་གཉིས་ལས་རྫས་གཞན་པའི་ཚད་མ་མེད་པའོ་ཞེས་ཟེར། དེ་ནི་མི་འཐད་དེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་བློ་ངོར་གྲུབ་ན། མངོན་རྗེས་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཕུང་པོ་གསུམ་པ་བློ་ངོར་ཁེགས་དགོས་པ་གང་ཞིག །མངོན་རྗེས་གཉིས་ལས་གཞན་པའི་ཚད་མ་མེད་པ་བློ་ངོར་གྲུབ་ཀྱང་། སྒྲུབ་ཕྱོགས་ཀྱི་ཕུང་པོ་གསུམ་པ་བློ་ངོར་ཁེགས་མི་དགོས་པའི་ཕྱིར། གཞན་ཡང་རྒྱང་འཕེན་པ་ཆོས་ཅན་ཁྱོད་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་གྲུབ་པར་ཐལ། ཁྱོད་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་ལས་རྫས་གཞན་མེད་པར་གྲུབ་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་མི་ནུས་ཏེ་རྗེས་དཔག་ཚད་མ་ཁས་མི་ལེན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་དགོས་པ་དེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་ཡིན་ཟེར་ན། ཤེས་བྱ་ཆོས་ཅན་ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་ཁྱབ་པར་ཐལ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་ཕྱིར། ཁྱབ་པ་ཁས་འདོད་ན། ཚད་མ་དེ་ཚད་མ་ཡིན་ནམ་མིན། ཡིན་ན། ཚད་མ་ཆོས་ཅན། མངོན་རྗེས་གང་རུང་


DLL1004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། མ་ཡིན་ན་མངོན་སུམ་ཚད་མ་དེ་ཡང་མངོན་སུམ་ཚད་མ་མ་ཡིན་པར་ཐལ། ཚད་མ་དེ་ཚད་མ་མ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་ཚད་མ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ་མངོན་སུམ་ཚད་མའང་མ་ཡིན། རྗེས་དཔག་ཚད་མའང་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཚད་མ་ཡིན་པ་མི་སྲིད་པར་ཐལ། ཚད་མ་དེ་ཡང་ཚད་མ་མ་ཡིན། མངོན་སུམ་ཚད་མ་དེའང་ཚད་མ་མ་ཡིན། རྗེས་དཔག་ཚད་མ་དེའང་ཚད་མ་མ་ཡིན་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་མ་ངེས་ཏེ། ཚད་མ་དེ་ཚད་མ་ཡིན་ཞིང་མངོན་རྗེས་གང་ཡང་མ་ཡིན་པའི་ཕྱིར། དེས་ན་ཚད་མའི་ཁྱད་པར་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ནོ་ཞེས་ཟེར། འོ་ན་ཚད་མའི་ཁྱད་པར་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ། སོ་སྐྱེའི་རྒྱུད་ཀྱི་ཚད་མ་དེ་ཚད་མའི་ཁྱད་པར་ཡིན་ཞིང་མངོན་རྗེས་གང་རུང་མ་ཡིན་པའི་ཕྱིར། ཁྱབ་གསལ་ཁས་བླངས། གཞན་ཡང་ཚད་མའི་གྲངས་ངེས་མི་སྲིད་པར་ཐལ། དབྱེ་གཞི་ཚད་མར་ཁས་བླངས་ན་ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ལ་གནོད་ཅིང་། དབྱེ་གཞི་མེད་ན་དབྱེ་བའི་ཡ་གྱལ་མ་གྲུབ་པའི་ཕྱིར། རྟགས་དང་པོ་ཁས་བླངས་སོ། །༡༠༽ ཚད་མའི་གྲངས་ངེས་བསྒྲུབ་པ། རང་ལུགས་ལ། ཚད་མའི་གྲངས་ངེས་བསྒྲུབ་པ་ལ། སྒྲུབ་ཕྱོགས་ཀྱི་ཕུང་གསུམ་སེལ་བ་དང་། དགག་ཕྱོགས་ཀྱི་ཕུང་གསུམ་སེལ་བ་གཉིས་ལས། དང་པོ་ནི། མངོན་རྗེས་གཉིས་ཀྱི་བར་ན་སྒྲུབ་ཕྱོགས་ཀྱི་ཕུང་གསུམ་མེད་དེ། སྔོ་སྣང་དབང་ཤེས་ལྟ་བུ་མངོན་སུམ་ཚད་མ་ཡིན་པར་དངོས་སུ་གཞལ་སྟོབས་ཀྱིས་རྗེས་དཔག་ཚད་མ་མ་ཡིན་པར་ཤུགས་ལ་རྟོགས་ནུས། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་རྗེས་དཔག་ཚད་མ་ཡིན་པར་དངོས་སུ་གཞལ་སྟོབས་ཀྱིས་མངོན་སུམ་ཚད་མ་མ་


DLL1004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཤུགས་ལ་རྟོགས་ནུས་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། སྔོ་སྣང་དབང་ཤེས་ཆོས་ཅན། མངོན་སུམ་ཚད་མ་ཡིན་ཏེ། ཁྱོད་ཚད་མ་ཡིན་པ་གང་ཞིག ཁྱོད་ཡིན་དུ་གྱུར་པའི་རྗེས་དཔག་ཚད་མ་མེད་པའི་ཕྱིར་ཞེས་པ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་ཚད་མ་ཡིན་ཏེ། ཚད་མ་གང་ཞིག ཁྱོད་ཡིན་དུ་གྱུར་པའི་མངོན་སུམ་ཚད་མ་མེད་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་ནས་ཚད་མ་ལ་མངོན་རྗེས་གཉིས་ལས་གཞན་པའི་དགག་ཕྱོགས་ཀྱི་ཕུང་གསུམ་ཁེགས་པ་ཡིན་ནོ་ཟེར། འོ་ན་མངོན་རྗེས་གཉིས་ཀ་ཆོས་ཅན། མངོན་སུམ་ཚད་མ་ཡིན་པར་ཐལ། ཁྱོད་ཚད་མ་ཡིན་པ་གང་ཞིག་ཁྱོད་ཡིན་དུ་གྱུར་པའི་རྗེས་དཔག་མེད་པའི་ཕྱིར། ཁྱབ་པ་ཁས་རང་ལུགས་ནི། སྔོ་སྣང་དབང་ཤེས་ཆོས་ཅན། མངོན་སུམ་ཚད་མ་ཡིན་ཏེ། ཁྱོད་ཚད་མ་ཡིན་ཞིང་། ཁྱོད་ཡིན་ཡོད་པ་གང་ཞིག་ཁྱོད་ཡིན་དུ་གྱུར་བའི་རྗེས་དཔག་མེད་པའི་ཕྱིར་ཞེས་པ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་ཚད་མ་ཡིན་ཏེ། ཁྱོད་ཚད་མ་ཡིན་ཞིང་། ཁྱོད་ཡིན་ཡོད་པ་གང་ཞིག་ཁྱོད་ཡིན་དུ་གྱུར་པའི་མངོན་སུམ་མེད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས། ཚད་མ་ལ་མངོན་རྗེས་གཉིས་ལས་གཞན་པའི་དགག་ཕྱོགས་ཀྱི་ཕུང་གསུམ་ཁེགས་པ་ཡིན་ནོ། །ཞེས་གསུངས་སོ། །ཚད་མ་མངོན་རྗེས་གཉིས་ཀྱི་བར་ན་སྒྲུབ་ཕྱོགས་ཀྱི་ཕུང་གསུམ་རྗེས་གཉིས་སུ་གྲངས་ངེས་པའི་དོན་ཡིན་ནོ། །གཉིས་པ་ཕྱེ་བ་སོ་སོའི་དོན་ལ། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སོ། །དང་པོ་ལ་གཉིས། མངོན་སུམ་གྱི་ངོ་བོ་དང་། ཚད་འབྲས་ཀྱི་རྣམ་གཞག་གོ ། དང་པོ་ལ་གསུམ། མཚན་ཉིད་དང་། དབྱེ་བ། ལོག་ཕྱོགས་མངོན་སུམ་ལྟར་སྣང་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། མཚན་གཞི་ལ་ལོག་རྟོག་བསལ་བའོ། །དང་


DLL1004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། ཁ་ཅིག་ན་རེ། མངོན་སུམ་ཚད་མའི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཞེས་ཟེར་བ་མི་འཐད་དེ། མངོན་སུམ་ཚད་མ་ཡིན་ན་རང་ཡུལ་ལ་ངེས་ཤེས་འདྲེན་དགོས་པའི་ཕྱིར། དེས་ན་མངོན་སུམ་གྱི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་ཤེས་པ། མངོན་སུམ་ཚད་མའི་མཚན་ཉིད། གསར་དུ་མི་སླུ་བའི་ཤེས་པ་གང་ཞིག །རྟོག་བྲལ་མ་འཁྲུལ་བའོ། །དེ་ཡང་སྤྱིར་མཚན་ཉིད་ལ་རིགས་མི་མཐུན་སེལ་བ་དང་། ལོག་རྟོག་སེལ་བ་གཉིས་ལས། དང་པོའི་དབང་དུ་བྱས་ནས་གསར་དུ་མི་བསླུ་བའི་ཤེས་པ་གཞིར་བྱས་ལ། རྟོག་བྲལ་དང་མ་འཁྲུལ་བ་གང་རུང་རེ་རེས་ཀྱང་མངོན་སུམ་ཚད་མའི་རིགས་མི་མཐུན་སེལ་ནུས་ཏེ། མངོན་སུམ་ཚད་མའི་རིགས་མི་མཐུན་ལ་ཚད་མིན་དང་རྗེས་དཔག་ཚད་མ་གཉིས་སུ་ངེས་ལ། ཚད་མིན་ནི་གསར་དུ་མི་སླུ་བའི་ཤེས་པས་སེལ་ནུས་ཤིང་། རྗེས་དཔག་ཚད་མ་ནི་རྟོག་བྲལ་དང་མ་འཁྲུལ་བ་གང་རུང་རེ་རེས་ཀྱང་སེལ་ནུས་པའི་ཕྱིར་ཏེ། རྗེས་དཔག་ཚད་མ་དེ་རྟོག་བྲལ་དང་མ་འཁྲུལ་བ་གང་ཡང་མིན་པའི་ཕྱིར་རོ། །གལ་ཏེ་རྗེས་དཔག་ཚད་མ་དེ་ཆོས་ཅན། མ་འཁྲུལ་བར་ཐལ། འཇུག་ཡུལ་ལ་མ་འཁྲུལ་བའི་ཕྱིར། ཁྱབ་སྟེ། འཇུག་ཡུལ་ལ་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པའི་ཕྱིར་ཞེ་ན། དེ་ཆོས་ཅན། འཁྲུལ་བར་ཐལ། དེ་མ་ཡིན་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར་ཏེ། རང་ལ་སྣང་བ་དོན་མ་ཡིན་པ་ལ་དོན་དུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འོ་ན་མངོན་སུམ་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་སྨོས་པ་ལ་དོན་མེད་པར་ཐལ། དེ་གཉིས་གང་རུང་རེ་རེས་ཀྱང་རིགས་མི་མཐུན་སེལ་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་གཉིས་གང་རུང་རེ་རེས་ཀྱང་རིགས་མི་མཐུན་སེལ་ནུས་ཀྱང་གཉིས་ཀ་སྨོས་པ་ལོག་རྟོག་སེལ་བའི་དབང་དུ་བྱས་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའང་རྟོག་བྲལ་ཡིན་


DLL1004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པས་མངོན་སུམ་ཚད་མ་ཡིན་ནམ་སྙམ་པའི་ལོག་རྟོག་སེལ་བའི་དབང་དུ་བྱས་ནས་མ་འཁྲུལ་བར་སྨོས་ལ། རིགས་པ་ཅན་པ་སོགས་མངོན་སུམ་རྟོག་པར་འདོད་པའི་ལོག་རྟོག་སེལ་བའི་ཕྱིར་དུ་རྟོག་བྲལ་སྨོས་པའི་ཕྱིར། འོ་ན་མངོན་སུམ་ཚད་མའི་མཚན་ཉིད་ལ་རིགས་མི་མཐུན་སེལ་བྱེད་མེད་པར་ཐལ། རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་སྨོས་པ་ལོག་རྟོག་སེལ་བའི་དབང་དུ་བྱས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། རྟོག་བྲལ་དང་མ་འཁྲུལ་བ་གང་རུང་རེ་རེས་རིགས་མི་མཐུན་སེལ་བ་དང་། གཉིས་ཀ་སྨོས་པས་ལོག་རྟོག་སེལ་བ་ལ་འགལ་བ་མེད་པའི་ཕྱིར་རོ། །འོ་ན་མངོན་སུམ་ལ་རྟོག་བྲལ་དགོས་ན་བྲལ་བྱ་རྟོག་པ་དེ་གང་ཞེ་ན། སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ་ཐམས་ཅད་བྲལ་བྱ་རྟོག་པ་ཡིན་ནོ། །འོ་ན་སྒྲ་དོན་འདྲེས་པར་འཛིན་པའི་ཚད་གང་། རུང་བ་སྨོས་པའི་དོན་ཅི་ཞེ་ན། ཆོས་དེའི་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་རྟོག་པ་དེའི་ཡུལ་དུ་བྱེད་པར་ནུས་པ་དེའི་ཚེ་སྒྲ་དོན་འདྲེས་པ་འཛིན་པ་ཞེས་བྱ་ལ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པས་སྒྲ་སྤྱི་དང་དོན་སྤྱི་གང་རུང་ཡུལ་དུ་བྱེད་ཀྱང་གཉིས་ཀ་ཚོགས་པ་ཡུལ་དུ་མི་བྱེད་པས། སྒྲ་དོན་འདྲེས་རུང་དུ་འཛིན་པ་ཡིན་གྱི་སྒྲ་དོན་འདྲེས་པར་འཛིན་པ་ནི་མིན་ནོ། །དེས་ན་འདྲེས་རུང་འཛིན་པ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་བསྡུ་བར་བྱ་བའི་ཕྱིར། འོན་ཀྱང་བརྡ་ལ་བྱང་བའི་རྟོག་པ་ཡིན་ན་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་སྣང་ཡུལ་དུ་བྱེད་པས་མ་ཁྱབ་སྟེ། བདག་མེད་ལ་མྱོང་བ་ཐོན་པའི་སྐྱེས་བུས་སྒྲ་སྤྱི་ལ་མ་ལྟོས་པར་བདག་མེད་ཀྱི་དོན་སྤྱི་སྣང་ཡུལ་དུ་བྱེད་པ་ཡོད་པའི་ཕྱིར། འོ་ན་སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ་ཐམས་ཅད་བྲལ་བྱ་རྟོག་པ་ཡིན་ན། སློབ་དཔོན་གྱིས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་མིང་སྦྱོར་རྟོག་པ་དང་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པ་ཙམ་


DLL1004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྨོས་པ་ཅི་ཡིན་ཞེ་ན། རང་ལུགས་ཀྱི་རྟོག་པའི་དབང་དུ་བྱས་ནས་མིང་སྦྱོར་རྟོག་པ་དང་། གཞན་ལུགས་ཀྱི་རྟོག་པའི་དབང་དུ་བྱས་ནས་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པ་སྨོས་པའམ། ཡང་ན་གཉིས་ཀ་ཡང་གཞན་ལུགས་དགག་པའི་དབང་དུ་བྱས་པ་ཡིན་ཏེ། རིག་བྱེད་པས། སྒྲ་ཡི་རྗེས་འཇུག་མ་གཏོགས་པའི། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་ཉིད་དུ་མཐོང་བ་ཡིན། །ཞེས་ཤེས་པ་ཐམས་ཅད་མིང་སྦྱོར་རྟོག་པར་འདོད་ཅིང་། རིགས་པ་ཅན་པས་དབང་ཤེས་ཐམས་ཅད་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པར་འདོད་པས་དེ་དགག་པའི་ཕྱིར་དུ་སྨོས་པའི་ཕྱིར་རོ། །འོ་ན་རྟོག་པ་དང་བྲལ་བའི་དོན་ཅི་ཞེ་ན། ཁ་ཅིག །རྟོག་པའི་རང་ལྡོག་དང་བྲལ་བའོ་ཟེར། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རྟོག་བྲལ་ཡིན་པར་ཐལ། རྟོག་པའི་རང་ལྡོག་དང་བྲལ་བའི་ཕྱིར་ཏེ། རྟོག་པའི་བྱེ་བྲག་ཡིན་པའི་ཕྱིར། རྟོག་པའི་རྫས་དང་བྲལ་བ་ལ་བྱེད་པའམ་མི་འཐད་དེ། རྟོག་མྱོང་རང་རིག་མངོན་སུམ་ཆོས་ཅན། རྟོག་པ་དང་བྲལ་བ་མ་ཡིན་པར་ཐལ། རྟོག་པའི་རྫས་དང་བྲལ་བའི་མིན་པའི་ཕྱིར་ཏེ། རྟོག་པ་དང་རྫས་གཅིག་ཡིན་པའི་ཕྱིར། རང་ལུགས་ནི། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་ཡིན་པའི་ཚུལ་གྱིས་མི་བརྟེན་པ་ནི་རྟོག་བྲལ་གྱི་དོན་ཡིན་ནོ། །འོ་ན་མ་འཁྲུལ་བའི་དོན་ཇི་ལྟ་བུ་ཞེ་ན། འཁྲུལ་རྒྱུ་བཞི་པོ་གང་རུང་གིས་མ་བསྐྱེད་པའི་སྒོ་ནས་སྣང་ཡུལ་ལ་མ་འཁྲུལ་བའོ། །འཁྲུལ་རྒྱུ་བཞི་པོ་གང་ཞེ་ན། འཁྲུལ་རྒྱུ་རྟེན་ལ་ཡོད་པ་ནི། མིག་རབ་རིབ་ཀྱིས་དཀྲུགས་པ་ལས་ཟླ་གཉིས་གསལ་བར་སྣང་བའི་དབང་ཤེས་ལྟ་བུའོ། །འཁྲུལ་རྒྱུ་ཡུལ་ལ་ཡོད་པ་ནི། འགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་ལོར་སྣང་བའི་ཤེས་པ་ལྟ་བུའོ། །གནས་ལ་ཡོད་པ་ནི། གྲུར་ཞུགས་པ་ལས་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ལྟ་བུའོ། །འཁྲུལ་རྒྱུ་དེ་མ་ཐག་རྐྱེན་ལ་


DLL1004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ནི། ཞེ་སྡང་གིས་ཡིད་དཀྲུགས་པ་ལས་ས་གཞི་དམར་པོར་སྣང་བའི་དབང་ཤེས་ལྟ་བུའོ། །འོ་ན་འདིར་བསྟན་མངོན་སུམ་གྱི་མཚན་ཉིད་འདི། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ནམ། མདོ་སེམས་ཐུན་མོང་བའི་ལུགས་ཡིན་ཞེ་ན། ཁ་ཅིག་ན་རེ། མདོ་སེམས་ཐུན་མོང་བའི་ལུགས་ཡིན་ཏེ། མ་འཁྲུལ་བའི་དོན་མི་སླུ་བ་ཡིན་ལ། སེམས་ཙམ་པས་ཀྱང་མངོན་སུམ་མི་སླུ་བར་འདོད་པའི་ཕྱིར་ཞེས་སྨྲ། ཡང་ཁ་ཅིག །དེའི་སྒྲུབ་བྱེད་མ་འཁྲུལ་བའི་དོན་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་མ་བསྐྱེད་པ་ཡིན་ལ། སེམས་ཙམ་པས་ཀྱང་མངོན་སུམ་རྣམས་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་མ་བསྐྱེད་པར་འདོད་པའི་ཕྱིར་ཞེས་ཟེར། དེ་གཉིས་ཀ་མི་འཐད་དེ། འདིར་མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་སྐབས་སུ་དོན་གྱི་མཐུ་ཡིས་ནི། ཡང་དག་སྐྱེ་བ་ཡིན་ཕྱིར་རོ། །ཞེས་གསུངས་ལ། སེམས་ཙམ་པས་དབང་མངོན་རྣམས་གཟུང་དོན་ལས་སྐྱེ་བར་མི་འདོད་པའི་ཕྱིར། དེས་ན། མདོ་སྡེ་པའི་ཐུན་མོང་ཡིན་པའི་ལུགས་ཡིན་ནོ། །འོ་ན་སྡེ་བདུན་གྱི་གཞུང་གང་དུ་ཡང་། སེམས་ཙམ་པའི་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་སྟོན་པའི་གཞུང་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སེམས་ཙམ་པའི་ལུགས་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་པ་ལས་བྱུང་བའི་ཤེས་པ་དེ། མངོན་སུམ་ཡིན་པར་རྣམ་ངེས་ལས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། རྟོག་མེད་འཁྲུལ་ཤེས་ཡུལ་གྱི་ཆ་ཤས་ལ་ཚད་མ་ཡིན་པ་དགག །རྟོག་མེད་མ་འཁྲུལ་བའི་ཤེས་པ་དོན་གཞན་ལ་ཚད་མ་ཡིན་པ་དགག་པའོ། །དང་པོ་ལ་གསུམ། རྣམ་པ་ལ་འཁྲུལ་པ་ཚད་མ་ཡིན་པ་དགག །ཡུལ་ལ་འཁྲུལ་བ་ཚད་མ་ཡིན་པ་དགག །དུས་ལ་འཁྲུལ་བ་ཚད་མ་ཡིན་པ་དགག་པའོ། །དང་པོ་ནི་ཁ་ཅིག་ན་རེ། དུང་སེར་གྱི་དབང་ཤེས་དེ་དུང་གི་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་མ་འཁྲུལ་པས་ཚད་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། དུང་གི་དབྱིབས་ལ་ཚད་མ་མ་ཡིན་པར་


DLL1004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དེ་ལ་དངོས་རྟོགས་ཚད་མ་ཡང་མ་ཡིན། ཤུགས་རྟོགས་ཚད་མ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཁྱོད་ལ་དུང་གི་དཀར་པོ་སྣང་བར་ཐལ། དུང་གི་དཀར་པོ་དང་དུང་གི་དབྱིབས་གཉིས་གྲུབ་བདེ་རྫས་གཅིག་ཡིན་པ་གང་ཞིག །ཁྱོད་དུང་གི་དབྱིབས་དངོས་སུ་རྟོགས་པའི་སྒྲུབ་འཇུག་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁྱོད་ལ་དུང་སེར་པོར་སྣང་བའི་ཕྱིར། རྩ་བའི་རྟགས་གཉིས་པ་གྲུབ་སྟེ། ཁྱོད་དངོས་རྟོགས་ཚད་མར་སོང་བའི་ཡུལ་མི་སྲིད་པའི་ཕྱིར་རོ། །ཁ་ཅིག །ལྗོན་ཤིང་འགྲོར་སྣང་གི་དབང་ཤེས་དེ་ལྗོན་ཤིང་སྡོད་པ་ལ་འཁྲུལ་ཡང་ལྗོན་ཤིང་སྔོན་པོ་ཡིན་པ་ལ་ཚད་མ་ཡིན་ཟེར་བའང་མི་འཐད་དེ། དངོས་རྟོགས་ཚད་མ་དང་ཤུགས་རྟོགས་ཚད་མ་གང་ཡང་མ་ཡིན་པའི་ཕྱིར། ༡༣༽ ཡུལ་ལ་འཁྲུལ་བ་ཚད་མ་ཡིན་པ་དགག་པ། གཉིས་པ་ལ་གཉིས། དངོས་དང་མཐའ་དཔྱད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཁང་ཕུགས་ཀྱི་ནོར་བུའི་འོད་སྒོ་གསེབ་ཏུ་ཤར་བའི་ཚེ། སྒོ་གསེབ་ཀྱི་ནོར་བུའི་འོད་འཛིན་པའི་དབང་ཤེས་དེ་ནོར་བུ་ལ་ཚད་མ་ཡིན་ཏེ། ནོར་བུ་ཐོབ་ནུས་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ནོར་བུ་ལ་ཚད་མ་མ་ཡིན་ཏེ། ནོར་བུ་བཅད་སར་མ་ཐོབ། ཐོབ་སར་མ་བཅད་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་མོ། །དང་པོ་ལ་གཉིས། རྒྱན་གྱི་ལུགས་དགག །ལྷ་ཤཱཀ་གི་ལུགས་དགག་པའོ། །དང་པོ་ནི། རྒྱན་མཁན་པོ། ནོར་བུ་སྒྲོན་མེའི་འོད་དག་ལ། ཞེས་པའི་སྐབས་ནས་བསྟན་པའི་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་མངོན་སུམ་ཚད་མར་བཞེད་དེ། དེ་ཕྱིར་ནོར་བུའི་འོད་ལ་ནི། །ནོར་བུ་ཤེས་པའི་ཤེས་པ་དེ། །དེ་ཉིད་དུ་ན་མངོན་སུམ་མམ། །ཡང་ན་རྗེས་དཔག་ཉིད་དུ་ངེས །ཞེས་གསུངས་ལ། མངོན་སུམ་མམ་ཞེས་པ་རྒྱན་རང་གི་འདོད་པ་དང་། རྗེས་དཔག་ཉིད་དུ་ངེས་ཞེས་པར་ཤཱཀྱ་བློའི་འདོད་པ་བསྟན་པ་ཡིན་ཏེ། ཡ་མ་རིས་མངོན་སུམ་མམ་ཞེས་བྱ་བ་ནི་རང་གི་འདོད་པའོ། །ཡང་ན་རྗེས་དཔག་


DLL1004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ངེས་བྱ་བ་ནི་ཤཱཀྱ་བློའི་འདོད་པའོ། །ཞེས་དང་། རྒྱལ་བ་ཅན་གྱིས། དེ་ཉིད་དུ་ན་མངོན་སུམ་མམ། ཞེས་བྱ་བ་ནི་རང་གི་ལུགས་སོ། །ཡང་ན་རྗེས་དཔག་ཉིད། ཅེས་བྱ་བ་ནི་ཤཱཀྱ་བློའི་འོ་ཞེས་གསུངས་སོ། །གལ་ཏེ་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་མངོན་སུམ་ཚད་མ་མ་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། མི་སླུ་བ་ཙམ་གྱིས་ཚད་མར་འགྱུར་གྱི་མ་འཁྲུལ་བའི་ཤེས་པ་དགོས་ན་རྗེས་དཔག་ཀྱང་ཚད་མར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་འཁྲུལ་ཤེས་ཀྱང་ཡིན། ཚད་མ་ཡང་ཡིན་ན་རྗེས་དཔག་དང་ཁྱད་པར་ཅི་ཡོད་ཅེ་ན། རང་ཡུལ་གསལ་མི་གསལ་གྱི་ཁྱད་པར་ཡོད་དོ། །འཁྲུལ་ཤེས་ཡིན་ན་ཁྱད་པར་དེ་ཡང་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། རྒྱུའི་དབང་གིས་རང་ཡུལ་གསལ་མི་གསལ་དུ་སྐྱེས་པའི་ཕྱིར། དཔེར་ན་རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་བཞིན་ནོ། །མངོན་སུམ་ཚད་མ་ཡིན་པས་མ་འཁྲུལ་བའི་ཤེས་པ་ཡིན་དགོས་ན། ནོར་བུ་རང་མཚན་པ་མཐོང་བའི་མངོན་སུམ་ཡང་མ་འཁྲུལ་བའི་ཤེས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་དགག་པ་ནི། འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་དེ་མངོན་སུམ་ཚད་མ་མ་ཡིན་པར་ཐལ། ནོར་འོད་ནོར་བུར་འཛིན་པའི་བློ་ཡང་མངོན་སུམ་ཚད་མ་མ་ཡིན། སྒོ་གསེབ་ན་ནོར་བུ་ཡོད་པར་འཛིན་པའི་བློ་ཡང་མངོན་སུམ་ཚད་མ་མ་ཡིན། ནོར་བུའི་འོད་མཐོང་བའི་དབང་ཤེས་དེ་ཡང་མངོན་སུམ་ཚད་མ་མིན་པའི་ཕྱིར། རྟགས་དང་པོ་གཉིས་གྲུབ་སྟེ། དེ་གཉིས་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་པའི་ཕྱིར་ཏེ། ནོར་བུའི་འོད་ནོར་བུ་ཡིན་པ་མི་སྲིད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེ་སྒྲོ་འདོགས་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར་ཏེ། ནོར་བུའི་འོད་ནོར་བུར་འཛིན་པའི་བློ་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། འདོད་པ་བརྗོད་པ། དེ་དགག་པའོ། །དང་པོ་ནི། གཉིས་པ་འཁྲུལ་བ་ཡིན་པར་བཞེད། །ཅེས་


DLL1004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་འཁྲུལ་ཤེས་སུ་བསྟན་པ་ལ། དེ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་བཞིན། དེ་ལྟར་ཐལ་བ་ལས། མ་འཁྲུལ་བའི་ཤེས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར། དཔེར་ན། མངོན་སུམ་བཞིན། ཞེས་དོགས་པ་བཀོད་ནས། འདི་ལ་ལྷ་དབང་བློས། ལྡོག་པའི་སྦྱོར་བ་དང་པོ་ལ། ནོར་བུའི་འོད་ལ་ནོར་བུའི་བློས་མ་ངེས་སོ་ཞེས་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཚད་མར་བཞེད་ལ། དེའི་འགྲེལ་བཤད་དུ་ཤཱཀྱ་བློས་ཀྱང་། འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་དེ་འཁྲུལ་བ་ཡིན་ཡང་ཚད་མ་ཡིན་ཏེ། ཚད་མ་སྤྱིའི་མཚན་ཉིད་མི་སླུ་བ་ཞུགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུའི་བློ་དེ་མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཡིན་པར་ཐལ། ཚད་མ་གང་ཞིག །མངོན་རྗེས་གང་ཡང་མིན་པའི་ཕྱིར། མངོན་སུམ་མིན་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར་དང་། རྟོག་བྲལ་མ་ཡིན་པའི་ཕྱིར། རྗེས་དཔག་མ་ཡིན་ཏེ། ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པའི་ཤེས་པ་མ་ཡིན་པའི་ཕྱིར་ཞེ་ན། མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་ཕུང་པོ་གསུམ་པར་མི་འགྱུར་ཏེ། རྗེས་དཔག་ཚད་མའི་ནང་དུ་འདུ་བའི་ཕྱིར་ཏེ། ལྐོག་ཏུ་གྱུར་བའི་དོན་གཞན་འབྲེལ་བ་ལ་བརྟེན་ནས་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། ཐོག་མར་ནོར་འོད་མཐོང་བའི་མངོན་སུམ་ལ་བརྟེན་ནས་ནོར་བུར་འཛིན་པའི་བློ་སྐྱེ་ཞིང་། ནོར་བུའི་འོད་དེ་ནོར་བུ་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར་རོ། །དེས་ན་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ནོ། །དེ་ཡང་ཐོག་མར་ནོར་བུའི་འོད་མཐོང་བའི་མངོན་སུམ་དེ་རྟགས་འཛིན་སེམས་ཡིན་ལ། དེའི་རྗེས་སུ་སྐྱེས་པའི་ནོར་བུའི་འོད་ནོར་བུར་ངེས་པའི་ཤེས་པ་ནི་རྟགས་ཅན་རྗེས་དཔག་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་བློ་དེ་རྗེས་དཔག་མ་ཡིན་པར་ཐལ། བློ་དེས་རྟགས་ནོར་བུའི་འོད་དེ་ཉིད་ནོར་བུར་ཞེན་པའི་ཕྱིར།


DLL1004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སྟེ། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་གིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་བཟུང་གི །དུ་བ་མེར་མ་བཟུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། ནོར་བུའི་འོད་ནོར་བུར་བཟུང་བས་འཁྲུལ་བ་ལྷག་པོ་ཡོད་པ་ཙམ་ཡིན་གྱི། དེ་ཙམ་གྱིས་ཚད་མ་མ་ཡིན་པར་མི་འགྱུར་ཏེ། ནོར་བུ་ཙམ་ལ་མི་སླུ་བའི་ཕྱིར་རོ། །དེ་ལྟ་བུའི་བློ་དེ་རྗེས་དཔག་མ་ཡིན་པར་ཐལ། ནོར་བུའི་འོད་དང་ནོར་བུ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་དྲན་པ་ལས་མ་སྐྱེས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། མེ་དུའི་འབྲེལ་བ་དྲན་པ་མེད་པར་ཡང་དུ་བ་གློོ་བུར་དུ་མཐོང་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་པའི་ཕྱིར་ཞེས་བཞེད་དོ། །གཉིས་པ་ལ་གསུམ། རྟེན་གཏན་ཚིགས་དགག །ཡུལ་ཅན་གྱི་ཚད་མ་དགག །དཔེར་མི་རུང་བས་དགག་པའོ། །དང་པོ་ནི། དེ་ལྟ་བུའི་བློ་དེ་རྗེས་དཔག་ཡིན་ན་རྟེན་གཏན་ཚིགས་ལས་སྐྱེ་དགོས་པས། ནོར་བུའི་འོད་ནོར་བུར་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། ནོར་བུའི་འོད་དེ་ནོར་བུ་ཙམ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། ནོར་བུའི་འོད་དེ་སྒོ་གསེབ་ན་ནོར་བུ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། འོན་ཏེ་ཁང་ཕུགས་ན་ནོར་བུ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། སྒོ་གསེབ་ཀྱི་ནོར་བུའི་འོད་དེ་སྒོ་གསེབ་ན་ནོར་བུ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། ནོར་བུའི་འོད་དང་ནོར་བུ་གང་རུང་གཞི་དེར་ནོར་བུ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན། དང་པོ་མི་འཐད་དེ། ནོར་བུའི་འོད་ནོར་བུར་སྒྲུབ་མི་ནུས་པའི་ཕྱིར་ཏེ། ནོར་བུའི་འོད་ནོར་བུ་ཡིན་པ་མི་སྲིད་པའི་ཕྱིར། གཉིས་པ་མི་འཐད་དེ། ནོར་བུའི་འོད་ཡོད་པར་ངེས་ནས་སྤྱིར་ནོར་བུ་ཡོད་མེད་ཐེ་ཚོམ་ཟ་བ་མི་སྲིད་པའི་ཕྱིར། གསུམ་པ་མི་འཐད་དེ། ཁྱབ་པ་ཡང་མ་ངེས་པའི་ཕྱིར། བཞི་པ་མི་འཐད་དེ། དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་ཤིང་། ཕྱོགས་ཆོས་མ་གྲུབ་པའི་ཕྱིར། ལྔ་པ་མི་འཐད་དེ། སྒོ་གསེབ་ནས་ནོར་བུ་


DLL1004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་མ་ཡིན་པའི་ཕྱིར། དྲུག་པ་མི་འཐད་དེ། ནོར་བུ་རྟགས་སུ་འགོད་ན་རྟགས་ཆོས་ཐ་དད་མེད་པར་འགྱུར་ལ། ནོར་བུའི་རྟགས་སུ་འགོད་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་བའི་ཕྱིར་ཏེ། གཞི་དེར་ནོར་བུའི་འོད་ཚད་མས་མ་གྲུབ་པའི་ཕྱིར་ཏེ། ནོར་བུའི་འོད་མཐོང་བའི་མངོན་སུམ་དེ་གཞི་དེར་ནོར་བུའི་འོད་ལ་ཚད་མ་མ་ཡིན། དེ་ལས་གཞན་གཞི་དེར་ནོར་བུའི་འོད་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ནོར་བུའི་འོད་མཐོང་བའི་མངོན་སུམ་དེ། སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཡིན་པའི་ཕྱིར་ཏེ། ནོར་བུའི་འོད་ནོར་བུར་འཛིན་པའི་བློ་དངོས་སུ་སྐྱེ་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་དེ་ལ་ཚད་མ་མིན་ཏེ། སྒོ་གསེབ་ཀྱི་ནོར་བུ་ལ་ཡང་ཚད་མ་མ་ཡིན། ཁང་ཕུགས་ཀྱི་ནོར་བུ་ལ་ཡང་ཚད་མ་མ་ཡིན། ནོར་བུ་ཙམ་ལ་ཡང་ཚད་མ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒོ་གསེབ་ཏུ་ནོར་བུ་མ་ཐོབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཁང་ཕུགས་སུ་ནོར་བུ་མ་བཟུང་བའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། ཡུལ་དུས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ནོར་བུ་ཙམ་མ་བཟུང་བའི་ཕྱིར། དེས་ན་འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཆོས་ཅན། ནོར་བུ་ལ་ཚད་མ་མ་ཡིན་ཏེ། ནོར་བུ་བཟུང་སར་མ་ཐོབ། ཐོབ་སར་མ་བཟུང་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་བློ་དེ་རྗེས་དཔག་སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ཡང་མི་བསླུ་བའི་དཔེར་མི་འཐད་པར་ཐལ། དེ་ལྟ་བུའི་བློ་དེ་རྗེས་དཔག་གང་ཞིག །སྐབས་འདིར་དགག་དགོས་ཀྱི་གང་ཟག་དེས་རྗེས་དཔག་ཐམས་ཅད་ལ་སྐུར་པ་བཏབ་པའི་ཕྱིར། གཉིས་པ་རང་ལུགས་ནི། འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ནི། ཁང་ཕུགས་ན་ནོར་བུ་ཡོད་པའི་འོད་སྒོ་གསེབ་ཏུ་མཐོང་བ་ལས་སྒོ་གསེབ་ཏུ་ནོར་བུ་ཡོད་པར་འཛིན་པའི་རྟོག་པ་ཡིན་ལ། དེ་རྗེས་དཔག་


DLL1004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཤེས་ཡིན་ཡང་ཚད་མ་ཡིན་པའི་དཔེར་བཀོད་པ་མིན་གྱི་འཁྲུལ་ཤེས་ཡིན་ཡང་མི་སླུ་བའི་དཔེར་བཀོད་པ་ཡིན་ནོ། །གལ་ཏེ་རྗེས་དཔག་འཁྲུལ་ཤེས་ཡིན་ཡང་ཚད་མ་ཡིན་པའི་དཔེར་བཀོད་པ་ཡིན་ཏེ། དོན་གྱི་སྐབས་སུ། ཚད་མ་ཉིད་དུ་རྣམ་པར་བཞག །ཅེས་གསུངས་པའི་ཕྱིར་ཞེ་ན། འོ་ན་རྗེས་དཔག་ལོག་ཤེས་ཡིན་ཡང་ཚད་མ་ཡིན་པའི་དཔེར་བཀོད་པར་ཐལ། དཔེའི་སྐབས་སུ། ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོ་ལ་ཚད་མ་མ་ཡིན་པར་ཐལ། སྔོན་པོའི་སྐད་ཅིག་མ་བཟུང་ཡང་། དེ་མ་ཐོབ་པར་སྔོན་པོ་ཙམ་ཐོབ་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། འདིར་བསྟན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློས་སྒོ་གསེབ་ཀྱི་ནོར་བུ་དང་ཁང་ཕུགས་ཀྱི་ནོར་བུར་མ་ཟད་ནོར་བུ་ཙམ་ཡང་བཅད་ཐོབ་གཉིས་ཀའི་ཡུལ་དུ་མ་བྱས་ལ། སྔོོ་སྣང་དབང་ཤེས་ཀྱི་སྔོན་པོ་ཙམ་བཅད་ཐོབ་གཉིས་ཀའི་ཡུལ་དུ་བྱས་པའི་ཕྱིར་དེས་ན་སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོའི་ཆ་ཐམས་ཅད་ལ་ཚད་མ་མིན་ཡང་སྔོན་པོ་ཙམ་ལ་ཚད་མ་ཡིན་ཏེ། སྔོན་པོའི་ཆ་ཐམས་ཅད་ལ་ཚད་མ་མིན་ཡང་སྔོན་པོ་ཙམ་གཟུང་ཡུལ་དུ་བྱས་ནས་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར། དེ་སྐད་དུའང་ཆོས་མཆོག་གིས། ངེས་པར་ཡུལ་དུ་བྱས་པའི་དངོས་པོའི་ཆ་ཐམས་ཅད་མ་ཐོབ་པ་དེ་ལྟའང་མཐོང་བ་ལས་གཞན་ཐོབ་པ་མིན་ནོ། །ཞེས་གསུངས་སོ། །འོ་ན་སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོ་ལ་ཚད་མ་མ་ཡིན་པར་ཐལ། ཁྱོད་ཀྱིས་རགས་པའི་སྔོན་པོ་ཁོ་ན་མཐོང་བ་གང་ཞིག་ཁྱོད་ཚད་མར་སོང་བའི་སྔོན་པོ་དེ་སྔོན་པོའི་རྡུལ་ཕྲན་དང་བཅས་པའི་ཕྱིར་ཞེ་ན། རྟགས་དང་པོ་མ་གྲུབ་སྟེ། སྔོན་པོའི་རྡུལ་ཕྲན་ཡང་མཐོང་བའི་ཕྱིར་ཏེ། སྔོ་རྡུལ་གྱིས་བརྩམས་པའི་སྔོན་པོ་སྒྲུབ་པའི་སྒོ་ནས་མཐོང་བའི་ཕྱིར། ཁྱབ་སྟེ། བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཕྱིར། ཞེས་


DLL1004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག །མཚན་ཕྱེད་ལ་ཉིན་ཕྱེད་དུ་འཁྲུལ་ནས་ཉིན་ཕྱེད་ལ་བུ་བྱུང་བར་རྨིས་པའི་ཤེས་པ་དེ་ཉིན་ཕྱེད་ཀྱི་བུ་ལ་ཚད་མ་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་ལ་དངོས་རྟོགས་ཚད་མ་དང་ཤུགས་རྟོགས་ཚད་མ་གང་ཡང་མ་ཡིན་པའི་ཕྱིར་རོ། །དེས་ན་རྟོག་མེད་ཀྱི་ཤེས་པ་རྣམས་རང་ཡུལ་གྱི་ཆ་གཅིག་ལ་འཁྲུལ་ན་བདག་ཉིད་ཐམས་ཅད་ལ་འཁྲུལ་བ་དང་། ཆ་གཅིག་ལ་མ་འཁྲུལ་ན་བདག་ཉིད་ཐམས་ཅད་ལ་མ་འཁྲུལ་བ་དང་། ཆ་གཅིག་ལ་མ་འཁྲུལ་ན་བདག་ཉིད་ཐམས་ཅད་ལ་མ་འཁྲུལ་བ་ཡིན་ཏེ། རྟོག་མེད་ཀྱི་ཤེས་པ་རྣམས་རང་ཡུལ་ལ་ཆ་ཤས་སུ་མ་ཕྱེ་བར་སྒྲུབ་པའི་སྒོ་ནས་འཇུག་པའི་ཕྱིར། དེ་སྐད་དུའང་། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་དང་། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། ཁ་ཅིག །དུང་གི་ཁ་དོག་མཐོང་བའི་མིག་ཤེས་དེ་དུང་གི་རེག་བྱ་འཇམ་པོ་ལ་ཚད་མ་ཡིན་ཏེ། དེས་དེ་ལ་ངེས་ཤེས་འདྲེན་པའི་ཕྱིར་ཞེས་ཟེར། དུང་གི་ཁ་དོག་འཛིན་པའི་མིག་ཤེས་ཆོས་ཅན། དུང་གི་རེག་བྱ་འཇམ་པོ་ལ་ཚད་མ་མ་ཡིན་པར་ཐལ། དེ་ལ་དངོས་རྟོགས་ཚད་མ་དང་ཤུགས་རྟོགས་ཚད་མ་གང་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཆོས་ཅན། ཁྱོད་ལ་དུང་གི་རེག་བྱ་འཇམ་པོ་གསལ་བར་སྣང་བར་ཐལ། ཁྱོད་མངོན་སུམ་ཚད་མ་གང་ཞིག །ཁྱོད་དུང་གི་རེག་བྱ་འཇམ་པོ་ལ་དངོས་རྟོགས་ཚད་མ་ཡིན་པའི་ཕྱིར། འདོད་ན། དུང་གི་རེག་བྱ་འཇམ་པོ་འཇལ་བའི་ལུས་ཤེས་མངོན་སུམ་དོན་མེད་དུ་འགྱུར་རོ། །དེ་ལ་ཤུགས་རྟོགས་ཚད་མའང་མིན་ཏེ། དེ་ལ་སྒྲོ་འདོགས་དང་མི་འགལ་བར་འཇུག་པའི་ཕྱིར་རོ། །གཞན་ཡང་དུ་ལྡན་ལ་ལ་དུ་བ་མཐོང་བའི་མངོན་སུམ་ཆོས་ཅན། ལ་མེའི་ཚོགས་དོན་ལ་ཚད་མ་ཡིན་པར་ཐལ།


DLL1004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེའི་ཆོགས་དོན་ལ་ངེས་ཤེས་འདྲེན་པའི་ཕྱིར། རྟགས་མ་གྲུབ་སྟེ། དུ་ལྡན་གྱི་ལ་ལ་དུ་བ་མཐོང་བ་ལ་བརྟེན་ནས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་ངེས་པའི་ཤེས་པ་དེ་གློ་བུར་བའི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ནོ། །ཞེ་ན། དེ་ནི་ཅིག་ཤོས་ལའང་མཚུངས་སོ། །རྩ་བར་འདོད་ན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་དང་རྗེས་དཔག་དོན་མེད་དུ་འགྱུར་རོ། །གཉིས་པ་མངོན་སུམ་གྱི་དབྱེ་བ་ལ་གསུམ། དབྱེ་བ་དངོས། གྲངས་ངེས། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། མངོན་སུམ་ནི་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པས་དེ་ལ་བཞི་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་མོ། །གཉིས་པ་ནི། མངོན་སུམ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ལ། རང་གི་རྫས་གཟུང་ཡུལ་དུ་བྱེད་པ་དང་རང་ལས་རྫས་གཞན་གཟུང་ཡུལ་དུ་བྱེད་པ་གཉིས་སུ་ངེས་ལ། རང་ལས་རྫས་གཞན་གཟུང་ཡུལ་དུ་བྱེད་པ་ལའང་། དབང་པོ་གཟུགས་ཅན་ལ་བརྟེན་པ་དང་ཡིད་དབང་ལ་བརྟེན་པ་གཉིས་སུ་ངེས་ཤིང་། ཕྱི་མ་ལ་ཡང་། ཡིད་ཙམ་ལ་བརྟེན་པ་དང་ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་ཡིད་ཁྱད་པར་ཅན་ལ་བརྟེན་པ་གཉིས་སུ་ངེས་པའི་ཕྱིར་རོ། །ཁ་ཅིག་ན་རེ། མངོན་སུམ་ལ་བཞིར་གྲངས་ངེས་པ་མིན་ཏེ། མངོན་སུམ་བཞི་པོ་དེ་ལས་མང་བར་ཡོད་པའང་མི་ཁེགས། ཉུང་བའང་མི་ཁེགས་པའི་ཕྱིར། དང་པོ་གྲུབ་སྟེ། གཞན་སེམས་ཤེས་པའི་མངོན་སུམ་ཡིན་པ་གང་ཞིག །བཞི་བོ་དེ་གང་ཡང་མ་ཡིན་པའི་ཕྱིར་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པ་མ་ཡིན་པའི་ཕྱིར་དང་། དབང་པོའི་མངོན་སུམ་གྱི་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་དང་། ཁ་ཕྱིར་བལྟས་ཀྱི་ཤེས་པ་ཡིན་པའི་ཕྱིར་དང་། ཚུར་མཐོང་གི་རྒྱུད་ལའང་ཡོད་པའི་ཕྱིར་རོ། །གྲངས་ཉུང་བའང་མི་ཁེགས་ཏེ། ཡིད་ཀྱི་མངོན་སུམ་


DLL1004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཏེ། ཡིད་མངོན་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། དེས་ན་ལོག་རྟོག་བསལ་བའི་ཕྱིར་དུ་བཞིར་གྲངས་ངེས་ཞེས་བཤད་པ་ཡིན་ཏེ། བྱེ་བྲག་སྨྲ་བ་མིག་གི་དབང་པོ་དོན་ལ་ལྟ་བའི་ཚད་མར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་དབང་པོའི་མངོན་སུམ་དང་། མུ་སྟེགས་རྣ་བ་མ་ཕུག་པ་ཡིད་མངོན་མེད་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་ཡིད་ཀྱི་མངོན་སུམ་དང་། བྱེ་བྲག་པ་སོགས་རང་རིག་མེད་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་རང་རིག་མངོན་སུམ་དང་། རྒྱང་འཕེན་པས་རྣལ་འབྱོར་མངོན་སུམ་མེད་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་རྣལ་འབྱོར་མངོན་སུམ་བསྟན་པའི་ཕྱིར་རོ་ཞེས་ཟེར། གཞན་སེམས་ཤེས་པའི་མངོན་ཤེས་དེ་མངོན་སུམ་བཞི་པོ་གང་ཡང་མ་ཡིན་པའི་སྐྱོན་མེད་དེ། དེ་ཡིད་ཀྱི་མངོན་སུམ་ཡིན་པར་གྲུབ་པའི་ཕྱིར་རོ། །མུ་སྟེགས་རྣ་བ་མ་ཕུག་པས་ཡིད་མངོན་མེད་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་ཡིད་མངོན་བསྟན་པ་དོན་མེད་པར་ཐལ། ཡིད་མངོན་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། འོ་ན་མངོན་སུམ་ལ་བཞིར་དབྱེ་བ་འདི་མདོ་སྡེ་བ་ཁོ་ནའི་ལུགས་ཡིན་ནམ། སེམས་ཙམ་པ་སོགས་དང་ཐུན་མོང་བ་ཡིན་ཞེ་ན། འདི་ལ་ཁ་ཅིག །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །ཞེས་པའི་དོན་དུ་བསམས་ནས། མངོན་སུམ་བཞིར་ཕྱེ་བ་མདོ་སྡེ་བ་ཁོ་ནའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་གྱི་སེམས་ཙམ་པ་དང་ཐུན་མོང་བ་མ་ཡིན་ཏེ། སེམས་ཙམ་པས་དབང་མངོན་དང་ཡིད་མངོན་མི་འདོད་པའི་ཕྱིར་ཏེ། སོ་སྐྱེའི་ཁ་ཕྱིར་བལྟས་ཀྱི་ཤེས་པ་ཐམས་ཅད་འཁྲུལ་ཤེས་ཡིན་པའི་ཕྱིར་ཞེས་ཟེར་ཡང་། གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ལ་བཞིར་ཕྱེ་བ་མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ཡང་། སེམས་ཙམ་པས་ཀྱང་མངོན་སུམ་ལ་བཞིར་འདོད་པ་ཡིན་


DLL1004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སེམས་ཙམ་པའི་ལུགས་ལ་འཁྲུལ་ཤེས་དང་མངོན་སུམ་མི་འགལ་བའི་ཕྱིར་ཏེ། དེའི་ལུགས་ལ་བག་ཆགས་བརྟན་འབྱུང་གི་དབང་ཤེས་རྣམས་འཁྲུལ་ཤེས་དང་མངོན་སུམ་དུ་འདོད་པའི་ཕྱིར་རོ། །འོ་ན་མངོན་སུམ་བཞི་པོ་འདིའི་གོ་རིམ་ཇི་ལྟར་ངེས་ཤེ་ན། ངེས་ཏེ་རྣལ་འབྱོར་མངོན་སུམ་འཕགས་པ་ཁོ་འི་རྒྱུད་ལ་ཡོད་པས་འཇུག་ཏུ་བསྟན། གཞན་གསུམ་པོ་སྐྱེ་འཕགས་གཉིས་ཀའི་རྒྱུད་ལ་ཡོད་པས་དང་པོར་བསྟན། དེའི་ནང་ནས་ཀྱང་གཞན་གཉིས་ཉམས་སུ་མྱོང་བ་ཡིན་པས་དང་པོར་བསྟན། རང་རིག་དེ་གཉིས་ཀ་ཉམས་སུ་མྱོང་བྱེད་ཡིན་པས་དེའི་འཇུག་ཏུ་བསྟན། དེའི་ནང་ནས་ཀྱང་དབང་མངོན་རྒྱུ་ཡིན་པས་དང་པོར་བསྟན་ལ། ཡིད་མངོན་འབྲས་བུ་ཡིན་པས་དེའི་མཇུག་ཏུ་བསྟན་པའི་ཕྱིར་རོ། །གསུམ་པ་ལ་བཞི། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་མོ། །དང་པོ་ལ་གསུམ། མཚན་ཉིད་དང་། མཚན་གཞིའི་དབྱེ་བ་དང་། མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་དོ། །དང་པོ་ནི། དབང་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱེན་དབང་བོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་ཁ་ཕྱིར་བལྟས་ཀྱི་ཤེས་པ། དབང་པོའི་མངོན་སུམ་གྱི་མཚན་ཉིད། རང་གི་བདག་རྐྱེན་དབང་བོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག །རྟོག་བྲལ་མ་འཁྲུལ་བ། དབང་པའི་མངོན་སུམ་ཚད་མའི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གསར་དུ་མི་སླུ་བའི་ཤེས་པ་གང་ཞིག །རྟོག་བྲལ་མ་འཁྲུལ་བའོ། །གཉིས་པ་ནི། གཟུགས་འཛིན་དབང་པོའི་མངོན་སུམ་ལ་སོགས་པ་ལྔའོ། །གསུམ་པ་ལ་གསུམ། རྟོག་བྲལ་དུ་བསྒྲུབ་པ་དང་། མ་འཁྲུལ་བ་བསྒྲུབ་པ་དང་། དབང་པོ་གཟུགས་ཅན་སོགས་ལ་བརྟེན་པར་བསྒྲུབ་པའོ། །དང་པོ་ནི་མངོན་སུམ་རྟོག་བྲལ་དེ་མངོན་གྱུར་ཡིན་ནམ། ལྐོག་གྱུར་ཡིན། དང་པོ་ལྟར་ན་


DLL1004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རྟོག་བྲལ་དུ་རྟགས་ཀྱིས་སྒྲུབ་པ་དང་འགལ་ལ། གཉིས་པ་ལྟར་ན། མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན། འདིའི་ལན་ལ། ཁ་ཅིག །མངོན་སུམ་རྟོག་བྲལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་ལ། ཐ་སྙད་རྟགས་ཀྱིས་སྒྲུབ་དགོས་པས་སྐྱོན་མེད་དོ་ཞེས་སྨྲ་བ་མི་འཐད་དེ། དེའི་རྟགས་ཀྱིས་སྒྲུབ་དགོས་པ་དང་ཐ་སྙད་མངོན་སུམ་གྱིས་གྲུབ་པའང་ཡོད་པའི་ཕྱིར་རོ། །ཁ་ཅིག །རྟོག་པ་དང་དབང་ཤེས་ཡུལ་ལ་ཅིག་ཅར་དུ་འཇུག་པའི་ཚེ་མངོན་སུམ་རྟོག་བྲལ་དུ་རྟགས་ཀྱིས་སྒྲུབ་དགོས་ལ། དབང་ཤེས་ཁོ་ན་ཡུལ་ལ་འཇུག་པའི་ཚེ་མངོན་སུམ་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་པས་སྐྱོན་མེད་ཅེས་ཟེར་བའང་མི་འཐད་དེ། རྟོག་པ་དང་དབང་ཤེས་གཉིས་ཀ་ཡུལ་ལ་ཅིག་ཅར་དུ་འཇུག་པའི་ཚེ་དེ་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་པ་དང་། དབང་ཤེས་ཁོ་ན་ཡུལ་ལ་འཇུག་པའི་ཚེ་དེ་རྟགས་ཀྱིས་སྒྲུབ་དགོས་པའང་ཡོད་པའི་ཕྱིར་རོ། །རང་ལན་ནི། གྲུབ་མཐས་རྒྱུད་མ་བསླད་པའི་མཁས་པས་རང་ཡུལ་གསལ་བར་སྣང་བའི་སྟོབས་ཀྱིས་མངོན་སུམ་རྟོག་བྲལ་དུ་མངོན་སུམ་ཉིད་ཀྱིས་གྲུབ་ལ། གྲུབ་མཐས་རྒྱུད་བསླད་པའི་རིགས་པ་ཅན་པ་ལྟ་བུ་ལ་མངོན་སུམ་རྟོག་བྲལ་དུ་རྟགས་ཀྱིས་སྒྲུབ་དགོས་ལ། དེ་ལའང་དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་གཉིས་ཀ་ཡོད་པ་ཡིན་ནོ། །དེས་ན་གཟུགས་འཛིན་དབང་ཤེས་ལྟ་བུ་ཆོས་ཅན། རྟོག་བྲལ་ཡིན་ཏེ། རང་ཡུལ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་པ་ཡིན་ན་རང་ཡུལ་མི་གསལ་བར་སྣང་བ་ཡིན་དགོས་པའི་ཕྱིར་རོ། །འོ་ན་རིགས་པ་ཅན་པས་མངོན་སུམ་དེ་ཚད་མས་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་རིགས་པ་ཅན་པ་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དེ་ཚད་མས་གྲུབ་པར་ཐལ།


DLL1004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཚད་མས་གྲུབ་པའི་ཕྱིར། ཁྱབ་སྟེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དེ་མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ངོར་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་རྟགས་ཀྱིས་སྒྲུབ་མི་དགོས་པ་ཐལ་ལོ། །གཉིས་པ་ལྟར་ན། ཆོས་ཅན། ཁྱོད་ཀྱི་ངོར་མངོན་སུམ་དེ་རྟོག་བྲལ་དུ་རྟགས་ཀྱིས་སྒྲུབ་མི་དགོས་པར་ཐལ། ཁྱོད་ཀྱིས་མངོན་སུམ་དེ་ཚད་མས་མ་གྲུབ་པའི་ཕྱིར་རོ། །ཞེ་ན་སྐྱོན་མེད་དེ། རིགས་པ་ཅན་པའི་ངོར་རྟོག་བྲལ་དུ་སྒྲུབ་པའི་རྩོད་གཞི་མངོན་སུམ་དེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མཚོན་བྱ་མིན་གྱི་དོན་མངོན་དུ་བྱེད་པས་མངོན་སུམ་ཏེ་གཟུགས་འཛིན་དབང་ཤེས་ལྟ་བུ་ཡིན་ལ། གཟུགས་འཛིན་དབང་ཤེས་གྲུབ་ཟིན་པ་དང་དེ་རྟོག་བྲལ་དུ་རྟགས་ཀྱིས་སྒྲུབ་དགོས་པ་ལ་འགལ་བ་མེད་པའི་ཕྱིར་རོ། །དེ་ལ་དགོངས་ནས་སློབ་དཔོན་ཆོས་མཆོག་གི །མཚོན་བྱ་རྗེས་བརྗོད་ཀྱི་སྒྲ་དང་མཚན་ཉིད་སྒྲུབ་པའི་སྒྲ་ཞེས་གསུངས་སོ། །འོ་ན་གཟུགས་འཛིན་དབང་ཤེས་ཆོས་ཅན། རྟོག་པར་ཐལ། སྤྱི་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། ཚོགས་པ་ལ་དམིགས་པའི་བློ་ཡིན་པའི་ཕྱིར་ཏེ། བསགས་པ་ལ་དམིགས་པའི་བློ་ཡིན་པའི་ཕྱིར་ཏེ། མདོ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ལྟར་གསུངས་པས་བསགས་པ་ལ་དམིགས་མི་དགོས་པར་ཐལ། དབང་ཤེས་སྐྱེད་ནུས་ཀྱི་རྡུལ་དུ་མ་ལ་དམིགས་པ་ལ་བསགས་པ་ལ་དམིགས་པ་ཞེས་བརྗོད་པ་ཙམ་ཡིན་པའི་ཕྱིར། དེས་ན་དབང་ཤེས་ཀྱི་སྤྱི་དང་ཚོགས་པ་དང་བསགས་པ་ལ་དམིགས་པ་མ་ཡིན་ཏེ། དེ་གསུམ་ག་དངོས་པོ་མིན་པའི་ཕྱིར། ཁ་ཅིག །ཚོགས་པ་དངོས་པོ་མ་ཡིན་བསགས་པ་དངོས་པོ་ཡིན་ཞེས་གསུངས་སོ། །གཉིས་པ་ནི། གཟུགས་འཛིན་དབང་ཤེས་ཆོས་ཅན། མ་འཁྲུལ་བའི་ཤེས་པ་ཡིན་ཡིན་ཏེ། རང་ལ་


DLL1004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དེ་སྣང་བ་ལྟར་གྲུབ་པའི་ཤེས་པ་ཡིན་པའི་ཕྱིར་ཏེ། གཟུང་དོན་གྱིས་རང་འདྲའི་རྣམ་གཏད་པའི་ཤེས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་གཟུགས་འཛིན་དབང་ཤེས་དེ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་ཁས་བླངས་ནས། གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་དེ་གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་ཡིན་ཞིང་། གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་དེ་གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་ཡིན་ཞེས་ཟེར། གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་དེ་ཆོས་ཅན། གཟུགས་ཡིན་པར་ཐལ། ཁྱོད་གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་གང་ཞིག་གཟུགས་འཛིན་དབང་ཤེས་དེ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་གཉིས་ཁས་བླངས། འདོད་ན། བེམ་པོར་ཐལ་ལོ། །འདོད་ན། གཟུགས་འཛིན་དབང་ཤེས་དང་རྫས་ཐ་དད་དུ་ཐལ་ལོ། །འདོད་ན། གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་ཡིན་པ་འབུད། འོ་ན། དེ་ཆོས་ཅན། རྩ་བའི་ཐལ་བ་དེར་ཐལ། དེའི་ཕྱིར། འདོད་ན་དེ་མ་ཡིན་པར་ཐལ། བེམ་པོ་མ་ཡིན་པའི་ཕྱིར་ཏེ། གཟུགས་འཛིན་དབང་ཤེས་དང་རྫས་ཐ་དད་མ་ཡིན་པའི་ཕྱིར་ཏེ། གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་མེད་པར་ཐལ་ལོ་ཞེ་ན། ཕྱི་མ་ལ་ཁྱབ་པ་མེད་དེ། དེ་གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་མ་ཡིན་ཡང་། གཟུགས་འཛིན་དབང་ཤེས་ལ་གཟུགས་གསལ་བར་སྣང་བ་དེ་དེའི་གཟུང་རྣམ་ཡིན་པའི་ཕྱིར། འོ་ན་གཟུགས་འཛིན་དབང་ཤེས་གཟུགས་གསལ་བར་སྣང་བ་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་གང་ཞིག་གཟུགས་འཛིན་དབང་ཤེས་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་


DLL1004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ཞེ་ན། རྟགས་དང་པོ་མ་གྲུབ་བོ། །ཡང་ཁ་ཅིག་ན་རེ། གཟུགས་འཛིན་དབང་ཤེས་ཆོས་ཅན། གཟུགས་ཀྱི་ཆ་དང་ཆ་ཅན་རྫས་ཐ་དད་ཡིན་པར་ཐལ། ཁྱོད་མ་འཁྲུལ་བའི་ཤེས་པ་གང་ཞིག་ཁྱོད་ལ་གཟུགས་ཀྱི་ཆ་དང་ཆ་ཅན་ཐ་དད་དུ་སྣང་བའི་ཕྱིར་ཏེ། ཁྱོད་ལ་གཟུགས་ཆ་བཅས་སུ་སྣང་བའི་ཕྱིར་ཏེ། ཁྱོད་ལ་གཟུགས་རགས་པར་སྣང་བའི་ཕྱིར་ཞེ་ན། འདི་ལ་མདོ་སྡེ་བ་ན་རེ། དབང་ཤེས་ལ་གཟུགས་རགས་པར་སྣང་བ་བདེན་ཡང་དབང་ཤེས་ལ་གཟུགས་རགས་པར་སྣང་བ་མིན་པས་སྐྱོན་མེད་དོ་ཞེས་ལན་འདེབས་ལ། འོ་ན་རགས་པར་སྣང་བ་དང་འགལ་ལོ་ཞེ་ན། དེ་ནི་རྟོག་པ་ལ་སྣང་བ་ཡིན་གྱི་དབང་ཤེས་ལ་སྣང་བ་མིན་ནོ་ཞེས་ཟེར། དེ་ལ་སེམས་ཙམ་པ་ན་རེ། དེ་ནི་མི་འཐད་དེ། རགས་པ་གསལ་བར་སྣང་བའི་ཕྱིར་དང་། རྟོག་པ་ལ་ཡུལ་གསལ་བར་མི་སྣང་བའི་ཕྱིར་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་ཡང་གཟུགས་ཀྱི་ཆ་དང་ཆ་ཅན་རྫས་ཐ་དད་དུ་མི་འགྱུར་ཏེ། གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་པའི་ཕྱིར་ཏེ། གཟུགས་ཕྱི་དོན་མ་ཡིན་པ་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་ཟེར། ཁ་ཅིག །སེམས་ཙམ་པའི་ལུགས་ལ། གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་མི་སྣང་སྟེ། གལ་ཏེ་སྣང་ན་མི་གསལ་བར་སྣང་ངམ། གསལ་བར་སྣང་། དང་པོ་ལྟར་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། རྟོག་པ་ཡིན་པར་ཐལ། རང་ཡུལ་མི་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཡིན་པར་ཐལ། གཟུགས་ཕྱི་དོན་མ་ཡིན་པ་གང་ཞིག །གཟུགས་ཕྱིི་དོན་དུ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། འཁྲུལ་རྒྱུ་བཞི་པོ་གང་རུང་གིས་བསླད་པའི་ཤེས་པ་ཡིན་པར་ཐལ་ལོ། །འདོད་ན། མངོན་སུམ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འོན་ཏེ་གཟུགས་


DLL1004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབང་ཤེས་མེད་པ་གསལ་སྣང་ཅན་གྱི་བློ་ཡིན་ཡང་མངོན་སུམ་མ་ཡིན་པར་མི་འགྱུར་ཏེ། གཟུགས་འཛིན་དབང་ཤེས་ལ་སྣང་བའི་གཟུགས་དེས་དོན་བྱེད་ནུས་པའི་ཕྱིར་ཞེས་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་དེ་ཡང་མངོན་སུམ་དུ་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཟླ་གཉིས་སུ་སྣང་བ་དེས་དོན་བྱེད་ནུས་པའི་ཕྱིར། དེས་ན་མདོ་སྡེ་བའི་ལུགས་ལ། དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་ལ། སེམས་ཙམ་པའི་ལུགས་ལ་དེ་ལྟར་སྣང་བ་མིན་ནོ། །ཞེས་གསུངས། དེ་ནི་མི་འཐད་དེ། སེམས་ཙམ་པའི་ལུགས་ལ། གཟུགས་འཛིན་དབང་ཤེས་དང་ཟླ་བ་གཉིས་སྣང་གི་དབང་ཤེས་གཉིས་མེད་པ་གསལ་སྣང་ཅན་གྱི་བློར་མཚུངས་ཀྱང་། མངོན་སུམ་ཡིན་མིན་གྱི་ཁྱད་པར་ཡོད་དེ། གཟུགས་འཛིན་དབང་ཤེས་དེ་བག་ཆགས་བརྟན་བྱུང་གི་དབང་ཤེས་ཡིན་ལ། ཟླ་བ་གཉིས་སྣང་གི་དབང་ཤེས་ནི་འཁྲུལ་རྒྱུ་གློ་བུར་བས་བསླད་པའི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་སེམས་ཙམ་པའི་ལུགས་ལ། དབང་ཤེས་ལ་ཕྱི་དོན་མི་སྣང་ན། །རྣམ་པ་རྗེས་ཞུགས་ཅན་དེ་ཡོད། ཅེས་དང་། མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་བར་འཛིན་པ་མྱོང་བ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། །ཞེས་དང་། མ་རིག་གིས་བསླད་བདག་གཉིས་ལ། །ཇི་ལྟར་རང་རྐྱེན་ལ་བལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཞེས་གསུངས་པ་དང་འགལ་ལོ། །༡༦༽ དབང་པོ་གཟུགས་ཅན་སོགས་ལ་བརྟེན་པར་སྒྲུབ་པ། གསུམ་པ་ལ་གཉིས། མདོ་སྡེ་བའི་ལུགས་དང་། སེམས་ཙམ་པའི་ལུགས་སོ། །དང་པོ་ལ་གསུམ། བདག་རྐྱེན་ལ་བརྟེན་པར་བསྒྲུབ། དམིགས་རྐྱེན་ལ་བརྟེན་པར་བསྒྲུབ། དེ་མ་ཐག་རྐྱེན་ལ་བརྟེན་པར་བསྒྲུབ་པའོ། །དང་པོ་ནི། གཟུགས་འཛིན་དབང་ཤེས་ཀྱི་སྟེང་ན། མྱོང་ཙམ་དང་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་དང་། ཡུལ་འཛིན་ནུས་སུ་སྐྱེས་པའི་ཆ་གསུམ་ཡོད་པ་ལས། མྱོང་ཙམ་


DLL1004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་མ་ཐག་རྐྱེན་གྱི་ལག་རྗེས་ཡིན་ཡང་། དེ་ཙམ་གྱི་སྒོ་ནས་གཟུགས་འཛིན་དབང་ཤེས་ཐུན་མོང་མ་ཡིན་པར་མཚོན་མི་ནུས་ཏེ། ཤེས་པ་ཐམས་ཅད་ཀྱི་སྟེང་ན་མྱོང་ཙམ་རེ་ཡོད་པའི་ཕྱིར། ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་དེ་དམིགས་རྐྱེན་གྱི་ལག་རྗེས་ཡིན་ཡང་། དེ་ཙམ་གྱི་སྒོ་ནས་ཀྱང་གཟུགས་འཛིན་དབང་ཤེས་ཐུན་མོང་མ་ཡིན་པར་མཚོན་མི་ནུས་ཏེ། ཡུལ་གྱི་རྣམ་ལྡན་སྐྱེས་པ་ཡིད་ཤེས་ལའང་ཡོད་པའི་ཕྱིར། དེས་ན་མིག་གི་དབང་པོའི་སྒོ་ནས་མིག་ཤེས་ཐུན་མོང་མ་ཡིན་པར་མཚོན་ནུས་ཏེ། མིག་གི་དབང་པོ་དེ་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། འོ་ན་མིག་དབང་ལ་བརྟེན་པར་གང་གིས་འགྲུབ་ཅེ་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། དམིགས་རྐྱེན་དང་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཞིག་ཡོད་དེ། དེ་གཉིས་ཡོད་ཀྱང་མི་སྐྱེ་བ་སྲིད། རེས་འགའ་སྐྱེ་བ་སྲིད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་འགྲུབ་བོ། །འོ་ན་མིག་དབང་གི་ངོ་བོ་གང་ཞེ་ན། འབྱུང་བ་ལས་གྱུར་པ་གང་ཞིག །མིག་ཤེས་ཀྱི་བདག་རྐྱེན་གྱི་རིགས་སུ་གྱུར་པའི་གཟུགས་ཅན་དྭངས་བ་ཞིག་གོ ། གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་དེ་གཟུགས་འཛིན་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཞིང་དེ་དང་དུས་མཉམ་ཡིན་ནོ་ཞེས་ཟེར། འོ་ན་གཟུགས་ཆོས་ཅན། ཁྱོད་ཀྱིས་གཟུགས་འཛིན་དབང་ཤེས་སྐྱེད་མི་དགོས་པར་ཐལ། གཟུགས་འཛིན་དབང་ཤེས་དེ་ཁྱོད་ཀྱི་དུས་ན་གྲུབ་ཟིན་པའི་ཕྱིར། འདོད་ན། དམིགས་རྐྱེན་ཡིན་པར་འགལ། ཁོ་ན་རེ། གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཀྱིས་གཟུགས་མི་འཛིན་པར་ཐལ། ཁྱོད་ཀྱི་དུས་ན་གཟུགས་མ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་དུས་ན་གཟུགས་མ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་དུས་ན་གཟུགས་མ་གྲུབ་ཀྱང་། གཟུགས་ཀྱི་རྣམ་པར་ཤར་བ་གྲུབ་ལ། གཟུགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་གཟུགས་འཛིན་པར་འཇོག་ནུས་པའི་ཕྱིར། ཁ་ཅིག །དམིགས་རྐྱེན་དང་གཟུང་དོན་དོན་གཅིག་ཏུ་བྱས་ནས།


DLL1004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཤེས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད། དབང་ཤེས་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཡིན་པ་ཞེས་ཟེར། ཟླ་གཅིག་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཡིན་པར་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། དེ་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད་ཡིན་པའི་ཕྱིར། ཁ་ཅིག །བློ་དེའི་གཟུང་དོན་དང་གཟུང་ཡུལ་དོན་གཅིག་ཏུ་བྱས་ནས། བློ་དེའི་གཟུང་ཡུལ་ཡིན་ན་བློ་དེའི་རྒྱུ་ཡིན་དགོས་ཏེ། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་དང་། རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། དབང་ཤེས་ཆོས་ཅན། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་གཟུང་དོན་ཡིན་པར་ཐལ། དེའི་གཟུང་ཡུལ་ཡིན་པའི་ཕྱིར་ཏེ། དེའི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། དེས་སྣང་བ་ཙམ་གྱི་སྒོ་ནས་རིག་བྱ་ཡིན་པའི་ཕྱིར། གཞན་ཡང་། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་རྒྱུ་ཡིན་པར་ཐལ། དེའི་གཟུང་ཡུལ་ཡིན་པའི་ཕྱིར་ཏེ། དེའི་སྣང་ཡུལ་ཡིན་པའི་ཕྱིར་རོ། །ཁ་ཅིག་དབང་ཤེས་མ་འཁྲུལ་པའི་གཟུང་ཡུལ་དང་གཟུང་དོན་དོན་མི་གཅིག་སྟེ། དབང་ཤེས་མ་འཁྲུལ་བའི་གཟུང་རྣམ་དེ་དབང་ཤེས་མ་འཁྲུལ་བའི་གཟུང་ཡུལ་ཡིན་པའི་ཕྱིར་ཞེས་གསུངས་སོ། །གཟུང་འཛིན་དབང་ཤེས་མ་འཁྲུལ་བ་ཆོས་ཅན། ཁྱོད་ཀྱི་གཟུང་རྣམ་དེ་ཁྱོད་ཀྱི་གཟུང་ཡུལ་མ་ཡིན་པར་ཐལ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཅན་དུ་ངེས་པའི་ཕྱིར། དེ་སྐད་དུའང་། དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་གསུངས་སོ། །རང་ལུགས་ནི། དབང་ཤེས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད། དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད། དབང་ཤེས་ཀྱི་གཟུང་དོན་གྱི་མཚན་ཉིད། དབང་ཤེས་རང་འདྲའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད། དེ་ཡང་གཟུགས་ཀྱིས་


DLL1004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་བསྐྱེད་པ་ཡིན་གྱི། གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཆ་དེ་གཟུགས་ཁོ་ནས་དངོས་སུ་བསྐྱེད་པ་ནི་མིན་ཏེ། མིག་གི་དབང་པོས་ཀྱང་དེ་དངོས་སུ་བསྐྱེད་པའི་ཕྱིར། མ་གྲུབ་ན། མིག་གི་དབང་པོ་ཆོས་ཅན། གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཆ་དེ་དངོས་སུ་བསྐྱེད་པར་ཐལ། དེ་དང་གཟུགས་འཛིན་དབང་ཤེས་གྲུབ་པ་དེ་རྫས་གཅིག་ཡིན་པ་གང་ཞིག་གཟུགས་འཛིན་དབང་ཤེས་དངོས་སུ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། གཟུགས་འཛིན་དབང་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་གཟུགས་ཡིད་ལ་བྱེད་པ་དེ་མཚན་གཞི། གཟུགས་འཛིན་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་དུ་མཚོན། གཟུགས་འཛིན་དབང་ཤེས་མྱོང་ཙམ་དུ་གཙོ་བོར་དངོས་སུ་སྐྱེ་བྱེད་ཡིན་པ་དེ་མ་ཐག་རྐྱེན་ནི། རིགས་མཐུན་ཁོ་ནས་བྱེད་པར་མ་ངེས་ཏེ། རྟོག་པས་དབང་ཤེས་དང་། དབང་ཤེས་ཀྱིས་རྟོག་པ་དང་། དཀར་འཛིན་དབང་ཤེས་ཀྱིས་སེར་འཛིན་དབང་ཤེས་ལ་དེ་མ་ཐག་རྐྱེན་བྱེད་པའང་ཡོད་པའི་ཕྱིར་རོ། །གཉིས་པ། སེམས་ཙམ་པའི་ལུགས་ལ། མདོ་སྡེ་བའི་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། མདོ་སྡེ་བ་ན་རེ། ཕྱི་རོལ་གྱི་དོན་དེ་དབང་ཤེས་མ་འཁྲུལ་བའི་དམིགས་རྐྱེན་ཡིན་ནོ་ཞེས་ཟེར། ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་དེ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ནམ་ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་དེ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ནམ། ཕྱི་རོལ་གྱི་དོན་རྡུལ་རགས་པ་དེ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན། དང་པོ་མི་འཐད་དེ། རྡུལ་ཕྲ་རབ་དེ་དབང་ཤེས་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་མ་ཡིན་པའི་ཕྱིར་ཏེ། དབང་ཤེས་ལ་རྡུལ་ཕྲ་རབ་ཀྱི་རྣམ་པ་མ་ཤར་བའི་ཕྱིར་ཏེ། དབང་ཤེས་ལ་རགས་པ་ཡིད་ངོར་སྣང་བའི་ཕྱིར་རོ། །རྩ་བའི་ཁྱབ་པ་ཁས་བླངས། གཉིས་པ་ཡང་མི་འཐད་དེ། རགས་པ་དེ་དབང་ཤེས་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་མ་ཡིན་པའི་ཕྱིར་ཏེ། རགས་པ་དབང་ཤེས་ཀྱི་རྒྱུ་


DLL1004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཕྱིར་ཏེ། རགས་པ་རྫས་སུ་མ་གྲུབ་པའི་ཕྱིར། དཔེར་ན་ཟླ་བ་གཉིས་བཞིན་ནོ། །དེས་ན་ཕྱི་དོན་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་ཐལ། རྡུལ་ཕྲ་རབ་དང་རགས་པ་གང་ཡང་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པའི་ཕྱིར་ཏེ། རྡུལ་ཕྲ་རབ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་དུ་ཆུག་ཀྱང་དབང་ཤེས་ཀྱི་དམིགས་པ་མ་ཡིན། རགས་པ་དབང་ཤེས་ཀྱི་དམིགས་པ་ཡིན་ཡང་རྐྱེན་མ་ཡིན་པའི་ཕྱིར། ཡང་མདོ་སྡེ་བས། ནང་གི་བེམ་པོར་གྱུར་པའི་དབང་པོ་གཟུགས་ཅན་པ་དེ་དབང་ཤེས་ཀྱི་བདག་རྐྱེན་དུ་འདོད་པའང་མི་འཐད་དེ། བེམ་པོ་མ་གྲུབ་པའི་ཕྱིར་ཏེ། རྡུལ་ཕྲན་ཆ་མེད་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ནི་གཉིས་ཏེ། སྣང་བའི་དམིགས་རྐྱེན་དང་། ནུས་པ་འཇོག་པའི་དམིགས་རྐྱེན་ནོ། །དང་པོ་ནི། སྔོ་སྣང་དབང་ཤེས་དང་དུས་མཉམ་པའི་སྔོན་པོ་ཆོས་ཅན། སྔོན་དབང་ཤེས་ཀྱི་རྐྱེན་ཡིན་པར་ཐལ། སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དང་རྫས་གཅིག་ཡིན་པའི་ཕྱིར་དང་། དེ་དང་དུས་མཉམ་ཡིན་པའི་ཕྱིར། མ་ཁྱབ་ན། བདག་སྐྱེ་ཡོད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་སྔོ་སྣང་དབང་ཤེས་ལ་སྣང་བའང་ཡིན། སྔོ་སྣང་དབང་ཤེས་དེ་དེ་དང་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བས་སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་དུ་བཤད་པ་ཙམ་ཡིན་གྱི། དམིགས་རྐྱེན་མཚན་ཉིད་པར་ཁས་མི་ལེན་པའི་ཕྱིར་རོ། །ནུས་པ་འཇོག་པའི་དམིགས་རྐྱེན་ནི། སྔོ་སྣང་དབང་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་སྔོན་པོ་ལྟ་བུ་ཡིན་ལ། དེ་ལ་དམིགས་རྐྱེན་གྱི་ཆོས་གཉིས་ཚང་སྟེ། རང་འཛིན་ཤེས་པས་དམིགས་པ་ཡང་ཡིན་ལ། སྔོ་སྣང་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད་ཀྱང་ཡིན་པའི་ཕྱིར། གལ་ཏེ་སྔོ་སྣང་


DLL1004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་སྔོན་པོ་ཆོས་ཅན། སྔོ་སྣང་དབང་ཤེས་ཀྱིས་དམིགས་པར་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར། འདོད་ན། སྔོ་སྣང་དབང་ཤེས་ཀྱི་གཟུང་འཛིན་རྫས་ཐ་དད་དུ་གྲུབ་པར་ཐལ། སྔོ་སྣང་དབང་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་སྔོན་པོ་དེ་སྔོ་སྣང་དབང་ཤེས་ཀྱིས་དམིགས་པ་ཡང་ཡིན། སྔོ་སྣང་དབང་ཤེས་ཀྱི་རྐྱེན་ཡང་ཡིན་པའི་ཕྱིར་ཞེ་ན། འདིའི་ལན་ལ་ཁ་ཅིག་ན་རེ། དེ་ལྟར་ཡིན་ཡང་སྔོ་སྣང་དབང་ཤེས་ཀྱི་གཟུགས་འཛིན་རྫས་ཐ་དད་དུ་མི་འགྱུར་ཏེ། དེ་གཉིས་རྫས་གཅིག་ཡིན་པའི་ཕྱིར་ཞེས་ཟེར། འོ་ན་བདག་སྐྱེ་གྲུབ་པར་ཐལ། དེ་གཉིས་རྒྱུ་འབྲས་གང་ཞིག །དེ་གཉིས་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་མ་ཡིན་པར་ཐལ། བདག་སྐྱེ་ཡོད་པའི་ཕྱིར། རང་ལན་ནི། སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ན། སྔོ་སྣང་དབང་ཤེས་ཀྱིས་དམིགས་མི་དགོས་ཏེ། སྔོ་སྣང་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད་ཡིན་ན། སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་འཇོག་ནུས་ལ། སྔོ་སྣང་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེ་བྱེད་ཡིན་ན། སྔོ་སྣང་དབང་ཤེས་ཀྱིས་དམིགས་མི་དགོས་པའི་ཕྱིར། ཁ་ཅིག་སྔོན་པོ་དེ་སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཞེས་ཟེར། སྔོན་པོ་ཆོས་ཅན། སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་ཐལ། སྔོ་སྣང་དབང་ཤེས་དང་རྫས་གཞན་མ་ཡིན་པའི་ཕྱིར་ཏེ། སྔོ་སྣང་དབང་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དབང་ཤེས་ཀྱི་བདག་རྐྱེན་ཇི་ལྟ་བུ་ཞེ་ན། དབང་ཤེས་ཡུལ་འཛིན་ནུས་སུ་གཙོ་བོར་དངོས་སུ་སྐྱེ་བྱེད་ནི། དབང་ཤེས་ཀྱི་བདག་རྐྱེན་ཡིན་ལ། དེ་ཡང་ཤེས་པའི་བདག་ཉིད་ཡིན་གྱི་བེམ་པོ་ནི་མ་ཡིན་ནོ། །དབང་ཤེས་སྔ་མའི་རྫས་ཀྱི་སྟེང་ན་དབང་ཤེས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་དངོས་སུ་སྐྱེད་པའི་ནུས་པ་དང་། མྱོང་ཙམ་དུ་དངོས་སུ་སྐྱེད་པའི་ནུས་པ་དང་ཡུལ་འཛིན་ནུས་


DLL1004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེ་བའི་ནུས་པ་བཅས་གསུམ་ཡོད་ལ། གསུམ་པོ་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ནོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ། དགག་གཞག་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་ན་རེ། ཡིད་ཀྱི་མངོན་སུམ་མེད་དེ། མིག་གཟུགས་ལ་ལྟ་བ་མངོན་དུ་ཕྱོགས་པའི་དུས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་ནི་དབང་ཤེས་ཁོ་ན་ཡིན་ལ། མིག་གཟུགས་ལ་ལྟ་བ་ལ་མི་ཕྱོགས་པའི་དུས་སུ་གཟུགས་གསལ་བར་སྣང་བའི་ཤེས་པ་མེད་པའི་ཕྱིར། གཞན་ཡང་། ཡིད་མངོན་མེད་དེ། ཡིད་མངོན་གྱི་སྒྲུབ་བྱེད་ལུང་ཙམ་དུ་ཟད་ཀྱི་དངོས་སྟོབས་ཀྱི་ཚད་མས་མ་གྲུབ་པའི་ཕྱིར་ཏེ། ཆོས་མཆོག་གིས། ཡིད་ཀྱི་མངོན་སུམ་སྒྲུབ་པ་ལ་ཚད་མ་གཞན་ནི་བཙལ་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་སོགས་རང་ལུགས་དང་། དེ་ཕྱིར་དབང་བོའི་རྣམ་པར་ཤེས། །ཞེས་སོགས་གཞན་ལུགས་ཡིན་པར་ཐལ། ཡིད་མངོན་མེད་པའི་ཕྱིར། རྟགས་ཁས། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ཆོས་ཅན། ཁྱོད་ཚད་མས་མ་གྲུབ་པར་ཐལ། ཁྱོད་ཀྱི་སྒྲུབ་བྱེད་ལུང་ཙམ་དུ་ཟད་ཀྱི་དངོས་སྟོབས་ཀྱི་ཚད་མས་མ་གྲུབ་པའི་ཕྱིར་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་རོ། ཁྱབ་པ་སྔ་མ་ཁས། གཞན་ཡང་། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་ལུང་བསྟན་བྱའི་དོན་ལ་མི་སླུ་བ་མ་ཡིན་པར་ཐལ། ཡིད་མངོན་མེད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་པོའི་མངོན་སུམ་སྐད་ཅིག་དང་པོ་དབང་མངོན་ཁོ་ན་ཡིན་ལ། སྐད་ཅིག་གཉིས་པ་ཕན་ཆད་དབང་མངོན་དང་ཡིད་མངོན་གཉིས་ཀ་ཡིན་ནོ། །དབང་མངོན་ལ་ཡིད་མངོན་གྱི་ཐ་སྙད་བྱས་པ་ཡོད་དམ་ཞེ་ན། ཡོད་དེ། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅེས་དང་། ཡིད་ཀྱང་དེ་དང་མཚུངས་པ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་


DLL1004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། གཟུགས་འཛིན་དབང་ཤེས་སྐད་ཅིག་སྔ་མ་དང་ཕྱི་མ་ཆོས་ཅན། ཁྱོད་གཉིས་དབང་ཤེས་ཁོ་ན་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། ཁྱོད་གཉིས་རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པར་མཚུངས་པའི་ཕྱིར། གསལ་བ་ཁས། གཞན་ཡང་། ཚད་མ་མདོར། ཡིད་ཀྱང་དོན་དང་ཞེས་པའི་ཀྱང་སྒྲ་སྨོས་པ་དོན་མེད་པར་ཐལ། ཁྱོད་ལྟར་ན་ཡིད་ཀྱང་དོན་དང་ཤེས་པའི་དོན། དབང་མངོན་གཟུང་དོན་ལ་མ་འཁྲུལ་བར་མ་ཟད་དབང་མངོན་ཡང་གཟུང་དོན་ལ་མ་འཁྲུལ་ཞེས་པར་འགྱུར་བའི་ཕྱིར། རྟགས་ཁས། གཞན་ཡང་། ཟླ་གཉིས་གསལ་བར་སྣང་བའི་དབང་ཤེས་ཕྱི་མ་རྣམས་ཡིད་བློ་འཁྲུལ་བར་ཐལ། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྔོ་དང་ཟླ་གཉིས་ལ་སོགས་བློའི། །ཞེས་པའི་གཞུང་དང་འགལ་བའི་ཕྱིར་རོ། །གཞན་ཡང་། ཡིད་ཤིན་ཏུ་མི་གསལ་ལ་མིག་ཤིན་ཏུ་གསལ་བའི་གང་ཟག་མི་སྲིད་པར་ཐལ། དབང་སྔོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པའི་ཕྱིར། ཁ་ཅིག །རྒྱན་མཁན་པོའི་དགོངས་པར་བསམས་ནས། དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེ་ནས་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་སྟེ། དེ་ནས་དབང་མངོན་སྐད་ཅིག་མ་གཅིག་སྐྱེ་སྟེ། མདོར་ན་དབང་མངོན་གྱི་འགོ་དྲངས་ཡིད་མངོན་གྱི་མཇུག་བསྡུས་ཏེ། དབང་མངོན་དང་ཡིད་མངོན་སྤེལ་མར་སྐྱེའོ་ཞེས་ཟེར། དབང་མངོན་ཆོས་ཅན། རང་ཡུལ་བར་མ་ཆད་དུ་འཛིན་པ་མ་ཡིན་པར་ཐལ། རང་ཡུལ་འཛིན་པའི་བར་དུ་ཡིད་མངོན་གྱིས་ཆོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག །དང་པོར་གཟུགས་འཛིན་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེས་དེ་མ་ཐག་རྐྱེན་དང་། དེ་དང་དུས་མཉམ་


DLL1004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ཀྱིས་དམིགས་རྐྱེན་དང་། མིག་གི་དབང་པོས་བདག་རྐྱེན་བྱས་ནས། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་སྐྱེ། འདི་དང་དུས་མཉམ་དུ་གཟུགས་འཛིན་དབང་སྔོན་སྐད་ཅིག་དང་པོ་དེས་དེ་མ་ཐག་རྐྱེན་དང་། དེ་དང་དུས་མཉམ་པའི་གཟུགས་དང་ཡིད་དབང་གིས་དམིགས་རྐྱེན་དང་བདག་རྐྱེན་བྱས་ནས། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་སྐྱེ། དེ་ཕན་ཆད་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་ལ། དེ་ལྟར་ན་ནང་ལྟ་རང་རིག་གི་འགྲོས་གཅིག་དང་ཕྱིར་ལྟ་དོན་རིག་གི་འགྲོས་གཉིས་ཏེ། མངོན་སུམ་འགྲོས་གསུམ་པ་ཡིན་ཞིང་། ཡིད་དབང་ལས་ཡིད་དབང་མི་སྐྱེ་བས་ཡིད་དབང་རྒྱུན་མེད་དང་། མིག་དབང་ལས་མིག་དབང་སྐྱེ་བས་མིག་དབང་ལ་རྒྱུན་ཡོད་པའི་ཕྱིར། དབང་མངོན་དང་ཡིད་མངོན་གཉིས་ལ་ངེས་དཀའ་སླའི་ཁྱད་པར་ཡོད་དོ། ཞེས་ཟེར། འོ་ན་ནང་ལྟ་རང་རིག་གི་འགྲོས་གཅིག་པའི་དོན། རང་རིག་མངོན་སུམ་གཉིས་པོ་དེ་ཁ་ནང་དུ་ཕྱོགས་པར་མཚུངས་པའི་སྒོ་ནས་འཇོག་པ་ཡིན་ནམ། མངོན་སུམ་གཉིས་པོ་དེ་རང་རིག་མངོན་སུམ་གཅིག་གིས་མྱོང་བའི་སྒོ་ནས་འཇོག་པ་ཡིན། དང་པོ་ལྟར་ན། ཕྱིར་ལྟ་དོན་རིག་གི་འགྲོས་ཀྱང་གཅིག་ཏུ་ཐལ། མངོན་སུམ་དེ་གཉིས་ཁ་ཕྱིར་བལྟས་སུ་མཚུངས་པའི་ཕྱིར། འཁོར་གསུམ། གཉིས་པ་ལྟར་ན། གཟུགས་འཛིན་དབང་མངོན་དང་གཟུགས་འཛིན་ཡིད་མངོན་ཆོས་ཅན། རང་རིག་མངོན་སུམ་ཅིག་གིས་ཉམས་སུ་མྱོང་བྱ་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། གཞན་ཡང་། ཡིད་དབང་ལས་ཡིད་དབང་མི་སྐྱེ་བའི་རྒྱུ་མཚན་ཅི་ཡིན། མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར། རྣམ་ཤེས་འདས་མ་ཐག་པ་དེ་ཡིད་དབང་ཡིན་ལ་དེ་ལས་ཡིད་དབང་མི་སྐྱེ་བའི་ཕྱིར་ཞེ་ན།


DLL1004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་འདས་མ་ཐག་པ་ཆོས་ཅན། ཡིད་མངོན་གྱི་བདག་རྐྱེན་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། རྟགས་གསལ་ཁས། གཞན་ཡང་། དེ་ཆོས་ཅན། རྣམ་ཤེས་ཡིན་པར་ཐལ། ཡིད་དབང་ཡིན་པའི་ཕྱིར། རྟགས་ཁས། ཡིད་མངོན་གྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་རྣམ་ཤེས་དེ་ཡིད་དབང་ཡིན་ནོ་ཞེ་ན། འོ་ན་ཡིད་དབང་ལ་རྒྱུན་ཡོད་པར་ཐལ། ཡིད་མངོན་གྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་རྣམ་པར་ཤེས་པ་དེ་ཡིད་དབང་ཡིན་པའི་ཕྱིར། རྟགས་གསལ་ཁས། ཁ་ཅིག །རྒྱན་མཁན་པོས། གོམས་ལས་མདུན་ན་གནས་པ་ལ། །འདིའོ་ཞེས་ནི་ཤེས་པ་གང་། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་གསུངས་པས། འདིའོ་སྙམ་པའི་ཡིད་ཀྱི་ཤེས་པ་ཅིག་ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེ་ན། འོ་ན་ཡུལ་ལ་སྒྲུབ་པས་འཇུག་པའི་རྟོག་པ་ཡོད་པར་ཐལ། འདིའོ་སྙམ་པའི་ཡིད་ཀྱི་ཤེས་པ་ཤིག་ཡིད་ཀྱི་མངོན་སུམ་ཡིན་པའི་ཕྱིར། དེས་ན་རྒྱན་མཁན་པོའི་ལུགས་ནི་གོམས་པའི་དབང་གིས་དོན་མངོན་དུ་བྱེད་པའི་རྣམ་པས་འཇུག་པའི་ཤེས་པ་ཅིག་ཡིད་ཀྱི་མངོན་སུམ་ཡིན་ནོ། །དེ་དབང་པོའི་མངོན་སུམ་མ་ཡིན་ནམ་ཞེ་ན། མིན་ཏེ། དབང་མངོན་ནི་ཡུལ་ལ་སྣང་བ་ཙམ་གྱིས་འཇུག་པ་ཡིན་ལ། འདི་ནི་ཡུལ་ལ་ངེས་པའི་རྣམ་པས་འཇུག་པའི་ཕྱིར་རོ། །འོ་ན་སློབ་དཔོན་གྱིས། མངོན་སུམ་ནི་གང་གིས་ཀྱང་ངེས་པར་བྱེད་པ་མིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་དབང་མངོན་ལ་དགོངས་ཏེ་གསུངས་པའི་ཕྱིར། ཞེས་བཞེད་དོ། །དེ་ཡང་མི་འཐད་དེ། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱིས་གཟུགས་ཀྱི་མི་རྟག་ངེས་པར་ཐལ། ཁྱོད་གཟུགས་ཀྱི་མི་རྟག་པ་ལ་སྒྲུབ་འཇུག་ཡིན་པ་གང་ཞིག །ངེས་ཤེས་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་ཁྱབ་སྟེ། ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན། གཟུགས་མི་རྟག་པར་སྒྲུབ་པའི་རྟགས་


DLL1004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ་ལོ། །གཞན་ཡང་། དབང་མངོན་ངེས་སླ་ལ་ཡིད་མངོན་ངེས་དཀའ་བའི་ཁྱད་པར་མི་འཐད་པར་ཐལ། ཡིད་མངོན་ངེས་ཤེས་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་། ཆོས་མཆོག་གི་རྗེས་སུ་འབྲངས་ནས་གཞན་ལུགས་དེ་རྣམས་དགག་པར་བྱ་སྟེ། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་དུ་འདོད་པ་དང་དབང་མངོན་དང་ཡིད་མངོན་སྤེལ་མར་སྐྱེ་བ་དང་མངོན་སུམ་འགྲོས་གསུམ་པ་དང་རྒྱན་གྱིས་ཡིད་མངོན་འདོད་ཚུལ་རྣམས་མི་འཐད་པར་ཐལ། མིག་ཤེས་གཟུགས་ལ་ལྟ་བ་ལ་མངོན་དུ་ཕྱོགས་པའི་དུས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་ནི་དབང་ཤེས་ཁོ་ན་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། དབང་ཤེས་མིན་ནོ་ཞེ་ན། འོ་ན་དབང་ཤེས་གཞི་མ་གྲུབ་པར་ཐལ། མིག་ཤེས་གཟུགས་ལ་ལྟ་བ་ལ་མངོན་དུ་ཕྱོགས་པའི་དུས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་དེ་དབང་ཤེས་མ་ཡིན་པའི་ཕྱིར། དེ་སྐད་དུའང་། ཆོས་མཆོག་གིས་མིག་བྱེད་པ་དང་ལྡན་པའི་ཚེ་གཟུགས་ཤེས་པ་གང་ཡིན་པ་དེ་ནི་མིག་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་ལྟ་མིན་ན་རྣམ་པར་ཤེས་པ་གང་ཡང་མིག་ལ་བརྟེན་པ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་རང་ལུགས་ལ་བཞི། ཡིད་མངོན་སྒྲུབ་བྱེད་ཀྱི་ཚད་མ་བཤད་པ། ཡིད་མངོན་གྱི་མཚན་ཉིད་དཔྱད་པ། ཡིད་མངོན་གྱི་རྐྱེན་གསུམ་དཔྱད་པ། ཡིད་མངོན་གྱི་སྐྱེ་ཚུལ་དཔྱད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཡིད་མངོན་ཡོད་པར་དངོས་སྟོབས་ཀྱི་ཚད་མས་གྲུབ་སྟེ། རང་རིག་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར་ཞེས་ཟེར་ཡང་འཐད་པར་དཀའ་བས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་


DLL1004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཡིད་ཆེས་རྗེས་དཔག་གིས་གྲུབ་སྟེ། ཆོས་མཆོག་གིས། ཡིད་ཀྱི་མངོན་སུམ་སྒྲུབ་པ་ལ་ཚད་མ་གཞན་ནི་བཙལ་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད། རང་གི་བདག་རྐྱེན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཡིད་ཤེས་གང་ཞིག །རྟོག་བྲལ་མ་འཁྲུལ་བ། འདིར་དངོས་སུ་བསྟན་པའི་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད། དབང་པོའི་མངོན་སུམ་གྱིས་མཚུངས་པ་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཡིད་ཀྱི་ཤེས་པ་གང་ཞིག །རྟོག་བྲལ་མ་འཁྲུལ་བའོ། །གསུམ་པ་ནི། ཡིད་མངོན་རང་གི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་དབང་པོའི་མངོན་སུམ་ནི་དེ་མ་ཐག་རྐྱེན་དང་། དེ་དང་དུས་མཉམ་པའི་དོན་དམིགས་རྐྱེན་དང་། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར། ཡིད་མངོན་རང་གི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་རྣམ་ཤེས་ནི་བདག་རྐྱེན་ཡིན་ཏེ། སྡེ་བདུན་གྱི་གཞུང་གང་དུ་ཡང་ཡིད་མངོན་གྱི་བདག་རྐྱེན་གཞན་གསལ་པོར་མ་བཤད་ཅིང་དེ་ཡིད་མངོན་གྱི་བདག་རྐྱེན་ཡིན་པ་ལ་རིགས་པས་གནོད་པ་མེད་པའི་ཕྱིར་རོ། །གཞུང་དེའི་དོན་ཡང་། ཡིད་མངོན་གྱི་དུས་སུ་འདས་ཤིང་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་རྣམ་པར་ཤེས་པ་དེ་ཡིད་དབང་དུ་བསྟན་པ་ཡིན་གྱི་རྣམ་ཤེས་འདས་པ་ཡིད་དབང་དུ་བསྟན་པ་མ་ཡིན་ཏེ། རྣམ་ཤེས་འདས་པ་དངོས་མེད་ཡིན་པའི་ཕྱིར། བཞི་པ་ནི། ཡིད་མངོན་དེ་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་ཏེ། དེ་སྐྱེ་བ་གང་ཞིག །དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པ་དང་སྤེལ་མར་སྐྱེ་བ་དང་འགྲོས་གསུམ་པ་དང་། རྒྱན་མཁན་པོའི་ལུགས་ཀྱི་ཡིད་མངོན་སྐྱེ་ཚུལ་རྣམས་མི་འཐད་པར་བསྒྲུབས་ཟིན་པའི་ཕྱིར། དེས་ན་ཡིད་མངོན་རྒྱུན་མཐར་སྐྱེ་ཚུལ་ནི་མཐའ་གཞན་འགོག་པའི་རིགས་པས་


DLL1004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཡིན་ནོ། །ཁ་ཅིག །ཡིད་མངོན་རྒྱུན་མཐར་སྐྱེ་ཚུལ་འདི་ཡིད་ཆེས་པའི་ལུང་གིས་གྲུབ་པ་ཡིན་གྱི་དངོས་སྟོབས་ཀྱི་ཚད་མས་མ་གྲུབ་སྟེ། སྐྱེ་ཚུལ་འདི་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། ཁྱད་གཞི་ཡིད་མངོན་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཞེ་ན། ཡིད་མངོན་སྐྱེ་ཚུལ་དེ་ཤིན་ཏུ་ལྐོག་གྱུར་མ་ཡིན་པར་ཐལ། ཤིན་ཏུ་ལྐོག་གྱུར་ཡིན་ན་སྒྲུབ་བྱེད་ལུང་ལ་བརྟེན་ནས་རྟོགས་དགོས་པ་གང་ཞིག །ཡིད་མངོན་རྒྱུན་མཐར་སྐྱེ་ཚུལ་ལུང་ལས་གསལ་བར་མ་བཤད་པའི་ཕྱིར་རོ། །དེ་ཡང་ཡིད་མངོན་རྒྱུན་མཐར་སྐྱེ་སྲིད་པ་ཡིན་གྱི་མཐའ་གཅིག་ཏུ་སྐྱེ་བར་ངེས་པ་ནི་མ་ཡིན་ཏེ། མར་མེ་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྲུབ་པའི་ཕྱིར་རོ། །དེ་ལྟར་ན། འདིར་བསྟན་ཡིད་མངོན་དེ་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་གྱི་རྒྱུན་ལྡན་དུ་སྐྱེ་བ་མིན་ཏེ། འདིར་བསྟན་ཡིད་མངོན་དེ་དབང་སྔོན་གྱིས་དེ་མ་ཐག་རྐྱེན་བྱས་པ་ལས་འབྱུང་དགོས་པ་གང་ཞིག །ཡིད་མངོན་གྱི་དུས་ན་དབང་མངོན་གྱི་རིགས་འདྲ་མེད་པའི་ཕྱིར། དེས་ན། ཚུར་མཐོང་གི་རྒྱུད་ལ་འདིར་བསྟན་ཡིད་ཀྱི་མངོན་སུམ་ཚད་མ་མེད་དེ། འདིར་བསྟན་ཡིད་མངོན་དེ་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་ཡིན་ན་ངེས་ཤེས་འདྲེན་དགོས་པ་གང་ཞིག་ཚུར་མཐོང་གི་མངོན་སུམ་སྐད་ཅིག་མ་གཅིག་གིས་ངེས་ཤེས་འདྲེན་མི་ནུས་པའི་ཕྱིར། འོ་ན་འདིར་བསྟན་ཡིད་ཀྱི་མངོན་སུམ་ཚད་མ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འཕགས་པའི་རྒྱུད་ལ་འདིར་བསྟན་ཡིད་ཀྱི་མངོན་སུམ་ཚད་མ་ཡོད་པའི་ཕྱིར། འཕགས་པའི་ཤེས་པ་སྐད་ཅིག་མ་གཅིག་གིས་ཀྱང་ངེས་ཤེས་འདྲེན་པ་མི་འགལ་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །འོ་ན་འཇུག་ཤེས་ལྔ་ཅིག་ཅར་འགགས་པའི་ཚེ་ཡིད་མངོན་ལྔ་ཅིག་ཅར་སྐྱེའམ་མི་སྐྱེ་ཞེ་ན། དེའི་ཚེ་


DLL1004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མངོན་གང་རུང་གཅིག་སྐྱེ་བ་སྲིད་ཀྱི་ལྔ་ཅིག་ཅར་སྐྱེ་བ་མ་ཡིན་ལ། དེ་ཡང་ཡིད་ཡུལ་གང་ལ་འདྲེས་པ་ཤས་ཆེ་བ་དེའི་ཡིད་མངོན་སྐྱེ་བ་ཡིན་གྱི་གོམས་པ་ཆ་མཉམ་ན་མི་སྐྱེ་བ་ཡིན་ནོ། །སྐྱེ་ན་སྐྱོན་ཅི་ཡོད་ཅེ་ན། སྐྱེས་བུ་གཅིག་གི་རྒྱུད་ཐ་དད་པ་ལྔར་ཐལ་བ་དང་། རྣམ་ཤེས་ཚོགས་དྲུག་ཏུ་གྲངས་མ་ངེས་པའི་སྐྱོན་ཡོད་ཅེས་གསུངས་སོ། །གསུམ་པ་རྩོད་སྤང་ལ། ཁོ་ན་རེ། ཡིད་མངོན་ཆོས་ཅན། ཤིན་ཏུ་ལྐོག་གྱུར་མ་ཡིན་པར་ཐལ། རང་རིག་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར་ཞེ་ན། གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སོ་སྐྱེའི་ཤེས་པ་ཆོས་ཅན། རང་རིག་མངོན་སུམ་ཚད་མས་གྲུབ་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། སོ་སྐྱེ་ཆོས་ཅན། འཕགས་པར་ཐལ། རང་རྒྱུད་ཀྱི་མངོན་སུམ་གྱིས་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་པ་གྲུབ་པའི་ཕྱིར། རྟགས་ཁས། ཁ་ཅིག །ཡིད་མངོན་ཤིན་ཏུ་ལྐོག་གྱུར་མ་ཡིན་ཏེ། རང་བློ་རང་ལ་ལྐོག་གྱུར་མི་སྲིད་པའི་ཕྱིར་ཏེ། རང་བློ་རང་ལ་ལྐོག་གྱུར་ཡིན་པ་ལ། གཞན་ཡང་མངོན་སུམ་མེད་པས་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། །ཞེས་གནོད་བྱེད་བསྟན་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། གཞུང་དེས་རྒྱལ་དཔོག་པས་རང་བློ་རང་ལ་ལྐོག་གྱུར་ཡིན་པར་འདོད་པ་བཀག་པ་ཡིན་གྱི། རང་བློ་ཡང་ཡིན་ལྐོག་གྱུར་ཡང་ཡིན་པའི་གཞི་མཐུན་པ་འགོག་པ་མ་ཡིན་པའི་ཕྱིར་ཏེ། རང་བློ་ཡང་ལྐོག་གྱུར་རང་ཡིན་པའི་གཞི་མཐུན་དུ་མ་ཡོད་པའི་ཕྱིར་རོ། །ཁ་ཅིག །ཡིད་མངོན་དེ་རང་རིག་མངོན་སུམ་ཚད་མས་མ་གྲུབ་ཀྱང་རང་རིག་མངོན་སུམ་གྱིས་གྲུབ་སྟེ། དེས་མྱོང་བའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། དེས་ན་ཡིད་མངོན་ལྐོག་གྱུར་མ་ཡིན་ནོ་ཞེ་ན། འོ་ན་ཁྱེད་རང་གི་ཉིན་ཞག་གཅིག་ལ་རྣམ་རྟོག་གི་གྲངས་ཇི་ཙམ་བརྒྱུས་པའི་


DLL1004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཆོས་ཅན། རང་རིག་མངོན་སུམ་གྱིས་གྲུབ་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། ལྐོག་གྱུར་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། སེམས་ཅན་གཞན་ལ་རྟགས་མེད་པའི། །རྣམ་རྟོག་ལ་སོགས་མི་འགྲུབ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཡིད་མངོན་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཁྱོད་ཡིན་དུ་གྱུར་བའི་ཚད་མིན་གྱི་བློ་ཡོད་པའི་ཕྱིར། འདོད་ན། མངོན་སུམ་ཚད་མ་ལ་བཞིར་གྲངས་ངེས་པ་མ་ཡིན་པར་ཐལ་ལོ་ཞེ་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཚད་མ་མ་ཡིན་པར་ཐལ། ཁྱོད་ཡིན་དུ་གྱུར་བའི་ཚད་མིན་གྱི་བློ་ཡོད་པའི་ཕྱིར་ཏེ། ཡིད་སྒྲ་ལ་ལྷག་པར་ཆགས་དུས་ཀྱི་གཟུགས་འཛིན་དབང་ཤེས་དེ་ཁྱོད་ཡིན་པའི་ཕྱིར། གལ་ཏེ་དབང་མངོན་གྱི་རྒྱུན་མཐར་ཡིད་མངོན་སྐྱེ་ལ། དེའི་སྔ་ལོགས་རྣམས་སུ་མི་སྐྱེ་བའི་ཁྱད་པར་མི་འཐད་པར་ཐལ། རྒྱུན་མཐའ་དང་སྔ་ལོགས་རྣམས་སུ་ཡིད་མངོན་གྱི་རྐྱེན་གསུམ་ཚང་མ་ཚང་གི་ཁྱད་པར་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། སྔ་ལོགས་རྣམས་སུ་དབང་མངོན་རྒྱུན་ཆགས་སུ་སྐྱེ་བས་ཡིད་མངོན་སྐྱེ་བའི་གོ་སྐབས་བཀག་པའི་ཕྱིར་རོ། །གལ་ཏེ་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ཡིད་མངོན་ཡིན་པར་ཐལ། རང་གི་བདག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་པའི་གཞན་རིག་ཡིད་ཤེས་གང་ཞིག །རྟོག་བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར། འདོད་ན། དབང་མངོན་གྱིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བར་ཐལ་ལོ། ཁྱབ་སྟེ། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་གསུངས་པས་སོ་ཞེ་ན། སྐྱོན་མེད་དེ། གཞུང་དེས་ཡིད་མངོན་གྱི་མཚན་གཞི་ཙམ་བསྟན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མངོན་སུམ་བཞི་པོ་གང་རུང་མ་ཡིན་པར་ཐལ། དབང་མངོན་ཡང་མ་ཡིན། ཡིད་


DLL1004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཡང་མ་ཡིན། རང་རིག་མངོན་སུམ་དུ་ཡང་མ་ཡིན། རྣལ་འབྱོར་མངོན་སུམ་ཡང་མ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་ལ་བཞིར་གྲངས་ངེས་པ་མ་ཡིན་པར་ཐལ་ལོ། །འདོད་ན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ་ལོ། །གཞན་ཡང་། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག་རྟོག་བྲལ་མ་འཁྲུལ་བ་ཡིན་ན་དབང་མངོན་ཡིན་པས་མ་ཁྱབ་པར་ཐལ། རང་གི་བདག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཡིད་ཤེས་གང་ཞིག །རྟོག་བྲལ་མ་འཁྲུལ་བ་ཡིན་ན་ཡིད་མངོན་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། གསུམ་པ་རང་རིག་མངོན་སུམ་ལ། དགག་གཞག་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་ན་རེ། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཚད་མ་ཡིན་ནོ། །ཞེས་ཟེར། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་དེ་རང་གི་ངོ་བོ་འཛིན་རྣམ་ལ་རང་རིག་མངོན་སུམ་ཚད་མ་ཡིན་ནམ། རང་གི་ངོ་བོ་གཟུང་རྣམ་ལ་རང་རིག་མངོན་སུམ་ཚད་མ་ཡིན་ནམ། དེ་གཉིས་གང་དུའང་མ་གཏོགས་པའི་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཚད་མ་ཡིན། དང་པོ་ལྟར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་གཟུང་རྣམ་ལ་མངོན་སུམ་དུ་ཐལ། རང་གི་འཛིན་རྣམ་ལ་མངོན་སུམ་ཚད་མ་ཡིན་པ་གང་ཞིག །རང་གི་གཟུང་རྣམ་དང་རང་གི་འཛིན་རྣམ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། རྟོག་བྲལ་ཡིན་པར་ཐལ་ལོ། །གཞན་ཡང་། རང་གི་གཟུང་རྣམ་གསལ་བར་སྣང་བར་ཐལ། དེ་ལ་མངོན་སུམ་ཡིན་པའི་ཕྱིར། རྟགས་ཁས། དེ་གཉིས་གང་དུའང་མ་གཏོགས་པའི་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཚད་མ་མ་ཡིན་པར་ཐལ། དེ་གཉིས་གང་དུའང་མ་གཏོགས་པའི་རང་གི་ངོ་བོ་མ་གྲུབ་


DLL1004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གལ་ཏེ་རྟོག་བྲལ་དུ་ཐལ་བའི་སྐྱོན་མེད་དེ། རང་གི་འཛིན་རྣམ་གསལ་བར་སྣང་ལ་གཟུང་རྣམ་མི་གསལ་བར་སྣང་བའི་ཕྱིར་ཞེ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རྟོག་མེད་དང་རྟོག་པ་གཉིས་ཀ་ཡིན་པར་ཐལ། རང་གི་འཛིན་རྣམ་གསལ་བར་སྣང་ལ་གཟུང་རྣམ་མི་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་། འཛིན་རྣམ་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འཐད་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་རང་གི་འཛིན་རྣམ་དངོས་སུ་རྟོགས་པའི་ཕྱིར། གཞན་ཡང་། གྲངས་ཅན་སོགས་ཀྱིས་སྔོ་སྣང་དབང་ཤེས་ཀྱིས་བདེ་བ་མྱོང་བར་ཁས་བླངས་པ་ལ། དབང་བོའི་སེམས་ནི་ངེས་ཕྱིར་དང་། ཞེས་གནོད་བྱེད་བསྟན་པ་མི་འཐད་པར་ཐལ། སྔོ་སྣང་དབང་ཤེས་ཀྱིས་རང་རིག་འཛིན་རྣམ་རྟོགས་པའི་ཕྱིར། རྟགས་ཁས། གཞན་ཡང་། སྒྲ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། ཁྱོད་ལ་ཁྱོད་རང་ལོག་ཤེས་ཡིན་པ་དེ་སྣང་བར་ཐལ། ཁྱོད་རང་གི་འཛིན་རྣམ་ལ་མངོན་སུམ་ཚད་མ་ཡིན་པ་གང་ཞིག །ཁྱོད་ལོག་ཤེས་ཡིན་པ་དང་ཁྱོད་ཀྱི་འཛིན་རྣམ་གཉིས་པོ་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་ཁས། འདོད་ན། ཁྱོད་ཀྱིས་ཁྱོད་རང་ལོག་ཤེས་ཡིན་པ་དེ་ངེས་པར་ཐལ། ཁྱོད་རང་ལོག་ཤེས་ཡིན་པ་སྣང་བའི་སྒྲུབ་འཇུག་ཡིན་པ་གང་ཞིག ཁྱོད་ངེས་ཤེས་ཡིན་པའི་ཕྱིར། འདོད་ན། ཁྱོད་ཞེན་ཡུལ་ལ་ལོག་ཤེས་མ་ཡིན་པར་ཐལ། ཁྱོད་སྒྲ་རྟག་འཛིན་གྱི་རྟོག་པ་དེ་ལོག་ཤེས་ཡིན་པར་ངེས་པའི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྣམ་ཤེས་བེམ་པོའི་རང་བཞིན་ལས་ལོག་ནས་རིག་པར་སྐྱེས་ཙམ་ལ་རང་རིག་ཏུ་འཇོག་པ་ཡིན་


DLL1004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་རིག་ལ་ཡུལ་མེད་དེ། མར་མེ་དེ་རང་གི་ངོ་བོ་གསལ་བར་སྐྱེས་ཙམ་ལ་རང་གསལ་བ་ཞེས་བརྗོད་ཀྱི་གསལ་བྱ་གསལ་བྱེད་ཐ་དད་མེད་པ་བཞིན་ནོ་ཞེ་ན། །རང་རིག་ཆོས་ཅན། ཁྱོད་ཤེས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་མེད་པའི་ཕྱིར། རྟགས་ཁས། གཞན་ཡང་། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་མི་འཐད་པར་ཐལ། རང་རིག་ལ་ཡུལ་མེད་པའི་ཕྱིར། གཞན་ཡང་། རང་རིག་མངོན་སུམ་ཚད་མ་ཆོས་ཅན། རང་གི་གཞན་བྱ་ལ་གསར་དུ་མི་སླུ་བའི་ཤེས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་མེད་པའི་ཕྱིར། འདོད་ན། ཁྱོད་ཚད་མ་མ་ཡིན་པར་ཐལ་ལོ། །གཉིས་པ་རང་ལུགས་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། རང་རིག་མངོན་སུམ་གྱི་མཚན་ཉིད། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ། རང་རིག་མངོན་སུམ་ཚད་མའི་མཚན་ཉིད། གསར་དུ་མི་སླུ་བའི་ཤེས་པ་གང་ཞིག །ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ། གཉིས་པ་ནི། སྔོ་སྣང་དབང་ཤེས་ལྟ་བུ་ལ། ཡུལ་གྱི་རྣམ་པར་ཤར་བའི་ཆ་དང་། མྱོང་ཙམ་གྱི་ཆ་དང་གཉིས་ཡོད་པའི་དང་པོ་གཟུང་རྣམ་དང་། གཉིས་པ་ནི་རང་རིག་མངོན་སུམ་ཡིན་ནོ། །འོ་ན་རང་རིག་མངོན་སུམ་ཡོད་པར་ཚད་མ་གང་གིས་གྲུབ་ཅེ་ན། སྤྱིར་རང་རིག་སྒྲུབ་པའི་རིགས་པ་དུ་མ་གསུངས་ཀྱང་། འདིར་དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་པའི་ཚུལ་ཤེས་པར་བྱའོ། །དེ་ཡང་སྔོ་སྣང་དབང་ཤེས་ལྟ་བུ་ཆོས་ཅན། རང་རིག་ཡོད་དེ། དྲན་པ་ཡོད་པའི་ཕྱིར་ཞེས་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་མ་གྲུབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྒྲུབ་ཅེ་ན། སྔོ་སྣང་དབང་ཤེས་ཆོས་ཅན། མྱོང་བ་ཡོད་དེ། དྲན་པ་ཡོད་པའི་ཕྱིར། དཔེར་ན་གཟུགས་བཞིན་ཞེས་པའི་རྟགས་ལ་བརྟེན་ནས་རང་རིག་འགྲུབ་སྟེ། རྟགས་དེ་ལ་བརྟེན་ནས་མྱོང་


DLL1004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་པར་གྲུབ་ལ། མྱོང་བ་ལ་རང་མྱོང་དང་གཞན་མྱོང་གཉིས་སུ་ཁ་ཚོན་ཆོད་ཅིང་། གཞན་མྱོང་རིགས་པས་ཁེགས་པའི་ཕྱིར། རྟགས་མ་གྲུབ་སྟེ། རྗེས་སུ་སྐྱེས་པའི་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་ཞེ་ན། འདི་ལ་མྱོང་བྱེད་ཐུག་མེད་དུ་ཐལ་བར་དང་། ཤེས་པ་ཕྱི་མ་ཡུལ་ལ་འཕོ་བ་མེད་པའི་ཉེས་པ་གཉིས་ཡོད་དེ། །རྗེས་སུ་སྐྱེས་པ་ལ་མྱོང་བྱེད་རྫས་གཞན་དགོས་སམ། མི་དགོས། མི་དགོས་ན། སྔོ་སྣང་དབང་ཤེས་ལ་མྱོང་བྱེད་རྫས་གཞན་ནི་དགོས་པར་ཐལ། དེ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། དགོས་ན། སྔོ་སྣང་དབང་ཤེས་མྱོང་བྱེད་ཐུག་མེད་དུ་ཐལ། སྔོ་སྣང་དབང་ཤེས་དེ་མྱོང་བྱེད་རྫས་གཞན་གྱིས་མྱོང་དགོས། མྱོང་བྱེད་རྫས་གཞན་དེ་ལའང་མྱོང་བྱེད་རྫས་གཞན་དགོས་པའི་ཕྱིར། འདོད་ན། སྔོ་སྣང་དབང་ཤེས་ལ་མྱོང་བྱེད་མེད་པར་ཐལ་ལོ། །ཉེས་པ་གཉིས་པ་ནི། སྔོ་སྣང་དབང་ཤེས་ཕྱི་མ་ཆོས་ཅན། ཁྱོད་ཕྱི་རོལ་གྱི་ཡུལ་ལ་འཕོ་བར་མི་འགྱུར་བར་ཐལ། རང་གི་ཉེར་ལེན་དུ་གྱུར་པའི་ཤེས་པ་སྔ་མ་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་བའི་ཕྱིར། ཁྱབ་སྟེ། ཤེས་པ་སྔ་མ་གཟུང་དོན་དུ་བྱས་ནས་མྱོང་ན། རང་ལ་ཉེ་བའི་ཤེས་པ་གཟུང་དོན་དུ་བྱེད་པ་བོར་ནས་རིང་བའི་དོན་གཟུང་དོན་དུ་བྱེད་པ་མི་རིགས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་མ་ཡིན་ན། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གཞུང་དེས་ཤེས་པ་ཀུན་གྱི་སྟེང་གི་འཛིན་རྣམ་མངོན་སུམ་དུ་བསྟན་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། གཞན་མི་རིག་པར་ཐལ། རང་མི་རིག་པའི་ཕྱིར། ཁྱབ་སྟེ། ཅི་སྟེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་གསུངས་


DLL1004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་དོན་རང་གི་ངོ་བོ་འཛིན་རྣམ་གྱིས་མི་རིག་ན་གཞན་མི་རིག་པར་བསྟན་པ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཀུན་རང་རིག་མ་ཡིན་ན། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་པ་དང་། ཀུན་ལས་བཏུས་ཀྱི་འགྲེལ་པར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་ལ་རང་རིག་པ་ནི་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་རང་རིག་མངོན་སུམ་གྱིས་རིག་པར་བྱ་བ་ཡིན་པས་རང་རིག་ཅེས་བཤད་པ་ཡིན་གྱི། རང་རིག་པར་བྱེད་པས་རང་རིག་ཏུ་བཤད་པ་མིན་པའི་ཕྱིར། བཞི་པ་རྣལ་འབྱོར་མངོན་སུམ་ལ་ལྔ། མདོའི་དོན་བཤད་པ། མཚན་ཉིད། མཚན་གཞིའི་དབྱེ་བ། ཡུལ་བདེན་བཞི་གཏན་ལ་དབབ་པ། ཐར་པ་དང་ཐམས་ཅད་མཁྱེན་པ་རིགས་པས་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་རྣལ་འབྱོར་བ་རྣམས་ཀྱི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདེན་བཞིའི་གནས་ལུགས་བསྟན་པ་ལྟར་རྟོགས་ནས་གོམས་པར་བྱས་པ་ལས། སྒྲ་སྤྱི་དང་དོན་སྤྱི་མ་འདྲེས་པའི་དོན་རང་མཚན་ཙམ་གསལ་བར་མཐོང་བའི་ཤེས་པ་དེ་རྣལ་འབྱོར་མངོན་སུམ་དུ་བསྟན་པ་ཡིན་ནོ། །དེས་ན་མདོ་སྡེ་བའི་ལུགས་ལ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་ལ་གང་ཟག་གི་བདག་མེད་གསལ་བར་སྣང་བ་མ་ཡིན་ཏེ། མངོན་སུམ་གྱི་སྣང་ཡུལ་ཡིན་ན་རང་མཚན་ཡིན་དགོས་ལ། གང་ཟག་གི་བདག་མེད་རང་མཚན་མ་ཡིན་པའི་ཕྱིར་རོ། །དེས་ན་གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློས་གང་ཟག་གི་བདག་མེད་དངོས་སུ་རྟོགས་ལ། རྣལ་འབྱོར་མངོན་སུམ་གྱིས་གང་ཟག་གི་བདག་མེད་ཤུགས་ལ་རྟོགས་པ་ཡིན་ནོ། །འོ་ན་གང་ཟག་གི་


DLL1004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པར་བྱས་པ་ལས། གོམས་བྱའི་དོན་ལ་གསལ་སྣང་ཐོབ་པ་མི་སྲིད་པར་ཐལ། གང་ཟག་བདག་མེད་གསལ་བར་སྣང་བའི་རྣལ་འབྱོར་མངོན་སུམ་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གི་ཤིན་ཏུ་གོམས་གྱུར་བ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པའི་ཕྱིར་ཞེ་ན། འདིའི་ལན་སྔར་བཤད་ཟིན་ཏོ། །གཉིས་པ་ནི། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་འཕགས་རྒྱུད་ཀྱི་ཤེས་པ་གང་ཞིག །ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བ། །གསུམ་པ་ནི། རྣལ་འབྱོར་མངོན་སུམ་ལ་རྟེན་གྱི་སྒོ་ནས་དབྱེ་ན་གསུམ་སྟེ། ཉན་ཐོས་དང་། རང་རྒྱལ་དང་། ཐེག་ཆེན་འཕགས་པའི་རྣལ་འབྱོར་མངོན་སུམ་མོ། །དེ་རེ་རེ་ལ་ཡང་མཐོང་ལམ། སྒོམ་ལམ། མི་སློབ་ལམ། གསུམ་གསུམ་ཡོད་དོ། །ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་རྣལ་འབྱོར་མངོན་སུམ་མོ། །བཞི་པ་ལ་བཞི། བདེན་བཞིའི་གྲངས་ངེས། གོ་རིམ་ངེས་པ། མཚན་གཞི། དེ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། ཐར་པ་དོན་གཉེར་གྱི་གཏན་ལ་དབབ་བྱའི་གཙོ་བོ་ནི་བདེན་པ་བཞིར་ངེས་ཏེ་ཐར་པ་དོན་གཉེར་གྱི་དོར་བྱ་འཁོར་བ་ལ། རྒྱུ་ཀུན་འབྱུང་བདེན་པ་དང་འབྲས་བུ་སྡུག་བསྔལ་བདེན་པ་གཉིས་སུ་ངེས་ལ། བླང་བྱ་མྱ་ངན་ལས་འདས་པ་ལ་འཁོར་བ་ལས་གྲོལ་བའི་ཐབས་ལམ་གྱི་བདེན་པ་དང་འཁོར་བ་ལས་གྲོལ་བའི་ངོ་བོ་འགོག་པའི་བདེན་པ་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །གཉིས་པ་ནི། བདེན་པ་བཞི་ལ་རྒྱུ་འབྲས་དོན་གྱི་རིམ་པ་དང་། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་གཉིས་ལས་འདིར་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། དང་པོར་སྡུག་


DLL1004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མངོན་པར་རྟོགས་པར་འབྱུང་། དེ་ནས་ཀུན་འབྱུང་། དེ་ནས་འགོག་པ། དེ་ནས་ལམ་མངོན་པར་རྟོགས་པ་འབྱུང་བའི་ཕྱིར། དེ་ཡང་དང་པོར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསམས་པས་སྡུག་བསྔལ་ལ་འབྲལ་འདོད་ཀྱི་བློ་སྐྱེ་ལ། དེ་སྐྱེས་པ་ན་ཀུན་འབྱུང་ལ་སྤོང་འདོད་ཀྱི་བློ་བསྐྱེད་དགོས་ཏེ། སྡུག་བསྔལ་རང་གི་ངོ་བོ་ཚེར་མ་འདོན་པ་ལྟར་སྤོང་བའི་ཐབས་མེད་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ལ་རྒྱུ་ཡོད་མེད་དང་རྒྱུ་དེ་རྟག་གམ་མི་རྟག་སྙམ་དུ་དཔྱད་པར་བྱ་སྟེ། སྡུག་བསྔལ་རྒྱུ་མེད་དུ་འབྱུང་བ་དང་རྒྱུ་རྟག་ན་སྡུག་བསྔལ་ཟློག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་དཔྱད་པ་ན་རེས་འགའ་སྐྱེ་བའི་རྟགས་ཀྱིས་སྡུག་བསྔལ་གྱི་རྒྱུ་ཡོད་པ་དང་མི་རྟག་པར་གྲུབ་ལ། རྒྱུ་མི་རྟག་པ་དེ་ཡང་གང་ཡིན་དཔྱད་པ་ན་གང་ཟག་གི་བདག་འཛིན་དེ་རྒྱུ་ཡིན་པར་གྲུབ་སྟེ། དེ་ལས་བདག་ལ་སྲེད་པ་འབྱུང་ལ་དེ་ལས་བདག་གི་བདེ་བའི་སྲེད་པ་འབྱུང་། དེ་ལས་བདེ་བ་སྒྲུབ་བྱེད་དབང་སོགས་བདག་གི་བ་ལ་སྲེད་པ་འབྱུང་ཞིང་བདག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་སྒོ་གསུམ་གྱི་ལས་མངོན་པར་འདུས་བྱས་པ་ལས་འཁོར་བར་སྐྱེ་བའི་ཕྱིར། དེ་སྐད་དུ་ཡང་། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཤེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཞིང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་དཔྱད་པ་ལ་བརྟེན་ནས་ཀུན་འབྱུང་སྤོང་ནུས་སུ་མཐོང་བར་འགྱུར་བས་ཀུན་འབྱུང་དུས་གཉིས་པར་བསྟན། དེ་ལྟར་མཐོང་བ་ན་སྡུག་བསྔལ་འགོག་ནུས་དང་། སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱེད་ནུས་སུ་མཐོང་བས་འགོག་བདེན་དུས་གསུམ་པར་བསྟན་འགོག་པ་མངོན་དུ་བྱེད་པ་ཡང་ལམ་རྒྱུད་ལ་བརྟེན་པ་ལ་རག་ལས་པར་མཐོང་བས། ལམ་བདེན་དུས་བཞི་པར་བསྟན་པ་ཡིན་ནོ། །གསུམ་པ་མཚན་གཞི་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་


DLL1004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡུག་བསྔལ་རྣམས་སྡུག་བསྔལ་གྱི་བདེན་པ་དང་། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་རྣམས་ཀུན་འབྱུང་གི་བདེན་པ་དང་། སྡུག་བསྔལ་སྤངས་པའི་བྲལ་བ་ནི་འགོག་པའི་བདེན་པ་དང་། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་ལམ་གྱི་བདེན་པའོ། །བཞི་པ་ལ་གཉིས། ལོག་རྟོག་བཅུ་དྲུག་ངོས་བཟུང་བ་དང་། དེ་དང་འགལ་བ་བདེན་པའི་རྣམ་པ་བཤད་པའོ། །དང་པོ་ནི། སྡུག་བསྔལ་བདེན་པའི་ལོག་རྟོག་བཞི་གཙང་བ་དང་བདེ་བ་དང་རྟག་པ་དང་བདག་དུ་འཛིན་པའོ། །ཀུན་འབྱུང་བདེན་པའི་ལོག་རྟོག་བཞི་ནི། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང་། མི་མཐུན་པ་རྒྱུར་འཛིན་པ་གཉིས་ལས་ཕྱི་མ་ལ་ཡང་རྒྱུ་གཅིག་འབའ་ཞིག་ལས་སྐྱེ་བར་འཛིན་པ་དང་། དབང་ཕྱུག་སོགས་ལས་སྐྱེ་བར་འཛིན་པ་དང་། རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པའོ། །འགོག་བདེན་གྱི་ལོག་རྟོག་བཞི་ནི། ཐར་བ་ཡེ་མེད་དུ་འཛིན་པ་དང་། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང་། སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང་། ཐར་པ་ཡོད་ཀྱང་སླར་ལྡོག་པར་འཛིན་པའོ། །ལམ་བདེན་གྱི་ལོག་རྟོག་བཞི་ནི། ཐར་ལམ་ཡེ་མེད་དུ་འཛིན་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང་། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ་དང་། སྡུག་བསྔལ་གཏན་ནས་ཟད་པར་བྱེད་པའི་ལམ་མེད་པར་འཛིན་པའོ། །གཉིས་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བའི་རྣམ་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་གཞན་དབང་ཅན་ཡིན་པའི་ཕྱིར། སྟོང་པའི་རྣམ་པ་ཡིན་ཏེ། དོན་གཞན་གྱི་བདག་གིས་སྟོང་བའི་ཕྱིར། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོར་གྱུར་བའི་བདག་མེད་པའི་ཕྱིར། སྲེད་པ་ཆོས་ཅན། ཀུན་འབྱུང་གི་


DLL1004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཡང་ཡང་སྐྱེད་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་དྲག་ཏུ་སྐྱེད་པའི་ཕྱིར། སྲིད་པའི་སྲེད་པ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན། འགོག་བདེན་གྱི་འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་གྱི་རྣམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་ཐར་པ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སྤངས་པ་སླར་མི་ལྡོག་པའི་ཐར་པ་ཡིན་པའི་ཕྱིར། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། ལམ་བདེན་གྱི་ལམ་གྱི་རྣམ་པ་ཡིན་ཏེ། ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་ལམ་ཡིན་པའི་ཕྱིར། རིག་པའི་རྣམ་པ་ཡིན་ཏེ། མ་རིག་པ་ཉོན་མོངས་པའི་དངོས་གཉེན་ཡིན་པའི་ཕྱིར། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་ཡིན་པའི་ཕྱིར། ༢༢༽ གཞན་སྡེ་ཕྱི་རོལ་པའི་ལུགས་དགག་པ། ལྔ་པ་ལ་གཉིས་གཞན་ལུགས་དགག་པ་དང་། རང་ལུགས་གཞག་པའོ། །དང་པོ་ལ་བཞི། བྱེ་བྲག་པའི་ལུགས། གྲངས་ཅན་པའི་ལུགས། གཅེར་བུ་བའི་ལུགས། དཔྱོད་པ་པའི་ལུགས་སོ། །དང་པོ་ནི། བྱེ་བྲག་པའི་ལུགས་ལ། རྫས་དང་ཡོན་ཏན་ལས་དང་སྤྱིི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཞེས་པའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་ཅིང་། དེའི་ནང་ནས་རྫས་ལ་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་དང་། ཐམས་ཅད་དུ་སོང་བའི་རྫས་གཉིས་ལས། དང་པོ་ནི། འབྱུང་བ་བཞི་དང་ཡིད་དོ། །


DLL1004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། བདག་དུས་ཕྱོགས་ནམ་མཁའ་བཞི་ཡིན་ནོ། ཡང་རྫས་ལ་རྟག་པའི་རྫས་དང་མི་རྟག་པའི་རྫས་གཉིས་ལས། བདག་དུས་ཕྱོགས་ནམ་མཁའ་ནི་རྣམ་པ་ཐམས་ཅད་དུ་རྟག་པའི་རྫས་ཡིན་ལ། འབྱུང་བཞི་ལ་རགས་པ་དང་རྡུལ་ཕྲ་རབ་གཉིས་ལས། དང་པོ་ནི། མི་རྟག་པ་ཡིན་ལ། ཕྱི་མ་ནི་རྟག་རྫས་ཡིན་ཏེ། མི་རྟག་པ་ཡིན་ན་ཁོ་རྩོམ་བྱེད་ཀྱི་རྡུལ་ཕྲན་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་རྫས་ཞེས་བྱ་ཞེ་ན། རང་སྐྱ་ཐུབ་པས་གཞན་ལ་རྟེན་མི་དགོས་ཤིང་། ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པའི་ཕྱིར་རོ། །ཡོན་ཏན་ལ་དབྱེ་ན། གཟུགས་དྲི་རོ་རེག་གྲངས་ཚད་དང་། །སོ་སོ་དང་ལྡན་རྣམ་དབྱེ་དང་། གཞན་དང་གཞན་མིན་བློ་རྣམས་དང་། །བདེ་སྡུག་འདོད་དང་འབད་པ་དང་། །ལྕི་གཤེར་དྲོ་སྣུམ་འདུས་བྱས་དང་། །ཆོས་དང་ཆོས་མིན་ཉི་ཤུ་བཞི། །ཞེས་ཉེར་བཞི་ཡོད་དོ། །ཡོན་ཏན་གྱི་ངོ་བོ་གང་ཞེ་ན། རྫས་ལ་བརྟེན་པ་དང་། ཡོན་ཏན་གཉིས་པ་མི་བརྟེན་པ་དང་། འཕྲོད་པ་འདུ་བའི་རྒྱུ་བྱེད་པ་དང་། རྟགས་ལ་མི་ལྟོས་པའོ། །འོ་ན་དེ་དག་རྫས་གང་གི་ཡོན་ཏན་ཡིན་ཞེ་ན། གཟུགས་ནི་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཆུ་མེ་གསུམ་གྱི་ཡོན་ཏན་དང་། དྲི་ནི་སྣའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་ས་དང་། རོ་ནི་ལྕེའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཆུ་དང་། རེག་བྱ་ནི་ལུས་ཀྱི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་འབྱུང་བ་བཞི་ཀའི་ཡོན་ཏན་ཡིན་ནོ། །གྲངས་ནི་གཅིག་གཉིས་ལ་སོགས་པའི་ཐ་སྙད་འཇུག་པའི་རྒྱུར་གྱུར་པའི་དངོས་པོ་ཞིག་གོ ། དབྱེ་ན་གཅིག་དང་དུ་མ་ལ་སོགས་པ་ཡོད་དོ། །ཚད་ནི་ཆེ་ཆུང་ལ་སོགས་པའི་ཐ་སྙད་འཇུག་པའི་རྒྱུར་གྱུར་བའི་དངོས་པོ་ཞིག་གོ །དབྱེ་ན་ཆེན་པོ་དང་ཆུང་ངུ་དང་རིང་པོ་དང་ཐུང་ངུ་སྟེ་བཞིའོ། །ཆེན་པོ་ལ་རྟག་པའི་ཆེན་པོ་དང་མི་རྟག་པའི་ཆེན་པོའོ། །དང་པོ་ནི། བདག་དུས་ཕྱོགས་ནམ་མཁའ་རྣམས་ཀྱི་


DLL1004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཡིན་ལ། དེ་རྣམས་ལ་མཆོག་ཏུ་ཆེན་པོ་ཞེས་ཀྱང་བྱའོ། །གཉིས་པ་ནི། རྡུལ་ཕྲན་གསུམ་ཡན་ཆད་ཀྱིས་བརྩམས་པའི་རྫས་ཀྱི་ཚད་ཡིན་ནོ། །ཆུང་ངུ་ལ་ཡང་རྟག་པ་དང་མི་རྟག་པ་གཉིས། དང་པོ་ནི། རྡུལ་ཕྲ་རབ་ཡིད་ལ་ཟླུམ་པོར་སྣང་བའི་རྫས་ཀྱི་ཚད་དུ་འདོད་དོ། །གཉིས་པ་ནི། རྡུལ་ཕྲ་རབ་གཉིས་ཀྱིས་བརྩམས་པའི་རྫས་ཀྱི་ཚད་དོ། །རིང་པོ་ནི་རྡུལ་ཕྲན་གསུམ་ཡན་ཆད་ཀྱིས་བརྩམས་པའི་རྫས་ཀྱི་ཚད་ཡིན་ལ། ཐུང་ངུ་ནི་རྡུལ་ཕྲན་གཉིས་ཀྱིས་བརྩམས་པའི་རྫས་ཀྱི་ཚད་ཡིན་ནོ། །དེས་ན་མཆོག་ཏུ་ཆེན་པོ་མ་གཏོགས་པའི་རྫས་ཀྱི་ཚད་རྣམས་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ཡིན་ནོ། །སོ་སོ་བ་ནི། ཀ་བུམ་ལྟ་བུ་སོ་སོ་བའི་ཐ་སྙད་འཇུག་པའི་རྒྱུར་གྱུར་པའི་དངོས་པོ་ཞིག་གོ །ལྡན་པ་ནི། སྣམ་བུའི་གནས་སྐབས་ན་སྣལ་མ་རྣམས་ཕྲད་པ་ལ་འདི་རྣམས་ནི་ཕྲད་པའོ་སྙམ་དུ་འཛིན་པའི་བློའི་རྒྱུར་གྱུར་བའི་དངོས་པོ་ཞིག་གོ །རྣམ་དབྱེ་ནི། སྔར་ཕྲད་པ་ཕྱིས་སོ་སོར་སོང་བ་ལ་ཕྱེ་བར་འཛིན་པའི་བློའི་རྒྱུར་གྱུར་བའི་དངོས་པོ་ཞིག་གོ །གཞན་བུམ་པ་ལྟ་བུ་ལས་གཞན་དུ་འཛིན་པའི་བློའི་རྒྱུར་གྱུར་བའི་དངོས་པོ་ཞིག་གོ །གཞན་མིན་པ་ནི། བུམ་པ་ལྟ་བུ་རང་ལས་གཞན་མ་ཡིན་པར་འཛིན་པའི་བློའི་རྒྱུར་གྱུར་བའི་དངོས་པོ་ཞིག་གོ །བློ་རྣམས་ནི་འཇུག་ཤེས་ལྔ་པོ་ཡིན་ལ། དེ་རྣམས་ནི་རང་ཉིད་རིག་པ་མ་ཡིན་པར་ཡིད་ཀྱི་རྣམ་ཤེས་ཀྱི་རིག་བྱེད་འདོད་པ་ཡིན་ནོ། །བདེ་བ་ནི་སིམ་པ་དང་། སྡུག་པ་ནི་གདུང་བ་དང་། འདོད་པ་ནི་འདོད་ཆགས་དང་། སྡང་བ་ནི་ཞེ་སྡང་དང་། འབད་པ་ནི་རྩོལ་བ་ཡིན་ལ། དེ་རྣམས་ནི་བེམ་པོ་ཡིན་ཞིང་རང་གང་ལ་ལྡན་པའི་ཡོན་ཏན་ཅན་དེ་ལས་རྫས་ཐ་དད་པ་དང་། ཐ་སྙད་པའི་ཚད་མས་རིག་པར་བྱ་བ་ཡིན་ནོ། །ལྕི་བ་ནི་ཡན་ལག་ཅན་ཁྱད་པར་གསུམ་ལྡན་གྱི་རྫས་ཐུར་དུ་འདྲེན་པར་བྱེད་པའི་དངོས་པོ་ཞིག་གོ །གཤེར་བ་ནི་ཆུའི་ཡོན་


DLL1004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང་། དྲོ་བ་ནི་མེའི་ཡོན་ཏན་དང་། སུམ་པ་ནི་སྣུམ་ལྟ་བུ་དང་ཆུ་ཕྲད་པའི་རྫས་ཀྱི་ཡོན་ཏན་དུ་འདོད་དོ། །འདུས་བྱས་ལ་དབྱེ་ན། ཤུགས་དང་། བག་ཆགས་དང་། གནས་པ་འཇིག་པ་དང་གསུམ་མོ། །དང་པོ་ནི། འབད་རྩོལ་གྱིས་བསྐྱེད་པའི་ཁྱད་པར་ཞིག་སྟེ། དཔེར་ན། མདའ་འཕངས་པ་འབད་རྩོལ་གྱིས་བསྐྱེད་པར་བར་དུས་ལ་མི་ལྟུང་བར་བྱེད་པ་ལྟ་བུའོ། །དེ་ཡང་མདའ་དང་འབད་རྩོལ་ལས་དོན་གཞན་དུ་གྱུར་བ་ཞིག་གོ །གཉིས་པ་ནི། རང་རྒྱུ་རྣམ་ཤེས་ལས་སྐྱེས་པ་དང་རང་འབྲས་སྐྱེད་པར་བྱེད་པའི་ནུས་པའི་ངོ་བོར་གྱུར་བ་ཞིག་གོ །དེ་ཡོད་པར་ཅིས་གྲུབ་ཅེ་ན། མཐོང་བ་དང་ཐོས་པ་དང་དྲན་པ་སྐྱེ་བའི་རྟགས་ལས་འགྲུབ་སྟེ། མཐོང་ཐོས་ཀྱི་བག་ཆགས་མ་བཞག་ན་ཕྱིས་དྲན་པ་སྐྱེ་བ་མི་འཐད་པའི་ཕྱིར། གསུམ་པ་ནི། འབད་པས་གནས་པར་བྱས་ཀྱང་འབད་པ་བཏང་བ་ན་སྔར་གྱི་ཇི་ལྟ་བ་བཞིན་དུ་འདུག་པ་ཞིག་ཡིན་ཏེ། དཔེར་ན་ཤིང་ཏ་ལའི་འདབ་མ་འབད་པས་བརྐྱངས་པ་བཏང་བ་ན་སྔར་བལྟབ་པ་བཞིན་དུ་སླར་ཡང་འགྱུར་བ་ལྟ་བུའོ། །ཆོས་ནི་ཁྲུས་དང་མཆོད་སྦྱིན་སོགས་མ་འོངས་པ་ན་བདེ་བ་སྟེར་བར་བྱེད་པའི་ལས་སོ། །ཆོས་མིན་པ་ནི་མ་འོངས་པ་ན་སྡུག་བསྔལ་སྟེར་བར་བྱེད་པའི་ལས་སོ། །དེས་ན་བློ་དང་བདེ་སྡུག་འདོད་སྡང་ཆོས་དང་མིན་པ་དང་འབད་པ་དང་འདུས་བྱས་ཏེ། དགུ་ནི་བདག་ཁོ་ནའི་ཡོན་ཏན་ཡིན་ནོ། །རྒྱས་པར་ཕྱེ་ན། བློ་ལ་ལྔ་དང་འདུས་བྱས་ལ་གསུམ་དུ་ཕྱེ་བས་བཅོ་ལྔ་ཡོད་དོ། །འོ་ན་བདག་གི་ངོ་བོ་གང་ཞེ་ན། ཡོན་ཏན་དགུ་པོའི་རྟེན་བྱེད་པ་དང་། ལུས་དབང་བློ་གསུམ་ལས་ངོ་བོ་ཐ་དད་པ་ཡིན་པ་དང་། ཡོན་ཏན་དགུ་པོ་དེ་རང་ལ་འཕྲོད་པའི་རྒྱུ་བྱེད་པ་དང་། རྟག་པ་དང་། ཐམས་ཅད་ལ་ཁྱབ་པའོ། །འོ་ན་དེ་ལྟ་བུའི་བདག་ཡོད་པར་ཅིས་གྲུབ་ཅེ་ན། དེ་ལྟ་བུའི་བདག་མེད་ན་ལས་བྱས་པའི་འབྲས་བུ་རྣམ་སྨིན་མྱོང་བ་པོ་མེད་པ་


DLL1004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་གྱིས་ལས་བྱས་པ་གཞན་གྱིས་མྱོང་བ་དང་། ལས་བྱས་པ་ཆུད་ཟོས་པ་དང་། ལས་མ་བྱས་པ་དང་ཕྲད་པར་འགྱུར་བས། ལས་བྱེད་པོ་དང་རྣམ་སྨིན་མྱོང་བ་པོའི་བདག་རྟག་པ་ཡོད་པ་ཡིན་ནོ། །འོ་ན་བདག་གི་ངོ་བོ་རྟག་པ་ཡིན་ན། དེ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་ཡིན་པར་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་གི་ངོ་བོ་རྟག་པ་ཡིན་ཀྱང་། བདག་ལ་འདུ་བའི་ཤེས་པ་དང་འབད་པ་ལ་སོགས་པས་ལས་བྱེད་པ་ལ་བདག་གིས་ལས་བྱེད་པ་ཞེས་པ་དང་། བདག་ལ་འདུ་བའི་རྣམ་ཤེས་ཀྱིས་བདེ་བ་ལ་སོགས་པ་མྱོང་བ་ལ་བདག་གིས་བདེ་བ་མྱོང་བར་འཇོག་པའི་ཕྱིར། དཔེར་ན། བདག་ལ་འདུ་བའི་མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་ལ་བདག་གིས་གཟུགས་མཐོང་བར་འཇོག་པ་བཞིན་ནོ། །གལ་ཏེ་བདག་གི་ངོ་བོ་རྟག་པ་ཡིན་ན་བདག་སྐྱེ་འཆི་བྱེད་པར་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་རྟག་ཀྱང་དེ་ལུས་དབང་བློ་སོགས་དང་གསར་དུ་འབྲེལ་བ་ལས་བདག་སྐྱེ་བ་དང་། དེ་དེ་རྣམས་དང་གསར་དུ་བྲལ་བ་ལས་འཆི་བར་འཇོག་པའི་ཕྱིར་རོ། །དཔེར་ན་འདུས་མ་བྱས་ཀྱི་ངོ་བོ་རྟག་པ་ཡིན་ཡང་དེ་ལ་བརྟེན་ནས་འདུ་འགོད་ཀྱི་བྱ་བ་བྱེད་པ་བཞིན་ནོ། །གཞན་ཡང་། གསོན་ལུས་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་ལྡན་ཡིན་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་ནས་ཀྱང་བདག་ཡོད་པར་གྲུབ་བོ། །ལས་ལ་བརྐྱངས་བསྐུམས་འདེགས་འཇོག་འགྲོ་བ་དང་ལྔའོ། །སྤྱི་ལ་ཡོད་པ་ཉིད་ལྟ་བུ་ཐམས་ཅད་ལ་ཁྱབ་པའི་སྤྱི་དང་། བ་ལང་ཉིད་ལྟ་བུ་ཉི་ཚེ་བའི་སྤྱི་གཉིས་སོ། །བྱེ་བྲག་ནི། སོ་སོར་མ་འདྲེས་པའི་གསལ་བ་རྣམས་ཡིན་ལ། དེ་ཡང་སྤྱི་གསལ་བྱེད་དུ་འདོད་དོ། །འདུ་བ་ནི་རྫས་ལ་སོགས་པ་རྟེན་དང་རྟེན་ཅན་དུ་འདུ་བ་ཞིག་ཡིན་ལ། དེ་ཡང་ཚིག་གི་དོན་གཞན་ལྔ་ལས་ངོ་བོ་གཞན་དུ་འདོད་དོ། །ཇི་སྲིད་ཡོན་ཏན་དགུ་པོ་དེ་བདག་ལ་འཕྲོད་པ་འདུ་བ་


DLL1004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་དུ་ཆོས་མ་ཡིན་པ་ལས་བསགས་ནས་བདེ་འགྲོ་དང་ངན་འགྲོར་འཁོར་བར་འགྱུར་ཞིང་། བདག་གི་བ་རྣམས་སྡུག་བསྔལ་དུ་བསྒོམས་ནས་ཡོན་ཏན་རྣམས་མ་ལུས་པར་སྤངས་ཏེ་བདག་རྟག་པ་འབའ་ཞིག་གནས་པ་དེའི་ཚེ་འཁོར་བ་ལས་ཐར་བ་ཡིན་ནོ་ཟེར་རོ། །གཉིས་པ་གྲངས་ཅན་གྱི་ལུགས་ནི། གྲངས་ཅན་གྱི་ལུགས་ལ། ཤེས་བྱ་ཐམས་ཅད་ཉེར་ལྔར་གྲངས་ངེས་པར་འདོད་ལ། ཉེར་ལྔ་གང་ཞེ་ན། བདག་ཤེས་རིག་གི་སྐྱེས་བུ་དང་། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔའོ། །བདག་ཡོད་པར་གང་གིས་གྲུབ་ཅེ་ན། སྐྱེས་བུ་ཆོས་ཅན། བདག་ཡིན་ཏེ། བཅིང་ཐར་གྱི་རྐྱེན་བྱེད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་བདག་ཡོད་པར་གྲུབ་ཅིང་། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་མིག་སོགས་བདག་གི་ལོངས་སྤྱད་བྱར་གྲུབ་ལ། དེ་ལྟར་ན་ལོངས་སྤྱོད་པ་པོའི་བདག་ཡོད་པ་གྲུབ་བོ། །སྤྱི་དང་གཙོ་བོ་དང་རང་བཞིན་རྣམས་རྣམ་གྲངས་ཡིན་ལ། ངོ་བོ་ནི་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་གནས་སྐབས་མི་གསལ་བ་ནུས་པའི་ངོ་བོར་གནས་པ་ནི་གཙོ་བོ་ཡིན་ནོ། །དེ་ལྟ་བུའི་གཙོ་བོ་ཡོད་པར་གང་གིས་གྲུབ་ཅེ་ན། གསལ་བ་རྣམས་ཆོས་ཅན། ཡོན་ཏན་གསུམ་ཆ་མཉམ་པ་ནུས་པའི་ངོ་བོར་གྱུར་བའི་གཙོ་བོ་ཡོད་དེ། རིགས་གཅིག་པའི་སྒྲ་བློ་འཇུག་པའི་ཕྱིར་དང་། ཡོན་ཏན་གསུམ་གྱི་རིགས་ཆ་མཉམ་པ་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་དང་། རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པའི་ནུས་པ་མཐོང་བའི་ཕྱིར་དང་། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་འབྱུང་ལ། སྲན་མའི་མྱུ་གུ་མི་འབྱུང་བའི་དབྱེ་བ་ཡོད་པའི་ཕྱིར་དང་། ཁམས་གསུམ་པོ་འདི་དབྱེར་མེད་དུ་ཐིམས་པར་འགྱུར་བའི་གནས་


DLL1004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། ཞེས་རྟགས་ལྔ་བཀོད་དེ། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བ་ཡི་རྒྱུ་ཡོད་དོ། །ཞེས་བཤད་དོ། །བློ་དང་ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་ཕྱི་ནས་ཡུལ་དང་ནང་ནས་སྐྱེས་བུ་གཉིས་ཀའི་གཟུགས་བརྙན་འཆར་བ་མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་ཡོད་དོ། །ང་རྒྱལ་དང་སྙམ་སེམས་པ་ནི་རྣམ་གྲངས་ཡིན་ལ། དབྱེ་ན་སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། མུན་པ་ཅན་གྱི་ང་རྒྱལ་ཏེ་གསུམ་མོ། །དེ་ཙམ་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །དབང་པོ་བཅུ་གཅིག་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལྤགས་པའི་དབང་བོ་སྟེ་བློའི་དབང་པོ་ལྔ་དང་། ངག་དང་། ལག་པ་བ་དང་། རྐང་པ་དང་། རྐུབ་དང་། འདོམས་ཀྱིས་དབང་པོ་སྟེ་ལས་ཀྱི་དབང་པོ་ལྔ་དང་། ཡིད་ཀྱི་དབང་པོ་རྣམས་ཡིན་ནོ། །འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའོ། །ཤེས་བྱ་ཉེར་ལྔ་ལ། རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་རྒྱུ་འབྲས་གཉིས་ཀ་ཡིན་པ། འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ། རྒྱུ་འབྲས་གཉིས་ཀ་མ་ཡིན་པ་རྣམས་སུ་ཡོད་དེ། དབང་ཕྱུག་ནག་པོའི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་འབྱུང་བ་ལྟར། རྩ་བའི་རང་བཞིན་རྒྱུ་ཡིན་གྱི་རྣམ་འགྱུར་མ་ཡིན་ནོ། །ཆེན་པོ་སོགས་རྒྱུ་དང་འབྲས་བུ་གཉིས་ཀ་ཡིན་ཏེ། རྩ་བའི་རང་བཞིན་གྱི་འབྲས་བུ་ཡིན་ལ། རང་གི་རྣམ་འགྱུར་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། བཅུ་དྲུག་པོ་ནི་འབྲས་བུ་ཡིན་ཏེ། ང་རྒྱལ་ལ་སོགས་པའི་འབྲས་བུ་ཡང་མ་ཡིན་ནོ། །རྒྱུ་མ་ཡིན་ཏེ། རང་གི་འབྲས་བུ་མི་སྲིད་པའི་ཕྱིར། བདག་ཤེས་རིག་གི་སྐྱེས་བུ་ནི་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་ནོ། །རྒྱུ་ལས་འབྲས་བུ་འབྱུང་བའི་ཚུལ་ནི། སྐྱེས་བུ་ཡུལ་ལོངས་སྤྱོད་པར་འདོད་


DLL1004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས་པའི་ཚེ། སྐྱེས་བུའི་འདོད་པ་ཤེས་པའི་རང་བཞིན་དང་སྐྱེས་བུ་གཉིས་ལྷན་ཅིག་ཏུ་སྦྱར་ནས་རྣམ་འགྱུར་རྣམས་འབྱིན་པར་བྱེད་དེ། གཙོ་བོ་ལས་བློའམ་ཆེན་པོ་འབྱུང་ལ། དེ་ལས་ང་རྒྱལ་འབྱུང་། ང་རྒྱལ་གསུམ་ཡོད་པ་ལས། སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་དབང་པོ་བཅུ་གཅིག་འབྱུང་། རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་ལས་དེ་ཙམ་ལྔ་འབྱུང་ལ། དེ་ལས་འབྱུང་བ་ལྔ་འབྱུང་ངོ་། །མུན་པ་ཅན་གྱི་ང་རྒྱལ་ནི། དེ་གཉིས་ཀའི་འཇུག་བྱེད་ཡིན་ནོ། །དེ་ལྟར་ཇི་སྲིད་དུ་རང་བཞིན་དང་སྐྱེས་བུ་གཅིག་ཏུ་ཞེན་ནས་ཡུལ་ལ་ལོངས་སྤྱོད་པ་དེ་སྲིད་དུ་འཁོར་བ་ཡིན་ལ། རང་བཞིན་དང་སྐྱེས་བུ་ཐ་དད་དུ་ཤེས་ནས་གོམས་པར་བྱས་པས་མངོན་ཤེས་ཐོབ་པའི་ཚེ་། མངོན་ཤེས་ཀྱིས་གཙོ་བོ་ལ་བལྟས་པས་གཙོ་བོ་སྐྱེངས་པའི་ཚུལ་གྱིས་སྐྱེས་བུ་དང་བྲལ་བར་འགྱུར་ལ། དེའི་ཚེ་རྒྱུ་ལོག་པའི་རིམ་གྱིས་རྣམ་འགྱུར་རྣམས་ཀྱང་ལྡོག་ཅིང་། བདག་ཤེས་རིག་གི་སྐྱེས་བུ་གཅིག་ཏུ་གནས་པའི་ཚེ་འཁོར་བ་ལས་གྲོལ་བ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་གཅེར་བུ་བའི་ལུགས་ནི། གཅེར་བུ་བའི་ལུགས་ལ། ཤེས་བྱ་ཐམས་ཅད་དོན་དགུར་འདུས་ཏེ། སྲོག་དང་། ཟག་པ་དང་། སྡོམ་པ་དང་། ངེས་པར་རྒ་བ་དང་། འཆིང་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པའོ། །དེ་ལ་སྲོག་ནི་བདག་ཡིན་ལ། དེ་ཡང་སྐྱེས་བུའི་ལུས་ཀྱི་ཚད་ཇི་ལྟ་བ་བཞིན་དུ་ཡོད་པར་འདོད་དོ། །ཟག་པ་ནི་དགེ་བ་དང་མི་དགེ་བའི་ལས་ཏེ། དེའི་དབང་གིས་འཁོར་བར་ཟག་པར་བྱེད་པའི་ཕྱིར་རོ། །སྡོམ་པ་ནི་ཟག་པ་འགོག་པར་བྱེད་པ་སྟེ། ལས་གསར་དུ་མི་གསོག་པའོ། །ངེས་པར་རྒ་བ་ནི། ཟས་མི་ཟ་བ་དང་། ལུས་གདུང་བ་ལ་སོགས་པའི་


DLL1004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ཀྱིས་སྔར་བསགས་པའི་ལས་རྒས་པར་བྱེད་པ་སྟེ། ལས་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཆིང་བ་ནི། ལོག་པར་ལྟ་བའོ། །ལས་ནི་རྣམ་པ་བཞི་སྟེ། ཕྱིས་མྱོང་བར་འགྱུར་བ་དང་། མིང་དང་། རུས་དང་། ཚེའོ། །སྡིག་པ་ནི་ཆོས་མིན་པའོ། །བསོད་ནམས་ནི་ཆོས་སོ། །ཐར་པ་ནི། དཀའ་ཐུབ་ལ་སོགས་པས་སྔར་བྱས་པའི་ལས་ཐམས་ཅད་ཟད་པར་བྱས་ཤིང་། ལས་གསར་དུ་མ་བསགས་པས། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཡོད་པས་དེར་འགྲོ་བ་ཡིན་ནོ། །དེ་སྐད་དུའང་། རྒྱལ་བ་དམ་པས་ཁ་བ་རྒྱ་སྦོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འབྱུང་ངོ་། །བཞི་པ་དཔྱོད་པ་པའི་ལུགས་ནི། དཔྱོད་པ་པའི་ལུགས་ལ། རིག་བྱེད་ལས་གང་སྣང་བ་ནི་རང་བྱུང་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་སྒྲོ་བཏགས་ནས་མཆོད་སྦྱིན་ལ་སོགས་པ་འབའ་ཞིག་གིས་གྲོལ་བ་ཐོབ་པར་འགྱུར་ལ། དེ་ཡང་མཐོ་རིས་དང་ཐར་པ་ཙམ་ཞིག་ཡོད་ཀྱི། ཐམས་ཅད་མཁྱེན་པ་ནི་མེད་དོ་ཞེས་སྐུར་པ་འདེབས་ཏེ། ཐུབ་པ་ཆོས་ཅན། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། སྐྱོན་རྣམས་ཟད་པ་མ་ཡིན་ཏེ། ལུས་དང་བློ་དང་དབང་པོ་དང་ལྡན་པའི་ཕྱིར་ཞེས་སྨྲ་བའོ། །དེ་ཡང་རིག་བྱེད་བཞི་ཚད་མར་སྨྲ་བས་ན་རིག་བྱེད་པ་ཞེས་ཀྱང་བྱ་ལ། རིག་བྱེད་བཞི་ནི། སྙན་ངག་གི་རིག་བྱེད་དང་། སྲིད་སྲུང་ཀྱི་རིག་བྱེད་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དོ། །རིག་བྱེད་དེ་དག་གི་བརྗོད་བྱའི་དོན་མཐའ་གཅིག་ཏུ་ངེས་པ་ཡིན་གྱི། འདོད་པའི་དབང་གིས་དོན་གང་ཡང་རུང་བ་ལ་འཇུག་པ་མིན་ནོ། །དེས་ན་རིག་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་


DLL1004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མ་བྱས་པའི་ཕྱིར་དང་། ཕྱོགས་གཅིག་བདེན་པའི་ཕྱིར་ཞེས་འདོད་དོ། །གཞན་སྡེ་འདི་རྣམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་ལ་བརྟེན་པའི་འགལ་འདུ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་ལ་བརྟེན་པའི་འགལ་འདུ་ནི། འཁོར་བའི་སྐྱེ་འཆིས་བསྡུས་པའི་སྡུག་བསྔལ་རྒྱུན་ཆད་པར་འདོད་པ་དང་། དེ་དག་གི་རྩ་བ་གང་ཟག་གི་བདག་དང་། གཙོ་བོ་ལ་སོགས་པ་རྟག་པར་འདོད་པ་འགལ་ཏེ། རྒྱུ་མ་ལོག་པར་འབྲས་བུ་མི་ལྡོག་ཅིང་། རྟག་དངོས་དུས་ནམ་ཡང་མི་ལྡོག་པའི་ཕྱིར་རོ། །རྣམ་བྱང་ལ་བརྟེན་པའི་འགལ་འདུ་ནི། སྡུག་བསྔལ་འགགས་པའི་ཐར་པ་ཐོབ་པ་འདོད་པ་དང་། གང་ཟག་གི་བདག་རིགས་པས་གྲུབ་པ་འགལ་ཏེ་གང་ཟག་གི་བདག་འཛིན་ཡོད་ན་འཁོར་བའི་སྡུག་བསྔལ་མི་འདོད་བཞིན་དུ་ནན་གྱིས་འབྱུང་བའི་ཕྱིར་རོ། །དཔྱོད་པ་བའི་ལུགས་འགོག་བྱེད་རྒྱས་པར་རྩ་བའི་གཞུང་ལས་བཤད་ལ། འདིར་རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཀྱིས་རིག་བྱེད་ཀྱི་སྒྲ་རྟག་པ་གཟུང་དོན་དུ་གསལ་བ་ལ། གནོད་བྱེད། བློ་ནི་སྐྱེས་བུའི་རྟེན་ཅན་མིན་ཞེས་པའི་དོན་བཤད་པར་བྱ་སྟེ། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། རྟག་དངོས་ཡིན་པར་ཐལ། རིག་བྱེད་ཀྱི་སྒྲ་རྟག་དངོས་གཟུང་དོན་དུ་གསལ་བའི་ཕྱིར། འདོད་ན། སྐྱེས་བུ་ལ་མི་བརྟེན་པར་ཐལ་ལོ། །འདོད་ན། རྒྱུ་མཚན་མཚུངས་པས་བློ་ཐམས་ཅད་སྐྱེས་བུ་ལ་མི་བརྟེན་པར་འགྱུར་ལ། དེ་འདོད་ན། བློ་ནི་སྐྱེས་བུའི་བརྟེན་ཅན་མ་ཡིན་པའི་རྟག་པར་ཁས་ལེན་པ་ལ། ཁས་བླངས་མངོན་སུམ་གྲགས་པ་དང་རྗེས་སུ་དཔག་པས་ཅིག་ཅར་དུ་གནོད་དོ། །ཇི་ལྟར་གནོད་ན། དཔྱོད་པ་བས་བློ་རྣམས་སྐྱེས་བུ་ལ་མི་བརྟེན་པར་ཁས་བླངས་པས་ཁས་བླངས་འགལ་བས་གནོད་དེ། དཔྱོད་པ་པས་བློ་ཐམས་ཅད་སྐྱེས་བུའི་


DLL1004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དུ་ཁས་བླངས་ཤིང་། ཡོན་ཏན་ཡང་ཡོན་ཏན་ལ་བརྟེན་པར་ཁས་བླངས་པའི་ཕྱིར་དང་། ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། ཞེས་ཉེས་པ་ཆགས་སོགས་རྣམས་སྐྱེས་བུ་ལ་བརྟེན་པར་ཁས་བླངས་པའི་ཕྱིར་རོ། །བློ་ཉན་ཤེས་མ་བྱས་པར་བླངས་པའི་དོན་ལ་མངོན་སུམ་གྱིས་གནོད་དེ། ཉན་ཤེས་དེ་དབང་ཡིད་སོགས་རྐྱེན་གསུམ་ཚོགས་པའི་སྐབས་ལ་ལར་སྐྱེ། རྐྱེན་གསུམ་མ་ཚོགས་ན་མི་སྐྱེ་བར་མྱོང་བས་གྲུབ་པའི་ཕྱིར། ཉན་ཤེས་སྐྱེས་བུས་མ་བྱས་པའི་ཐ་སྙད་ལ། དངོས་སྟོབས་རྗེས་དཔག་གིས་གནོད་དེ། དེ་ལ་རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། སྐྱེས་བུས་བྱས་ཏེ། དབང་ཡིད་དང་ལྕེ་རྐན་གྱི་རྩོལ་བ་སོགས་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་གནོད་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་རྟག་པའི་ངག་ཏུ་ཁས་བླངས་པ་ལ་གྲགས་པས་གནོད་དེ། དེ་ལ་ངག་ཐམས་ཅད་འདོད་པའི་དབང་གིས་དོན་ཐམས་ཅད་ལ་འཇུག་རུང་དུ་རྟོགས་པའི་གྲགས་པའི་རྗེས་དཔག་གིས་གནོད་པའི་ཕྱིར། ཁ་ཅིག་མངོན་རྗེས་ཀྱིས་གྲུབ་པའི་དོན་ཡིན་ན། གྲགས་པས་གྲུབ་པས་ཁྱབ་པའི་ཕྱིར། དེ་ལ་གྲགས་པས་གནོད་ཟེར་བ་མི་འཐད་དེ། གྲགས་པ་ཞེས་པ་གྲགས་པའི་ཚད་མ་ལ་འདོད་དམ། འཇིག་རྟེན་པ་ལ་དེ་ལྟར་གྲགས་པ་ལ་འདོད། དང་པོ་ལྟར་ན། དངོས་སྟོབས་ཀྱིས་གྲུབ་ན་འདོད་པ་ཙམ་གྱིས་གྲུབ་པས་ཁྱབ་པར་ཐལ། མངོན་རྗེས་ཀྱིས་གྲུབ་པའི་དོན་ཡིན་ན་གྲགས་པའི་ཚད་མས་གྲུབ་པས་ཁྱབ་པའི་ཕྱིར། ཚད་མ་བཞི་པོ་གནོད་ཡུལ་སོ་སོར་བསྟན་པའང་མི་འཐད་པར་ཐལ། དེའི་ཕྱིར། གཉིས་པ་མིན་ན། དམ་བཅའ་ཡང་དག་ཡིན་ན་གྲགས་པས་མི་གནོད་པ་


DLL1004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགོས་པ་མ་ཡིན་པར་ཐལ་ལོ། །འདོད་ན། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་མ་བསལ་བ། །ཞེས་གསུངས་པ་དང་འགལ་ལོ། །གྲགས་པས་གནོད་པ་དམ་བཅའི་སྐྱོན་ཡིན་ན། བུམ་པ་ཡུལ་དུས་རང་བཞིན་མ་འདྲེས་པར་དམ་བཅའ་བ་ལ་གྲགས་པས་གནོད་པར་ཐལ། འཇིག་རྟེན་ན་སྔ་དྲོའི་བུམ་པ་ཕྱི་དྲོ་ཡོད་པར་གྲགས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་ཡུལ་དུས་མ་འདྲེས་པར་དམ་བཅའ་བ་མི་རིགས་པར་ཐལ། དེ་ལ་གྲགས་པས་གནོད་པའི་ཕྱིར། ཁྱབ་རྟགས་ཁས། གཞན་ཡང་། འཇིག་རྟེན་པ་ཡིན་ན་བསྟན་བཅོས་ཀྱི་བརྡ་ལ་བྱང་བས་ཁྱབ་པར་ཐལ། མངོན་རྗེས་ཀྱིས་གྲུབ་ན་འཇིག་རྟེན་པ་ལ་གྲགས་པས་ཁྱབ་པའི་ཕྱིར། འདིར་ཁས་བླངས་ཀྱིས་གནོད་པ་ནི། ཁས་བླངས་སྔ་ཕྱི་འགལ་བས་གནོད་པ་ཡིན་གྱི། ཁས་བླངས་པས་ལུང་གིས་གནོད་པ་མིན་ཏེ། བློ་སྐྱེས་བུ་ལ་མི་བརྟེན་པ་ལུང་གིས་བསལ་བ་ཡིན་ན། བློ་སྐྱེས་བུ་ལ་བརྟེན་པ་ཤིན་ཏུ་ལྐོག་གྱུར་དུ་ཐལ་བའི་ཕྱིར་རོ། །སྤྱིར་ཁས་བླངས་ཀྱིས་གནོད་པ་དང་མངོན་སུམ་གྱིས་གནོད་པ་གཉིས་གཞི་གཅིག་ལ་འཇུག་པ་མི་འགལ་ཏེ། སྔར་སྒྲ་མཉན་བྱར་ཁས་བླངས་ནས་དེ་མ་དོར་བཞིན་དུ་སྒྲ་མཉན་བྱ་མ་ཡིན་པར་ཁས་བླངས་པ་ལྟ་བུའོ། །༢༦༽ ཐར་པ་དང་ཐམས་ཅད་མཁྱེན་པ་རིགས་པས་བསྒྲུབ་པ། གཉིས་པ་རང་ལུགས་གཞག་པ་ལ་གཉིས། ཐར་པ་རིགས་པས་བསྒྲུབ་པ་དང་། ཐམས་ཅད་མཁྱེན་པ་རིགས་པས་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། གང་ཆོས་དེའི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་ཡོད་ན། ཆོས་དེ་རྒྱུན་ཆད་པ་སྲིད་པས་ཁྱབ། དཔེར་ན། གྲང་རེག་ལ་གནོད་བྱེད་སྟོབས་ལྡན་པ་ཡོད་པས། གྲང་འབྲས་བུ་ལོང་བྱེད་རྒྱུན་ཆད་པ་སྲིད་པ་བཞིན། སྡུག་བསྔལ་གྱི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་པ་ཡོད་པ་ཡིན་ནོ། །ཞེས་པའི་རྟགས་ལ་བརྟེན་ནས་སྡུག་བསྔལ་རྒྱུན་ཆད་པའི་ཐར་པ་ཡོད་པར་གྲུབ་པའོ། །རྟགས་འདིའི་ཁྱབ་པ་མངོན་སུམ་གྱིས་


DLL1004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ལ། ཕྱོགས་ཆོས་དངོས་སྟོབས་ཀྱི་རིགས་པས་གྲུབ་སྟེ། དེའི་ཚུལ་ནི། ཡུལ་གྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་ན། གནོད་བྱེད་སྟོབས་ལྡན་ཡོད་པས་ཁྱབ། དཔེར་ན་དུ་ལྡན་གྱི་ལ་ལ་དུ་བ་མེད་པར་འཛིན་པའི་བློ་བཞིན། གང་ཟག་གི་བདག་འཛིན་དེ་ཡང་ཡུལ་གྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ནོ། །རྟགས་འདིའི་ཁྱབ་པ་མངོན་སུམ་གྱིས་གྲུབ་ལ། ཕྱོགས་ཆོས་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པས་གྲུབ་པ་ཡིན་ནོ། །གང་ཟག་གི་བདག་འཛིན་ལ་གནོད་བྱེད་ཡོད་པས་སྡུག་བསྔལ་གྱི་རྒྱུ་ལ་གནོད་བྱེད་ཡོད་པར་གང་གིས་འགྲུབ་ཅེ་ན། འགྲུབ་སྟེ། གང་ཟག་གི་བདག་འཛིན་དེ་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་ཏེ། གང་ཞིག་བདག་མཐོང་དེ་ལ་ནི། ཞེས་གསུངས་པ་ལྟར། གང་ཟག་གི་བདག་འཛིན་ལས་བདག་དང་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་ལ། དེ་ལས་བདག་གི་བདེ་བ་ལ་སྲེད་པ་སྐྱེ། དེ་ལས་བདག་གི་བདེ་བ་སྒྲུབ་བྱེད་དབང་སོགས་བདག་གི་བ་དང་། ཕྱི་རོལ་གྱི་ཟས་གོས་སོགས་ལ་སྲེད་པ་སྐྱེ་ལ། དེས་སྒོ་གསུམ་གྱི་ལམ་མངོན་པར་འདུས་བྱས་པ་ལས་འདོད་པའི་དོན་མ་ཐོབ་པ་དང་། མི་འདོད་པའི་དོན་ཐོབ་པའི་སྡུག་བསྔལ་སྐྱེ་བའི་ཕྱིར། དེས་ཚེ་འདིའི་སྡུག་བསྔལ་དང་གང་ཟག་གི་བདག་འཛིན་གཉིས་རྒྱུ་འབྲས་སུ་གྲུབ་པ་ཡིན་ནོ། །འཆི་བའི་སྲེད་པ་ཕྱི་མ་འཚམས་སྦྱོར་བར་སྒྲུབ་པའི་རྟགས་ལ་བརྟེན་ནས། གང་ཟག་གི་བདག་འཛིན་དང་ཚེ་ཕྱི་མའི་སྡུག་བསྔལ་གཉིས་རྒྱུ་འབྲས་སུ་དངོས་སྟོབས་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །འོ་ན་གང་ཟག་གི་བདག་འཛིན་ཡུལ་གྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པར་གང་གིས་གྲུབ་ཅེ་ན། འདི་ལ་དགག་བྱ་གང་ཟག་གི་བདག་ངོས་གཟུང་བ་དང་། གང་ཟག་གི་བདག་མེད་རིགས་པས་སྒྲུབ་པ་དང་། གང་ཟག་གི་བདག་མེད་ཉམས་སུ་ལེན་པའི་ཚུལ་ལོ། །


DLL1004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། བློ་ལྷན་སྐྱེས་འདི་ལ་ཕུང་པོའི་ཚོགས་རྒྱུན་གང་ཡང་མ་ཡིན་པའི་རང་དབང་བའི་གང་ཟག་ཏུ་ཞེན་པ་ཞིག་ཡོད་ལ་བདག་འཛིན་དེས་གང་ཟག་དེ་ཕུང་པོ་ལ་བཏགས་པ་ཙམ་དང་རྣམ་པར་ཤེས་པ་ལ་བཏགས་པ་ཙམ་དུ་འཛིན་པ་མིན་ཏེ། ད་ལྟའི་ཕུང་པོ་དང་རྣམ་ཤེས་མི་གསལ་བ་འདི་དང་། ཕུང་པོ་དང་རྣམ་ཤེས་ཁྱད་པར་ཅན་གཞན་བརྗེ་ས་བྱུང་ན་བརྗེ་བ་ལ་ཡུལ་རང་དབང་བའི་གང་ཟག་ཡོད་ན་དེ་དགག་བྱར་གྱུར་བའི་གང་ཟག་གི་བདག་ཡིན་ནོ། །གཉིས་པ་ནི། རང་དབང་བའི་གང་ཟག་ཆོས་ཅན། རང་བཞིན་གྱིས་མེད་དེ། ཕུང་པོ་དང་རང་བཞིན་གཅིག་ཏུ་ཡང་མ་གྲུབ། རང་བཞིན་ཐ་དད་དུ་ཡང་མ་གྲུབ་པའི་ཕྱིར། དེ་སྒྲུབ་པ་ལ་ཕུང་པོ་ཆོས་ཅན། རང་དབང་བའི་གང་ཟག་དང་རང་བཞིན་གཅིག་ཏུ་མ་གྲུབ་སྟེ། རྒྱུ་རྐྱེན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། ཆོས་ཅན། དེ་དང་རང་བཞིན་ཐ་དད་དུ་མ་གྲུབ་སྟེ། རང་བཞིན་ཐ་དད་དུ་གྲུབ་ན་ཚད་མས་དམིགས་སུ་རུང་བ་ལས་དེ་ལྟར་དུ་ཚད་མས་མ་དམིགས་པའི་ཕྱིར། དེ་ལྟར་གཏན་ཚིགས་གཉིས་པོ་དེ་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སྟོང་བདག་མེད་གཉིས་གྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་གྲུབ་པ་ཡིན་ནོ། །གསུམ་པ་ནི། དང་པོར་གང་ཟག་གི་བདག་འཛིན་ངོས་གཟུང་ལ་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་ལ་བརྟེན་ནས་རང་དབང་བའི་གང་ཟག་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ཡང་དང་ཡང་དུ་མཉམ་པར་འཇོག་ཅིང་། དེ་ལས་ལངས་པའི་ཚེ་གང་ཟག་འདི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་ཁོང་དུ་ཆུད་པར་བྱས་ནས་


DLL1004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་རྗེས་གཉིས་སུ་གོམས་པར་བྱས་པ་ལས། སྡུག་བསྔལ་གཉེན་པོའི་སྟོབས་ཀྱིས་སྤངས་པའི་བྲལ་བ་དེ་ཉིད་ཐར་པ་དང་འགོག་བདེན་ཡིན་ནོ། །ཁ་ཅིག་ཆོས་མཆོག་གིས། ངེས་པར་ལེགས་པའི་རང་བཞིན་དུ་གྱུར་པའི་སེམས་ནི་འགོག་པའོ། །ཞེས་པའི་དོན་དུ་བསམས་ནས་འགོག་བདེན་ཡིན་ན་ཤེས་པ་ཡིན་པས་ཁྱབ་བོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འགོག་བདེན་ལན་ཅིག་ཐོབ་ཕྱིན་ཅད་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རེས་འཇོག་མིན་པར་རྒྱུན་མི་ཆད་ལ། འགོག་བདེན་དུ་གྱུར་པའི་སེམས་ལ་དེ་མི་སྲིད་པའི་ཕྱིར། གཞན་ཡང་། གཉེན་པོའི་སྟོབས་ཀྱིས་སྤང་བྱ་སྤངས་པའི་བྲལ་བ་ཞིག་ཡོད་དམ་མེད། མེད་ན། ངེས་ལེགས་ཀྱི་རང་བཞིན་དུ་གྱུར་པའི་སེམས་མེད་པར་གྱུར་ལ། ཡོད་ན་ངེས་ལེགས་ཀྱི་རང་བཞིན་དུ་གྱུར་པའི་སེམས་ལ་འགོག་བདེན་དུ་བཏགས་པ་དོན་མེད་པར་ཐལ། གཉེན་པོའི་སྟོབས་ཀྱིས་སྤང་བྱ་སྤངས་པའི་བྲལ་བ་དེ་ཉིད་འགོག་བདེན་དུ་ཁས་བླངས་པས་ཆོག་པའི་ཕྱིར། མ་ཁྱབ་སྟེ། བྲལ་བ་དེ་ཉིད་འགོག་བདེན་དང་སེམས་གཉིས་ཀ་ཡིན་པའི་ཕྱིར་ཞེ་ན། མི་རིགས་ཏེ། དེ་ཉིད་འདུས་མ་བྱས་པའི་ཕྱིར། ཆོས་མཆོག་གི་འགྲེལ་བའི་དོན་ནི། སེམས་ཀྱི་སྟེང་གི་ངེས་ལེགས་ཀྱི་རང་བཞིན་དུ་གྱུར་པའི་བྲལ་བ་དེ་འགོག་བདེན་ཡིན་ཞེས་པའོ། །གཉིས་པ་ནི། གང་གནོད་བྱེད་སྟོབས་ལྡན་ཡིན་ན། དེའི་རིགས་ལ་གནོད་བྱ་མཐའ་དག་དང་བྲལ་བ་དང་ལྷན་ཅིག་ཏུ་ཚོགས་པ་ཡོད་པས་ཁྱབ། དཔེར་ན། གནོད་བྱེད་མེ་སྟོབས་ལྡན་པ་དེ་གནོད་བྱ་གྲང་རེག་མཐའ་དག་ཟད་པ་དང་ལྷན་ཅིག་ཏུ་ཚོགས་པ་བཞིན། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འདི་ཡང་གནོད་བྱེད་སྟོབས་ལྡན་པ་ཡིན་ནོ། །ཞེས་པའི་རྟགས་ལ་བརྟེན་ནས་དེ་ལྟ་བུའི་ཡེ་ཤེས་དེ་དྲི་མ་མཐའ་དག་ཟད་པ་དང་ལྷན་ཅིག་


DLL1004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚོགས་པ་ཡོད་པར་གྲུབ་ལ། དྲི་མ་མཐའ་དག་ཟད་པ་དང་ལྷན་ཅིག་ཏུ་ཚོགས་པའི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད་ལ་ཀུན་མཁྱེན་ཞེས་བརྗོད་དོ། །གཞན་ཡང་། །རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ་ལ་གཉིས། བྱུང་ཟིན་གྱི་རྣལ་འབྱོར་མངོན་སུམ་དུ། འབྱུང་འགྱུར་གྱི་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པའོ། །དང་པོ་ནི། བཀའ་རྒྱས་འབྲིང་བསྡུས་གསུམ་པོ་ཆོས་ཅན། །རང་རྒྱུ་མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། རྗོད་པ་རྣམ་དག་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་འགྲུབ་བོ། །འོ་ན་འདུས་བྱས་མི་རྟག་པར་སྟོན་པའི་སོ་སྐྱེའི་ཚིག་ཆོས་ཅན། རང་རྒྱུ་མཁྱེན་པ་རྣམ་དག་སྔོན་དུ་སོང་བར་ཐལ། རྗོད་པ་རྣམ་དག་ཡིན་པའི་ཕྱིར། །འདོད་མི་ནུས་ཏེ། སོ་སྐྱེའི་རྒྱུད་ལ་མཁྱེན་པ་རྣམ་དག་མེད་པའི་ཕྱིར། རྟགས་མ་གྲུབ་ན། མཁྱེན་པ་རྣམ་དག་སྔོན་དུ་སོང་བར་བསྒྲུབས་པས་རྣལ་འབྱོར་མངོན་སུམ་འགྲུབ་པ་ལ་མི་ཕན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་མཁྱེན་པ་རྣམ་དག་སྔོན་དུ་སོང་བར་བསྒྲུབས་པ་ཡིན་གྱི། རང་རྒྱུད་ལ་མཁྱེན་པ་རྣམ་དག་སྔོན་དུ་སོང་བར་བསྒྲུབས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་ན་རང་འབྲས་གསལ་ལ་མི་རྟོག་པའི་བློ་འབྱུང་དུ་རུང་སྟེ། རྟེན་བརྟན་ཞིང་གོམས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་ཆོས་ཡིན་པའི་ཕྱིར། དེའང་བདག་མེད་རྟོགས་པའི་ཤེས་རབ་ནི་བདག་མེད་སྒྲུབ་པའི་རིགས་པས་འགྲུབ་པ་ཡིན་ཏེ་རྟེན་ནི་སེམས་ཡིན་ལ། དེ་བརྟེན་པ་ནི་རིག་པའི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་འགྲུབ་པ་ཡིན་ནོ། །ཇི་ལྟར་འགྲུབ་ན། མངལ་དུ་སྐྱེས་མ་ཐག་པའི་སེམས་ལ་རྒྱུ་ཡོད་མེད་གཉིས་སུ་ངེས་ལ། མེད་པ་ལ་རེས་


DLL1004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་སྐྱེ་བའི་རྟགས་ཀྱིས་གནོད་པས་རྒྱུ་ཡོད་པར་གྲུབ། རྒྱུ་དེ་ཡང་རྟག་མི་རྟག་གང་རུང་དུ་ཁ་ཚོན་ཆོད་ལ། རྟག་དངོས་རྒྱུར་མི་འཐད་དེ། དེ་དང་རྗེས་སུ་འགྲོ་ལྡོག་མི་འགྲུབ་པའི་ཕྱིར། དེས་ན་རྒྱུ་མི་རྟག་པར་ངེས་ལ། དེ་ལ་ཡང་བེམ་པོ་དང་རིག་པ་གཉིས་ལས་བེམ་པོས་ཉེར་ལེན་གྱི་རྒྱུ་མི་བྱེད་དེ། ནང་གི་བེམ་པོ་དང་ཕྱིའི་བེམ་པོ་གང་གིས་ཀྱང་ཉེར་ལེན་མི་བྱེད་པའི་ཕྱིར་ཏེ། དབང་སོགས་རེ་རེ་བ་དག་ཚོགས་པ་གང་གིས་ཀྱང་ཉེར་ལེན་མི་བྱེད་པའི་ཕྱིར་དང་། རྡུལ་ཕྲན་དང་ཡན་ལག་ཅན་གྱི་རྫས་གང་གིས་ཀྱང་ཉེར་ལེན་མི་བྱེད་པའི་ཕྱིར། དེས་ན་རིག་པས་ཉེར་ལེན་བྱེད་པར་གྲུབ་ལ། གཞན་གྱི་རིག་པས་ཉེར་ལེན་མི་བྱེད་དེ། བྱེད་ན་ཕ་མ་བློ་གསལ་བ་ལ་བུ་ཚ་ཡང་བློ་གསལ་བས་ཁྱབ་པར་ཐལ་བའི་ཕྱིར་རོ། །དེས་ན་རང་གི་རིག་པས་ཉེར་ལེན་བྱེད་པར་གྲུབ་བོ། །དེ་ལྟར་ན། མངལ་དུ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་འདི་བཞིན། ཞེས་པའི་རྟགས་ལ་བརྟེན་ནས། རིག་པའི་ཡ་མཐའ་ཐུག་མེད་དུ་གྲུབ་ལ། ལུས་ལ་སྲེད་བཅས་ཀྱི་སྐྱེས་བུ་འཆི་ཁ་མའི་སེམས་ཆོས་ཅན། སེམས་ཕྱི་མ་མཚམས་སྦྱོར་བ་ཡིན་ཏེ། ལུས་ལ་སྲེད་བཅས་ཀྱི་སེམས་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་འདི་བཞིན་ཞེས་པའི་རྟགས་ལ་བརྟེན་ནས་རིག་པའི་མ་མཐའ་ཐུག་མེད་དུ་འགྲུབ་པ་ཡིན་ནོ། །ཁ་ཅིག་རྟེན་བརྟན་ཞིང་གོམས་ཟིན་ལུས་ཀྱི་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་རྟགས་ལ་བརྟེན་ནས། བདག་མེད་རྟོགས་པའི་ཤེས་རབ་ལ་གསལ་སྣང་འབྱུང་རུང་དུ་བསྒྲུབ་པ་མ་ཡིན་ཏེ། བདག་མེད་མ་རྟོགས་པའི་སྐྱེས་བུའི་རྒྱུད་ལ་གསལ་སྣང་འབྱུང་རུང་ཡོད་པའི་ཕྱིར། གསལ་སྣང་འབྱུང་ངེས་སུ་བསྒྲུབ་པ་མིན་ཏེ། དེ་ལྟར་བསྒྲུབ་པར་མི་ནུས་པའི་ཕྱིར། དེས་ན་གོམས་


DLL1004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཡན་ལག་དང་མ་བྲལ་ན། གསལ་སྣང་འབྱུང་བར་ངེས་ཏེ། ཞེས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་ལས་གསལ་སྣང་འབྱུང་བར་ངེས་པར་ཐལ། ཁྱོད་ལས་གསལ་སྣང་འབྱུང་བར་ཚད་མས་གྲུབ་པའི་ཕྱིར་རོ། །ལོག་ཕྱོགས་མངོན་སུམ་ལྟར་སྣང་བཤད་པ་ལ། ཚད་མ་མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་སྨིག་རྒྱུ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་འཁྲུལ་བའི་ཤེས་པ་དང་། འདི་ནི་བུམ་པའོ་སྙམ་པའི་རྟོག་པ་ལྟ་བུ་ཀུན་རྫོབ་པའི་ཤེས་པ་དང་། རྗེས་དཔག་ནི་རྟགས་འཛིན་སེམས་དང་། རྗེས་སུ་དཔག་པ་ལས་བྱུང་རྟགས་ཅན་རྗེས་དཔག་དང་། འདས་པའི་དོན་དྲན་པའི་ཤེས་པ་དང་། མ་འོངས་པའི་དོན་མངོན་པར་འདོད་པའི་ཤེས་པ་སྟེ། རྟོག་པ་མངོན་སུམ་ལྟར་སྣང་དྲུག་དང་། རྟོག་མེད་མངོན་སུམ་ལྟར་སྣང་གཅིག་སྟེ། མངོན་སུམ་ལྟར་སྣང་བདུན་བསྟན་པ་ཡིན་ནོ། །བསྟན་པའི་དགོས་པ་གང་ཞེ་ན། རིགས་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པའི་རྟོག་གེའི་ཚིག་དོན་བརྒྱད་ཀྱི་ནང་ནས་ལྟར་སྣང་བཞི་བསྟན་པའི་དགོས་པ་ནི། ལྟར་སྣང་བཞི་པོ་དེ་ཡང་དག་ཏུ་འཁྲུལ་ནས་དེའི་རྗེས་སུ་ཞུགས་ན་མི་འདོད་པའི་དོན་འཐོབ་ཅིང་འདོད་པའི་དོན་མི་འཐོབ་པས་ལམ་གྱི་གོལ་ས་ཤེས་པར་བྱ་བའི་ཕྱིར་ཡིན་ལ། ཁྱད་པར་དུ་འདིར་མངོན་སུམ་ལྟར་སྣང་བསྟན་པའི་དགོས་པ་ནི། སློབ་དཔོན་ཕྱོགས་གླང་གིས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་དངོས་སུ་མ་


DLL1004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་། སྤྱིར་བཏང་དམིགས་བསལ་གྱི་ཚུལ་དུ་བསྟན་པ་དང་། རང་ཉིད་ཀྱིས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་བསྟན་པ་གཉིས་དགོངས་པ་མཐུན་པར་བྱ་བའི་ཕྱིར་དུ་བསྟན་པ་ཡིན་ནོ། །ཚད་མ་མདོར་མངོན་སུམ་ལྟར་སྣང་བདུན་བསྟན་པའི་དགོས་པ་ནི། རྟོག་བྲལ་གྱི་རྣམ་པར་བཅད་བྱ་རྟོགས་པའི་ཕྱིར་དུ་རྟོག་པ་མངོན་སུམ་ལྟར་སྣང་དྲུག་དང་། མ་འཁྲུལ་བའི་རྣམ་པར་བཅད་བྱ་རྟོགས་པའི་ཕྱིར་དུ་རྟོག་མེད་མངོན་སུམ་ལྟར་སྣང་གཅིག་བསྟན་པ་ཡིན་ནོ། །དེ་ཡང་རིགས་པ་ཅན་པས་རྟོག་པའི་ཁྱད་པར་འགའ་ཞིག་མངོན་སུམ་དུ་འདོད་པས། དེ་རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་མཐུན་དཔེར་ཤེས་པར་བྱ་བའི་ཕྱིར་དུ་རྟོག་པ་ཕྱི་མ་བཞི་བསྟན་པ་ཡིན་ལ། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་རྩོད་གཞི་ཤེས་པའི་ཕྱིར་དུ་འཁྲུལ་བའི་ཤེས་པ་དང་ཀུན་རྫོབ་པའི་ཤེས་པ་གཉིས་བསྟན་པ་ཡིན་ནོ། །འོ་ན་རྣམ་འགྲེལ་དུ་རྟོག་པ་ཕྱི་མ་བཞི་པོ་གཅིག་ཏུ་བསྡུས་ནས་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་མཇལ་བར་མཚུངས་པའི་ཕྱིར་དང་། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་མཐུན་དཔེར་རིགས་གཅིག་པའི་ཕྱིར་རོ། །རྟོག་པ་སྔ་མ་གཉིས་གཅིག་ཏུ་བསྡུས་ནས་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རིགས་པ་ཅན་པས། སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོོག་པ་མངོན་སུམ་མ་ཡིན་ཡང་དབང་ཤེས་སུ་འདོད་ལ། ཀུན་རྫོབ་པའི་ཤེས་པ་དབང་པོའི་མངོན་སུམ་དུ་འདོད་པས། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་རྩོད་གཞི་དེ་ལ་མི་འདྲ་བའི་ཆ་གཉིས་ཡོད་པ་དེ་ཤེས་པའི་ཕྱིར་དུ་སྔ་མ་གཉིས་སོ་སོར་བསྟན་པ་ཡིན་ནོ། །རྟོག་མེད་མངོན་སུམ་ལྟར་སྣང་བསྟན་པའི་དགོས་པ་ནི། མ་འཁྲུལ་པ་མངོན་སུམ་གྱི་མཚན་ཉིད་


DLL1004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟུར་དུ་རྟོགས་པར་བྱ་བའི་ཆེད་ཡིན་ཏེ། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་དངོས་སུ་མ་བསྟན་ཀྱང་། མངོན་སུམ་ལྟར་སྣང་རབ་རིབ་བཅས། ཞེས་རབ་རིབ་ཅན་གྱི་ཤེས་པ་དེ། རྟོག་པ་མངོན་སུམ་ལྟར་སྣང་གི་སྡེ་ཚན་ལས་ལོགས་སུ་བསྟན་པས་རྟོག་པ་མངོན་སུམ་ལྟར་སྣང་མ་ཡིན་པར་རྟོགས་ནུས་ལ། མངོན་སུམ་ལྟར་སྣང་དུ་བསྟན་པས་རྟོག་མེད་ཡིན་ཡང་འཁྲུལ་ན་མངོན་སུམ་མ་ཡིན་ནོ་ཞེས་རྟོགས་ནུས་པའི་ཕྱིར་རོ། ། ༢༨༽ ཚད་འབྲས་ཀྱི་རྣམ་གཞག ། གཉིས་པ་ཚད་འབྲས་ཀྱི་རྣམ་གཞག་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་སོགས་གཞལ་བྱ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུ་ཞེས་ཟེར་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཆོས་ཅན། དོན་རྟོགས་འཇོག་ནུས་ཀྱི་ཚད་མ་མ་ཡིན་པར་ཐལ། དོན་རྟོགས་པ་དང་མ་རྟོགས་པའི་དབང་ཤེས་ཀུན་གྱི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར། དཔྱོད་པ་བ་ན་རེ། གཟུགས་སོགས་གཞལ་བྱ། དང་པོར་དོན་ལ་ལྟ་བའི་ཤེས་པ་དག་བ་པ་རྟོག་མེད་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུའོ་ཞེས་ཟེར། དེ་སྐད་དུ་ཡང་། དང་པོར་ཡོད་པའི་ལྟ་བ་པོ། །ཤེས་པ་རྟོག་པ་མེད་པ་ཅན། །བྱིས་པ་ལྐུགས་སོགས་བློ་འདྲ་བ། །དག་པ་དངོས་ལས་སྐྱེས་པ་གང་། །དེ་ནི་ཚད་མ་ཉིད་དུ་འདོད། །དེ་ཡི་འོག་ཏུ་བློ་གང་ཞིག །དངོས་ཆོས་རིགས་ལ་སོགས་རྣམས་སུ། །བློ་ནི་ཞེན་པར་བྱེད་པ་གང་། །དེ་ཡང་འབྲས་བུ་ཉིད་དུ་འདོད། །ཅེས་འབྱུང་ངོ་། །དེ་ལྟ་བུའི་ཤེས་པ་དག་པ་བ་རྟོག་མེད་དེ་དོན་རྟོགས་འཇོག་བྱེད་ཀྱི་ཚད་མར་མི་འཐད་པར་ཐལ། ཡུལ་གྱི་རྣམ་པ་ཤར་བའི་བློ་མེད་ན་དོན་ལ་ལྟ་བ་མ་གྲུབ་


DLL1004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡུལ་གྱི་རྣམ་པ་ཤར་བའི་བློ་ཡོད་ན་དེ་ཉིད་དོན་རྟོགས་འཇོག་བྱེད་ཀྱི་ཚད་མར་ཁས་བླངས་པས་ཆོག་པའི་ཕྱིར། རིགས་པ་ཅན་པ་ན་རེ། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེ་བས། གཟུགས་སོགས་གཞལ་བྱ་སྤྱིི་སོགས་ཁྱད་པར་འཛིན་པའི་བློ་ཚད་མ། ཁྱད་པར་ཅན་རྫས་འཛིན་པའི་བློ་འབྲས་བུ་ཞེས་ཟེར། འོ་ན་ཡུལ་གྱི་རྣམ་པ་ཤར་བའི་བློ་གྲུབ་བམ་མ་གྲུབ། མ་གྲུབ་ན་བུམ་པའི་ཁྱད་པར་འཛིན་པའི་བློ་དང་སྣམ་བུའི་ཁྱད་པར་འཛིན་པའི་བློ་གཉིས་ཡུལ་ཅན་ཐ་དད་དུ་འབྱེད་བྱེད་མེད་པར་ཐལ། ཡུལ་གྱི་རྣམ་པར་ཤར་བའི་བློ་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་འཛིན་པའི་བློ་དང་སྣམ་བུ་འཛིན་པའི་བློ་གཉིས་ཡུལ་ཅན་ཐ་དད་དུ་འབྱེད་བྱེད་མེད་པར་ཐལ་ལོ། །གཞན་ཡང་། ཁྱད་པར་གྱི་བློ་ཆོས་ཅན། ཁྱོད་ཀྱིས་ཁྱད་པར་དངོས་སུ་རྟོགས་ལ་ཁྱད་པར་ཅན་དངོས་སུ་མ་རྟོགས་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ལ་ཡུལ་གྱི་རྣམ་པ་མ་ཤར་བའི་ཕྱིར། རྟགས་ཁས། ཡུལ་གྱི་རྣམ་པ་ཤར་བའི་བློ་གྲུབ་ན། ཁྱད་པར་ཅན་གཞལ་བྱ། ཁྱད་པར་གྱི་བློ་འབྲས་བུ་ཁྱད་པར་གྱི་རྣམ་པ་ཤར་བའི་ཤེས་པ་ཚད་མ་དང་། ཁྱད་པར་ཅན་གཞལ་བྱ། ཁྱད་པར་ཅན་གྱི་བློ་འབྲས་བུ། ཁྱད་པར་ཅན་གྱི་རྣམ་པ་ཤར་བའི་ཤེས་པ་ཚད་མར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཁས་ལེན་རིགས་པར་ཐལ། ཡུལ་གྱི་རྣམ་པ་ཤར་བའི་ཤེས་པ་ཚད་མར་རིགས་པའི་ཕྱིར། རྟགས་ཁས། འདོད་ན། ཁྱད་པར་གྱི་བློ་ཚད་མ། ཁྱད་པར་ཅན་གྱི་བློ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཁས་བླངས་པ་ལ་དགོས་པ་ཅུངཟད་ཀྱང་མེད་པར་ཐལ། ཁྱད་པར་གྱི་བློ་འབྲས་བུ་དང་། ཁྱད་པར་ཅན་གྱི་བློ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་གཉིས་ཁས་ལེན་རིགས་པའི་ཕྱིར། གཞན་ཡང་། ཁྱད་པར་གྱི་


DLL1004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བློ་དེ་ཁྱད་པར་ཅན་གྱི་བློའི་འཇོག་བྱེད་མ་ཡིན་པར་ཐལ། དེ་གཉིས་ཀྱི་བྱེད་པ་འཇུག་པའི་ཡུལ་རྫས་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། བྱེ་བྲག་པ་ན་རེ། ཤེས་བྱ་ཚིག་གི་དོན་དྲུག་གང་རུང་གཞལ་བྱ། དབང་དོན་འབྲེལ་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུ། དེ་ཡང་འབྲེལ་པ་ནི་དྲུག་སྟེ། སྦྱོར་བའི་འབྲེལ་པ་དང་། སྦྱོར་བ་ལ་འདུ་བའི་འབྲེལ་པ་དང་། སྦྱོར་བ་ལ་འདུ་བ་ལ་འདུས་པའི་འབྲེལ་པ་དང་། སྦྱོར་བ་དང་ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པ་དང་། འདུ་བའི་འབྲེལ་པ་དང་། འདུ་བ་ལ་འདུས་པའི་འབྲེལ་བའོ། །དང་པོ་ནི་མིག་གི་དབང་པོ་དང་བུམ་པ་ལྟ་བུའོ། །གཉིས་པ་ནི་མིག་གི་དབང་པོ་དང་བུམ་པའི་གཟུགས་དྲི་སོགས་ལྟ་བུའོ། །གསུམ་པ་ནི། མིག་གི་དབང་པོ་དང་བུམ་པའི་གཟུགས་ཀྱི་སྤྱི་ལྟ་བུའོ། །བཞི་པ་ནི། མིག་གི་དབང་པོ་དང་བུམ་པས་དག་པའི་ས་ཕྱོགས་ཀྱི་བུམ་མེད་ལྟ་བུའོ། །ལྔ་པ་ནི། རྣ་བའི་དབང་པོ་དང་སྒྲ་ལྟ་བུའོ། །དྲུག་པ་ནི། རྣ་བའི་དབང་པོ་དང་སྒྲ་ཉིད་ཀྱི་སྤྱི་ལྟ་བུའོ། །ཞེས་ཟེར། དབང་དོན་ཕྲད་པ་དོན་རྟོགས་འཇོག་བྱེད་ཀྱི་ཚད་མ་མ་ཡིན་པར་ཐལ། དབང་དོན་ཕྲད་པ་དང་དོན་རྟོགས་གཉིས་རྟོག་པ་ཕན་ཚུན་བརྟེན་པའི་སྐྱོན་ཡོད་པའི་ཕྱིར་ཏེ། དོན་རྟོགས་འཇོག་པར་བྱེད་པ་ལ། དབང་དོན་ཕྲད་པ་རྟོགས་པ་སྔོན་དུ་འགྲོ་དགོས། དབང་དོན་ཕྲད་པ་རྟོགས་པ་ལ་ཕྲད་རྒྱུའི་དབང་པོ་དང་དོན་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཞན་ཡང་། བུམ་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། ཁྱོད་ཀྱིས་བུམ་གཟུགས་དངོས་སུ་རྟོགས་ལ། བུམ་པའི་དྲི་རོ་སོགས་མ་རྟོགས་པའི་ཁྱད་པར་མེད་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དབང་པོ་གཟུགས་ཅན་པ་དེ། བུམ་པའི་གཟུགས་དྲི་སོགས་དང་འབྲེལ་བར་ཁྱད་པར་མེད་པའི་ཕྱིར། ཁྱབ་རྟགས་ཁས། དེས་ན་དབང་དོན་ཕྲད་པ་དོན་


DLL1004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་འཇོག་བྱེད་དུ་མི་འཐད་དེ། དབང་པོ་གཟུགས་ཅན་པ་དེ་བུམ་པའི་དྲི་རོ་སོགས་དང་འབྲེལ་བར་ཁྱད་པར་མེད་ཀྱང་དོན་གྱི་རྣམ་པ་ཤར་མ་ཤར་གྱི་སྒོ་ནས་དོན་རྟོགས་པ་དང་མ་རྟོགས་པར་འཇོག་དགོས་པའི་ཕྱིར་རོ། །འདི་ལ་ཁ་ཅིག །བྱེ་བྲག་པས་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཁྱོད་ཀྱིས་སྒྲ་རྟོགས་ལ་སྒྲའི་མི་རྟག་པ་མ་རྟོགས་པའི་ཁྱད་པར་མེད་པར་ཐལ། ཁྱོད་ལ་སྒྲ་དང་སྒྲའི་མི་རྟག་པའི་རྣམ་པ་ཤར་མ་ཤར་ཁྱད་པར་མེད་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། སྐྱོན་མེད་དེ། དོན་གྱི་རྣམ་པ་ཤར་བ་དོན་རྟོགས་འཇོག་བྱེེད་དང་དོན་ལ་ངེས་པ་འདྲེན་ནུས་ཀྱི་དོན་གྱི་རྣམ་པ་ཤར་བ་དོན་རྟོགས་ཚད་མའི་འཇོག་བྱེད་ཡིན་པས། སྒྲ་མི་རྟག་པར་རྟོགས་པར་ཐལ། སྒྲ་མི་རྟག་པའི་རྣམ་པ་ཤར་བའི་ཕྱིར་ཟེར་ན། འདོད་ལ། སྒྲ་མི་རྟག་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། སྒྲ་མི་རྟག་པའི་རྣམ་པ་ཤར་བའི་ཕྱིར་ཟེར་ན། ཁྱབ་པ་མ་ངེས་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། སྒྲ་མི་རྟག་པ་ལ་ངེས་པ་འདྲེན་ནུས་ཀྱི་རྣམ་པ་ཤར་བའི་ཕྱིར་ཟེར་ན། རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར་ཟེར་ན། བྱེ་བྲག་པས་ཀྱང་། དབང་དོན་ཕྲད་པ་དོན་རྟོགས་འཇོག་བྱེད་དང་། དོན་ལ་ངེས་པར་འདྲེན་ནུས་ཀྱི་དབང་དོན་ཕྲད་པ་དོན་རྟོགས་ཚད་མའི་འཇོག་བྱེད་དུ་འཇོག་ནུས་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ་དོན་གྱི་རྣམ་པ་ཤར་བ་ཙམ་དོན་རྟོགས་ཀྱི་འཇོག་བྱེད་མ་ཡིན་ལ། དོན་གྱི་རྣམ་པ་ཤར་ནས་རྣམ་པ་ལ་རང་རིག་གིས་ངེས་ཤེས་འདྲེན་ནུས་པ་དེ་དོན་རྟོགས་ཚད་མའི་འཇོག་བྱེད་དུ་ཁས་ལེན་པའི་ཕྱིར་རོ། །གྲངས་ཅན་ན་རེ། གཟུགས་སོགས་གཞལ་བྱ། རྣ་བ་ལ་སོགས་པ་དབང་པོའི་འཇུག་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་པ་འབྲས་བུ་ཞེས་ཟེར། དེ་རྣམས་མི་འཐད་དེ། ཚད་མ་དང་འབྲས་བུ་རྫས་ཐ་དད་དུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་


DLL1004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུགས་ནི། སྤྱིར་ཚད་མའི་འབྲས་བུ་ལ་བར་དུ་ཆོད་པའི་འབྲས་བུ་དང་། བར་དུ་མ་ཆོད་པའི་འབྲས་བུ་གཉིས། དང་པོ་ནི། བླང་དོར་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཞུགས་པས། མི་འདོད་པའི་དོན་སྤངས་ཤིང་འདོད་པའི་དོན་ཐོབ་པའི་མངོན་མཐོ་དང་ངེས་ལེགས་ཡིན་ལ། དེ་སྒྲུབ་པ་ཡང་བར་དུ་མ་ཆོད་པའི་འབྲས་བུ་ལ་རག་ལས་ཤིང་། དེ་ནི་གཞལ་བྱ་རྟོགས་པའི་ཚད་མ་ཡིན་ལ། དེ་གང་གིས་འཇོག་པར་ནུས་པ་དེ་ཚད་མ་ཡིན་ནོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་དང་ཕྱི་རོལ་པས་བཏགས་པ་ལྟར་མིན་གྱི་ཡུལ་གྱི་རྣམ་པ་ཤར་བའི་ཤེས་པ་ཞིག་ཡིན་ལ། དེ་ལྟ་བུའི་ཚད་འབྲས་ཀྱི་རྣམ་གཞག་ལ་དོན་སྨྲ་བ་ཁ་དྲང་བའི་ཕྱིར་དུ་རེ་ཞིག་ཕྱི་དོན་གཞལ་བྱར་བཞག་པའི་ཚད་འབྲས་དང་། ཕྱི་དོན་གཞལ་བྱ་ཡིན་པ་བཀག་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་གཞལ་བྱར་བྱས་པའི་ཚད་འབྲས་དང་། དོན་སྨྲ་བས་ཕྱི་རོལ་དུ་འདོད་པའི་གཟུགས་སོགས་གཞལ་བྱར་བྱེད་ནའང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་ཁས་བླངས་དགོས་སོ་ཞེས་བྱ་བའི་ཚད་འབྲས་ཀྱི་རྣམ་གཞག་ལ་གསུམ་ལས། འབྲས་རྟོགས་དང་པོའི་རྣམ་གཞག་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །འབྲས་རྟོགས་དང་པོའི་འདི་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། འབྲས་རྟོགས་དང་པོའི་སྐབས་འདིར་གཟུགས་སོགས་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་གཅིག་མདོ་སེམས་གཉིས་ཀས་ཁས་ལེན་པའི་ཕྱིར། ཁ་ཅིག །དོན་གཞལ་བྱ། དོན་གྱི་རྣམ་པར་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། དོན་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར། བུམ་པས་དག་པའི་ས་ཕྱོགས་འཛིན་


DLL1004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དག་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་བུམ་པས་དག་པའི་ས་ཕྱོགས་ཀྱི་བུམ་པ་སྣང་རུང་མ་དམིགས་པའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཡིན་པར་ཐལ། དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་དངོས་སུ་མ་རྟོགས་པའི་ཕྱིར། ཁ་ཅིག་དོན་གཞལ་བྱ་དོན་གྱི་རྣམ་པ་ཤར་བས་ན་དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། དོན་དངོས་སུ་རྟོགས་པའི་བློ་འབྲས་བུ་ཞེས་ཟེར། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པར་ཐལ། སྔོན་པོ་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྔོན་པོ་རྟོགས་པ་གང་ཞིག །སྔོན་པོའི་རྣམ་པ་ཤར་བའི་ཕྱིར། ཁ་ཅིག །དོན་གཞལ་བྱ། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། དོན་དངོས་སུ་རྟོགས་པའི་གཞན་རིག་གི་ཚད་མ་འབྲས་བུ་ཞེས་ཟེར། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྔོ་སྣང་དབང་ཤེས་དངོས་སུ་རྟོགས་པའི་གཞན་རིག་གི་ཚད་མ་ཡིན་པར་ཐལ། སྔོ་སྣང་དབང་ཤེས་ཀྱི་རྣམ་པར་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་གང་ཞིག །དེའི་རྣམ་པ་ཤར་བའི་ཕྱིར། ཕྱི་མ་མ་གྲུབ་ན། ཆོས་ཅན། ཁྱོད་ཀྱིས་སྔོ་སྣང་དབང་ཤེས་དངོས་སུ་རྟོགས་ལ་སེར་སྣང་དབང་ཤེས་དངོས་སུ་མ་རྟོགས་པའི་ཁྱད་པར་མེད་པར་ཐལ། ཁྱོད་ལ་སྔོ་སྣང་དབང་ཤེས་ཀྱི་རྣམ་པ་མ་ཤར་བའི་ཕྱིར། ཁ་ཅིག །གཟུགས་འཛིན་དབང་ཤེས་ཀྱི་ཕྱི་རོལ་གྱི་གཟུགས་དངོས་སུ་མ་རྟོགས་ཏེ། དེ་གཉིས་ཀྱི་


DLL1004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་རྣམ་པས་ཆོད་པའི་ཕྱིར་ཏེ། གཟུགས་འཛིན་དབང་ཤེས་ལ་གཟུགས་ཀྱི་རྣམ་པ་ཤར་བའི་ཕྱིར། དེ་ལྟར་ཡིན་ཡང་ཕྱི་རོལ་གྱི་གཟུགས་མི་འཛིན་པར་ཐལ་བའི་སྐྱོན་མེད་དེ། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པ་ཤར་བའི་ཆ་ནས་ཕྱི་རོལ་གྱི་གཟུགས་འཛིན་པར་འཇོག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་དང་། བདག་ཉིད་བྱེད་པོ་མིན་ན་ཡང་། །དེ་ཡི་དབང་གིས་དེར་བཞག་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཀྱིས་ཕྱི་རོལ་གྱི་གཟུགས་ཤུགས་ལ་རྟོགས་པར་ཐལ། དེ་རྟོགས་པ་གང་ཞིག །དེ་དངོས་སུ་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན་། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པ་ཤར་བ་འགལ། གཞན་ཡང་། ཤུགས་རྟོགས་འདོད་ན། གང་དངོས་སུ་རྟོགས་པའི་ཤུགས་ལ་ཕྱི་རོལ་གྱི་གཟུགས་རྟོགས་པ་ཡིན། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པ་དངོས་སུ་རྟོགས་པའི་ཤུགས་ལ། ཕྱི་རོལ་གྱི་གཟུགས་རྟོགས་པ་ཡིན་ནོ་ཞེ་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། ཕྱི་རོལ་གཟུགས་ཀྱི་རྣམ་པའི་རྣམ་པ་ཤར་བར་ཐལ། ཕྱི་རོལ་གཟུགས་ཀྱི་རྣམ་པ་དངོས་སུ་རྟོགས་པའི་ཕྱིར། འདོད་ན། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པ་ཤར་བ་ཐུག་མེད་དུ་ཐལ་ལོ། །གཞན་ཡང་། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པ་དངོས་སུ་རྟོགས་པ་མ་ཡིན་པར་ཐལ། ཁྱོད་དང་དེའི་བར་དུ་ཕྱི་རོལ་གྱི་རྣམ་པའི་རྣམ་པས་ཆོད་པའི་ཕྱིར། འཁོར་གསུམ། དེས་ན་དེ་ཆོས་ཅན། ཕྱི་རོལ་གྱི་གཟུགས་དངོས་སུ་རྟོགས་པ་ཡིན་ཏེ། ཕྱི་རོལ་གྱི་གཟུགས་ཀྱི་རྣམ་པར་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། ཕྱི་རོལ་དོན་ནི་དངོས་སུ་མིན། ཞེས་གསུངས་པ་དང་མི་འགལ་ཏེ། དེ་ནི་ཕྱི་རོལ་གྱི་དོན་དངོས་སུ་ཉམས་སུ་


DLL1004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་མིན། ཞེས་པའི་དོན་ཡིན་པའི་ཕྱིར་རོ། །ཁ་ཅིག །གཟུགས་འཛིན་དབང་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་རྟོགས་པ་མིན་ཏེ། ཕྱི་རོལ་གྱི་གཟུགས་མངོན་གྱུར་མ་ཡིན་པའི་ཕྱིར་ཏེ། དེ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། སེམས་ཙམ་པའི་ངོར་ཕྱི་རོལ་གྱི་གཟུགས་ཡོད་པར་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར་ཞེས་ཟེར། འོ་ན་གཟུགས་འཛིན་དབང་ཤེས་མ་འཁྲུལ་བའང་ལྐོག་གྱུར་ཡིན་པར་ཐལ། སེམས་ཙམ་པའི་ངོར་དེ་ཡོད་པར་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར། ཁྱབ་རྟགས་ཁས། འདོད་ན། དེ་མངོན་གྱུར་མ་ཡིན་པར་ཐལ་ལོ། །འདོད་ན། དེ་རང་རིག་མངོན་སུམ་གྱིས་གྲུབ་པ་མ་ཡིན་པར་ཐལ་ལོ། །འཁོར་གསུམ་མོ། །གཉིས་པ་རང་ལུགས་ལ། གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། གཟུགས་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱ་བ་ནི་མདོ་སྡེ་པ་དང་སེམས་ཙམ་པ་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཡིན་ལ། ཕྱི་རོལ་གྱི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་ཕྱི་རོལ་གྱི་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཕྱི་རོལ་གྱི་གཟུགས་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱ་བ་ནི། མདོ་སྡེ་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཡིན་ནོ། །འོ་ན་རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཆོས་ཅན། དོན་རྟོགས་འཇོག་པར་བྱེད་པའི་ཆོས་གསུམ་ཚང་བར་ཐལ། གཟུགས་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་པའི་ཕྱིར། དཔེར་ན་སྟ་རེས་ཤིང་གཅོད་པའི་ཚེ་སྐྱེས་བུའི་ལག་པས་བཟུང་བ་ལ་རག་ལུས་པ་ལྟ་བུ་བྱེད་པ་པོ་གཞན་གྱི་དབང་དུ་གྱུར་བ་དང་། སྟ་རེ་སྟེང་དུ་འཕར་ཞིང་འོག་ཏུ་འབབ་པ་ལྟ་བུ་རང་ཉིད་ཀྱི་བྱ་བའི་ལས་དང་ལྡན་པ་དང་། ཤིང་


DLL1004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུར་པ་ལྟ་བུ་གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་གསུམ་ཚང་བ་བཞིན་ཞེ་ན། དེ་ནི་འདོད་པ་ཡིན་ཏེ། དེ་ཆོས་ཅན། བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པའི་དོན་ཚང་བ་ཡིན་ཏེ། འཛིན་རྣམས་ཀྱིས་རིག་པའི་ཕྱིར། རང་ཉིད་བྱ་བའི་ལས་དང་ལྡན་པ་དང་། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བའི་དོན་ཚང་སྟེ། རང་ཡུལ་གྱི་རྣམ་པ་ཤར་ནས། གཟུགས་ལ་སྒྲོ་འདོགས་གཅོད་པའི་བྱ་བ་བྱེད་པའི་ཕྱིར། འབྲས་རྟོགས་གཉིས་པའི་རྣམ་གཞག་ལ་གསུམ། མདོ་སྡེ་པའི་ལུགས་དགག་པ་དང་རང་ལུགས་བཞག་པ། ཕྱི་དོན་འགོག་བྱེད་ལྷན་ཅིག་དམིགས་ངེས་ཀྱི་རྟགས་བཤད་པའོ། །དང་པོ་ནི། མདོ་སྡེ་པས་འབྲས་རྟོགས་དང་པོའི་སྐབས་སུ། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རིག་པར་ཁས་བླངས་པ་ལ་ཕྱི་རོལ་གྱི་དོན་རིག་པའི་རྒྱུ་མཚན་དྲིས་པས། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་གྱི་དོན་རིག་པ་ཡིན་ཏེ། ཕྱི་རོལ་གྱི་དོན་དང་འདྲ་བའི་ཕྱིར་ཞེ་ན། འདྲ་བའི་དོན་རྣམ་པ་ཤར་བ་ལ་བྱེད་དམ། ཕྱི་རོལ་དོན་གྱིས་རང་འདྲའི་རྣམ་པ་གཏད་པ་ལ་བྱེད། དང་པོ་ལྟར་ན། ཟླ་བ་གཉིས་སྣང་་གི་དབང་ཤེས་ཆོས་ཅན། ཟླ་གཉིས་རྟོགས་པར་ཐལ། ཟླ་གཉིས་ཀྱི་རྣམ་པ་ཤར་བའི་ཕྱིར། གཉིས་པ་ལྟར་ན། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་དོན་གྱིས་རང་འདྲའི་རྣམ་པ་གཏད་པར་ཐལ། ཕྱི་རོལ་གྱི་དོན་རགས་པས་ཀྱང་རང་འདྲའི་རྣམ་པ་མ་གཏད། ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་ཀྱིས་ཀྱང་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རགས་པ་རྫས་སུ་མ་གྲུབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཕྱི་རོལ་གྱི་རྡུལ་རེ་རེ་བས་ཀྱང་རང་འདྲའི་རྣམ་པ་མ་གཏད། ཕྱི་རོལ་གྱི་རྡུལ་དུ་མས་ཀྱང་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་ཏེ་


DLL1004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་རེ་རེ་བ་དང་རྡུལ་དུ་མ་རགས་པ་ལིང་པོ་གཅིག་ཏུ་མ་གྲུབ་པ་གང་ཞིག །ཁྱོད་ལ་རགས་པའི་ལིང་པོ་གཅིག་ཏུ་སྣང་བའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་རིག་པ་ཡིན་ཏེ། ཕྱི་རོལ་གྱི་དོན་དང་སྐྱེས་འདྲ་བ་ཡིན་པའི་ཕྱིར་ཞེ་ན། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་ཤེས་པ་ཆོས་ཅན། སྔོ་སྣང་དབང་ཤེས་རིག་པར་ཐལ། སྔོ་སྣང་དབང་ཤེས་དང་སྐྱེས་འདྲ་བ་ཡིན་པའི་ཕྱིར་ཏེ། སྔོ་སྣང་དབང་ཤེས་ལས་སྐྱེས་པ་གང་ཞིག །སྔོ་སྣང་དབང་ཤེས་དང་འདྲ་བའི་ཕྱིར་ཏེ། སྔོ་སྣང་དབང་ཤེས་དང་སྔོན་པོའི་རྣམ་པ་ཅན་དུ་འདྲ་བའི་ཕྱིར། གལ་ཏེ་ཆོས་ཅན། སྔོ་སྣང་དབང་ཤེས་དང་འདྲ་བ་མ་ཡིན་པར་ཐལ། སྔོ་སྣང་དབང་ཤེས་དང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་སྔོ་སྣང་དབང་ཤེས་ཆོས་ཅན། ཕྱི་རོལ་གྱི་སྔོན་པོ་དང་འདྲ་བ་མ་ཡིན་པར་ཐལ། ཕྱི་རོལ་གྱི་སྔོན་པོ་དང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཅན། ཕྱི་རོལ་གྱི་དོན་ཡིན་པར་ཐལ་ལོ། །འདོད་ན། ཤེས་པ་ལས་རྫས་ཐ་དད་པའི་ཕྱི་དོན་མ་གྲུབ་པར་ཐལ། སྔོ་སྣང་དབང་ཤེས་ཀྱི་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། གལ་ཏེ་སྔོ་སྣང་དབང་ཤེས་ཆོས་ཅན། ཕྱི་རོལ་གྱི་སྔོན་པོ་དང་འདྲ་བ་ཡིན་ཏེ། ཕྱི་རོལ་གྱི་སྔོན་པོའི་རྣམ་པ་ཤར་བའི་ཕྱིར་ཞེ་ན། འོ་ན་སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་དྲན་ཤེས་ཆོས་ཅན། སྔོ་སྣང་དབང་ཤེས་དང་འདྲ་བར་ཐལ། སྔོ་སྣང་དབང་ཤེས་ཀྱི་རྣམ་པ་ཤར་བའི་ཕྱིར་རོ། །ཞེས་བྱ་བ་ནི་ལྷ་དབང་བློའི་དགོངས་པའོ། །གཉིས་པ་རང་ལུགས་ལ། ཁ་ཅིག །གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི་འབྲས་རྟོགས་གཉིས་པའི་ཐུན་མོང་མིན་པའི་ཚད་འབྲས་ཀྱི་རྣམ་གཞག་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་འདྲའི་ཚད་


DLL1004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་རྣམ་གཞག་མདོ་སྡེ་པས་ཀྱང་ཁས་ལེན་པའི་ཕྱིར་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཅིག །དེས་ན་གཞན་རིག་མེད་པའི་ཕྱིར། རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པའི་གཞུང་གིས་འཕངས་ནས་བསྟན་པའི་ཕྱིར་ཏེ། གཞུང་དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་བསྟན་པའི་ཕྱིར། ཁ་ཅིག །གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ་རང་རིག་ཚད་མ་འབྲས་བུ་ཞེས་ཟེར་བ་མི་འཐད་དེ། འཛིན་རྣམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་རང་ལུགས་ལ། འབྲས་རྟོགས་གཉིས་པའི་ཚད་འབྲས་ལ། གཞན་རིག་གི་ཚད་འབྲས་དང་། རང་རིག་གི་ཚད་འབྲས་གཉིས་ལས། དང་པོ་ནི། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་འབྲས་བུའོ། །གཉིས་པ་ནི། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་གཟུང་རྣམ་གཞལ་བྱ། དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་འཛིན་རྣམ་ཚད་མ། དེ་ཡོངས་སུ་གཅོད་བྱེད་ཀྱི་རང་རིག་ཚད་མ་འབྲས་བུའོ། །གསུམ་པ་ལ་གཉིས། དངོས་དང་། རྣམ་བདེན་རྫུན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས། ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཏན་ལ་ཕབ་པའི་དགོས་པ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་དོན་གཏན་ལ་དབབ་པའོ། །དང་པོ་ནི། གཟུང་འཛིན་རྫས་ཐ་དད་དུ་མངོན་པར་ཞེན་པའི་ཤེས་སྒྲིབ་སྤང་བའི་ཆེད་ཡིན་ཏེ། ཤེས་སྒྲིབ་དེ་སྤོང་བ་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་


DLL1004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་རྟོགས་པའི་ཤེས་རབ་སྐྱེད་དགོས་ལ། དེ་སྐྱེད་པ་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་ཤིང་། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་གཏན་ལ་འབེབས་པའི་ཕྱིར་རོ། །གཉིས་པ་ལ་དགག་གཞག་སྤང་གསུམ་མོ། །དང་པོ་ནི། སྔོ་སྣང་དབང་ཤེས་དང་དེ་ལ་ཤར་བའི་རྣམ་པ་གཉིས་རྫས་གཞན་མ་ཡིན་པར་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བའི་ངོར་སྒྲུབ་པ་མི་འཐད་དེ། དེ་གཉིས་ཀས་དེ་གཉིས་རྫས་གཞན་མིན་པར་འདོད་པའི་ཕྱིར་ཏེ། བྱེ་བྲག་ཏུ་སྨྲ་བས་སྔོ་སྣང་དབང་ཤེས་ལ་ཤར་བའི་རྣམ་པ་ཁས་མི་ལེན་པའི་ཕྱིར་དང་། མདོ་སྡེ་པས་དེ་གཉིས་རྫས་གཅིག་ཏུ་འདོད་པའི་ཕྱིར་རོ། །སྔོན་པོར་སྣང་བ་དང་སྔོ་སྣང་དབང་ཤེས་གཉིས་རྫས་གཞན་མ་ཡིན་པར་མདོ་སྡེ་པའི་ངོར་སྒྲུབ་པ་མི་འཐད་དེ། མདོ་སྡེ་པས་དེ་གཉིས་རྫས་གཞན་མ་ཡིན་པར་འདོད་པའི་ཕྱིར་ཏེ། མདོ་སྡེ་པས་སྔོན་པོར་སྣང་བ་དངོས་པོར་མི་འདོད་པའི་ཕྱིར། སྔོན་པོ་དང་སྔོ་སྣང་དབང་ཤེས་གཉིས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་རྫས་གཞན་མ་ཡིན་པར་སྒྲུབ་པའང་མི་འཐད་དེ། དེ་གཉིས་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྔོན་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། སྔོ་སྣང་དབང་ཤེས་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པར་ཐལ། སྔོན་པོ་དམིགས་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོ་སྣང་དབང་ཤེས་རྫས་གཅིག་ཏུ་སྒྲུབ་པ་ཡིན་ཟེར་བའང་མི་འཐད་དེ། བུམ་འཛིན་རྟོག་པ་དང་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྟགས་དགོད་པ་དང་། ཚུལ་བསྒྲུབ་པའོ། །དང་པོ་ནི། ཆོས་ཅན་གྱི་དོན་ནི་སྔོན་


DLL1004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་སྔོན་འཛིན་ཤེས་པ་ལྟ་བུ་སྟེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་ལས་གཞན་མིན། །ཞེས་དང་། སྔོན་པོ་དང་དེའི་བློ་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་གསུངས་སོ། །བསྒྲུབ་བྱའི་ཆོས་ཀྱི་དོན་ནི། རྫས་གཞན་བཀག་ཙམ་ཡིན་ནོ། །རྟགས་ཀྱི་དོན་ནི། ལྷན་ཅིག་པ་ནི་དུས་གཅིག་པ། དམིགས་པ་ནི་རྟོགས་པ། ངེས་པ་ནི་ཁྱབ་པའོ། །དེས་ན་སྔོན་པོ་དང་སྔོན་འཛིན་ཤེས་པ་ཆོས་ཅན། རྫས་གཞན་མིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། སྔོན་པོ་ཆོས་ཅན། སྔོན་འཛིན་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་ཏེ། སྔོན་འཛིན་ཤེས་པ་དང་ཐ་དད་གང་ཞིག །ཁྱོད་དམིགས་ན་སྔོན་འཛིན་ཤེས་པ་དམིགས་པའི་བདག་ཉིད་དུ་སྐྱེས་པས་ཁྱབ། དེ་དམིགས་ན་ཡང་ཁྱོད་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པས་ཁྱབ་པའི་ཕྱིར། འདི་ནི་ཆོས་མཆོག་གི་དགོངས་པ་ཡིན་ཏེ། ཆོས་མཆོག་གི་འགྲེལ་པར། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཡིན་གྱི། གཞན་དུ་མིན་ལ་ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་མ་ཡིན་པས་ཁྱབ་སྟེ། རྫས་གཞན་ལ་ལྷན་ཅིག་དམིགས་ངེས་ཁེགས་པའི་ཕྱིར། དཔེར་ན་སྔོ་སེར་བཞིན། སྔོ་སེར་ལའང་ལྷན་ཅིག་དམིགས་པ་ཡོད་པ་མིན་ནམ་ཞེ་ན། ལྷན་ཅིག་དམིགས་པ་ཙམ་ཡོད་ཀྱང་དམིགས་པའི་ངེས་པ་མེད་དོ། །གསུམ་པ་རྩོད་སྤང་ལ་འགལ་བའི་རྩོད་སྤང་ནི། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་མིན་


DLL1004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒྲུབ་པའི་ཁྱབ་པ་འགལ་བ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་ན་ཐ་དད་ཡིན་དགོས། དེ་ཡིན་ན་ཐ་དད་དུ་ཚད་མས་གྲུབ་དགོས། དེ་ལྟར་ན་ཡུལ་རང་ངོས་ནས་ཐ་དད་ཡིན་དགོས། དེ་ལྟར་ན་རྫས་ཐ་དད་ཡིན་དགོས་པའི་ཕྱིར་ཞེ་ན། སྒྲ་རྟོག་དངོས་དབང་གིས་འཇུག་པར་འདོད་པ་ལ་སྐྱོན་དེ་ཡོད་མོད། ཁོ་བོ་ལ་སྐྱོན་མེད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་རྣམ་གཞག་ཁས་ལེན་པའི་ཕྱིར་རོ། །མ་གྲུབ་པའི་རྩོད་སྤང་ནི། སྔོན་པོ་དང་སྔོན་འཛིན་ཤེས་པ་ལྷན་ཅིག་དམིགས་ངེས་མིན་པར་ཐལ། སྔོན་འཛིན་ཤེས་པ་དམིགས་ན་སྔོན་པོ་དམིགས་པས་མ་ཁྱབ་པའི་ཕྱིར་ཏེ། སྔོན་འཛིན་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྔོན་འཛིན་ཤེས་པ་དམིགས་ཀྱང་སྔོན་པོ་མ་དམིགས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྔོན་པོ་མ་དམིགས་ཀྱང་སྔོན་པོ་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པའི་ཕྱིར་རོ། །མ་ངེས་པའི་རྩོད་སྤང་ནི། སེམས་དང་སེམས་བྱུང་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སེམས་མ་དམིགས་པར་སེམས་བྱུང་དམིགས་པ་དང་སེམས་བྱུང་མ་དམིགས་པར་སེམས་དམིགས་པ་ཡོད་པའི་ཕྱིར། དེ་སྐད་དུ་ཡང་ཆོས་མཆོག་གིས། སེམས་དང་སེམས་ལས་བྱུང་བས་ཀྱང་འཁྲུལ་པར་མི་འགྱུར་ཏེ། དེ་དག་རྣམས་ཀྱང་སོ་སོར་བདག་ཉིད་ཡང་དག་པར་རིག་པའི་ཕྱིར་རོ། །ཞེས་གསུངས་སོ། །སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཤེས་པ་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། སེམས་ཅན་གྱི་ཤེས་པ་དམིགས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་དམིགས་པ་ཡོད་པའི་ཕྱིར། སྣང་གཟུགས་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་


DLL1004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེ་ན། བར་མ་ཆོད་པའི་སྣང་གཟུགས་ལ་བྱེད་དམ་སྣང་གཟུགས་ཙམ་ལ་བྱེད། དང་པོ་ལྟར་ན་འདོད་དེ། དེ་གཉིས་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་སྒོ་ནས་ངོ་བོ་གཅིག་ཏུ་སྐྱེས་པའི་ཕྱིར་ཏེ། སྣང་བ་སྔ་མས་བར་མ་ཆོད་པའི་སྣང་བའི་ཉེར་ལེན་དང་། བར་མ་ཆོད་པའི་གཟུགས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་། གཟུགས་སྔ་མས་བར་མ་ཆོད་པའི་གཟུགས་ཀྱི་ཉེར་ལེན་དང་། བར་མ་ཆོད་པའི་སྣང་བའི་ལྷན་ཅིག་བྱེད་རྐྱེན་བྱས་པའི་སྒོ་ནས་བདག་ཉིད་གཅིག་ཏུ་སྐྱེས་པའི་ཕྱིར་རོ། །སྣང་གཟུགས་ཙམ་ལ་བྱེད་ན། ལྷན་ཅིག་དམིགས་ངེས་སུ་མ་གྲུབ་སྟེ། འུག་པའི་མིག་ཤེས་ཀྱིས་མཚན་མོ་སྣང་བ་མ་དམིགས་ཀྱང་གཟུགས་དམིགས་པ་དང་། གཟུགས་མ་དམིགས་ཀྱང་བར་གྱི་སྣང་བ་དམིགས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་མིན་པར་བསྒྲུབས་པས་ཆོས་ཀྱི་བདག་མེད་མི་འགྲུབ་སྟེ། དེ་གཉིས་རྫས་གཞན་མིན་པར་བསྒྲུབས་པས་ཕྱི་དོན་མི་ཁེགས་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། དེ་གཉིས་རྫས་གཞན་མ་ཡིན་པར་བསྒྲུབས་པས། སྔོན་པོ་སྔོན་འཛིན་ཤེས་པའི་བདག་ཉིད་དུ་གྲུབ་ལ། དེ་ལྟར་ན་སྔོན་པོ་ཤེས་པའི་བདག་ཉིད་དུ་གྲུབ་ལ། དེ་ལྟར་ན། སྔོན་པོ་ཤེས་པ་ལས་རྫས་གཞན་མིན་པ་དང་། ཕྱི་རོལ་གྱི་དོན་མིན་པར་གྲུབ་པའི་ཕྱིར་རོ། །གལ་ཏེ་སྔོན་པོ་དང་སྔོན་འཛིན་ཤེས་པ་ལྷན་ཅིག་དམིགས་ངེས་ཡིན་ན། བྱད་གཟུགས་ལ་བལྟ་བའི་ལྷས་བྱིན་གྱི་མིག་ཤེས་དང་། ལྷས་བྱིན་གྱི་མིག་ཤེས་ལ་སྣང་བའི་བྱད་གཟུགས་གཉིས་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདོད་ན། ལྷས་བྱིན་གྱི་མིག་ཤེས་ལ་སྣང་


DLL1004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱད་གཟུགས་དམིགས་ན། བྱད་གཟུགས་སྣང་བའི་ལྷས་བྱིན་གྱི་མིག་ཤེས་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པས་ཁྱབ་པར་ཐལ། འདོད་ན། ལྷས་བྱིན་དང་མཆོད་སྦྱིན་གཉིས་ཀྱིས་བྱད་གཟུགས་གཅིག་ལ་ཐུན་མོང་དུ་དམིགས་པའི་ཚེ་ན། བྱད་གཟུགས་སྣང་བའི་མཆོད་སྦྱིན་གྱི་མིག་ཤེས་ཆོས་ཅན། བྱད་གཟུགས་སྣང་བའི་ལྷས་བྱིན་གྱི་མིག་ཤེས་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པར་ཐལ་ལྷས་བྱིན་གྱི་མིག་ཤེས་ལ་སྣང་བའི་བྱད་གཟུགས་དམིགས་པའི་ཕྱིར་ཏེ། དེའི་ཚེ་ལྷས་བྱིན་དང་མཆོད་སྦྱིན་གྱི་མིག་ཤེས་གཉིས་ཀས་བྱད་གཟུགས་གཅིག་ལ་ཐུན་མོང་དུ་དམིགས་པའི་ཕྱིར་ཞེ་ན། ཕྱི་མ་མ་ཁྱབ་སྟེ། ལྷས་བྱིན་དང་མཆོད་སྦྱིན་གཉིས་ཀྱི་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཟླ་གཉིས་སྣང་བར་མཚུངས་ཀྱང་། གཅིག་ལ་སྣང་བ་ཅིག་ཤོས་ལ་མི་སྣང་བ་བཞིན་ནོ། །གོང་དུ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཕྱི་དོན་བཀག་པ་ལ། ཁོ་ན་རེ། ས་བོན་ལས་མྱུ་གུ་སྐྱེ་བ་དང་དུ་བ་ལས་མེ་སྒྲུབ་པ་མི་འགྲུབ་པར་ཐལ། ཕྱི་རོལ་གྱི་དོན་མ་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་རྣམ་གཞག་དེ་ཕྱི་རོལ་ལ་བརྟེན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཕྱི་དོན་མ་གྲུབ་ཀྱང་བློའི་རྫས་ལ་བརྟེན་ནས་མེ་དུ་སོགས་རྒྱུ་འབྲས་སུ་ཁས་ལེན་པ་ལ་འགལ་བ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན་དུ་བ་དུར་སྣང་གི་བག་ཆགས་འབའ་ཞིག་ལས་སྐྱེ་དགོས་ལ། དེ་ལྟ་ན་དུ་བ་མེས་སྐྱེད་པ་མ་ཡིན་པར་འགྱུར་རོ། །འདོད་ན། དུ་བ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་འགྱུར་རོ། །གལ་ཏེ་དུར་སྣང་དེ་མེའི་རྒྱུར་ཁས་ལེན་ན་ཡང་། དུ་བ་དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དུར་སྣང་མེའི་རྒྱུ་ཡིན་པ་གང་ཞིག །རྒྱུ་འབྲས་བུ་ལ་འཁྲུལ་པའི་ཕྱིར་ཞེ་ན། ཁ་ཅིག་གིས་དེའི་ལན་དུ་


DLL1004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས། འགོད་ཚུལ་ལ། ལར་སྣང་ཆོས་ཅན། མེར་སྣང་ཡོད་དེ། དུར་སྣང་ཡོད་པའི་ཕྱིར། ཞེས་བཀོད་ནས་སོང་ཚོད་ལ་དུར་སྣང་གི་རྟགས་ལས་མེར་སྣང་གི་བག་ཆགས་གསལ་བར་སད་པ་ཅན་གྱིས། མེར་སྣང་གི་བློ་མ་འོངས་པ་ན་འབྱུང་རུང་དཔོག་པ་ཡིན་ཟེར་བ་མི་འཐད་དེ། མདོ་སྡེ་པས་དུ་བ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་འགྱུར་ཞེས་བརྩད་པའི་ལན་དུ། རྟགས་སྦྱོར་དེ་ལྟར་འགོད་པ་འབྲེལ་མེད་པའི་ཕྱིར། དུར་སྣང་གི་རྟགས་ལས་མེར་སྣང་གི་བློ་མ་འོངས་པ་ན་འབྱུང་རུང་དཔོག་མི་ནུས་ཤིང་། ནུས་ན་ཡང་རང་བཞིན་གྱི་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། གཞན་ཡང་མདོ་སྡེ་པས། ཕྱི་རོལ་དོན་དུ་གྱུར་པའི་དུ་ལྡན་གྱི་ལ་ལ་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་བའི་མེ་ཡོད་དེ། ཕྱི་རོལ་དོན་དུ་གྱུར་པའི་དུ་བ་ཡོད་པའི་ཕྱིར། ཞེས་འགོད་རིགས་པར་ཐལ། སེམས་ཙམ་པས་ལར་སྣང་ཆོས་ཅན། མེར་སྣང་ཡོད་དེ། དུར་སྣང་ཡོད་པའི་ཕྱིར། ཞེས་འགོད་རིགས་པའི་ཕྱིར། ཁྱོད་ཀྱི་ལུགས་ལ་མེ་དུ་དང་ས་མྱུག་སོགས་ཁས་ལེན་ནམ་མི་ལེན། ལེན་ན། ལར་སྣང་ཆོས་ཅན། མེར་སྣང་ཡོད་དེ། དུར་སྣང་ཡོད་པའི་ཕྱིར། ཞེས་སྣང་བའི་ཁྱད་པར་རྟགས་སུ་སྦྱར་བ་དོན་མེད་པར་ཐལ། མདོ་སྡེ་པ་ལྟར་དུ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པས་ཆོག་པའི་ཕྱིར། ཁོ་ན་རེ། མེ་དུ་ཁས་ལེན་ཡང་རྒྱུ་འབྲས་སུ་ཁས་ལེན་པ་མ་ཡིན་ཞེ་ན། མི་འཐད་དེ། ཕྱི་དོན་བཀག་པ་ལ་མེ་དུ་སོགས་རྒྱུ་འབྲས་སུ་མི་འཐད་པར་ཐལ་པ་ལ། མ་ཁྱབ་སྟེ། ཕྱི་དོན་མ་གྲུབ་ཀྱང་བློའི་རྫས་ལ་རྟེན་ནས་མེ་དུ་རྒྱུ་འབྲས་སུ་ཁས་ལེན་པ་ལ་འགལ་བ་མེད་པའི་ཕྱིར་ཞེས་ལན་བཏབ་པ་དོན་མེད་པར་འགྱུར་ཏེ། ཁྱོད་ལྟར་


DLL1004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ན། མེ་དུ་སོགས་རྒྱུ་འབྲས་ཡིན་པར་ཐལ་བ་ལ་འདོད་ལན་འདེབས་རིགས་པའི་ཕྱིར། ཁོ་ན་རེ། རྒྱུ་འབྲས་སུ་འདོད་པའི་མེ་དུ་སོགས་རྒྱུ་འབྲས་སུ་སྣང་ཡང་རྒྱུ་འབྲས་མ་ཡིན་་པས་དུར་སྣང་རྟགས་སུ་བཀོད་པ་ཡིན་ནོ་ཞེ་ན། འོ་ན་དུར་སྣང་ཆོས་ཅན། ལར་སྣང་ལ་མེར་སྣང་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མེར་སྣང་དང་འབྲེལ་པ་གྲུབ་པར་སྣང་ཡང་། དེ་དང་འབྲེལ་བ་མ་གྲུབ་པའི་ཕྱིར། གཞན་ཡང་། གཟུགས་ནས་རྣམ་མཁྱེན་གྱིབར་གྱི་ཆོས་རྣམས་དེར་སྣང་ཡང་དེར་མ་གྲུབ་པར་ཐལ། མེ་དུ་མེ་དུར་སྣང་ཡང་མེ་དུར་མ་གྲུབ་པའི་ཕྱིར། ཁོ་ན་རེ་མེ་དུ་གྲུབ་ན་ཕྱི་རོལ་གྱི་མེ་དུ་གྲུབ་དགོས་པ་ལས་ཕྱིི་རོལ་གྱི་མེ་དུ་མ་གྲུབ་པས། ལར་སྣང་ཆོས་ཅན། མེར་སྣང་ཡོད་དེ། དུར་སྣང་ཡོད་པའི་ཕྱིར་ཞེས་འགོད་པ་ཡིན་ནོ་ཞེ་ན། འོ་ན་སེམས་ཙམ་པའི་ལུགས་ལ་གཟུགས་ཕུང་མ་གྲུབ་པར་ཐལ། གཟུགས་གྲུབ་ན་ཕྱི་རོལ་གྱི་གཟུགས་གྲུབ་དགོས་པ་ལས། ཕྱི་རོལ་ཀྱང་གཟུགས་མ་གྲུབ་པའི་ཕྱིར། འདོད་ན། ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ལ་སོགས་པའི་རྣམ་གཞག་མ་གྲུབ་པར་ཐལ་ལོ། །ཡང་ཁ་ཅིག །མེ་དུ་གྲུབ་ཀྱང་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་ཚེ། ལར་སྣང་གི་རྒྱུད་ལ་ཆོས་ཅན། མེར་སྣང་གི་བློ་ཡོད་དེ། དུར་སྣང་གི་བློ་ཡོད་པའི་ཕྱིར་ཞེས་འགོད་པ་ཡིན་གྱི། མདོ་སྡེ་པ་ལྟར་དུ་དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་འགོད་པ་མ་ཡིན་ཏེ། རྒྱུད་གཞན་སྒྲུབ་པར། ཕ་རོལ་པོའི་རྒྱུད་ལ་སེམས་ཡོད་པར་སྒྲུབ་པའི་ཚེ། མདོ་སྡེ་པས། ཕ་རོལ་པོའི་རྒྱུད་ལ་ཆོས་ཅན། སེམས་ཡོད་དེ། ངག་གི་རྣམ་པར་རིག་བྱེད་ཡོད་པའི་ཕྱིར་ཞེས་འགོད། སེམས་ཙམ་པས་ཕ་རོལ་པོའི་རྒྱུད་ལ་ཆོས་ཅན། སེམས་ཡོད་དེ། ངག་གི་རྣམ་པར་རིག་བྱེད་དུ་སྣང་བའི་བློ་ཡོད་པའི་ཕྱིར་ནས་འགོད་པའི་ཕྱིར་ཞེ་ན། དེ་གཉིས་མི་མཚུངས་ཏེ། ངག་གི་རྣམ་པར་རིག་བྱེད་དུ་སྣང་བའི་བློ་ཡོད་


DLL1004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་ལས། ཕ་རོལ་པོའི་རྒྱུད་ལ་སེམས་ཡོད་པར་བདེ་བླག་ཏུ་འགྲུབ་ཅིང་། དུར་སྣང་གི་བློ་ཡོད་པའི་རྟགས་ཀྱིས་ལར་སྣང་གི་རྒྱུད་ལ་མེར་སྣང་གི་བློ་ཡོད་པར་བསྒྲུབས་པས། དུ་ལྡན་གྱི་ལ་ལ་མེ་ཡོད་པར་འགྲུབ་པ་ལ་ཅུང་ཟད་མི་ཕན་པའི་ཕྱིར་དང་། གཞན་ཡང་ལར་སྣང་གི་རྒྱུད་ལ་མེར་སྣང་གི་བློ་ཡོད་པར་སྒྲུབ་པ་འདི། དེའི་རྒྱུད་ལ་མེར་སྣང་གི་བློ་ཙམ་དང་མེ་འཛིན་རྟོག་པ་དང་མེ་འཛིན་མངོན་སུམ་ཡོད་པར་སྒྲུབ་པ་གང་ཡིན། དང་པོ་གཉིས་མི་འཐད་དེ། དེ་གཉིས་ཡོད་པར་བསྒྲུབས་པས། དུ་ལྡན་གྱི་ལ་ལ་མེ་ཡོད་དུ་མི་འགྲུབ་པའི་ཕྱིར། ཕྱི་མ་ཡང་མི་འཐད་དེ་དུར་སྣང་གི་བློ་ཡོད་ན་མེ་འཛིན་མངོན་སུམ་ཡོད་པའི་ཁྱབ་པ་མ་ངེས་པའི་ཕྱིར་རོ། །གཉིས་པ་རྣམ་བདེན་རྫུན་གྱི་ཁྱད་པར་བཤད་པ་ལ། དགག་བཞག་གཉིས། དང་པོ་ནི། ཁ་ཅིག་ན་རེ། རྣམ་བདེན་རྫུན་གྱི་ཁྱད་པར་ཐ་སྙད་དུ་ཕྱི་དོན་འདོད་མི་འདོད་ཡིན་ནོ་ཞེ་ན། དེ་མི་འཐད་དེ། རྣམ་བདེན་པའི་ལུགས་ལ་ཡང་ཐ་སྙད་དུ་ཕྱི་དོན་མ་གྲུབ་པའི་ཕྱིར་ཏེ། ཐ་སྙད་དུ་ཡང་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་ཕྱིར་ཏེ། ལྷན་ཅིག་དམིགས་ངེས་དེ་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། སྔོན་པོ་དང་སྔོན་འཛིན་ཤེས་པ་དོན་དམ་པར་རྫས་གཞན་མ་ཡིན་ཡང་ཐ་སྙད་དུ་རྫས་གཞན་དུ་འདོད་དོ་ཞེ་ན། འོ་ན་རྣམ་བདེན་པའི་ལུགས་ལ། ཐ་སྙད་དུ་ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ་ལོ། །འདོད་ན། དོན་དམ་དཔྱོད་ཀྱི་རིགས་པས་ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ་གནོད་པར་ཐལ། ཐ་སྙད་དུ་ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་གང་ཞིག །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་མ་ཡིན་པར་གྲུབ་པའི་ཕྱིར


DLL1004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཁས། གཞན་ཡང་། རྣམ་བདེན་པའི་ལུགས་ལ་ཐ་སྙད་དུ་ཆོས་ཀྱི་བདག་གྲུབ་པར་ཐལ། ཐ་སྙད་དུ་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་ཡིན་པའི་ཕྱིར། འདོད་ན། ཐ་སྙད་དུ་ཆོས་ཀྱི་བདག་མེད་རིགས་པས་མ་གྲུབ་པར་ཐལ་ལོ། ཁ་ཅིག །ཐ་སྙད་དུ་གཟུགས་ཕུང་འདོད་མི་འདོད་ཀྱི་ཁྱད་པར་ཡིན་ནོ་ཞེ་ན། མི་འཐད་དེ། རྣམ་རྫུན་པའི་ལུགས་ལ་ཡང་གཟུགས་ཕུང་འདོད་པའི་ཕྱིར་ཏེ། ཐ་སྙད་དུ་ཕུང་པོ་ལྔའི་རྣམ་གཞག་དོན་མཐུན་ཁས་ལེན་པའི་ཕྱིར་རོ། །གཞན་ཡང་། རྣམ་རྫུན་པའི་ལུགས་ལ། སྔོ་སྣང་དབང་ཤེས་དང་ཟླ་བ་གཉིས་སྣང་གི་དབང་ཤེས་གཉིས་མངོན་སུམ་ཡིན་མིན་གྱི་ཁྱད་པར་མི་འཐད་པར་ཐལ། རྣམ་རྫུན་པའི་ལུགས་ལ་སྔོན་པོ་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྔོ་སྣང་དབང་ཤེས་བག་ཆགས་བརྟན་བྱུང་གི་དབང་ཤེས་ཡིན་པའི་ཕྱིར་རོ། །ཁ་ཅིག་གཟུང་རྣམ་གྱི་དངོས་པོ་འདོད་མི་འདོད་ཀྱི་ཁྱད་པར་ཡིན་ནོ་ཞེ་ན། མི་འཐད་དེ། རྣམ་རྫུན་པའི་ལུགས་ལ་ཡང་གཟུང་རྣམ་གྱི་དངོས་པོ་གྲུབ་པའི་ཕྱིར། མ་གྲུབ་ན། སྔོ་སྣང་དབང་ཤེས་ཆོས་ཅན། འཛིན་རྣམ་ཡིན་པར་ཐལ། ཤེས་པ་གང་ཞིག །གཟུང་རྣམ་གྱི་དངོས་པོ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་རིག་ཡིན་པར་ཐལ། འདོད་ན། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པར་ཐལ་ལོ། །འདོད་ན། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན། རྟོག་པ་ཡིན་པས་ཁྱབ་པར་ཐལ་ལོ། །ཁ་ཅིག །སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཅིག་ཏུ་སྒྲུབ་པ་སེམས་ཙམ་རྣམ་བདེན་པ་དང་། རྫས་གཞན་བཀག་པ་ཙམ་དུ་འདོད་པ་རྣམ་རྫུན་པ་ཡིན་ནོ་ཞེས་སྨྲ་བའང་མི་འཐད་དེ། རྣམ་བདེན་རྫུན་གཉིས་ཀ་དེ་གཉིས་རྫས་གཅིག་ཏུ་འདོད་པར་འདྲ་ལ། རྣམ་བདེན་པའི་ལུགས་ལ་ཡང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་རྫས་གཅིག་ཏུ་བསྒྲུབ་པར་


DLL1004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པའི་ཕྱིར་ཏེ། རྣམ་བདེན་པའི་ལུགས་ལ་ཡང་ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཅིག་ཡིན་པས་མ་ཁྱབ་་པའི་ཕྱིར། རྟགས་མ་གྲུབ་ན་བུམ་འཛིན་རྟོག་པ་དང་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། རྫས་གཅིག་འཛིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཁྱབ་པ་ཁས་སོ། །གཉིས་པ་རང་ལུགས་བཞག་པ་ལ་གསུམ། རྩོད་གཞིའི་རྣམ་པ་ངོས་གཟུང་བ་དང་། བདེན་རྫུན་གྱི་དོན། རྣམ་རྫུན་པའི་ཕྱོགས་འཐད་པར་སྒྲུབ་པའོ། །དང་པོ་ནི་སེམས་ཙམ་པའི་ལུགས་ལ་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་སུ་གྲུབ་གསུམ་དུ་འདུས་པ་ལས། ཀུན་བརྟགས་ཀྱི་ཕྱོགས་རྣམས་ནི་རྣམ་བདེན་རྫུན་རྩོད་པའི་གཞིར་མི་རུང་སྟེ་རྣམ་བདེན་རྫུན་གཉིས་ཀས་དེ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པའི་ཕྱིར་རོ། །ཡོངས་གྲུབ་ཀྱང་རྩོད་གཞིར་མི་རུང་སྟེ། རྣམ་བདེན་རྫུན་གཉིས་ཀས་དེ་སྣང་བ་ལྟར་བདེན་པར་འདོད་པའི་ཕྱིར་ཏེ། རྣམ་བདེན་རྫུན་གཉིས་ཀས་དེ་མངོན་སུམ་དུ་རྟོགས་པའི་བློ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་འདོད་པའི་ཕྱིར་རོ། །གཞན་དབང་ལ་ཤེས་པ་དང་གཟུང་བར་སྣང་བ་གཉིས་ལས། ཤེས་པ་ནི་རྩོད་གཞིའི་རྣམ་པར་མི་རུང་སྟེ། རྣམ་བདེན་རྫུན་གཉིས་ཀས་དེ་སྣང་བ་ལྟར་དུ་བདེན་པར་འདོད་པའི་ཕྱིར་ཏེ། ཤེས་པ་མ་འཁྲུལ་བའི་སྣང་ཡུལ་དུ་འདོད་པའི་ཕྱིར་ཏེ། རང་རིག་མངོན་སུམ་གྱི་སྣང་ཡུལ་དུ་འདོད་པའི་ཕྱིར་རོ། །དེས་ན་དབང་ཤེས་ལ་རགས་པར་སྣང་བ་འདི་རྣམ་བདེན་རྫུན་རྩོད་པའི་རྩོད་གཞིའི་རྣམ་པ་ཡིན་ཏེ། རྣམ་པ་བདེན་པ་འགོག་པའི་སྐབས་སུ་དེ་ཕྱིར་དོན་དང་ཤེས་པ་ལ་རགས་སྣང་ཡོད་མིན་ཞེས་དང་། སློབ་དཔོན་ཆོས་མཆོག་གིས། ལུས་ཅན་ཞེས་བྱ་བ་རྭ་ཟིང་ངེ་བ་མེད་ཀྱི་ཞེས་དབང་ཤེས་ལ་རགས་པར་


DLL1004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལྟར་བདེན་ན། ཕྱི་རོལ་ཁས་ལེན་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དོན་བྱེད་མི་ནུས་ཀྱི་སྒོ་ནས་བདེན་རྫུན་དུ་འབྱེད་པ་ཡང་མ་ཡིན་ཏེ། རྣམ་བདེན་རྫུན་གཉིས་ཀས་དབང་ཤེས་ལ་རགས་པར་སྣང་བ་དེ་དོན་བྱེད་ནུས་པར་ཁས་ལེན་པའི་ཕྱིར་རོ། །ཡོངས་གྲུབ་དང་གཞན་དབང་གང་རུང་ལ་བདེན་པ་དང་། ཀུན་བརྟགས་ལ་རྫུན་པར་བྱས་པའང་མ་ཡིན་ཏེ། དེ་གཉིས་ཀས་རྣམ་པ་དེ་ཡོངས་གྲུབ་དང་གཞན་དབང་གང་རུང་དུ་འདོད་པའི་ཕྱིར་རོ། །བདེན་པར་གྲུབ་མ་གྲུབ་ལ་བདེན་རྫུན་དུ་བྱས་པའང་མིན་ཏེ། དེ་གཉིས་ཀས་རྣམ་པ་དེ་བདེན་གྲུབ་ཏུ་འདོད་པའི་ཕྱིར་རོ། །དེས་ན་རྣམ་རྫུན་པས་སོ་སོ་སྐྱེ་བོའི་རྒྱུད་ལ་རང་རིག་མངོན་སུམ་མ་གཏོགས་པ་མ་རིག་པས་བསླད་པ་མ་ཞུགས་པའི་ཤེས་པ་མེད་པར་འདོད་ལ་རྣམ་བདེན་པས་སྔོ་སྣང་དབང་ཤེས་དེ་མ་རིག་པའི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པའི་ཤེས་པར་འདོད་པས་ཤེས་པ་མ་འཁྲུལ་པའི་སྣང་ཡུལ་དང་ཤེས་པ་འཁྲུལ་བའི་སྣང་ཡུལ་ལ་བདེན་རྫུན་དུ་འབྱེད་པ་འཐད་དོ། །གསུམ་པ་ལ་གཉིས། རྟགས་དགོད་པ་དང་། ཚུལ་བསྒྲུབ་པའོ། །དང་པོ་ནི། སྔོ་སྣང་དབང་ཤེས་ལ་རགས་པར་སྣང་བ་ཆོས་ཅན། དོན་དམ་བདེན་པ་ཡིན་པ་ཐལ། ཁྱོད་སྣང་ཡུལ་དུ་བྱེད་པའི་རང་རིག་མངོན་སུམ་དུ་མེད་ཅིང་། ཁྱོད་སྣང་ཡུལ་དུ་བྱེད་པའི་ཚུར་མཐོང་གི་མངོན་སུམ་གྲུབ། ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་དེ་མ་རིག་པའི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་དམ་བདེན་པ་མ་ཡིན་པར་ཐལ། དོན་དམ་བདེན་པའི་གཅིག་ཏུ་ཡང་མ་གྲུབ་དོན་དམ་བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས། ཁྱབ་བསྒྲུབ་པ་དང་། ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། དོན་དམ་བདེན་པའི་གཅིག་དང་དུ་མར་མ་གྲུབ་


DLL1004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ན་དོན་དམ་བདེན་པ་མ་ཡིན་པས་ཁྱབ་སྟེ། གཅིག་དང་དུ་མ་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར་ཏེ། ཟླ་བཅས་དང་ཟླ་མེད་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཅན། དོན་དམ་བདེན་པའི་གཅིག་དུ་མ་གྲུབ་སྟེ། རང་འཛིན་མངོན་སུམ་ལ་གོ་ས་ཁེགས་པའི་ཚུལ་གྱིས་ཆ་བཅས་སུ་སྣང་བའི་ཕྱིར། དོན་དམ་བདེན་པའི་དུ་མར་མ་གྲུབ་སྟེ། གཅིག་ཡིན་པའི་ཕྱིར་རོ། །ཁ་ཅིག་རྣམ་བདེན་རྫུན་གཉིས་ཀའི་ལུགས་ལ། སྔོ་སྣང་དབང་ཤེས་འཁྲུལ་ཤེས་ཡིན་ཏེ། སྔོན་པོ་ཕྱི་དོན་མ་ཡིན་པ་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྣམ་རྫུན་པའི་ལུགས་ལ། སྔོ་སྣང་དབང་ཤེས་སྔོན་པོ་ལའང་འཁྲུལ་ཤེས་ཡིན་ཏེ། སྔོན་པོ་ཕྱི་དོན་མ་ཡིན་པ་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྣམ་བདེན་པའི་ལུགས་ལ་དེ་སྔོན་པོ་ཕྱི་དོན་ཡིན་པ་ལ་འཁྲུལ་ཤེས་ཡིན་ཡང་སྔོན་པོ་ལ་མ་འཁྲུལ་བའི་ཤེས་པ་ཡིན་ཏེ། སྔོན་པོ་ཡིན་པ་ལ་ཡིན་པར་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། རྣམ་རྫུན་པའི་ལུགས་ལ། སྔོན་པོ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་བྲལ་ཡིན་པའི་ཕྱིར། བདེན་པའི་གཅིག་ཏུ་མ་གྲུབ་སྟེ། མངོན་སུམ་ལ་སྣ་ཚོགས་སུ་བདེན་པར་སྣང་བའི་ཕྱིར། བདེན་པའི་དུ་མར་གྲུབ་སྟེ། བདེན་པའི་གཅིག་ཁེགས་པའི་ཕྱིར། གལ་ཏེ་རྣམ་པ་དངོས་པོ་མ་ཡིན་ནམ་ཇི་ལྟར་བདེན་པར་མ་གྲུབ་ཅེ་ན། རྣམ་བདེན་པ་དང་མདོ་སྡེ་པའི་ལུགས་ལ། དངོས་པོ་ཡིན་ན་བདེན་གྲུབ་ཡིན་པས་ཁྱབ་ཀྱང་། རྣམ་རྫུན་པའི་ལུགས་ལ། རྣམ་བདེན་པ་མ་ཡིན་ཏེ། ཤེས་པ་འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར་རོ། །འོ་ན་བདེན་པ་གང་ཞེ་ན། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་བདེན་པ་ཡིན་ཏེ། བློ་མ་འཁྲུལ་བའི་


DLL1004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡིན་པའི་ཕྱིར། དེ་ལྟར་ན་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་བདེན་པར་གྲུབ་ན། དེའི་རྟེན་བདེན་པར་གྲུབ་པ་ཞིག་ཁས་བླང་དགོས་ཏེ། བདེན་པ་རྫུན་པ་ལ་འཁྱུད་པ་མི་སྲིད་པའི་ཕྱིར། འོ་ན་དེའི་རྟེན་བདེན་པ་གང་ཞེ་ན། ཤེས་པ་དེ་བདེན་པ་ཡིན་ཏེ། བློ་མ་འཁྲུལ་བའི་དམིགས་པ་ཡིན་པའི་ཕྱིར་ཏེ། གཉིས་སྣང་དང་བྲལ་བའི་འཛིན་རྣམ་གྱི་དམིགས་པ་ཡིན་པའི་ཕྱིར། ཞེས་སྨྲ་བ་མི་འཐད་དེ། བདེ་སྡུག་ཆོས་ཅན། བདེན་པའི་དུ་མར་མ་གྲུབ་པར་ཐལ། བདེན་པའི་གཅིག་ཁེགས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། བདེན་པར་མ་གྲུབ་པར་ཐལ་ལོ། །འདོད་ན། བདེན་པར་གྲུབ་པར་ཐལ། བློ་མ་འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་། སྔོན་པོ་ཆོས་ཅན། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་རྟེན་མ་ཡིན་པར་ཐལ། དེ་བདེན་པར་གྲུབ། ཁྱོད་རྫུན་པ་ཡིན་པའི་ཕྱིར། ཁྱབ་རྟགས་ཁས། འདོད་མི་ནུས་ཏེ། དེ་ཁྱོད་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། ཞེས་གསུངས་སོ། །གསུམ་པ་འབྲས་རྟོགས་གསུམ་པའི་རྣམ་གཞག་ལ། དགག་བཞག་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་ན་རེ། འབྲས་རྟོགས་གསུམ་པ་འདི་བྱེ་བྲག་ཏུ་སྨྲ་བ་དང་དབུ་མ་པའི་ལུགས་མ་ཡིན་ཏེ། འདིར་རང་རིག་བདེན་གྲུབ་འདོད་པའི་ཕྱིར་རོ། །མདོ་སྡེ་པའི་ལུགས་མ་ཡིན་ཏེ། མ་ཡིན་དུ་མས་བདག་སྐྱོན་ཕྱིར། །ཞེས་དབང་ཤེས་འཁྲུལ་པར་བསྟན་པའི་ཕྱིར་རོ། །སེམས་ཙམ་པའི་ལུགས་མ་ཡིན་ཏེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཕྱི་དོན་གཞལ་བྱར་བསྟན་པའི་ཕྱིར་རོ། །དེས་ན་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མ་ཡིན་གྱི། ཕྱོགས་གླང་ཡབ་སྲས་ཀྱི་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། སངས་


DLL1004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་སངས་རྒྱས་པ་ལ་གྲུབ་མཐའ་བཞི་ལས་གཞན་པའི་གྲུབ་མཐའ་མེད་པར་གསུངས་པའི་ཕྱིར་རོ། །ཁ་ཅིག །ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུར་བྱས་ནས་འདི་སེམས་ཙམ་པའི་ལུགས་ཡིན་ནོ་ཞེས་ཟེར། འོ་ན་འབྲས་རྟོགས་གསུམ་པའི་སྐབས་འདིར་ཆོས་ཅན། གཟུང་འཛིན་རྫས་གཞན་གྲུབ་པར་ཐལ། ཕྱི་དོན་གྲུབ་པའི་ཕྱིར། འདོད་ན། གཟུང་འཛིན་རྫས་གཞན་མ་ཡིན་བཞིན་དུ་དེར་སྣང་བའི་གཞན་དབང་མ་གྲུབ་པར་ཐལ་ལོ། །འདོད་ན། གཟུང་འཛིན་རྫས་གཞན་མ་ཡིན་བཞིན་དུ་དེར་བཏགས་པའི་ཀུན་བརྟགས་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་ཡོངས་གྲུབ་མ་གྲུབ་པར་ཐལ། དེ་གཉིས་ཀྱི་གདགས་གཞི་གཞན་དབང་མ་གྲུབ་པའི་ཕྱིར། འདོད་ན། ངོ་བོ་ཉིད་གསུམ་མ་གྲུབ་པས་རྣམ་པར་རིག་པ་ཙམ་གྱི་ལུགས་ཡིན་པ་ཉམས་སོ། །གལ་ཏེ་སྐྱོན་མེད་དེ། ཕྱི་དོན་ཐ་སྙད་དུ་ཡོད་ཀྱང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཕྱི་དོན་ཁེགས་པའི་ཕྱིར་ཞེ་ན། ཐ་སྙད་དུ་ཕྱི་དོན་ཡོད་པའི་དོན། ཕྱི་དོན་ཡོད་པ་ཐ་སྙད་པའི་ཚད་མས་གྲུབ་པ་ལ་བྱེད་དམ། ཚད་མས་མ་གྲུབ་པར་འཁྲུལ་ངོར་ཡོད་པ་ཙམ་ལ་བྱེད། དང་པོ་ལྟར་ན། དོན་དམ་དཔྱོད་བྱེད་ཀྱི་ཚད་མས། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ་གནོད་པར་ཐལ། ཐ་སྙད་པའི་ཚད་མས་ཕྱི་དོན་ཡོད་པར་གྲུབ་པ་གང་ཞིག་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་ཕྱི་དོན་ཁེགས་པའི་ཕྱིར། འདོད་ན། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་ཡང་ཡིད་བརྟན་དུ་མི་རུང་བར་ཐལ། ཚད་མའི་མཚན་ཉིད་དང་ལྡན་པའི་ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ་གནོད་པ་ཡོད་པའི་ཕྱིར། ཁྱབ་སྟེ།


DLL1004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་གཅིག་ལ་གནོད་པ་སྲིད་ན། དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་བས་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ན། འབྲས་རྟོགས་གསུམ་པའི་ཚད་འབྲས་ཀྱི་རྣམ་གཞག་འདི། རང་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་དོན་མཐུན་ཡིན་པར་ཐལ། གཞལ་བྱ་ཚད་མས་མ་གྲུབ་པའི་ཕྱིར། རྟགས་ཁས། གཞན་ཡང་། སེམས་ཙམ་པའི་རང་ལུགས་ཡིན་པ་དང་ཕྱི་དོན་གཞལ་བྱར་འཇོག་པའི་གཞི་མཐུན་ཁས་ལེན་པར་མི་རིགས་ཏེ། མདོ་ལས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པའི་ཙམ་གྱི་སྒྲས་ཕྱི་དོན་འགོག་པ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འབྲས་རྟོགས་གསུམ་པ་འདི་སེམས་ཙམ་པའི་ལུགས་མིན་གྱི་མདོ་སྡེ་པའི་ལུགས་ཡིན་ཏེ། ཤཱཀྱ་བློས། ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ཕྱོགས་ཀྱི་དྭོགས་པ་བསལ་བའི་ཕྱིར་ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེས་སེམས་ཙམ་པ་ཕྱོགས་སྔ་མར་བསྟན་པ་མིན་གྱི། ཤེས་བྱ་ནང་གི་ཡིན་པ་སྟེ་ཤེས་པ་གཞལ་བྱ་ལ་རང་རིག་འབྲས་བུར་བྱས་པའི་ཚེ་འཛིན་རྣམ་ཚད་མ་ཡིན་པ་བཞིན་དུ། འབྲས་རྟོགས་གསུམ་པའི་སྐབས་འདིར་ཡང་། རང་རིག་པ་འབྲས་བུ་ཡིན་ན། འཛིན་རྣམ་ཚད་མར་འགྱུར་སྙམ་པའི་ཕྱོགས་ཀྱི་དྭོགས་པ་བསལ་བའི་ཕྱིར་ཞེས་བཤད་པར་བྱ་བ་ཡིན་པའི་ཕྱིར། ཁ་ཅིག །ཕྱི་དོན་ཡོད་ན་གཞལ་བྱ་ཞེས་བརྟག་པ་མཐའ་བཟུང་གི་སྒོ་ནས་གཞལ་བྱར་འཇོག་པ་ཡང་མི་འཐད་དེ། ཕྱི་དོན་གྲུབ་ན་བརྟག་པ་མཐའ་བཟུང་གི་སྒོ་ནས་འཇོག་པ་དོན་མེད་ལ། ཕྱི་དོན་མ་གྲུབ་ན། ཚད་མ་དང་འབྲས་བུ་ཡང་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །ཁ་ཅིག །ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། དོན་ལ་རང་རིག་ཀྱང་ཐ་སྙད་དུ་དོན་རིག་པའི་དོན་རིག་བཏགས་པ་བ་འབྲས་བུར་


DLL1004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་འབྲས་རྟོགས་གསུམ་པ་འདི་མདོ་སྡེ་པའི་ལུགས་ཡིན་ནོ་ཞེ་ན། འདིར་ཕྱི་དོན་གཞལ་བྱ་ལ། རང་རིག་འབྲས་བུ་ཡིན་ན། འཛིན་རྣམ་ཚད་མར་འགྱུར་སྙམ་པ་དང་། རང་རིག་འབྲས་བུ་ཡིན་ན། དོན་རིག་འབྲས་བུར་བཤད་པ་དང་འགལ་སྙམ་པ་དང་། ཚད་འབྲས་ཀྱི་བྱེད་པ་འཇུག་པའི་ཡུལ་རྫས་ཐ་དད་དུ་འགྱུར་སྙམ་དུ་དྭོགས་པ་སྐྱེ་བའི་རྒྱུ་མཚན་མེད་པར་འགྱུར་ཏེ། མདོ་སྡེ་པ་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་རང་རིག་དང་ཤེས་པའི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུར་མི་འདོད་པའི་ཕྱིར་དང་ཕྱི་དོན་གྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་འདོད་ན། ཚད་འབྲས་ཀྱི་བྱེད་པ་འཇུག་པའི་ཡུལ་རྫས་ཐ་དད་དུ་ཐལ་བའི་རྩོད་པ་སྤོང་བར་མི་ནུས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། དེ་ཡང་རེ་ཞིག་ཕྱི་དོན་ཁས་ལེན་པའི་མདོ་སྡེ་པ་དང་ཐུན་མོང་དུ་འབྲས་རྟོགས་དང་པོ་བསྟན་ལ། ཕྱི་དོན་གཞལ་བྱ་ཡིན་པ་བཀག་ནས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་གཞལ་བྱ་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་བྱས་པའི་འབྲས་རྟོགས་གཉིས་པ་དང་། ཕྱི་དོན་གཞལ་བྱ་ཡིན་པ་བཀག་པའི་རང་ལྡོག་ནས་མ་བསྟན་པར་དོན་སྨྲ་བ་ཁྱེད་རང་དོན་དུ་འདོད་པའི་གཟུགས་གཞལ་བྱར་བྱས་པའི་ཚེ་ནའང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་བཞག་དགོས་སོ་ཞེས་འབྲས་རྟོགས་གསུམ་པ་བསྟན་ཏེ། འདི་ཡང་སེམས་ཙམ་པའི་ལུགས་ཡིན་ནོ། །ཚད་འབྲས་ཀྱི་རྣམ་གཞག་ནི། མདོ་སྡེ་པས་ཕྱི་རོལ་དུ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཤེས་པ་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་འབྲས་བུའོ། །དེ་ལྟར་བཞག་པའི་ཚེ་ན། འབྲས་རྟོགས་གསུམ་པ་འདིར་ཕྱི་རོལ


DLL1004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་གཞལ་བྱ་ལ། ཤེས་པ་ཡོངས་སུ་གཅོད་བྱེད་ཀྱི་རང་རིག་འབྲས་བུར་བཞག་འདུག་སྙམ་དུ་བསམས་ནས། གལ་ཏེ་ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་འཇོག་ནས། འཛིན་རྣམ་ཚད་མར་འགྱུར་ཏེ། དཔེར་ན་ཤེས་པ་གཞལ་བྱ་ལ། དེ་ཡོངས་སུ་གཅོད་བྱེད་ཀྱི་རང་རིག་འབྲས་བུར་བཞག་པའི་ཚེ། འཛིན་རྣམ་ཚད་མ་ཡིན་པ་བཞིན་ཞེ་ན། ཤེས་པ་ཡོངས་སུ་གཅོད་བྱེད་ཀྱི་རང་རིག་འབྲས་བུར་བཞག་ན་བདེན་ཡང་དེ་འབྲས་བུར་འཇོག་པ་མིན་གྱི། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པ་འབྲས་བུར་འཇོག་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པ་དེ་གང་གིས་འཇོག་ནུས་པ་དེ་ཚད་མར་འཐད་ཅིང་། དེ་ཡང་གཟུང་བའི་རྣམ་པས་འཇོག་ནུས་ཀྱི་འཛིན་རྣམ་གྱིས་འཇོག་མི་ནུས་ཏེ། འཛིན་རྣམ་ནི་ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །ཡང་འདི་སྙམ་དུ་གལ་ཏེ་ཕྱི་དོན་གཞལ་བྱ་ལ། གཟུང་རྣམ་ཚད་མ་ཡིན་ན། དོན་རིག་འབྲས་བུར་བྱ་དགོས་ཏེ། འབྲས་རྟོགས་དང་པོ་བཞིན། ཕྱི་དོན་གཞལ་བྱ་ལ་གཟུང་རྣམ་ཚད་མར་བྱས་པའི་ཚེ་རང་རིག་འབྲས་བུར་མི་རིགས་ཏེ། ཚད་མས་ཕྱི་དོན་ཡོངས་སུ་བཅད་པའི་འབྲས་བུ་ལ། ཤེས་པ་རང་རིག་པ་མི་འཐད་པའི་ཕྱིར། དཔེར་ན། སྟ་རེས་ཤ་བ་བཅད་པའི་འབྲས་བུ་ལ། ཙན་དན་དུམ་བུར་སོང་བ་མི་འཐད་པ་བཞིན། ཡང་རང་རིག་འབྲས་བུ་ཡིན་ན། དོན་རིག་འབྲས་བུར་བརྗོད་པ་དང་འགལ་ལ། ཚད་མ་དང་འབྲས་བུ་གཉིས་ཀྱི་བྱེད་པ་འཇུག་པའི་ཡུལ་རྫས་ཐ་དད་དུ་ཡང་འགྱུར་ཏེ། ཚད་མས་ཕྱི་རོལ་གྱི་དོན་གཞལ་བྱ་ལ། འབྲས་བུ་ཤེས་པ་རང་རིག་ཡིན་པའི་ཕྱིར། སྙམ་ན། འདིར་ཕྱི་དོན་གཞལ་བྱ་ལ། རང་རིག་འབྲས་བུར་བཞག་ན། སྐྱོན་དེ་དག་སྤོང་མི་ནུས་མོད། འོན་ཀྱང་མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་སོགས་གཞལ་བྱ་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རྟོགས་པ་འབྲས་བུར་འཇོག་ལ། དེའི་ཚེ་


DLL1004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་མེད་དེ། ཚད་མ་དང་འབྲས་བུ་གཉིས་ཀས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རྟོགས་པའི་ཕྱིར་རོ། །དོན་རིགས་པ་འབྲས་བུར་བརྗོད་པ་དང་མི་འགལ་ཏེ། རྗེས་ཀྱི་ཤེས་པ་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ལ་ལྟོས་ནས་ཕྱི་དོན་རིག་པ་འབྲས་བུར་བརྗོད་པ་ཙམ་མིན་པའི་ཕྱིར་རོ། །འོ་ན་འབྲས་རྟོགས་གསུམ་པ་འདི། རྣམ་བདེན་རྫུན་གང་གི་ལུགས་ཡིན་ཞེ་ན། ཁ་ཅིག་ན་རེ། འདི་རྣམས་བདེན་པའི་ལུགས་ཡིན་གྱི་རྣམ་རྫུན་པའི་ལུགས་མ་ཡིན་ཏེ། འདིར་ཆོས་མཆོག་གིས། འདོད་མི་འདོད་ཀྱི་རྣམ་པ་རང་རིག་གིས་ཉམས་སུ་མྱོང་བར་བཤད་ལ། རྣམ་རྫུན་འདོད་མི་འདོད་ཀྱི་རྣམ་པ་རང་རིག་གིས་ཉམས་སུ་མྱོང་བར་མི་འདོད་པའི་ཕྱིར་ཏེ། རང་རིག་གིས་ཉམས་སུ་མྱོང་བྱ་ཡིན་ན་བདེན་གྲུབ་ཡིན་དགོས་ཤིང་། རྣམ་རྫུན་པ་འདོད་མི་འདོད་ཀྱི་རྣམ་རྫུན་པར་འདོད་པའི་ཕྱིར་ཞེས་སྨྲའོ། །འདོད་མི་འདོད་ཀྱི་རྣམ་པ་རང་རིག་གིས་ཉམས་སུ་མྱོང་བར་བཤད་པས། རྣམ་རྫུན་པའི་ལུགས་མ་ཡིན་མི་དགོས་ཏེ། རང་རིག་གི་ཉམས་སུ་མྱོང་བར་བཤད་པའི་རྣམ་པ་ནི། འདོད་མི་འདོད་ཀྱི་རྣམ་པ་ཤར་བའི་ཤེས་པ་ཡིན་ལ། དེ་ནི་རྣམ་རྫུན་པས་ཀྱང་རྫུན་པར་མི་འདོད་པའི་ཕྱིར་དང་། རྣམ་བདེན་རྫུན་རྩོད་པའི་གཞིའི་རྣམ་པ་དེ་རྣམ་བདེན་པས་ཀྱང་རང་རིག་གིས་ཉམས་སུ་མྱོང་བར་མི་འདོད་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་པ་ནི། གལ་ཏེ་འབྲས་རྟོགས་གསུམ་པ་འདི་སེམས་ཙམ་པའི་ལུགས་ཡིན་ན། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱས་པ་དེའི་ཚེ་ཞེས་པ་དང་། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པ་དང་ལྷ་དབང་བློས། གང་ཁོ་ན་ཕྱི་རོལ་ལ་སྒྲུབ་པར་བྱེད་པ་དེ་ཉིད་ཁོ་ན་ལ་བྱ་བ་ཡིན་པ་དེའི་ཕྱིར། ཛྙཱ་ན་ཤྲཱིས། དེ་ལྟར་ན་རྟོག་པ་འདི་རང་རིག་པ་ཡིན་ཡང་ཕྱི་རོལ་ལས་སྐྱེས་པའི་ཕྱིར། དེའི་འབྲས་བུ་ཡིན་པས་དོན་རིག་


DLL1004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟ་བར་བྱའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཕྱི་རོལ་གྱི་དོན་འབའ་ཞིག་ཅེས་པ། ཤཱཀྱ་བློས། ཕྱི་རོལ་གྱི་དོན་ཡང་ཞེས་པའི་དོན་དུ་བཤད་ལ། དེ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། ཞེས་པ་དང་དོན་འདྲ་བས། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་སོགས་གཞལ་བྱར་བྱས་ན་ཡང་། ཞེས་བཤད་པར་བྱ་བ་ཡིན་གྱི། རང་ལུགས་ལ་ཕྱི་རོལ་གྱི་དོན་ཁས་ལེན་པ་མ་ཡིན་ནོ། །གལ་ཏེ་འབྲས་རྟོགས་གསུམ་པ་འདི་སེམས་ཙམ་པའི་ལུགས་ཡིན་ན། ཆོས་མཆོག་གིས། འདིར་འཐད་པ་འདིས་ཕྱི་རོལ་གྱི་དོན་ལྡོག་པར་འདོད་པ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ཡོད་ཀྱང་རང་རིག་པ་ཉིད་འབྲས་བུར་རིགས་ཀྱི་དོན་རིག་པ་ནི་མིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་གྱི་ཚུལ་ལ། དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། དོན་རིག་པ་ནི་འབྲས་བུ་ཡིན་ལ། རྣམ་པར་ཤེས་པ་སྨྲ་བ་ལ་ནི། བདག་ཉིད་གཞལ་བྱ། འཛིན་པའི་རྣམ་པ་ཚད་མ། བདག་ཉིད་རིག་པ་ནི་འབྲས་བུ་ཡིན་ནོ། །ཡང་ཕྱི་རོལ་གྱི་དོན་གྱི་ཚུལ་ལ། འབྲས་བུའི་རྣམ་པར་བཞག་པ་གཉིས་པ། དོན་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུའོ། །ཞེས་བྱ་བ་འདི་ནི་འབྲས་བུ་འདི་ལྟར་རྣམ་པར་བཞག་པའི་འཐད་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདིར་འཐད་པ་འདིས་ཕྱི་རོལ་གྱི་དོན་ལྡོག་པར་འདོད་པ་མིན་ཞེས་པའི་དོན་འདིར་ཕྱི་དོན་བཀག་པའི་རང་ལྡོག་ནས་གཞལ་བྱ་མི་འཇོག་ཅེས་པ་ཡིན་ལ། ཕྱི་རོལ་གྱི་དོན་གྱི་ཚུལ་ལ་འབྲས་བུའི་རྣམ་པར་བཞག་པ་གཉིས་པ་ཞེས་པའི་དོན་ཡང་། འབྲས་རྟོགས་དང་པོའི་སྐབས་སུ་ཕྱི་རོལ་གྱི་གཟུགས་སོགས་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་སེམས་ཙམ་པས་མི་འདོད་ཀྱང་། གཟུགས་སོགས་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདོད་པས་དེ་ལ་ལྟོས་པའི་


DLL1004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདིར་སྟོན་ན། ཕྱི་རོལ་གྱི་དོན་རིག་པ་འབྲས་བུར་བཞག་དགོས་ལ། དེ་ལྟར་ན། རང་རིག་པ་ཉིད་འབྲས་བུར་རིགས་ཀྱི་དོན་རིག་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རྗེས་དཔག་བཤད་པ་ལ་གཉིས། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གོ །དང་པོ་ལ་གསུམ། རྗེས་དཔག་གི་རང་བཞིན། རྒྱུ་རྟགས་འཛིན་སེམས། རྟེན་གཏན་ཚིགས་བཤད་པའོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། མཚན་གཞི་ལ་ལོག་རྟོག་བསལ་བའོ། །དང་པོ་ནི། རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པ། དེ་སྐད་དུའང་། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་སོ། །གཉིས་པ་ནི་རྗེས་དཔག་ཚད་མ་ལ་དབྱེ་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག །གྲགས་པའི་རྗེས་དཔག །ཡིད་ཆེས་པའི་རྗེས་དཔག་དང་གསུམ་མོ། །དང་པོའི་མཚན་ཉིད། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ལ་བརྟེན་ནས། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པའོ། །དབྱེ་ན། དངོས་པོ་སྟོབས་ཞུགས་ཀྱི་འབྲས་རང་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གསུམ་མོ། །ཡིད་ཆེས་རྗེས་དཔག་གི་མཚན་ཉིད། ཡིད་ཆེས་པའི་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པ། ཁ་ཅིག །ཡིད་ཆེས་རྗེས་དཔག་གི་མཚན་ཉིད། ཡིད་ཆེས་པའི་ཁས་བླངས་འབྲས་རྟགས་ཡང་དག་ལ་བརྟེན་ནས། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པ། ཞེས་ཟེར་བ་མི་འཐད་དེ། ཡིད་ ཆེས་པའི་རྟགས་ཡང་དག་ཡིན་ན། འབྲས་རྟགས་ཡང་དག་ཡིན་པས་མ་ཁྱབ་པའི་ཕྱིར།


DLL1004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མ་གྲུབ་ན། དཔྱད་པ་གསུམ་གྱིས་དག་པའི་ལུང་ཆོས་ཅན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཡིད་ཆེས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དྭོགས་གཅོད་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །གྲགས་པའི་རྗེས་དཔག་གི་མཚན་ཉིད། གྲགས་པའི་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པའོ། །གསུམ་པ་ལ་གསུམ། རྗེས་དཔག་འཁྲུལ་ཤེས་ཡིན་མིན་དཔྱད་པ། རྗེས་དཔག་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་པ། རྗེས་དཔག་ཡིན་པ་ལ་མ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི། ཁ་ཅིག །རྗེས་དཔག་སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ཏེ། རང་ལ་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ཡང་མ་འཁྲུལ་པའི་ཤེས་པ་ཡིན་ཏེ། ཞེན་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་པ་རྣམས་ཀྱི་ཡུལ་གྱི་གཙོ་བོ་ནི་ཞེན་ཡུལ་ཡིན་པའི་ཕྱིར་ཏེ། རྟོག་པ་རྣམས་ཡུལ་ལ་ཞེན་པའི་དབང་གིས་འཇུག་པའི་ཕྱིར། དེས་ན་རྟོག་པ་རྣམས་ཞེན་ཡུལ་ལ་མ་འཁྲུལ་ན་མ་འཁྲུལ་པ་དང་། ཞེན་ཡུལ་ལ་ཡང་དག་པའི་ཤེས་པ་ཡིན་ན་ཡང་དག་པའི་ཤེས་པ་དང་། ཞེན་ཡུལ་ལ་ཚད་མ་ཡིན་ན་ཚད་མ་ཡིན་དགོས་ལ། ཞེན་ཡུལ་ལ་ལོག་ཤེས་ཡིན་ན་ལོག་ཤེས་དང་། ཞེན་ཡུལ་ལ་ཚད་མིན་གྱི་བློ་ཡིན་ན་ཚད་མིན་གྱི་བློ་ཡིན་པས་ཁྱབ་བོ། །གལ་ཏེ་རྗེས་དཔག་འཁྲུལ་ཤེས་ཡིན་ཏེ། དེ་མ་ཡིན་ལ་དེར་འཛིན་གྱི་ཤེས་པ་ཡིན་པའི་ཕྱིར་ཏེ། དོན་སྤྱི་རང་མཚན་མ་ཡིན་པ་ལ། དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྗེས་དཔག་ལོག་ཤེས་ཡིན་པར་ཐལ། སྣང་ཡུལ་ལ་ལོག་ཤེས་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། འོ་ན་


DLL1004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཚད་མ་སྣང་ཡུལ་མ་འཁྲུལ་བའི་ཤེས་པ་ཡིན་པས། མ་འཁྲུལ་བའི་ཤེས་པ་ཡིན་པར་འཇོག་ནུས་སམ་མི་ནུས། མི་ནུས་ན། དེ་མ་འཁྲུལ་བའི་ཤེས་པ་ཡིན་པར་འཇོག་བྱེད་མེད་པར་འགྱུར་ལ། འཇོག་ནུས་ན། རྗེས་དཔག་འཁྲུལ་ཤེས་ཡིན་པར་ཐལ། སྣང་ཡུལ་ལ་འཁྲུལ་ཤེས་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པར་ཐལ། རང་ལ་སྣང་བ་དོན་མ་ཡིན་པ་ལ་དོན་དུ་ཞེན་པའི་བློ་ཡིན་པའི་ཕྱིར། རྟགས་བསལ་ཁས། མ་ཁྱབ་ན། སྒྲ་རྟག་འཛིན་གྱི་རྟོག་པ་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་པའི་སྒྲུབ་བྱེད་མེད་པར་ཐལ། དེ་མ་ཡིན་ལ་དེར་ཞེན་གྱི་བློ་ཡིན་ན་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། གཞན་ཡང་། སྒྲ་རྟག་གམ་མི་རྟག་སྙམ་དུ་ཐེ་ཚོམ་ཟ་བའི་བློ་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། སྒྲ་མི་རྟག་པར་རྟོག་པའི་རྗེས་དཔག་ལ་ཞེན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ། དེས་རང་ལ་སྣང་བ་སྒྲ་མི་རྟག་པར་ཞེན་ཅིང་། སྒྲ་མི་རྟག་པར་ཡང་ཞེན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། སྒྲ་མི་རྟག་ཅེས་པའི་ཚིག་ལ་ཞེན་པའི་བརྗོད་བྱ་མི་མཐུན་པ་གཉིས་ཡོད་པར་ཐལ་ལོ། །ཁ་ཅིག་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཞེན་ཡུལ་ལ་འཁྲུལ་ཤེས་ཡིན་ཏེ། རྟོག་པ་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པ་གང་ཞིག །དེ་ཞེན་ཡུལ་ལ་རྟོག་པ་ཡིན་པའི་ཕྱིར་ཞེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེས་སྒྲ་མི་རྟག་པར་ཞེན་པའི་ཞེན་སྟངས་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པར་ཐལ། དེ་ཞེན་ཡུལ་ལ་འཁྲུལ་ཤེས་ཡིན་པའི་ཕྱིར། འདོད་ན། སྒྲ་དེ་མི་རྟག་པ་མ་ཡིན་པར་ཐལ་ལོ། །འོ་ན་རྗེས་


DLL1004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་དེ་རང་ལ་སྣང་བ་དོན་མ་ཡིན་པར་ལ་དོན་དུ་མངོན་པར་ཞེན་པའི་བློ་མ་ཡིན་ན། རྣམ་ངེས་ལས། རང་གི་སྣང་བ་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་ནས་འཇུག་པའི་ཕྱིར་ཞེས་དང་། དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་རང་ལ་སྣང་བ་དོན་དུ་སྣང་བའི་སྒོ་ནས་དོན་དུ་ཞེན་པ་སྐྱེ་ཞེས་པའི་དོན་ཡིན་གྱི། རང་ལ་སྣང་བ་དེ་ཉིད་དོན་དུ་ཞེན་པའི་དོན་མ་ཡིན་པའི་ཕྱིར། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་པའོ་སྙམ་པའི་ཞེན་པ་ཡོད་ཀྱི། རང་ལ་སྣང་བ་འདི་བུམ་པའོ་སྙམ་དུ་མ་ཞེན་པ་བཞིན་ནོ། །འདི་གང་ལས་ཤེས་ཤེ་ན། སློབ་དཔོན་ལྷ་དབང་བློས། དེའི་རྣམ་པ་གྲུབ་པས་དངོས་པོའི་རྣམ་པ་གྲུབ་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་ཏེ། ཚོགས་པའི་ཁྱད་པར་ལས་སྐྱེ་བ་བྱད་བཞིན་གྱི་གཟུགས་བརྙན་གྱིས་ཤེས་པའི་ཡུལ་ལ་མཚན་མ་ལ་སོགས་པ་གྲུབ་པས་བཞིན་གྱི་མཚན་མ་ལ་སོགས་པ་གྲུབ་པ་བཞིན་ནོ། །ཞེས་གསུངས་པའི་དཔེ་དོན་སྦྱོར་ཤེས་ན་དོན་འདི་རྟོགས་པར་འགྱུར་བས་དེའི་དཔེ་དོན་སྦྱར་ན། བྱད་བཞིན་ལ་ནག་པོ་ལྟ་བུའི་མཚན་མ་ཡོད་མེད་རྟོག་པའི་ཕྱིར་དུ་མེ་ལོང་ལ་བལྟས་པ་ན། དངོས་སུ་མེ་ལོང་ནང་གི་གཟུགས་བརྙན་ལ། ནག་པོ་ལྟ་བུའི་མཚན་མ་སྣང་ཡང་བརྡ་ལ་བྱང་བའི་སྐྱེས་བུ་ཡིན་ན། བྱད་བཞིན་རང་མཚན་པའི་སྟེང་དུ་ནག་པོ་ལྟ་བུ་ཡོད་པར་ཞེན་གྱི། མེ་ལོང་ནང་གི་གཟུགས་བརྙན་གྱི་སྟེང་དུ་ནག་པོ་ལྟ་བུ་ཡོད་པར་མི་ཞེན་པ་བཞིན་དུ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་དངོས་སུ་སྒྲ་མི་རྟག་པའི་དོན་སྤྱི་སྣང་ཡང་སྒྲ་དེ་མི་རྟག་པར་ཞེན་པ་ཡིན་གྱི། དོན་སྤྱི་སྒྲ་མི་རྟག་པར་ཞེན་པ་མ་ཡིན་ནོ། །གཉིས་པ་ནི། ཁ་ཅིག ཁང་ཕུགས་ན་ནོར་བུ་ཡོད་པའི་འོད་སྒོ་གསེབ་ཏུ་ཤར་བ་ལས་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་


DLL1004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་དཔག་ཡིན་ནོ་ཞེས་ཟེར་བ་མི་འཐད་པར་སྔར་བཤད་ཟིན་ཏོ། །གསུམ་པ་ནི། ཁ་ཅིག །སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ། སྒྲའི་སྟེང་དུ་སྒྲའི་མི་རྟག་པ་དང་བུམ་པའི་མི་རྟག་པ་ལ་ཚད་མ་མ་ཡིན་པ་བཞིན་དུ། སྒྲའི་སྟེང་དུ་མི་རྟག་པ་ལའང་ཚད་མ་མིན་ནོ་ཞེས་སྨྲ་བ་མི་འཐད་དེ། བྱས་པ་དེ་སྒྲའི་སྟེང་དུ་སྒྲའི་མི་རྟག་པ་དང་བུམ་པའི་མི་རྟག་པ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་རྗེས་དཔག་གི་རྒྱུ་རྟགས་འཛིན་སེམས་བཤད་པ་ལ། དགག་བཞག་སྤང་གསུམ་མོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། །ཆོས་མཆོག་གིས། རྟགས་ཆོས་ཀྱི་འབྲེལ་པ་འཛིན་པའི་བློ་ནི་རྣམ་པ་གཉིས་ཏེ། རྩོད་གཞི་ལ་མི་ལྟོས་པར་མཐུན་དཔེའི་སྟེང་དུ་ཁྱབ་པ་སྤྱིར་འཛིན་པའི་བློ་དང་། རྩོད་གཞིའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པའོ། །དང་པོ་རྟགས་འཛིན་སེམས་དང་། གཉིས་པ་རྟགས་ཅན་རྗེས་དཔག་ཡིན་ལ། གཉིས་ཀས་ཀྱང་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀ་འཛིན་པ་ཡིན་ཏེ། རྟགས་ཆོས་ཀྱི་འབྲེལ་པ་འཛིན་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་། དེ་གཉིས་ཁྱད་མེད་དུ་ཐལ་བའི་སྐྱོན་མེད་དེ། རྟགས་འཛིན་སེམས་ཀྱིས་རྟགས་གཙོ་བོ་དང་རྟགས་ཅན་ཕལ་པའི་ཚུལ་དུ་འཛིན་ལ། རྟགས་ཅན་རྗེས་དཔག་གིས་རྟགས་ཅན་གཙོ་བོ་དང་རྟགས་ཕལ་པའི་ཚུལ་དུ་འཛིན་པའི་ཕྱིར། ཞེས་འདོད་པ་ལ། རྒྱན་མཁན་པོ་ན་རེ། རྟགས་ཅན་རྗེས་དཔག་གིས་རྟགས་འཛིན་བཞིན་དུ་རྟགས་འཛིན་གྱི་སེམས་ལོགས་སུ་དཔྱད་དགོས་ན་ཐུག་མེད་དུ་འགྱུར་ལ། རྟགས་ཆོས་ཀྱི་འབྲེལ་པ་མངོན་སུམ་གྱིས་འཛིན་ན་རྟགས་འཛིན་སེམས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་འགལ་ལོ། །


DLL1004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས། རྒྱན་རང་གི་ལུགས། མ་དམིགས་པའི་རྟགས་ལ་རྟགས་འཛིན་སེམས་དཔྱད་པར་མི་བྱ་སྟེ། དམིགས་པའི་རྟགས་ཆོས་དངོས་པོར་མ་གྲུབ་པའི་ཕྱིར། རང་བཞིན་རྟགས་ལ་རྟགས་ཅན་རྗེས་དཔག་ལས་ལོགས་སུ་རྟགས་འཛིན་གྱི་སེམས་དཔྱད་མི་དགོས་ཏེ། རྟགས་ཅན་རྗེས་དཔག་གིས་རྟགས་འཛིན་པའི་ཕྱིར་ཏེ། རང་བཞིན་གྱི་རྟགས་རྟགས་ཅན་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། འབྲས་བུའི་རྟགས་ཅན་རྗེས་དཔག་གིས་རྟགས་འཛིན་པར་མི་ནུས་ཏེ། འབྲས་བུའི་རྟགས་དང་རྟགས་ཅན་རྫས་ཐ་དད་ཡིན་པའི་ཕྱིར། དེས་ན་འབྲས་བུའི་རྟགས་ཅན་རྗེས་དཔག་ལས་ལོགས་སུ་རྟགས་འཛིན་སེམས་དཔྱད་པར་བྱ་དགོས་ལ། དེ་ཡང་དུ་ལྡན་ལའི་དུ་བ་མཐོང་བའི་མངོན་སུམ་དེ་རྟགས་འཇལ་བའི་ཚད་མ་དང་། དེའི་རྗེས་སུ་སྐྱེས་པའི་བཅད་ཤེས་དེ་རྟགས་འཛིན་སེམས་ཡིན་ནོ་ཞེས་གསུང་ངོ་། །གཉིས་པ་དེ་དག་གང་ནི། རང་བཞིན་རྟགས་ཀྱི་རྟགས་འཛིན་སེམས་ཐུག་མེད་དུ་ཐལ། རང་བཞིན་གྱི་རྟགས་ཅན་རྗེས་དཔག་གིས་འཇལ་དགོས་པའི་ཕྱིར། འཁོར་གསུམ། རྟགས་དང་རྟགས་ཅན་ངོ་བོ་གཅིག་ཡིན་པས་རྟགས་ཅན་རྗེས་དཔག་གིས་རྟགས་འཛིན་པར་འདོད་པའང་མི་འཐད་དེ། གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། ཞེས་གསུངས་པ་ལྟར། བྱས་མི་རྟག་ངོ་བོ་གཅིག་ཡིན་ཡང་རྟོགས་དཀའ་སླའི་ཁྱད་པར་ཡོད་པས། དང་པོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་འཇལ་བའི་ཚད་མ་དང་བཅད་ཤེས་སྐྱེས་ནས་དེའི་རྗེས་སུ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་དགོས་པའི་ཕྱིར། གཞན་ཡང་། རྟགས་འཛིན་སེམས་མངོན་སུམ་ལྟར་སྣང་མ་ཡིན་པར་ཐལ། འབྲས་རྟགས་ཀྱི་མངོན་སུམ་གྱིས་འཇལ་བའི་ཕྱིར།


DLL1004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ།དགག་རྟགས་ཀྱི་རྟགས་ཆོས་རྫས་སུ་མ་གྲུབ་པས། དགག་རྟགས་ལ་རྟགས་འཛིན་སེམས་དཔྱད་པར་མི་བྱ་ཞེས་པའང་མི་འཐད་དེ། རྟགས་འཛིན་སེམས་རྟགས་ཆོས་གཉིས་ལས་མཐའ་གཅིག་ཏུ་སྐྱེ་བར་མ་ངེས་པའི་ཕྱིར། གཞན་ཡང་། དགག་རྟགས་ལ་རྟགས་ཅན་རྗེས་དཔག་དཔྱད་པར་བྱ་བ་མ་ཡིན་པར་ཐལ། རྟགས་ཅན་རྗེས་དཔག་རྟགས་་འཛིན་སེམས་ལས་སྐྱེ་དགོས་པ་གང་ཞིག །དགག་རྟགས་ལ་རྟགས་འཛིན་སེམས་དཔྱད་ པར་བྱ་བ་མ་ཡིན་པའི་ཕྱིར། འདོད་ན། དགག་རྟགས་ཡང་དག་མ་གྲུབ་པར་ཐལ་ལོ། །ཁ་ཅིག །ཤཱཀྱ་བློས། རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་འབྱུང་བ་གང་ཡིན་པ་དེ་ཡང་ཚད་མར་ཐ་སྙད་བྱས་པ་ཡིན་ཏེ། ཚད་མའི་རྒྱུ་ཡིན་པའི་ཕྱིར་ཞེས་གསུངས་པས། རྟགས་འཛིན་སེམས་ཀྱི་མཚན་ཉིད་ཕྱོགས་ཆོས་འཇལ་བའི་བཅད་ཤེས་གང་ཞིག །རང་འབྲས་རྟགས་ཅན་རྗེས་དཔག་གི་བརྒྱུད་རྒྱུ་ཡིན་ཞེས་བྱ་ལ། དུ་ལྡན་ལའི་དུ་བ་མཐོང་བའི་མངོན་སུམ་དང་། སྒྲ་བྱས་པར་མཐོང་བའི་མངོན་སུམ་ལྟ་བུ། ཕྱོགས་ཆོས་འཇལ་བའི་ཚད་མ་དང་། དེའི་རྗེས་སུ་སྐྱེས་པའི་བཅད་ཤེས་ནི་རྟགས་འཛིན་སེམས་ཡིན་ནོ་ཞེས་ཟེར་ན། དེ་ནི་མི་འཐད་དེ། ཤཱཀྱ་བློས་ཕྱོགས་ཆོས་འཇལ་བའི་བཅད་ཤེས་རྟགས་འཛིན་སེམས་སུ་བཤད་ཀྱི། དེ་ཁོ་ན་རྟགས་འཛིན་སེམས་སུ་མ་བཤད་པའི་ཕྱིར།དེ་ལྟ་མིན་ན། ཕྱོགས་ཆོས་ཁོ་ན་རྟགས་ཡང་དག་གི་ཚུལ་ཡིན་པར་ཐལ། ཕྱོགས་ཆོས་འཇལ་བའི་བཅད་ཤེས་ཁོ་ན་རྟགས་འཛིན་སེམས་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ་གསུམ། མཚན་ཉིད། དབྱེ་བ། རྟགས་ཅན་རྗེས་དཔག་དང་རྟགས་འཛིན་སེམས་མི་བསླུ་བར་བསྟན་པའོ། །དང་པོ་ནི་རྟགས་འཛིན་སེམས་ཀྱི་མཚན་ཉིད། རང་འབྲས་


DLL1004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་མཇལ་བའི་བློ། གཉིས་པ་ནི། རྟགས་འཛིན་སེམས་ལ་དབྱེ་ན། ཕྱོགས་ཆོས་འཇལ་བའི་ རྟགས་འཛིན་སེམས་དང་། ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་གཉིས། དང་པོ་ལ་དབྱེ་ན། ཕྱོགས་ཆོས་འཇལ་བའི་ཚད་མ་དང་བཅད་ཤེས་གཉིས། དང་པོ་ལ། ཕྱོགས་ཆོས་འཇལ་བའི་མངོན་སུམ་དང་རྗེས་དཔག་གཉིས། དཔེར་བརྗོད་རིམ་བཞིན་དུ། དུ་ལྡན་གྱི་ལ་ལ་དུ་བ་མཐོང་བའི་མངོན་སུམ་ལྟ་བུ་དང་། སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། །ཕྱོགས་ཆོས་འཇལ་བའི་བཅད་ཤེས་ལ་དབྱེ་ན། ཕྱོགས་ཆོས་འཇལ་བའི་ཚད་མ་གཉིས་པོ་དེའི་རྗེས་སུ་སྐྱེས་པའི་བཅད་ཤེས་གཉིས་སོ། །ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་ལ་དབྱེ་ན། ཁྱབ་པ་འཇལ་བའི་ཚད་མ་དང་བཅད་ཤེས་གཉིས། དང་པོ་ལ་ཁྱབ་པ་འཇལ་བའི་མངོན་སུམ་དང་རྗེས་དཔག་གཉིས། དཔེར་བརྗོད་རིམ་བཞིན། ཚང་མང་གི་སྟེང་དུ་མེ་ལས་དུ་བ་སྐྱེ་བར་མཐོང་བའི་མངོན་སུམ་ལྟ་བུ་དང་། སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། ཁྱབ་པ་འཇལ་བའི་བཅད་ཤེས་ལ་དབྱེ་ན། ཁྱབ་པ་འཇལ་བའི་མངོན་རྗེས་གཉིས་ཀྱི་རྗེས་སུ་སྐྱེས་པའི་བཅད་ཤེས་གཉིས་སོ། །གསུམ་པ་ལ་གཉིས། དངོས་དང་། གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ནི། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། །སྒྲ་མི་རྟག་པ་ལ་མི་བསླུ་བ་ཡིན་ཏེ། སྒྲ་མི་རྟག་པར་ཞེན་པ་གང་ཞིག །སྒྲ་མི་རྟག་པ་ལ་འབྲེལ་བའི་ཕྱིར་ཏེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ལ་འབྲེལ། དེ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལ་འབྲེལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་པོ་དེ། སྒྲ་མི་རྟག་པ་ལ་འབྲེལ་བའི་ཕྱིར་རོ། །དེ་ཡང་སྒྲ་འཛིན་མངོན་སུམ་དེ་སྒྲ་མི་རྟག་པ་གཟུང་དོན་དུ་བྱས་པ་ལས་སྐྱེས་ཤིང་། དེ་ལས་སྒྲ་བྱས་པར་རྟོགས་པའི་ཚད་མ་སྐྱེ། དེ་དང་སྒྲ་མི་རྟག་པར་སྒྲུབ་


DLL1004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱབ་འབྲེལ་འཇལ་བའི་ཚད་མ་ལས། དེ་སྒྲུབ་ཀྱི་ཚུལ་གསུམ་མཇལ་བའི་བཅད་ཤེས་སྐྱེ་ལ། དེ་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །དེས་རྟགས་འཛིན་སེམས་མི་བསླུ་བའི་ཚུལ་ཡང་ཤེས་པར་བྱའོ། །ཁ་ཅིག་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་འབྲེལ་བ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་འཛིན་་སེམས་ལ་འབྲེལ། དེ་དེ་སྒྲུབ་ཀྱི་རྟགས་བྱས་པ་ལ་འབྲེལ། བྱས་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མི་རྟག་པ་ལ་འབྲེལ་བའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། མི་རྟག་པ་ལ་འབྲེལ་བས་སྒྲ་མི་རྟག་པ་ལ་འབྲེལ་པར་སྒྲུབ་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། ཆོས་མཆོག་གི་འགྲེལ་པར་རྩོད་ལན་ཇི་ལྟར་འབྱུང་བའི་ཚུལ། དེ་ལ་ལོ་ཙཱ་བ་ཆེན་པོས་སྐྱོན་བརྗོད་མཛད་པའི་ཚུལ། དེ་མི་འཐད་པར་བསྟན་པའོ། །དང་པོ་ནི། དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་པའི་སྐབས་སུ། རྟགས་འཛིན་སེམས་དང་རྟགས་ཅན་རྗེས་དཔག་མི་བསླུ་བར་བསྟན་པ་ལ། མུ་སྟེགས་ཀྱི་སྟོན་པ་བདེ་བྱེད་ན་རེ། དེ་ལ་མི་འཐད་པ་དང་། སྐབས་སུ་མ་བབ་པའི་སྐྱོན་གཉིས་ཡོད་ལ། མི་འཐད་པའི་སྐྱོན་ཡོད་དེ། རྟགས་འཛིན་སེམས་མི་བསླུ་ན། རྟགས་ལ་མི་བསླུའམ། རྟགས་ཅན་ལ་མི་བསླུ། དང་པོ་ལྟར་ན། མངོན་སུམ་ཡིན་ནམ་རྗེས་དཔག་ཡིན། དང་པོ་མི་འཐད་དེ། དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་མི་འཐད་དེ། རྟགས་ཅན་མི་བསླུ་བར་སྒྲུབ་པའི་རྩ་བའི་དམ་བཅའ་ལས་མ་འདས་པའི་ཕྱིར། རྟགས་ཅན་ལ་མི་བསླུ་བ་མི་འཐད་དེ། རྟགས་ཅན་མ་བཟུང་བའི་ཕྱིར། སྐབས་སུ་མ་བབ་པའི་སྐྱོན་ཡོད་དེ། རྟགས་ཅན་རྗེས་དཔག་མི་བསླུ་བར་སྒྲུབ་པའི་སྐབས་སུ་རྟགས་འཛིན་སེམས་མི་བསླུ་བར་སྒྲུབ་པ་སྐབས་སུ་མ་བབ་པའི་ཕྱིར་


DLL1004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ལ། སློབ་དཔོན་ཆོས་མཆོག་ན་རེ། མི་འཐད་པའི་སྐྱོན་མེད་དེ། རྟགས་འཛིན་སེམས་ཀྱིས་རྟགས་སུ་མ་ཟད། རྟགས་ཅན་བསྒྲུབ་བྱའི་ཆོས་ཀྱང་བཟུང་བའི་ཕྱིར། སྐབས་སུ་མ་བབ་པའི་སྐྱོན་ཡང་མེད་དེ། །རྟགས་ཅན་རྗེས་དཔག་མི་བསླུ་བར་སྒྲུབ་པ་ལ། དེ་རྟགས་འཛིན་སེམས་ལ་འབྲེལ། རྟགས་འཛིན་སེམས་རྟགས་ལ་འབྲེལ། རྟགས་བསྒྲུབ་བྱ་ལ་འབྲེལ་པར་སྒྲུབ་དགོས་པའི་ཕྱིར་ཞེས་གསུང་། གཉིས་པ་ནི། ལོ་ཙཱ་བ་ཆེན་པོ་ན་རེ། མི་འཐད་པའི་སྐྱོན་སོ་ན་གནས་ཏེ། རྟགས་འཛིན་སེམས་མི་བསླུ་ན་མི་བསླུ་བ་ཚད་མའི་མཚན་ཉིད་ཡིན་པས། མངོན་ ་སུམ་ཡིན་ནམ་རྗེས་དཔག་ཡིན། དང་པོ་མི་འཐད་དེ། སློབ་དཔོན་གྱིས་རྟགས་འཛིན་ ་སེམས་མངོན་སུམ་ལྟར་སྣང་དུ་བསྟན་པའི་ཕྱིར། གཉིས་པ་མི་འཐད་དེ། ཀུན་ལས་བཏུས་སུ། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས། རྟགས་འཛིན་སེམས་དེ་རྗེས་དཔག་གི་སྡེ་ཚན་ལས་ལོགས་སུ་བཤད་པའི་ཕྱིར། སྐབས་སུ་མ་བབ་པའི་སྐྱོན་སོ་ན་གནས་ཏེ། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །ཅེས་གསུངས་པ་ལྟར། མངོན་སུམ་མི་བསླུ་བར་སྒྲུབ་པ་ལ། རང་ཡུལ་ལ་འབྲེལ་བར་སྒྲུབ་དགོས་ཀྱང་། སླར་ཡང་འབྲེལ་ཡུལ་མི་བསླུ་བར་སྒྲུབ་མི་དགོས་པ་བཞིན་དུ། རྟགས་ཅན་རྗེས་དཔག་མི་བསླུ་བར་སྒྲུབ་པ་ལ། དེ་རྟགས་འཛིན་སེམས་ལ་འབྲེལ་བར་སྒྲུབ་དགོས་ཀྱང་། སླར་ཡང་རྟགས་འཛིན་སེམས་མི་བསླུ་བར་བསྒྲུབ་པ་ལ་དགོས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །གསུམ་པ་ནི། རྟགས་འཛིན་སེམས་མི་བསླུ་ན། མི་བསླུ་བ་ཚད་མའི་མཚན་ཉིད་ཡིན་པས། མངོན་སུམ་ཡིན་ནམ་རྗེས་དཔག་ཡིན། ཞེས་ཟེར་བའང་མི་འཐད་དེ། མི་བསླུ་བ་ཚད་མའི་མཚན་ཉིད་དུ་མི་འཐད་པའི་ཕྱིར་ཏེ། ཚད་མའི་མཚན་


DLL1004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཟུར་དུ་གསར་དུ་མི་བསླུ་བ་ཞེས་སྨོས་པ་ལ་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་ཡོད་པའི་ཕྱིར། རྟགས་འཛིན་སེམས་སུ་གྱུར་པའི་མངོན་སུམ་ཡོད་ཀྱང་རྟགས་འཛིན་སེམས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་མི་འགལ་ཏེ། རྟགས་འཛིན་སེམས་ལ་མངོན་སུམ་དང་རྟོག་པ་གཉིས་སུ་ཡོད་པ་ལས། རྟོག་པར་གྱུར་པའི་རྟགས་འཛིན་སེམས་དེ་མངོན་སུམ་ལྟར་སྣང་བཤད་པ་ཡིན་པའི་ཕྱིར། རྟགས་འཛིན་སེམས་ལ་རྗེས་དཔག་ཡོད་ཀྱང་རྟགས་འཛིན་སེམས་རྗེས་དཔག་ལས་ལོགས་སུ་གསུངས་པ་དང་མི་འགལ་ཏེ། རང་འབྲས་རྗེས་དཔག་ལས་ལོགས་སུ་གྱུར་པ་ཡིན་ལ། དེ་ཙམ་གྱིས་རྗེས་དཔག་མ་ཡིན་པར་མི་འགྱུར་བའི་ཕྱིར་རོ། །སྐབས་སུ་མ་བབ་པའི་སྐྱོན་སོ་ན་གནས་པའང་མི་འཐད་དེ། རྟགས་ཅན་རྗེས་དཔག་མི་བསླུ་བར་སྒྲུབ་པ་ལ་རྟགས་འཛིན་སེམས་རང་ཡུལ་ལ་འབྲེལ་བར་སྒྲུབ་དགོས་ལ། རྟགས་འཛིན་སེམས་རང་ཡུལ་ལ་འབྲེལ་བར་སྒྲུབ་པ་དང་། རྟགས་འཛིན་སེམས་མི་བསླུ་བར་སྒྲུབ་པ་སྐབས་འདིར་དོན་གཅིག་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་སྤང་ནི། རྗེས་དཔག་གི་དངོས་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་འཇལ་བའི་བློ་ཆོས་ཅན། རྟགས་འཛིན་སེམས་ཡིན་པར་ཐལ། རང་འབྲས་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་འཇལ་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་འབྲས་རྗེས་དཔག་གི་བརྒྱུད་རྒྱུ་ཡིན་པར་ཐལ་ལོ། ཁྱབ་སྟེ། ཀུན་ལས་བཏུས་ཀྱི་འགྲེལ་པར། རྟགས་ཤེས་པ་ནི་རྗེས་དཔག་གི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྟགས་འཇལ་བའི་ཚད་མ་དེ་རྗེས་དཔག་གི་དངོས་ཀྱི་རྒྱུ་མ་ཡིན་ཏེ། ཁྱབ་འབྲེལ་འཇལ་བའི་དྲན་པས་


DLL1004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཆོད་པའི་ཕྱིར་ཞེས་པའི་དོན་ཡིན་པའི་ཕྱིར། རྟགས་འཛིན་སེམས་ཆོས་ཅན། རྗེས་དཔག་མ་ཡིན་པར་ཐལ། རྗེས་དཔག་ལས་ལོགས་སུ་བཤད་པའི་ཕྱིར་ཞེ་ན། ཡིད་ཆེས་རྗེས་དཔག་ཆོས་ཅན། རྗེས་དཔག་མ་ཡིན་པར་ཐལ། རྗེས་དཔག་ལས་ལོགས་སུ་བཤད་པའི་ཕྱིར། རྗེས་དཔག་ལས་ལོགས་སུ་བཤད་པ་མ་ཡིན་གྱི། དངོས་སྟོབས་རྗེས་དཔག་ལས་ལོགས་སུ་བཤད་པ་ཙམ་ཡིན་ནོ་ཞེ་ན། འོ་ན་རྟགས་འཛིན་ སེམས་ཀྱང་རྗེས་དཔག་ལས་ལོགས་སུ་བཅད་པ་མ་ཡིན་གྱི། རང་འབྲས་རྗེས་དཔག་ལས་ལོགས་སུ་བཤད་པ་ཡིན་ནོ། །ཞེས་མཚུངས་སོ། །གསུམ་པ་རྗེས་དཔག་གི་རྟེན་གཏན་ཚིགས་བཤད་པ་ལ་གཉིས། རྟགས་ཡང་དག་བཤད་པ་དང་། རྟགས་ལྟར་སྣང་བཤད་པའོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་བཤད་པའོ། །དང་པོ་ལ། དགག་བཞག་གཉིས། དང་པོ་ལ། སློབ་དཔོན་དབང་ཕྱུག་སྡེ་ན་རེ། ཕྱོགས་ཆོས་དང་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་འགྲོ་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་དང་། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་དང་། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་བརྗོད་པར་འདོད་པའི་གྲངས་གཅིག་པ་དང་། ལྔ་པོ་དེ་བློ་ཡུལ་དུ་ངེས་པའི་ཤེས་པ་ཉིད་དེ། རྟགས་ཡང་དག་གི་མཚན་ཉིད་ཚུལ་དྲུག་ཡིན་ནོ། །རྟགས་མི་མཐུན་ཕྱོགས་ལ་མེད་པའི་དོན་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་མ་མཐོང་བ་ཡིན་གྱི་གཞི་མཐུན་མེད་པར་ངེས་པ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན་རྟགས་མི་མཐུན་ཕྱོགས་མཐའ་དག་ལ་ཡོད་ན་སྣང་རུང་དུ་ངེས་དགོས་ལ། དེ་ལྟ་ན། མི་མཐུན་ཕྱོགས་མཐའ་དག་ཡོད་ན་སྣང་རུང་དུ་འགྱུར་དགོས་ལ། མི་མཐུན་ཕྱོགས་མཐའ་དག་ཡོད་ཀྱང་ཕྱི་རྒོལ་ལ་སྣང་རུང་མ་ཡིན་པའི་


DLL1004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞེས་ཟེར་རོ། །ཚུལ་ཕྱི་མ་གསུམ་མི་རིགས་ཏེ། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་དོན་གནོད་པ་མ་མཐོང་བ་ལ་བྱེད་ན་ཕྱོགས་ཆོས་ཀྱིས་གྲུབ་ཟིན་ལ། གནོད་པ་མེད་པར་ཚད་མས་ངེས་པ་ལ་བྱེད་ན་གཏན་ཚིགས་ཡང་དག་ཏུ་མི་རུང་བའི་ཕྱིིར་རོ། །ལོག་ཕྱོགས་སྒྲུབ་བྱེད་ཚད་མ་མེད་པའི་དོན་ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མ་མཐོང་བ་ལ་བྱེད་ན་ཕྱོགས་ཆོས་ཀྱིས་གྲུབ་ཟིན་ལ། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་ངེས་པ་ལ་བྱེད་ན། གཏན་ཚིགས་ཡང་དག་ཏུ་མི་རུང་བའི་ཕྱིར་རོ། །ཚུལ་གསུམ་ལས་ལོགས་སུ་ཤེས་པ་ཉིད་ཀྱི་ཚུལ་སྨོས་པ་མི་རིགས་པར་ཐལ། སློབ་དཔོན་གྱིས་ཚུལ་གསུམ་སོ་སོའི་མཐར་ངེས་པ་སྨོས་ཟིན་པའི་ཕྱིར། གཞན་ཡང་། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། ལྡོག་པ་ལ་ཐེ་ཚོམ་ཟ་བ་རྟགས་ལྟར་སྣང་དུ་བརྗོད་བྱ་མ་ཡིན་པར་ཐལ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར། ཁྱབ་སྟེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་འབའ་ཞིག་ཏུ་ཟད་ན་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཏེ། ཐེ་ཚོམ་མི་ཟ་ན་དེ་ཡོད་པ་འམ་མེད་པར་ངེས་པར་འགྱུར་བའི་ཕྱིར། འདོད་ན། སློབ་དཔོན་གྱིས་ཕྱོགས་ཆོས་མ་གྲུབ་པ་བཞི་དང་། ཁྱབ་པ་ལ་ཐེ་ཚོམ་ཟ་བ་སོགས་བཞི་ཅི་རིགས་པར་དཔེ་དོན་དུ་སྦྱར་བ་མི་རིགས་པར་ཐལ་ལོ། །འདོད་མི་ནུས་ཏེ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་མི་འགལ་ཏེ། ལྡོག་པ་ལ་ཐེ་ཚོམ་ཟ་ན་ལྡོག་པ་མི་འགྲུབ་མི་སྙམ་པ་དགག་


DLL1004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དུ་ཅི་རིགས་པ་སྨོས་པས། ཐེ་ཚོམ་ཟ་བ་ལ་ལྡོག་ཁྱབ་གྲུབ་པ་སློབ་དཔོན་གྱིས་མ་བཀག་གོ་ཞེ་ན། དེ་ཡང་མི་རིགས་ཏེ། རྗོད་པ་གང་ཞིག་གཉིས་ཀ་ལ་ངེས་པ་དེ་ཁོ་ན་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི་གང་ཡང་རུང་བ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་བརྗོད་པ་ནི་མ་ཡིན་ཏེ། ཡང་སྒྲུབ་པར་བྱེད་པ་ལ་ལྟོས་པའི་ཕྱིར་ཞེས་གསུངས་སོ། །འོ་ན་ཅི་རིགས་པའི་དོན་ཅི་ཡིན་ཞེ་ན། ཕྱོགས་ཆོས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང་། གང་རུང་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་དང་། ཆོས་ཅན་གཞི་མ་གྲུབ་ནས་མ་གྲུབ་པའི་དཔེ་བཞི་དང་། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། ཁྱབ་བྱེད་དུ་མེད་པ་དང་། རྣམ་གཉིས་སུ་འཇུག་པའི་ཕྱོགས་ཆོས་ཅན་དགུའི་རྗེས་སུ་འགྲོ་ལྡོག་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང་། གང་རུང་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་དང་། མི་མཐུན་དཔེ་གཞི་མ་གྲུབ་པ་བཞི་ཅི་རིགས་ པར་དཔེ་དོན་་དུ་སྦྱར་ཏེ། སྔ་མ་གསུམ་དཔེ་དོན་སྦྱོར་ཞིང་ཕྱི་མ་མི་སྦྱོར་བའི་དོན་ནོ། །དཔེ་དོན་སྦྱོར་ཚུལ་ནི། ཕྱོགས་ཆོས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པ་དང་། ཕྱོགས་ཆོས་ཅན་དགུའི་འགལ་རྟགས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པས་ཁྱབ་པ་མི་འགྲུབ་ཅེས་དཔེ་དོན་དུ་སྦྱོར་བ་དང་། དེ་བཞིན་དུ་ཕྱོགས་ཆོས་རྒོལ་ཕྱི་རྒོལ་གང་རུང་ལ་མ་གྲུབ་ན། ཕྱོགས་ཆོས་མ་གྲུབ་པ་དང་། ཕྱོགས་ཆོས་ཅན་དགུའི་ཐུན་མོང་མ་ངེས་པའི་རྟགས་བཞི་པོའི་རྗེས་སུ་འགྲོ་ལྡོག་རྒོལ་ཕྱི་རྒོལ་གང་རུང་ལ་མ་གྲུབ་པས། ཁྱབ་མ་གྲུབ་པ་དཔེ་དོན་སྦྱོར་བ་དང་། ཕྱོགས་ཆོས་ལ་ཐེ་ཚོམ་ཟ་བ་དང་། ཕྱོགས་ཆོས་ཅན་དགུའི་ཐུན་མོང་མ་ཡིན་པའི་རྟགས་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཐེ་ཚོམ་ཟ་བས་ཁྱབ་པ་མ་གྲུབ་པ་དཔེ་དོན་དུ་སྦྱོར་བ་རིགས་ལ་ཆོས་


DLL1004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཞི་མ་གྲུབ་ནས་ཕྱོགས་ཆོས་མ་གྲུབ་པ་དང་། ཕྱོགས་ཆོས་ཅན་དགུའི་ཡང་དག་གཉིས་ཀྱི་མི་མཐུན་དཔེ་གཞི་མ་གྲུབ་ན། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མི་འགྲུབ་པ་དཔེ་དོན་མི་སྦྱོར་ཏེ། ཆོས་ཅན་གཞི་མ་གྲུབ་པས་ཕྱོགས་ཆོས་མ་གྲུབ་པར་འགྱུར་ལ། མི་མཐུན་དཔེ་གཞི་མ་གྲུབ་པས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མ་གྲུབ་པར་མི་འགྱུར་བའི་ཕྱིར་ཞེས་པའོ། །འདི་ཡང་གཞན་དོན་གྱི་རྟགས་ཀྱི་དབང་དུ་བྱས་ཀྱི། རྟགས་ཐམས་ཅད་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་རྒོལ་ཕྱིར་རྒོལ་གཉིས་ཀས་མ་གྲུབ་ཀྱང་། རྟགས་ཡང་དག་ཏུ་འགྱུར་བའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་རོ། །གཞན་དོན་གྱི་རྟགས་ཀྱི་ནང་ནས་ཀྱང་སྒྲུབ་རྟགས་ཀྱི་དབང་དུ་བྱས་ཀྱི་རྟགས་ཐམས་ཅད་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་གཞན་དོན་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། རང་བཞིན་དུ་མར་མེད་པ་དེ་བ་ལང་གི་སྤྱི་རྟག་དངོས་གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུ་མ་འབྲེལ་བར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་སྒྲུབ་རྟགས་ཡང་ཐམས་ཅད་ལ་ནི་མ་ཡིན་ཏེ། སྐྱེས་བུ་འདི་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། རི་བོང་གི་རྭས་ཕུག་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། རི་བོང་གི་རྭས་ཕུག་པ་ཆོས་ཅན། སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་ སྣང་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཞེས་བཀོད་པ་ན། དེ་སྒྲུབ་ཀྱི་རྟགས་སུ་བཀོད་ནས་ཕྱོགས་ཆོས་མ་གྲུབ་པ་དེ། རི་བོང་རྭས་ཕུག་པ་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་སྣང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །གཞན་ཡང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། མཉན་


DLL1004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྲུབ་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཕྱོགས་ཆོས་གང་ཞིག །འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་གྱིས་ཁྱད་པར་ནི་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། སྒྲ་དེ་ཡང་མི་རྟག་པ་མ་ཡིན་པར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། ཞེ་ན། ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ངོར་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་མི་སྲིད་པའི་ཕྱིར་ཏེ། དེའི་ངོར་ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ་དཔེ་སྟེང་དུ་ངེས་པ་མི་སྲིད་པའི་ཕྱིར་ཏེ། དེའི་ངོར་སྒྲ་མི་རྟག་པར་མ་གྲུབ་པ་གང་ཞིག །ཁྱོད་དང་སྒྲ་གཉིས་མི་རྟག་པར་རྟོགས་དཀའ་སླ་མཚུངས་པའི་ཕྱིར་ཏེ། ཁྱོད་སྒྲའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་རྨོངས་པས་འབྲེལ་བ་ངེས་པ་དཔེ་ལ་ལྟོས་པ་ཡིན་གྱི་མཁས་པས་དཔེ་མེད་པར་ཡང་། སྔར་ཁྱབ་པ་མངོན་སུམ་གྱིས་གྲུབ་ནས་རྟགས་མཐོང་མ་ཐག་འབྲེལ་བ་དྲན་པའི་རྗེས་སུ་སྒྲ་མི་རྟག་པར་གོ་བས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ་ཞེ་ན། མི་རིགས་ཏེ། སྒྲ་དང་མཉན་བྱ་མི་རྟག་པར་རྟོགས་དཀའ་སླ་མཚུངས་པའི་ཕྱིར། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ཤེས་པའི་སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་ནུས་སམ་མི་ནུས། མི་ནུས་ན། ཁང་པ་དེའི་ཐུན་མོང་མ་


DLL1004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་མིང་མི་ཤེས་པར་ཁང་པ་དེ་འཇིག་པར་མངོན་སུམ་གྱིས་གྲུབ་པ་མི་སྲིད་པར་ཐལ་ལོ། །ངེས་ནུས་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་ངང་ནས། མིང་དོན་གྱི་འབྲེལ་བ་ལ་བརྟེན་པའི་ཕྱོགས་ཆོས་ཕྱིས་གོ་བར་བྱར་ཡོད་པའི་ཕྱིར་ཞེ་ན་དེ་ལྟར་མ་ཡིན་ན་ཡང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་ཏེ། སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་སྒྲ་མི་རྟག་པར་ངེས་པ་མ་ཡིན་པའི་ཕྱིར། འོ་ན་དེའི་ཚེ་སྒྲ་མི་རྟག་པར་མངོན་སུམ་གྱིས་རྟོགས་པར་ཐལ། དེའི་ཚེ་སྒྲ་མི་རྟག་པར་གསར་དུ་རྟོགས་པ་གང་ཞིག །སྒྲ་མི་རྟག་པར་རྗེས་དཔག་གིས་མ་རྟོགས་པའི་ཕྱིར་ཞེ་ན། སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་ཚུལ་མངོན་སུམ་དང་། ཕྱིས་མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་སྒྲ་མི་རྟག་པར་ངེས་པ་ཡིན་ནོ། །གཞན་ཡང་། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ཅིང་། དེ་ཉིད་སློབ་དཔོན་གྱི་བཞེད་པའང་ཡིན་ན། བྱེ་བྲག་པས་གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་དེ་རླུང་གི་རྫས་ཀྱི་ཡོན་ཏན་དུ་སྒྲུབ་པར་འདོད་ནས། རྩྭ་དང་ཤིང་མེད་པའི་མྱ་ངམ་གྱི་ཐང་ན་ཆོས་ཅན། རླུང་གི་རྫས་ཡོད་དེ། གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་དམིགས་པའི་ཕྱིར་ཞེས་འགོད་ལ། གཞི་དེར་རེག་བྱ་བཏང་སྙོམས་པ་དམིགས་པས་རླུང་གི་རྫས་ཡོད་པར་ཇི་ལྟར་འགྲུབ་དྲིས་པས། རེག་བྱ་བཏང་སྙོམས་པ་དམིགས་པས་རླུང་གི་རྫས་འགྲུབ་པ་ཡིན་ཏེ། རེག་བྱ་བཏང་སྙོམས་པ་དེ་སྤྱིར་ཡོན་ཏན་ཡིན་པས་རྫས་ལ་བརྟེན་དགོས་ཤིང་། བྱེ་བྲག་ཏུ་རེག་


DLL1004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཅན་གྱི་ཡོན་ཏན་ཡིན་པས། འབྱུང་བ་བཞི་གང་རུང་ལ་བརྟེན་དགོས་ལ། ས་ཆུ་མེ་གསུམ་ནི་རེག་བྱ་བཏང་སྙོམས་པའི་རྟེན་དུ་མི་རུང་བའི་ཕྱིར་ཟེར། ས་ཆུ་མེ་གསུམ་ལ་ཇི་ལྟར་མི་བརྟེན་དྲིས་པས། ས་ཆུ་མེ་གསུམ་ཆོས་ཅན། གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་མེད་དེ། དེ་མ་མཐོང་བའི་ཕྱིར་ཞེས་ཟེར་རོ། །ཁྱོད་ལྟར་ན། རེག་བྱ་བཏང་སྙོམས་པ་མ་མཐོང་བ་ཆོས་ཅན། དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཕྱོགས་ཆོས་གང་ཞིག །ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་གྱི་རླུང་གི་རབ་བྱེད་ལས། གང་ཡང་མ་མཐོང་བ་དག་གིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་རེག་བྱ་བཏང་སྙོམས་པ་ཡོད་ན། སྣང་རུང་གི་ས་སོགས་ལ་རེག་བྱ་བཏང་སྙོམས་པ་མ་མཐོང་བས་མེད་པར་འགྲུབ་པ་མ་ཡིན་ནམ། ཅིའི་ཕྱིར་ས་སོགས་གསུམ་ལ་རེག་བྱ་བཏང་སྙོམས་པ་མ་མཐོང་བས་མེད་པར་མི་འགྲུབ་ཅེ་ན། རེག་བྱ་གཞན་དང་ལྡན་པའི་ས་སོགས་གསུམ་ལ་རེག་བྱ་བཏང་སྙོམས་པ་ཡོད་ན། དམིགས་སུ་རུང་བ་ལས་མ་དམིགས་པས་མེད་པར་འགྲུབ་མོད་དེ་ཙམ་ལ་འགོག་པ་མ་ཡིན་ཏེ། བྱེ་བྲག་པས་སྤྱིིར་ས་སོགས་གསུམ་ལ་རེག་བྱ་བཏང་སྙོམས་པ་དགག་པར་སྨྲས་པའི་ཕྱིར་དང་། ས་སོགས་ཙམ་ལ་རེག་བྱ་བཏང་སྙོམས་པ་ཡོད་ན་དམིགས་རུང་དུ་མ་གྲུབ་སྟེ། བར་དུ་ཆོད་པ་དང་བསྐལ་པ་ལ་སོགས་པ་ལ་རེག་བྱ་བཏང་སྙོམས་པ་ཡོད་ཀྱང་དམིགས་རུང་མ་ཡིན་པའི་ཕྱིར། གལ་ཏེ་རེག་བྱ་གཞན་དང་ལྡན་པའི་མཐོང་བའི་ས་སོགས་ལ་རེག་བྱ་བཏང་སྙོམས་པ་བཀག་པས་མ་མཐོང་བའི་ས་སོགས་གསུམ་ལའང་


DLL1004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་བཏང་སྙོམས་པ་འགོག་པར་ནུས་ཏེ། དེ་གཉིས་ས་སོགས་སུ་རིགས་གཅིག་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ས་སོགས་ཀྱི་རེག་བྱའི་ཁྱད་པར་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། སྲིན་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པའི་རེག་བྱ་ཐ་དད་པར་དམིགས་པའི་ཕྱིར་རོ། །རྣམ་ངེས་ལྟར་ན། གལ་ཏེ་མ་མཐོང་བའི་ས་སོགས་ལའང་རེག་བྱ་བཏང་སྙོམས་པ་མེད་དེ། མ་མཐོང་བའི་ཕྱིར་ཟེར་ན། ཁྱོད་ལྟར་ན་རེག་བྱ་བཏང་སྙོམས་པ་མ་མཐོང་བ་ཆོས་ཅན། མ་མཐོང་བའི་ས་སོགས་གསུམ་ལ་རེག་བྱ་བཏང་སྙོམས་པ་མེད་པར་སྒྲུབ་པའི་ལྡོག་ཁྱབ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཕྱོགས་ཆོས་གང་ཞིག །ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་པར་མི་ནུས་ཏེ། སློབ་དཔོན་གྱིས། གལ་ཏེ་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །དེ་ཡང་བྱེ་བྲག་པས་ས་སོགས་ཐམས་ཅད་ལ་རེག་བྱ་བཏང་སྙོམས་པ་འགོག་པར་འདོད་པས། མཐོང་བ་དང་མ་མཐོང་བའི་ས་སོགས་གསུམ་པོ་ཐམས་ཅད་ལ་རེག་བྱ་བཏང་སྙོམས་པ་འགོག་དགོས་པས། རྣམ་འགྲེལ་ལས་མཐོང་བའི་ས་སོགས་དང་། རྣམ་ངེས་ལས་མ་མཐོང་བའི་ས་སོགས་ལ་རེག་བྱ་བཏང་སྙོམས་པ་འགོག་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །འོ་ན་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པ་རིགས་པས་མི་འགག་པར་ལུང་གིས་འགོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ལུང་དངོས་སྟོབས་ཀྱི་ཡུལ་གནོད་སྒྲུབ་དུ་འཇུག་པས་ལུང་གིས་བཀག་པ་མ་ཡིན་གྱི། རྟགས་མི་མཐུན་ཕྱོགས་ལ་མ་


DLL1004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཙམ་གྱིས་ལྡོག་ཁྱབ་སྒྲུབ་པར་འདོད་པ་དང་། སློབ་དཔོན་གྱི་ལུང་ཚད་མར་ཁས་ལེན་པ་གཉིས་ཁས་བླངས་ནས་འགལ་བར་བསྟན་པའི་ཕྱིར་དུ་ལུང་གིས་བཀག་པ་ཡིན་ནོ། །ལུང་འགལ་གཞན་རྣམས་ནི་ཚིག་མང་དུ་དྭོགས་ནས་མ་བྲིས་སོ། །སློབ་དཔོན་ཕྱ་པ་ནས་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་གྱི་ལྡོག་པས་སེལ་མ་ནུས་པའི་ལོག་རྟོག་དང་རིགས་མི་མཐུན་གང་ཡང་རྗེས་འགྲོས་སེལ་མི་ནུས་པས། ཕྱོགས་ཆོས་དང་ལྡོག་པ་ཚང་བ་ཙམ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར། ཕྱོགས་ཆོས་དང་རྗེས་འགྲོ་ཚང་བ་ཙམ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། རྟགས་ཡང་ ་དག་གི་མཚན་ཉིད་ཀྱི་ཟུར་གྱི་རྗེས་འགྲོས་སེལ་མི་ནུས་པའི་ལོག་རྟོག་དང་རིགས་མི་མཐུན་གང་ཡང་ལྡོག་པས་སེལ་མི་ནུས་པའི་ཕྱིར། ཁྱབ་རྟགས་ཁས། འདོད་ན། རྟགས་ཡང་དག་གི་དོན་ལྡོག་མི་འདྲ་བ་གཉིས་ཡོད་པར་ཐལ། ཕྱོགས་ཆོས་དང་ལྡོག་པ་ཚང་བའང་རྟགས་ཡང་དག་གི་མཚན་ཉིད་ཡིན། ཕྱོགས་ཆོས་དང་རྗེས་འགྲོ་ཚང་བའང་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག །ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཞེས་ཟེར། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། ཚད་མའི་སྟོབས་ཀྱིས་གཞལ་བ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཚད་མའི་སྟོབས་ཀྱིས་གཞལ་བ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །ཚུལ་གསུམ་པ་ཅན་གྱི་རྟགས་དེ་རྟགས་ཡང་དག་གི་


DLL1004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་ཞེས་ཟེར། འོ་ན་ནོག་སོགས་འདུས་པའི་བ་ལང་དེ་བ་ལང་གི་མཚན་ཉིད་དུ་ཐལ་ལོ། ཁ་ཅིག །ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་ཡིན་གྱི། ཚུལ་གསུམ་ནི་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་ཏེ། གལ་ཏེ་ཡིན་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་ ་དག་ཡིན་པའི་ཕྱིར། འདོད་ན། ལྡོག་པ་ཐ་དད་པ་གསུམ་ཡིན་པར་ཐལ་ལོ། །ཞེས་ཟེར་འོ་ན་བྱས་པ་ཆོས་ཅན། ལྡོག་པ་ཐ་དད་པ་གསུམ་ཡིན་པར་ཐལ། རྟགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། སྒྲ་མི་རྟག་པ་ཆོས་ཅན། ལྡོག་པ་ཐ་དད་པ་ལྔ་ཡིན་པར་ཐལ། ངོ་བོའི་དོན་སོགས་ཆོས་ལྔ་ཡིན་པའི་ཚུལ་གྱིས་ཚང་བའི་ཕྱིར། ཁྱབ་པ་ཁས། མུ་སྟེགས་ཀྱི་སྟོན་པ་གནོད་ཀྱི་རྗེ་ན་རེ། རྟགས་ཡང་དག་གི་མཚན་ཉིད། གཞན་དུ་མི་འཐད་པ་ཞེས་བྱ་བའི་ཚུལ་གཅིག་ཡིན་ནོ་ཞེས་ཟེར། འོ་ན་གཞན་དུ་མི་འཐད་པའི་དོན་ཤེས་འདོད་ཆོས་ཅན་ལས་གཞན་དུ་མི་འཐད་པ་ལ་བྱེད་དམ། བསྒྲུབ་བྱའི་ཆོས་ལས་གཞན་དུ་མི་འཐད་པ་ལ་བྱེད་དམ། ཚོགས་དོན་ལས་གཞན་དུ་མི་འཐད་པ་ལ་བྱེད། དང་པོ་ལྟར་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་ལས་གཞན་དུ་མི་འཐད་པའི་ཕྱིར། གཉིས་པ་ལྟར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལས་གཞན་ཡིན་པའི་ཕྱིར། གསུམ་པ་ལྟར། ཆོས་ཅན། ཆོས་འདྲ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལས་གཞན་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། དེ་སྒྲུབ་ཀྱི་


DLL1004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ། ཚུལ་གསུམ་ནི། ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་གི་ཚུལ་རྣམས་ཡིན་པས་འདི་ལ་གཉིས། ཕྱོགས་ཆོས་དཔྱད་པ་དང་། རྗེས་སུ་འགྲོ་ལྡོག་གི་ཁྱབ་པར་དཔྱད་པའོ། །དང་པོ་ནི། ཕྱོགས་ཆོས་ཀྱི་མཚན་ཉིད། རང་གི་རྟེན་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ། ཞར་ལ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་གང་ཞིག །བསྒྲུབ་བྱ་མ་གྲུབ་པའི་སྔ་རོལ་ཏུ་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བློས་བཟུང་བ། གལ་ཏེ་གཏན་ཚིགས་ལ་ཕྱོགས་ཀྱི་ཆོས་ཞེས་སྨོས་པ་མི་རིགས་ཏེ། ཕྱོགས་ཕྱི་རྒོལ་གྱིས་གྲུབ་ན་རྟགས་བཀོད་པ་དོན་མེད་པར་འགྱུར་ལ། མ་གྲུབ་ན། རྟགས་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག་པའི་དབང་དུ་བྱས་ན་བདེན་ཡང་འདིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་སྒྲས་བཏགས་ནས་བསྟན་པའི་ཕྱིར། ཕྱོགས་ཀྱི་སྒྲ་དེ་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་དང་ཚོགས་དོན་གསུམ་ག་ལ་འཇུག་སྟེ།ཀུན་ལས་བཏུས་སུ། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་སོ། །འོ་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་སུ་འདོགས་པའི་ཆོས་གསུམ་ཚང་ངམ་ཞེ་ན། ཚང་སྟེ། འདོགས་པའི་རྒྱུ་མཚན་བཏགས་པའི་དགོས་པ་དངོས་ལ་གནོད་བྱེད་གསུམ་ལས། འདོགས་པའི་རྒྱུ་མཚན་ལ། འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ནི། མི་དཔའ་བོ་ལ་སེང་གེ་ཞེས་བརྗོད་པ་བཞིན། གཉིས་པ་ལ། དེ་བྱུང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་། བདག་གཅིག་འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ལ། རྒྱུ་མིང་འབྲས་བུ་


DLL1004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ་གཉིས། དང་པོ་ནི། ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། སྒྲུབ་ངག་ལ་རྗེས་དཔག་ཅེས་བརྗོད་པ་ལྟ་བུའོ། །བདག་གཅིག་འབྲེལ་པ་རྒྱུ་མཚན་དུ་བྱས་པ་ལ། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པ་དང་། ཡ་གྱལ་གྱི་མིང་གི་ཚོགས་པ་བཏགས་པ་གཉིས་ལས། འདིར་ནི་ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པ་མིན་པས། ཤེས་འདོད་ཆོས་ཅན་སྒྲ་ལྟ་བུ་ཆོས་ཅན། ཕྱོགས་སུ་འདོགས་པའི་རྒྱུ་མཚན་ཡོད་དེ། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་བཞིན་ནོ། །རྩོད་གཞི་ལ་ཕྱོགས་ཀྱི་མིང་གིས་བཏགས་པ་ལ་དགོས་པ་ཡོད་དེ། རྩོད་གཞི་དེ་ཕྱོགས་ཀྱི་མིང་གིས་གདགས་རུང་གི་ཆོས་ཅན་དུ་གོ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་གོ་བ་ལའང་དགོས་པ་ཡོད་དེ། ཆོས་ཅན་གང་ཡང་རུང་བའི་ཆོས་སུ་གྲུབ་པ་ཙམ་གྱིས་ཚུལ་དང་པོ་གྲུབ་བམ་སྙམ་པའི་དྭོགས་པ་ཁེགས་པར་འགྱུར་བའི་ཕྱིར། དེས་ན་ཚུལ་དང་པོ་འཆད་པའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཀྱི་མིང་གིས་གདགས་པ་རིགས་སོ། །གལ་ཏེ་ཆོས་ཅན་གྱི་ཆོས་ཞེས་སྨོས་པས་ཀྱང་རྟགས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གོ་བར་འགྱུར་ཏེ། ཆོས་ཞེས་སྨོས་པས་ཆོས་ཅན་ཞིག་ལ་བརྟེན་པར་གྲུབ་ལ། ཆོས་ཅན་གྱི་སྒྲ་ལྷག་པོ་སྨོས་པས། ཆོས་ཅན་ཁྱད་པར་ཅན་ལ་བརྟེན་པར་གྲུབ་པའི་ཕྱིར་ཞེ་ན། ཆོས་ཅན་ཁྱད་པར་ཅན་གྱི་ཆོས་སུ་གོ་བས་རྩོད་གཞི་ཆོས་ཅན་གྱི་ཆོས་སུ་གོ་བས་མ་ཁྱབ་པར་ཐལ། མཐུན་དཔེ་ཆོས་ཅན་ཡང་ཆོས་ཅན་ཁྱད་པར་ཅན་ཡིན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་སྨོས་པས་མཐུན་དཔེ་ཆོས་ཅན་གྱི་ཆོས་སུ་མི་གོ་བར་ཐལ། བསྒྲུབ་


DLL1004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྒྲུབ་པའི་དུས་སུ་ཆོས་ཅན་ཞེས་པའི་སྒྲ་རྩོད་གཞི་ཁོ་ན་ལ་ཉེ་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། དེའི་དུས་སུ་ཆོས་ཅན་ཞེས་པའི་སྒྲ་མཐུན་དཔེ་ཆོས་ཅན་ལའང་ཉེ་བའི་ཕྱིར། གལ་ཏེ་ཆོས་ཅན་གྱི་ཆོས་ཞེས་སྨོས་པས་རྩོད་གཞི་ཆོས་ཅན་གྱི་ཆོས་སུ་གོ་བར་འགྱུར་བའི་ཕྱིར་ཏེ། ཆོས་ཅན་གྱི་ཆོས་ཞེས་པས་མཐུན་དཔེ་ཆོས་ཅན་ལ་ཡོད་པ་གཏན་ཚིགས་ཡིན་པར་བརྗོད་ན། རྗེས་ཁྱབ་སྟོན་པའི་སྐབས་སུ་མཐུན་དཔེ་གཞིར་བཟུང་ནས། མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་བསྟན་པ་དང་། སྒྲ་ཟློས་པར་འགྱུར་བའི་ཕྱིར་ཞེ་ན། ངག་གཞན་གྱིས་མཐུན་དཔེ་ལ་ཡོད་པར་བསྟན་པས་ཆོས་ཅན་གྱི་ཆོས་ཞེས་པའི་ངག་གིས་མཐུན་དཔེ་ལ་ཡོད་པར་བསྟན་པའི་དྭོགས་པ་མི་ཁེགས་པར་ཐལ། གྲུབ་བཞིན་དུ་བསྣན་ནས་བསྣན་ནམ་སྙམ་པའི་དྭོགས་པར་འགྱུར་བའི་ཕྱིར་ཏེ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། ངེས་པ། །ཞེས་པའི་ངག་བར་པས་མི་མཐུན་ཕྱོགས་ལ་མེད་པར་བསྟན་ནས། ཡང་དག་ཕྱི་མས་དོན་དེ་ཉིད་བསྟན་པར་དྭོགས་པ་མཐོང་བའི་ཕྱིིར། དེས་ན་ཚུལ་དང་པོ་འཆད་པའི་སྐབས་སུ། རྩོད་གཞི་ལ་ཕྱོགས་ཀྱི་སྒྲས་གདགས་པར་རིགས་ཀྱི་ཆོས་ཅན་རང་མིང་གིས་སྨོས་མི་རིགས་ཏེ། ཆོས་ཅན་རང་མིང་གིས་སྨོས་ན། རྩོད་པ་བརྒྱུད་མ་སྤང་དགོས་པས་བཤད་དཀའ་ལ་བཤད་དཀའ་བ་དེ་ཡང་ཕྱོགས་སྒྲས་བདེ་བླག་ཏུ་སྤངས་པའི་ཕྱིར། ཆོས་ཅན་རང་མིང་གིས་སྨོས་ན་ཆོས་ཀྱི་སྒྲས་ཆོས་ཅན་ཙམ་གོ་བ་དང་། ཆོས་ཅན་གྱི་སྒྲ་ལྷག་པོས་ཆོས་ཅན་ཁྱད་པར་ཅན་དང་ཉེ་བའི་ཤུགས་ཀྱིས་རྩོད་གཞི་དང་ཟློས་སྐྱོན་དང་བྲལ་བས་མཐུན་དཔེ་ལ་མི་གོ་བའི་ཤུགས་ཀྱིས་ཉན་པ་པོས་རྩོད་གཞི་ཁོ་ན་ལ་གོ་དགོས་ན་རྟོགས་དཀའ་བས། ཕྱོགས་ཆོས་ཞེས་པའི་སྒྲས་རྩོད་ཆོས་ཅན་གྱི་ཆོས་སུ་བདེ་བླག་ཏུ་གོ་


DLL1004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། རྟགས་ཀྱི་ཚུལ་བསྒྲུབ་པའི་སྐབས་སུ་ཕྱོགས་སུ་གདགས་རུང་གི་ཆོས་ཅན་རྩོད་གཞི་མ་གཏོགས་པ་གཞན་མེད་པའི་ཕྱིར་རོ། །རྩོད་གཞི་སྒྲ་ལྟ་བུ་ཆོས་ཅན། ཕྱོགས་མཚན་ཉིད་པ་མ་ཡིན་ཏེ། བསྒྲུབ་བྱ་མ་གྲུབ་པའི་སྔ་རོལ་ཏུ་གྲུབ་ཟིན་པའི་ཕྱིར་རོ། །གལ་ཏེ་རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཞེས་སྨོས་མི་རིགས་པར་ཐལ། ཕྱོགས་ནི་རྩོད་གཞི་དང་ཆ་ནི་དེའི་ཕྱོགས་གཅིག་ཡིན་པས་རྩོད་གཞིའི་ཕྱོགས་གཅིག་གིས་རྟགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཆ་ནི་སྨྲ་བ་པོས་ཆོས་ལ་བརྗོད་པར་འདོད་ལ། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་བརྗོད་འདོད་དང་མཐུན་པར་དོན་སྟོན་པ་མ་གཏོགས། རང་དབང་དུ་དོན་སྟོན་པའི་ནུས་པ་མེད་པའི་ཕྱིར་རོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དཔྱད་པ་ལ་གཉིས། དངོས་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པའོ། །དང་པོ་ལ་དགག་བཞག་སྤང་གསུམ་མོ། །དང་པོ་ནི། རྗེས་ཁྱབ་ཀྱི་མཚན་ཉིད། ཁྱབ་པའི་གང་ཞིག །མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ། ལྡོག་ཁྱབ་ཀྱི་མཚན་ཉིད། གང་ཞིག །མི་མཐུན་ཕྱོགས་ཁོ་ན་ལ་མེད་པར་ངེས་པ། ཞེས་ཟེར། བློའི་ཡུལ་དུ་བྱར་རུང་ཆོས་ཅན། བུམ་པ་ཤེས་བྱར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །གཞན་ཡང་། བྱས་པའི་སྟེང་དུ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་དགོས་པའི་ཕྱིར། འདོད་ན། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁ་ཅིག་བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་


DLL1004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་དང་། རྟག་ན་མ་བྱས་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ལ། དེ་གཉིས་ལས་གཞན་པའི་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མེད་དོ། །ཞེས་ཟེར་ན་འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་ངེས་པའི་བློ་ཆོས་ཅན། ཁྱོད་ཀྱིས་ནམ་མཁའི་སྟེང་དུ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་ཤུགས་གང་རུང་ལ་ངེས་པར་ཐལ། ཁྱོད་ཀྱིས་ནམ་མཁའི་སྟེང་དུ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་ངེས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གཉིས་ལས་གང་ཡང་རུང་སྨྲོས་པ། དོན་གྱི་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་སོ། །གཞན་ཡང་། དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་ཡིན་ན། མཉན་བྱའི་དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་ཡིན་པར་ཐལ། དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་ཡིན་ན། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་ན། རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས། རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་ན། མཉན་བྱའི་དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས་པའི་ཕྱིར། རྟགས་སྔ་ཕྱི་གཉིས་ཁས་བླངས། འདོད་ན། དངོས་པོའི་རྟགས་ཀྱིས་མཉན་བྱའི་དངོས་པོ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ངེས་པའི་ཚེ་ན་བསྒྲུབ་བྱ་ངེས་པར་ཐལ་ལོ། །གཉིས་པ་རང་ལུགས་ནི། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པའི་སྔ་རོལ་དུ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པའི་སྔ་རོལ་ཏུ། དེ་སྒྲུབ་ཀྱི་བསྒྲུབ་


DLL1004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཆོས་ལ་འབྲེལ་སྟོབས་ཀྱིས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ། གསུམ་པ་རྩོད་པ་སྤང་བ་ནི། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། མཚོན་བྱ་མ་ཡིན་པ་ལ་ཡོད་པའི་ཕྱིར་ཏེ། མཚོན་བྱ་མ་ཡིན་པ་དེ་ཁྱོད་ཡིན་པའི་ཕྱིར་ཞེ་ན། འདིའི་ལན་ལ་ཁ་ཅིག །མཚོན་བྱ་མ་ཡིན་པ་ལ་ཡོད་ན། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་མི་དགོས་པར་ཐལ། མཚོན་བྱ་མ་ཡིན་པ་དེ་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། ཟེར་བ་མི་འཐད་དེ། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་ན། བུམ་པ་མཚོན་བྱར་བསྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་མི་དགོས་པར་ཐལ། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་དེ་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། དེ་མཚོན་བྱ་ཡིན་པའི་ཕྱིར་རོ། །རང་ལན་ནི། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་དེ་ཁྱོད་ཡིན་པ་ཡང་ཡོད། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པ་ཡང་ཡོད་པ་གང་ཞིག ཁྱོད་ཀྱང་ཡིན་བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་མེད་པའི་ཕྱིར་ཏེ། ཁྱོད་ཡིན་ན་མཚོན་བྱ་ཡིན་དགོས། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ན། མཚོན་བྱ་མ་ཡིན་དགོས་པའི་ཕྱིར་རོ། །གལ་ཏེ་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་གིས་བྱས་པའི་རྟགས་


DLL1004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་བསྟན་ནས། ལྡོག་ཁྱབ་ཤུགས་ལ་བསྟན་པ་མ་ཡིན་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་མ་ཡིན་པའི་ཕྱིར། དེ་བཞིན་དུ། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་བཞིན་སྒྲ་ནི་བྱས་སོ་ཞེས་པའི་སྒྲུབ་ངག་དེས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་བསྟན་ནས་རྗེས་ཁྱབ་ཤུགས་ལ་བསྟན་པ་མ་ཡིན་པར་ཐལ། རྟག་ན་མ་བྱས་པས་ཁྱབ་པ་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྒྲུབ་ངག་དེས་བྱས་ན་མི་རྟག་པས་ཁྱབ་པ་དང་། སྒྲ་བྱས་པར་དངོས་སུ་བསྟན་པས་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ལ། དེའི་ཤུགས་ལ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་པས་རྗེས་ཁྱབ་དངོས་བསྟན་དང་། ལྡོག་ཁྱབ་ཤུགས་བསྟན་དུ་བརྗོད་པ་ཡིན་ལ། དེ་བཞིན་དུ་སྒྲུབ་ངག་དེས་རྟག་ན་མ་བྱས་པས་ཁྱབ་པ་དང་སྒྲ་བྱས་པར་དངོས་སུ་བསྟན་པས་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་ལ། དེའི་ཤུགས་ལ་བྱས་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་པས་ལྡོག་ཁྱབ་དངོས་བསྟན་དང་། རྗེས་ཁྱབ་ཤུགས་བསྟན་དུ་བརྗོད་པ་ཡོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག །མཐུན་ཕྱོགས་ཀྱི་མཚན་ཉིད། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པ། མི་མཐུན་ཕྱོགས་ཀྱི་མཚན་ཉིད། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པ་ཞེས་ཟེར་ན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་གྲུབ་པར་


DLL1004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། སྒྲ་དང་རྟག་པར་ཆོས་མཐུན་པ་མ་གྲུབ་པའི་ཕྱིར་ཏེ། སྒྲ་རྟག་པར་མ་གྲུབ་པའི་ཕྱིར། །྾འདོད་ན། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་པར་ཐལ་ལོ། །གཞན་ཡང་། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་དགོས་ཀྱི་ཕྱི་རྒོལ་ཆོས་ཅན། སྒྲ་དང་མི་རྟག་པར་ཆོས་མཐུན་པ་ངེས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ངེས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར་ཏེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པའི་ཕྱིར་ཏེ། བྱས་པ་དེ་ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་ངེས་པར་ཐལ་ལོ། །འདོད་ན། ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་སྒྲུབ་མི་དགོས་པར་ཐལ་ལོ། །ཁ་ཅིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ། ཞེས་ཟེར་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། མི་རྟག་པ་དེ་དེ་སྒྲུབ་ཀྱིས་བསྒྲུབ་བྱའི་ཆོས་ཡིན་པ་གང་ཞིག །དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མི་རྟག་པས་མི་སྟོང་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ཡིན་སྒྲུབ་ཡིན་པ་གང་ཞིག །མི་རྟག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ཡིན་སྒྲུབ་གང་ཞིག །འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། སྒྲའི་སྟེང་དུ་


DLL1004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱའི་ཆོས་ཡིན་པ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ལྟར་མི་རྟག་པས་མི་སྟོང་པ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ལྟར་མི་རྟག་པས་སྟོང་པ། དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །ཁ་ཅིག་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན། སྒྲ་དང་མི་རྟག་པར་ཆོས་མཐུན་དགོས་ལ། རང་ཉིད་རང་དང་ཆོས་མཐུན་པ་མ་གྲུབ་པའི་ཕྱིར། གལ་ཏེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མཐོང་བར་ཐལ། སྒྲ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པ་གང་ཞིག །སྒྲ་ལ་མཐོང་བའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །དེས་དེ་སྒྲ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱང་མ་ཡིན། མི་མཐུན་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་ཟེར་རོ། །འོ་ན་མི་རྟག་པ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན། སྒྲ་དང་མི་རྟག་པར་ཆོས་མཐུན་དགོས་ལ། རང་ཉིད་རང་དང་ཆོས་མཐུན་པ་མ་གྲུབ་པའི་ཕྱིར། ཞེས་མཚུངས་སོ། །གཞན་ཡང་། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མཐོང་བར་ཐལ། ཤེས་བྱ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པ་གང་ཞིག །ཤེས་བྱ་ལ་མཐོང་བའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མཐོང་བར་ཐལ། ཁྱོད་མི་རྟག་པ་ལ་མཐོང་བའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་གྱི་ཉན་ཤེས་མངོན་སུམ་གྱིས་ཁྱོད་མི་རྟག་པ་ལ་མཐོང་བའི་ཕྱིར། འོ་ན་


DLL1004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་མཉན་བྱ་མི་རྟག་པར་ཡང་མ་གྲུབ། རྟག་པར་ཡང་མ་གྲུབ་པ་ལ་དགོངས་པའི་ཕྱིར་རོ། །གཞན་ཡང་། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་མི་ནུས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱིས་བར་ན་གཉིས་མ་ཡིན་གྱི་ཕུང་གསུམ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་ཐལ་ལོ། ཁ་ཅིག་མཐུན་ཕྱོགས་དེ་རྗེས་ཁྱབ་ཀྱི་ལྟོས་གཞི་དང་། མི་མཐུན་ཕྱོགས་དེ་ལྡོག་ཁྱབ་ཀྱི་ལྟོས་གཞི་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པ་དེ། མཐུན་ཕྱོགས་ཀྱི་མཚན་ཉིད་མ་ཡིན་ན། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་རྟགས་ཡང་དག་གི་དབྱེ་བ་ལ་དྲུག །ངོ་བོའི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཕྱེ་བ་སོ་སོའི་དོན། གྲངས་ངེས་ལ་དྭོགས་པ་བཅད་པའོ། །དང་པོ་ནི། རྟགས་ཡང་དག་ལ་དབྱེ་ན་གསུམ་སྟེ། འབྲས་


DLL1004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་སོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །འབྲས་རྟགས་ཡང་དག་གི་མཚན་ཉིད། སྒྲུབ་རྟགས་ཡང་དག་གང་ཞིག །བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ། ཞེས་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་མ་འབྲེལ་བའི་ཕྱིར་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རྫས་ཐ་དད་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྫས་སུ་མ་གྲུབ་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱང་རྫས་སུ་གྲུབ་པར་ཐལ་ལོ། །འདོད་ན། སྒྲ་ཆོས་ཅན་ཡིན་པ་དང་། མི་རྟག་པ་བསྒྲུབ་བྱའི་ཆོས་ཡིན་པ་རྫས་སུ་གྲུབ་པར་ཐལ། འདོད་ན། སྒྲ་དང་མི་རྟག་པ་གཉིས་བློ་མ་འཁྲུལ་བ་ལ་ཆོས་དང་ཆོས་ཅན་དུ་སྣང་བར་ཐལ། སྒྲ་དང་མི་རྟག་པ་གཉིས་ཆོས་དང་ཆོས་ཅན་ཡིན་པ་དོན་དམ་པར་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་དང་མི་རྟག་པ་གཉིས་བློ་མ་འཁྲུལ་བ་ལ་ཐ་དད་དུ་སྣང་བར་ཐལ་ལོ། །འདོད་ན། དེ་གཉིས་རྫས་ཐ་དད་ཡིན་པར་ཐལ་ལོ། །ཁ་ཅིག །འབྲས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་གྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་ལེ་བོ་དེའི་འབྲས་བུ་ཡིན་པ། །ཞེས་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལས་ལོག་པ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །མེ་མ་ཡིན་པ་ལས་ལོག་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། མེའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། མེ་མ་ཡིན་པ་ལས་ལོག་པ་དགག་པ་ཡིན་པའི་ཕྱིར་རོ། །གཞན་ཡང་། མེ་


DLL1004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པ་ཐལ། དེ་སྒྲུབ་གྱི་ཚུལ་གསུམ་གང་ཞིག །དུ་མེད་གྱི་རང་བཞིན་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་རང་ལུགས་ལ་གཉིས། མཚན་ཉིད་དང་། མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། རང་དང་རྫས་ཐ་དད་པའི་ཁྱབ་བྱེད་མིན་པ། འདི་ལ་ཁ་ཅིག །དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། ཁྱོད་དང་རྫས་ཐ་དད་པའི་ཁྱབ་བྱེད་ཡིན་མི་དགོས་པའི་ཕྱིར། རྟགས་མ་གྲུབ་ན། མེ་ཡོད་ཆོས་ཅན། དུ་བ་དང་ རྫས་ཐ་དད་པའི་ཁྱབ་བྱེད་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མེ་མེད་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དགག་བྱའི་ཆོས་ལོག་པ་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། རྟག་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། མེ་མིན་དེ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། བསྒྲུབ་བྱའི་ཆོས་ལོག་པ་དགག་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་སྔ་ཕྱི་ཁས། གཞན་ཡང་། དུ་ཡོད་དེ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡིན་པར་ཐལ། མེ་ཡོད་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དུ་བའི་


DLL1004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་དུ་ལྡན་གྱི་ལ་ལ་མ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ལ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མེ་དུ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ལ་བརྟེན་ནས་འགྲུབ་པས། འདི་ལ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་དུ་དགོས་དཔྱད་པ་དང་། རྒྱུན་དང་སྐད་ཅིག་མ་གང་ལས་ངེས་དཔྱད་པའོ། །དང་པོ་ནི། མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ་ཚད་མ་དུ་མ་ངེས་པར་དགོས་པ་མ་ཡིན་ཏེ། དུ་བ་མེ་ལས་སྐྱེ་བར་མཐོང་བའི་མངོན་སུམ་ཚད་མ་གཅིག་གིས་ཀྱང་མེ་དུ་རྒྱུ་འབྲས་སུ་འགྲུབ་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ། དང་པོར་མེ་དམིགས་པའི་མངོན་སུམ་དང་། དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་ངེས་པར་དགོས་པའི་ཕྱིར་ཞེ་ན། འོ་ན་བུམ་པས་ཆུ་སྐྱོར་བར་མཐོང་བའི་མངོན་སུམ་ཚད་མ་གཅིག་གིས། བུམ་པས་ཆུ་སྐྱོར་བར་འགྲུབ་པ་མ་ཡིན་པར་ཐལ། བུམ་པས་ཆུ་སྐྱོར་བར་འགྲུབ་པ་ལ། དང་པོར་བུམ་པ་དམིགས་པའི་མངོན་སུམ་གཅིག་དང་། དེའི་རྗེས་སུ་ཆུ་དམིགས་པའི་མངོན་སུམ་ངེས་པར་དགོས་པའི་ཕྱིར། ཁྱབ་རྟགས་ཁས། གལ་ཏེ་མི་མཚུངས་ཏེ། མེ་དུ་རྒྱུ་འབྲས་ཡིན་ལ་བུམ་པ་དང་རང་ནང་གི་ཆུ་རྒྱུ་འབྲས་མ་ཡིན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། བུམ་པ་དེ་རང་ནང་གི་ཆུ་ཐུར་དུ་མི་ལྟུང་བར་བྱེད་པ་པོ་ཡིན་པའི་ཕྱིར། འོ་ན་དུ་བ་མེ་ལས་སྐྱེ་བར་མཐོང་བའི་མངོན་སུམ་གཅིག་གིས་མེ་དུ་རྒྱུ་འབྲས་སུ་འགྱུར་ན། མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ་ཚད་མ་ཕྲུགས་གསུམ་ལ་སོགས་པ་བཤད་པ་དགོས་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མངོན་སུམ་ཚད་མ་གཅིག་གིས་མེ་དུ་རྒྱུ་འབྲས་སུ་འགྲུབ་ང་། དུ་བ་རྒྱུ་མེད་དུ་འཛིན་པ་དང་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་རྒྱས་པར་འགོག་པའི་དབང་དུ་བྱས་ནས་ཚད་མ་ཕྲུགས་གསུམ་ལ་སོགས་པ་བཤད་པའི་ཕྱིར། འོ་ན་དེ་ལྟ་བུའི་


DLL1004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་དེ་གང་ཞེ་ན། ཁ་ཅིག །དང་པོར་མེ་དུ་གཉིས་ཀ་མ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་མེ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་མེ་དུ་གཉིས་ཀ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་མེ་མ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་དུ་བ་མ་དམིགས་པའི་མངོན་སུམ་གཅིག་སྟེ། ཚད་མ་ཕྲུགས་དྲུག་ལ་བརྟེན་ནས་མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ཡིན་ནོ་ཞེ་ན། དེ་ལ་ཚད་མ་ཕྲུགས་དྲུག་མི་འཐད་དེ། ཕྲུགས་ནི་ཟུང་ཡིན་ལ། དེ་ལ་ཚད་མ་ཡ་དྲུག་ཡོད་པ་ཡིན་གྱི་ཟུང་དྲུག་མེད་པའི་ཕྱིར་རོ། །གཞན་ཡང་། རྟ་བོང་གཉིས་ཀྱང་རྒྱུ་འབྲས་སྲིད་པར་ཐལ། དང་པོར་རྟ་བོང་གཉིས་ཀ་མ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་རྟ་དམིགས། དེའི་རྗེས་སུ་བོང་བུ་དམིགས། དེའི་རྗེས་སུ་རྟ་བོང་གཉིས་ཀ་དམིགས། དེའི་རྗེས་སུ་རྟ་མ་དམིགས། དེའི་རྗེས་སུ་བོང་བུ་མ་དམིགས་པའི་མངོན་སུམ་གཅིག་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །རང་ལུགས་ནི། དང་པོར་མེ་དུ་གཉིས་ཀ་མ་དམིགས་པའི་དག་འཛིན་མངོན་སུམ་གཅིག །དེའི་རྗེས་སུ་མེའི་རྫས་ཁོ་ན་གསར་དུ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་དུ་བ་ཡུལ་གཞན་ནས་འོངས་པ་ལྟ་བུ་མ་ཡིན་པར་གཞི་དེར་གསར་དུ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་མེ་དུ་གཉིས་ཀ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་མེ་མ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་སུ་དུ་བ་ཡུལ་གཞན་དུ་སོང་བ་ལྟ་བུ་མ་ཡིན་པར་གཞི་དེ་ཉིད་དུ་གསར་དུ་མ་དམིགས་པའི་མངོན་


DLL1004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གཅིག་སྟེ། ཚད་མ་ཕྲུགས་གསུམ་ལ་བརྟེན་ནས་དུ་བ་རྒྱུ་མེད་དུ་འཛིན་པ་དང་། མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཁེགས་པ་ཡིན་ཏེ། སྔར་དུ་བ་མ་དམིགས་པའི་དག་འཛིན་མངོན་སུམ་ཚད་མ་གཅིག་དང་། དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་ཚད་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་རྒྱུ་མེད་ལས་སྐྱེ་བ་ཁེགས་པ་ཡིན་ཏེ། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་རེས་འགའ་བའི་དངོས་པོར་གྲུབ་པའི་ཕྱིར། ཚད་མ་ཟུང་ཕྱི་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བ་ཁེགས་པ་ཡིན་ཏེ། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་དེ་མེས་ཕན་བཏགས་སྟོབས་ཀྱིས་མེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གྲུབ་པའི་ཕྱིར། དེ་ཡང་མེ་དུའི་རྒྱུ་འབྲས་ཀྱི་འབྲེལ་བ་མངོན་སུམ་ཚད་མའི་སྟོབས་ཀྱིས་གྲུབ་པ་ཡིན་གྱི། རྒྱུ་འབྲས་ཀྱི་འབྲེལ་བ་མངོན་སུམ་ཚད་མས་དངོས་སུ་འཛིན་པ་ནི་མ་ཡིན་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་རྟོག་པས་བཏགས་པ་ཡིན་པའི་ཕྱིར། བསྟན་བཅོས་སུ་མེ་དུའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་རྒྱས་པར་གཏན་ལ་ཕབ་པ་ནི། མེ་དུ་ཙམ་རྒྱུ་འབྲས་སུ་ཤེས་པར་བྱ་བའི་ཕྱིར་དུ་བསྟན་པ་མ་ཡིན་གྱི། མེ་ལས་དུ་བ་སྐྱེ་བ་དཔེར་བྱས་ནས་འདུས་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་རྟོགས་པ་འབྱུང་། དེ་ལས་ཆོས་ཐམས་ཅད་བདག་མེད་དུ་རྟོགས་པ་འབྱུང་། དེ་ལས་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་འབྲས་ཀྱི་རིམ་པ་དང་། བསླབ་པ་གསུམ་ལ་སོགས་པའི་རྒྱུ་འབྲས་ཀྱི་རིམ་པ་ཤེས་པར་བྱ་བའི་ཕྱིར་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི། མེ་དུའི་རྒྱུ་འབྲས་ཀྱི་འབྲེལ་པ་དེ་རྒྱུན་དང་སྐད་ཅིག་གང་ལས་ངེས་ཤེ་ན། རྒྱུན་ལ་


DLL1004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་ངེས་པ་ཡིན་གྱི། སྐད་ཅིག་རེ་རེ་ལ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་ནི་མ་ཡིན་ཏེ། དུས་མཐའི་སྐད་ཅིག་མ་ཚུར་མཐོང་གི་མངོན་སུམ་གྱི་སྟོབས་ཀྱིས་ངེས་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ་ལྔ། རྒྱུ་དངོས་སྒྲུབ་པ། རྒྱུ་སྔོན་སོང་སྒྲུབ་པ། རྒྱུའི་སྤྱི་སྒྲུབ་པ། རྒྱུའི་ཁྱད་པར་སྒྲུབ་པ། རྒྱུའི་ཆོས་དཔོག་པའི་འབྲས་རྟགས་སོ། །དང་པོ་ནི། དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། ནམ་མཁའི་དུ་བ་སྔོ་ལོང་པོ་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། ཁ་ཅིག་ན་རེ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་ཟེར། དེ་ནི་མི་འཐད་དེ། རེས་འགའ་བ་ཡིན་ན་རང་རྒྱུ་དང་བཅས་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པའི་ཆོས་ཉིད་ཆོས་ཅན། རང་རྒྱུ་དང་བཅས་པར་ཐལ། རེས་འགའ་བ་ཡིན་པའི་ཕྱིར་ཏེ། བུམ་པ་ཡོད་སར་ཡོད་ལ། བུམ་མེད་ཀྱི་ས་ཕྱོགས་ན་མེད་པའི་ཕྱིར། རང་ལུགས་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ལ་ཁྱབ་པ་ནི། རེས་འགའ་བའི་དངོས་པོ་ཡིན་ན་རང་རྒྱུ་དང་བཅས་པས་ཁྱབ་སྟེ། རྒྱུ་མེད་དུ་འབྱུང་ན་རེས་འགའ་བའི་དངོས་པོར་འགལ་བའི་ཕྱིར་ཏེ། རྒྱུ་མེད་དུ་འབྱུང་ན་རྟག་ཏུ་ཡོད་པས་ཀྱང་ཁྱབ་གཏན་ནས་མེད་པས་ཀྱང་ཁྱབ་པའི་ཕྱིར་རོ། །བཞི་པ་ནི།


DLL1004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ལ་དམིགས་རྐྱེན་དུ་ཡིད་བྱེད་ལས་གཞན་པའི་རྒྱུ་ཞིག་ཡོད་དེ། དེ་གཉིས་ཡོད་ཀྱང་མི་སྐྱེ་བ་སྲིད་ཅིང་། རེས་འགའ་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུའོ། །ལྔ་པ་ནི། ཁ་ཅིག་ན་རེ། ཁ་ནང་བུ་རམ་གྱི་གོང་བུ་ཆོས་ཅན། གཟུགས་ད་ལྟར་བ་ཡོད་དེ། རོ་ད་ལྟར་བ་ཡོད་པའི་ཕྱིར་ཞེས་པ་འདི་རྒྱུ་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ཡང་དག་ཡིན་ཞེས་ཟེར་རོ། །རོ་ད་ལྟར་བ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དང་གཟུགས་ད་ལྟར་བ་གཉིས་ལ་གོ་བྱ་གོ་བྱེད་ཀྱི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། ཁྱོད་དང་གཟུགས་ད་ལྟར་བ་གཉིས་དུས་མཉམ་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་སྐྱེ་བ་མི་སྲིད་པར་ཐལ། ཁྱོད་ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་དང་། ཁྱོད་དང་གཟུགས་ད་ལྟར་བ་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། གལ་ཏེ་དེ་གཉིས་འབྲེལ་པ་མ་གྲུབ་ཀྱང་། རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་སྐྱེ་ན་བ་ལང་གི་རྟགས་ལས་གཞི་འགར་རྟ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བར་འགྱུར་རོ་ཞེ་ན། འོ་ན་བ་ལང་དེ་གཞི་འགར་རྟ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། རོ་ལྟར་བ་དེ་གཟུགས་ད་ལྟར་བའི་འབྲས་བུ་མ་ཡིན་པ་ཡང་དེ་སྒྲུབ་ཀྱི་འབྲས་རྟགས་ཡིན་པའི་ཕྱིར། འཁོར་གསུམ། གལ་ཏེ་རོ་ད་ལྟར་བ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་


DLL1004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། འདོད་པ་གང་ཞིག །དེ་སྒྲུབ་ཀྱི་འགལ་རྟགས་ཀྱང་མ་ཡིན། མ་གྲུབ་པའི་རྟགས་ཀྱང་མ་ཡིན་པའི་ཕྱིར་འདོད་ན། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཡིན་པར་ཐལ། འདོད་པ་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་རྟགས་ཀྱང་མ་ཡིན། ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱང་མ་ཡིན་པའི་ཕྱིར། བར་པ་མ་གྲུབ་ན། རོ་ད་ལྟར་བ་ཡོད་ན་གཟུགས་ད་ལྟར་བ་ཡོད་པས་ཁྱབ་པ་ལ་དངོས་སྐྱོན་འཇུག་པར་ཐལ་ལོ། །རྟགས་ཕྱི་མ་གྲུབ་སྟེ། དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་དང་ཡང་དག་ལྷག་ལྡན་གང་ཡང་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར་རོ་ཞེ་ན། རོ་ད་ལྟར་བ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ཡང་། ཁྱོད་ཀྱི་རྟགས་ལ་བརྟེན་ནས་དེ་འདྲའི་རྗེས་དཔག་སྐྱེ་བ་མི་འགལ་བར་ཐལ། ཁྱོད་ཀྱི་རྟགས་ལས་ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་དཔགས་སྟོབས་ཀྱིས་ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ། གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་གྱི། ཁྱོད་དེའི་སྟེང་དུ་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟ་བུའི་རྗེས་དཔག་སྐྱེ་བ་མ་ཡིན་པའི་ཕྱིར། ཁྱོད་དང་གཟུགས་ད་ལྟར་བ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གང་ཡང་མ་གྲུབ་པའི་ཕྱིར། དེ་སྐད་དུ་ཡང་ཤཱཀྱ་བློས། རོ་ལས་དངོས་སུ་གཟུགས་རྗེས་སུ་དཔོག་པ་ནི་མིན་ནོ། །འོན་ཀྱང་རོའི་རྒྱུ་ཁོ་ནའི་གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ་ནུས་པ་ཐོགས་པ་མེད་པ་ཉིད་རྗེས་སུ་དཔོག་པར་བྱེད་ཅེས་པ་དང་། དངོས་སུ་རྟགས་ཉིད་ཡིན་པས་ནི་མིན་ཏེ། འབྲེལ་བ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །རང་ལུགས་ནི། ཁ་ནང་བུ་རམ་གྱི་གོང་བུ་


DLL1004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། བུ་རམ་གྱི་རོ་སྔ་མས་བུ་རམ་གྱི་གཟུགས་ད་ལྟར་བསྐྱེད་པའི་ནུས་པ་ཡོད་དེ། བུ་རམ་གྱི་རོ་ད་ལྟར་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། དེ་ཡང་རོ་ད་ལྟར་བའི་རྒྱུ་ནི་རོ་སྔ་མ་ཡིན་ལ། དེའི་ཆོས་རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་དཔོག་པའི་འབྲས་རྟགས་ཡིན་པས། རྒྱུ་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ཞེས་བྱ་སྟེ། དཔེར་ན་དུ་བས་དུ་ལྡན་གྱི་ལ་ལ་མེས་བུད་ཤིང་གི་འགྱུར་བ་སྐྱེད་པའི་ནུས་པ་དཔགས་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་དཔོག་པ་བཞིན་ནོ། །ཁ་ཅིག །ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་གི་དེས། ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་དངོས་སུ་རྟོགས་པའི་ཤུགས་ལ་དེའི་སྟེང་དུ་གཟུགས་ད་ལྟར་བ་ཡོད་པར་རྟོགས་པ་ཡིན་ནོ་ཞེས་ཟེར། དེ་ལྟ་བུའི་རྗེས་དཔག་ཆོས་ཅན། ཁ་ནང་བུ་རམ་གྱི་གོང་བུའི་སྟེང་དུ་གཟུགས་ད་ལྟར་བ་ཤུགས་ལ་རྟོགས་པ་མ་ཡིན་པར་ཐལ། ཁ་ནང་དུ་བུ་རམ་གྱི་གོང་བུའི་སྟེང་དུ་གཟུགས་ད་ལྟར་བའི་རྣམ་པ་ཤར་བའི་ཕྱིར་ཏེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པའི་ཕྱིར། ཁྱབ་སྟེ། རོ་སྔ་མས་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་གཟུགས་ད་ལྟར་བས་ཁྱད་པར་དུ་བྱས་ནས་དངོས་སུ་རྟོགས་དགོས་པའི་ཕྱིར་རོ། ། ༣༩༽ རང་བཞིན་རྟགས་ཡང་དག་བཤད་པ། གཉིས་པ་རང་བཞིན་གྱི་རྟགས་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་གཉིས། མཚན་ཉིད་དགག་པ། མཚན་གཞི་དགག་པའོ། །དང་པོ་ནི། ཁ་ཅིག །དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་


DLL1004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་པ་ཞེས་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རྫས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྫས་སུ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱང་རྫས་སུ་གྲུབ་པར་ཐལ་ལོ། །འདོད་ན། མི་རྟག་པ་སྒྲ་ལ་བརྟེན་པ་དང་སྒྲ་དེ་མི་རྟག་པའི་རྟེན་ཡིན་པའང་རྫས་སུ་གྲུབ་པར་ཐལ་ལོ། །འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟོག་པ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ་ལོ། །འདོད་ན། བྱས་པ་དེ་སྒྲའི་སྟེང་དུ་མི་རྟག་པ་སྔར་མེད་གསར་དུ་སྐྱེ་བྱེད་ཡིན་པར་ཐལ། དེ་ལྟ་བུའི་རྟོག་པ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པ་གང་ཞིག །རྟོག་པ་དེ་ལ་དང་པོར་སྒྲ་གྲུབ། དེའི་རྗེས་སུ་བྱས་པ་སྔར་མེད་གསར་དུ་གྲུབ། དེའི་རྗེས་སུ་མི་རྟག་པ་སྔར་མེད་གསར་དུ་གྲུབ་པ་ལྟ་བུར་སྣང་བའི་ཕྱིར། གལ་ཏེ་དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བར་ཐལ། མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པ་གང་ཞིག །མེ་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར་ཞེ་ན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་འབྲེལ་བར་


DLL1004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། གང་ཞིག །མེ་ལ་འབྲེལ་བའི་ཕྱིར། གཉིས་པ་ནི་ཁ་ཅིག །ཡོད་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡིན་ཏེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟོག་པས་བཏགས་པའི་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེ་ན། ཡོད་པ་དང་མི་རྟག་པའི་འབྲེལ་པ་གྲུབ་བམ་མ་གྲུབ། དང་པོ་ལྟར་ན། ཡོད་པ་དང་མི་རྟག་པའི་འབྲེལ་བ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། ཁྱབ་རྟགས་ཁས། འདོད་ན། རྟོག་པས་བཏགས་པའི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་བུད། གཉིས་པ་ལྟར་ན། ཡོད་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །གཞན་ཡང་། བྱས་མི་རྟག་གི་འབྲེལ་པ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། འདོད་ན། དངོས་པོར་ཐལ་ལོ། །འདོད་ན། བྱས་མི་རྟག་གི་ཐ་དད་དངོས་པོར་ཐལ་ལོ། །འདོད་ན། བྱས་མི་རྟག་རྫས་ཐ་དད་དུ་ཐལ་ལོ། །གལ་ཏེ་བྱས་མི་རྟག་གི་འབྲེལ་བ་མི་རྟག་པ་ཡིན་ཏེ། དེ་གཞི་གྲུབ་པ་གང་ཞིག །རྟག་པ་མ་ཡིན་པའི་ཕྱིར་ཏེ། འབྲེལ་བ་ཅན་བྱས་མི་རྟག་གཉིས་མི་རྟག་པའི་ཕྱིར། ཁྱབ་སྟེ། འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་པ་ལ་རྟག་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། མི་འཐད་དེ། གཞུང་གི་དོན་ནི། འབྲེལ་པ་ཅན་མི་རྟག་པའི་ཕྱིར་འབྲེལ་པ་རྟག་དངོས་ཡོད་པ་མིན་པའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། མ་གྲུབ་ན། གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་མ་གྲུབ་པར་ཐལ་ལོ། །འདོད་ན། སྐྱེས་བུ་འགྲོ་འོང་བྱེད་པ་མ་གྲུབ་པར་ཐལ་ལོ། །གཞན་ཡང་། རང་མཚན་ཕན་ཚུན་འདྲེས་


DLL1004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། མ་གྲུབ་ན། རང་མཚན་ཕན་ཚུན་འདྲེས་པར་ཐལ་ལོ། །ཁ་ཅིག །ནས་ཀྱི་མྱུ་གུའི་རྒྱུ་ཚོགས་གྲངས་ཚང་དེ། ནས་ཀྱི་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་སྟེང་དུ་ནས་ཀྱི་མྱུ་གུ་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ་ཞེས་ཟེར་རོ། །ནས་ཀྱི་མྱུ་གུའི་རྒྱུ་ཚོགས་གྲངས་ཚང་དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཏེ། ཞིང་སྟེང་དེར་ཁྱོད་ངེས་ནས་ནས་ཀྱི་མྱུ་གུ་འབྱུང་མི་འབྱུང་ཐེ་ཚོམ་ཟ་བའི་གང་ཟག་མི་སྲིད་པའི་ཕྱིར་ཏེ། ཞིང་སྟེང་དེར་ཁྱོད་ངེས་ན་ནས་ཀྱི་མྱུ་གུ་འབྱུང་བ་ངེས་དགོས་པའི་ཕྱིར། རྟགས་གྲུབ་སྟེ། གཞི་དེ་ནས་ཀྱི་མྱུ་གུའི་རྒྱུ་ཡིན་པར་ངེས་ན་ནས་ཀྱི་མྱུ་གུ་སྐྱེད་པར་ངེས་དགོས་པའི་ཕྱིར་ཏེ། རང་འབྲས་སྐྱེད་པ་དེ་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། འོ་ན་དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་ན། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སྡེབ་སྦྱོར་གྱི་དབང་གིས་བཤད་པ་ཡིན་གྱི། དོན་ནི། ནས་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་ཆོས་ཅན། ནས་ཀྱི་མྱུ་གུ་འབྱུང་དུ་རུང་སྟེ། ནས་དང་ཆུ་ལུད་དྲོད་གཤེར་ཚོགས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རང་བཞིན་གྱི་རྟགས་ཡང་དག་ཏུ་བསྒྲུབ་པ་ཡིན་ནོ། །ཁ་ཅིག །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། ཞེས་སོགས་ཀྱིས་ནས་ཀྱི་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་དེ་ནས་ཀྱི་མྱུ་གུ་འབྱུང་རུང་དུ་བསྟན། ཚོགས་པའི་འབྲས་བུ་ནུས་པ་


DLL1004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། ཞེས་སོགས་ཀྱིས་དེ་ལྟ་བུའི་ཞིང་ཆོས་ཅན། ནས་ཀྱི་མྱུ་གུ་འབྱུང་ངེས་མ་ཡིན་ཏེ། ནས་གྱི་མྱུ་གུ་སྐྱེད་པ་ལ་འགལ་རྐྱེན་གྱི་གེགས་བྱེད་པ་སྲིད་པའི་ཕྱིར། ཞེས་བསྟན་པ་ཡིན་ནོ། །ཞེས་ཟེར། དེ་ལྟ་བུའི་ཞིང་ཆོས་ཅན། ནས་ཀྱི་མྱུ་གུ་སྐྱེད་ངེས་ཡིན་པར་ཐལ། ནས་ཀྱི་མྱུ་གུ་སྐྱེད་པར་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། གལ་ཏེ་བློས་སྐྱེད་པར་ངེས་ཀྱང་དོན་གྱི་སྟེང་ནས་མ་ངེས་སོ་ཞེ་ན། ཞིང་དེས་ནས་ཀྱི་མྱུ་གུ་སྐྱེད་པར་ངེས་པའི་ཚད་མ་ཆོས་ཅན། ཞེ་ན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་པར་ཐལ་ཁྱོད་ཞིང་དེས་ནས་ཀྱི་མྱུ་གུ་སྐྱེད་པར་ངེས་པའི་ཤེས་པ་ཡིན་པ་གང་ཞིག །ཞིང་དེ་དོན་གྱི་སྟེང་ནས་ནས་ཀྱི་མྱུ་གུ་སྐྱེད་པར་མ་ངེས་པའི་ཕྱིར། གཞན་ཡང་། ཞིང་དེས་ནས་ཀྱི་མྱུ་གུ་སྐྱེད་པར་ཐག་ཆོད་དམ་མ་ཆོད། མ་ཆོད་ན་ནས་ཀྱི་མྱུ་གུ་སྐྱེད་པར་ཚད་མས་ངེས་པ་དང་འགལ་ལ། ཐག་ཆོད་ན། ཞིང་དེས་ནས་ཀྱི་མྱུ་གུ་སྐྱེད་པར་མ་ངེས་པ་དང་འགལ་ལོ། །གཞན་ཡང་། ས་བརྒྱད་པ་ལ་གནས་པའི་བྱང་སེམས་ཆོས་ཅན། འཚང་རྒྱ་ངེས་མ་ཡིན་པར་ཐལ། འཚང་རྒྱ་བ་ལ་འགལ་རྐྱེན་གྱི་གེགས་བྱེད་པ་སྲིད་པའི་ཕྱིར་ཏེ། འཚང་རྒྱ་བ་ལ་གནས་ངན་ལེན་གྱི་དྲི་མས་གེགས་བྱེད་པའི་ཕྱིར། ཁ་ཅིག །ཤིང་ཤ་པ་དེ་ཤ་པའི་སྡོང་སྒུར་ཤིང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ་ཞེས་ཟེར་ན། ཤིང་ཤ་པ་ཆོས་ཅན། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ཡིན་སྒྲུབ་དང་འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག །ཤ་པའི་སྡོང་སྒུར་དེ་ཁྱོད་ཡིན་པར་ངེས་ནས་དེ་ཤིང་ཡིན་མ་ཡིན་ཐེ་ཚོམ་ཟ་བ་མི་སྲིད་


DLL1004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། དེ་ཁྱོད་ཡིན་པར་ངེས་ན་དེ་ཤིང་ཡིན་པར་ངེས་དགོས་པའི་ཕྱིར། རྟགས་གྲུབ་སྟེ། དེ་ཤིང་ཡང་ཡིན་ཤ་པའང་ཡིན་པའི་གཞི་མཐུན་དུ་ངེས་ན་དེ་ཤིང་ཡིན་པར་ངེས་དགོས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ་གཉིས་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། ཁྱོད་ཀྱི་བདག་གཅིག་པའི་ཁྱབ་བྱེད་ཡིན་དགོས་པ། གཉིས་པ་ལ་གཉིས། དབྱེ་བ་དངོས་དང་། མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། རང་བཞིན་གྱི་རྟགས་ཡང་དག་ལ་དབྱེ་ན་གཉིས། ཁྱད་པར་ལྟོས་པ་བ་དང་། རང་བཞིན་དག་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས། ཁ་ཅིག ཁྱད་པར་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བློ་ཡུལ་དུ་འཆར་བ་རང་གི་ཁྱད་པར་བྱེད་ཆོས་ཀྱི་བློ་ཡུལ་དུ་འཆར་བ་ལ་ལྟོས་པ། རང་བཞིན་དག་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག་རང་བློ་ཡུལ་དུ་འཆར་བ་རང་གི་ཁྱད་པར་བྱེད་ཆོས་བློ་ཡུལ་དུ་འཆར་བ་ལ་མི་ལྟོས་པ་ཞེས་ཟེར། འོ་ན། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བློ་ཡུལ་དུ་འཆར་བ་རང་གི་ཁྱད་པར་བྱེད་ཆོས་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་ཕྱིར་ཏེ། རང་བློ་ཡུལ་དུ་འཆར་བ་རང་གི་ཁྱད་པར་བྱེད་ཆོས་དོན་བྱེད་ནུས་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་ཕྱིར་ཏེ། དོན་བྱེད་ནུས་པ་དེ་


DLL1004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག །དངོས་པོ་ཡོད་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ་ཞེ་ན། དངོས་པོར་ཡོད་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་ཁྱད་པར་བྱེད་ཆོས་འཕེན་པའི་ཕྱིར། རང་བརྗོད་པའི་སྒྲས་རང་གི་ཁྱད་པར་བྱེད་ཆོས་དངོས་པོ་འཕེན་པའི་ཕྱིར། རྟགས་མ་གྲུབ་ན། སྐྱེ་ལྡན་བརྗོད་པའི་སྒྲས་སྐྱེ་ལྡན་གྱི་ཁྱད་པར་བྱེད་ཆོས་སྐྱེ་བ་འཕེན་པ་མ་ཡིན་པར་ཐལ། དངོས་པོར་ཡོད་པ་བརྗོད་པའི་སྒྲས་དངོས་པོར་ཡོད་པའི་ཁྱད་པར་བྱེད་ཆོས་དངོས་པོ་འཕེན་པ་མ་ཡིན་པའི་ཕྱིར། རང་ལུགས་ལ། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་ཁྱད་པར་བྱེད་ཆོས་འཕེན་པ། དབྱེ་ན། ཁྱད་པར་བྱེད་ཆོས་རྫས་གཞན་འཕེན་པ་དང་། ཁྱད་པར་བྱེད་ཆོས་རྫས་གཞན་མ་ཡིན་པའི་འཕེན་པ་གཉིས། དང་པོ་ལ། ཁྱད་པར་བྱེད་ཆོས་རྫས་གཞན་དངོས་སུ་འཕེན་པ་དང་། ཤུགས་ལ་འཕེན་པ་གཉིས།དཔེ་རིམ་བཞིན། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་དང་། དུང་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། །རྫས་གཞན་མ་ཡིན་པ་འཕེན་པ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། སྐྱེ་ལྡན་ཡིན་པའི་ཕྱིར། ཞེས་བྱ་བ་ལྟ་བུའོ། །རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་ཁྱད་པར་བྱེད་ཆོས་མི་འཕེན་པ། དཔེར་ན། དུང་སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བྱ་བ་ལྟ་བུའོ། །གཉིས་པ་ནི།


DLL1004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་འདིར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་འདུས་བྱས་ཐམས་ཅད་མི་རྟག་པར་གཙོ་བོར་གཏན་ལ་འབེབས་ལ། དེ་གཏན་ལ་ཕབ་པ་ལ་བརྟེན་ནས་གང་ཟག་གི་བདག་ཡོད་པར་དམ་འཆའ་བ་ཁེགས་པ་ཡིན་ཏེ། དེ་ལ་བརྟེན་ནས་གང་ཟག་གི་བདག་རྟག་པ་ཁེགས་པའི་ཕྱིར། དེས་ན་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབ་པའི་ཕྱིར་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ན། རྟགས་དགོད་པ་དང་། ཚུལ་བསྒྲུབ་པ་གཉིས། དང་པོ་ནི། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུའོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། འདིའི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱིས་གྲུབ་ལ། མངོན་སུམ་གྱིས་མ་གྲུབ་ན། སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ལ་བརྟེན་ནས་འགྲུབ་ལ། འདིའི་ཚུལ་གསུམ་ནི་མངོན་སུམ་གྱིས་གྲུབ་བོ། །གཉིས་པ་ལ་གསུམ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ་ཚད་མ་དུ་དགོས་དཔྱད་པ་དང་། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པའི་སྔ་རོལ་ཏུ་འབྲེལ་པ་ངེས་དགོས་པ། འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ་ཚད་མ་གསུམ་དགོས་ཏེ། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་།དགག་ཆོས་དང་བསྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང་། རྟགས་དགག་བྱའི་ཆོས་ལ་འགོག་པར་བྱེད་པའི་ཚད་མ་གསུམ་དགོས་པའི་ཕྱིར། གལ་ཏེ་ཚད་མ་དང་པོ་མེད་པར་ཕྱི་མ་གཉིས་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། རི་བོང་གི་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། རྟག་མི་རྟག་དངོས་འགལ་གང་ཞིག །རྟག་པ་ལ་ཁེགས་པའི་


DLL1004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁ་ཅིག །རྟགས་མ་གྲུབ་སྟེ། མི་རྟག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་མི་རྟག་དངོས་འགལ་ཡིན་པའི་ཕྱིར་ཞེ་ན། འོ་ན་གང་ཟག་གི་བདག་རྟག་པ་ཡིན་པར་ཐལ། དེ་མི་རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གང་ཟག་གི་བདག་མེད་པ་མ་ཡིན་པར་ཐལ། གང་ཟག་གི་བདག་རྟག་པ་ཡོད་པའི་ཕྱིར། རྟགས་ཁས། ཚད་མ་བར་པ་མེད་པར་སྔ་ཕྱི་གཉིས་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། དུང་ཆོས་ཅན། སྔོན་པོ་ཁོ་ན་ལ་ཡོད་པར་ཐལ། གཞི་གྲུབ་པ་གང་ཞིག །སེར་པོ་ལ་ཁེགས་པའི་ཕྱིར། ཚད་མ་ཕྱི་མ་མེད་པར་དང་པོ་གཉིས་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་ན། གཞལ་བྱ་ཆོས་ཅན། མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། གཞི་གྲུབ་པ་གང་ཞིག །རྟག་མི་རྟག་དངོས་འགལ་ཡིན་པའི་ཕྱིར། གལ་ཏེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ། ཚད་མ་གསུམ་དགོས་པ་མ་ཡིན་པར་ཐལ། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་རྟོགས་པའི་རྗེས་དཔག་གཅིག་གིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལ་ཚད་མ་གསུམ་གྱི་དོད་ཐུབ་ངེས་པར་ཡོད་པའི་ཕྱིར་རོ། །གཉིས་པ་ནི། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་འབྲེལ་པ་ངེས་པ་སྔོན་དུ་འགྲོ་དགོས་ཏེ། རང་འགྲེལ་ལས། འབྲེལ་པ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། ཞེས་དང་། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། ཞེས་གསུངས་པའི་ཕྱིར། བྱས་པ་མི་རྟག་པ་ལ་འབྲེལ་བའི་དོན་ནི། བྱས་པ་མི་རྟག་པ་ལས་ཐ་དད། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་ཡིན་ལ་བྱས་མི་རྟག་ཐ་དད་དུ་མངོན་སུམ་གྱི་སྟོབས་ཀྱིས་འགྲུབ་ཅིང་། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པར་གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་འགྲུབ་པ་ཡིན་ནོ། །མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གཉིས། བྱས་པ་མི་རྟག་པ་


DLL1004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་ཡིན་གྱི། རྟག་ན་མ་བྱས་པས་ཁྱབ་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། གལ་ཏེ་རྟག་ན་མ་བྱས་པས་ཁྱབ་པ་དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་པ་མ་ཡིན་ན། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པའི་ངག་དེས་དེ་སྒྲུབ་ཀྱི་ལྡོག་ཁྱབ་དངོས་སུ་བསྟན་ནས་རྗེས་འགྲོ་ཤུགས་ལ་བསྟན་པ་མ་ཡིན་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། སྒྲུབ་ངག་དེས་སྒྲ་བྱས་པ་དང་རྟག་ན་མ་བྱས་པའི་ཁྱབ་པ་གཉིས་ཀ་བརྗོད་པ་ལ་བརྟེན་ནས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་ནུས་ལ། དེའི་ཤུགས་ལ་བྱས་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ནུས་པས། སྒྲུབ་ངག་དེས་ལྡོག་ཁྱབ་དངོས་སུ་བསྟན་ནས། རྗེས་འགྲོ་ཤུགས་ལ་བསྟན་པར་བརྗོད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། འབྲེལ་བའི་རང་ལྡོག་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་བཤད་པ་དང་། དོན་ལྡོག་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་བཤད་པའོ། །དང་པོ་ལ་གཉིས། རྟགས་དགོད་པ་དང་། ཚུལ་བསྒྲུབ་པའོ། །དང་པོ་ནི། བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་པའི་བདག་ཉིད་དུ་སྐྱེས་པ་ཡིན་ཏེ། སྐྱེས་པ་གང་ཞིག །རང་སྐྱེ་བྱེད་ལས་གཞན་པའི་རྒྱུས་འཇིག་པར་མི་བྱེད་པའི་ཕྱིར། གཉིས་པ་ནི། ཁྱབ་པ་བསྒྲུབ་པ་ལ་ཚད་མ་གསུམ་དགོས་ལ། ཕྱོགས་ཆོས་བསྒྲུབ་པ་ནི། བྱས་པ་སྐྱེ་བྱེད་ལས་གཞན་པའི་རྒྱུ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་འཇིག་པ་མི་བསྐྱེད་པར་ཐལ། ཁྱོད་ཀྱིས་བྱས་པའི་འཇིག་པ་དངོས་མེད་ཀྱང་མ་བསྐྱེད། བྱས་པའི་འཇིག་པ་དངོས་པོ་ཡང་མ་བསྐྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བྱས་པའི་འཇིག་པ་དངོས་མེད་ལ་ཁྱོད་ཀྱི་བྱེད་པ་མི་འཇུག་པའི་ཕྱིར།


DLL1004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མ་གྲུབ་ན། བྱས་པའི་འཇིག་པ་དངོས་མེད་ཆོས་ཅན། འདུས་བྱས་ཡིན་པར་ཐལ། རང་རྒྱུ་ལས་སྐྱེས་པའི་ཕྱིར། རྟགས་ཁས། རྟགས་གཉིས་པ་མ་གྲུབ་ན་ཁྱོད་ཀྱིས་བྱས་པའི་འཇིག་པ་དངོས་པོ་མ་བསྐྱེད་པར་ཐལ་ཁྱོད་ཀྱིས་བྱས་པའི་འཇིག་པ་བྱས་པ་དང་རྫས་གཅིག་པའམ་མ་བསྐྱེད། རྫས་ཐ་དད་པའམ་མ་བསྐྱེད་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་འཇིག་པ་རང་དང་རྫས་གཅིག་པ་དེ་འཇིག་རྒྱུ་དོན་གཞན་གྱིས་བསྐྱེད་མི་དགོས་པར་ཐལ། དེ་རང་རྒྱུ་ལས་རྫོགས་པར་གྲུབ་ཟིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བྱས་པ་སྐྱེ་བྱེད་ལས་གཞན་པའི་རྒྱུ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་འཇིག་པ་མ་བསྐྱེད་པར་ཐལ། ཁྱོད་ཀྱིས་བྱས་པའི་འཇིག་པ་བྱས་པ་དང་རྫས་ཐ་དད་པ་བསྐྱེད་པའི་ཕྱིར། གཉིས་པ་ལ་གསུམ། རྟགས་དགོད། ཚུལ་བསྒྲུབ། མཐའ་དཔྱད་པའོ། །དང་པོ་ནི། རྟག་པ་ཆོས་ཅན། བྱས་པས་སྟོང་སྟེ། རིམ་དང་ཅིག་ཅར་དོན་བྱེད་ནུས་པས་སྟོང་པའི་ཕྱིར། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། གཉིས་པ་ལ་གཉིས་ལས་ཁྱབ་པ་བསྒྲུབ་པ་ལ་ཚད་མ་གསུམ་དགོས་ལ། ཕྱོགས་ཆོས་བསྒྲུབ་པ་ནི། རྟག་པ་ཆོས་ཅན། རིམ་དང་ཅིག་ཅར་དོན་བྱེད་ནུས་པས་སྟོང་སྟེ། རིམ་དང་ཅིག་ཅར་གྱི་སྐད་ཅིག་མས་སྟོང་པའི་ཕྱིར་ཏེ། སྐད་ཅིག་མས་སྟོང་པའི་ཕྱིར། གཞན་ཡང་། རིམ་དང་ཅིག་ཅར་གྱི་དོན་བྱེད་ནུས་པས་སྟོང་སྟེ། རིམ་གྱིས་དོན་བྱེད་ནུས་པས་ཀྱང་སྟོང་། ཅིག་ཅར་དོན་བྱེད་ནུས་པས་ཀྱང་སྟོང་པའི་ཕྱིར། དང་པོ་མ་གྲུབ་ན། འབྲས་བུ་ཅིག་ཅར་སྐྱེད་པར་ཐལ། འབྲས་བུ་སྐྱེད་པ་གང་ཞིག་རྟག་པའི་ཕྱིར། རྟག་ཀྱང་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་ཅན་དུ་སྐྱེད་དོ་ཞེ་ན། མི་འཐད་དེ། རྟག་པ་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་པའི་ཕྱིར་རོ། །རྩ་བའི་རྟགས་གཉིས་པ་མ་གྲུབ་ན། འབྲས་བུ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་ཐལ། རྟག་པས་འབྲས་བུ་ཅིག་ཅར་བསྐྱེད་པའི་ཕྱིར། འདོད་ན། འབྲས་བུ་སྐྱེས་པའི་སྐད་ཅིག་གཉིས་པ།


DLL1004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཆད་དུ་འབྲས་བུ་སྐྱེ་བ་རྒྱུན་ཆད་པར་ཐལ་ལོ། །དེ་ལྟར་ན། སྒྲ་བྱས་པར་ངེས་པའི་ཚད་མ་དང་རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས། བྱས་པ་རྟག་པས་སྟོང་པར་རྟོགས་ཀྱིས་རྟག་པ་བྱས་སྟོང་དུ་རྟོགས་པའི་ཚད་མ་གཅིག་པོ་དེ་ཉིད་ཀྱིས་བྱས་པ་རྟག་པས་སྟོང་པར་ངེས་པ་ནི་མ་ཡིན་ནོ། །གསུམ་པ་མཐའ་དཔྱད་པ་ནི། འོ་ན་རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་སམ་མ་ངེས། ངེས་ན། རྩོལ་བྱུང་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་རྟག་པས་སྟོང་པར་ངེས་པར་ཐལ། འདོད་ན། དེས་རྩོལ་སྒྲ་རྟག་པས་སྟོང་པར་ངེས་པར་ཐལ་ལོ། །འདོད་ན། དེས་རྩོལ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ་ལོ། །འདོད་ན། རྩོལ་བྱུང་གི་རྟགས་ལས་རྩོལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། རང་གི་ཉེར་ལེན་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རྟག་ན། རྟག་པ་བྱས་སྟོང་དུ་ངེས་པའི་གང་ཟག་དེས་རྟག་པ་དེ་བྱས་པ་འགའ་ཞིག་ལ་འཇུག་པར་དྭོགས་སམ་མི་དྭོགས། དྭོགས་ན། དེ་ལྟ་བུའི་གང་ཟག་ཆོས་ཅན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་འཇུག་པ་མ་ཁེགས་པར་ཐལ། རྟག་པ་དེ་བྱས་པ་འགའ་ཞིག་ལ་འཇུག་པ་མ་ཁེགས་པའི་ཕྱིར། མི་དྭོགས་ན་རྟག་པ་བྱས་སྟོང་དུ་རྟོགས་པའི་ཚད་མ་དེས་དེ་ལྟ་བུའི་དྭོགས་པ་ཁེགས་པར་ཐལ། དེ་ལྟ་བུའི་གང་ཟག་དེས་དྭོགས་པ་དེ་ཁེགས་པ་གང་ཞིག །གང་ཟག་དེའི་རྒྱུད་ལ་ཚད་མ་དེ་ལས་གཞན་དྭོགས་པ་དེ་གཅོད་བྱེད་མེད་པའི་ཕྱིར། འདོད་པ་དེ་ལྟ་ན། རྩོལ་བྱུང་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་རྩོལ་བྱུང་གི་གསལ་བའི་


DLL1004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མཐའ་དག་ལ་རྟག་པ་འཇུག་པར་དྭོགས་པའི་སྒྲོ་འདོགས་ཆོད་པར་འགྱུར་ལ། དེ་ལྟར་ན་རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་འགྱུར་རོ། །དེ་ལྟར་ན་རྩོལ་བྱུང་གི་རྟགས་ལ་བརྟེན་པའི་རྗེས་དཔག་བཅད་ཤེས་སུ་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཡིན་པའི་ཕྱིར། དེས་ན་རྟག་པ་ལ་བྱས་པ་འགོག་པའི་ཁྱད་གཞིའི་ངོས་ནས་གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གཅོད་ཚུལ་དེ་དཔྱད་མི་བཟོད་ལ། བསྒྲུབ་བྱའི་ཆོས་བྱས་སྟོང་གི་ངོས་ནས་བརྟགས་ན་ཡང་དཔྱད་མི་བཟོད་དེ། རྟག་པ་བྱས་སྟོང་དུ་རྟོགས་པའི་ཚད་མ་དེས་རྟག་པའི་སྟེང་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་ངེས་སམ་མ་ངེས། ཕྱི་མ་ལྟར་ན། བྱས་པའི་གསལ་བའི་དབྱེ་བ་འགའ་ཞིག་རྟག་པ་ལ་འཇུག་པར་དྭོགས་སམ་མི་དྭོགས། དྭོགས་ན། རྟགས་མི་མཐུན་ཕྱོགས་ལ་འཇུག་པར་དྭོགས་པས་དྭོགས་པ་གཅོད་བྱེད་གཞན་ཡང་མེད་པས་ལྡོག་ཁྱབ་མ་གྲུབ་པར་འགྱུར་ལ། དྭོགས་པ་མེད་པ་ཡང་མི་འཐད་དེ། ཚད་མ་དེས་དྭོགས་པ་མ་ཆོད་ལ་དྭོགས་པ་གཅོད་བྱེད་གཞན་ཡང་མེད་པའི་ཕྱིར། དང་པོ་ལྟར་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་སྟེང་དུ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པའི་ཁྱབ་པ་ངེས་པར་འགྱུར་ལ། དེ་ལྟ་ན། སྒྲ་རྟག་པས་སྟོང་པའི་ཁྱབ་པ་ཡང་ངེས་དགོས་པས་རྗེས་ཁྱབ་ངེས་པ་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་བསྒྲུབ་པའི་བསྒྲུབ་བྱ་ངེས་པར་འགྱུར་རོ་ཞེ་ན། དེ་དག་གི་ལན་བརྗོད་པར་བྱ་སྟེ། རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་ཆོད་ཀྱང་བྱས་པས་སྟོང་པའི་བྱ་བ་མ་ངེས་ལ། གལ་ཏེ་ངེས་དགོས་ན་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་


DLL1004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པས་སྟོང་པའི་ཁྱབ་པ་ངེས་དགོས་པར་འགྱུར་ལ། དེ་ལྟར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་འཇལ་བའི་ཚད་མ་དེས་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་སྒྲའི་བྱས་པ་དང་ཚོགས་པ་གཞལ་བྱ་ཡིན་པའི་ཕྱིར། ཡང་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པའི་ཁྱབ་པ་ངེས་སུ་ཆུག་ཀྱང་། སྒྲ་དང་སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་མི་དགོས་ཏེ། སྒྲ་དང་སྒྲའི་བྱས་པ་ལ་དངོས་ཤུགས་གང་ལ་ཡང་བློ་ཁ་ཕྱོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྩོལ་བྱུང་ལ་མི་རྟག་པས་ཁྱབ་པའི་ཚད་མ་དེས་རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པས་སྟོང་པའི་ཁྱབ་པ་ངེས་ཀྱང་། རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་པས་སྟོང་པའི་ཁྱབ་པ་ངེས་མི་དགོས་པས། རྟགས་དེ་ལ་བརྟེན་པའི་བློ་བཅད་ཤེས་སུ་ཐལ་བའི་སྐྱོན་མེད་དེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་དེ་བཅད་ཤེས་ཀྱི་དོན་མ་ཡིན་པའི་ཕྱིར་རོ། །འོ་ན་སྔར་གྱི་གནོད་པ་ཅན་གྱི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་མ་ཆོད་པར་ཐལ། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་དངོས་ཤུགས་གང་ལ་ཡང་བློ་ཁ་མ་ཕྱོགས་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། རྟག་པ་ཙམ་མི་སྲིད་པར་ངེས་ན་རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་ལ་ཡོད་པ་ཁེགས་ཀྱང་། དགག་བྱའི་ཆོས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་སྲིད་པས་ཁྱབ་པ་ངེས་མི་དགོས་པའི་ཕྱིར། ཡོད་མེད་དངོས་འགལ་དུ་ ངེས་པ་ན་གཞི་གང་གི་སྟེང་དུ་ཡང་


DLL1004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་གཞི་མཐུན་སྲིད་པའི་དྭོགས་པ་མེད་ཀྱང་། ཤེས་བྱ་མཐའ་དག་གི་སྟེང་དུ་དེ་གཉིས་འགལ་བར་ངེས་མི་དགོས་པའི་ཕྱིར། གཞན་ཡང་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་སྟེང་དུ་སྒྲའི་རྟག་པས་སྟོང་པ་ངེས་སུ་ཆུག་ཀྱང་སྒྲ་ཁྱད་གཞིར་བཟུང་བའི་སྟེང་དུ་རྟག་པས་སྟོང་བར་མ་ངེས་པས་སྐྱོན་མེད་དོ། །གལ་ཏེ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་དང་སྒྲའི་བྱས་པ་ཚོགས་པ་ངེས་པའི་ཚད་མ་དེས་བསྒྲུབ་བྱ་ངེས་དགོས་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་འཇལ་བའི་ཚད་མ་དེས་ཀྱང་བསྒྲུབ་བྱ་འགྲུབ་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་མ་ངེས་ཀྱང་། སྒྲའི་བྱས་པ་ལ་བློ་ཁ་ཕྱོགས་ནས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པ་དང་ཚོགས་པ་ཚད་མའི་ཡུལ་དུ་སོང་བ་ན་བསྒྲུབ་བྱ་གྲུབ་དགོས་པར་སེམས་སོ་ཞེས་གསུང་ངོ་། །གསུམ་པ་མ་དམིགས་པའི་རྟགས་ལ་གསུམ། མཚན་ཉིད་དང་། དབྱེ་བ་ངེས་པར་བསྒྲུབ་པ་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པ། གཉིས་པ་ནི། ཚད་མས་དམིགས་པའི་སྒོ་ནས་ཡོད་པ་འཇོག་དགོས་པ་བཞིན་དུ། གཞི་གང་གི་སྟེང་དུའང་དགག་བྱ་འགོག་པ་ལ་དགག་བྱ་དམིགས་པའི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་དགོས་ཏེ། དགག་བྱ་འགོག་པའི་ཐབས་གཞན་མེད་པའི་ཕྱིར་རོ། །དེ་སྐད་དུའང་།དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱི་བཟློག་པ་ཉིད་ལས་ཡིན། །ཞེས་དང་། དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་


DLL1004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་དམིགས་པ་ལས་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་དགག་བྱ་དམིགས་པའི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་པའི་དོན། དགག་བྱ་དམིགས་པའི་ཚད་མ་བཀག་པ་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ཡིན་ནམ། དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པ་བསྒྲུབ་བྱའི་ཆོས་སུ་བྱས་ནས་དགག་བྱ་འགོག་པ་ཡིན། དང་པོ་ལྟར་ན། དགག་རྟགས་ཡང་དག་ཡིན་ན་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་དགོས་པར་ཐལ། དགག་རྟགས་ཡང་དག་ཡིན་ན་དགག་བྱ་དམིགས་པའི་ཚད་མ་དགག་པ་རྟགས་སུ་བཀོད་ནས་དགག་བྱ་འགོག་དགོས་པའི་ཕྱིར། གཉིས་པ་ལྟར་ན་དགག་རྟགས་ཡང་དག་ཡིན་ན་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། དགག་རྟགས་ཡང་དག་ཡིན་ན་དགག་བྱ་དམིགས་པའི་ཚད་མས་བཀག་པ་བསྒྲུབ་བྱའི་ཆོས་སུ་བྱས་ནས་དགག་བྱ་འགོག་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དགག་གཞིའི་སྟེང་དུ་ཕྱི་རྒོལ་གྱིས་དགག་བྱའི་ཆོས་དམིགས་པའི་ཚད་མ་བཀག་པ་གྲུབ་ཀྱང་དགག་བྱའི་ཆོས་བཀག་པ་མ་གྲུབ་ན། དགག་བྱའི་ཆོས་དམིགས་པའི་ཚད་མ་དགག་པ་རྟགས་སུ་བཀོད་ནས་དགག་བྱ་འགོག་པར་བྱེད་ལ། དགག་གཞིའི་སྟེང་དུ་ཕྱི་རྒོལ་གྱིས་དགག་བྱའི་ཆོས་དམིགས་པའི་ཚད་མ་བཀག་པ་མ་གྲུབ་ན། དགག་བྱའི་ཆོས་དམིགས་པའི་ཚད་མ་བཀག་པ་དང་། དགག་བྱའི་ཆོས་བཀག་པ་གཉིས་ཀ་བསྒྲུབ་བྱའི་ཆོས་སུ་བྱས་ནས་དགག་བྱ་འགོག་པར་བྱེད་པའི་ཕྱིར་རོ། །དེ་ཡང་དགག་བྱ་འགོག་པ་ལ་དགག་གཞི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ། མི་རུང་ན་མངོན་སུམ་གྱི་སྟོབས་ཀྱིས་དགག་པ་བྱེད་པ་མི་སྲིད་དེ། མེད་དགག་ཡན་གར་བ་མངོན་སུམ་ལ་སྣང་དུ་མི་རུང་བའི་ཕྱིར། དེས་ན་དགག་གཞི་


DLL1004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ལ་སྣང་དུ་མི་རུང་ན་རྗེས་དཔག་གིས་དགག་པ་བྱེད་དགོས་སོ། །དགག་གཞི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་ལ། དགག་བྱའི་ཆོས་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ། མི་རུང་ན་མི་སྣང་བ་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ལ། སྣང་དུ་རུང་བ་ལ་དགག་གཞིའི་སྟེང་དུ་དགག་བྱའི་ཆོས་ཕྱི་རྒོལ་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ། དང་པོ་ལྟར་ན། ཕལ་ཆེར་མངོན་སུམ་གྱིས་དགག་པ་བྱེད་ལ། མངོན་སུམ་གྱིས་མ་གྲུབ་ན་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ལ་བརྟེན་ནས་སྒྲུབ་དགོས་པས་རང་བཞིན་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བ་ལ་དགག་པ་བྱེད་ན། དགག་གཞིའི་སྟེང་དུ་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་མངོན་སུམ་ལ་སྣང་དུ་རུང་བ་དང་། འགལ་ཟླ་མངོན་སུམ་ལ་སྣང་དུ་རུང་བ་གཉིས་སུ་ངེས་ལ། དང་པོ་ལྟར་ན་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་ལ། ངོ་བོ་ལ་ཁྱབ་ཆུང་བ་དང་། ཁྱབ་མཉམ་པ་དང་། ཁྱབ་ཆེ་བ་གསུམ་དུ་ངེས་ཤིང་། ཁྱབ་ཆུང་བ་བཀག་པས་གཞི་དེར་དགག་བྱའི་ཆོས་འགོག་མི་ནུས་ལ། ཁྱབ་མཉམ་པ་མངོན་སུམ་ལ་སྣང་དུ་རུང་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། ཁྱབ་ཆེ་བ་མངོན་སུམ་ལ་སྣང་དུ་རུང་ན། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་འཇུག་པའི་དུས་ཡིན་ནོ། །དགག་བྱའི་ཆོས་ཀྱི་རྒྱུ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ན། རྒྱུ་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དགག་གཞིའི་སྟེང་དུ་དགག་བྱའི་ཆོས་ཀྱི་དངོས་འབྲས་སྣང་དུ་རུང་ན་དངོས་འབྲས་མ་དམིགས་འཇུག་པའི་དུས་ཡིན་ནོ། །དེ་ལྟར་ན་འབྲེལ་ཟླ་མ་དམིགས་པའི་རྟགས་ལས་རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་


DLL1004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་བཞིར་ངེས་པ་ཡིན་ནོ། །དགག་གཞིའི་སྟེང་དུ་དགག་བྱའི་ཆོས་ཀྱི་འགལ་ཟླ་སྣང་དུ་རུང་ན་འགལ་ཟླ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ལ། དགག་བྱའི་ཆོས་ཀྱི་འབྲེལ་ཟླ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་པ་བཞིན་དུ། དེའི་འགལ་ཟླ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་པས། དགག་བྱའི་ཆོས་ཀྱི་འགལ་ཟླའི་ངོ་བོ་དང་། དེའི་འབྲས་བུ་སྣང་དུ་རུང་ན་རང་བཞིན་འགལ་དམིགས་དང་འགལ་འབྲས་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་འགལ་ཟླའི་རྒྱུ་དངོས་དང་དེའི་འབྲས་བུ་སྣང་དུ་རུང་ན་རྒྱུ་འགལ་དམིགས་དང་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་བདག་གཅིག་པའི་ཁྱབ་བྱེད་ཀྱི་འགལ་ཟླ་དངོས་སྣང་དུ་རུང་ན། ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་འབྲས་བུ་དངོས་ཀྱི་འགལ་ཟླ་སྣང་དུ་རུང་ན་འབྲས་བུ་འགལ་དམིགས་ཀྱི་རྟགས་འཇུག་པའི་དུས་ཡིན་ནོ། །དེ་ལྟར་ན། འབྲེལ་ཟླ་མ་དམིགས་པའི་རྟགས་བཞི་འགལ་ཟླ་དམིགས་པའི་རྟགས་དྲུག་སྟེ་དགག་རྟགས་བཅུར་འགྱུར་བ་ཡིན་ནོ། །གསུམ་པ་ཕྱེ་བ་སོ་སོའི་དོན་ལ་གཉིས། མི་སྣང་བ་མ་དམིགས་པའི་རྟགས་དང་། སྣང་རུང་མ་དམིགས་པའི་རྟགས་སོ། །དང་པོ་ལ་དགག་གཞག་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་མི་སྣང་བ་མ་དམིགས་པའི་རྟགས་མ་གྲུབ་སྟེ། དགག་རྟགས་ཡང་དག་ཡིན་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར་ཏེ། རང་བཞིན་དང་ནི་འབྲས་བུའམ་སྣང་བ་མཐོང་བ་མེད་ཉིད་རྟགས། ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་རྒྱུ་མཚན་ཡང་དག་མེད་བཞིན་དུ་གང་ཟག་ཕ་རོལ་པོ་འདི་སྐྱོན་འདི་ལྟ་བུ་དང་ལྡན་ནོ་ཞེས་དམ་འཆའ་བ་རིགས་སམ་མི་རིགས། དང་པོ་ལྟར་ན་མི་འཐད་དེ། མདོ་ལས། ང་འམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་


DLL1004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གི་གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ། ཉམས་པར་གྱུར་ཏ་རེ་ཞེས་གསུངས་པའི་ཕྱིར་རོ། །མི་རིགས་ན། མི་རིགས་པའི་རྒྱུ་མཚན་ཅི་ཡིན། སྐྱེས་བུ་ཕ་རོལ་པོ་འདི་ཆོས་ཅན། སྐྱོན་འདི་ལྟ་བུ་དང་ལྡན་ནོ་ཞེས་དམ་འཆའ་བ་མི་རིགས་ཏེ། སྐྱོན་འདི་ལྟ་བུ་ཚད་མས་མ་དམིགས་པའི་ཕྱིར་ཞེ་ན། འོ་ན་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གྲུབ་པར་ཐལ། སྐྱོན་འདི་ལྟ་བུ་ཚད་མས་མ་དམིགས་པ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡོད་མོད། དེ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་དང་། ཤཱཀྱ་བློས། རྒྱུ་མེད་ན་འབྲས་བུ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་པར་འོག་ནས་འཆད་པར་འགྱུར་རོ། །ཁ་ཅིག །མི་སྣང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་ཡོད་ཀྱང་བལྟར་མི་རུང་བ་ཞེས་ཟེར། མེ་མེད་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མེ་མེད་མཚན་མོའི་རྒྱ་མཚོའི་སྟེང་དུ་བ་ཡོད་ཀྱང་སྣང་དུ་མི་རུང་བའི་ཕྱིར་རོ། །ཁ་ཅིག་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་དཔེའི་སྟེང་དུ་དགག་བྱའི་ཆོས་ཡོད་ཀྱང་སྣང་དུ་མི་རུང་བ་


DLL1004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟའི་བུམ་པ་ཡོད་ཅེས་དམ་འཆའ་བ་མི་རིགས་ཏེ། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་ལྟ་བུའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་མཐུན་དཔེའི་སྟེང་དུ་དགག་བྱའི་ཆོས་ཡོད་ན་བལྟར་རུང་ཡིན་པའི་ཕྱིར་ཏེ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་དཔེའི་སྟེང་དུ་དགག་བྱའི་ཆོས་མེད་པར་ངེས་པའི་ཕྱིར། ཁ་ཅིག །མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དགག་བྱའི་ཆོས་ཡོད་ཀྱང་བལྟར་མི་རུང་བ་ཞེས་ཟེར། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་གང་ཟག་གི་བདག་ཡོད་ཀྱང་བལྟར་མི་རུང་བའི་ཕྱིར། རྟགས་མ་གྲུབ་ན། གང་ཟག་གི་བདག་ཚད་མས་མ་དམིགས་པ་དེ། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་གང་ཟག་གི་བདག་མེད་པར་རྟོགས་པར་ཐལ། གང་ཟག་གི་བདག་ཡོད་ན་ཁྱོད་ཀྱིས་དམིགས་སུ་རུང་བ་ལས་ཁྱོད་ཀྱིས་གང་ཟག་གི་བདག་ཚད་མས་མ་དམིགས་པའི་


DLL1004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྟགས་ཁས། འདོད་ན། ཁྱོད་ཀྱིས་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་པར་རྟོགས་པར་ཐལ་ལོ། །ཁ་ཅིག །མདུན་གྱི་གཞི་འདིར་ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་མ་ཡིན་ཏེ། བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་འདི་ནི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ལ། མདུན་གྱི་གཞི་འདིར་བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་འགོག་པ་ཡིན་གྱི་མེད་ངེས་སྒྲུབ་པ་མིན་ནོ་ཞེ་ན་མདུན་གྱི་གཞི་འདིར་ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་མེད་ངེས་ཡིན་པར་ཐལ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་ན་དམིགས་དགོས་པ་གང་ཞིག །བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཁྱབ་བསལ་དང་རྟགས་ཕྱི་མ་ཁས། རྟགས་དང་པོ་རྟགས་སྦྱོར་གྱི་ལྡོག་ཁྱབ་ལ་དངོས། སྒྲུབ་པར་ཡང་ནུས་ཏེ། དེ་ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་ཡོད་ན་ཚད་མས་དམིགས་དགོས་པར་ཐལ། དེ་ཡོད་ན་ཀུན་མཁྱེན་ཡེ་ཤེས་ཀྱིས་དམིགས་དགོས་པའི་ཕྱིར་ཏེ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་མེད་གང་རུང་གང་ཞིག །ཡོད་པ་ཐམས་ཅད་ཀུན་མཁྱེན་ཡེ་ཤེས་དམིགས་དགོས་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་མེད་ངེས་ཡིན་པར་ཐལ། དེ་ཡོད་ངེས་མ་ཡིན་པའི་ཕྱིར། ཁྱབ་པ་མེད་དེ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་ཀྱང་མ་ཡིན་མེད་ངེས་ཀྱང་མ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ཐལ། དེ་ཡོད་ངེས་ཀྱང་མ་ཡིན་མེད་ངེས་ཀྱང་མ་ཡིན་པའི་ཕྱིར། ཁོ་ན་རེ་འདོད་པ་ཡིན་ཏེ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་པའང་ཐེ་ཚོམ་ཟ་མེད་པའང་ཐེ་ཚོམ་ཟ་བའི་ཕྱིར་ཞེ་ན། ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་ཡོད་པ་མ་ཡིན་པ་མ་ཡིན་པར་ཐལ། དེ་ཡོད་པ་མ་ཡིན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། དེ་བཞིན་དུ་དེ་མེད་


DLL1004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པའང་མ་ཡིན་པར་ཐལ། དེ་མེད་པ་ལའང་ཐེ་ཚོམ་ཟ་བའི་ཕྱིར། གཞི་དེར་དེ་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ཞེས་བརྗོད་ན། ཅེས་འགོག །གལ་ཏེ་དངོས་འགལ་བར་ན་གཉིས་ཡིན་གྱི་ཕུང་གསུམ་ཡོད་པར་ཐལ། གཞི་དེར་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་པའི་ཕྱིར་ཞེ་ན། འོ་ན་དངོས་འགལ་བར་ན་གཉིས་མ་ཡིན་གྱི་ཕུང་གསུམ་ཡོད་པར་ཐལ། གཞི་དེར་དེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ཕྱིར། ཁ་ཅིག་མདུན་གྱི་གཞི་འདིར་ཆོས་ཅན་བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་སྟེ། དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་འདི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ནོ་ཞེ་ན། ཆོས་ཅན། དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་ཁེགས་པར་ཐལ། དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཡོད་ངེས་ཁེགས་པར་ཐལ་ལོ། །དེ་འདོད་ན། དེ་ཡོད་པ་ཁེགས་པར་ཐལ་ལོ། །འདོད་ན། དེ་མེད་པར་ཐལ་ལོ། །ཁ་ཅིག ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཚད་མས་དྲངས་པའི་བཅད་ཤེས་དོན་མཐུན་མི་འཇུག་སྟེ་དེ་ལྟ་བུའི་གང་ཟག་གིས་བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་འདི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། གཞི་དེར་གང་ཟག་དེས་བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པར་ངེས་ནས་གཞི་དེར་གང་ཟག་དེའི་ངོར་བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཚད་མས་དྲངས་པའི་བཅད་ཤེས་དོན་མཐུན་འཇུག་མི་འཇུག་ཐེ་ཚོམ་མི་ཟ་བའི་གང་ཟག་མི་སྲིད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་


DLL1004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དགག་བྱའི་ཆོས་ཀྱི་ཡུལ་ཡོད་ཀྱང་བལྟར་མི་རུང་བ། དཔེར་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ལ། འདི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། ཆོས་དེ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་འཇུག་པ་ལ། ཆོས་དེ་དམིགས་པའི་ཚད་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་སྐད་དུའང་། འཇུག་པ་བློ་སྔོན་ཅན་ཉིད་ཀྱི་ཕྱིར། །ཞེས་དང་ཤཱཀྱ་བློས། དེས་ན་རྒྱུ་མེད་ན་འབྲས་བུ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཞེས་གསུངས་སོ། །མདུན་གྱི་གཞི་འདི་ཆོས་ཅན། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟའི་བུམ་པ་ཡོད་ཅེས་དམ་བཅའ་བ་མི་རིགས་ཏེ། དེ་ལྟ་བུའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་བཀོད་ན་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་རྩོད་སྤང་ནི་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟའི་བུམ་པ་མེད་པར་ཐལ། དེ་ཡོད་ན་དམིགས་སུ་རུང་བ་ལས། དེ་ཡོད་པར་ཚད་མས་མ་དམིགས་པའི་ཕྱིར་རྟགས་སྔ་མ་ཁས། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། དེ་ཡོད་པར་ཐལ། དེ་ཚད་མས་དམིགས་པའི་ཕྱིར་ཞེ་ན། རྩ་བའི་རྟགས་ཕྱི་མ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་མེད་པར་ཐལ། དེ་ཡོད་མེད་གང་རུང་གང་ཞིག །དེ་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། རྟག་མི་རྟག་དངོས་འགལ་དུ་ངེས་ཤིང་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་


DLL1004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ཐལ། སྒྲ་རྟག་མི་རྟག་གང་རུང་དུ་ངེས་པ་གང་ཞིག་ཁྱོད་ཀྱིས་སྒྲ་རྟག་པར་མ་ངེས་པའི་ཕྱིར། ཟུར་དང་པོ་མ་གྲུབ་ན། དེར་ཐལ། སྒྲ་ལ་བློ་ཁ་ཕྱོགས་པ་གང་ཞིག །རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར། གལ་ཏེ་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་ཞེ་ན། སྐྱོན་མེད་དེ། རྒྱུ་མ་དམིགས་པའི་རྟགས་ཡིན་ན་སྣང་རུང་མ་དམིགས་པའི་རྟགས་ཡིན་མི་དགོས་པའི་ཕྱིར། ཡང་དེ་དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་མིན་པར་ཐལ། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟའི་བུམ་པ་ཚད་མས་དམིགས་པ་དེ་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་དེའི་རྒྱུ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ།དེ་དེའི་རྒྱུ་མ་ཡིན་ཀྱང་སྤྱིར་ཆོས་དེ་ཚད་མས་དམིགས་པ་དེ་ཆོས་དེ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་དེའི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་མིན་ན། གང་ཟག་གི་བདག་སྣང་རུང་མ་དམིགས་པ་དེ་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། གང་ཟག་གི་བདག་ཚད་མས་དམིགས་པ་དེ། གང་ཟག་གི་བདག་ཡོད་པའི་རང་བཞིན་མ་ཡིན་པའི་ཕྱིར། ཁྱབ་རྟགས་ཁས། མདུན་གྱི་གཞི་འདིར་ཆོས་ཅན། བསྐལ་དོན་ཤ་ཟའི་བུམ་པ་


DLL1004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་དོན་མ་ཡིན་པར་ཐལ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་པ་བལྟར་རུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། བསྐལ་དོན་ཤ་ཟའི་བུམ་པ་ཡོད་ན་བལྟར་རུང་ཡིན་ཡང་ཡོད་ཀྱང་ཚུར་མཐོང་གི་ཚད་མས་བལྟར་མི་རུང་བས་བསྐལ་དོན་དུ་བརྗོད་པའི་ཕྱིར། འོ་ན་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་ཆོས་ཅན། བསྐལ་དོན་ཡིན་པར་ཐལ།ཡོད་ཀྱང་ཚུལ་མཐོང་གི་ཚད་མས་བལྟར་མི་རུང་བའི་ཕྱིར་ཞེ་ན། མ་གྲུབ་སྟེ། ཚུར་མཐོང་གི་མངོན་སུམ་ཚད་མས་བལྟར་མི་རུང་ཡང་རྗེས་དཔག་ཚད་མས་བལྟར་རུང་བའི་ཕྱིར། གལ་ཏེ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་སྐབས་མེད་པར་ཐལ། མདུན་གྱི་གཞི་འདིར་བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པར་མ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱིར་ཚད་མས་མ་དམིགས་པར་མ་གྲུབ་ཀྱང་། བསྐལ་དོན་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པར་གྲུབ་པའི་ཕྱིར། མདུན་གྱི་གཞི་འདིར་བསྐལ་དོན་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པར་གྲུབ་ན། མི་སྣང་བ་མ་དམིགས་པའི་རྟགས་འཇུག་པའི་སྐབས་མི་སྲིད་དགོས་ཏེ། དེར་དེ་ཚད་མས་མ་དམིགས་པར་གྲུབ་ན། དེར་དེ་ཀུན་མཁྱེན་གྱི་ཡེ་ཤེས་ཀྱིས་མ་དམིགས་པར་གྲུབ་དགོས་ལ། དེ་ལྟར་ན། དེར་དེ་མེད་པར་ངེས་དགོས་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པ་གོ་བར་བྱེད་པ་ཡིན་པའི་ཕྱིར། མི་སྣང་བ་མ་དམིགས་པའི་རྟགས་བཀོད་པའི་དགོས་པ་ནི། རྒྱང་འཕེན་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་མེད་དེ། དེ་མ་དམིགས་པའི་ཕྱིར་ཞེས་ཟེར་བ་ལ། སྤྱིར་ཚད་མས་མ་དམིགས་པ་རྟགས་སུ་འགོད་དམ། རྒྱང་འཕེན་གྱི་ཚད་མས་མ་དམིགས་པ་རྟགས་སུ་འགོད། དང་པོ་ལྟར་ན། རྟགས་མ་གྲུབ་ལ། གཉིས་པ་ལྟར་ན། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་


DLL1004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་ཡོད་ན་རྒྱང་འཕེན་གྱི་ཚད་མས་དམིགས་སུ་རུང་བ་ལས། ཡོད་པར་ཚད་མས་མ་དམིགས་པའི་ཕྱིར་ཞེས་ཟེར་རམ། སྤྱིར་རྒྱང་འཕེན་གྱི་ཚད་མས་མ་དམིགས་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན། རྟགས་མ་གྲུབ་ལ། གཉིས་པ་ལྟར་ན། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ལ་རྒྱང་འཕེན་གྱིས་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པ་རྒྱང་འཕེན་གྱི་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ཙམ་ཞིག་འགོད་པར་རིགས་ཀྱི། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་དེ། ཐར་པ་དང་ཐམས་ཅད་མཁྱེན་པ་རྒྱང་འཕེན་གྱི་ཚད་མས་མ་དམིགས་པའི་ཕྱིར། ཞེས་འགོད་དུ་མི་རུང་བར་རྟོགས་པའི་ཕྱིར་དུ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་བསྟན་པ་ཡིན་ནོ། །གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ལ་གཉིས། མཚན་ཉིད། དབྱེ་བའོ། །སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མ་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཡུལ་དེ་ཡོད་ན་བལྟར་རུང་བ། གཉིས་པ་ལ་གཉིས། འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་རྟགས་སོ། །དང་པོ་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པ་རྟགས་སུ་སྦྱར་བ། དབྱེ་ན། རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་བཞི་ལས་དང་པོ་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། མེ་མེད་མཚན་མོའི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པ་


DLL1004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། ཕོ་རྫ་སྟུག་པོ་དང་ལྡན་པའི་ཤིང་གིས་དག་པའི་བྲག་རྫོང་ན་ཆོས་ཅན། ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁ་ཅིག །དེའི་དཔེར་བརྗོད་ཤིང་གིས་དག་པའི་བྲག་རྫོང་ན་ཆོས་ཅན། ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་འགོད་པ་མི་འཐད་དེ། གཞི་དེར་ཤིང་མེད་པར་ངེས་ན། གཞི་དེར་ཤིང་ཤ་པ་མེད་པར་ངེས་དགོས་པའི་ཕྱིར་རོ། །གསུམ་པ་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཁ་ཅིག་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པའི་ཐ་སྙད་བྱར་རུང་ཡིན་ཏེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་བྱ་བ་འདི། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ནོ་ཞེ་ན། བུམ་པ་ཆོས་ཅན། བུམ་པ་སྣང་རུང་མ་དམིགས་པར་ཐལ། བུམ་པ་མེད་པའི་ཐ་སྙད་བྱ་རུང་ཡིན་པའི་ཕྱིར་ཏེ། བུམ་པ་མེད་པའི་བརྗོད་པ་སྒྲའི་ཐ་སྙད་བྱར་རུང་ཡིན་པའི་ཕྱིར་ཏེ། བུམ་པ་མེད་ཅེས་པའི་སྒྲ་དེ་དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར། གལ་ཏེ། ཆོས་ཅན། བུམ་པ་མེད་པའི་ཐ་སྙད་བྱར་རུང་མ་ཡིན་པར་ཐལ། བུམ་པ་མེད་པ་མ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། ཟླ་བ་ཞེས་པའི་ཐ་སྙད་བྱ་རུང་མ་ཡིན་པར་ཐལ། ཟླ་བ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཟླ་བའི་སྒྲས་བརྗོད་རུང་ཡིན་པའི་ཕྱིར། ཁ་ཅིག །རྒྱུ་ལས་


DLL1004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྒྲུབ་པས་ན། ཞེས་སོགས་ཀྱི་སྐབས་སུ། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་མེད་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་འཇུག་རུང་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར་ཞེས་པ་རང་བཞིན་མ་དམིགས་པའི་རྟགས་སུ་བྱས་ནས། རང་བཞིན་མ་དམིགས་པའི་གཏན་ཚིགས་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། རང་བཞིན་རྟགས་ཀྱི་དཔེར་བརྗོད་ལས་ཐ་དད་པར་མ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། རང་བཞིན་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་འཆད་པ་མི་འཐད་དེ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན། དགག་རྟགས་ཡང་དག་གི་མཚན་གཞི་ཡིན་དགོས་ལ། རྒྱུ་ཚོགས་གྲངས་ཚང་གིས་འབྲས་བུ་འབྱུང་རུང་དཔོག་པ་དགག་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་རང་བཞིན་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་དགག་རྟགས་ཡང་དག་ཡིན་ན། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ། དེ་ཡིན་ན་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་ནང་དུ་འདུས་པའི་ཕྱིར་ཏེ། རིགས་ཐིགས་ལས། འབྲས་བུ་མ་དམིགས་པ་ལ་སོགས་པའི་སྦྱོར་བ་བཅུ་པོ་དེ་དག་ཐམས་ཅད་ནི་རང་བཞིན་མ་དམིགས་པའི་ནང་དུ་འདུ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དགག་རྟགས་ཡང་དག་ཡིན་ན། རང་བཞིན་གྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། འདོད་པ་གང་ཞིག །རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན། རང་བཞིན་


DLL1004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། འདོད་ན། དགག་རྟགས་ཡང་དག་ཡིན་ན་སྒྲུབ་རྟགས་ཡང་དག་ཡིན་དགོས་པར་ཐལ་ལོ། །གལ་ཏེ་རང་བཞིན་མ་དམིགས་པའི་རྟགས་ནི་དགག་པའི་ཡུལ་ཅན་གྱི་ཐ་སྙད་སྒྲུབ་པའི་རྟགས་ཡང་དག་ལ་དགག་པའི་རྟགས་ཞེས་བཏགས་པ་ཙམ་ཡིན་གྱི་དགག་པའི་གཏན་ཚིགས་མ་ཡིན་ཏེ། རང་འགྲེལ་ལས། དགག་པའི་ཡུལ་ཅན་གྱི་ཐ་སྙད་ཀྱི་གཏན་ཚིགས་ལ་དེའི་གཏན་ཚིགས་ཞེས་བཤད་དེ། ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ནི་དོན་མ་ཡིན་ཏེ། སྔར་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་ལ་དགག་པའི་གཏན་ཚིགས་སུ་བསྟན་པ་ལ། འོ་ན་དགག་པའི་དོན་དང་ཐ་སྙད་གང་སྒྲུབ་སྙམ་ན། རང་བཞིན་མ་དམིགས་པས་དགག་པའི་ཐ་སྙད་ཙམ་སྒྲུབ་ཀྱི་དོན་སྒྲུབ་པ་མ་ཡིན་ཏེ། ཆོས་དེ་སྣང་རུང་མ་དམིགས་པ་ཉིད་རྟགས་སུ་བཀོད་ནས་ཆོས་དེ་མེད་པ་སྒྲུབ་པར་བྱེད་པའི་ཕྱིར། རྒྱུ་ཁྱབ་བྱེད་མ་དམིགས་པས་དགག་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་བཤད་པར་བྱ་བ་ཡིན་ཏེ། རང་འགྲེལ་ལས། དམིགས་པར་ནི་རིགས་ལྡན་དེ་མི་དམིགས་པར་ཡང་དགག་པའི་གཏན་ཚིགས་ཡིན་ནོ། །དགག་པའི་ཐ་སྙད་ཀྱི་ཡུལ་ཅན་གྱི་གཏན་ཚིགས་ལ་དེའི་གཏན་ཚིགས་ཞེས་བཤད་དེ། དེ་ལྟ་བུ་མ་དམིགས་པ་ནི་རང་ཉིད་ཀྱིས་འགོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་རང་བཞིན་མ་དམིགས་པས་ཐ་སྙད་འབའ་ཞིག་སྒྲུབ་ན། གྲུབ་ཟིན་གྱི་དོན་དང་བསྒྲུབ་རྒྱུའི་ཐ་སྙད་གང་ཞེ་ན། ཁ་ཅིག་ན་རེ། བུམ་པས་དག་པའི་ས་ཕྱོགས་སུ་བུམ་མེད་ནི་གྲུབ་ཟིན་གྱི་དོན་དང་། བུམ་པ་མེད་པའི་ཤེས་བརྗོད་ཀྱི་ཐ་སྙད་ནི་བསྒྲུབ་རྒྱུའི་ཐ་སྙད་ཡིན་པས། བུམ་པས་དག་པའི་ས་ཕྱོགས་


DLL1004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་འགོད་པར་བྱ་བ་ཡིན་གྱི་བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་འགོད་པར་བྱ་བ་མ་ཡིན་ཏེ། ཕྱོགས་ཆོས་གྲུབ་པའི་ཚེ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་བའི་ཕྱིར་ཞེས་ཟེར། ཕྱོགས་ཆོས་གྲུབ་པའི་ཚེ་བསྒྲུབ་བྱ་གྲུབ་ཟིན་པའི་ཉེས་པ་ཁྱེད་རང་ལའང་མཚུངས་ཏེ། བུམ་པས་དག་པའི་ས་ཕྱོགས་སུ་བུམ་མེད་ཀྱི་ཐ་སྙད་བྱ་རུང་དུ་སྒྲུབ་དགོས་ཀྱི་ཕྱི་རྒོལ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་སུ་བུམ་པ་མེད་པའི་ངེས་པ་བློའི་ཐ་སྙད་གྲུབ་ཟིན་པར་ཐལ། དེར་བུམ་པ་མེད་པ་གྲུབ་ཟིན་པའི་ཕྱིར། རྟགས་ཁས། འདོད་ན། ཆོས་ཅན། དེར་བུམ་པ་མེད་པའི་བརྗོད་པ་སྒྲའི་ཐ་སྙད་གྲུབ་ཟིན་པར་ཐལ། འདོད་པ་གང་ཞིག །བུམ་པ་མེད་ཅེས་སྨྲ་ཤེས་པའི་ཕྱིར། འདོད་ན། ཆོས་ཅན། དེར་བུམ་པ་མེད་པའི་ཐ་སྙད་གྲུབ་ཟིན་པར་ཐལ། དེར་བུམ་པ་མེད་པའི་ངེས་པ་བློའི་ཐ་སྙད་དང་བརྗོད་པ་སྒྲའི་ཐ་སྙད་གྲུབ་ཟིན་པའི་ཕྱིར། གཞན་ཡང་། དེར་བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་རང་བཞིན་མ་དམིགས་པའི་རྟགས་སུ་བྱེད་པ་མི་འཐད་དེ། བུམ་པ་མེད་པའི་ཐ་སྙད་བྱ་རུང་མེད་དགག་མ་ཡིན་པའི་ཕྱིར། འོ་ན་རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། །ཅེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། ཅེས་པ་སྦྱོར་བ་འཆད་པའི་དབང་དུ་བྱས་པ་ཡིན་གྱི་སྦྱོར་བ་འགོད་པའི་ཚེ། རིགས་ཐིགས་ལས། རང་བཞིན་མ་དམིགས་པ་ནི་དཔེར་ན། འདི་ན་དུ་བ་མེད་དེ། དམིགས་པའི་རིག་བྱར་གྱུར་བ་ལས་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཞེས་དང་། འདིར་ཡང་དཔེར་ན། སྲེག་པར་བྱེད་པ་མ་ཡིན་ཕྱིར། །མེ་མ་ཡིན་ཞེས་བྱ་བ་བཞིན། །ཞེས་དང་། རང་འགྲེལ་ལས་གསུངས་


DLL1004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་འགོད་པའི་ཚེ་ཐ་སྙད་བྱར་རུང་སྟེ། ཞེས་བཀོད་པ་མེད་དོ། །རང་ལུགས་ལ། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་གཞི་དེར་བུམ་པ་སྣང་རུང་མ་དམིགས་པ་གྲུབ་ཟིན་གྱི་དོན་དང་། གཞི་དེར་བུམ་པ་མེད་པ་བསྒྲུབ་རྒྱུའི་ཐ་སྙད་ཡིན་ནོ། །རྟགས་འདིའི་ཁྱབ་པ་མངོན་སུམ་གྱིས་གྲུབ་ལ། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་ཚད་མ་ལ་ཁ་ཅིག་ན་རེ། དག་འཛིན་མངོན་སུམ་གྱིས་བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་སྣང་རུང་མ་དམིགས་པ་གྲུབ་པ་ཡིན་གྱི་དེ་རྟོགས་པ་མ་ཡིན་ཏེ། བུམ་པ་སྣང་རུང་མ་དམིགས་པ་དངོས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། མེད་ལ་དབང་སྐྱེས་བློ་མིན་ཏེ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། འོ་ན་བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་སྣང་རུང་མ་དམིགས་པ་རྟོགས་པའི་ཚད་མ་མེད་པར་ཐལ། དེར་དེ་མངོན་སུམ་གྱིས་ཀྱང་མ་རྟོགས་རྗེས་དཔག་གིས་ཀྱང་མ་རྟོགས་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ན། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་རོ། །དེས་ན་ས་ཕྱོགས་དག་པ་འཛིན་པའི་དག་འཛིན་མངོན་སུམ་གྱིས། ས་ཕྱོགས་དེར་བུམ་པ་སྣང་རུང་མ་དམིགས་པ་རྟོགས་པ་ཡིན་ཏེ། དེ་ལ་བརྟེན་ནས་ས་ཕྱོགས་འདི་ནི་དམིགས་སོ་ཞེས་པའམ། བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་རྟོག་པ་དོན་མཐུན་གཉིས་འདྲེན་པའི་ཕྱིར། དག་འཛིན་མངོན་སུམ་དེས་ས་ཕྱོགས་དེ་དངོས་སུ་རྟོགས་པའི་ཤུགས་ལ་བུམ་པ་སྣང་རུང་མ་དམིགས་པ་རྟོགས་པ་ཡིན་ནོ། །མེད་ལ་དབང་སྐྱེས་བློ་མིན་ཏེ། ཞེས་གསུངས་པ་དང་མི་འགལ་ཏེ། དེས་མེད་དགག་དབང་པོའི་མངོན་སུམ་གྱི་དངོས་ཡུལ་མིན་པར་བསྟན་པ་ཙམ་ཡིན་པའི་ཕྱིར། བཞི་པ་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །


DLL1004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། དུ་བ་མེད་པའི་མཐའ་བཞི་ཀུན་ནས་བསྐོར་བའི་དང་ར་བླ་གབ་མེད་པ་ན་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་འགལ་ཟླ་དམིགས་པ་ལ་གཉིས། དངོས་དང་། འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་དམིགས་པའི་རྟགས་ཡང་དག་གང་ཞིག །དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པ་རྟགས་སུ་སྦྱར་བ། དབྱེ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། འགལ་ཟླ་དམིགས་པའི་རྟགས་ཡང་དག་གང་ཞིག །དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པ། དབྱེ་ན་རྣམ་འགྲེལ་ལས། རྒྱུ་འགལ་དམིགས་ཁྱབ་བྱེད་འགལ་དམིགས། རང་བཞིན་འགལ་དམིགས། འགལ་འབྲས་དམིགས་པ། འབྲས་བུ་འགལ་དམིགས། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་སྟེ་དྲུག་བཤད། དཔེར་བརྗོད་རིམ་པ་བཞིན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་དང་། དེ་ཆོས་ཅན། བ་མོའི་རེག་པ་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་དང་། དེ་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། དུ་བ་དྲག་འཕྱུར་བས་ཁྱབ་


DLL1004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནོན་པའི་ཕྱིར་ཞེས་པ་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འགལ་ཟླ་དམིགས་པའི་རྟགས་ཡང་དག་གང་ཞིག །དགག་བྱའི་ཆོས་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པ་དབྱེ་ན། ངེས་པས་ལྟོས་པ་འགོག་པ་དང་། ལྟོས་པས་ངེས་པ་འགོག་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དཔེར་བརྗོད་རིམ་པ་བཞིན། བུམ་པ་ཆོས་ཅན། འཇིག་པ་ཕྱིིས་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། ཞེས་པ་དང་། གོས་དཀར་པོ་ཆོས་ཅན། རང་གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་ཏེ། ཚོན་ཅན་དུ་འགྱུར་བ་ཕྱིིས་འབྱུང་གི་རྒྱུ་ལ་ལྟོས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ནི། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་འདི་གཉིས་ཀྱི་ཁྱབ་འབྲེལ་འགྲུབ་པ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་རྟོགས་པ་ལ་རག་ལས་པ་ཡིན་པས། འདི་ལ་གསུམ། མཚན་ཉིད། དབྱེ་བ། འགལ་བ་རྟོགས་པའི་དགོས་པའོ། །དང་པོ་ལ། ཁ་ཅིག །རྣམ་ངེས་ལས་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་གསུངས་པས། ཆོས་དེ་དང་འགལ་ན་འགོག་པས། སྔོ་སེར་ལྟ་བུ་ཐ་དད་པ་ཙམ་ཡིན་གྱི་འགལ་བ་མ་ཡིན་ནོ་ཞེས་ན། འོ་ན་རྟག་མི་རྟག་གཉིས་ཕན་ཚུན་འགོག་ནུས་པར་ཐལ། དེ་གཉིས་ཕན་ཚུན་


DLL1004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་གཉིས་ཕན་ཚུན་དངོས་སུ་འགོག་ནུས་པར་ཐལ། ཕན་ཚུན་འགོག་ནུས་པ་གང་ཞིག །དེ་གཉིས་རྒྱུད་འགལ་མ་ཡིན་པའི་ཕྱིར། འདོད་ན། རྟག་མི་རྟག་གཉིས་གང་སྟོབས་ཆེ། རྟག་པ་སྟོབས་ཆེ་ན་མི་རྟག་པས་རྟག་པ་དངོས་སུ་འགོག་མི་ནུས་པར་ཐལ་ལོ། །མི་རྟག་པ་སྟོབས་ཆེ་ན་རྟག་པས་མི་རྟག་པ་དངོས་སུ་འགོག་མི་ནུས་པར་ཐལ་ལོ། །གལ་ཏེ་དེ་གཉིས་གཞི་གང་རུང་ལ་མ་བརྟེན་པར་དངོས་འགལ་དུ་ངེས་མི་ནུས་ལ། ཆོས་ཅན་སྒྲ་ལྟ་བུ་གཅིག་གི་སྟེང་དུ་མི་རྟག་པས་རྟག་པ་ལ་དངོས་སུ་གནོད་པ་དང་། ཆོས་ཅན་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུའི་སྟེང་དུ་རྟག་པས་མི་རྟག་པ་ལ་དངོས་སུ་གནོད་པས། དེ་གཉིས་དངོས་འགལ་ཡིན་ནོ་ཞེ་ན། འོ་ན་སྔོ་སེར་འགལ་བར་ཐལ། སྔོན་པོས་བཻ་ཌཱུརྱའི་ཁ་དོག་སེར་པོ་ཡིན་པ་འགོག་ནུས། སེར་པོས་གསེར་གྱི་ཁ་དོག་སྔོན་པོ་ཡིན་པ་འགོག་ནུས་པའི་ཕྱིར། འཁོར་གསུམ། གལ་ཏེ་འགལ་ན་འགོག་མི་དགོས་ན། བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ་ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། གཞུང་དེས་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པའི་རྟགས་ཁོ་ན་འགལ་རྟགས་ཡིན་པར་བསྟན་ཏོ། །རང་ལུགས་ལ། འགལ་བའི་མཚན་ཉིད། ཐ་དད་གང་ཞིག་གཞི་མཐུན་མི་སྲིད་པ། གཉིས་པར་དབྱེ་བ་ལ་གཉིས། ལྷན་ཅིག་མི་གནས་དང་། ཕན་ཚུན་སྤང་འགལ་ལོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ། །རང་ལུགས་བཞག་པའོ། །དང་པོ་ནི། སློབ་དཔོན་ཕྱ་པ་ན་རེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་ལ་གནོད་པའི་ཚུལ་ལ། རང་གི་ངོ་བོས་གནོད་པའི་ཚུལ་དང་། རྒྱུས་གནོད་པའི་ཚུལ་ལོ། །དང་པོ་ནི། ཚ་རེག་གིས་གྲང་རེག་ལ་གནོད་པ་ལྟ་བུའོ། །གཉིས་པ་ལ་དངོས་རྒྱུས་གནོད་པའི་ཚུལ་དང་། བརྒྱུད་རྒྱུས་གནོད་པའི་ཚུལ་གཉིས་


DLL1004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། སྦྱོར་ལམ་ཆོས་མཆོག་ཆེན་པོས། མཐོང་སྤང་གི་ས་བོན་ལ་དངོས་སུ་གནོད་པ་ལྟ་བུ་ཡིན་ལ། གཉིས་པ་ནི། སྣང་བའི་བརྒྱུད་རྒྱུས་མུན་པ་ལ་གནོད་པ་ལྟ་བུའོ། །དེ་ཡང་འདས་ལམ་གྱིས་སྤང་བྱ་ལ་གནོད་པའི་ཚུལ་དང་། སྣང་བས་མུན་པ་ལ་གནོད་ཚུལ་མི་མཐུན་པའི་རྒྱུ་མཚན་ནི། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤང་གི་ས་བོན་འགགས་ན། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་འགོག་པ་ཐོབ་དགོས་ལ་དེ་ལྟར་ན། མཐོང་ལམ་བར་ཆད་མེད་ལམ་དང་འགོག་བདེན་དུས་མཉམ་དུ་འགྱུར་བས། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་མཐོང་སྤང་གི་ས་བོན་ཡོད་ལ། མཐོང་སྤང་གི་ས་བོན་ལ་མཐོང་ལམ་བར་ཆད་མེད་ལམ་གྱིས་དངོས་སུ་གནོད་ན་རྒྱུ་འབྲས་དུས་མཉམ་དུ་ཐལ་བའི་སྐྱོན་ཡོད་དེ། གཉེན་པོས་སྤང་བྱ་ལ་དངོས་སུ་གནོད་པའི་དོན་ནི་སྤང་བྱ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བྱེད་པ་ཡིན་པའི་ཕྱིར། དེས་ན་སྦྱོར་ལམ་ཆོས་མཆོག་ཆེན་པོས་མཐོང་སྤང་གི་ས་བོན་ལ་དངོས་སུ་གནོད་པ་ཡིན་ནོ། །སྣང་བ་སྐྱེས་པ་འགགས་དགོས་ལ། སྣང་བའི་དངོས་རྒྱུས་མུན་པ་ལ་གནོད་ན། རྒྱུ་འབྲས་དུས་མཉམ་དུ་འགྱུར་བས་སྣང་བའི་བརྒྱུད་རྒྱུས་མུན་པ་ལ་གནོད་པ་ཡིན་ནོ། །ཞེས་གསུང་ངོ་། །མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་མཐོང་སྣང་གི་ས་བོན་དངོས་སུ་སྤོང་མི་ནུས་པར་སྦྱོར་ལམ་ཆོས་མཆོག་ཆེན་པོས་དངོས་སུ་སྤོང་ནུས་པར་ཐལ། མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་མཐོང་སྤང་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་དངོས་སུ་སྐྱེད་མི་ནུས་པར་སྦྱོར་ལམ་ཆོས་མཆོག་ཆེན་པོས་མཐོང་སྤང་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་དངོས་སུ་སྐྱེད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྒོམ་ལམ་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་གྱིས་


DLL1004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པའི་ཕྱིར། འདོད་ན། ཟག་མེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤོང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་དང་སྒོམ་ལམ་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་སྤང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པའི་ཕྱིར། ཟག་མེད་ཀྱི་ལམ་གང་གིས་ཀྱང་རང་གི་ངོ་སྐལ་སྤང་བྱའི་ས་བོན་དངོས་སུ་སྤོང་ནུས་པ་མེད་པར་ཐལ། ཟག་མེད་བར་ཆད་མེད་ལམ་དང་ཟག་མེད་རྣམ་གྲོལ་ལམ་གང་གིས་ཀྱང་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པའི་ཕྱིར། གཞན་ཡང་། སོ་སྐྱེའི་རྒྱུད་ལ་སྒྲིབ་གཉིས་ཀྱི་ས་བོན་དངོས་སུ་སྤོང་བའི་གཉེན་པོ་ཡོད་པར་ཐལ། སྦྱོར་ལམ་ཆོས་མཆོག་ཆེན་པོས། མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་མི་ནུས་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་མངོན་སུམ་གྱིས་མ་རྟོགས་པར་འགོག་བདེན་ཐོབ་པ་ཡོད་པར་ཐལ་ལོ། །གཞན་ཡང་། སྦྱོར་ལམ་ཆོས་མཆོག་ཆེན་པོ་ཆོས་ཅན། མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྐྱེད་པར་ཐལ། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་དངོས་སུ་སྐྱེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་དངོས་སུ་ཕན་འདོགས་ནུས་པར་ཐལ་ལོ། །འདོད་ན། དེ་ལ་དངོས་སུ་གནོད་བྱེད་མ་ཡིན་པར་ཐལ་ལོ། །རྟགས་བསལ་ཁས་སོ། །གཉིས་པ་རང་ལུགས་གཞག་པ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། གནོད་བྱ་ལ་གནོད་ཚུལ་ལོ། །དང་པོ་ནི། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། རྒྱུན་གཅད་བྱ་གནོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་པ། ཁ་ཅིག །ལྷན་ཅིག་མི་གནས་འགལ་གནོད་བྱེད་ཁོ་ནར་འདོད་པ་མི་འཐད་དེ། སྣང་མུན་ལྟ་བུ་ལྷན་ཅིག་མི་གནས་


DLL1004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཡིན་པའི་ཕྱིར། གཉིས་པ་ནི། དབྱེ་ན། དངོས་སུ་གནོད་པ་དང་། བརྒྱུད་ནས་གནོད་པ་གཉིས། དང་པོ་ནི། མུན་པ་ལ་དངོས་སུ་གནོད་བྱེད་ཀྱི་མར་མེ་དང་མུན་པ་ལྟ་བུའོ། །གཉིས་པ་ནི། ཡུལ་རིང་བ་ནས་རིམ་གྱིས་འོངས་པའི་མར་མེ་སྐད་ཅིག་དང་པོ་དང་མུན་པ་ལྟ་བུའོ། །གསུམ་པ་ལ། གཉིས། འདས་ལམ་གྱིས་སྤང་བྱ་ལ་གནོད་ཚུལ་དང་། ཚ་རེག་གིས་གྲང་རེག་ལ་གནོད་ཚུལ་སོགས་བསྟན་པའོ། །དང་པོ་ལ་གསུམ། དཔེར་བཤད་པ་དང་། སྐབས་དོན་ལ་སྦྱར་བ་དང་། རྩོད་པ་སྤང་བའོ། ཁང་ཕུགས་ན་ཡུན་རིང་དུ་མུན་པ་གནས་པ་ལ་སྒོ་གསེབ་ནས་རིམ་གྱིས་མར་མེའི་འོད་འོངས་པའི་ཚེ་སྐད་ཅིག་དང་པོ་ལ་མུན་པ་རྒྱུ་མ་ཚང་བ་མེད་པར་ཡོད་ལ། སྐད་ཅིག་གཉིས་པ་ལ་མུན་པའི་རྒྱུ་དང་ཡུལ་འདབ་འབྱར་དུ་ཡོད་པའི་མར་མེས་མུན་པ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བྱེད་ལ། སྐད་ཅིག་གསུམ་པ་ལ་མར་མེ་སྐྱེས་པ་དང་མུན་པ་འགགས་པ་དུས་མཉམ་པ་ཡིན་ནོ། །གཉིས་པ་ནི། །དེ་བཞིན་དུ་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཐ་མ་དེ། སྦྱོར་ལམ་ཆོས་མཆོག་ཆེན་པོའི་དུས་ན་ཡོད་ལ། དེའི་ཚེ་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང་། དེ་སྐྱེས་པ་དང་དེའི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པ་ཡིན་ནོ། །དེའི་དུས་ན་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་མེད་པ་དེ་རྐྱེན་མ་ཚང་བའི་དབང་གིས་ཡིན་གྱི་དེ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་པ་མིན་ཏེ། དེ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་པ་ལ་ལམ་གྱི་བདེན་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དེས་ན་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་མེད་ཀྱང་ཟད་པར་སྤངས་པ་ནི་མ་ཡིན་ནོ། །དེས་མཚོན་ནས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་ན་གནས་ངན་ལེན་


DLL1004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དྲི་མ་མེད་ཀྱང་། སྤོང་བཞིན་པ་ཡིན་གྱི་ཟད་པར་སྤངས་པ་མ་ཡིན་ཏེ། དེའི་ཚེ་གནས་ངན་གྱི་དྲི་མ་ཟད་པར་སྤངས་པའི་འགོག་བདེན་མ་ཐོབ་པའི་ཕྱིར། རྟགས་མ་གྲུབ་ན། རྒྱུ་འབྲས་དུས་མཉམ་པར་ཐལ་ལོ། །དེས་ན་རྣམ་མཁྱེན་སྐད་ཅིག་དང་པོ་སྐྱེས་པའི་ཚེ་དྲི་མ་དེ་ཟད་པར་སྤངས་པ་ཡིན་ནོ། །ཁ་ཅིག །རྣམ་མཁྱེན་སྐད་ཅིག་དང་པོས་དྲི་མ་དེ་སྤོང་པ་ཡིན་ཟེར། འོ་ན་རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། སློབ་ལམ་ཡིན་པར་ཐལ། སྤང་བྱ་སྤོང་བའི་བྱ་བ་དང་བཅས་པའི་ལམ་ཡིན་པའི་ཕྱིར་རོ། ཁ་ཅིག །མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་མཐོང་སྤང་གི་ས་བོན་མེད་པར་ཁས་བླངས་ནས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་ན་གནས་ངན་ལེན་གྱི་དྲི་མ་ཡོད་པར་ཁས་ལེན་པ་ནི་མི་འཐད་དེ། སྤང་བྱ་སྐྱེ་འགྱུར་གྱིས་སྤོང་བ་དང་འགག་འགྱུར་གྱིས་སྤོང་བའི་གྲུབ་མཐའ་གཞི་མཐུན་དུ་ཁས་བླངས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་མཐོང་སྤང་གི་ས་བོན་མེད་ན། མངོན་པ་ཀུན་ལས་བཏུས་ལས། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བྱ་མངོན་གྱུར་འདས་པ་འགགས་པའི་ཕྱིར་མི་སྤོང་། མ་འོངས་པ་མ་སྐྱེས་པའི་ཕྱིར་མི་སྤོང་། ད་ལྟར་བ་ལམ་དང་དུས་མཉམ་དུ་མི་འཇུག་པའི་ཕྱིར་མི་སྤོང་ཞེས་བསྟན་པའི་ཤུགས་ལ་སྤང་བྱའི་ས་བོན་ལམ་དང་དུས་མཉམ་དུ་འཇུག་པས་སྤོང་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཀུན་ལས་བཏུས་ཀྱི་གཞུང་གི་དོན། མཐོང་ལམ་བར་ཆད་མེད་ལམ་གྱི་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་འདས་པ་བུམ་པ་ཐོ་བས་བཅོམ་པ་ལྟར་སྤོང་བ་མ་ཡིན་ཏེ། འགགས་པ་ཡིན་པའི་ཕྱིིར། མ་འོངས་པ་མདུན་ནས་འཕུལ་བ་ལྟར་སྤོང་བ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། ད་ལྟར་བ་མཛོ་སྦྲེལ་གཡང་ལ་ལྷུང་བ་ལྟར་སྤོང་བ་མ་ཡིན་ཏེ། ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར། འོ་ན་ཇི་


DLL1004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྤོང་ཞེ་ན། ཡུན་རིང་པོར་གཉེན་པོའི་ཕྱོགས་གོམས་པ་ལས། མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང་། དེ་སྐྱེས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པ་ཡིན་ལ། མཐོང་ལམ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་རྣམགྲོལ་ལམ་སྐྱེས་པའི་ཚེ་སྤངས་པ་ཡིན་ཏེ། དཔེར་ན་སྣང་བ་སྐྱེས་པ་དང་མུན་པ་འགགས་པ་དུས་མཉམ་པ་བཞིན་ཞེས་པའི་དོན་ནོ། །གཉིས་པ་ནི། ཚ་རེག་གིས་གྲང་རེག་ལ་གནོད་པའི་གནོད་བྱ་ལྡོག་དུས་ཇི་ལྟ་བུ། ཚ་གྲང་ལྷན་ཅིག་མི་གནས་པའི་དོན་གང་ཞེ་ན། ཚ་རེག་གིས་གྲང་རེག་ལ་གནོད་པའི་གནོད་བྱ་ལྡོག་དུས་མྱུར་ན་སྐད་ཅིག་གསུམ་པ་ལ་ལྡོག་སྟེ། སྐད་ཅིག་དང་པོ་ལ་ཚ་གྲང་ཕྲད། སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་བྱས། སྐད་ཅིག་གསུམ་པ་ལ་གྲང་རེག་ལྡོག་པའི་ཕྱིར། དེ་སྐད་དུའང་ཆོས་མཆོག་གིས་གང་ཞིག་གང་གིས་ལྡོག་པར་བྱེད་པ་དེ་ནི་མྱུར་ན་སྐད་ཅིག་གསུམ་པ་ལ་ལྡོག་པར་བྱེད་དེ། སྐད་ཅིག་དང་པོ་ལ་ནུས་པ་མེད་པའི་གནས་སྐབས་སུ་རུང་བར་བྱེད་དོ། །སྐད་ཅིག་གཉིས་པ་ལ་འགལ་བར་ནུས་པ་མེད་དོ། །སྐད་ཅིག་གསུམ་པ་ལ་ནུས་པ་མེད་པ་འགགས་པའི་ཡུལ་དེར་འོང་བར་བྱེད་དོ། །ཞེས་གསུངས་སོ། །གནོད་བྱ་ལྡོག་དུས་ཡུན་རིང་བ་ལ་ནི་ཚད་ངེས་པ་མེད་དོ། །ཚ་གྲང་ལྷན་ཅིག་མི་གནས་པའི་དོན་ནི། །ཚ་གྲང་རྒྱུན་གནོད་མེད་དུ་ལྷན་ཅིག་མི་གནས་པའི་དོན་ཡིན་ནོ། །ཁ་ཅིག །ཚ་གྲང་རྒྱུན་སྟོབས་མཉམ་ལྷན་ཅིག་མི་གནས་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཚ་རེག་གིས་གྲང་རེག་ལ་གནོད་པའི་གནོད་བྱ་ལྡོག་དུས་མྱུར་ན་ཡང་སྐད་ཅིག་གསུམ་པ་ལ་ལྡོག་པའི་ཕྱིར། རྟགས་མ་གྲུབ་སྟེ། སྐད་ཅིག་དང་པོ་ལ་ལྡོག་གོ་ཞེ་ན་ཡང་། ཚ་གྲང་ཕྲད་པའི་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་


DLL1004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔོན་དུ་གྲང་རེག་ནུས་མེད་དུ་བྱས་པར་ཐལ། ཁྱོད་ཀྱི་དུས་ན་གྲང་རེག་ལྡོག་པའི་ཕྱིར། ཁྱབ་སྟེ། གྲང་རེག་ནུས་མེད་དུ་བྱས་པའི་སྒོ་ནས་གྲང་རེག་ལྡོག་པར་བྱེད་དགོས་པའི་ཕྱིར། འདོད་ན། ཁྱོད་ཀྱི་སྔོན་དུ་ཚ་གྲང་ཕྲད་པར་ཐལ། ཁྱོད་ཀྱི་སྔོན་དུ་གྲང་རེག་ནུས་མེད་དུ་བྱས་པའི་ཕྱིར། ཁྱབ་སྟེ། ཚ་གྲང་ཕྲད་པའི་སྒོ་ནས་གྲང་རེག་ནུས་མེད་བྱེད་དགོས་པའི་ཕྱིར། སྐད་ཅིག་གཉིས་པ་ལ་གྲང་རེག་ལྡོག་གོ་ཞེ་ན། ཚ་གྲང་ཕྲད་པ་ཆོས་ཅན། ཁྱོད་དང་གྲང་རེག་ནུས་མེད་དུ་བྱས་པ་དུས་མཉམ་པར་ཐལ། ཁྱོད་ཀྱི་སྐད་ཅིག་གཉིས་པ་ལ་གྲང་རེག་ལྡོག་པའི་ཕྱིར། འདོད་ན། ཁྱོད་ཀྱི་སྔོན་དུ་ཚ་གྲང་ཕྲད་པར་ཐལ་ལོ། །ཁ་ཅིག་གིས། གྲང་རེག་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བསྐྱེད་པ་དེ་ཚ་རེག་གིས་གྲང་རེག་ལ་གནོད་པའི་དོན་ཡིན་ཞེས་ཟེར་ན། ཚ་གྲང་ཕྲད་དུས་ཀྱི་གྲང་རེག་ཆོས་ཅན། ཁྱོད་ཀྱིས་གྲང་རེག་སྐད་ཅིག་གཉིས་པ་ལ་གནོད་པར་ཐལ། ཁྱོད་ཀྱིས་གྲང་རེག་སྐད་ཅིག་གཉིས་པ་དེ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བསྐྱེད་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་ཅན་དང་ནུས་མེད་གང་རུང་དུ་བསྐྱེད་པ་གང་ཞིག །ནུས་ཅན་དུ་མ་བསྐྱེད་པའི་ཕྱིར། གལ་ཏེ་ནུས་མེད་དུ་མ་བསྐྱེད་ན། གྲང་རེག་གཉིས་པ་ནུས་མེད་དུ་བསྐྱེད་པའི་ཉེར་ལེན་གྱི་རྒྱུ་མ་གྲུབ་པར་ཐལ། ཚ་གྲང་ཕྲད་དུས་ཀྱི་གྲང་རེག་དེའང་དེའི་ཉེར་ལེན་མ་ཡིན། དེ་གཉིས་ཕྲད་དུས་ཀྱི་ཚ་རེག་དེའང་དེའི་ཉེར་ལེན་མ་ཡིན། དེ་ལས་གཞན་དེའི་ཉེར་ལེན་མ་གྲུབ་པའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་དེ་མ་ཐག་རྐྱེན་ལས་སྐྱེ་བ་མ་ཡིན་པར་ཐལ། གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་ཚ་གྲང་ཕྲད་དུས་ཀྱང་གྲང་རེག་གིས་མ་སྐྱེད་པའི་ཕྱིར། གལ་ཏེ་མི་མཚུངས་ཏེ། གཟུགས་འཛིན་དབང་ཤེས་ལ་ཤར་བའི་གཟུགས་ཀྱི་རྣམ་པ་དེ་ཤེས་པ་


DLL1004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་གཟུགས་ཉེར་ལེན་དུ་མི་རིགས་པས་དེ་མ་ཐག་རྐྱེན་ཉེར་ལེན་དུ་རིགས་སོ་ཞེ་ན། འོ་ན་གྲང་རེག་ནུས་མེད་དེ་གྲང་རེག་ཡིན་པས་ཚ་རེག་ཉེར་ལེན་དུ་མི་རིགས་པས་ཚ་གྲང་ཕྲད་དུས་ཀྱི་གྲང་རེག་དེ་དེའི་ཉེར་ལེན་དུ་རིགས་སོ། །གལ་ཏེ་ཚ་གྲང་ཕྲད་དུས་ཀྱི་ཚ་རེག་ཁོ་ནས་གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་སྐྱེད་དེ། ཚ་གྲང་མི་ཕྲད་ན་གྲང་རེག་སྐད་ཅིག་གཉིས་པ་ནུས་ཅན་དུ་འབྱུང་བ་ལ། ཚ་གྲང་ཕྲད་པའི་དབང་གིས་གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་སོང་བའི་ཕྱིར་ཞེ་ན། འོ་ན་གཟུགས་འཛིན་དབང་ཤེས་སྐད་ཅིག་གཉིས་པ་གཟུགས་ཀྱི་རྣམ་ལྡན་དུ་གཟུགས་ཁོ་ནས་བསྐྱེད་པར་ཐལ། གཟུགས་དང་དེ་མ་ཐག་རྐྱེན་མ་ཕྲད་ན་གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་མི་སྐྱེ་བ་ལས། དེ་གཉིས་ཕྲད་པའི་དབང་གིས་གཟུགས་འཛིན་དབང་ཤེས་གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཕྱིར། འཁོར་གསུམ། དེས་ན་ཚ་གྲང་ཕྲད་དུས་ཀྱི་གྲང་རེག་དེས་གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་སྐྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན། ཚ་གྲང་ཕྲད་དུས་ཀྱི་ཚ་རེག་དེས་ཀྱང་གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་སྐྱེད་དགོས་ལ། དེ་ལྟར་ན་ཚ་གྲང་ཕྲད་དུས་ཀྱི་ཚ་རེག་ཆོས་ཅན། གྲང་རེག་སྐད་ཅིག་གཉིས་པ་ལ་གནོད་པ་དང་ཕན་འདོགས་པ་གཉིས་ཀ་ཡིན་པར་ཐལ། གྲང་རེག་སྐད་ཅིག་གཉིས་པ་ནུས་མེད་དུ་བྱས་པ་གང་ཞིག །དེ་སྐྱེད་པའི་ཕྱིར་ཞེ་ན། འོ་ན་ཚ་གྲང་ཕྲད་དུས་ཀྱི་གྲང་རེག་ཆོས་ཅན། དེར་ཐལ། དེའི་ཕྱིར། གལ་ཏེ་ཚ་གྲང་སྟོབས་མཉམ་གཉིས་གནོད་བྱ་གནོད་བྱེད་ཡིན་ནམ་མིན། མ་ཡིན་པར་མི་འཐད་དེ། ཚ་གྲང་སྟོབས་མཉམ་སྐད་ཅིག་དང་པོ་ལ་ཕྲད། སྐད་ཅིག་གཉིས་པ་ལ་གཉིས་ཀ་ནུས་མེད་དུ་བྱས། སྐད་ཅིག་གསུམ་པ་ལ་གཉིས་ཀ་ལྡོག་པ་སྲིད་པའི་ཕྱིར། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པའང་མི་འཐད་པར་ཐལ། དེ་གཉིས་སྟོབས་མཉམ་པའི་ཕྱིར། ཁྱབ་སྟེ།


DLL1004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །ཞེས་གསུངས་པའི་ཕྱིར་ཞེ་ན། དེ་གཉིས་སྟོབས་མཉམ་ཡང་གནོད་བྱེད་ཡིན་ལ། གཞུང་དེའི་དོན་ནི་དམ་བཅའ་འགལ་བ་ནུས་མཚུངས་ཡིན་ན། གེགས་བྱེད་ཙམ་ཡིན་པས་གནོད་བྱེད་མ་ཡིན་ཞེས་པའི་དོན་ཡིན་ནོ། །གལ་ཏེ་ཚ་གྲང་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་མེད་དུ་བྱས། སྐད་ཅིག་གསུམ་པ་ལ་གྲང་རེག་ལྡོག་པའི་ཚེ། ཚ་གྲང་ཕྲད་པའི་སྐད་ཅིག་དང་པོ་ལ་སྔ་ཕྱི་བར་གསུམ་གྱི་ཆ་ཡོད་དམ་མེད། མེད་ན་གྲང་རེག་ལྡོག་དུས་ཚུར་མཐོང་གི་མངོན་སུམ་གྱི་སྟོབས་ཀྱིས་ངེས་མི་ནུས་འགྱུར་ལ། ཡོད་ན་དེའི་སྐད་ཅིག་གསུམ་པ་ལ་གྲང་རེག་ལྡོག་གམ་མི་ལྡོག །ལྡོག་ན་གནོད་བྱ་ལྡོག་དུས་གོང་དུ་བཤད་པ་དང་འགལ་ལ། མི་ལྡོག་ན་སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་བྱས་པ་མ་ཡིན་པར་ཐལ། དེའི་སྐད་ཅིག་གསུམ་པ་ལ་གྲང་རེག་མི་ལྡོག་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཚ་གྲང་ཕྲད་པའི་སྔ་ཕྱི་བར་གསུམ་གྱི་ཆ་གསུམ་གའང་། སྐད་ཅིག་དང་པོ་ལ་ཕྲད་ཅེས་པའི་སྐད་ཅིག །དང་པོའི་ཁོངས་སུ་གཏོགས་པའི་ཕྱིར། ཁ་ཅིག །བེམ་པོར་གྱུར་པའི་གནོད་བྱེད་ཀྱི་དོན་གནོད་བྱ་དང་ཕྲད་པའི་དབང་གིས་གནོད་བྱ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བྱེད་པ་མ་ཡིན་ཏེ། སྣང་མུན་ལྟ་བུ་བེམ་པོ་ལྷན་ཅིག་མི་གནས་འགལ་ཡིན་ན་ཡང་ཕྲད་པ་མི་སྲིད་པའི་ཕྱིར་ཏེ། སྣང་བ་སྐྱེས་པ་ན་མུན་པ་འགགས་པའི་ཕྱིར། དེས་ན་གནོད་བྱ་དང་ཕྲད་ན་གནོད་བྱ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བྱེད་པ་དེ་བེམ་པོར་གྱུར་པའི་གནོད་བྱེད་དོན་ཡིན་ནོ་ཞེ་ན། འོ་ན་ཚ་གྲང་ཕྲད་པ་མི་སྲིད་པར་ཐལ། ཚ་རེག་ཡོད་པའི་གོ་སར་གྲང་རེག་ཡོད་པ་མི་སྲིད་པའི་ཕྱིར། གལ་ཏེ་ཚ་གྲང་ཕྲད་པ་སྲིད་དེ། ཚ་གྲང་ཡུལ་འདབ་འབྱར་དུ་ཡོད་པ་སྲིད་པའི་ཕྱིར་ཞེ་ན། འོ་ན་སྣང་མུན་ཕྲད་པ་སྲིད་


DLL1004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། སྣང་མུན་ཡུལ་འདབ་འབྱར་དུ་ཡོད་པ་སྲིད་པའི་ཕྱིར། གཞན་ཡང་། དཔྱིད་ཀྱི་ཚ་རེག་དེས་དགུན་གྱི་གྲང་རེག་ལ་གནོད་པར་ཐལ། དེ་གཉིས་ཕྲད་ན་དགུན་གྱི་གྲང་རེག་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་བྱེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེས་སེམས་ཅན་གྱི་རྒྱུད་ཀྱི་བདག་འཛིན་ལ་དངོས་སུ་གནོད་པར་ཐལ་ལོ། །འདོད་ན། སེམས་ཅན་འབད་མེད་དུ་གྲོལ་བར་འགྱུར་རོ། །གལ་ཏེ་སངས་རྒྱས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་ཀྱིས་སེམས་ཅན་གྱི་རྒྱུད་ཀྱི་བདག་འཛིན་ལ་དངོས་སུ་གནོད་པར་ཐལ། ཁྱོད་དང་དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བ་གང་ཞིག །ཁྱོད་རྒྱབ་རྟེན་ཚད་མ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བས་འགལ་བ་ཡིན། ཞེས་དང་། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ནི་རྒྱུད་གཅིག་ལ་དགོངས་པའི་ཕྱིར་རོ། །ཁ་ཅིག །གནོད་བྱ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་དུ་སྐྱེད་པ་དེ་བེམ་པོར་གྱུར་པའི་གནོད་བྱེད་ཀྱི་དོན་ཡིན་ཟེར་བ་མི་འཐད་དེ། སྣང་བ་ཆོས་ཅན། མུན་པ་ལ་གནོད་བྱེད་མ་ཡིན་པར་ཐལ། ཁྱོད་མུན་པ་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་མེད་སྐྱེད་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་སྐྱེས་པ་ན་མུན་པ་འགགས་པའི་ཕྱིར། གཉིས་པ་ཕན་ཚུན་སྤང་འགལ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། འགལ་བའི་རྣམ་གཞག་དཔྱད་པའོ། །དང་པོ་ནི། ཕན་ཚུན་སྤང་འགལ་གྱི་མཚན་ཉིད། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ། སློབ་དཔོན་ཕྱཱ་བ་ན་རེ། ཆོས་མཆོག་གིས། འབྲས་བུ་གཅིག་ལ་ལྟོས་ཏེ་ནུས་པ་ཡོད་མེད་གཉིས་ཕན་ཚུན་སྤང་འགལ་གྱི་མཚན་ཉིད་དུ་འཇོག་པ་མི་འཐད་དེ། དོན་སྤྱི་དང་ཟླ་གཉིས་ལྟ་བུ་ཕན་


DLL1004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་སྤང་འགལ་ཡིན་པའི་ཕྱིར། ཟེར་བ་ནི་ཕྱོགས་སྔ་མའི་དགོངས་པ་མ་ལོངས་པ་ཡིན་ཏེ། ཆོས་མཆོག་གིས། འབྲས་བུ་གཅིག་ལ་ལྟོས་པ་ཡོད་མེད་གཉིས་རྟགས་སུ་བཀོད་ནས་བསལ་བ་ཐ་དད་པ་རྣམས་ཕན་ཚུན་སྤང་འགལ་དུ་སྒྲུབ་པ་ཡིན་གྱི། ཕན་ཚུན་སྤང་འགལ་ཡིན་ན་འགལ་ཟླ་གང་རུང་ཞིག་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པ་མིན་ནོ། །གཉིས་པ་ནི། དབྱེ་ན། རྟག་པ་དང་མི་རྟག་པ་ལྟ་བུ་དངོས་འགལ་དང་། རྟག་པ་དང་བྱས་པ་ལྟ་བུ་བརྒྱུད་འགལ་གཉིས་སོ། །དེ་ཡང་སྒྲ་མི་རྟག་པར་ཡོངས་གཅོད་ལ་གྲུབ་ན་སྒྲ་རྟག་པ་རྣམ་བཅད་ལ་ཁེགས་ཀྱང་། དེ་ཙམ་གྱིས་རྟག་མི་རྟག་གཉིས་གཞི་མཐུན་ཁེགས་ཀྱང་དངོས་འགལ་དུ་ངེས་མི་ནུས་ཏེ། དཔེར་ན་ཨུཏྤལའི་ཁ་དོག་སྔོན་པོ་ཡིན་པ་ཡོངས་གཅོད་ལ་གྲུབ་པས་སེར་པོ་ཡིན་པ་རྣམ་བཅད་ལ་ཁེགས་ཀྱང་དེ་ཙམ་གྱིས་སྔོ་སེར་དངོས་འགལ་དུ་ངེས་མི་ནུས་པ་བཞིན་ནོ། །གསུམ་པ་ནི། གཅིག་གི་མཚན་ཉིད་ཞུགས་སར་ཅིག་ཤོས་ཀྱི་མཚན་ཉིད་མ་ཞུགས། ཅིག་ཤོས་ཀྱི་མཚན་ཉིད་ཞུགས་སར་གཅིག་གི་མཚན་ཉིད་ཞུགས་པ་ནི་ཕན་ཚུན་སྤང་འགལ་ཏེ། དཔེར་ན་རྟག་པའི་མཚན་ཉིད་ཞུགས་སར་མི་རྟག་པ་མ་ཞུགས། མི་རྟག་པའི་མཚན་ཉིད་ཞུགས་སར་རྟག་པ་མ་ཞུགས་པས་རྟག་མི་རྟག་ཕན་ཚུན་སྤང་འགལ་ཡིན་པ་བཞིན་ནོ། །དེ་ཡང་། དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས། རྟག་མི་རྟག་འགལ་བར་ངེས་དགོས་ཏེ། སྒྲའི་སྟེང་དུ་རྟག་པ་དམིགས་བྱེད་ཀྱི་ཚད་མ་མ་ཁེགས་ན་སྒྲ་རྟག་པ་མི་ཁེགས་ཤིང་སྒྲ་མི་རྟག་པར་རྟོགས་མི་ནུས་པའི་ཕྱིར། དེས་ན་འགལ་བ་གཉིས་ཀ་ཡང་སྣང་རུང་མ་དམིགས་པ་ལས་འགལ་བར་ངེས་དགོས་པ་ཡིན་ནོ། །གལ་ཏེ་ཚ་གྲང་ཕན་ཚུན་སྤང་འགལ་ཡིན་པར་ཐལ། དེ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་


DLL1004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་མི་མཐུན་པར་གནས་པ་ཡིན་པའི་ཕྱིར་ཏེ། གཞི་དེ་ཚ་རེག་ཡིན་པར་ཡོངས་གཅོད་ལ་གྲུབ་ན། གྲང་རེག་ཡིན་པར་རྣམ་བཅད་ལ་ཁེགས་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར། གྲང་རེག་སྟོབས་ཆེན་མེད་པར་སྒྲུབ་པའི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པ་གང་ཞིག་མེ་སྟོབས་ཆེན་པོ་དང་གྲང་རེག་སྟོབས་ཆེན་པོ་གཉིས་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར་ཞེ་ན། འོ་ན་མེ་མེད་དེ་མེ་མེད་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་གང་ཞིག །མེ་དེ་དུ་བའི་ཁྱབ་བྱེད་ཡིན་པའི་ཕྱིར། ཁྱབ་བསལ་ཁས་སོ། །གསུམ་པ་ནི། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤང་འགལ་རྟོགས་པ་ལ་དགོས་པ་ཡོད་དེ། །ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་གཏན་ལ་ཕབ་པའི་དོན་རྟགས་ཀྱིས་སྒྲུབ་པའི་ཚེ་རྟགས་དགག་བྱའི་ཆོས་དང་འགལ་བ་དང་། རྗེས་དཔག་གིས་སྒྲོ་འདོགས་ལ་གནོད་ཚུལ་དང་། ལམ་གྱི་གནས་སྐབས་སུ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་ས་བོན་ལ་གནོད་ཚུལ་ལ་སོགས་པ་འགལ་བའི་རྣམ་གཞག་རྟོགས་པ་ལ་རག་ལས་པས་འགལ་བ་གཉིས་ཀྱི་རྣམ་གཞག་ལ་མཁས་པར་བྱའོ། །གཉིས་པ་གྲངས་ངེས་ལ་དྭོགས་པ་གཅད་པ་ནི། གལ་ཏེ་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་པ་མི་འཐད་དེ། སྒྲུབ་རྟགས་ལ་འབྲས་རང་གི་རྟགས་གཉིས་སུ་འབྱེད་ན། དགག་རྟགས་ལ་ཡང་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་རྟགས་གཉིས་སུ་ཕྱེ་བས་རྟགས་ཡང་དག་ལ་བཞིར་


DLL1004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ངེས་པར་འགྱུར་ལ། འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་རྟགས་གཉིས་དགག་རྟགས་ཞེས་གཅིག་ཏུ་སྡུད་ན། འབྲས་རང་གི་རྟགས་གཉིས་པོའང་སྒྲུབ་རྟགས་ཞེས་གཅིག་ཏུ་བསྡུས་ནས་རྟགས་ཡང་དག་གཉིས་སུ་གྲངས་ངེས་པར་འགྱུར་བའི་ཕྱིར་ཞེ་ན། འདིའི་ལན་ལ་ཁ་ཅིག །དགག་རྟགས་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་མེད་དགག་ཡིན་ལ། མེད་དགག་ལ་དབྱེ་བ་མེད་པས་རྟགས་ཡང་དག་གི་གྲངས་ངེས་བྱེད་པའི་ཚེ་དགག་རྟགས་ལ་གཉིས་སུ་མ་ཕྱེ་བ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། མེད་དགག་གི་ངོ་བོ་ལ་དབྱེ་བ་མེད་དུ་ཆུག་ཀྱང་དགག་གཞིའི་སྒོ་ནས་དབྱེ་བ་བྱར་རུང་བའི་ཕྱིར། ཡང་ཁ་ཅིག །སྒྲུབ་རྟགས་ལ་དེ་བྱུང་འབྲེལ་བ་ལ་བརྟེན་པ་དང་བདག་གཅིག་འབྲེལ་བ་ལ་བརྟེན་པ་གཉིས་ཡོད་ལ། དགག་རྟགས་ལ་དེ་བྱུང་འབྲེལ་པ་ལ་བརྟེན་པ་དང་བདག་གཅིག་འབྲེལ་པ་ལ་བརྟེན་པ་གཉིས་མེད་པ་ཡིན་ནོ་ཞེ་ན། མི་འཐད་དེ། དགག་རྟགས་ལ་ཡང་དེ་བྱུང་འབྲེལ་བ་ལ་བརྟེན་པ་དང་། བདག་གཅིག་འབྲེལ་པ་ལ་བརྟེན་པ་གཉིས་ཡོད་པའི་ཕྱིར། དེ་བྱུང་འབྲེལ་པ་ལ་བརྟེན་པ་ཇི་ལྟར་ཡོད་ཅེ་ན། མེ་མེད་ཀྱི་རྟགས་ཀྱི་མེ་མེད་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་རྟགས་དེ་བྱུང་འབྲེལ་པ་ལ་བརྟེན་པ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་འབྲེལ་བ་གྲུབ་པ་མེ་དུ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ལ་བརྟེན་ནས་འགྲུབ་དགོས་པའི་ཕྱིར། རང་ལུགས་ལ་རྟགས་ཡང་དག་ལ་བསྡུ་ན་དགག་རྟགས་དང་སྒྲུབ་རྟགས་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞལ་བྱ་ལྐོག་གྱུར་ལ་དགག་པ་དང་སྒྲུབ་པ་གཉིས་སུ་ངེས་ལ། དགག་པ་དངོས་སུ་སྒྲུབ་པའི་རྟགས་དེ་དགག་རྟགས་དང་སྒྲུབ་པ་དངོས་སུ་སྒྲུབ་པའི་རྟགས་དེ་སྒྲུབ་རྟགས་ཡིན་པའི་ཕྱིར། སྒྲུབ་རྟགས་ལ་རང་གི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་


DLL1004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བདག་གཅིག་ཏུ་འབྲེལ་པ་གཉིས་ཡོད་པས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་པ་ཡིན་ནོ། །འོ་ན་རྟགས་ཡང་དག་གི་གྲངས་ངེས་བྱེད་པའི་ཚེ་སྒྲུབ་རྟགས་ལ་འབྲས་རང་གི་རྟགས་གཉིས་སུ་ཕྱེ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། རྟགས་ཡང་དག་ཡིན་ན་རང་གི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་པ་དང་བདག་གཅིག་ཏུ་འབྲེལ་པ་གང་རུང་གི་སྒོ་ནས་རང་གི་བསྒྲུབ་བྱའི་ཆོས་ལ་མི་བསླུ་བ་ཞིག་དགོས་པར་རྟོགས་པའི་ཆེད་ཡིན་པའིཕྱིར། དེ་ལྟར་རྟོགས་པ་ལའང་དགོས་པ་ཡོད་དེ། ལྡན་འདུའི་འབྲེལ་པ་ལ་བརྟེན་པའི་རྟགས་རྣམས་རྟགས་ཡང་དག་མ་ཡིན་པ་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། སྒྲུབ་རྟགས་ཡང་དག་དང་། དགག་རྟགས་ཡང་དག་གཉིས། མཚན་ཉིད་རིམ་པ་བཞིན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲུབ་པ་ཡིན་པ་དང་། གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པ། དབྱེ་བ་ནི་སྔར་བཤད་ཟིན་ཏོ། །གསུམ་པ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་བ་ལ་གཉིས། གང་གི་སྒོ་ནས་དབྱེ་བ་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཁ་ཅིག །རྟགས་ཡང་དག་ལ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིད་ཆེས་པའི་རྟགས་ཡང་དག་གྲགས་པའི་རྟགས་ཡང་དག་གསུམ་དུ་ཕྱེ་བའི་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མའི་སྒོ་ནས་དབྱེ་བ་ཡིན་ཏེ། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་རྟགས་དེ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་དང་། ཚུལ་གསུམ་ཡིད་ཆེས་པའི་ཚད་མས་གྲུབ་པའི་རྟགས་དེ་ཡིད་ཆེས་པའི་རྟགས་ཡང་དག་དང་། ཚུལ་གསུམ་གྲགས་པའི་ཚད་མས་གྲུབ་པའི་


DLL1004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དེ་གྲགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་གསུམ་མཐར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་དགོས་པའི་ཕྱིར་རོ། །རང་ལུགས་ལ། རྟགས་གསུམ་པོ་འདི་བསྒྲུབ་བྱའི་སྒོ་ནས་དབྱེ་བ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དང་། ཡིད་ཆེས་པའི་རྗེས་དཔག་དང་། གྲགས་པའི་རྗེས་དཔག་གསུམ་པོ་འདི་ཡུལ་གྱི་སྒོ་ནས་ཕྱེ་བ་ཡིན་པའི་ཕྱིར། དེ་སྐད་དུའང་། དེས་ན་གནོད་ཕྱིར་རྗེས་དཔག་ལས། ཁས་བླངས་ཕྱི་རོལ་གྱུར་མིན་ཡང་། །ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །ཞེས་དང་། །དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང་། །ཐ་དད་བྱས་ཡིན་སྔ་མ་བཞིན། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་ལས། །དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོའི་སྟོབས་ཀྱིས་གྲུབ་པ། །དེ་ཡང་སྔར་བཤད་པའི་འབྲས་རང་མ་དམིགས་པའི་རྟགས་རྣམས་ཡིན་ནོ། ། ༤༣༽ ཡིད་ཆེས་ཀྱི་རྟགས་བཤད་པ། གཉིས་པ་ཡིད་ཆེས་པའི་རྟགས་ཡང་དག་ལ། དགག་གཞག་སྤང་གསུམ་མོ། །དང་པོ་ལ་གསུམ། ཡིད་ཆེས་པའི་རྗེས་དཔག་ཚད་མ་མ་ཡིན་པར་འདོད་པ་དགག །ཚད་མར་འདོད་ཀྱང་ཕྱོགས་གཞན་དུ་འདོད་པ་དགག །བདེན་བཞི་ཤིན་ཏུ་ལྐོག་གྱུར་ཡིན་པ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཡིད་ཆེས་རྗེས་དཔག་ཚད་མ་མ་ཡིན་ཏེ། ལུང་དེ་རང་གི་བརྗོད་བྱའི་དོན་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེ་སྐད་དུའང་། རང་འགྲེལ་ལས། རྗེས་སུ་དཔག་པ་ཡང་ཉེས་པ་མེད་པ་མིན་ཏེ། སྒྲ་རྣམས་དོན་དགག་ལ་མེད་ན་མི་འབྱུང་བ་མིན་ནོ། །ཞེས་གསུངས་སོ་ཞེ་ན། འོ་ན་མངོན་མཐོ་སྒྲུབ་བྱེད་ཀྱི་ཐབས་མེད་


DLL1004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། ད་ལྟ་ཚུལ་ཁྲིམས་བསྲུངས་པ་ལས་མ་འོངས་པ་ན་མཐོ་རིས་སུ་སྐྱེ་བ་ཚད་མས་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ངེས་ལེགས་སྒྲུབ་བྱེད་ཀྱི་ཐབས་ཡོད་པའི་ཕྱིར། དེ་སྐད་དུའང་། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཉིད། །ཅེས་གསུངས་སོ། །གསུང་རབ་ལས་བསྟན་པའི་རྗེས་སུ་རྟོག་ལྡན་འབྲང་བ་མི་རིགས་པར་ཐལ། ཤིན་ཏུ་ལྐོག་གྱུར་སྟོན་པའི་གསུང་རབ་ཀྱི་དོན་ཚད་མས་མ་གྲུབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་ལྐོག་གྱུར་རྟོགས་པའི་ཐབས་མེད་པར་ཐལ། ཤིན་ཏུ་ལྐོག་གྱུར་ལུང་རིགས་གང་གིས་ཀྱང་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གཞལ་བྱའི་གནས་དང་པོ་གཉིས་རྟོགས་པའི་ཐབས་ཡོད་པའི་ཕྱིར། ཁྱབ་སྟེ། འདི་ནི་ཁས་ལེན་ཐབས་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །ལས་འབྲས་ཤིན་ཏུ་ཕྲ་བ་སྟོན་པའི་གསུང་རབ་ལ་ཐོས་བསམ་བྱས་པས་ཡིད་ཆེས་ཀྱི་དད་པ་ཐོབ་པ་མེད་པར་ཐལ།ཡིད་ཆེས་རྗེས་དཔག་དེ་ཚད་མ་མ་ཡིན་པའི་ཕྱིར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་མིན་པར་ཐལ། རྟགས་འདྲ། འདོད་མི་ནུས་ཏེ། དེ་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། གཉིས་པ་ནི། ཁ་ཅིག །ཡིད་ཆེས་རྗེས་དཔག་དེ་ཚད་མ་ཡིན་ལ་དེའི་རྟེན་གཏན་ཚིགས་ནི། དཀར་ཆོས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་སྟེ། སྤྱད་པ་ལས་བདེ་བ་འབྱུང་བར་བཅོམ་ལྡན་འདས་ཀྱི་ལུང་ལས་གསུངས་པའི་ཕྱིར། ཞེས་པ་ལྟ་བུ་ཞེ་ན། ཤེས་བྱ་ཆོས་ཅན། བཅོམ་ལྡན་འདས་ཀྱི་ལུང་ཡིན་ན་སྒྲ་ཇི་བཞིན་པས་ཁྱབ་པར་ཐལ། སྤྱད་པ་ལས་བདེ་བ་འབྱུང་བར་བཅོམ་ལྡན་འདས་ཀྱི་ལུང་ལས་གསུངས་ན་སྤྱད་པས་བདེ་བ་འབྱུང་བས་ཁྱབ་པའི་ཕྱིར། འོན་ཏེ། སྤྱད་པ་ལས།


DLL1004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་འབྱུང་སྟེ། སྤྱད་པ་ལས་བདེ་བ་འབྱུང་བར་བཅོམ་ལྡན་འདས་ཀྱི་ལུང་རྣམ་དག་ལས་དོན་མཐུན་དུ་གསུངས་པའི་ཕྱིར་ཞེས་འགོད་དོ་ཞེ་ན། སྤྱད་པ་ལས་བདེ་བ་འབྱུང་བར་བཅོམ་ལྡན་འདས་ཀྱི་ལུང་རྣམ་དག་ལས་དོན་མཐུན་དུ་གསུངས་པ་ཆོས་ཅན། དཀར་ཆོས་སྤྱད་པ་ལ་བདེ་བ་འབྱུང་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དཀར་ཆོས་དེ་ཁྱོད་ཡིན་པར་ངེས་ནས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་མི་འབྱུང་ཐེ་ཚོམ་ཟ་བའི་གང་ཟག་མ་གྲུབ་པའི་ཕྱིར་ཏེ། དཀར་ཆོས་དེ་ཁྱོད་ཡིན་པར་ངེས་ན་དཀར་ཆོས་དེ་སྤྱད་པ་ལས་བདེ་བ་འབྱུང་བར་ངེས་དགོས་པའི་ཕྱིར། གཞན་ཡང་། སྤྱད་པ་ལས་བདེ་བ་འབྱུང་བར་གསུངས་པ་དེ་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དཀར་ཆོས་སུ་ངེས་ནས་སྤྱད་པ་ལས་བདེ་བ་འབྱུང་མི་འབྱུང་ཐེ་ཚོམ་ཟ་བའི་གང་ཟག་མ་གྲུབ་པའི་ཕྱིར་ཏེ། དཀར་ཆོས་སུ་ངེས་ན་སྤྱད་པ་ལས་བདེ་བ་འབྱུང་བར་ངེས་དགོས་པའི་ཕྱིར་ཏེ། སྤྱད་པ་ལས་བདེ་བ་འབྱུང་བ་དེ་དཀར་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག །ལུང་རྣམ་དག་ཡིན་ན་དཔྱད་པ་གསུམ་གྱིས་དག་མ་དག་མ་བརྟགས་པར་ཡང་རྟོགས་ལྡན་གྱིས་ཁས་བླང་བར་བྱ་བ་ཡིན་ནོ་ཞེ་ན། འོ་ན་རྟོགས་ལྡན་གྱིས་ལུང་དཔྱད་པ་གསུམ་གྱིས་དག་མ་དག་བརྟགས་ནས་ལུང་ཁས་བླང་བར་རིགས་པ་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ལྟར་ཡུལ་གཉིས་རྣམ་དག་ནས། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་ཞེས་དང་། རྣམ་ངེས་ལས་ཁས་བླངས་ནས་བརྟག་པ་འཇུག་པ་ནི་མིན་གྱི་འོན་ཀྱང་བརྟགས་ནས་ཁས་ལེན་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ནི། འཕགས་པའི་བདེན་པ་བཞི་ཤིན་ཏུ་ལྐོག་གྱུར་ཡིན་ཏེ། ཀུན་འབྱུང་བདེན་པ་ལས་སྡུག་བསྔལ་བདེན་པ་


DLL1004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། སྦྱིན་པ་བཏང་པ་ལས་ལོངས་སྤྱོད་འབྱུང་བ་དང་། སྲོག་བཅད་པ་ལས་སྡུག་བསྔལ་འབྱུང་བ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཞེ་ན། དེ་ནི་མི་འཐད་དེ། རང་འགྲེལ་ལས། ལུང་ལ་ལྟོས་པ་མེད་པའི་རྗེས་སུ་དཔག་པའི་ཡུལ་དུ་འདོད་པ་དག་ལ་དེ་བཞིན་དུ་འགྱུར་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་དག་ལྟ་བུའོ། །ཞེས་འཕགས་པའི་བདེན་པ་བཞི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མའི་ཡུལ་དུ་གསུངས་པའི་ཕྱིར་རོ། །ཁ་ཅིག །ཡིད་ཆེས་པའི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་བྱས་ནས་དཔེར་བརྗོད་རིམ་པ་བཞིན། བཀའ་རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། རང་རྒྱུ་མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། རྗོད་པ་རྣམ་དག་ཡིན་པའི་ཕྱིར་ཞེས་དང་། དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་དང་། རྫོགས་པའི་སངས་རྒྱས་ཆོས་ཅན། སྒྲིབ་པ་སྤངས་པ་ཡིན་ཏེ། དེའི་རྒྱུ་བདག་འཛིན་སྤངས་པའི་ཕྱིར། ཞེས་པ་ལྟ་བུའོ་ཞེ་ན། དེ་ཡང་མི་འཐད་དེ། རྟགས་གསུམ་པོ་དེའི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ་གཉིས། མཚན་ཉིད་དང་། མཚན་གཞིའི་དབྱེ་བའོ། །དང་པོ་ནི། ཡིད་ཆེས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པ། གཉིས་པ་ནི། ཡིད་ཆེས་པའི་རྟགས་ཡང་དག་ལ་དབྱེ་ན་གསུམ་ལས། ཡིད་ཆེས་པའི་རང་བཞིན་གྱི་རྟགས་ཡང་དག་ལ། རྟགས་དགོད་པ་དང་། ཚུལ་བསྒྲུབ་པ་གཉིས། དང་པོ་ནི། གང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བས་ཁྱབ། དཔེར་ན་བདེན་བཞི་སྟོན་པའི་གསུང་རབ་བཞིན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་


DLL1004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུང་འདི་ཡང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ནོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བའི་རང་གཞུང་གང་ཞིག །དབུ་མ་རིན་ཆེན་ཕྲེང་བ་དེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར་ཏེ། དེ་ལས་མཐོང་བ་མངོན་འགྱུར་བསྟན་པ་ལ་མངོན་སུམ་ཚད་མས་གནོད་པ་མེད་པར་མངོན་སུམ་ཚད་མས་གྲུབ། མཐོང་བ་ལྐོག་གྱུར་བསྟན་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་གནོད་པ་མེད་པར་དེས་གྲུབ། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་བསྟན་པ་ལ། ཁས་བླངས་སྔ་ཕྱི་འགལ་བ་དང་རང་ཚིག་དངོས་ཤུགས་འགལ་བས་གནོད་པ་མེད་པའི་ཕྱིར་རོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ན་རང་གི་བསྟན་བྱའི་དོན་ལ་མི་བསླུ་བས་ཁྱབ་སྟེ། རང་གི་བསྟན་བྱའི་དོན་ལ་བསླུ་ན་དཔྱད་པ་གསུམ་པོ་གང་རུང་གིས་མ་དག་དགོས་པའི་ཕྱིར་རོ། །ཡིད་ཆེས་པའི་འབྲས་རྟགས་ཡང་དག་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། རང་གི་བརྗོད་བྱ་རྟོགས་པའི་བློ་སྔོན་དུ་སོང་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཡིད་ཆེས་པའི་མ་དམིགས་པའི་རྟགས་ཡང་དག་ནི། དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་བསླུ་བ་མ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་རྩོད་པ་སྤང་བ་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་ཆོས་ཅན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིན་པར་


DLL1004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ཁྱོད་ཀྱི་རྟགས་ཀྱི་དེ་ལྟར་སྒྲུབ་པའི་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ཀྱང་། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་རོ། །གལ་ཏེ་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བ་དེ་ཡིད་ཆེས་རྗེས་དཔག་གིས་བསལ་བ་མ་ཡིན་པར་ཐལ། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་འབྱུང་བ་དེ་ཡིད་ཆེས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མ་འོངས་པ་ན་ཆོས། །བདེ་བ་མི་འགྲུབ་ཅེས་པ་ཡིན། །ཞེས་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བ་དེ་ཡིད་ཆེས་བསལ་བར་བཤད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཡིད་ཆེས་བསལ་བ་ལས་ཁས་བླངས་སྔ་ཕྱི་འགལ་བའི་དོན་དང་མི་འགལ་བའི་དོན་གཉིས་ལས་ཕྱི་མ་ཡིད་ཆེས་རྗེས་དཔག་གིས་བསལ་བ་ཡིན་པའི་ཕྱིར་རོ། །ཡང་དཔྱད་པ་གསུམ་གྱིས་དག་པའི་ལུང་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། རང་འགྲེལ་ལས། རྗེས་སུ་དཔག་པ་ཡང་ཉེས་པ་མེད་པ་མིན་ཏེ། ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུང་ཙམ་རང་གི་བརྗོད་བྱའི་དོན་དང་འབྲེལ་མེད་དུ་བསྟན་པ་ཡིན་གྱི། དཔྱད་པ་གསུམ་གྱིས་དག་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དང་འབྲེལ་མེད་དུ་བསྟན་པ་མ་ཡིན་པའི་ཕྱིར་རོ། །ཡང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཆོས་ཅན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཤིན་ཏུ་ལྐོག་གྱུར་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་གྲུབ་པས། སྦྱིན་པ་བཏང་བ་ལས་


DLL1004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་འབྱུང་བར་ཚད་མས་གྲུབ་མི་དགོས་པའི་ཕྱིར། རྟགས་མ་གྲུབ་ན། ཕ་མ་བསད་པ་ལས་འཁོར་བ་ལས་གྲོལ་བ་ཐོབ་པར་ཐལ། ཕ་དང་མ་ནི་བསད་བྱ་ཞིང་། ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བའི་ཕྱིར་ཞེ་ན་མི་མཚུངས་ཏེ། སྦྱིན་པ་བཏང་བ་ལས་ལོངས་སྤྱད་འབྱུང་བ་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་བརྗོད་བྱའི་གཙོ་བོ་ཡིན་ལ། ཕ་མ་བསད་པ་ལས་འཁོར་བ་ལས་གྲོལ་བ་དེ། ཕ་དང་མ་ནི་བསད་བྱ་ཞིང་། ཞེས་པའི་ལུང་གི་དོན་མ་ཡིན་པའི་ཕྱིར་རོ། །གསུམ་པ་གྲགས་རྟགས་ལ་གཉིས་གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །གྲགས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གྲགས་པའི་སྟོབས་ཀྱིས་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་གསུམ་མཐར་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་དགོས་པའི་ཕྱིར་ཏེ། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་གསུམ་གྱི་མཐར་མངོན་སུམ་གྱིས་གྲུབ་དགོས་པའི་ཕྱིར། དེ་ལྟར་མ་ཡིན་པར་གྲགས་རྟགས་ཡང་དག་གི་ཚུལ་གསུམ་གྲགས་པ་ཙམ་གྱིས་གྲུབ་དགོས་ན་ཚུལ་གསུམ་པོ་དེ་སྒྲུབ་བྱེད་ཀྱི་རྟགས་ཀྱང་གྲགས་པས་གྲུབ་དགོས་པས་ཐུག་མེད་དུ་འགྱུར་རོ། །ཁ་ཅིག །གྲགས་རྟགས་ཡང་དག་ལ་འདོད་རྒྱལ་གྱི་གྲགས་རྟགས་དང་། རྒྱུ་མཚན་ཅན་གྱི་གྲགས་རྟགས་གཉིས་ལས། དང་པོ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། ད་ཏྲིག་ཆོས་ཅན། ཤིང་སྒྲས་བརྗོད་དུ་རུང་སྟེ། ཡལ་ག་ལོ་འདབ་དང་ལྡན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། བསྒྲུབ་བྱའི་ཆོས་ལ་འདོད་རྒྱལ་གྱི་གྲགས་པ་དང་། རྒྱུ་མཚན་ཅན་གྱི་གྲགས་པ་གཉིས་ཡོད་པའི་ཕྱིར་རོ། །གཉིས་པོ་ཡང་། དེས་


DLL1004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་དམ་སྒྲ་རྣམས་ཀྱི་ནི་དོན། །དོན་དམ་པ་ཉིད་འགོག་པ་ལ། །གནོད་པ་མེད་པར་བསྟན་པ་ཡིན། ཞེས་པས་བསྟན་པ་ཡིན་ལ། འདོད་རྒྱལ་བའི་གྲགས་པ་ནི་དོན་ཐམས་ཅད་འཇུག་ཏུ་རུང་སྟེ། འདོད་པས། འཇུག་ཅིང་འདོད་པ་དོན་ཐམས་ཅད་ལ་འཇུག་ཏུ་རུང་བའི་ཕྱིར། རྒྱུ་མཚན་ཅན་གྱི་གྲགས་པ་ནི། རྒྱུ་མཚན་ཡོད་པར་འཇུག་གི་རྒྱུ་མཚན་མེད་པར་མི་འཇུག་སྟེ། དཔེར་ན་ཤིང་ཞེས་པའི་སྒྲ་ཡལ་ག་ལོ་འདབ་དང་ལྡན་པ་ལ་བརྡ་སྦྱར་རྗེས་སུ་ཤིང་ཁོ་ན་ལ་འཇུག་གི་གཞན་ལ་འཇུག་ཏུ་མི་རུང་བ་བཞིན་ནོ། །ཞེས་ཟེར་བ་མི་འཐད་དེ། བྱས་དང་མ་བྱས་པ་རྣམས་སུ། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང་། །ཞེས་པའི་རིགས་པས་གནོད་པའི་ཕྱིར་རོ། །ཁ་ཅིག །ཡལ་ག་ལོ་འདབ་དང་ལྡན་པ་དེ་ད་ཏྲིག་ཤིང་ཡིན་པར་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་གང་ཞིག །ད་ཏྲིག་ཤིང་མ་ཡིན་པ་ལ་གྲགས་པས་གནོད་པའི་ཕྱིར་ཏེ། དེ་བཞིན་ད་ཏྲིག་ཤིང་མིན་ཞེས། །རྗོད་པ་ལ་ཡང་གནོད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན། ད་ཏྲིག་ཤིང་མ་ཡིན་པ་ལ་གྲགས་པས་གནོད་ན། སྒྲ་མཉན་བྱ་མ་ཡིན་པ་ལ་ཡང་གྲགས་པས་གནོད་པར་འགྱུར་ལ། དེ་ལྟར་ན་མངོན་སུམ་དང་གྲགས་པའི་གནོད་ཡུལ་ཐ་དད་དུ་བསྟན་པ་དང་འགལ་ལོ། །དེ་བཞིན་ད་ཏྲིག་ཤིང་མིན་ཞེས། །ཞེས་སོགས་ཀྱི་དོན་ནི། ད་ཏྲིག་ཤིང་སྒྲས་བརྗོད་རུང་མ་ཡིན་པ་ལ་གྲགས་པས་གནོད་པའི་དོན་ནོ། །ཁ་ཅིག་ན་རེ། རྟོག་ཡུལ་ན་ཡོད་པ་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཀྱང་། རང་བཞིན་གྱི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་དངོས་མེད་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་རྟོག་ཡུལ་ན་ཡོད་པ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་


DLL1004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཀྱང་མ་ཡིན། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཀྱང་མ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །འདོད་པ་དེའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཟླ་བའི་སྒྲས་བརྗོད་རུང་ཆོས་ཅན། དགག་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་ཡིན་པར་ཐལ་ལོ། །འདོད་ན། དགག་བྱ་གང་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན། ཟླ་བའི་སྒྲས་བརྗོད་མི་རུང་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་ཡིན་ནོ་ཞེ་ན། འོ་ན་བུམ་པ་དེ་ཡང་བུམ་པ་མ་ཡིན་པ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་ཡིན་པར་ཐལ། ཟླ་བའི་སྒྲས་བརྗོད་རུང་དེ་ཟླ་བའི་སྒྲས་བརྗོད་མི་རུང་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དགག་པ་ཡིན་པར་ཐལ། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་ཡིན་པའི་ཕྱིར། འདོད་ན། ཁྱོད་དངོས་སུ་འཇལ་བའི་རྟོག་པ་དེ་དགག་རྟོག་ཡིན་པར་ཐལ་ལོ། །འོན་ཏེ་ཟླ་བའི་སྒྲས་བརྗོད་རུང་ཆོས་ཅན། དགག་པ་ཡིན་ཏེ། དངོས་མེད་ཡིན་པའི་ཕྱིར་ཞེ་ན། སྒྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ལ་གཉིས། མཚན་ཉིད་དང་། །མཚན་གཞིའོ། །དང་པོ་ནི་གྲགས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་བརྡའི་དབང་གིས་བཞག་པ། གཉིས་པ་ལ་གསུམ། རྟགས་དགོད། ཚུལ་བསྒྲུབ། བསྒྲུབ་བྱ་བརྡའི་དབང་གིས་བཞག་པའི་ཚུལ་ལོ། །དང་པོ་ནི་རྟོག་ཡུལ་ན་ཡོད་ན་ཟླ་བའི་སྒྲས་བརྗོད་རུང་ཡིན་པས་ཁྱབ། དཔེར་ན། ག་བུར་དང་དངུལ་ཆུ་བཞིན།


DLL1004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོང་ཅན་འདི་ཡང་རྟོག་ཡུལ་ན་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། རི་བོང་ཅན་རྟོག་ཡུལ་ན་ཡོད་པ་དེ་རང་རིག་མངོན་སུམ་གྱིས་གྲུབ་སྟེ། རི་བོང་ཅན་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཏེ། དེས་རི་བོང་ཅན་འཛིན་པའི་རྟོག་པ་དེ་རི་བོང་ཅན་འཛིན་བྱེད་དུ་དངོས་སུ་གཞལ་སྟོབས་ཀྱིས། རི་བོང་ཅན་དེ་རྟོག་པ་དེའི་གཟུང་བྱར་ཤུགས་ལ་གཞལ་བའི་ཕྱིར། གཉིས་པ་ནི་ཡུལ་ལ་འདོད་པའི་དབང་གིས་འཇུག་ན་དོན་ཐམས་ཅད་ལ་འཇུག་རུང་ཡིན་པས་ཁྱབ། དཔེར་ན་རྣམ་རྟོག་རང་དགའ་བ་བཞིན། ཟླ་བ་ཞེས་པའི་སྒྲ་འདི་ཡང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་ནོ། །ཞེས་པའི་རྟགས་ལ་བརྟེན་ནས་རྟོག་ཡུལ་ན་ཡོད་ན་ཟླ་བའི་སྒྲས་བརྗོད་རུང་ཡིན་པས་ཁྱབ་པ་འགྲུབ་ལ། དེའི་ཚུལ་གསུམ་ཡང་རང་རིག་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །གསུམ་པ་ནི། གྲགས་རྟགས་ཡང་དག་དང་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པར་མཚུངས་ན་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། བསྒྲུབ་བྱ་དངོས་པོའི་སྟོབས་ཀྱིས་གྲུབ་པའི་རྟགས་ནི་དངོས་སྟོབས་ཀྱི་རྟགས་དང་། བསྒྲུབ་བྱ་བརྡའི་དབང་གིས་བཞག་པའི་རྟགས་ནི་གྲགས་པའི་རྟགས་ཡིན་ཏེ། སློབ་དཔོན་ཆོས་མཆོག་གིས། གྲགས་པའི་ཡུལ་ནི་བརྡ་ལས་བྱུང་བའི་དོན་ཡིན་ལ། རྗེས་སུ་དཔག་པའི་ཡུལ་ནི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་དབྱེ་བའོ། །ཞེས་དང་། རྗེས་སུ་དཔག་པ་ནི་དངོས་པོ་ལ་འཇུག་པའི་ཕྱིར་དང་། གྲགས་པའི་རྟགས་ནི་སྒྲོ་བཏགས་པའི་རང་བཞིན་གྱི་དོན་ལ་འཇུག་པའི་ཕྱིར་དངོས་པོ་ལ་འཇུག་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་གཞི་གྲུབ་པ་ལ། དངོས་པོར་ཡོད་པ་དང་། རྟོག་པས་


DLL1004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པ་ལྟ་བུ་དང་། གཉིས་པ་ལ་དངོས་པོའི་སྟོབས་ཀྱིས་གྲུབ་པ་དང་། བརྡའི་དབང་གིས་བཞག་པ་གཉིས་ལས། དང་པོ་ནི། བྱས་མི་རྟག་གི་ཐ་དད་ལྟ་བ་སྟེ། དེ་རྟོག་པས་བཏགས་པ་ཡིན་ཏེ། དེ་གཉིས་བློ་ཁ་ཐ་དད་དུ་སྣང་ཞིང་། ཡུལ་རང་ངོས་ནས་ཐ་དད་དུ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་གཉིས་རྫས་དད་དུ་ཐལ་ལོ། །འདོད་ན། དེ་གཉིས་འབྲེལ་མེད་ཐ་དད་ཡིན་པར་ཐལ། རྫས་ཐ་དད་གང་ཞིག །དེ་བྱུང་དུ་མ་འབྲེལ་བའི་ཕྱིར། འོན་ཏེ་བྱས་མི་རྟག་གི་ཐ་དད་ཆོས་ཅན། མ་གྲུབ་པར་ཐལ། རྟོག་པས་བཏགས་པ་ཡིན་པའི་ཕྱིར། དཔེར་ན་ཐག་པ་ལ་སྦྲུལ་དུ་བཏགས་པ་བཞིན་ནོ་ཞེ་ན། མ་ཁྱབ་སྟེ། རྟོག་པས་བཏགས་པ་ཡིན་ཡང་གཞི་གྲུབ་པ་ལ་གནོད་བྱེད་མེད་པའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་སྟེ། བྱས་མི་རྟག་ཆོས་ཅན། ཐ་དད་དུ་མ་གྲུབ་པར་ཐལ། གཅིག་ཡིན་པའི་ཕྱིར་ཏེ། རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། འོ་ན་རྫས་གཅིག་དང་གཅིག་ལ་འབྲེལ་བ་གྲུབ་བམ་མ་གྲུབ། མ་གྲུབ་ན། རྫས་གཅིག་དེ་བྱས་མི་རྟག་གཅིག་ཏུ་སྒྲུབ་བྱེད་མིན་པར་འགྱུར་ལ་གྲུབ་ན་བྱས་མི་རྟག་ཀྱང་ཐ་དད་དུ་གྲུབ་པར་མཚུངས་པས། བྱས་མི་རྟག་ཐ་དད་ཡིན་པ་ལ་གནོད་བྱེད་མེད་པར་གྲུབ་བོ། །གཉིས་པ་བརྡའི་དབང་གི་བཞག་པ་ནི། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལྟ་བུ་སྟེ། དེ་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་གྱི་དངོས་པོའི་སྟོབས་ཞུགས་ཀྱིས་མ་གྲུབ་པའི་ཕྱིར་ཏེ། རི་བོང་ཅན་དངོས་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་མངོན་སུམ་དང་རྗེས་དཔག་གང་གིས་ཀྱང་མ་གྲུབ་པའི་ཕྱིར་ཏེ། སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །ཞེས་གསུངས་པའི་ཕྱིར་དང་། དེ་སྒྲུབ་པའི་རྟགས་ཡང་དག་མེད་པའི་ཕྱིར་ཏེ། ཡོད་པ་དེ་རི་བོང་ཅན་དངོས་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་


DLL1004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་རྗེས་སུ་མི་འགྲོ་བའི་ཐུན་མོང་མ་ཡིན་པ་གཏན་ཚིགས་ཡིན་པའི་ཕྱིར། དེ་སྐད་དུའང་། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །ཞེས་སོགས་དང་། ཞི་བ་འཚོས། ཟླ་བ་ཉིད་སྒྲུབ་གཏན་ཚིགས་ལ། །ཐུན་མོང་མིན་པ་ཉིད་འགྱུར་ཏེ། །གྲགས་པ་ལས་ནི་ཐ་དད་པའི། །དངོས་པོའི་ངོ་བོ་ལ་བསྟེན་པའོ། །ཞེས་གསུངས་སོ། །བཞི་པ་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ་ལ་གཉིས། དོན་སྒྲུབ་ཀྱི་རྟགས་ཡང་དག་དང་། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གོ །དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་མ་ཟིན་པ། གཉིས་པའི་མཚན་ཉིད། གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་གྲུབ་མ་ཟིན་པ། དེ་གཉིས་ཀའི་དཔེར་བརྗོད་ནི་མེ་མེད་མཚན་མོའི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་ཟིན་པ། དཔེར་ན་བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ན་རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་གཉིས་ནི་དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་གཉིས་ཀ་ཡིན་ལ། རང་བཞིན་མ་དམིགས་པའི་རྟགས་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་


DLL1004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱཀྱ་བློས། གཉིས་ཀའི་ཡང་ཞེས་བྱ་བ་ནི་དགག་པ་དང་དགག་པའི་ཐ་སྙད་ཀྱིའོ། །ཞེས་གསུངས་ཤིང་། དགག་པའི་ཡང་ཞེས་པའི་འགྲེལ་བཤད་དུ་ཤཱཀྱ་བློས། ཡང་ཞེས་བྱ་བ་ནི་དགག་པའི་ཐ་སྙད་སྒྲུབ་པའི་ཡང་ངོ་ཞེས་གསུངས་པའི་ཕྱིར། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་གཉིས་དོན་སྒྲུབ་དང་ཐ་སྙད་སྒྲུབ་པ་གཉིས་ཀ་ཡིན་གྱི། དེ་གཉིས་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། ཐ་སྙད་འབའ་ཞིག་སྒྲུབ་ན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པ་ལྟ་བུའི་རྟགས་བཀོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་རྣམ་ངེས་ལས། འབྲས་བུ་དང་ཁྱབ་བྱ་བལྟར་མི་རུང་བ་ལ་ནི་རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པས་དངོས་པོ་མེད་པ་དང་མེད་པའི་ཐ་སྙད་གོ་བར་བྱེད་ལ། འབྲས་བུ་དང་ཁྱབ་བྱ་བལྟར་རུང་བ་ལ་ནི་མེད་པའི་ཐ་སྙད་འབའ་ཞིག་ཏུ་ཟད་དེ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཡོད་ན་སྣང་དུ་མི་རུང་ན། རྒྱུ་མ་དམིགས་པའི་རྟགས་ཀྱིས་གཞི་དེར་དུ་མེད་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་ལ། དུ་བ་ཡོད་ན་སྣང་དུ་རུང་ན་རང་བཞིན་མ་དམིགས་པའི་རྟགས་ཀྱིས་གཞི་དེར་དུ་བ་མེད་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་དོན་ཡིན་པའི་ཕྱིར་རོ། །ཁ་ཅིག །རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་པའི་དོན། མེ་མེད་མཚན་མོའི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ་ཞེས་སྒྲུབ་པ་དོན་སྒྲུབ་ཀྱི་རྟགས་དང་། དུ་བ་མེད་པའི་ཐ་སྙད་བྱར་རུང་སྟེ། ཞེས་སྒྲུབ་ན་ཐ་སྙད་སྒྲུབ་ཀྱི་རྟགས་སུ་སྟོན་པ་ཡིན་གྱི། མེ་མེད་དེ། མེ་མེད་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་དོན་སྒྲུབ་དང་ཐ་སྙད་སྒྲུབ་པའི་རྟགས་གཉིས་ཀ་ཡིན་


DLL1004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པ་མ་ཡིན་ཏེ། མེ་མེད་དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡིན་ན་ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་པར་འགལ་བའི་ཕྱིར་ཏེ། མེ་མེད་དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡིན་ན་དེ་སྒྲུབ་ཀྱི་དགག་རྟགས་ཡིན་དགོས། མེ་མེད་དེ་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡིན་དགོས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། མེ་མེད་དེ་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་ན་ཡང་དེ་སྒྲུབ་ཀྱི་དགག་རྟགས་ཡིན་དགོས་པའི་ཕྱིར། ཁ་ཅིག །དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་གཉིས་འགལ་བ་ཡིན་ཏེ། དོན་དང་ཐ་སྙད་གཉིས་འགལ་བའི་ཕྱིར་ཏེ། མཚན་ཉིད་དང་མཚོན་བྱ་འགལ་བའི་ཕྱིར། རྩ་བར་མ་ཁྱབ་ན། དགག་པ་དང་སྒྲུབ་པ་འགལ་བའི་སྒོ་ནས་དགག་རྟགས་དང་སྒྲུབ་རྟགས་གཉིས་འགལ་བར་འཇོག་པ་མ་ཡིན་པར་ཐལ་ལོ། །འོ་ན་དེ་དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་གཉིས་མི་འགལ་ཏེ། མེ་མེད་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་ཕྱིར་ཞེ་ན། དགག་རྟགས་དང་སྒྲུབ་རྟགས་གཉིས་མི་འགལ་བར་ཐལ། བྱས་པས་སྒྲ་མི་རྟག་པར་ཡང་སྒྲུབ་སྒྲ་རྟག་པ་མ་ཡིན་པར་ཡང་སྒྲུབ་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་མཚུངས་ཏེ། དགག་རྟགས་དང་སྒྲུབ་རྟགས་གཉིས་དངོས་ཀྱི་བསྒྲུབ་བྱའི་ཆོས་དགག་པ་དང་སྒྲུབ་པ་ཡིན་པའི་སྒོ་ནས་འབྱེད་ལ། དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་རྟགས་གཉིས་དངོས་ཀྱི་བསྒྲུབ་བྱའི་ཆོས་དོན་དང་ཐ་སྙད་ཡིན་པའི་སྒོ་ནས་འབྱེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་བུམ་པ་སྣང་རུང་མ་དམིགས་པ་དེ། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་བུམ་མེད་དུ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་ཡིན་ན། གྲུབ་ཟིན་གྱི་དོན་དང་བསྒྲུབ་རྒྱུའི་ཐ་སྙད་གང་ཞེ་ན། སྔར་བཞིན་མ་དམིགས་པའི་རྟགས་


DLL1004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་བཤད་ཟིན་ཏོ། །ལྔ་པ་མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་ལ་གཉིས། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡང་དག་གོ །དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པ། དཔེར་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་འགའ་ཞིག་ལ་མི་འཇུག་པ། དཔེར་ན་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་རྟགས་སུ་བཀོད་པ་ལྟ་བུའོ། །ཁ་ཅིག །འབྲས་རྟགས་ཡང་དག་ཡིན་ན་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པས་ཁྱབ་སྟེ། དེ་ཕྱིར་འབྲས་རྣམས་གཉིས་སུ་འཇུག །ཅེས་གསུངས་པའི་ཕྱིར་ཞེ་ན། རེས་འགའ་སྐྱེ་བ་ཆོས་ཅན། ཁྱོད་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པ་གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར་རོ། །དྲུག་པ་རྒོལ་པའི་སྒོ་ནས་དབྱེ་བ་ལ་གཉིས། རང་དོན་གྱི་རྟགས་ཡང་དག་དང་། གཞན་དོན་གྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །ཕྱི་རྒོལ་གྱི་ངོར་མ་བཀོད་པ། དཔེར་ན། གློ་བུར་དུ་དུ་བ་མཐོང་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག །ཕྱི་རྒོལ་གྱི་ངོར་བཀོད་པ། དཔེར་ན། ཕྱི་རྒོལ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པའི་ལན་དུ། གང་བྱས་


DLL1004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་བཀོད་པའི་ཚེ་ན་བྱས་པ་ལྟ་བུའོ། །གསུམ་པ་རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོད་དཔྱད་པ་ལ་གསུམ་གཞན་ལུགས་དགག །རང་ལུགས་བཞག །རྩོད་པ་སྤང་པའོ། །དང་པོ་ནི། ཁ་ཅིག་ན་རེ། སྦྱོར་བ་སྐོར་གཅིག་གི་རྟགས་སྐྱོན་ཅན་ཡིན་ན། སྦྱོར་བ་སྐོར་གཅིག་གི་རྟགས་སྐྱོན་ཡིན་པས་ཁྱབ་སྟེ། སྐྱོན་དང་སྐྱོན་ཅན་ངོ་བོ་གཅིག་པའི་ཕྱིར། དཔེར་ན། ཆང་དང་མྱོས་པའི་ ནུས་པ་བཞིན། རྟགས་སྐྱོན་ཡིན་ན་ཕྱོགས་སྐྱོན་མ་ཡིན་པས་ཁྱབ་སྟེ། འདི་དེ་དག་གི་སྐྱོན་མིན་ནམ། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་སྐྱོན་འདོད་མིན། །ཞེས་གསུངས་པའི་ཕྱིར་ཞེ་ན། སྒྲ་ཆོས་ཅན། མཉན་བྱ་མ་ཡིན་ཏེ། སྒྲ་མཉན་བྱ་མ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་མཉན་བྱ་མ་ཡིན་པ་ཆོས་ཅན། སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པའི་ཕྱོགས་སྐྱོན་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་སྐྱོན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་རྟགས་བསལ་གཉིས་ཀ་ཁས་བླངས་ཏེ། དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་ཡིན་ན་དེ་སྒྲུབ་ཀྱི་རྟགས་སྐྱོན་དང་། དེ་སྒྲུབ་ཀྱི་ཕྱོགས་ཅན་ཡིན་ན། དེ་སྒྲུབ་ཀྱི་ཕྱོགས་སྐྱོན་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་པར་ཐལ་ལོ། །གཞན་ཡང་། སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པ་ལས་སྒྲ་མཉན་བྱ་མ་ཡིན་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པའི་རྟགས་དང་ཕྱོགས་གཉིས་ཀར་བཟུང་ནས་ཕྱི་རྒོལ་གྱི་ཚད་མས་བསལ་བ་ཞུགས་པ་ཆོས་ཅན། སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པའི་ཕྱོགས་སྐྱོན་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་


DLL1004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྐྱོན་ཡིན་པའི་ཕྱིར་ཏེ། སྒྲ་མཉན་བྱ་ཡིན་པ་དེ་སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པའི་རྟགས་སྐྱོན་ཅན་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྒྲ་མཉན་བྱ་མ་ཡིན་པ་དེ་སྒྲ་མཉན་བྱ་མ་ཡིན་པར་སྒྲུབ་པའི་ཕྱོགས་སྐྱོན་ཅན་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གིས་གཟུང་བྱ་རྟགས་སུ་བཀོད་པའི་ཚེ་ན། མིག་གིས་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་ཞེས་ཟེར། མིག་གིས་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་ཆོས་ཅན། ཁྱོད་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པས་ཁྱབ་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པར་ཐལ། མིག་གིས་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་དགོས་པའི་ཕྱིར་ཞེ་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དཔེ་སྐྱོན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། འདོད་ན། དེ་དེ་སྒྲུབ་ཀྱི་དཔེའི་ཡོན་ཏན་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་དཔེའི་ཡོན་ཏན་ཡིན་པའི་ཕྱིར། རྟགས་བསལ་ཁས། གཞན་ཡང་། གཞི་མ་གྲུབ་པ་དེ་སྒྲ་མི་རྟག་པའི་རྟགས་སྐྱོན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་


DLL1004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་ན་གཞི་གྲུབ་དགོས་པའི་ཕྱིར། ཡང་གཅིག །འགལ་མ་ངེས་མ་གྲུབ་པ་རྣམས་རྟགས་ལྟར་སྣང་གི་སྐྱོན་ཡིན་ཏེ། དེའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར། དེས་ན་གསུམ་པོ་རྟགས་ཡང་དག་གི་སྐྱོན་ཡིན་ལ། རྟགས་ལྟར་སྣང་ལ་ལྡན་པ་ཡིན་ནོ་ཞེ་ན། ཚུལ་གསུམ་པོ་རྟགས་ལྟར་སྣང་གི་ཡོན་ཏན་ཡིན་པར་ཐལ། འགལ་མ་ངེས་མ་གྲུབ་པ་རྣམས་རྟགས་ཡང་དག་གི་སྐྱོན་ཡིན་པའི་ཕྱིར། འདོད་ན། རྟགས་ཡང་དག་ལྟར་སྣང་དང་རྟགས་ལྟར་སྣང་ཡང་དག་ཏུ་ཐལ། འགལ་མ་ངེས་མ་གྲུབ་པ་རྣམས་རྟགས་ཡང་དག་གི་སྐྱོན་དང་། ཚུལ་གསུམ་པོ་རྟགས་ལྟར་སྣང་གི་ཡོན་ཏན་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་སྐྱོན་ཅན་ཡིན་ན་རང་གི་བསྒྲུབ་བྱ་སྒྲུབ་མི་ནུས་དང་། རྟགས་ཡོན་ཏན་ཅན་ཡིན་ན་རང་གི་བསྒྲུབ་བྱ་སྒྲུབ་ནུས་པས་ཁྱབ་པའི་ཕྱིར། དེ་སྐད་དུའང་། རྟགས་ཀུན་རང་གི་བསྒྲུབ་བྱ་ལ་སྐྱོན་དང་ཨཱཿཡོན་ཏན་དཔྱད་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་། སེམས་ཅན་གྱི་ཉེས་པ་ཆགས་སོགས་སངས་རྒྱས་ཀྱི་སྐྱོན་དང་། སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་སེམས་ཅན་གྱི་ཡོན་ཏན་ཡིན་པར་ཐལ། འགལ་མ་ངེས་མ་གྲུབ་པ་རྣམས་རྟགས་ཡང་དག་གི་སྐྱོན་དང་། ཚུལ་གསུམ་པ་རྟགས་ལྟར་སྣང་གི་ཡོན་ཏན་ཡིན་པའི་ཕྱིར། འགལ་མ་ངེས་མ་གྲུབ་པ་རྣམས་ཆོས་ཅན། རྟགས་ཡང་དག་ལ་ལྡན་པར་ཐལ། རྟགས་ཡང་དག་གི་སྐྱོན་ཡིན་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ལ་གསུམ། རྟགས་སྐྱོན་དང་། དཔེ་སྐྱོན་དང་། ཕྱོགས་སྐྱོན་ནོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་རྟགས་སྐྱོན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་རྟགས་སྐྱོན་ཅན་དུ་སྒྲུབ་བྱེད་དོ། །གཉིས་པ་རྟགས་སྐྱོན་ལ་དབྱེ་ན་གསུམ་ཡོད་དེ། རྟགས་སྐྱོན་ཅན་ལ་འགལ་མ་ངེས་མ་གྲུབ་


DLL1004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སྐྱོན་ཅན་དུ་དབྱེར་ཡོད་པའི་ཕྱིར། འགལ་བའི་རྟགས་སྐྱོན་ནི། སྒྲ་རྟག་པར་སྒྲུབ་པར་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཟུང་ནས་དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ལྟ་བུའོ། །མ་ངེས་པའི་རྟགས་སྐྱོན་ནི་སྒྲ་མི་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཟུང་ནས་ཁྱབ་པ་རྣལ་མར་མ་ངེས་པ་ལྟ་བུའོ། །མ་གྲུབ་པའི་རྟགས་སྐྱོན་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གིས་གཟུང་བྱ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཟུང་ནས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་ལྟ་བུའོ། །དེ་ཡང་རྟགས་ལྟར་སྣང་གི་སྦྱོར་བ་སྐོར་གཅིག་ལ་རྟགས་སྐྱོན་དང་རྟགས་སྐྱོན་ཅན་དང་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་གསུམ་བརྩི་བར་བྱ་སྟེ། རྟགས་སྐྱོན་ཡིན་ན་གཞི་གྲུབ་དགོས་ཏེ། རྟགས་སུ་བཟུང་བ་དེ་རྟགས་སྐྱོན་ཅན་དུ་སྒྲུབ་བྱེད་ཡང་དག་ཡིན་དགོས་པའི་ཕྱིར་རོ། །རྟགས་སྐྱོན་ཅན་ཡིན་ན་གཞི་གྲུབ་པས་མ་ཁྱབ་སྟེ། རི་བོང་གི་རྭས་ཕུག་པ་དེ་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར། རྟགས་སྐྱོན་ཅན་ཡིན་ན་གཞི་མ་གྲུབ་པས་མ་ཁྱབ་སྟེ། གཞལ་བྱ་སྟེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་གཞི་མ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་མི་སྲིད་པའི་ཕྱིར། དེ་ཡང་མིག་གིས་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཟུང་ནས་ཕྱོགས་ཆོས་མ་གྲུབ་པ་དེ་རྟགས་སྐྱོན་དང་། མིག་གིས་གཟུང་བྱ་རྟགས་སྐྱོན་ཅན་དང་། མིག་གིས་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་


DLL1004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ཆོས་གྲུབ་པ་ནི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ནོ། །དེ་བཞིན་དུ་དཔེ་དང་ཕྱོགས་ཀྱི་སྐྱོན་དང་སྐྱོན་ཅན་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གཉིས་པ་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་དཔེ་སྐྱོན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་དཔེར་གཟུང་བ་དེ་དཔེ་སྐྱོན་ཅན་དུ་སྒྲུབ་བྱེད། གཉིས་པ་ལ་དབྱེ་ན་གཉིས། མཐུན་དཔེའི་སྐྱོན་དང་། མི་མཐུན་དཔེའི་སྐྱོན་ནོ། །དང་པོའི་མཚན་ཉིད། མཐུན་དཔེར་བཟུང་བ་དེ་མཐུན་དཔེ་སྐྱོན་ཅན་དུ་སྒྲུབ་བྱེད། གཉིས་པའི་མཚན་ཉིད། མི་མཐུན་དཔེར་བཟུང་བ་དེ་མི་མཐུན་དཔེ་སྐྱོན་ཅན་དུ་སྒྲུབ་བྱེད་དོ། །གསུམ་པ་ཕྱོགས་སྐྱོན་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཕྱོགས་སྐྱོན་གྱི་མཚན་ཉིད། ཕྱོགས་སུ་བཟུང་བ་དེ་ཕྱོགས་སྐྱོན་ཅན་དུ་སྒྲུབ་བྱེད་དོ། །དབྱེ་བ་ལྔར་ཡོད། ཕྱོགས་སྐྱོན་ཅན་དེ་ལ་ལྔར་དབྱེར་ཡོད་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་པ་ནི། གལ་ཏེ་རྟགས་སྐྱོན་དང་ཕྱོགས་སྐྱོན་མི་འགལ་ན། འདི་དེ་དག་གི་སྐྱོན་མིན་ནམ། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་སྐྱོན་འདོད་མིན། །ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་རྟགས་ཕྱོགས་ཆོས་མ་གྲུབ་པ་དང་། ཆོས་དཔེ་ལ་རྗེས་འགྲོ་མེད་པ་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་པར་ཐལ། རྟགས་དཔེ་ཁོ་ནའི་སྐྱོན་ཡིན་པའི་ཕྱིར། ཞེས་པའི་དོན་ཡིན་པའི་ཕྱིར། གལ་ཏེ་ཚུལ་གང་རུང་རེ་མ་ཚང་བའི་སྒོ་ནས་རྟགས་སྐྱོན་ཅན་དུ་འགྱུར་ན། ཚུལ་གང་རུང་རེ་ཚང་བའི་སྒོ་ནས་རྟགས་ཡོན་ཏན་དུ་འགྱུར་ལ། དེ་ལྟར་ན། གཞལ་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡོན་ཏན་ཅན་དུ་འགྱུར་ལ། དེ་ལྟར་ན་རྟགས་སྐྱོན་ཅན་དང་རྟགས་ཡོན་ཏན་ཅན་མི་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚུལ་གང་རུང་རེ་མ་ཚང་བས་བསྒྲུབ་བྱ་སྒྲུབ་མི་ནུས་སུ་འགྱུར་ལ། ཕྱོགས་ཆོས་ལྟ་བུ་གང་རུང་རེ་ཚང་བས་རྟགས་ཡོན་ཏན་


DLL1004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འཇོག་མི་ནུས་པའི་ཕྱིར་ཏེ། རྟགས་ཀུན་རང་རིག་བསྒྲུབ་བྱ་སྒྲུབ་མི་ནུས་ཀྱི་ཆ་ནས་སྐྱོན་ཅན་དང་། རང་གི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་ཆ་ནས་ཡོན་ཏན་ཅན་དུ་བཞག་པའི་ཕྱིར། དེ་སྐད་དུའང་། རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །སྐྱོན་དང་ཡོན་ཏན་དཔྱད་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་མཐུན་དཔེའི་སྐྱོན་ཡིན་ན་དཔེ་སྐྱོན་ཡིན་དགོས་སམ་མི་དགོས། དང་པོ་ལྟར་ན། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་ཚེ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་སྟོང་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དཔེ་སྐྱོན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེའི་སྐྱོན་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དཔེའི་ཡོན་ཏན་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་དཔེའི་ཡོན་ཏན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། མཐུན་དཔེ་ཡང་དག་ཡིན་ན་དཔེ་ཡང་དག་ཡང་ཡིན་མི་དགོས་པར་ཐལ། མཐུན་དཔེའི་སྐྱོན་ཡིན་ན་དཔེ་སྐྱོན་ཡིན་མི་དགོས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དཔེ་ཡང་དག་ཡིན་པ་མི་སྲིད་པར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་དང་མི་མཐུན་དཔེ་ཡང་དག་གཉིས་ཀ་ཡིན་པ་མི་སྲིད་ཅིང་། དེ་གང་རུང་ཞིག་ཡིན་པས་དཔེ་ཡང་དག་ཡིན་པའི་གོ་མི་ཆོད་པའི་ཕྱིར་ཞེ་ན། ཕྱོགས་གཉིས་པ་ཁས་མི་ལེན་ལ། ཕྱོགས་དང་པོ་ཁས་བླངས་ཀྱང་སྐྱོན་མེད་དེ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་ཙམ་མཐུན་དཔེའི་སྐྱོན་དང་མི་མཐུན་དཔེའི་སྐྱོན་གང་རུང་དུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །གལ་ཏེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་ཆོས་ཅན། མིག་གིས་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་པར་ཐལ། མིག་གིས་གཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་


DLL1004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར་ཏེ། མིག་གིས་གཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་དུ་སྒྲུབ་བྱེད་ཡིན་པའི་ཕྱིར་ཏེ། མིག་གིས་གཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་སྒྲུབ་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །ཕྱི་མ་ལ་ཁྱབ་པ་ཡོད་དེ། ཚུལ་གསུམ་ཚང་བ་མ་ཡིན་ན་ཚུལ་གསུམ་མ་ཚང་བ་ཡིན་དགོས་པའི་ཕྱིར་ཏེ། ཚུལ་གསུམ་ཚང་མ་ཚང་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར་ཞེས་ཟེར། འོ་ན་མངོན་སུམ་ཡང་དག་མ་ཡིན་ན་མངོན་སུམ་ལྟར་སྣང་ཡིན་པས་ཁྱབ་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མ་ཡིན་ན་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མ་ཡིན་པ་ཡིན་དགོས་པའི་ཕྱིར་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་མ་ཡིན་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར། གཉིས་པ་ལོག་ཕྱོགས་གཏན་ཚིགས་ལྟར་སྣང་བཤད་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་གི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཚང་བ། གཉིས་པ་ལ་གསུམ། འགལ་བའི་རྟགས་དང་། མ་ངེས་པའི་རྟགས་དང་། མ་གྲུབ་པའི་རྟགས་སོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་འགལ་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དེ་ཡང་སྤྱིར་རྟགས་སུ་བཀོད་པ་ལ་རྟགས་ཡང་དག་དང་ལྟར་སྣང་གཉིས་སུ་ངེས་ལ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། ཞེས་པས་རྟགས་ཡང་དག་ཡིན་པ་བཅད་དེ། རྟགས་ཡང་དག་ཡིན་ན་རྗེས་སུ་འགྲོ་ལྡོག་གི་


DLL1004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་རྣལ་མར་ངེས་དགོས་པའི་ཕྱིར། རྟགས་ལྟར་སྣང་ལ་ཡང་འགལ་མ་ངེས་མ་གྲུབ་པའི་རྟགས་གསུམ་དུ་ངེས་ལ། ཕྱོགས་ཆོས་ཞེས་པས་མ་གྲུབ་པའི་རྟགས་ཡིན་པ་བཅད་དེ། མ་གྲུབ་པའི་རྟགས་ཡིན་ན་ཕྱོགས་ཆོས་མ་ཡིན་དགོས་པའི་ཕྱིར། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། ཞེས་པས་མ་ངེས་པའི་རྟགས་ཡིན་པ་སེལ་ཏེ། མ་ངེས་པའི་རྟགས་ཡིན་ན། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་དགོས་པའི་ཕྱིར། གཉིས་པ་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །འགལ་རྟགས་ལ་དབྱེ་ན། ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་དང་། ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་དང་། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་དང་། ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་དང་བཞི། དཔེར་བརྗོད་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་ཟེར། དེ་ནི་མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་རོ། །གལ་ཏེ་སྒྲུབ་བྱེད་ཡོད་དེ། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཆོས་ཀྱི་ངོ་བོ་འགོག་པའི་སྒོ་ནས་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། སྒྲའི་སྟེང་དུ་རྟག་པ་འགོག་པའི་འགལ་རྟགས་ཡིན་པར་ཐལ། སྒྲའི་སྟེང་དུ་རྟག་


DLL1004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགོག་པའི་སྒོ་ནས་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲའི་སྟེང་དུ་རྟག་པ་འགོག་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། སྒྲའི་སྟེང་དུ་མི་རྟག་པ་བསྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གནོད་བྱེད་ཡོད་དེ། ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཏེ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་རོ། །དེས་གཞན་གསུམ་ལའང་གནོད་བྱེད་རིགས་འགྲེའོ། །ཁ་ཅིག །ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་ལ་སོགས་པའི་ཐ་སྙད་མི་འཐད་དེ། ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར། དེས་ན་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང་། ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་། ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་། ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་བཞི་ཡོད་ལ། དཔེར་བརྗོད་ནི་སྔར་བཤད་པ་ལྟར་རོ་ཞེ་ན། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། འདུས་བསགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་དུ་བཟུང་བར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། གཞན་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་ཆོས་ཀྱི་ངོ་བོར་བཟུང་བར་ཐལ་ལོ། །འདོད་ན། མིག་སོགས་གཞན་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱར་བཟུང་བར་ཐལ་ལོ། །འདོད་ན། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱར་བཟུང་བ་གང་ཞིག །མིག་སོགས་གཞན་དོན་བྱེད་པ་ལ་མི་གནོད་ཅིང་། གཞན་དོན་བྱེད་པ་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མིག་སོགས་གཞན་


DLL1004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པ་མ་ཡིན་པར་ཐལ། འདུས་བསགས་ཀྱི་རྟགས་ཀྱིས་མིག་སོགས་གཞན་དོན་བྱེད་པ་ལ་གནོད་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། མིག་སོགས་ཀྱིས་རང་འབྲས་རྣམ་ཤེས་སྐྱེད་པའི་ཕྱིར་དང་། མིག་སོགས་གཞན་དོན་བྱེད་པ་ཙམ་སངས་རྒྱས་པའི་ངོར་སྒྲུབ་ན་གྲུབ་ཟིན་བསྒྲུབས་པར་བཤད་པའི་ཕྱིར། གཞན་ཡང་། དེ་ལྟར་བཀོད་པའི་ཚེ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཏེ། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་བ་གང་ཞིག །མིག་སོགས་ཀྱི་སྟེང་དུ་འདུས་པ་མ་ཡིན་པའི་ཡུལ་ཅན་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་བར་ཐལ། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་ཆོས་ཀྱི་ངོ་བོར་བཟུང་བའི་ཕྱིར་ཏེ། མིག་སོགས་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱར་བཟུང་བའི་ཕྱིར་རོ། །གཞན་ཡང་། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཁྱད་པར་དུ་བཟུང་བར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་བའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་བའི་ཕྱིར། ཁ་ཅིག །འདུས་བསགས་དེ་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་


DLL1004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པར་སྒྲུབ་པའི་འགའ་རྟགས་མ་ཡིན་ཞེས་ཟེར་ཞིང་། ཁ་ཅིག །སྒྲས་ཟིན་ལ་ཡང་འགལ་རྟགས་ཡིན་ནོ། །ཞེས་ཟེར་བ་གཉིས་ཀ་མི་འཐད་དོ། །ཆོས་ཅན། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མིག་སོགས་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག །མིག་སོགས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། རྩ་བའི་རྟགས་གཉིས་པ་གྲུབ་སྟེ། བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་གང་ཞིག །དེ་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། དེ་སྒྲུབ་ཀྱི་སྒྲས་ཟིན་གྱི་འགལ་རྟགས་མ་ཡིན་པར་ཐལ། སྒྲས་ཟིན་ལ་ཕྱོགས་ཆོས་ཀྱང་མ་ཡིན། ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲས་ཟིན་ལ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཏེ། སྒྲས་ཟིན་ལ་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག །དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག །དེ་ཁྱོད་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཡིན་ན་གཞི་གྲུབ་དགོས་ལ། དེ་གཞི་མ་གྲུབ་པའི་ཕྱིར་རོ། །སྒྲས་ཟིན་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པར་ཐལ། སྒྲས་ཟིན་ལ་གཞན་དོན་བྱེད་པ་བསྒྲུབ་བྱའི་ཆོས་སུ་བཟུང་བ་གང་ཞིག །གཞན་དོན་བྱེད་པ་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པའི་ཕྱིར་ཏེ། ཁྱོད་ཀྱང་ཡིན་གཞན་དོན་བྱེད་པ་ཡང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར་རོ། །དེས་ན་འདུས་བསགས་དེ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ལ་སྒྲས་ཟིན་ལ་འགལ་རྟགས་མ་ཡིན་ཞིང་། དེ་སྒྲུབ་ཀྱི་ཆོས་ཅན་གྱི་


DLL1004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་སྒྲུབ་པའི་འགལ་རྟགས་མ་ཡིན། མིག་སོགས་ཀྱི་སྟེང་དུ་སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་ནོ། །གཉིས་པ་རང་ལུགས་ལ་གསུམ། དབྱེ་བ་དངོས་དང་། འདུས་བསགས་ཀྱི་རྟགས་ཀྱིས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་ངོས་གཟུང་བ་དང་། རྩོད་པ་སྤང་བའོ། །དང་པོ་ནི། འགལ་རྟགས་ལ་དབྱེ་ན། ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང་། སྒྲས་ཟིན་གྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་། སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང་བཞིའོ། །དཔེར་བརྗོད་ནི་སྔར་བཤད་ཟིན་ཏོ། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲས་ཟིན་ལ་གཞན་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་དོན་བྱེད་པ་དང་། ངོ་བོ་ཐ་དད་པའི་ཚུལ་གྱིས་བརྗོད་པས་སྒྲས་ཟིན་ལ་ཆོས་ཀྱི་ཁྱད་པར་དང་། དེ་མིག་སོགས་ཀྱི་སྟེང་དུ་སྒྲུབ་པའི་འགལ་རྟགས་ཡིན་པའི་དོན་གྱིས་ན་སྒྲས་ཟིན་གྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་ནོ། །མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མིག་སོགས་ཆོས་ཅན་གྱི་ངོ་བོ་དང་། སྒྲས་ཟིན་ལ་འདུས་པ་མ་ཡིན་པའི་ཡུལ་ཅན་དང་ངོ་བོ་ཐ་དད་པའི་ཚུལ་དུ་བརྗོད་པས་སྒྲས་ཟིན་ལ་ཆོས་ཅན་གྱི་ཁྱད་པར་དང་། དེ་མིག་སོགས་ཀྱི་སྟེང་དུ་སྒྲུབ་པའི་འགལ་རྟགས་ཡིན་པས་ན། སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་ནོ། །དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་ཡིན་པའི་ཕྱིར་


DLL1004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཀོད་པའི་ཚེ་ན་ནམ་མཁའ་ཆོས་ཅན་གྱི་ངོ་བོ་དང་། དངོས་གྱུར་ནམ་མཁའ་ཞེས་པའི་སྒྲས་དངོས་པོ་དེ་ནམ་མཁའ་དང་ངོ་བོ་གཅིག་པའི་ཚུལ་གྱིས་བརྗོད་པས་དངོས་པོ་དེ་སྒྲས་ཟིན་ལ་ཆོས་ཅན་གྱི་ངོ་བོ་དང་། དེ་ནམ་མཁའི་སྟེང་དུ་སྒྲུབ་པའི་འགལ་རྟགས་ཡིན་པས་ན་སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་ནོ། །བྱེ་བྲག་པ་དང་སངས་རྒྱས་པ་གཉིས་ནམ་མཁའ་མཐུན་སྣང་དུ་གྲུབ་ནས་ཁྱད་ཆོས་ལ་རྩོད་པ་མ་ཡིན་གྱི་ནམ་མཁའི་ངོ་བོ་ལ་མི་མཐུན་ཏེ། བྱེ་བྲག་པས་ནམ་མཁའ་སྒྲུབ་པ་རང་དབང་བའི་དངོས་པོ་བློ་ཡུལ་དུ་ཤར་བ་ལ་བརྟེན་ནས་འགྲུབ་པས་ནམ་མཁའི་ངོ་བོ་དངོས་པོར་འདོད་ལ། སངས་རྒྱས་པས་ཐོགས་པའི་རེག་བྱ་བཀག་ཙམ་གྱི་མེད་དགག་བློ་ཡུལ་དུ་ཤར་བ་ལ་བརྟེན་ནས་འགྲུབ་ལ། དེའི་ངོ་བོ་ཡང་དངོས་མེད་དུ་འདོད་པ་ཡིན་ནོ། །གཉིས་པ་ལ་གསུམ། ཆོས་ཅན་གྱི་དོན་དང་། བསྒྲུབ་བྱའི་ཆོས་ཀྱི་དོན་དང་རྟགས་ཀྱི་དོན་ནོ། །དང་པོ་ནི། ཁ་ཅིག །མིག་གི་སོགས་ཁོངས་ནས་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་བཏོན་ནས་རྐྱེན་གསུམ་ཆོས་ཅན་དུ་འཛིན་ལ། དེས་བདག་གི་དོན་བྱེད་པའི་དོན་ཡང་རྣམ་ཤེས་སྐྱེད་པ་ཡིན་ནོ་ཟེར་བ་མི་འཐད་དེ། གྲངས་ཅན་གྱི་ལུགས་ལ། རྣམ་ཤེས་དེ་རྐྱེན་གསུམ་གྱི་འབྲས་བུ་དང་རྐྱེན་གསུམ་པོ་དེ་རྣམ་ཤེས་ཀྱི་རྒྱུར་འདོད་པར་ཐལ་ལོ། །འདོད་མི་ནུས་ཏེ། གྲངས་ཅན་གྱི་ལུགས་ལ་རྣམ་ཤེས་དེ་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་པར་འདོད་པའི་ཕྱིར་ཏེ། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། ཞེས་འབྱུང་བའི་ཕྱིར་རོ། །ཁ་ཅིག །མིག་གི་སོགས་ཁོངས་ནས་དབང་པོ་ལྷག་མ་བཞི་འདོད་པས། དབང་པོ་ལྔ་ཙམ་ཆོས་ཅན་དུ་འཛིན་པ་ཡིན་ནོ་ཞེས་ཟེར། འོ་ན་གྲངས་ཅན་གྱི་ལུགས་ལ་མིག་སོགས་གཞན་དོན་བྱེད་པར་བསྒྲུབས་པས་མིག་སོགས་བདག་དོན་བྱེད་པར་འགྲུབ་པ་ལ་མི་ཕན་པར་ཐལ། དབང་པོ་ལྔ་ཙམ་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་


DLL1004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཡིན་པ་གང་ཞིག །གྲངས་ཅན་གྱི་ལུགས་ལ་དབང་པོ་ལྔས་གཞན་གྱི་དོན་བྱེད་པར་བསྒྲུབས་པས་བདག་དོན་བྱེད་པར་མི་འགྲུབ་པའི་ཕྱིར་རོ། །རང་གི་ལུགས་ལ། གདགས་གཞི་དང་བཅས་ན་མིག་གི་སོགས་ཁོངས་ནས་ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་དུ་འཛིན་པ་ཡིན་ནོ། །བསྒྲུབ་བྱའི་ཆོས་ཀྱི་དོན་ནི། །ཉེར་བཞི་ལས་གཞན་བདག་ཡིན་པས་དེའི་དོན་བྱེད་ཚུལ་ཡང་བདག་སྐྱེད་པ་མ་ཡིན་གྱི་བདག་གི་འདོད་པའི་དོན་སྒྲུབ་པ་ཡིན་ཏེ། མལ་ཆ་དང་སྟན་བཞིན་ཞེས་དཔེར་བཀོད་པས་སོ། །རྟགས་ཀྱི་དོན་ནི། རྡུལ་དུ་མ་འདུས་ཤིང་བསགས་པ་འབའ་ཞིག་དོན་མ་ཡིན་ཏེ། ཡིད་དབང་སོགས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་རོ། །དེས་ན་སྐད་ཅིག་གམ་རྡུལ་དུ་མ་འདུས་ཤིང་བསགས་པ་རྟགས་ཀྱི་དོན་ཡིན་ནོ། །གསུམ་པ་རྩོད་པ་སྤང་པ་ནི། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་མ་ཡིན་པར་ཐལ། བློའམ་ཆེན་པོ་དང་གཙོ་བོའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། སྐྱོན་མེད་དེ། བློའམ་ཆེན་པོ་དང་གཙོ་བོའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་ཀྱང་། བློའམ་ཆེན་པོ་དང་གཙོ་བོའི་གདགས་གཞིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར་རོ། །གལ་ཏེ་འདུས་བསགས་དེ་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་མ་ཡིན་ན། སློབ་དཔོན་གྱིས་འདི་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བྱེད་པས་འགལ་བ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་


DLL1004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་ཟིན་ལ་ཆོས་ཀྱི་ཁྱད་པར་ཡིན་ལ། དེ་མིག་སོགས་ཀྱི་སྟེང་དུ་སྒྲུབ་པའི་འགལ་རྟགས་ཡིན་པ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་མ་ངེས་པའི་རྟགས་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཁ་ཅིག །མ་ངེས་པའི་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གང་ཞིག །སྐབས་ཀྱི་ཕྱི་རྒོལ་གྱིས་ཁྱབ་འབྲེལ་མ་ངེས་པའི་རྟགས་ཞེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་ཁྱབ་འབྲེལ་མ་ངེས་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་ཚེ་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་སྐབས་ཀྱི་ཕྱི་རྒོལ་གྱིས་ཁྱབ་འབྲེལ་མ་ངེས་པའི་ཕྱིར་རོ། །རང་ལུགས་ལ། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མ་ཡང་མ་ངེས་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ། གཉིས་པ་ལ་གཉིས། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་དང་། ཐུན་མོང་གི་མ་ངེས་པའི་རྟགས་སོ། །དང་པོ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། ཐུན་མོང་མ་ཡིན་པའི་དོན་དཔྱད་པའོ། །དང་པོ་ནི། ཁ་ཅིག །དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་མ་མཐོང་མི་མཐུན་ཕྱོགས་ལ་ཡང་མ་མཐོང་བ་ཟེར་བ་དང་། ཁ་ཅིག །གང་ཞིག །མཐུན་ཕྱོགས་ལ་ཡང་ཚད་མས་མ་མཐོང་མི་མཐུན་ཕྱོགས་ལ་ཡང་ཚད་མས་མ་མཐོང་བ་ཞེས་དང་། ཁ་ཅིག །གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་མ་མཐོང་མི་མཐུན་ཕྱོགས་ལ་ཡང་མ་མཐོང་བ་ཞེས་ཟེར་ན། མཉན་བྱ་ཆོས་ཅན། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་སྒྲ་མི་རྟག་པར་སྒྲུབ་


DLL1004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུན་ཕྱོགས་ལ་མ་མཐོང་བར་ཐལ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་མངོན་སུམ་ཚད་མས་ཁྱོད་མི་རྟག་པ་ལ་མཐོང་བའི་ཕྱིར་ཏེ། དེའི་སྒྲ་འཛིན་མངོན་སུམ་ཚད་མས་སྒྲ་མི་རྟག་པར་མཐོང་བ་གང་ཞིག །སྒྲ་མི་རྟག་པ་དང་ཁྱོད་མི་རྟག་པ་གཉིས་ཡིན་ཁྱབ་མཉམ་པའི་རྫས་གཅིག་ཡིན་པའི་ཕྱིར་རྟགས་དང་པོ་གྲུབ་སྟེ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར། རང་ལུགས་ལ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་གྲུབ་མི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་གྲུབ་པ། གཉིས་པ་ལ་གསུམ། མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་གྲུབ་པའི་མ་ངེས་པའི་རྟགས་དང་། མི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་གྲུབ་པའི་མ་ངེས་པའི་རྟགས་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་ཀྱང་ཡོད་པ་ལྟར་མ་གྲུབ་པའི་མ་ངེས་པའི་རྟགས་སོ། །དཔེར་བརྗོད་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ལྷ་ལས་ཚེ་འཕོས་པ་ཡིན་ཏེ། མིག་དང་ལྡན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁ་ཅིག །མཐུན་ཕྱོགས་ལ་ཡང་མེད་ནས་མ་མཐོང་མི་མཐུན་ཕྱོགས་ལ་ཡང་མེད་ནས་མ་མཐོང་བ་དང་བཞིར་བྱས་ནས། དཔེར་བརྗོད་ནི། སྒྲ་ཆོས་ཅན། རྟག་སྟེ། མཉན་ བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །


DLL1004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡང་མེད་མི་མཐུན་ཕྱོགས་ལ་ཡང་མེད་པར་བཤད་པའི་ཕྱིར་ཞེ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱང་ཡིན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་གྲུབ་པའི་ཕྱིར། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པར་བཤད་པ་ནི། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་མ་གྲུབ་ཙམ་ལ་དགོངས་པ་ཡིན་ནོ། །གསུམ་པ་ཐུན་མོང་མ་ཡིན་པའི་དོན་དཔྱད་པ་ནི། ཅིའི་ཕྱིར་རྟགས་འདི་ཐུན་མོང་མ་ཡིན་པའི་རྟགས་ཞེས་བྱ་ཞེ་ན། ཁ་ཅིག །ཆོས་ཅན་ལས་གཞན་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱའོ་ཞེ་ན། དེའི་དོན་ཆོས་ཅན་ལས་ལྡོག་པ་གཞན་ལ་མི་འཇུག་པ་ཡིན་ནམ། ཆོས་ཅན་ལས་ངོ་བོ་གཞན་ལ་མི་འཇུག་པ་ཡིན། དང་པོ་ལྟར་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་མ་ཡིན་པར་ཐལ། སྒྲ་ལས་ལྡོག་པ་གཞན་ལ་འཇུག་པའི་ཕྱིར་ཏེ། ཤེས་བྱ་སོགས་ལའང་འཇུག་པའི་ཕྱིར། གཉིས་པ་ལྟར་ན། འཇིག་པ་ཕྱིས་བྱུང་གི་རྒྱུ་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ཆོས་ཅན། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཡིན་པར་ཐལ། བྱས་པ་ལས་ངོ་བོ་གཞན་མ་ཡིན་པའི་ཕྱིར། ཡང་མཉན་བྱ་མ་ཡིན་ཞིང་སྒྲ་ཡིན་པ་མི་སྲིད་པ་དེ་མཉན་བྱ་སྒྲ་ལས་གཞན་ལ་མི་འཇུག་པའི་དོན་ཡིན་ནོ་ཞེ་ན། འཇིག་པ་ཕྱིས་བྱུང་གི་རྒྱུ་གཞན་ལ་ལྟོས་མེད་ཀྱིས་དངོས་པོ་ཆོས་ཅན། བྱས་པ་ལས་གཞན་ལ་མི་འཇུག་པར་ཐལ། ཁྱོད་མ་ཡིན་ཞིང་བྱས་པ་ཡིན་པ་མི་སྲིད་པའི་ཕྱིར། བསལ་བ་ཁས། ཡང་མཉན་བྱ་ཆོས་དེ་ཡིན་པར་ངེས་ནས་སྒྲ་ཆོས་དེ་ཡིན་པར་མ་ངེས་པ་མི་སྲིད་པ་དེ་མཉན་བྱ་སྒྲ་ལས་


DLL1004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་མི་འཇུག་པའི་དོན་ཡིན་ཞེ་ན། འོ་ན་མཉན་བྱ་མཚན་ཉིད་ཡིན་པར་ངེས་ན་སྒྲ་མཚན་ཉིད་ཡིན་པར་ངེས་དགོས་པར་ཐལ། མཉན་བྱ་ཆོས་དེ་ཡིན་པར་ངེས་ནས། སྒྲ་ཆོས་དེ་ཡིན་པར་མ་ངེས་པ་མི་སྲིད་པའི་ཕྱིར། རྟགས་ཁས། ཡང་ཆོས་དེ་མཉན་བྱ་ཡིན་པར་ངེས་ནས་ཆོས་དེ་སྒྲ་ཡིན་པར་མ་ངེས་པ་མི་སྲིད་པ་དེ་མཉན་བྱ་སྒྲ་ལས་གཞན་ལ་མི་འཇུག་པའི་དོན་ཡིན་ནོ་ཞེ་ན། འོ་ན་ཆོས་དེ་ལྟོ་ལྡིར་བ་ཡིན་པར་ངེས་ནས། ཆོས་དེ་བུམ་པ་ཡིན་པར་ངེས་དགོས་པར་ཐལ། ཆོས་དེ་མཉན་བྱ་ཡིན་པར་ངེས་ན་ཆོས་དེ་སྒྲ་ཡིན་པར་ངེས་དགོས་པའི་ཕྱིར། རྟགས་ཁས། འདོད་ན། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་མེད་པར་འགྱུར་རོ། །ཡང་མཉན་བྱ་སྒྲ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཆོས་ཡིན་པའི་སྒོ་ནས་སྒྲ་མི་རྟག་པར་མ་ངེས་པ་དེ་སྲིད་དུ། མཉན་བྱ་ཡང་མི་རྟག་པར་མ་ངེས་པ། དེ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རྟགས་ཡིན་པའི་དོན་ཡིན་ནོ་ཞེ་ན། མཉན་བྱ་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་མ་ཡིན་པར་ཐལ། ཁྱོད་དུང་སྒྲ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཆོས་མ་ཡིན་པའི་ཕྱིར་ཏེ། རྔ་སྒྲ་ལ་སོགས་པའི་ཡང་ཁྱད་ཆོས་ཡིན་པའི་ཕྱིར། རང་ལུགས་ནི། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་རྩོད་གཞི་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱི་ནང་ནས་རྩོད་གཞི་ལ་ཡོད་པར་ངེས་ཀྱི། མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས་པ་མི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རྟགས་ཡིན་པའི་དོན་ནོ། །གཉིས་པ་ཐུན་མོང་མ་ངེས་པའི་རྟགས་ལ་གཉིས་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག །རང་ཕྱོགས་


DLL1004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པའམ་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་གང་རུང་ཡིན་པ། གཉིས་པ་ལ་གཉིས། དངོས་ཀྱི་མ་ངེས་པའི་རྟགས་དང་། ལྷག་ལྡན་གྱི་མ་ངེས་པའི་རྟགས་སོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ངེས་མི་མཐུན་ཕྱོགས་ལ་ཡང་ཡོད་པར་ངེས་པ། གཉིས་པ་ལ་བཞི། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་དང་། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའོ། །དང་པོ་ནི། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་དོན་ལ་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་མ་ཡིན་ཏེ། རྟག་པ་ཡིན་ན་རེག་བྱ་ཅན་མ་ཡིན་དགོས་པའི་ཕྱིར། འོ་ན་གང་གི་དབང་དུ་བྱས་ནས་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པར་བཞག་ཅེ་ན། བྱེ་བྲག་པའི་བློ་དང་བསྟུན་ནས་བཞག་པ་ཡིན་ཏེ། བྱེ་བྲག་པས་རྟག་པ་ཡིན་ལ་རེག་བྱ་ཅན་ཡིན་པ་དང་རྟག་པ་ཡིན་ལ་རེག་བྱ་ཅན་མ་ཡིན་པའང་འདོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་དེ་རྟག་པ་དང་། རེག་བྱ་ཅན་དུ་འདོད་པའི་ཕྱིར། ཁ་ཅིག །དེའི་དཔེར་བརྗོད། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ལ། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དོན། བྱེ་བྲག་པས་རྟག་པ་ཡིན་ལ་ལུས་ཅན་ཡིན་པའང་འདོད། རྟག་པ་ཡིན་པ་ལུས་ཅན་ཡིན་པའང་འདོད་པའི་དབང་དུ་བྱས་པ་ཡིན་ནོ། །བྱེ་


DLL1004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་པས་རྟག་པ་ཡིན་ལ་ལུས་ཅན་ཡིན་པའང་འདོད་དེ་བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་དེ་རྟག་པར་ཡང་འདོད་ལུས་ཅན་དུའང་འདོད་པའི་ཕྱིར་ཞེས་ཟེར། དེ་ནི་མི་འཐད་དེ། བྱེ་བྲག་པའི་ལུགས་ལ། འབྱུང་བཞིའི་རྡུལ་ཕྲན་རྫས་དང་ལུས་ཅན་ཡོན་ཏན་དུ་འདོད་ཅིང་། རྫས་ཡིན་ན་ཡོན་ཏན་མ་ཡིན་པར་འདོད་པའི་ཕྱིར་རོ། །གསུམ་པ་ནི། དཔེར་ན། དུང་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །བཞི་པ་ནི། དཔེར་ན། དུང་སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྷག་ལྡན་གྱི་མ་ངེས་པའི་རྟགས་ལ་གཉིས་ཡང་དག་ལྷག་ལྡན་དང་།འགལ་བ་ལྷག་ལྡན་ནོ། །དང་པོ་ནི། དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མི་མཐུན་ཕྱོགས་ལ་མ་མཐོང་ཡང་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པ། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆོས་ཅན། འདོད་ཆགས་དང་བཅས་པ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པ། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆོས་ཅན། འདོད་ཆགས་དང་བྲལ་བ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ། ཁ་ཅིག །ལྷག་ལྡན་གྱིི་མ་ངེས་པའི་རྟགས་མ་ངེས་པའི་རྟགས་ཀྱི་དབྱེ་བ་མ་ཡིན་ཏེ། ལྷག་ལྡན་ནི་ཁྱབ་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་ཤིང་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་གང་དུ་ཡང་མ་ངེས་པ་ལ་བརྗོད་པས། ལྷག་ལྡན་གྱི་རྟགས་དང་མ་ངེས་པའི་རྟགས་མིང་གི་རྣམ་གྲངས་


DLL1004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པ། དེ་སྐད་དུའང་། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད་ཅེས་དང་། དེའི་འགྲེལ་བཤད་དུ་ཤཱཀྱ་བློས། ཡང་ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་འདྲི་བར་བྱེད་དོ། །མཚན་ཉིད་བསྟན་པའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པ་ཞེས་བྱ་བའི་སྒྲ་འདི་ནི་མ་ངེས་པའི་རྣམ་གྲངས་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱ་ཆོས་ཅན། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་མེད་པར་ངེས་པའི་ཕྱིར་ཏེ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱེད་ཀྱང་ཡིན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་ཚད་མས་ངེས་པའི་ཕྱིར། གཞན་ཡང་། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ངེས་བྱེད་ཀྱི་རྒྱུ་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག །ལྷག་ལྡན་གྱི་གཏན་ཚིགས་ཡིན་ན། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱིས་ཁྱབ་འབྲེལ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པས་ཁྱབ་ཟེར་ན། ངག་སྨྲ་བ་ཆོས་ཅན། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆགས་བྲལ་དུ་སྒྲུབ་པའི་ཁྱབ་འབྲེལ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པར་ཐལ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་


DLL1004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཡིན་པའི་ཕྱིར། དེ་ལྟ་བུའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་མེད་པར་ངེས་པའི་ཕྱིར་ཏེ། དེ་ལྟ་བུའི་གང་ཟག་གིས་ཁྱོད་ཀྱང་ཡིན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་པ་ཚད་མས་ངེས་པའི་ཕྱིར། རང་ལུགས་ནི། ཡང་དག་ལྷག་ལྡན་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པ་དང་། འགལ་བ་ལྷག་ལྡན་ཡིན་ན་གང་ཟག་དེས་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པ་ཡིན་ནོ། །གསུམ་པ་མ་གྲུབ་པའི་རྟགས་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པ། གཉིས་པ་ལ་གསུམ། དོན་ལ་ལྟོས་ནས་མ་གྲུབ་པ་དང་། བློ་ལ་ལྟོས་ནས་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའོ། །དང་པོ་ལ། གཞི་མ་གྲུབ་ནས་མ་གྲུབ་པ་དང་། ཐ་དད་མེད་ནས་མ་གྲུབ་པའོ། །དང་པོ་ལ་ལྔ། ཆོས་ཅན་གྱི་ངོ་བོ་མ་གྲུབ་ནས་མ་གྲུབ་པ་དང་། རྟགས་ཀྱི་ངོ་བོ་མ་གྲུབ་ནས་མ་གྲུབ་པ་དང་། གཞི་རྟགས་གཉིས་ཀ་མེད་ནས་མ་གྲུབ་པ་དང་། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པ་དང་། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མེད་ནས་མ་གྲུབ་པའོ། །དང་པོ་ནི། དཔེར་ན། གང་ཟག་གི་བདག་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། དཔེར་ན། སྐྱེས་བུ་འདི་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། རི་བོང་གི་རྭས་ཕུག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། དཔེར་ན། གང་ཟག་གི་བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། གང་ཟག་གི་བདག་གི་བདེ་སྡུག་ཀུན་ལ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །འོ་ན་ཆོས་ཅན་གྱི་ངོ་བོ་གཞི་མ་གྲུབ་པ་ལ་སོགས་པའི་རྟགས་འདི་རྣམས། ཕྱོགས་ཆོས་མ་གྲུབ་པའི་


DLL1004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡིན་ན་ཆོས་ཅན་གཞི་མ་གྲུབ་པའི་རྟགས་ཡང་དག་བཤད་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་ཁ་ཅིག །བསྒྲུབ་བྱའི་ཆོས་སྒྲུབ་པ་ལ་གཞི་མ་གྲུབ་རྟགས་སུ་བཀོད་ན་རྟགས་སྐྱོན་ཅན་དུ་འགྱུར་གྱི། བསྒྲུབ་བྱའི་ཆོས་མེད་དགག་སྒྲུབ་པ་ལ་གཞི་མ་གྲུབ་རྟགས་སུ་བཀོད་ནས་རྟགས་སྐྱོན་ཅན་དུ་འགྱུར་བ་ཡིན་ནོ། །གཏན་ཚིགས་སྒྲུབ་པ་རྟགས་སུ་བཀོད་ནས་ཆོས་ཅན་གཞི་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་གྱི། གཏན་ཚིགས་རྣམས་བཅད་ཙམ་རྟགས་སུ་བཀོད་ནས་ཆོས་ཅན་གཞི་མ་གྲུབ་ཀྱང་ཕྱོགས་ཆོས་མ་གྲུབ་པར་མི་འགྱུར་རོ། །ཞེས་ཟེར་བ་མི་འཐད་དེ། གཞི་དེར་ཆོས་དེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་གཞི་དེར་ཆོས་དེ་མེད་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་དགོས་པའི་ཕྱིར་དང་། གཞི་མ་གྲུབ་རྟགས་སུ་བཀོད་པའི་རྟགས་ཡང་དག་མེད་པར་ཐལ། གཞི་མ་གྲུབ་རྟགས་སུ་བཀོད་ན་རྟགས་ཆོས་འབྲེལ་བ་མ་གྲུབ་པའི་ཕྱིར། རང་ལན་ནི། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་བཤད་པ་དང་། ཆོས་ཅན་གྱི་ངོ་བོ་མ་གྲུབ་ནས་ཕྱོགས་ཆོས་མ་གྲུབ་པའི་རྟགས་བཤད་པ་མི་འགལ་ཏེ། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་ཡོད་པར་སྔར་བཤད་ཟིན་ལ། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་ཚེ་རྟགས་སུ་བཟུང་བ་དེ་ཡིན་ན་གཞི་མ་གྲུབ་དགོས་ན། ཆོས་ཅན་གྱི་ངོ་བོ་མ་གྲུབ་ནས་ཕྱོགས་ཆོས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། དཔེར་ན། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། མཚན་མོ་ལོ་མ་ཁུམས་ཏེ་ཉལ་བའི་ཕྱིར་ཞེས་པ་ལྟ་བུའོ། །གལ་ཏེ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། ཁྱོད་བྱས་པའི་ཕྱོགས་གཅིག་ལ་མ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ།


DLL1004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་གྱི་ཕྱོགས་གཅིག་ལ་མེད་ནས་མ་གྲུབ་པའི་རྟགས་ཁས་བླངས་པ་ཡིན་གྱི། ཆོས་ཅན་གྱི་ཕྱོགས་གཅིག་ལ་མེད་ན་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པ་ཁས་བླངས་པ་མ་ཡིན་པའི་ཕྱིར། བྱས་པ་ཙམ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སྒྲུབ་ནུས་ལ། ཤིང་ཙམ་མཚན་མོ་ལོ་མ་ཁུམས་ནས་ཉལ་བར་སྒྲུབ་མི་ནུས་པའི་ཕྱིར་རོ། །ལྔ་པ་ནི། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ཐ་དད་མེད་ནས་མ་གྲུབ་པའི་རྟགས་ལ་གསུམ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་དང་། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང་། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའོ། །དཔེར་བརྗོད་རིམ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་པ་དང་། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་དང་། མི་རྟག་པ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པོ་འདི་ཕྱོགས་ཆོས་མ་གྲུབ་པའི་རྟགས་མ་ཡིན་པར་ཐལ། རྟགས་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཕྱོགས་ཆོས་ཡིན་ན་རྟགས་ངེས་ནས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་དང་། རྟགས་དང་ཆོས་ཅན་ཁྱད་གཞི་ཁྱད་ཆོས་ཀྱི་ཚུལ་དུ་བློ་ཡུལ་དུ་འཆར་བ་དང་། ཆོས་ཅན་དེའི་སྟེང་དུ་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་དང་ལྡན་པ་དགོས་ལ། གསུམ་པོ་འདི་ལ་དེ་དག་རིམ་པ་བཞིན་མ་ཚང་བའི་ཕྱིར། ཁ་ཅིག །གསུམ་པོ་འདི་དོན་ལ་མ་གྲུབ་པའི་རྟགས་ཀྱི་དབྱེ་བར་བྱེད་པ་མི་འཐད་དེ། འདི་དག་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། དེས་ན་གསུམ་པོ་འདི་དག་ཤེས་འདོད་ལ་ལྟོས་ནས་མ་གྲུབ་པའི་རྟགས་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། སྒྲ་སྒྲ་ཡིན་པར་ངེས་ནས་སྒྲ་རྟག་མི་རྟག་ཤེས་འདོད་དང་ལྡན་པའི་གང་ཟག་ཡོད་པའི་


DLL1004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འཁོར་གསུམ་མོ། །གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པ་ལ་བཞི། ཤེས་འདོད་མེད་ནས་མ་གྲུབ་པ་དང་། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང་། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང་། གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ། །དཔེར་བརྗོད་རིམ་པ་བཞིན་སྒྲ་མི་རྟག་པར་གྲུབ་ཟིན་མ་བརྗེད་པའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ཞེས་དང་། བསྐལ་དོན་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། དུ་བ་རླངས་པ་གང་དུ་ཡང་མ་ངེས་བཞིན་དུ་སྐྱ་རྫས་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་དང་། རྨ་བྱའི་སྒྲ་གང་ན་གྲག་མ་ངེས་བཞིན་དུ་རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ལ་གསུམ། སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་དང་། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པ་དང་། གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའོ། །དང་པོ་ནི། དཔེར་ན། གྲངས་ཅན་གྱིས་སངས་རྒྱས་པའི་ངོར། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །འདི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། གྲངས་ཅན་གྱིས་སྔར་ཡོད་གསལ་བ་ལས་སྐྱེ་བ་དང་མི་གསལ་བ་ལ་འཇིག་པར་འདོད་པ་མ་གཏོགས། སྔར་མེད་གསར་དུ་སྐྱེ་བ་དང་སྐད་ཅིག་གིས་འཇིག་པ་བློ་བདེའི་སྟེང་དུ་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། དཔེར་ན། གཅེར་བུ་པས་སངས་རྒྱས་པའི་ངོར། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ཕྱི་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། སྲོག་འགག་པ་འཆི་བའི་དོན་ཡིན་པ་གང་ཞིག །སངས་རྒྱས་པས་ཤིང་ལ་སྲོག་དང་རྣམ་ཤེས་འགག་པ་མ་གྲུབ་པའི་ཕྱིར། རྟགས་གཉིས་པོ་འདི་ཡང་སོ་སོར་བཤད་པ་ཙམ་ཡིན་གྱི། རྒོལ་ཕྱི་རྒོལ་


DLL1004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་ལྟོས་ནས་མ་གྲུབ་པ་ཡིན་ནོ། །སྔ་མ་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། ཕྱི་རྒོལ་གྱི་ངོར་ཕྱོགས་ཆོས་ཡིན་ན་ཕྱི་རྒོལ་བསྒྲུབ་བྱ་ལ་ཐེ་ཚོམ་དང་ལྡན་པ་དགོས་ལ། སངས་རྒྱས་པས་བློ་བདེ་སེམས་ཡོད་དུ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །གཉིས་པ་འདི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། གཅེར་བུ་པས་ཤིང་གི་སྟེང་དུ་འཆི་བ་དང་འཆི་བའི་དོན་གང་ཡང་ཚད་མས་མ་གྲུབ་པའི་ཕྱིར། གལ་ཏེ་འདི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། གཅེར་བུ་པ་དེ་ཤུན་པ་བཤུས་ན་འཆི་བའི་དོན་ཤུན་པ་བཤུས་ནས་སྐམ་པ་ཙམ་ལ་འདོད་པ་གང་ཞིག །གཅེར་བུ་བས་ཤིང་གི་སྟེང་དུ་ཤུན་པ་བཤུས་ན་སྐམ་པར་འདོད་པའི་ཕྱིར་ཞེ་ན། འོ་ན་རྟགས་དང་པོ་དེ་ཡང་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་མ་ཡིན་པར་ཐལ། གྲངས་ཅན་དེ་སྔར་ཡོད་གསལ་བ་ལ་སྐྱེ་བ་དང་མི་གསལ་བ་ལ་འཇིག་པའི་དོན་དུ་འདོད་པ་གང་ཞིག །གྲངས་ཅན་གྱིས་བློ་བདེའི་སྟེང་དུ་འདོད་པའི་ཕྱིར། གསུམ་པ་ནི། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །དེ་ལྟར་ན་རྟགས་སུ་བཀོད་པ་ཐམས་ཅད་རྟགས་ཡང་དག་དང་འགལ་མ་ངེས་མ་གྲུབ་པའི་རྟགས་བཞིར་ངེས་པ་ཡིན་ཏེ། སྤྱིར་རྟགས་སུ་བཀོད་པ་ལ་ཕྱོགས་ཆོས་གྲུབ་པ་དང་མ་གྲུབ་པ་གཉིས་སུ་ངེས་ལ། གྲུབ་པ་ལ་ཁྱབ་པ་རྣལ་མར་ངེས་མ་ངེས་གཉིས་སུ་ངེས་ལ། གཉིས་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དང་མ་ངེས་པ་གཉིས་སུ་ངེས་པའི་ཕྱིར་རོ། །༥༠༽ སྒྲུབ་ངག་བཤད་པ། གཉིས་པ་གཞན་དོན་རྗེས་དཔག་བཤད་པ་ལ་གཉིས་རྗོད་བྱེད་ངག་བཤད་པ་དང་། བརྗོད་བྱ་དོན་གྱི་རང་བཞིན་བཤད་པའོ། །དང་པོ་ལ་གསུམ། སྒྲུབ་ངག་བཤད་པ་དང་། སུན་འབྱིན་བཤད་པ་དང་། རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་བཤད་པའོ། །དང་པོ་ལ་གསུམ། གཞན་ལུགས་དགག །རང་


DLL1004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བཞག །རྩོད་པ་སྤང་པའོ། །དང་པོ་ནི། ཁ་ཅིག །གཞན་དོན་རྗེས་དཔག་གི་མཚན་ཉིད། རྒོལ་བ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ངག་ཡང་དག་ཡིན་པ། དེས་ན་སྒྲུབ་ངག་ཡན་ལག་གཅིག་ལྡན་ཡང་ཡོད་དེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ཤེས་ཟིན་མ་བརྗེད། ཕྱོགས་ཆོས་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར། སྒྲ་ཡང་བྱས་ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ངག་དེ་རྒོལ་བ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ངག་ཡང་དག་ཡིན་པའི་ཕྱིར་དང་། དེ་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་རྟོགས་པ་སྐྱེད་ནུས་པའི་ཕྱིར། དེ་སྐད་དུའང་། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པའི་ཕྱིར། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་གསུངས་པ་དང་མི་འགལ་ཏེ། དེ་ནི་ཚུལ་གསུམ་ག་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་ངོར་ཚུལ་གསུམ་གང་རུང་ཞིག་མ་བརྗོད་ན་སྒྲུབ་ངག་མ་ཚང་བའི་སྐྱོན་ཅན་དུ་བསྟན་པ་ཡིན་པའི་ཕྱིར་ཞེས་ཟེར། དེ་འགོག་པ་ལ་ཁ་ཅིག །དེ་ལྟ་བུའི་ངག་དེ་སྒྲུབ་ངག་ཡང་དག་མ་ཡིན་ཏེ། སྒྲུབ་ངག་མ་ཚང་བའི་སྐྱོན་ཅན་ཡིན་པའི་ཕྱིར་ཏེ། ཁྱབ་པ་མ་བསྟན་པ་ཡིན་ པའི་ཕྱིར། དེ་ལྟ་མ་ཡིན་ན་། ཕྱོགས་ཆོས་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་ཐལ། ཕྱོགས་ཆོས་རྐྱང་པ་རྗོད་པའི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར། རྟགས་ཁས་བླངས་ཞེས་ཟེར་ཞིང་། རྒོལ་བ་དེ་གཉིས་ཀའི་ལུགས་ལ་ཡང་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར་ཞེས་ཟེར། འདོད་པ་དང་པོ་མི་འཐད་དེ། དེ་ལྟ་བུའི་རྒོལ་བའི་ངོར་ཕྱོགས་


DLL1004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྒྲུབ་ངག་གི་ཡན་ལག་འགྱུར་བ་ཡོད་པར་ཐལ། དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ་ཕྱོགས་ཚིག་ཡིན་པའི་ཕྱིར་ཏེ། དེའི་ངོར་སྒྲ་བྱས་པ་དེ་བསྒྲུབ་བྱ་ཡིན་པའི་ཕྱིར། གཞན་ཡང་། དེའི་ངོར་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་པར་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར་སྒྲ་མི་རྟག་ཅེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པར་ཐལ། སྒྲ་བྱས་པར་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ། སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཕྱོགས་ཚིག་ཡིན་ན་སྒྲུབ་ངག་ཡང་དག་ཡིན་པས་ཁྱབ་པར་ཐལ་ལོ། །གཞན་ཡང་། དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། ཁྱོད་རྒོལ་བ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ངག་ཡང་དག་མ་ཡིན་པར་ཐལ། ཁྱོད་ཕྱོགས་ཆོས་གསལ་བར་སྟོན་པའི་ངག་ཡང་དག་ཀྱང་མ་ཡིན། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གསལ་བར་སྟོན་པའི་ངག་ཡང་དག་ཀྱང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཏེ། དེས་བྱས་པ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། དེས་ན་དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པར་འདོད་པ་དང་། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ། ཕྱོགས་ཆོས་ཀྱི་མཚན་ཉིད་དུ་འདོད་པ་འགལ་བ་ཡིན་ནོ། །འདོད་པ་ཕྱི་མ་དེ་ཡང་མི་འཐད་དེ། དེའི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན སྒྲུབ་ངག་སྐྱོན་ཅན་མ་ཡིན་པར་


DLL1004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ངག་སྐྱོན་ཅན་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྒྲ་མི་རྟག་པར་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར། སྒྲ་མི་རྟག་ཅེས་པའི་ངག་དེ་ངག་སྐྱོན་ཅན་ཡིན་པར་ཐལ་ལོ། །འདོད་ན། ཕྱོགས་ཚིག་ཡིན་ན་ངག་སྐྱོན་ཅན་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་ན། དམ་བཅའ་ཡང་དག་མི་སྲིད་པར་ཐལ་ལོ། །དེས་ན་སྒྲ་བྱས་པར་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་དེ་གང་ཟག་དེའི་ངོར་ཕྱོགས་ཚིག་ཙམ་ཡིན་གྱི། སྒྲུབ་ངག་ཡང་དག་དང་སྐྱོན་ཅན་གང་ཡང་མ་ཡིན་ནོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པར་འདོད་པའང་མི་འཐད་དེ། དེ་ལྟ་བུའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པར་ཐལ། ཁྱོད་ཀྱི་ངོར་དེ་ལྟ་བུའི་ངག་དེ་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་ཁྱབ་པ་ཡོད་དེ། སློབ་དཔོན་གྱིས། རྗོད་པ་གང་ཞིག་གཉིས་ཀ་ལ་ངེས་པ་དེ་ཁོ་ན་སྒྲུབ་པའམ། སུན་འབྱིན་པ་ཡིན་གྱི་གང་ཡང་རུང་བ་ལ་མ་གྲུབ་པ་དང་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། ཡང་སྒྲུབ་པར་བྱེད་པ་ལ་ལྟོས་པའི་ཕྱིར། ཞེས་གསུངས་སོ། །ཁ་ཅིག་སྒྲུབ་ངག་ཡང་དག་ལ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། ཤེས་འདོད་ཆོས་ཅན་དང་མཐུན་དཔེ་གཉིས་རྟགས་དང་བསྒྲུབ་བྱའི་ཆོས་སུ་ཆོས་མཐུན་པར་དངོས་སུ་སྟོན་པའི་ངག་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། ཤེས་འདོད་ཆོས་ཅན་དང་མི་མཐུན་དཔེ་གཉིས་རྟགས་དང་བསྒྲུབ་བྱའི་ཆོས་མི་མཐུན་པར་དངོས་སུ་སྟོན་པའི་ངག །ཆོས་མཐུན་པའི་དོན་ཡང་སྒྲུབ་ཚུལ་ཡོད་སྒྲུབ་རྣམས་ཡོད་པར་ཆོས་མཐུན་པ་དང་ཡིན་སྒྲུབ་རྣམས་ཡིན་པར་ཆོས་མཐུན་པ་ཡིན་ཞེས་ཟེར་


DLL1004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། སྒྲ་དང་བུམ་པ་གཉིས་མི་རྟག་པ་ཡིན་པར་ཆོས་མཐུན་པར་དངོས་སུ་སྟོན་པའི་ངག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པ་གང་ཞིག་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ཡིན་སྒྲུབ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། སྒྲ་མི་རྟག་པར་དངོས་སུ་སྟོན་པའི་ངག་ཡིན་པར་ཐལ་ལོ། །འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སུ་སྟོན་པའི་ངག་ཡིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ལ་བཞི། མདོའི་རྣམ་བཅད་ཀྱི་དགོས་པ་བཤད་པ་དང་། གཞན་དོན་རྗེས་དཔག་གི་མཚན་ཉིད་དང་། དབྱེ་བ་དང་། མཚོན་བྱའི་སྒྲ་བཤད་པའོ། །དང་པོ་ནི། ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས་པའི་རྐང་པ་དང་པོས་མཚོན་བྱ་དང་། རྐང་པ་གཉིས་པས་མཚན་ཉིད་བསྟན་པ་ཡིན་ལ། དེ་ཡང་རང་གིས་མཐོང་བ་དང་དོན་དང་རབ་གསལ་བྱེད་གསུམ་གྱིས་རིམ་པ་བཞིན་དུ། གཞན་དོན་རྗེས་དཔག་ཡིན་ན། བློ་སྐྱོན་དང་དོན་སྐྱོན་དང་སྒྲ་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པར་བསྟན་ཏོ། །ཇི་ལྟར་བསྟན་ན། རང་གིས་མཐོང་བ་ཞེས་པའི་ཚིག་གིས་གཞན་དོན་རྗེས་དཔག་ཡིན་ན་བློ་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་ཏེ། བློ་བདེ་སྐྱེ་འཇིག་ཅན་ལྟ་བུ་དོན་ལ་གྲུབ་ཀྱང་རྒོལ་བས་མ་མཐོང་བར་ཕྱི་རྒོལ་གྱི་ལུང་ཙམ་ལས་བཤད་པའི་གཏན་ཚིགས་ཡང་དག་དང་། དེ་སྟོན་པའི་ངག་སྒྲུབ་ཡང་ངག་ཡིན་པ་བཅད་པའི་


DLL1004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དུ་རང་གིས་མཐོང་བ་ཞེས་པའི་ཚིག་སྨོས་པའི་ཕྱིར་རོ། །རང་གིས་མཐོང་བ་ཞེས་པའི་དོན་ལ། རྒྱན་མཁན་པོ་ན་རེ། རང་གིས་མཐོང་བ་ཞེས་པའི་ཚིག་གིས་གཞན་དོན་གྱི་རྟགས་ཡང་དག་ཡིན་ན། ཚུལ་གསུམ་རྒོལ་ཕྱི་རྒོལ་གཉིས་ཀ་དང་དབང་པོ་ཡོད་ན་དེས་ཀྱང་མཐོང་བ་ཞིག་དགོས་པར་བསྟན། ཞེས་གསུང་། འདི་ལ་ཁ་ཅིག །འོ་ན། གཞན་དོན་རྗེས་སུ་དཔག་པ་ནི། ཞེས་པའི་གཞན་དེ་རྒོལ་ཕྱི་རྒོལ་གཉིས་ཀ་ལས་གཞན་ལ་བྱེད་རིགས་པར་ཐལ། རང་གིས་མཐོང་བ་ཞེས་པ་རྒོལ་ཕྱི་རྒོལ་གཉིས་ཀས་མཐོང་བ་ལ་བྱེད་རིགས་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལྟ་བུའི་གཞན་དེ་ཕྱི་རྒོལ་ལ་བྱེད་མི་རིགས་པར་འགྱུར་རོ་ཞེས་ཟེར་རོ། །དོན་ཞེས་པའི་ཚིག་གིས་གཞན་དོན་རྗེས་དཔག་ཡིན་ན་དོན་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་ཏེ། ཚུལ་གསུམ་དོན་ལ་མ་གྲུབ་པར་རྟོག་པས་སྒྲོ་བཏགས་ཙམ་དེ་རྟགས་ཡང་དག་དང་། དེ་བརྗོད་པའི་ཚིག་སྒྲུབ་ངག་ཡང་དག་ཡིན་པ་བཅད་པའི་ཕྱིར་དོན་ཞེས་པའི་ཚིག་སྨོས་པའི་ཕྱིར་རོ། །དོན་ཞེས་པས་གཞན་དོན་གྱི་རྟགས་ཡང་དག་ཡིན་ན། ཚུལ་གསུམ་ཚད་མས་གྲུབ་པ་ཞིག་དགོས་པར་བསྟན་གྱི་དངོས་པོར་གྲུབ་པ་ཞིག་དགོས་པར་བསྟན་པ་མ་ཡིན་ཏེ། དངོས་པོར་མེད་པའི་གཞན་དོན་གྱི་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར། རབ་གསལ་བྱེད་ཅེས་པའི་ཚིག་གིས་གཞན་དོན་རྗེས་དཔག་ཡིན་ན། སྒྲ་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་ཏེ། ཚུལ་གསུམ་དོན་ལ་གྲུབ་ཅིང་གྲུབ་པ་ལྟར་ཚད་མས་ངེས་ཀྱང་། གཞན་ལ་ལྟོས་པ་ན་ལྷག་ཆད་ཀྱི་སྐྱོན་དང་བཅས་པའི་ངག་སྒྲུབ་ངག་ཡང་དག་ཡིན་པ་བཅད་པའི་ཕྱིར་དུ་རབ་གསལ་བྱེད་ཅེས་སྨོས་པའི་ཕྱིར། འོ་ན། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་སྟོན་བྱེད། །ཅེས་མི་སྨོས་པར་ཅིའི་ཕྱིར་རབ་གསལ་བྱེད་ཅེས་སྨོས་ཤེ་ན། རྒྱན་མཁན་པོ་ན་རེ། ངག་གཅིག་གིས་རྗེས་སུ་འགྲོ་ལྡོག་


DLL1004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱབ་པ་གཉིས་ཀ་དངོས་སུ་སྟོན་པ་ནི་འགའ་ཡང་མེད་པས་རབ་སྟོན་བྱེད་ཅེས་མ་སྨོས་པར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གང་རུང་ཞིག་དངོས་སུ་བསྟན་པས་ཅིག་ཤོས་དོན་གྱིས་གསལ་བར་འགྱུར་བས་རབ་གསལ་བྱེད་ཅེས་སྨོས་པ་ཡིན་ནོ་ཞེས་བཞེད་དོ། །དེ་ལ་ཁ་ཅིག་ན་རེ། འོ་ན་ངག་གཅིག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་དངོས་སུ་གསལ་བར་བྱེད་པ་ནི་འགའ་ཡང་མེད་པས། རབ་གསལ་བྱེད་ཅེས་མི་སྨོས་པར་དེ་གཉིས་གང་རུང་ཞིག་དངོས་སུ་བསྟན་པས་ཅིག་ཤོས་དོན་གྱིས་སྟོན་པར་འགྱུར་པས་རབ་སྟོན་བྱེད་ཅེས་སྨོས་རིགས་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན་ལྷག་ཆད་ཀྱི་སྐྱོན་དང་བཅས་པའི་ཇི་ལྟ་བུ་ཞེ་ན། རང་གཞན་གྱི་སྡེ་པ་འགའ་ཞིག་ཚུལ་གསུམ་དོན་ལ་གྲུབ་ཅིང་གྲུབ་པ་ལྟར་ཚད་མས་ངེས་ཀྱང་དེ་གཞན་ལ་སྟོན་པ་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་དེའི་ཕྱིར་ན་སྒྲ་མི་རྟག་ཅེས་སྟོན་པའི་ངག་ལྟ་བུའོ། །འོ་ན། དེ་དག་ཆད་པ་དང་ལྷག་པའི་སྐྱོན་ཅན་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུའི་ངག་ཆོས་ཅན། སྒྲུབ་ངག་ཆད་པའི་སྐྱོན་ཅན་ཡིན་ཏེ། སྒྲུབ་ངག་ཏུ་བཀོད་པ་གང་ཞིག །དཔེ་དངོས་སུ་བསྟན་ཀྱང་ཁྱབ་པ་དངོས་སུ་མ་བསྟན་པའི་ཕྱིར་རོ། །ཆོས་ཅན། སྒྲུབ་ངག་ལྷག་པའི་སྐྱོན་ཅན་ཡིན་ཏེ་གང་ཞིག །དམ་བཅའ་དང་ཉེར་གཏོད་དང་མཇུག་སྡུད་གསུམ་པོ་བརྗོད་པ་ལྷག་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་མི་རྟག་ཅེས་པའི་ཚིག་གིས་ཕྱི་རྒོལ་གྱི་རྒྱུད་ལ་སྒྲ་མི་རྟག་པ་ལ་ཐེ་ཚོམ་ཙམ་སྐྱེད་ཀྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེད་པའི་ནུས་པ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱོགས་ཆོས་བརྗོད་པ་དང་ཟློས་པའི་ཕྱིར། གསུམ་པ་གྲུབ་སྟེ། དམ་བཅའ་དང་ཟློས་པའི་ཕྱིར་རོ། །འོ་ན། ཚུལ་གསུམ་དོན་ལ་གྲུབ་ཅིང་གྲུབ་པ་ལྟར་ཚད་མས་ངེས་ན་


DLL1004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་རྟགས་སྟོན་པའི་ཆོ་ག་ཇི་ལྟར་སྐྱོན་ཅན་ཡིན་ཞེ་ན། ཡིན་ཏེ། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ཏེ་དོན་ཇི་ལྟ་བ་བཞིན་མ་ཡིན་པར་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ལྷག་ཆད་ཅན་གྱི་སྒྲུབ་ངག་བརྗོད་ན། དོན་སྐྱོན་བརྗོད་པའི་ཐོག་མར་ཚིག་སྐྱོན་གྱི་སྒོ་ནས་སྨྲ་བ་པོ་སུན་འབྱིན་པར་འགྱུར་བའི་ཕྱིར་རོ། །ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པའི་དོན་ཡང་ཚིག་སྐྱོན་དང་བྲལ་བ་དགོས་པ་ཡིན་གྱི། དོན་སྐྱོན་དང་བྲལ་བ་དགོས་པར་བསྟན་པ་མིན་ནོ། །ཁ་ཅིག །ཐོགས་མེད་སྐུ་མཆེད་སྒྲུབ་ངག་ཡན་ལག་ལྔ་ལྡན་བཞེད་ལ། ཕྱོགས་གླང་ཡབ་སྲས་ཀྱིས་དེ་བཀག་ནས་སྒྲུབ་ངག་ཡན་ལག་གཉིས་ལྡན་བཞེད་དོ་ཞེས་སྨྲ་བ་མི་འཐད་དེ། སྒྲུབ་ངག་ལ་འཆད་པ་དང་འགོད་པའི་སྐབས་གཉིས་ལས། འཆད་པའི་ཚེ་ཕྱོགས་གླང་ཡབ་སྲས་ཀྱིས་ཀྱང་སྒྲུབ་ངག་ཡན་ལག་ལྔ་ལྡན་བཞེད་ལ། ཕྱི་རྒོལ་ལ་འགོད་པའི་ཚེ་ནི་ཐོགས་མེད་སྐུ་མཆེད་ཀྱིས་ཀྱང་སྒྲུབ་ངག་ཡན་ལག་གཉིས་ལྡན་བཞེད་པའི་ཕྱིར་རོ། །གཉིས་པ་གཞན་དོན་རྗེས་དཔག་གི་མཚན་ཉིད། རྒོལ་བ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན་ནོ། །གསུམ་པ་དབྱེ་བ་གཉིས། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གོ །དང་པོའི་མཚན་ཉིད། རྟགས་དེ་དེ་སྒྲུབ་གྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་ངག །དཔེར་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་ལྟ་བུའོ། །གཉིས་པའི་མཚན་ཉིད། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་ངག །དཔེར་ན་


DLL1004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པའི་ངག་ལྟ་བུའོ། །དེ་སྐད་དུ་རིགས་སྒོར། དེ་ལ་ཆོས་མཐུན་པ་ནི་གང་ལ་རྟགས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་སྟོན་པར་བྱེད་པ་སྟེ། གང་བྱས་པ་དེ་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ཞེས་པའོ། །ཆོས་མི་མཐུན་པ་ཡང་དག་ལ་བསྒྲུབ་པར་བྱེད་པ་ལ་རྟགས་མེད་པ་ཉིད་དུ་སྟོན་པ་སྟེ། གང་རྟག་པ་དེ་བྱས་པ་མིན་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ཞེས་པའོ། །ཞེས་གསུངས་པ་ལྟར། ཆོས་མཐུན་པར་སྟོན་པའི་དོན་དེ་སྒྲུབ་ཀྱི་རྟགས་དང་མཐུན་དཔེ་གཉིས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པ་ལ་བྱེད་པ་ཡིན་གྱི། རྩོད་གཞི་དང་མཐུན་དཔེ་གཉིས་རྟགས་དང་བསྒྲུབ་བྱའི་ཆོས་སུ་ཆོས་མཐུན་པར་དངོས་སུ་སྟོན་པའི་དོན་མིན་ནོ། །དེ་ལྟར་ན་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་རྗེས་འགྲོའི་ཁྱབ་པ་དངོས་སུ་བསྟན་ནས་ལྡོག་ཁྱབ་ཤུགས་ལ་བསྟན་པ་ཡིན་ལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་ལྡོག་ཁྱབ་དངོས་སུ་བསྟན་ནས་རྗེས་འགྲོའི་ཁྱབ་པ་ཤུགས་ལ་བསྟན་པ་ཡིན་ནོ། །གལ་ཏེ་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ངག་གིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་བསྟན་པ་དང་། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པའི་ངག་གིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་བསྟན་པ་མ་ཡིན་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན། རྟག་ན་མ་བྱས་པའི་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་


DLL1004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ངག་གིས་སྒྲ་བྱས་པ་དང་བྱས་ན་མི་རྟག་པས་ཁྱབ་པ་དངོས་སུ་བརྗོད་པ་ལ་བརྟེན་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ནུས་ལ་དེའི་ཤུགས་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་ནུས་པས། སྒྲུབ་ངག་དེས་རྗེས་འགྲོ་དངོས་སུ་བསྟན་ལྡོག་ཁྱབ་ཤུགས་ལ་བསྟན་པར་བརྗོད་པའི་ཕྱིར་རོ། །འོ་ན་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཀ་དངོས་སུ་བསྟན་དགོས་པའི་སྒྲ་མི་རྟག་པར་སྒྲུབ་དགོས་ཀྱི་ཕྱི་རྒོལ་ཡོད་དམ་མེད་ཅེ་ན། མེད་ཀྱི་གང་རུང་རེ་དངོས་སུ་བསྟན་པས་ཆོག་སྟེ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་གང་རུང་ཞིག་དངོས་སུ་བསྟན་པས་ཅིག་ཤོས་དོན་གྱིས་གོ་བར་འགྱུར་བའི་ཕྱིར། དེ་སྐད་དུའང་། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པ། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པས་སོ། །ཁ་ཅིག །རྒོལ་བ་དབང་རྣོན་གྱི་ངོར་གཉིས་ཀ་དངོས་སུ་བསྟན་མི་དགོས་ཀྱང་། དབང་རྟུལ་གྱི་ངོར་གཉིས་ཀ་དངོས་སུ་བསྟན་དགོས་སོ་ཞེས་ཟེར་ན། འོ་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་དངོས་སུ་བསྟན་པའི་སྒྲུབ་ངག་ཡོད་པར་ཐལ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་དངོས་སུ་བསྟན་དགོས་པའི་ཕྱི་རྒོལ་ཡོད་པའི་ཕྱིར། འདོད་ན། སྒྲུབ་ངག་ཡན་ལག་གསུམ་ལྡན་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒྲུབ་ངག་ཡང་དག་ཡིན་ན་སྒྲུབ་ངག་ཡན་ལག་གཉིས་ལྡན་ཡིན་དགོས་པའི་ཕྱིར་རོ། །སྒྲུབ་ངག་ཡན་ལག་གསུམ་ལྡན་ཡོད་པར་ཐལ་བའི་སྐྱོན་མེད་དེ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་དངོས་སུ་བརྗོད་ཀྱང་ཁྱབ་པ་བརྗོད་པ་ཞེས་པའི་ཡན་ལག་གཅིག་ཏུ་བགྲང་བར་བྱ་བ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་པོ་ཁྱབ་པའི་ཚུལ་ཞེས་རྟགས་ཀྱི་ཚུལ་གཅིག་


DLL1004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བགྲང་བར་རིགས་པར་འགྱུར་རོ། །གཞན་ཡང་། ཕྱི་རྒོལ་དབང་རྟུལ་གྱི་ངོར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཀ་དངོས་སུ་བསྟན་མི་དགོས་པར་ཐལ། གང་ཟག་དེས་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་རྟོགས་པའི་ཤུགས་ལ་རྟགས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་ནུས། རྟགས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་དངོས་སུ་རྟོགས་པའི་ཤུགས་ལ། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ནུས་པའི་ཕྱིར། རྟགས་མ་གྲུབ་ན། ཕྱི་རྒོལ་དབང་རྟུལ་ལ་ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གང་རུང་དངོས་སུ་བརྗོད་པས་དེའི་རྒྱུད་ལ་དོན་གྱི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་མ་ཡིན་པར་ཐལ་ལོ། །འདོད་ན། ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང་། །དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་པ་རྒོལ་བ་དབང་རྣོན་ཁོ་ནའི་དབང་དུ་བྱས་པ་དང་། ཕྱི་རྒོལ་དབང་རྟུལ་གྱི་རྒྱུད་ལ་བསྒྲུབ་བྱ་ལ་རྟོགས་པ་བསྐྱེད་པའི་ཕྱིར་དུ་བསྒྲུབ་བྱ་ཡང་དངོས་སུ་བསྟན་དགོས་པར་ཐལ་ལོ། །གཞན་ཡང་། རྒོལ་བ་དེས་སྒྲ་མི་རྟག་པར་དངོས་སུ་རྟོགས་པའི་ཤུགས་ལ་སྒྲ་རྟག་པ་མ་ཡིན་པར་རྟོགས་མི་ནུས་པར་ཐལ། དེས་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་རྟོགས་པའི་ཤུགས་ལ། རྟགས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་རྟོགས་མི་ནུས་པའི་ཕྱིར། རྟགས་ཁས་བླངས་སོ། །བཞི་པ་མཚོན་བྱའི་སྒྲ་བཤད་པ་ནི་སྔ་རྒོལ་ལས་གཞན་ཕྱི་རྒོལ་གྱི་དོན་ཡིན་པས་གཞན་དོན་དང་རྗེས་དཔག་གི་རྒྱུ་ཡིན་པས་ན་རྗེས་དཔག་ཏུ་བཏགས་པ་ཡིན་གྱི་རྗེས་དཔག་དངོས་མ་ཡིན་ཏེ། ཚིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་དཔག་ཏུ་བཏགས་པ་ལ་དགོས་པ་ཡོད་དེ། ངག་དེ་ལ་བརྟེན་ནས་བསྒྲུབ་བྱ་


DLL1004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་རྗེས་དཔག་རྒྱུད་ལ་སྐྱེ་བར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི། ཚིག་གི་བྱེད་པ་ལ་བརྟེན་ནས་རྗེས་དཔག་སྐྱེ་བས་གཞན་དོན་རྗེས་དཔག་འཇོག་ན། རི་དྭགས་རྒྱུག་པ་ལ་ལྟོས་ཞེས་པའི་ཚིག་གི་བྱེད་པ་ལ་བརྟེན་ནས་རི་དྭགས་རྒྱུག་པ་མཐོང་བའི་མངོན་སུམ་སྐྱེ་བས་གཞན་དོན་གྱི་མངོན་སུམ་ཡོད་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། རྗེས་དཔག་རྟོག་པ་ཡིན་པས་ཚིག་གི་བྱེད་པ་ལ་བརྟེན་ནས་སྐྱེ་བར་རིགས་ལ། དབང་པོའི་མངོན་སུམ་གཟུང་དོན་ལས་སྐྱེ་བས་ཚིག་གི་བྱེད་པ་ལས་སྐྱེ་བར་མི་རིགས་པའི་ཕྱིར་རོ། །དེ་སྐད་དུའང་རྒྱན་ལས། ཇི་ལྟར་ཚིག་ལས་མཐོང་བ་ཡི། །འབྲེལ་བ་དྲན་པར་གྱུར་བ་ན། །རྗེས་དཔག་སྐྱེ་བ་དེ་བཞིན་དུ། །འགར་ཡང་མངོན་སུམ་སྐྱེ་མ་ཡིན། །ཞེས་གསུངས་སོ། །གལ་ཏེ་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་མ་ཡིན་ན། སློབ་དཔོན་གྱིས། རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་འབྲེལ་བ་བསྒྲུབ་བྱ་དག །བརྗོད་པ་ལས་གཞན་སྤང་བར་བྱ། །ཞེས་ཕྱོགས་ཆོས་དང་འབྲེལ་བ་དང་བསྒྲུབ་བྱ་བརྗོད་པར་བྱ་ལ་དེ་ལས་གཞན་བརྗོད་པ་སྤང་བར་བྱ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཕྱོགས་ཆོས་དང་འབྲེལ་བ་བརྗོད་པར་བྱའོ། །གང་དང་འབྲེལ་བ་བརྗོད་པར་བྱ་ཞེ་ན་བསྒྲུབ་བྱའི་ཆོས་དང་འབྲེལ་པ་བརྗོད་པར་བྱའོ། །ཞེས་པའི་དོན་ཡིན་པའི་ཕྱིར། གལ་ཏེ་སྒྲུབ་ངག་ཡན་ལག་གཅིག་ལྡན་མེད་ན། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་ཤེས་ཟིན་མ་བརྗེད། ཕྱོགས་ཆོས་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར། སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་མ་ཤེས་པ་ཤེས་པའི་ཕྱིར་དུ་བརྗོད་མི་དགོས་ཞེས་པའི་དོན་ཡིན་གྱི། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བསྟན་མི་དགོས་པའི་དོན་མ་ཡིན་པའི་ཕྱིར་


DLL1004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ཤེས་ཟིན་མ་བརྗེད་ཕྱོགས་ཆོས་མི་ཤེས་ཤེས་རུང་དུ་ཡོད་པའི་གང་ཟག་གི་ངོར་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་པར་ཐལ། སྒྲུབ་ངག་ཏུ་བཀོད་པ་གང་ཞིག །སྒྲུབ་ངག་ལྷག་པ་དང་ཆད་པའི་སྐྱོན་ཅན་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཆོས་ཅན། ཁྱབ་པ་དངོས་སུ་མ་བསྟན་པའི་ཆ་ནས་སྒྲུབ་ངག་ཆད་པའི་སྐྱོན་ཅན་ཡིན་པར་ཐལ། སྒྲུབ་ངག་ཆད་པའི་སྐྱོན་ཅན་དུ་འཇོག་བྱེད་ཅིག་ཡོད། དེ་ལས་གཞན་སྒྲུབ་ངག་ཆད་པའི་སྐྱོན་ཅན་དུ་འཇོག་བྱེད་མེད་པའི་ཕྱིར། རྟགས་ཁས་འདོད་མི་ནུས་ཏེ། ཁྱོད་འགོད་དགོས་ཀྱི་གང་ཟག་དེའི་ངོར་ཁྱབ་པ་དངོས་སུ་བསྟན་མི་དགོས་པའི་ཕྱིར་ཏེ། དེས་ཁྱབ་པ་ཤེས་ཟིན་མ་བརྗེད་པའི་ཕྱིར་དང་། དེ་ལྟ་བུའི་གང་ཟག་གི་ངོར་ཁྱབ་པ་དངོས་སུ་མ་བསྟན་ཀྱང་གང་ཟག་དེའི་རྒྱུད་ལ་བསྒྲུབ་བྱ་ལ་རྟོགས་པ་སྐྱེ་བའི་ཕྱིར་ཞེ་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་ན་སྒྲ་མི་རྟག་ཅེས་པའི་ངག་ཆོས་ཅན། དེ་སྒྲུབ་ཀྱི་ཁྱབ་པ་དངོས་སུ་མ་བསྟན་པའི་ཆ་ནས་སྒྲུབ་ངག་ཆད་པའི་སྐྱོན་ཅན་མ་ཡིན་པར་ཐལ། ཁྱོད་འགོད་དགོས་ཀྱི་གང་ཟག་དེའི་ངོར་དེ་སྒྲུབ་ཀྱི་ཁྱབ་པ་དངོས་སུ་བསྟན་མི་དགོས་པའི་ཕྱིར་ཏེ། གང་ཟག་དེས་དེ་སྒྲུབ་ཀྱི་ཁྱབ་པ་ཤེས་ཟིན་མ་བརྗེད་པའི་ཕྱིར་དང་། གང་ཟག་དེ་ལ་དེ་སྒྲུབ་ཀྱི་ཁྱབ་པ་དངོས་སུ་མ་བསྟན་ཀྱང་གང་ཟག་དེའི་རྒྱུད་ལ་བསྒྲུབ་བྱ་ལ་རྟོགས་པ་སྐྱེ་བའི་ཕྱིར། སྔ་ཕྱིའི་ཁྱབ་རྟགས་ཁས་བླངས་སོ། །གལ་ཏེ་ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཀ་དངོས་སུ་བསྟན་དགོས་ཀྱི་རྒོལ་བ་མེད་ན། རིགས་སྒོར། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འགལ་བ་དང་མ་ངེས་


DLL1004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན་པོར་རིམ་པ་བཞིན་དུ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་རིགས་པར་བསྟན་པ་ཡིན་གྱི། གང་ཟག་གཅིག་ལ་གཉིས་ཀ་དངོས་སུ་བརྗོད་དགོས་པར་མ་བསྟན་པའི་ཕྱིར་རོ། ། ༥༡༽ སུན་འབྱིན་བཤད་པ། གཉིས་པ་སུན་འབྱིན་བཤད་པ་ལ། སུན་འབྱིན་དང་ཐལ་འགྱུར་དོན་གཅིག་པས་འདི་ལ་གཉིས། ཐལ་འགྱུར་གྱི་རྣམ་གཞག་དང་། འབྲས་མཚུངས་ཀྱི་ལྟག་ཆོད་བཤད་པའོ། །དང་པོ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། རང་རྒྱུད་འཕེན་པ་དང་མི་འཕེན་པའི་ཐལ་འགྱུར་གཉིས་ཀྱི་བྱེད་ལས་བཤད་པའོ། །དང་པོ་ནི། ཐལ་འགྱུར་གྱི་མཚན་ཉིད། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང་། དམ་བཅའ་ལ་བསལ་བ་འབབ་པའི་རྟགས་སྟོན་པའི་ངག །དེ་ཡང་དམ་བཅའ་ལ་བསལ་བ་མེད་ན་ཐལ་འགྱུར་དུ་མི་རུང་ལ། ཡོད་ན་ཕྱོགས་ཆོས་མི་འགྲུབ་པས། ཕྱོགས་ཆོས་དང་ཁྱབ་པ་བློ་ངོར་གྲུབ་པ་ཞེས་མ་སྨོས་པར་རྟགས་དང་ཁྱབ་པ་བློ་ངོར་གྲུབ་པ་ཞེས་སྨོས་པ་ཡིན་ནོ། །དེ་ཡང་རྒོལ་བ་གཉིས་ཀས་གྲུབ་པ་མི་དགོས་ཀྱི་འགོད་པར་བྱ་བའི་ཡུལ་གྱིས་གྲུབ་པས་ཆོག་པས་ཕ་རོལ་པོའི་བློ་ངོར་གྲུབ་པ་ཞེས་སྨོས་པ་ཡིན་ནོ། །དེ་ཡང་ཚད་མས་གྲུབ་པ་དང་ཡིད་དཔྱོད་ཀྱིས་གྲུབ་པ་དང་ལོག་ཤེས་ཀྱིས་གྲུབ་པ་གསུམ་ཡོད་པས་བློ་ངོར་གྲུབ་པ་ཞེས་སྨོས་པ་ཡིན་ནོ། །དམ་བཅའ་ལ་བསལ་བ་མེད་ན་ཐལ་འགྱུར་དུ་མི་རུང་བས་དམ་བཅའ་ལ་བསལ་བ་འབབ་པ་ཞེས་སྨོས་པ་ཡིན་ནོ། །ངག་མ་ཡིན་ན་ཐལ་འགྱུར་དུ་མི་རུང་བས་རྟགས་སྟོན་པའི་ངག་ཅེས་སྨོས་པ་ཡིན་ནོ། །གཉིས་པ་ལ་གསུམ། བཀོད་ཚོད་ཀྱི་དབྱེ་བ་དང་། དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་དང་། ཡང་དག་བདུན་ལ་རང་རྒྱུད་འཕེན་པ་དང་མི་འཕེན་པ་གཉིས་སུ་དབྱེ་བའོ། །དང་པོ་ལ་བཞི། ཁྱབ་རྟགས་གཉིས་ཀ་མ་གྲུབ་པ་དང་། རྟགས་ཁོ་ན་མ་གྲུབ་པ་དང་། ཁྱབ་པ་ཁོ་ན་མ་གྲུབ་པ་དང་། ཁྱབ་རྟགས་གཉིས་ཀ་གྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན། གཞལ་བྱ་


DLL1004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །བཞི་པ་ལ་བཞི། ཁྱབ་རྟགས་གཉིས་ཀ་ཚད་མས་གྲུབ་པ་དང་། གཉིས་ཀ་ཁས་བླངས་ཀྱིས་ཀྱང་གྲུབ་པ་དང་། རྟགས་ཚད་མས་གྲུབ་ཅིང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་དང་། ཁྱབ་པ་ཚད་མས་གྲུབ་ཅིང་རྟགས་ཁས་བླངས་ཀྱིས་གྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། དེ་ཡང་སྔར་སྒྲ་རྟག་པར་ཁས་བླངས་ན་ཁྱབ་རྟགས་ཚད་མས་གྲུབ་ཅིང་། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་རྟག་པར་ཁས་བླངས་ན་ཁྱབ་རྟགས་ཚད་མས་གྲུབ་ཀྱང་དམ་བཅའ་ལ་བསལ་བ་མེད་པའི་ཐལ་འགྱུར་ལྟར་སྣང་དུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། སྒྲ་མིག་གིས་གཟུང་བྱ་དང་མིག་གིས་གཟུང་བྱ་ལ་རྟག་པའི་ཁྱབ་པ་ཁས་ལེན་པའི་གང་ཟག་གི་ངོར་སྒྲ་ཆོས་ཅན། རྟག་པར་ཐལ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། སྒྲ་མི་རྟག་པར་ཚད་མས་གྲུབ་ན་ཁྱབ་རྟགས་ཁས་བླངས་ཀྱིས་གྲུབ་ཅིང་། དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་མི་རྟག་པར་ཁས་བླངས་ན་ཁྱབ་རྟགས་ཁས་བླངས་ཀྱིས་གྲུབ་ཅིང་། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་མི་རྟག་པར་ཚད་མས་ཀྱང་མ་གྲུབ་ཁས་བླངས་པའང་མིན་ན། ཁྱབ་རྟགས་ཁས་བླངས་ཀྱིས་གྲུབ་ཀྱང་དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར་ལྟར་སྣང་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། བྱས་ན་རྟག་པས་ཁྱབ་པ་ཁས་ལེན་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། སྒྲ་མི་རྟག་


DLL1004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཚད་མས་གྲུབ་ན་རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་མི་རྟག་པར་ཁས་བླངས་ན་རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་ཅིང་དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་མི་རྟག་པར་ཚད་མས་ཀྱང་མ་གྲུབ་ཁས་བླངས་པའང་མིན་ན། རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་ཀྱང་དམ་བཅའ་ལ་བསལ་བ་མེད་པའི་ཐལ་འགྱུར་ལྟར་སྣང་དུ་འགྱུར་བ་ཡིན་ནོ། །བཞི་པ་ནི། སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། སྒྲ་བྱས་པར་ཚད་མས་གྲུབ་ན་ཁྱབ་པ་ཚད་མ་དང་། རྟགས་ཁས་བླངས་ཀྱིས་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་བྱས་པར་ཁས་བླངས་ན་ཁྱབ་པ་ཚད་མ་དང་རྟགས་ཁས་བླངས་ཀྱིས་གྲུབ་ཅིང་། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་དང་། སྒྲ་བྱས་པར་ཚད་མས་ཀྱང་མ་གྲུབ་ཁས་བླངས་པའང་མིན་ན། ཁྱབ་པ་ཚད་མ་དང་རྟགས་ཁས་བླངས་ཀྱིས་གྲུབ་ཀྱང་དམ་བཅའ་ལ་བསལ་བ་མེད་པའི་ཐལ་འགྱུར་ལྟར་སྣང་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཐལ་འགྱུར་དུ་བཀོད་ཚོད་ལ་དབྱེ་ན་བཅུ་བཞི་ཡོད་པ་ཡིན་ནོ། །གཉིས་པ་དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་ནི། ཁྱབ་རྟགས་གཉིས་ཀ་མ་གྲུབ་པ་དང་། རྟགས་ཁོ་ན་མ་གྲུབ་པ་དང་། ཁྱབ་པ་ཁོ་ན་མ་གྲུབ་པ་དང་། ཁྱབ་རྟགས་གཉིས་ཀ་ཚད་མས་གྲུབ་ལ། དམ་བཅའ་ལ་བསལ་བ་མེད་པ་དང་། ཁྱབ་རྟགས་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ལ་དམ་བཅའ་ལ་བསལ་བ་མེད་པ་དང་། རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་ལ་དམ་བཅའ་བསལ་བ་མེད་པ་དང་། ཁྱབ་པ་ཚད་མ་དང་རྟགས་ཁས་བླངས་ཀྱིས་གྲུབ་ལ་དམ་བཅའ་ལ་བསལ་


DLL1004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་ཐལ་འགྱུར་ནི་ལྟར་སྣང་དང་། དེ་ལས་གཞན་པ་བདུན་ནི་ཡང་དག་ཡིན་ནོ། །གསུམ་པ་ཡང་དག་བདུན་ལ་རང་རྒྱུད་འཕེན་པ་དང་མི་འཕེན་པ་གཉིས་སུ་དབྱེ་བ་ནི། རྟགས་ཕ་རོལ་པོས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཐལ་འགྱུར་ནི་རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ལ། དེ་ལས་གཞན་པ་དྲུག་ནི་རང་རྒྱུད་མི་འཕེན་པའི་ཐལ་འགྱུར་ཡིན་ནོ། །དེ་ཡང་རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། རྟགས་ཕ་རོལ་པོས་ཁས་བླངས་པ་དགོས་ཀྱི་ཚད་མས་མ་གྲུབ་པ་ཞིག་དགོས་ཏེ། རྟགས་ཚད་མས་གྲུབ་ན་རང་རྒྱུད་ཀྱི་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཕྱིར་རོ། །ཁྱབ་པ་ཚད་མས་གྲུབ་པ་ཞིག་དགོས་ཏེ། ཁྱབ་པ་ཚད་མས་མ་གྲུབ་ན་རང་རྒྱུད་ཀྱི་ལྡོག་ཁྱབ་མི་འགྲུབ་པའི་ཕྱིར། དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་ཞིག་དགོས་ཏེ། དེ་ལྟ་མ་ཡིན་ན་རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །དེས་ན་རང་རྒྱུད་འཕེན་པའ་ིཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག་དོན་ཟློག་ན་ཚུལ་གསུམ་ཚང་བ། དབྱེ་ན། ལྡོག་པ་རང་རིགས་འཕེན་པ་དང་། ལྡོག་པ་གཞན་རིགས་འཕེན་པའི་རང་རྒྱུད་འཕེན་པའི་ཐལ་འགྱུར་གཉིས། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག །ལྡོག་པ་རང་རྒྱུད་རང་དང་རིགས་གཅིག་པ་འཕེན་པ། དབྱེ་ན་བཞི། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། གྲང་རེག་སྟོབས་ཆེན་པོ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར། གཞི་དེར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པ་ནོན་པ་མ་ཡིན་པར་ཐལ། གྲང་རེག་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱབ་བྱེད་དང་


DLL1004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ་ནི། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། བ་མོའི་རེག་པ་སྟོབས་ཆེན་པོ་ཡོད་པར་ཁས་ལེན་པའི་ངོར་གཞི་དེར་ཆོས་ཅན། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། བ་མོའི་རེག་པ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའོ། །རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ་ནི། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་པོ་ཡོད་པར་ཁས་ལེན་པའི་ངོར་གཞི་དེར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའོ། ཁྱབ་བྱ་འགལ་དམིགས་ཀྱི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ་ནི། བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པར་ཁས་ལེན་པའི་ངོར། བུམ་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་ངེས་མ་ཡིན་པར་ཐལ།འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག །ལྡོག་པ་རང་རྒྱུད་རང་དང་རིགས་མི་མཐུན་འཕེན་པ། དབྱེ་ན་བཅུ་དྲུག་ལས། ཚ་རེག་གིས་ཁྱབ་པར་ནོན་པའི་གཞིར། གྲང་འབྲས་ཡོད་པར་ཁས་ལེན་པའི་ངོར། ཚ་རེག་མེད་པར་ཐལ། གྲང་འབྲས་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །གཞི་དེར་བ་རེག་ཡོད་པར་ཁས་ལེན་པའི་ངོར། ཚ་རེག་མེད་པར་ཐལ། བ་རེག་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་


DLL1004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། གྲང་འབྲས་ཡོད་པར་ཁས་ལེན་པའི་ངོར། དེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་འབྲས་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །གཞི་དེར་གྲང་རེག་ཡོད་པར་ཁས་ལེན་པའི་ངོར། དེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་ཁྱབ་བྱེད་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར། གྲང་རེག་ཡོད་པར་ཁས་ལེན་པའི་ངོར། དེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །གཞི་དེར་བ་རེག་ཡོད་པར་ཁས་ལེན་པའི་ངོར། དེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། བ་རེག་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །མེ་མེད་མཚན་མོའི་རྒྱུ་མཚོར་དུ་བ་ཡོད་པར་ཁས་ལེན་པའི་ངོར། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། འབྲས་བུའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །ཤིང་གིས་དག་པའི་བྲག་རྫོང་ན་ཤ་པ་ཡོད་པར་ཁས་ལེན་པའི་ངོར། ཤིང་ཡོད་པར་ཐལ། ཤ་པ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་རང་བཞིན་གྱི་ཐལ་འགྱུར་གྱིས་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་


DLL1004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་དག་ལས་ལྡོག་པ་བརྒྱ་དང་བཅུ་དྲུག་ཡོད་པ་ཡིན་ནོ། །གསུམ་པ་རང་རྒྱུད་འཕེན་པ་དང་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཀྱི་བྱེད་ལས་ནི། དང་པོས་དངོས་སུ་གཞན་ཕྱོགས་ཚར་གཅོད་པ་ཡིན་ཏེ། རྟགས་ཕ་རོལ་པོས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་གནམ་ལྕགས་འབར་བར་ཐལ་འགྱུར་ཡིན་པའི་ཕྱིར། བརྒྱུད་ནས་གཞན་རྗེས་སུ་འཛིན་པ་ཡིན་ཏེ། དེའི་རྒྱུད་ལ་ཡང་དག་པའི་རྟོགས་པ་སྐྱེད་པའི་གནམ་ལྕགས་འབར་བའི་ཐལ་འགྱུར་ཡིན་པའི་ཕྱིར། ཕྱི་མས་གཞན་ཕྱོགས་ཚར་གཅོད་པ་ཡིན་ཏེ། འཁོར་གསུམ་ཚང་བའི་གནམ་ལྕགས་འབར་བའི་ཐལ་འགྱུར་ཡིན་པའི་ཕྱིར། གཉིས་པ་འབྲས་མཚུངས་ཀྱི་ལྟག་ཆོད་བཤད་པ་ལ། ལྟག་ཆོད་ནི་སུན་འབྱིན་ལྟར་སྣང་ཡིན་ལ། དེའི་རྣམ་གཞག་རྒྱས་པར་གཞན་ནས་བཤད་མོད། །འདིར་གཞུང་གི་དོན་གོ་བ་ལ་ཉེ་བར་མཁོ་བ་འབྲས་མཚུངས་ཀྱི་ལྟག་ཆོད་བཤད་པར་བྱ་སྟེ། འདི་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། མཚོན་བྱའི་སྒྲ་བཤད་པའོ། །དང་པོ་ནི། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་། གཉིས་པ་ལ་ཀུན་ལས་བཏུས་ལས། འབྲས་ཉིད་གཞན་གྱི་ཆ་ཡིས་ནི། །བསྒྲུབ་བྱ་མ་གྲུབ་པར་སྟོན་གང་། །དེ་ནི་འབྲས་མཚུངས་སྨྲ་བ་པོའི། །བསམ་པ་ལས་དེ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། གསུམ་ཡོད་ལ། དེ་ཡང་དཔེར་ན། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། བུམ་པའི་བྱས་པ་རྟགས་སུ་འགོད་ན། དེ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་རྟགས་སུ་འགྱུར་རོ་ཞེས་སུན་འབྱིན་པ་ནི་མ་གྲུབ་པའི་སུན་འབྱིན་ལྟར་སྣང་ངོ་། །སྒྲའི་བྱས་པ་རྟགས་སུ་འགོད་ན་དེ་བུམ་པའི་མི་རྟག་པ་ལ་གྲུབ་པའི་འགལ་བས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་


DLL1004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྟགས་སུ་འགྱུར་རོ་ཞེས་སུན་འབྱིན་པ་ནི་འགལ་བའི་སུན་འབྱིན་ལྟར་སྣང་ངོ་། །སྒྲའི་བྱས་པ་བུམ་པའི་མི་རྟག་པ་ལ་མེད་པར་མ་ཟད་རྟག་པ་ལ་ཡང་མེད་པས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་སུ་འགྱུར་རོ་ཞེས་སུན་འབྱིན་པ་ནི་མ་ངེས་པའི་སུན་འབྱིན་ལྟར་སྣང་ངོ་། །གསུམ་པ་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་པས་ན་འབྲས་མཚུངས་ཀྱི་ལྟག་ཆོད་དམ། འབྲས་བུ་མཚུངས་པའི་ལྟག་ཆོད་ཡིན་པས་ན་འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་བྱའོ། །དང་པོའི་དབང་དུ་བྱས་ན་རྐང་མིག་པས། རིགས་པ་ཅན་པའི་ངོར། དུང་སྒྲ་ཆོས་ཅན། འབྲས་བུ་ཡིན་ཏེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་པ་ལ། རིགས་པ་ཅན་པ་ན་རེ། སྔར་ཡོད་རྩོལ་བ་ལས་བྱུང་བ་རྟགས་སུ་འགོད་དམ། སྔར་མེད་རྩོལ་བ་ལས་བྱུང་བ་རྟགས་སུ་འགོད། དང་པོ་ལྟར་ན། ཁྱབ་པ་མ་ངེས་ལ། གཉིས་པ་ལྟར་ན་ཕྱོགས་ཆོས་མ་གྲུབ་པོ་ཞེས་སུན་འབྱིན་པ་ལ། རྐང་མིག་པ་ན་རེ། འབྲས་བུ་བསྒྲུབ་བྱའི་ཆོས་སུ་བྱས་ནས་རྩོལ་འབྱུང་རྟགས་སུ་བཀོད་པ་ལ། རྩོལ་བྱུང་གི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པ་དེ། སུན་འབྱིན་པ་པོ་ཁྱེད་རང་གི་སྒྲུབ་བྱེད་ཡང་དག་གང་བཀོད་པ་ཐམས་ཅད་ལ་ཡང་མཚུངས་པས་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ནོ་ཞེས་འདོད་ལ། དེ་ནི་རྐང་མིག་པས་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པར་འདོད་པར་མ་ཟད། སློབ་དཔོན་ཕྱོགས་གླང་ཡང་དེ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པར་བཞེད་དོ། །སྒྲ་བཤད་གཉིས་པའི་དབང་དུ་བྱས་པ་ནི། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་འབྲས་བུ་ཉེས་པ་དང་། སུན་འབྱིན་བ་པོ་ཁྱེད་རང་གིས་སྒྲུབ་བྱེད་ཡང་དག་གང་འདོད་པ་ཐམས་ཅད་ལ་ཡང་མཚུངས་པས་འབྲས་བུ་མཚུངས་པའི་ལྟག་ཆོད་ཅེས་བྱའོ། །གསུམ་པ་རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་


DLL1004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ལ་གཉིས། དངོས་དང་། རྩོད་པ་བྱེད་པའི་རྣམ་གཞག་གོ །དང་པོ་ནི། སྔ་རྒོལ་གྱི་མཚན་ཉིད། སྒྲུབ་བྱེད་འགོད་པར་ཁས་ལེན་པའི་གང་ཟག །དེ་ལ་དབྱེ་ན། ཡང་དག་དང་། ལྟར་སྣང་གཉིས། སྔ་རྒོལ་ཡང་དག་གི་མཚན་ཉིད། སྔ་རྒོལ་གང་ཞིག །རང་གིས་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་འབྱིན་མི་ནུས་པ། སྔ་རྒོལ་ལྟར་སྣང་གི་མཚན་ཉིད། སྔ་རྒོལ་གང་ཞིག །རང་གིས་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་འབྱིན་ནུས་པ། ཕྱི་རྒོལ་གྱི་མཚན་ཉིད། སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག །དབྱེ་ན། ཡང་དག་དང་། ལྟར་སྣང་གཉིས་སོ། །དཔང་པོའི་མཚན་ཉིད། རྒོལ་ཕྱི་རྒོལ་རྒྱལ་ཕམ་ཤན་འབྱེད་པའི་གྲྭར་ཞུགས་པའི་གང་ཟག །དེ་ལ་དབྱེ་ན། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོའོ། །དང་པོ་ནི། བློ་གཟུ་པོར་གནས་པའི་སྒོ་ནས་ལེགས་ཉེས་སོ་སོར་འབྱེད་པའི་གང་ཟག་ལ་ཟེར། གཉིས་པ་ནི། བློ་གཟུ་པོར་གནས་པའི་སྒོ་ནས་ལེགས་ཉེས་ཤན་འབྱེད་པར་དེ་དག་མ་འཁྲུགས་པར་སོ་སོར་བརྗོད་པ་ལ་ཟེར། གསུམ་པ་ནི་དེ་དག་གི་ནང་ནས་ལེགས་པ་ལ་གཟེངས་བསྟོད་པ་དང་ཉེས་པ་ལ་སྨད་པའི་སྒོ་ནས་གྲུབ་མཐའ་འདོར་དུ་འཇུག་ཅིང་། ཞེན་པས་མི་འདོར་ན་ཡུལ་ནས་བསྐྲོད་པ་ལ་སོགས་པས་ཚར་གཅོད་པའི་གང་ཟག་ལ་ཟེར་རོ། །གཉིས་པ་རྩོད་པ་བྱེད་པའི་རྣམ་གཞག་ལ་ལྔ། རྩོད་པའི་གང་ཟག་དང་། གང་དུ་རྩོད་པའི་དུས་དང་། གང་ལ་རྩོད་པའི་ གནས་དང་། ཇི་ལྟར་རྩོད་པའི་ཚུལ་དང་། རྩོད་པ་བྱས་པའི་འབྲས་བུའོ། །དང་པོ་ལ། ངོ་བོ་ངོས་གཟུང་བ་དང་། ཚར་གཅོད་ཀྱི་གནས་བསྟན་པའོ། །དང་པོ་ནི། རྩོད་པའི་དུས་ཀྱི་གང་ཟག་ལ་གསུམ་ཡོད་དེ། དམ་བཅའ་སྐྱོང་བར་ཁས་ལེན་པའི་སྔ་རྒོལ་དང་། དམ་བཅའ་སུན་འབྱིན་པར་ཁས་ལེན་པའི་ཕྱི་རྒོལ་དང་། རྩོད་པའི་ཤན་འབྱེད་པར་ཁས་ལེན་པའི་དཔང་པོ་གསུམ་ཡོད་པའི་ཕྱིར། གཉིས་པ་ཚར་གཅོད་ཀྱི་


DLL1004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་གསུམ་ལས། སྔ་རོལ་ཚར་གཅད་པའི་གནས་ནི། གྲུབ་བསལ་ཞུགས་པ་དམ་བཅའ་བ་དང་། གཞན་གྱིས་དྲིས་ཀྱང་ལན་མི་འདེབས་པ་དང་། དམ་བཅའ་བར་མི་འོས་བསྒྲུབ་པ་དང་། སྐབས་སུ་མ་བབ་པ་བསྒྲུབ་བྱར་བྱེད་པ་དང་། ཁས་བླངས་པའི་དོན་ལ་རྟགས་མི་འགོད་པ་དང་། མ་གྲུབ་པ་དང་མ་ངེས་པ་དང་བསལ་བརྗོད་པ་དང་། ཤེས་འདོད་མེད་པའི་སྒྲུབ་བྱེད་འགོད་པའོ། །ཕྱི་རྒོལ་ཚར་གཅོད་པའི་གནས་ལ་དང་པོར་འདྲི་བའི་ཚེ་ཚར་གཅོད་པའི་གནས་གསུམ་སྟེ། འདྲི་བར་ཁས་བླངས་ནས་བཏང་སྙོམས་ལ་འཇོག་པ་དང་། གྲུབ་བསལ་ཞུགས་པ་འདྲི་བ་དང་། སྐབས་སུ་མ་བབ་པ་འདྲི་བའོ། །སྐྱོན་བརྗོད་པའིཚེ་ན་ཚར་གཅོད་པའི་གནས་གསུམ་སྟེ། དོན་སྐྱོན་དང་བློ་སྐྱོན་དང་སྒྲ་སྐྱོན་རྒྱུ་ཡོད་ཀྱང་མི་བརྗོད་པ་དང་། སྐྱོན་མིན་པ་སྐྱོན་དུ་བརྗོད་པ་དང་། སྐབས་སུ་མ་བབ་པའི་སྐྱོན་བརྗོད་པའོ། །དཔང་པོ་ཚར་གཅོད་པའི་གནས་གསུམ་སྟེ། རྩོད་པའི་མཇུག་ཏུ་བདེན་རྫུན་ཤན་མི་འབྱེད་པ་དང་། རྒྱལ་ཕམ་ཕྱིན་ཅི་ལོག་ཏུ་ཤན་འབྱེད་པ་དང་། རྩོད་པ་མཐར་མ་ཕྱིན་པར་ཤན་འབྱེད་པའོ། །གཉིས་པ་གང་དུ་རྩོད་པའི་དུས་ནི། རང་བཞིན་བློ་ལེགས་པར་མ་སྦྱངས་པ་དང་། དཔང་པོ་མཁས་པའི་སྐྱེ་བོས་དབེན་པ་དང་། ཕ་རོལ་པོ་ཆོས་མིན་སྣང་བས་ཡིད་དཀྲུགས་པའི་ཚེ་ན་བརྩད་དུ་མི་རུང་ལ། དེ་ལས་ལྡོག་པ་ནི་རྩོད་པའི་དུས་ཡིན་ནོ། །གསུམ་པ་གང་ལ་རྩོད་པའི་གནས་ནི། མྱོང་བས་རྟོགས་པར་བྱ་བའི་མངོན་གྱུར་དང་། རྟགས་ལ་བརྟེན་ནས་རྟོགས་པར་བྱ་བའི་ལྐོག་གྱུར་དང་། ཡིད་ཆེས་པའི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བའི་ཤིན་ཏུ་ལྐོག་གྱུར་ནི་བརྩད་པར་བྱ་བའི་གནས་སམ་ཡུལ་ཡིན་ལ། དེ་ལ་རྩོད་པའི་གྲུབ་མཐའ་ཡང་གསུམ་སྟེ། ཡོད་པ་ལ་མེད་པར་འཛིན་པའི་སྐུར་འདེབས་དང༌། མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་དང་། ཡོད་མེད་ཇི་ལྟ་བ་བཞིན་དུ་འཛིན་པའི་དབུ་


DLL1004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །ལྐོག་གྱུར་གཏན་ལ་འབེབས་པ་ལ། སྒྲུབ་བྱེད་དང་སུན་འབྱིན་དགོས་ལ། སྒྲུབ་བྱེད་ལ་བསྒྲུབ་བྱ་གོ་བར་བྱེད་པའི་གཏན་ཚིགས་དང་། དེ་གཞན་ལ་འདོམས་པར་བྱེད་པའི་སྒྲུབ་ངག་གཉིས། དང་པོ་ནི། ལྐོག་འགྱུར་གཏན་ལ་འབེབས་པའི་ཆོས་ཅན་གསུམ་ཡོད་དེ། བསྒྲུབ་བྱ་གྲུབ་བསལ་མེད་པའི་རྩོད་གཞི་དང་། བསྒྲུབ་བྱའི་ཆོས་ཚད་མས་གྲུབ་པའི་མཐུན་དཔེ་དང་། བསྒྲུབ་བྱའི་ཆོས་ཚད་མས་བསལ་བའི་མི་མཐུན་དཔེའོ། །རྩོད་གཞིའི་སྟེང་དུ་བསྒྲུབ་བྱའི་ཆོས་གོ་བར་བྱེད་པ་ལ་རྩོད་གཞི་ལ་ཡོད་པའི་ཕྱོགས་ཆོས་དང་མཐུན་ཕྱོགས་ལ་ཡོད་པའི་རྗེས་འགྲོ་དང་མི་མཐུན་ཕྱོགས་ལ་མེད་པའི་ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བའི་རྟགས་ནི་རྟགས་ཡང་དག་ཡིན་ལ། དེ་ལྟ་བུའི་གཏན་ཚིགས་དེ་ལ་ཡང་ངོ་བོ་སྒྲུབ་པའི་རང་བཞིན་གྱི་རྟགས་དང་རྒྱུ་སྒྲུབ་པའི་འབྲས་བུའི་རྟགས་དང་དགག་པ་སྒྲུབ་པའི་མ་དམིགས་པའི་རྟགས་གསུམ་དུ་ཡོད་ཅིང་། དེ་ལས་གཞན་པའི་རྟགས་ནི་རྟགས་ལྟར་སྣང་དུ་འགྱུར་བ་ཡིན་ལ། དེ་ལ་ཡང་ཕྱོགས་ཆོས་མེད་པ་མ་གྲུབ་པའི་རྟགས་དང་། རྗེས་ཁྱབ་མེད་པ་འགལ་བའི་རྟགས་དང་། ལྡོག་ཁྱབ་མེད་པ་མ་ངེས་པའི་རྟགས་གསུམ་དུ་འགྱུར་བ་ཡིན་ནོ། །སྒྲུབ་ངག་ནི་ཕྱོགས་ཆོས་བརྗོད་པ་དང་དཔེའི་སྟེང་དུ་སྤྱི་ཁྱབ་བརྗོད་པ་ཡིན་ལ། དེ་ལ་ཡང་ཕྱོགས་ཆོས་དང་རྗེས་འགྲོ་དངོས་སུ་བརྗོད་པ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་། ཕྱོགས་ཆོས་དང་ལྡོག་ཁྱབ་དངོས་སུ་བརྗོད་པ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཡོད་ལ། དེ་གཉིས་ལས་གཞན་དུ་ལྷག་ཆད་ཅན་གྱི་ངག་ནི་སྒྲུབ་ངག་ལྟར་སྣང་ཡིན་ནོ། །སུན་འབྱིན་ལ་ཡང་དག་དང་ལྟར་སྣང་གཉིས། དང་པོ་ནི། གཞན་གྱི་བློ་ངོར་རྟགས་བརྗོད་པ་དང་རྗེས་སུ་འགྲོ་ལྡོག་གང་རུང་བརྗོད་ཅིང་འདོད་པའི་དོན་ལ་བསལ་བ་འབབ་པའི་ངག་ཡིན་ཞིང་། འདོད་པའི་དོན་ལ་བསལ་བ་འབབ་པ་ལ་ཡང་། ཚད་མས་བསལ་བ་དང་། ལུང་གིས་བསལ་བ་དང་། རང་ཚིག་གིས་བསལ་བ་འབབ་པ་དང་


DLL1004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོད་པ་ཡིན་ནོ། །སུན་འབྱིན་ལྟར་སྣང་ལ་གསུམ་སྟེ། རྟགས་མེད་པ་མཚོན་ཆ་ཁྲི་སྒྱོགས་དང་། ཁྱབ་པ་མེད་པ་དཔའ་བོ་ལག་རྡུམ་དང་། བསལ་བ་མེད་པ་རྨ་བྱ་དུག་འཇོམས་ཀྱི་ཐལ་འགྱུར་རོ། །བཞི་པ་ཇི་ལྟར་རྩོད་པའི་ཚུལ་ལ། དངོས་དང་། དེའི་ཡན་ལག་གཉིས་སོ། །དང་པོ་ནི། རྩོད་པའི་རང་བཞིན་ངེས་པར་བྱ་བ་དང་། བརྡ་ཕྲད་པར་བྱ་བའི་དོན་དུ་ཚིག་གི་ལམ་སྦྱོར་བར་བྱེད་པ་དང་། དེས་གྲུབ་པའི་སྐབས་དོན་སེམས་པར་བྱེད་པ་ཡིན་ནོ། །དེའི་ཡན་ལག་ལ་བཞི། དྲི་བ་དང་ལན་འདེབས་ཚུལ། རྩོད་པ་ལ་མཁས་པའི་རྒྱུ་དང་མཛེས་པའི་རྒྱན། རྩོད་པའི་བསམ་པ། རྩོད་པའི་དཔེའོ། །དང་པོ་ལ་གཉིས། དྲི་བའི་ཚུལ་དང་། ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། རྩོད་པའི་ཚེ་དྲི་བའི་རིགས་གསུམ་ཡོད་དེ། ཁྱད་པར་གྱི་གཞི་འདྲི་བ་དང་། དེའི་སྟེང་དུ་ཁྱད་པར་ཆོས་འདྲི་བ་དང་། དེའི་སྒྲུབ་བྱེད་འདྲི་བའོ། །གཉིས་པ་ལན་འདེབས་ཚུལ་ལ་གསུམ་སྟེ། མགོ་གཅིག་པ་དང་། རྣམ་པར་ཕྱེ་བ་དང་། བཏང་སྙོམས་སུ་བཞག་པར་བྱ་བའོ། །གཉིས་པ་ནི། སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་དང་། སྒྲ་ཚད་ལ་བློ་སྦྱངས་པ་དང་། རང་དང་གཞན་གྱི་གཞུང་ལ་ལེགས་པར་སྦྱངས་པ་ནི་རྩོད་པ་ལ་མཁས་པའི་རྒྱུ་ཡིན་ལ། བཞིན་གྱི་དཀྱིལ་འཁོར་འཛུམ་པ་དང་། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ་དང་། སྒྱིད་ལུག་པ་དང་ང་རྒྱལ་མེད་པ་རྣམས་ནི་རྩོད་པ་མཛེས་པའི་རྒྱན་ཡིན་ནོ། །གསུམ་པ་རྩོད་པའི་བསམ་པ་ནི། ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་དང་། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང་། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་རྟོགས་པར་འདོད་པའི་གུས་པ་དང་། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་


DLL1004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །བཞི་པ་རྩོད་པའི་དཔེ་ནི། རྟབ་པའི་ཚིག་དགྲ་བོས་ཉེ་བར་བཏུགས་པ་ལྟ་བུ་དང་བཞིན་འགྱུར་བའི་མདོག་མཚོན་ཆ་ཁ་ཕྱེ་བ་ལྟ་བུ་དང་། ང་རོ་མི་སྙན་པ་ཤ་ཟས་ཐོབ་པ་ལྟ་བུ་ནི་རྩོད་པ་ངན་པའི་དཔེ་ཡིན་ལ། རང་དང་གཞན་གྱིས་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང་། སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུ་དང་། ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུ་ནི་རྣམ་པར་དག་པའི་རྩོད་པའི་དཔེ་ཡིན་ནོ། །ལྔ་པ་རྩོད་པའི་འབྲས་བུ་ནི། རང་ཉིད་ཉོན་མོངས་པས་ཡིད་དཀྲུགས་པ་དང་། སྐྱེ་བོ་བརྒྱ་ཕྲག་མང་པོས་སྨོད་པར་བྱེད་པ་དང་། ཚེ་རབས་གཞན་དུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་ནི་མ་དག་པའི་རྩོད་པའི་འབྲས་བུ་ཡིན་ལ། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང་། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པ་དང་། བསྟན་པ་བསྲུངས་པས་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་བ་ནི། རྣམ་པར་དག་པའི་རྩོད་པའི་འབྲས་བུ་ཡིན་ནོ། །དེ་ལྟར་ན་ཇི་སྐད་དུ་བཤད་པའི་རྩོད་པའི་སྐྱོན་རྣམས་ལེགས་པར་ཤེས་པར་བྱས་ཏེ། རྩོད་པའི་སྐྱོན་རྣམས་སྤངས་ནས་བདེ་བར་གཤེགས་པའི་གསུང་རབ་ཀྱི་དོན་ལ་དགག་སྒྲུབ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་འགྱུར་བ་ཡིན་གྱི། ཀུན་སློང་ཕྱིན་ཅི་ལོག་དང་ལྡན་པས་དགག་སྒྲུབ་བྱེད་པ་ནི་འཁོར་བར་འཆིང་བའི་རྒྱུ་ཆེན་པོར་འགྱུར་བ་ཡིན་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་གནས་འདི་དག་ལ་ཟབ་པར་བྱའོ། །གཉིས་པ་བརྗོད་བྱ་དོན་གྱི་རང་བཞིན་བཤད་པ་ལ་གཉིས། དོན་གྱི་གོ་བྱ་བསྒྲུབ་བྱ་བཤད་པ་དང་། དངོས་ཀྱི་བརྗོད་བྱ་གཏན་ཚིགས་ཀྱི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས། རང་ལུགས་བཞག་པ་རིགས་པ་ཅན་པའི་བསྒྲུབ་བྱ་དགག་པའོ། །དང་པོ་ལ་གསུམ། དངོས་དང་། ཚད་མས་བསལ་བ་བཤད་པ་དང་། དམ་བཅའ་ལྟར་སྣང་ལ་གནོད་ཚུལ་ལོ། །དང་པོ་ལ་གསུམ། མཚན་ཉིད་དང་། དབྱེ་བ། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ནི།


DLL1004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཆོས་ཅན་གྱི་ཚོགས་དོན་གང་ཞིག །རྟགས་ལས་དཔག་པར་བྱ་བ། གཉིས་པ་ལ་གཉིས། རང་དོན་སྒྲུབ་བྱ་དང་། གཞན་དོན་སྒྲུབ་བྱའོ། །དང་པོའི་མཚན་ཉིད། གང་ཞིག །རང་དོན་གྱི་རྟགས་ལས་དཔག་པར་བྱ་བ། གཉིས་པ་ལ་གཉིས་ཀུན་ལས་བཏུས་ལས་བཤད་པའི་ཚུལ་དང་། རིགས་སྒོ་ནས་བཤད་པའི་ཚུལ་ལོ། །དང་པོ་ནི། ཚད་མ་མདོར། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་གཞན་དོན་བསྒྲུབ་བྱའི་མཚན་ཉིད་དུ་བསྟན་ལ། འདི་ལ་རིགས་མི་མཐུན་སེལ་བ་དང་། ལོག་རྟོག་སེལ་བ་གཉིས། དང་པོ་ནི། ཚིག་གང་གིས་གང་སེལ་ཞེ་ན། ངོ་བོ་དང་འདོད་པ་གང་མ་བསལ་བའི་ཚིག་གསུམ་གྱིས་རིགས་མི་མཐུན་སེལ་ལ། ཁོ་ན་དང་རང་ཉིད་ཅེས་པའི་ཚིག་གིས་ལོག་རྟོག་སེལ་ལོ། །སེལ་ཚུལ་ནི། ངོ་བོ་ཞེས་པའི་ཚིག་གིས་གཞན་དོན་བསྒྲུབ་བྱ་ཡིན་ན། གྲུབ་ཟིན་བསལ་ནས་མ་གྲུབ་པ་ཞིག་དགོས་སོ་ཞེས་བསྟན། རྒོལ་ཕྱི་རྒོལ་གང་གིས་མ་གྲུབ་ཅེ་ན། སྤྱིར་བསྒྲུབ་བྱ་ཡིན་ན་རང་གང་ལ་བསྒྲུབ་བྱར་སོང་བ་དེས་མ་གྲུབ་པ་ཞིག་དགོས་ལ། ཁྱད་པར་དུ་གཞན་དོན་བསྒྲུབ་བྱ་ཡིན་ན་ཕྱི་རྒོལ་གྱིས་མ་གྲུབ་པ་ཞིག་དགོས་ཤིང་། དེ་ཡང་ཡིད་དཔྱོད་ཙམ་གྱིས་གྲུབ་ཀྱང་ཚད་མས་མ་གྲུབ་པ་དགོས་སོ། །འདོད་པ་ཞེས་པའི་ཚིག་གིས་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་གཞན་དོན་བསྒྲུབ་བྱ་མ་ཡིན་པར་བསྟན། མ་བསལ་བ་ཞེས་པའི་ཚིག་གིས་ཚད་མས་བསལ་བ་ཞུགས་པ་གཞན་དོན་བསྒྲུབ་བྱ་མ་ཡིན་པར་བསྟན་ཏོ། །ཁ་ཅིག །གཞན་དོན་བསྒྲུབ་བྱ་ཡིན་ན་ཕྱི་རྒོལ་གྱི་ཚད་མས་མ་བསལ་བ་དགོས་ཀྱི་སྔ་རྒོལ་གྱི་ཚད་མས་མ་བསལ་བ་མི་དགོས་པར་འདོད་པ་མི་འཐད་དེ། སྔ་རྒོལ་གྱི་ཚད་མས་བསལ་བ་ཞུགས་ན་སྔ་རྒོལ་དེ་བསྒྲུབ་པའི་ཕྱིར་དུ་གཏན་ཚིགས་འགོད་པ་ལ་མི་འཇུག་པའི་ཕྱིར། རིགས་མི་མཐུན་སེལ་བ་ལ་གསུམ་པོ་དེ་དགོས་


DLL1004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ཅི་ཞེ་ན། གཞན་དོན་བསྒྲུབ་བྱའི་རིགས་མི་མཐུན་ལ་སྔ་རྒོལ་ལ་ལྟོས་པའི་རིགས་མི་མཐུན། ཕྱི་རྒོལ་ལ་ལྟོས་པའི་རིགས་མི་མཐུན། རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་པའི་རིགས་མི་མཐུན་གསུམ་ལས། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་ནི་སྔ་རྒོལ་ལ་ལྟོས་པའི་རིགས་མི་མཐུན་ཡིན་ཏེ། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་ན་དེ་བསྒྲུབ་བྱའི་ཕྱིར་དུ་སྔ་རྒོལ་གཏན་ཚིགས་འགོད་པ་ལ་མི་འཇུག་པའི་ཕྱིར། ཕྱི་རྒོལ་གྱི་ཚད་མས་གྲུབ་པ་ནི་ཕྱི་རྒོལ་ལ་ལྟོས་པའི་རིགས་མི་མཐུན་ཡིན་ཏེ། ཕྱི་རྒོལ་གྱི་ཚད་མས་གྲུབ་ན། ཕྱི་རྒོལ་དེ་ལ་ཤེས་འདོད་མི་འབྱུང་པའི་ཕྱིར། ཚད་མས་བསལ་བ་ཞུགས་པ་ནི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་པའི་རིགས་མི་མཐུན་ཡིན་ཏེ། སྔ་རྒོལ་གྱི་ཚད་མས་བསལ་བ་ཞུགས་ན་དེ་བསྒྲུབ་པའི་ཕྱིར་དུ་སྔ་རྒོལ་གཏན་ཚིགས་འགོད་པ་ལ་མི་འཇུག །ཕྱི་རྒོལ་གྱི་ཚད་མས་བསལ་བ་ཞུགས་ན་དེ་ལ་ཕྱི་རྒོལ་ཤེས་འདོད་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལོག་རྟོག་ནི་ཁོ་ན་དང་རང་ཉིད་ཅེས་པའི་ཚིག་གིས་སེལ་ལ། སེལ་ཚུལ་ནི། ཁོ་ན་ཞེས་པའི་ཚིག་གིས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་སེལ་ལོ། །དེ་འདྲའི་ལོག་རྟོག་ཇི་ལྟར་འབྱུང་ཞེ་ན་ཀུན་ལས་བཏུས་ལས། རང་ཉིད་འདོད་པ་བསྟན་བྱ་བ། །ཞེས་རང་ཉིད་འདོད་པ་ཞེས་པའི་ཚིག་དེ་བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་ལ། བསྟན་བྱ་བ་ཡང་དུས་གསུམ་ག་ལ་འཇུག་པའི་ཡུལ་ཅན་ཡིན་པས་དཔེ་རྟགས་མ་གྲུབ་པ་ཡང་མ་འོངས་པ་ན་བསྒྲུབ་བྱར་འགྱུར་པས། གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་འབྱུང་ངོ་། །འོ་ན་རང་ཉིད་དང་འདོད་པ་ཞེས་པའི་ཚིག་གིས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པར་བསྒྲུབ་བྱ་ཡིན་པ་གཅོད་མི་ནུས་ན། ཁོ་ན་ཞེས་པའི་ཚིག་གིས་ཀྱང་གཅོད་མི་ནུས་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། བསྒྲུབ་བྱར་རྒོལ་བ་


DLL1004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཞེས་པའི་ཚིག་གིས་གཞི་གཅིག་དུས་གཅིག་ཏུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་ཡིན་པའི་དྭོགས་པ་མི་ཁེགས་ལ། བསྒྲུབ་བྱ་ཁོ་ན་རྒོལ་བ་རང་ཉིད་འདོད་པ་ཞེས་པའི་ཚིག་གིས་གཞི་གཅིག་དུས་གཅིག་ཏུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་ཡིན་པའི་དྭོགས་པ་ཁེགས་པའི་ཕྱིར་ཏེ། བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀྱི་ནང་ནས་བསྒྲུབ་བྱ་ཁོ་ན་ཡིན་པར་ངེས་ན། སྒྲུབ་བྱེད་མ་ཡིན་པར་ངེས་ནུས་པའི་ཕྱིར། གལ་ཏེ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ཁོ་ན་ཞེས་པའི་ཚིག་སྨོས་ན། དཔེ་རྟགས་མ་གྲུབ་པ་ཇི་ལྟ་བུ་ཞེ་ན། དཔྱོད་པ་དང་གྲངས་ཅན་པའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པ་དཔྱོད་པ་པ་ལ་མ་གྲུབ། བུམ་པ་མི་རྟག་པ་གྲངས་ཅན་པ་ལ་མ་གྲུབ་པ་ལྟ་བུའོ། །ཁ་ཅིག་ན་རེ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ཁོ་ན་ཞེས་པའི་ཚིག་སྨོས་པ་མི་འཐད་དེ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པའི་ཕྱིར་ཏེ། དཔེ་རྟགས་མ་གྲུབ་པ་མ་འོངས་པར་བསྒྲུབ་བྱ་ཡིན་པའི་ཕྱིར་ཏེ། དེ་རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་སྒྲ་བྱས་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། དེས་ན་དེ་བསྒྲུབ་བྱ་ཡང་དག་ཡིན་པ་གཅད་པའི་ཕྱིར་དུ་ཁོ་ན་ཞེས་པའི་ཚིག་སྨོས་སོ་ཞེས་ཟེར་རོ། །འོ་ན་དེ་ཡང་མི་འཐད་པར་ཐལ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། དེ་མ་འོངས་པ་ན་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། དེ་རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་སྒྲ་བྱས་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཞེས་མཚུངས་སོ། །འོ་ན་ཀུན་ལས་བཏུས་ཀྱི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་ངོ་བོ་དང་ཁོ་ན་ཞེས་པའི་ཚིག་གཉིས་ལ་རྣམ་བཅད་ཀྱི་དགོས་པ་སོ་སོ་བ་ཡོད་ན། ཀུན་ལས་བཏུས་སུ། ངོ་བོ་ཁོ་ན་བསྟན་བྱ་བ། །ཞེས་དེ་གཉིས་ལྷན་ཅིག་ཏུ་


DLL1004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ནས་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ཁ་ཅིག་ན་རེ། དེ་གཉིས་ལ་རྣམ་བཅད་ཀྱི་དགོས་པ་སོ་སོ་བ་མེད་ལ། ངོ་བོ་ཞེས་པའི་ཚིག་དེ་ཕྱི་རྒོལ་གྱིས་གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས་པ་མིན་ཏེ། དེ་མ་སྨོས་ཀྱང་སྒྲུབ་བྱེད་གཏན་ཚིགས་འགོད་པའི་ཤུགས་ལས་ཕྱི་རྒོལ་གྱིས་གྲུབ་ཟིན་བསྒྲུབ་བྱ་མ་ཡིན་པར་རྟོགས་ནུས་པའི་ཕྱིར། དེ་སྐད་དུའང་། སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ངོ་བོ་དང་། ཁོ་ན་ཞེས་པའི་ཚིག་གཉིས་ཀྱིས་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་པར་བྱེད་ལ། དེ་ལྟར་མ་ཡིན་ན་ངོ་བོ་ཁོ་ན་ཞེས་དེ་གཉིས་ལྷན་ཅིག་ཏུ་བསྟན་པ་དོན་མེད་དུ་འགྱུར་བའི་ཕྱིར། དེ་སྐད་དུའང་རྒྱན་གྱིས། རང་གི་ངོ་བོ་སྨོས་པ་ནི་གྲུབ་པ་ལྡོག་པའི་དོན་དུ་མིན་ཏེ། སྒྲུབ་བྱེད་ཉིད་དུ་བསྟན་པ་ལྡོག་པའི་དོན་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཁོ་ན་ཞེས་ངེས་པར་བཟུང་བ་འབྲས་བུ་ཞིག་བསྟན་པ་ཡིན་ཏེ། དེ་ལྟ་མིན་ན་གཉིས་ཀ་སོ་སོར་བསྟན་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་བ་མི་འཐད་དེ། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཅེས་སོགས་ཀྱིས་དེ་གཉིས་ཀྱི་རྣམ་བཅད་ཀྱི་དགོས་པ་སོ་སོར་བཤད་པ་དང་འགལ་བའི་ཕྱིར་རོ། །ཚིག་དེ་གཉིས་ལ་རྣམ་བཅད་ཀྱི་དགོས་པ་སོ་སོ་བ་ཡོད་ཀྱང་ལྷན་ཅིག་ཏུ་བསྟན་པ་ལ་འགལ་བ་མེད་དེ། ཁོ་ན་ཞེས་པ་ཚིག་ཕྲད་ཡིན་པས་ཚིག་གཞན་དང་སྦྱར་ནས་མ་བསྟན་ན་དོན་སྟོན་མི་ནུས་ལ། སྦྱར་ནས་བསྟན་ན་དོན་སྟོན་ནུས་པའི་ཕྱིར་རོ། །རང་ཉིད་ཅེས་པའི་ཚིག་གིས་བསྟན་བཅོས་མཁན་པོའི་འདོད་པ་ཐམས་ཅད་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དྭོགས་པ་སེལ་ལ། སེལ་བར་ནུས་པ་ཡིན་ཏེ། བསྟན་བཅོས་མཁན་པོའི་འདོད་པ་ཐམས་ཅད་སྔ་རྒོལ་རང་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་མིན་པའི་ཕྱིར་རོ། །གཉིས་པ་རིགས་སྒོ་ནས་བཤད་པའི་ཚུལ་ནི། ཀུན་ལས་བཏུས་


DLL1004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིགས་སྒོ་ནས་གཞན་དོན་བསྒྲུབ་བྱའི་མཚན་ཉིད་རེ་རེ་བསྟན་ན། གཉིས་པོ་དོན་མཐུན་ནམ་མི་མཐུན། དང་པོ་ལྟར་ན། ཟློས་པའི་སྐྱོན་དུ་འགྱུར་ལ། གཉིས་པ་ལྟར་ན། གང་རུང་ཞིག་གཞན་དོན་བསྒྲུབ་བྱའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན། ཁ་ཅིག །ཀུན་ལས་བཏུས་ལས་བསྟན་པ་དེས་ལོག་རྟོག་སེལ་ལ་རིགས་སྒོ་ནས་བཤད་པ་དེས་རིགས་མི་མཐུན་སེལ་བས་ཟློས་པའི་སྐྱོན་མེད་དོ་ཞེ་ན། དེའི་ཁྱད་པར་མི་འཐད་དེ། དེ་གཉིས་ཀྱང་ལོག་རྟོག་དང་རིགས་མི་མཐུན་གཉིས་ཀ་སེལ་ནུས་པའི་ཕྱིར། ཁ་ཅིག །ཀུན་ལས་བཏུས་ནས་བསྟན་པའི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་དེ་རིགས་པ་ཅན་པ་ཁ་དྲང་བའི་ཕྱིར་དུ་གསུངས་པ་ཡིན་པས་རང་ལུགས་མིན་ལ། རིགས་སྒོ་ནས་བཤད་པ་དེ་རང་ལུགས་ཡིན་པས་ཟློས་པའི་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། རིགས་སྒོ་ནས་བཤད་པའི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ལ་ཡང་ཀུན་ལས་བཏུས་ནས་བཤད་པ་བཞིན་དུ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་པའི་ཕྱིར་རོ། །རང་ལུགས་ནི། ཀུན་ལས་བཏུས་ནས་གཙོ་བོར་ལོག་རྟོག་རྒྱས་པར་སེལ་བའི་དབང་དུ་བྱས་ནས་ཚིག་རྒྱས་པར་བསྟན་ལ། རིགས་སྒོར་ཚིག་བསྡུས་ནས་བསྟན་པས་ཟློས་པའི་སྐྱོན་མེད་ལ། གཉིས་ཀས་ཀྱང་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཡོངས་སུ་རྫོགས་པར་བསྟན་པས་འགལ་བའི་སྐྱོན་ཡང་མེད་དོ། །འོ་ན་ཀུན་ལས་བཏུས་ནས་གཙོ་བོར་ལོག་རྟོག་རྒྱས་པར་སེལ་བའི་དབང་དུ་བྱས་ནས་ཚིག་རྒྱས་པར་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ཀུན་ལས་བཏུས་ཀྱི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་རང་ཉིད་དང་འདོད་ཚིག་གཉིས་མ་འོངས་པ་འཁྲིད་བྱེད་བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བས། མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དྭོགས་པ་ཡོད་པས་དེ་སེལ་བའི་ཕྱིར་དུ་ཁོ་ན་ཞེས་པའི་ཚིག་སྨོས་


DLL1004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཡིན་ནོ། །འོ་ན་བསྟན་བྱ་བ་སྨོས་པ་མི་རིགས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རིགས་པ་ཅན་པས་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་འདོད་པ་དང་། མ་གྲུབ་པ་བསྟན་པར་བྱ་བ་བསྒྲུབ་བྱའི་མཚན་ཉིད་དུ་འདོད་པས་དེ་ལ་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་བསྟན་པར་བྱ་བ་མ་ཡིན་མོད། ཡིན་དུ་ཆུག་ཀྱང་བསྒྲུབ་བྱ་ལ་མཚན་ཉིད་འདི་ལྟ་བུ་དང་ལྡན་པ་ཞིག་དགོས་སོ་ཞེས་རིགས་པ་ཅན་པ་ཁ་དྲང་བའི་ཕྱིར་དུ་གསུངས་པའི་ཕྱིར་རོ། །འོ་ན་རིགས་སྒོ་ནས་བཤད་པའི་བསྒྲུབ་བྱའི་མཚན་ཉིད་གང་ཞེ་ན། ཚད་མས་མ་བསལ་ཞིང་རྒོལ་བ་རྟོགས་ལྡན་གྱིས་བསྒྲུབ་བྱར་ཁས་བླངས་པ་ཞེས་པ་ཡིན་ལ་འདི་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བར་ལྷ་དབང་བློས་བཤད་དོ། །གསུམ་པ་སྒྲ་དོན་ནི། རྟགས་ཀྱིས་བསྒྲུབ་བྱར་བྱ་བས་ན་བསྒྲུབ་བྱ། ཚུལ་གསུམ་ངེས་པའི་རྗེས་སུ་དཔག་པར་བྱ་བས་ན། རྗེས་སུ་དཔག་བྱ། རྒོལ་བས་ཕྱོགས་སུ་བྱས་པས་ན་ཕྱོགས། རྒོལ་བས་དམ་བཅས་པས་ན་དམ་བཅའ་ཞེས་བྱའོ། །གཉིས་པ་ལ་གསུམ། མངོན་སུམ་དང་དངོས་སྟོབས་རྗེས་དཔག་གིས་བསལ་བ། ཡིད་ཆེས་རྗེས་དཔག་གིས་བསལ་བ། གྲགས་པའི་རྗེས་དཔག་གིས་བསལ་བའོ། །དང་པོ་ནི། ཚད་མས་བསལ་བ་ནི། ཚད་མས་གྲུབ་པའི་དོན་གྱི་ལོག་ཕྱོགས་དངོས་ཡིན་ལ། དེ་ལ་དབྱེ་ན། མངོན་སུམ་གྱིས་བསལ་བ། དངོས་སྟོབས་རྗེས་དཔག་གིས་བསལ་བ་དང་། ཡིད་ཆེས་རྗེས་དཔག་གིས་བསལ་བ། གྲགས་པའི་རྗེས་དཔག་གིས་བསལ་བ་དང་བཞི་སྟེ། སེལ་བྱེད་ཚད་མ་དེ་ལ་མངོན་སུམ་དང་། དངོས་སྟོབས་རྗེས་དཔག་ལ་སོགས་པ་བཞི་ཡོད་པའི་ཕྱིར། གལ་ཏེ་སེལ་བྱེད་ཚད་མ་ལ་བཞིར་དབྱེ་བ་མི་འཐད་དེ། རྒྱས་པར་ཕྱེ་ན་མངོན་སུམ་ལ་བཞིར་ཕྱེ་བས་བདུན་དུ་འགྱུར་ལ་བསྡུ་ན་མངོན་སུམ་དང་རྗེས་དཔག་གཉིས་སུ་ངེས་པའི་ཕྱིར་ཞེ་ན། འདིའི་ལན་ལ་ཁ་ཅིག །ཚད་མ་ལ་མངོན་གྱུར་འཇལ་བ་དང་། ལྐོག་གྱུར་འཇལ་


DLL1004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་སུ་ངེས་ལ། དང་པོའི་དབང་དུ་བྱས་ནས་མངོན་སུམ་ཚད་མ་བཞག །ལྐོག་གྱུར་འཇལ་བ་ལ་ཁྱབ་པ་ཁས་བླངས་པའི་སྟོབས་ཀྱིས་གྲུབ་པ་དང་། ཚད་མས་གྲུབ་པ་གཉིས། དང་པོའི་དབང་དུ་བྱས་ནས་ཡིད་ཆེས་རྗེས་དཔག་དང་། གཉིས་པ་ལ་ཁྱབ་པ་དངོས་སྟོབས་ཀྱིས་གྲུབ་པ་དང་། བརྡའི་དབང་གིས་གྲུབ་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས་དངོས་སྟོབས་རྗེས་དཔག་དང་། གཉིས་པའི་དབང་དུ་བྱས་ནས་གྲགས་པའི་རྗེས་དཔག་ཚད་མར་བཞག་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། ཡིད་ཆེས་པའི་རྟགས་ལ་ཡང་ཁྱབ་པ་ཚད་མས་གྲུབ་པ་དགོས་པའི་ཕྱིར་རོ། །རང་ལུགས་ལ། མངོན་སུམ་ལ་བཞི་ཡོད་ཀྱང་གཞལ་བྱ་མངོན་གྱུར་དང་ལོག་ཕྱོགས་ལ་གནོད་ཚུལ་ཡང་མཚུངས་པས་འདིར་མངོན་སུམ་ལ་བཞིར་མ་ཕྱེ་ལ། རྗེས་དཔག་གི་གཞལ་བྱ་ལྐོག་གྱུར་དུ་མཚུངས་ཀྱང་། ལོག་ཕྱོགས་ལ་དངོས་སྟོབས་ཀྱིས་གནོད་པ་དང་། ལུང་ཁས་བླངས་པའི་སྟོབས་ཀྱིས་གནོད་པ་དང་། གྲགས་པ་ཙམ་གྱིས་གནོད་པའི་ཚུལ་གསུམ་ཡོད་པས། རྗེས་དཔག་ཚད་མ་ལ་སེལ་བྱེད་ཚད་མ་གསུམ་དུ་ཕྱེ་བ་ཡིན་ནོ། །མངོན་སུམ་ཚད་མའི་བསལ་བ་ནི་མངོན་སུམ་ཚད་མས་གྲུབ་པའི་དོན་གྱི་ལོག་ཕྱོགས་དངོས། དཔེར་ན་སྒྲ་མཉན་བྱ་མ་ཡིན་པ་ལྟ་བུའོ། །ཁ་ཅིག །སྒྲ་མཉན་བྱ་ཡིན་པས་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་པ་ལ་སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་ཅེས་བཏགས་པ་ཡིན་གྱི། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་པ་མ་ཡིན་ཏེ། སྒྲ་འཛིན་མངོན་སུམ་དེ་སྒྲ་མཉན་བྱ་མ་ཡིན་པ་དང་མི་འགལ་བའི་ཕྱིར་ཏེ། སྒྲ་མཉན་བྱ་མ་ཡིན་པ་ཡིན་པའི་ཕྱིར་ཏེ། སྒྲའི་རང་བཞིན་མ་ཡིན་པའི་ཕྱིར་ཞེ་ན། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་པ་ཡིན་ཏེ། སྒྲ་མཉན་བྱ་ཡིན་པར་གྲུབ་


DLL1004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ལྟར་སྒྲ་འཛིན་མངོན་སུམ་དེ་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་བྱེད་མཚན་ཉིད་པ་དངོས་སུ་གནོད་བྱེད་བཏགས་པ་ཡིན་ནོ། །འོ་ན་སྒྲ་མཉན་བྱ་ཡིན་པར་ཚད་མས་གྲུབ་བམ་མ་གྲུབ། དང་པོ་ལྟར་ན། སྒྲ་མཉན་བྱ་མ་ཡིན་པར་དམ་བཅའ་བ་མ་གྲུབ་པར་འགྱུར་ལ། དེ་ལྟར་ན་སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་དོན་ལ་ཚད་མས་གནོད་པ་མ་ཡིན་པར་ཐལ་ལོ། །གཉིས་པ་ལྟར་ནའང་། སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་དོན་ལ་ཚད་མས་མི་གནོད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། སྒྲ་མཉན་བྱ་ཡིན་པར་ཚད་མས་མ་ངེས་པའི་དུས་སུ་སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པ་ཡིན་པས་དམ་བཅའ་མ་གྲུབ་པའི་སྐྱོན་མེད་ལ། ཕྱིས་སྒྲ་མཉན་བྱ་ཡིན་པར་ཚད་མས་གྲུབ་པས་གནོད་བྱེད་ཀྱི་ཚད་མ་མེད་པའི་སྐྱོན་ཡང་མེད་དོ། །འོ་ན་སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་དོན་ལ་ཚད་མས་མི་གནོད་པར་ཐལ། སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་དུས་སུ་གནོད་བྱེད་ཀྱི་ཚད་མ་མེད་ལ། སྒྲ་མཉན་བྱ་ཡིན་པར་ཚད་མས་གྲུབ་པའི་དུས་སུ་སྒྲ་མཉན་བྱ་མ་ཡིན་པར་དམ་བཅའ་བ་མེད་པ་མེད་པའི་ཕྱིར་ཞེ་ན། འོ་ན་སྒྲོན་མེས་མུན་པ་མི་སེལ་བར་ཐལ། སེལ་བྱེད་སྒྲོན་མེ་ཡོད་པའི་དུས་སུ་བསལ་བྱ་མུན་པ་མེད། བསལ་བྱ་མུན་པ་ཡོད་པའི་དུས་སུ་སེལ་བྱེད་སྒྲོན་མེ་མེད་པའི་ཕྱིར། དངོས་སྟོབས་རྗེས་དཔག་གིས་བསལ་བ་ནི། དངོས་སྟོབས་རྗེས་དཔག་གིས་གྲུབ་པའི་དོན་གྱི་ལོག་ཕྱོགས་དངོས། དཔེར་ན། །སྒྲ་རྟག་པ་ལྟ་བུའོ། །སེལ་ཚུལ་ནི། སྒྲ་མི་རྟག་པས་སྒྲ་རྟག་པ་ལ་དངོས་སུ་གནོད་ལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲ་མི་རྟག་པར་གཞལ་སྟོབས་ཀྱིས་སྒྲ་རྟག་པ་ལ་གནོད་པ་ཡིན་ནོ། །གཉིས་པ་ཡིད་ཆེས་རྗེས་དཔག་གིས་བསལ་བ་ལ་གཉིས། ལུང་གནོད་བྱེད་དང་གེགས་བྱེད་གང་ཡིན་དཔྱད་པ་དང་། བསལ་བྱ་སེལ་བའི་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་གི་འདོད་པ་དང་། སོ་སོའི་འདོད་


DLL1004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི། ལུང་གནོད་བྱེད་དང་གེགས་བྱེད་དུ་འདོད་པ་གཉིས་ཀའི་ལུགས་ལ། སྒྲ་མི་རྟག་ཅེས་པའི་རང་ཚིག་དེའི་དོན་ཇི་ལྟ་བ་བཞིན་ཁོང་དུ་ཆུད་ནས་སྨྲས་པ་ཡིན་པས་ཚིག་ཚད་མ་ཡིན་པ་དེ་བཞིན་དུ་ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་ཁས་བླངས་པའི་ལུང་དེ་ཡང་ལུང་ཚད་མ་ཡིན་ཏེ། དེ་ལྟ་མིན་ན་ཤིན་ཏུ་ལྐོག་གྱུར་ལ་དཔྱད་པ་མི་འཇུག་པའི་ཕྱིར། སྒྲ་མི་རྟག་ཅེས་པའི་ཚིག་དེ་ཚད་མ་ཡིན་ན། ཕྱོགས་ཚིག་སྒྲུབ་བྱེད་ཡང་དག་ཏུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚིག་དེ་བསྟན་བྱའི་དོན་ལ་མི་བསླུ་བས་ཚད་མར་བཤད་ཀྱི། རང་གི་བརྗོད་བྱའི་སྒྲུབ་བྱེད་དུ་ཁས་མ་བླངས་པའི་ཕྱིར་རོ། །བསྟན་བྱའི་དོན་ལ་ཇི་ལྟར་མི་བསླུ་ཞེ་ན། ཚིག་དེ་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། ཚིག་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ལས་སྐྱེས་ཤིང་རྗེས་དཔག་དེ་སྒྲ་མི་རྟག་པ་ལ་འབྲེལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། ལུང་གནོད་བྱེད་དུ་འདོད་པའི་ལུགས་དང་། ལུང་གེགས་བྱེད་དུ་འདོད་པའི་ལུགས་སོ། །དང་པོ་ནི། སློབ་དཔོན་ཕྱོགས་གླང་གིས། ལུང་རྣམ་དག་རང་ལུགས་ལ་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཏུ་མི་བཞེད་ཀྱང་། རེ་ཞིག་གཞན་ངོར་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་རྣམ་གཞག་མཛད་པ་ལ་འཁྲུལ་ནས། སློབ་དཔོན་གྱི་སློབ་མ་ཁ་ཅིག་ན་རེ། ལུང་རྣམ་དག་དེ་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་དང་ལོག་ཕྱོགས་ལ་གནོད་བྱེད་ཡིན་ཏེ། གཞལ་བྱའི་གནས་དང་པོ་ལ་གཉིས་ལ་དཔྱད་པ་དག་ནས། སྦྱིན་སོགས་དཀར་པོའི་ཆོས་ནི་ཚེ་འཕོས་ནས། བདེ་བ་སྟེར་བ་དང་སྡུག་བསྔལ་སྟེར་བ་ལ་འཇུག་ལྡོག་བྱ་དགོས་ལ། འཇུག་ལྡོག་བྱེད་པ་ལ་དེའི་གཞི་ཚད་མས་གྲུབ་དགོས་ཤིང་། ལུང་ལས་གཞན་པའི་སྒྲུབ་བྱེད་ཡང་དག་མེད་པའི་ཕྱིར། གལ་ཏེ་ལུང་གནོད་བྱེད་མིན་ན་གེགས་བྱེད་དུ་ཡང་མི་འགྱུར་ཏེ། གེགས་བྱས་པའི་


DLL1004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཚད་མས་མ་གྲུབ་པའི་ཕྱིར་རོ། །ཞེས་ཟེར་རོ། །ཡང་ལུང་གནོད་བྱེད་དུ་འདོད་པ་དག་གིས་ལུང་གང་ཡང་རུང་བ་གནོད་སྒྲུབ་ཏུ་ཁས་ལེན་པ་ཡང་མ་ཡིན། གཞལ་བྱའི་གནས་དང་པོ་གཉིས་ལ་ལུང་གནོད་སྒྲུབ་ཏུ་ཁས་ལེན་པ་ཡང་མ་ཡིན་གྱི། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རྣམ་དག་རང་གི་བརྗོད་བྱ་བསྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་པ་ཡིན་ནོ། །གཉིས་པ་ནི། ལུང་གེགས་བྱེད་དུ་འདོད་པ་རྣམས་ན་རེ། ལུང་རྣམ་དག་དེ་རང་གི་བརྗོད་བྱའི་ལོག་ཕྱོགས་ལ་གེགས་བྱེད་དང་། རང་གི་བརྗོད་བྱ་ལ་ཐེ་ཚོམ་བསྐྱེད་པ་ཡིན་གྱི། བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་དང་ལོག་ཕྱོགས་ལ་གནོད་བྱེད་མ་ཡིན་པར་ཐལ། རང་གི་བརྗོད་བྱ་དང་འབྲེལ་པ་མ་གྲུབ་ན་དེ་སྒྲུབ་མི་ནུས་ཞིང་། འབྲེལ་བ་གྲུབ་ན་རང་གི་བརྗོད་བྱ་གྲུབ་ཟིན་པའི་ཕྱིར། གཞན་ཡང་། ལུང་རྣམ་དག་དེ་ཁས་བླངས་པ་ཙམ་གྱིས་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་གང་ཞིག །ངོ་བོ་ཉིད་ཀྱིས་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་ཁས་བླངས་པ་ཙམ་གྱིས་སྒྲ་མི་རྟག་པར་གྲུབ་པར་ཐལ་ལོ། །འདོད་ན། ལུང་དང་རང་ཚིག་གཉིས་ལ་གནོད་བྱེད་དང་གེགས་བྱེད་ཀྱི་ཁྱད་པར་མེད་པར་ཐལ་ལོ། །དེས་ན་ལུང་གེགས་བྱེད་དུ་འདོད་པར་རིགས་སོ། །འོ་ན་གེགས་བྱེད་ཡིན་པའི་དོན་ཇི་ལྟ་བུ་ཞེ་ན། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་དམ་བཅས་པ་དང་། བདེ་བ་མི་འབྱུང་བར་དམ་བཅས་པ་གཉིས་གེགས་བྱེད་དུ་སྟོན་པ་མ་ཡིན་ཏེ་སྔ་མ་རྒྱབ་རྟེན་ཚད་མ་ཅན་དང་ཕྱི་མ་རྒྱབ་རྟེན་ཚད་མ་མེད་པ་ཡིན་པའི་ཕྱིར། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བ་དང་མི་འབྱུང་བ་གཉིས་གེགས་བྱེད་དུ་སྟོན་པའང་མ་ཡིན་ཏེ། སྔ་མ་ཚད་མས་གྲུབ་ལ་ཕྱི་མ་ཚད་མས་མ་གྲུབ་པའི་ཕྱིར། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བ་


DLL1004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འབྱུང་བ་གང་དུ་ཡང་མ་ངེས་པའི་གང་ཟག་གི་ངོར། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་དམ་བཅས་པ་དང་བདེ་བ་མི་འབྱུང་བར་དམ་བཅས་པ་གཉིས་གེགས་བྱེད་དུ་སྟོན་པ་ཙམ་ཡང་མ་ཡིན་ཏེ། སྤྱིར་ཡང་གེགས་བྱེད་ཀྱི་དོན་ཁས་ལེན་པའི་ཕྱིར་རོ། །དེས་ན་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་དེ་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་དམ་བཅས་པ་དང་། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས། བདེ་བ་མི་འབྱུང་བར་སྟོན་པའི་ལུང་དེ་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་དམ་བཅས་པ་གཉིས་པོ་དེ་གེགས་བྱེད་དུ་སྟོན་པ་ཡིན་ཏེ། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་དེ། རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་ན། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བར་སྟོན་པའི་ལུང་དེ་ཡང་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྟོབས་མཚུངས་པའི་ཕྱིར། དཔེར་ན་སྒྲ་མི་རྟག་པར་དམ་བཅས་པ་དང་སྒྲ་རྟག་པར་དམ་བཅས་པ་ཡང་སྟོབས་མི་མཚུངས། སྒྲ་མི་རྟག་པ་དང་སྒྲ་རྟག་པ་ཡང་སྟོབས་མི་མཚུངས་ཀྱང་སྒྲ་མི་རྟག་ཅེས་པའི་ཚིག་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་དང་། སྒྲ་རྟག་ཅེས་པའི་ཚིག་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་གཉིས་སྟོབས་མཚུངས་པ་བཞིན་ནོ། །དེ་གཉིས་སྟོབས་མཚུངས་པ་ཡིན་ཏེ། སྒྲ་རྟག་པ་དང་སྒྲ་མི་རྟག་ཅེས་པའི་ཚིག་འཇུག་པར་མཚུངས་ཤིང་། མི་རྟག་པར་བཤད་པས་མི་རྟག་པ་ཡིན་དགོས་ན། རྟག་པར་བཤད་པས་རྟག་པ་ཡིན་དགོས་པའང་མཚུངས་པའི་ཕྱིར། འོ་ན་ལུང་རྣམ་དག་དེ་རང་ལུགས་ལ་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ན། གཞན་ངོར་རང་གི་བརྗོད་བྱ་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ལུང་དོན་ལ་དཔྱད་པ་རྫོགས་


DLL1004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་ཀྱི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཀས་སྤྱད་པ་ལས་བདེ་བ་འབྱུང་བའི་སྐྱོན་སོགས་དཀར་ཆོས་དང་། སྤྱད་པ་ལས་སྡུག་བསྔལ་འབྱུང་བའི་སྲོག་གཅོད་པ་སོགས་ལ་བླང་དོར་བྱ་དགོས་ཏེ། དེ་ལྟ་མིན་ན་དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །བླང་དོར་བྱེད་པ་ལ་ངེས་དགོས་ཤིང་ལུང་མ་གཏོགས་པའི་ཐབས་མེད་ལ། ལུང་དོན་ལ་དཔྱད་པ་མ་རྫོགས་པའི་གདུལ་བྱ་དབང་རྟུལ་གྱིས་རེ་ཞིག་ལུང་དཔྱད་པ་གསུམ་གྱིས་དག་པར་ངེས་མི་ནུས་པས། སྦྱིན་སོགས་ཆོས་ཅན་སྤྱད་པ་ལས་བདེ་བ་འབྱུང་སྟེ། སྤྱད་པ་ལས་བདེ་བ་འབྱུང་བར་ལུང་ལས་གསུངས་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་ཡིད་དཔྱོད་ཙམ་གྱིས་ངེས་ནས་འཇུག་པས་གདུལ་བྱ་དབང་རྟུལ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རོ། །ཕྱི་རྒོལ་དབང་རྣོན་གྱི་ངོར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་འགོད་ལ། རྟགས་དེ་ལ་བརྟེན་ནས་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱུང་བར་ཚད་མའི་སྟོབས་ཀྱིས་ངེས་ནས་འཇུག་པར་འགྱུར་བ་ཡིན་ནོ། །དེས་ན་ལུང་གེགས་བྱེད་དུ་འདོད་པའི་དོན་ལུང་རང་གི་བརྗོད་བྱའི་ལོག་ཕྱོགས་ལ་གེགས་བྱེད་ཙམ་དུ་བཞེད་པ་ཡིན་གྱི། ཤིན་ཏུ་ལྐོག་གྱུར་ལ་ལུང་གནོད་སྒྲུབ་མཚན་ཉིད་པ་མ་ཡིན་པར་འདོད་པ་མིན་ཏེ། དེ་ལྟ་ན་ཤིན་ཏུ་ལྐོག་གྱུར་ཚད་མས་མ་གྲུབ་པར་ཐལ་བའི་ཕྱིར་རོ། །གཉིས་པ་བསལ་བྱ་སེལ་བའི་ཚུལ་ལ་གཉིས། ཡིད་ཆེས་བསལ་བའི་མཐའ་དཔྱད་པ་དང་། སེལ་བྱེད་གང་གིས་བསལ་བྱ་སེལ་བའི་ཚུལ་ལོ། །དང་པོ་ནི། ཁ་ཅིག །ཡིད་ཆེས་བསལ་བ་ཡིན་ན། ཁས་བླངས་སྔ་ཕྱི་འགལ་བའི་དོན་དང་རང་ཚིག་འགལ་བའི་དོན་གང་རུང་ཡིན་དགོས་ཏེ། རྣམ་ངེས་ལས། ངག་སྔ་མས་


DLL1004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ཕྱི་མས་ཉམས་པར་བྱས་པ་ནི། ཁས་བླངས་དང་འགལ་བ་ཡིན་ཏེ། ཚིག་རང་ཉིད་ཀྱིས་རང་གི་ནུས་པ་ཉམས་པར་བྱས་པ་ནི། རང་ཚིག་དང་འགལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེ་ན། མི་འཐད་དེ། སེལ་བྱེད་ཡིད་ཆེས་པའི་ཚིག་དེ་ལ་ལུང་གི་ཚིག་དང་རང་ཚིག་གཉིས་ཡོད་ལ། ཕྱི་མ་ལ་ཡང་རང་འགལ་གྱི་དམ་བཅའ་ལ་གནོད་བྱེད་དང་གེགས་བྱེད་ཀྱི་ཚིག་གཉིས་ཡོད་པའི་ཕྱིར། སྔ་མ་གྲུབ་སྟེ། བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་དང་། ཚིག་གམ་བརྗོད་ལ་གེགས་བྱེད་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེར་བརྗོད་ཡིན་ན། ཁས་བླངས་འགལ་བའི་ཁྱབ་སྟེ། དེ་ལ་མ་འོངས་པ་ན་ཆོས། །བདེ་བ་མི་འགྲུབ་ཅེས་བྱ་ཡིན། །ཞེས་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བར་སྟོན་པའི་ཚིག་དེ། ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེ་བརྗོད་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་སྟོན་པའི་ཚིག་དེ་ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེར་བསྟན་གྱི། ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེ་ཡིན་ན་ཁས་བླངས་འགལ་བས་ཁྱབ་པར་མ་བསྟན་པའི་ཕྱིར་དང་། སྦྱིན་པ་བཏང་བ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པའི་ཚིག་དེ། ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེ་ཡིན་ཡང་ཁས་བླངས་སྔ་ཕྱི་འགལ་བ་མ་ཡིན་པའི་ཕྱིར་རོ། །ཁ་ཅིག །ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེར་བརྗོད་ཡིན་ན་དེའི་གཞི་ཆོས་ཅན་ལུང་ཁོ་ནས་གྲུབ་དགོས་ཏེ། རྣམ་ངེས་ལས། ཆོས་ཅན་རྣམ་པར་བཞག་པ་དེ་ལ་བརྟེན་པའི་ཕྱིར་དེ་ལ་གནོད་ན། གཞི་མེད་པས་ཁྱད་པར་གྱི་


DLL1004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་དཔྱད་པ་མི་འཇུག་པའི་ཕྱིར། རྣམ་པ་དེ་ལྟ་བུའི་དོན་ལ་གདོན་མི་ཟ་བར་བསྟན་ཆོས་ཚད་མར་འགྱུར་བར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ནི་སློབ་དཔོན་ཕྱོགས་གླང་གི་སློབ་མ་ལུང་ཁས་བླངས་པ་ཙམ་གྱིས་གནོད་བྱེད་དུ་འདོད་པ་དག་གི་ལུགས་བཀོད་པ་ཡིན་གྱི་རང་ལུགས་མ་ཡིན་ནོ། །རང་ལུགས་ལ། རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་ཁས་བླངས་པའི་ཚིག་གི་དོན་གི་འགལ་ཟླ་དངོས་ནི་ཡིད་ཆེས་པའི་བསལ་བ་ཡིན་ལ། རང་གི་བསྟན་བྱའི་དོན་ ལ་མི་བསླུ་བར་ཁས་བླངས་པའི་ཚིག་དེ་ཡིད་ཆེས་སེལ་བ་ཡིན་ནོ། །ཡིད་ཆེས་བསལ་བ་ལ་དབྱེ་ན། རང་ཚིག་དང་འགལ་བའི་དོན་དང་། ཁས་བླངས་སྔ་ཕྱི་འགལ་བའི་དོན་གཉིས་སམ། རང་ཚིག་གིས་བསལ་བ་དང་། ལུང་ཚིག་གིས་བསལ་བ་གཉིས་སོ། །དང་པོར་རང་ཚིག་དང་འགལ་བའི་དོན་ནི། ཚིག་རང་ཉིད་ཀྱིས་རང་གི་ནུས་པ་ཉམས་པར་བྱེད་པའི་ངག་དཔེར་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པར་བདེན་ཞེན་གྱིས་སྨྲས་པའི་ངག་ལྟ་བུའོ། །དེ་ལྟ་བུའི་ཚིག་དེ་ཚིག་རང་ཉིད་ཀྱིས་རང་གི་ནུས་པ་ཉམས་པར་བྱེད་པ་ཡིན་ཏེ། ཚིག་དེའི་དངོས་ཀྱི་བརྗོད་བྱ་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པར་དམ་བཅས་པ་དེ་དེའི་ཤུགས་ཀྱི་བརྗོད་བྱ་ཚིག་རང་ཉིད་མི་བསླུ་བར་དམ་བཅས་པ་དེས་ཉམས་པར་བྱེད་ལ། དེ་ཡང་སྔ་མས་ཉམས་པར་བྱེད་པའི་ཕྱིར་ཏེ། ཚིག་རང་ཉིད་མི་བསླུ་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པར་འགལ་ལ། གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་ན་ཚིག་རང་ཉིད་མ་བསླུ་བར་འགལ་བའི་ཕྱིར་རོ། །དེས་ན་ཚིག་དེའི་ཤུགས་ཀྱི་བརྗོད་བྱའི་དོན་དེ་རང་ཚིག་དང་འགལ་བའི་བསལ་བ་དང་ཡིད་ཆེས་བསལ་བ་ཡིན་ནོ། །ཁས་བླངས་སྔ་ཕྱི་འགལ་བའི་དོན་ནི། །ངག་སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པའི་ངག །དཔེར་ན་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས། མ་འོངས་པ་ན་བདེ་བ་མི་འབྱུང་བར་བདེན་ཞེན་གྱིས་སྨྲས་པའི་


DLL1004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལྟ་བུའོ། །ངག་དེ་ངག་སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པ་ཡིན་ཏེ། སྦྱིན་སོགས་དཀར་ཆོས་ཞེས་ཁས་བླངས་པས་དེ་སྐྱེད་པ་ལས་བདེ་བ་འབྱུང་བར་ཁས་བླངས་ལ། དེའི་རྗེས་སུ་སྤྱད་པ་ལས་བདེ་བ་མི་འབྱུང་བར་དངོས་སུ་སྨྲས་པའི་ཕྱིར་རོ། །ཚིག་དེའི་བརྗོད་བྱའི་དོན་དེ་ཁས་བླངས་སྔ་ཕྱི་འགལ་བའི་གསལ་བ་དང་ཡིད་ཆེས་པའི་བསལ་བ་ཡིན་ནོ། །སེལ་བྱེད་ཡིད་ཆེས་པའི་ཚིག་དེ་ལ་དབྱེ་ན། རང་ཚིག་དང་ལུང་ཚིག་གཉིས། གཞན་གྱིས་བརྩམས་པ་ལ་མ་ལྟོས་པར་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རང་ཉིད་ཀྱིས་ཁས་བླངས་པའི་ཚིག་ནི་རང་ཚིག་ཡིན་ནོ། །འདིར་སྨོས་རང་ཚིག་ཡིན་ན་བསྟན་བྱའི་དོན་ལ་མི་བསླུ་བར་རང་ཉིད་ཀྱིས་བདེན་ཞེན་གྱིས་སྨོས་པ་ཞིག་དགོས་ཏེ། བསྟན་བྱའི་དོན་ལ་མི་བསླུ་བར་རང་ཉིད་ཁས་ལེན་ན། དོན་རྟོགས་པའི་ཕྱིར་དུ་ཚིག་སྟོན་པ་ལ་མི་འཇུག་པའི་ཕྱིར། གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྟོགས་པར་ཡིད་ཆེས་པའི་བསྟན་བཅོས་མཁན་པོས་གསུངས་པའི་ལུང་རྣམ་དག་ནི་འདིར་སྨོས་ཡིད་ཆེས་པའི་ལུང་ཚིག་ཡིན་ནོ། །གཞལ་བྱའི་གནས་དང་པོ་གཉིས་ཙམ་སྟོན་པའི་ལུང་ནི་འདིར་སྨོས་ཡིད་ཆེས་པའི་ལུང་ཚིག་མ་ཡིན་ཏེ། དེ་ཡིན་ན་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་ཡིན་པའི་ཕྱིར། འོ་ན་རང་ཚིག་དང་ལུང་ཚིག་གཉིས་འགལ་ལམ་མི་འགལ་ཞེ་ན། གང་ཟག་གཅིག་ལ་ལྟོས་ཏེ་འགལ་ལ་སོ་སོ་ལ་ལྟོས་ཏེ་མི་འགལ་ཏེ། དཔེར་ན་བཀའ་རྒྱས་འབྲིང་བསྡུས་གསུམ་བཅོམ་ལྡན་འདས་ལ་ལྟོས་ནས་རང་ཚིག་དང་གདུལ་བྱ་ལ་ལྟོས་ནས་ལུང་ཚིག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཡིད་ཆེས་པའི་རྗེས་དཔག་དེས་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བ་སེལ་བར་བྱེད་ལ། སེལ་ཚུལ་ནི་དེ་ལ་གནོད་པའི་ཚུལ་གྱིས་སེལ་བར་བྱེད་དོ། །སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་


DLL1004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བདེན་ཞེན་གིས་སྨྲས་པའི་དམ་བཅའ་གཉིས་པོ་སེལ་བྱེད་དང་།དམ་བཅའ་གཉིས་པོའི་དོན་དེ་བསལ་བྱ། སེལ་ཚུལ་ནི་གེགས་བྱེད་པའི་ཚུལ་གྱིས་སེལ་གྱི་གནོད་པ་ནི་མ་ཡིན་ཏེ། ཚིག་དེའི་དམ་བཅའ་སྔ་ཕྱི་གཉིས་པོ་དེ་གང་ཟག་གཅིག་གིས་གཞི་གཅིག་གི་སྟེང་དུ་ཆོས་འགལ་བ་གཉིས་དམ་བཅས་པ་གང་ཞིག །གང་ཟག་དེས་དམ་བཅའ་དེ་གཉིས་ཀྱི་དོན་གང་རུང་ཚད་མས་མ་གྲུབ་པའི་ཕྱིར་རོ། །སྦྱིན་སོགས་དཀར་ཆོས་སུ་ངེས་ནས་དམ་བཅའ་སྔ་མས་ཕྱི་མ་ལ་གནོད་པ་ཡིན་ནོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་བདེན་ཞེན་གྱིས་སྨྲས་པའི་ཚེ་ཚིག་དེའི་དངོས་ཤུགས་ཀྱི་དམ་བཅའ་གཉིས་པོ་སེལ་བྱེད་དང་། དམ་བཅའ་གཉིས་པོའི་དོན་བསལ་བྱེད་དང་། སེལ་ཚུལ་གེགས་བྱེད་པའི་ཚུལ་གྱིས་སེལ་བ་ཡིན་ནོ། །དེ་ལྟ་བུའི་དམ་བཅའ་དེ་ལུང་དང་འགལ་བའི་ཕྱོགས་ཙམ་མཚོན་པའི་དཔེར་བརྗོད་ཡིན་གྱི། རྣམ་པ་གསལ་བའི་དཔེར་བརྗོད་ནི་མ་ཡིན་ཏེ། དེའི་ཟློག་ཕྱོགས་ཀྱི་དོན་སྒྲུབ་ལ་ལུང་ལ་མི་ལྟོས་པའི་ཕྱིར་ཏེ། དེའི་ལྡོག་ཕྱོགས་ཀྱི་དོན་དངོས་སྟོབས་ཚད་མས་གྲུབ་པའི་ཕྱིར་རོ། །ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེར་བརྗོད་ནི། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་ཞེས་དམ་བཅས་པ་ལྟ་བུ་ཡིན་ཏེ། ཆོས་ཅན་ལུང་ཁོ་ནས་གྲུབ་པའི་སྟེང་དུ་ལུང་དང་འགལ་བའི་དམ་བཅའ་གང་ཞིག །དེའི་ཟློག་ཕྱོགས་ཀྱི་དོན་འགྲུབ་ལུང་ལ་ལྟོས་པའི་ཕྱིར་རོ། །གྲགས་པའི་རྗེས་དཔག་གི་བསལ་བ། གསུམ་པ་གྲགས་པའི་རྗེས་དཔག་གིས་བསལ་བ་ལ་གསུམ་ལས། མདོ་དགོད་པ་དང་། མདོའི་དོན་བཤད་པ་དང་། གྲགས་པས་གནོད་ཚུལ་དངོས་སོ། །དང་པོ་ནི། ཀུན་ལས་བཏུས་ལས། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ། །རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །ཞེས་


DLL1004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདི་ལ་ཁ་ཅིག །བརྡ་སྤྲོད་པས་རི་བོང་ཅན་ལ་བསིལ་ཟེར་ཅན་དང་། འོད་དཀར་ཅན་ཞེས་པའི་སྒྲ་བཟང་པོས་བརྗོད་པར་བྱ་བ་ཡིན་གྱི་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པར་འདོད་ལ། དེ་གྲགས་པ་དང་འགལ་བར་བསྟན་པའི་དོན་དུ་མདོ་འདི་བཀོད་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། བརྡ་སྤྲོད་པ་ཡང་རི་བོང་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་མི་རུང་དུ་འདོད་ཀྱི། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་འདོད་པ་ཡིན་ཏེ། ལྷ་དབང་བློས། དེ་རི་བོང་ཅན་ཟླ་བའི་ཉིད་དུ་མི་འདོད་པ་ནི་མིན་གི །འོན་ཀྱང་དེ་གྲགས་པ་ཉིད་ཐམས་ཅད་ལ་ཚད་མར་མི་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་ནི། ལྷ་དབང་བློས། མདོ་དང་པོས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་མེད་པར་བསྟན་ལ། མདོ་གཉིས་པས་སྒྲུབ་བྱེད་ཡོད་པར་བསྟན་ཞིང་། དངོས་སྟོབས་རྗེས་དཔག་ལ་འགྲན་ཟླའི་ཚད་མ་མེད་པར་ཡང་མདོ་གཉིས་པས་བསྟན་པར་འདོད། སློབ་དཔོན་ཆོས་མཆོག་གིས་དེ་བཀག་ནས། མདོ་དང་པོས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པར་བསྟན་ཞིང་། དེའི་སྒོ་ནས་དངོས་སྟོབས་རྗེས་དཔག་དང་མངོན་སུམ་ཚད་མ་ལ་འགྲན་ཟླའི་ཚད་མ་མེད་པར་བསྟན་པར་བཞེད་དོ། །རྒྱན་མཁན་པོ་ནི། ལུང་གཉིས་ཀས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་ཀྱི་ཚད་མ་མེད་པར་ཡང་བསྟན། སྒྲུབ་བྱེད་ཀྱི་ཚད་མ་ཡོད་པར་ཡང་བསྟན། ལུང་དང་པོ་གཙོ་བོ་དང་གཉིས་པ་ཕལ་པར་བྱས་པའི་ཚེ། དེ་ལ་གནོད་བྱེད་ཀྱི་ཚད་མ་མེད་པར་བསྟན་ལ་ལུང་གཉིས་པ་གཙོ་བོ་དང་དང་པོ་ཕལ་པར་བྱས་པའི་ཚེ། དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པར་བསྟན་ལ། དེའི་སྒོ་ནས་དངོས་སྟོབས་རྗེས་དཔག་དང་མངོན་སུམ་ཚད་མ་ལ་ཡང་འགྲན་ཟླའི་ཚད་མ་མེད་པར་རྟོགས་པའི་དོན་དུ་ལུང་གཉིས་པ་བསྟན་པར་བཞེད་དོ། །འོ་ན་འབྲས་བུ་དང་རང་


DLL1004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་འགལ་བའི་དོན་གྱིས་བསལ་བ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་མི་སྨོས་པར། ཅིའི་ཕྱིར་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་སྨོས་ཤེ་ན། དངོས་སྟོབས་རྗེས་དཔག་དང་མངོན་སུམ་ཚད་མ་སོགས་ལ་འགྲན་ཟླའི་ཚད་མ་མེད་པར་རྟོགས་པའི་དོན་དུ་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་སྨོས་པ་ལ་རྒྱུ་མཚན་ཡང་དེ། གྲགས་པའི་རྗེས་དཔག་ལ་འགྲན་ཟླའི་ཚད་མ་མེད་པར་བསྟན་པས། དངོས་སྟོབས་རྗེས་དཔག་དང་མངོན་སུམ་ལ་འགྲན་ཟླའི་ཚད་མ་མེད་པར་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར་ཏེ། ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པའི་ཚད་མ་ལ་ཡང་འགྲན་ཟླའི་ཚད་མ་མེད་ན། ཡུལ་ལ་དངོས་སྟོབས་ཀྱིས་འཇུག་པའི་ཚད་མ་ལ་འགྲན་ཟླའི་ཚད་མ་མེད་པ་ལྟ་ཅི་སྨོས་སྙམ་དུ་རྟོགས་ནུས་པའི་ཕྱིར། དེ་སྐད་དུའང་རྒྱན་གྱིས། གང་དུ་བསྟན་མིན་རྗེས་དཔག་ལ། །བཟློག་པའི་རྗེས་དཔག་ཡོད་མིན་པ། །དེར་ནི་བསྟན་པའི་རྗེས་དཔག་ལ། །ཤིན་ཏུ་རིང་བར་ངེས་བྱས་ཉིད། །ཅེས་གསུངས་སོ། །དངོས་རྟོགས་རྗེས་དཔག་དང་མངོན་སུམ་སོགས་ལ་འགྲན་ཟླའི་ཚད་མ་མེད་པར་རྟོགས་པའི་དོན་དུ་འབྲས་བུ་དང་རང་བཞིན་དང་འགལ་བའི་དོན་གྱིས་གསལ་བ་དེ་ནི་ཕྱོགས་མིན་ནོ་ཞེས་མི་སྨོས་པའི་རྒྱུ་མཚན་ཡོད་དེ། དངོས་སྟོབས་རྗེས་དཔག་དང་མངོན་སུམ་ལ་འགྲན་ཟླའི་ཚད་མ་མེད་པར་བསྟན་པས་གྲགས་པའི་རྗེས་དཔག་ལ་འགྲན་ཟླའི་ཚད་མ་མེད་པར་བདེ་བླག་ཏུ་རྟོགས་མི་ནུས་པའི་ཕྱིར་ཏེ། ཡུལ་ལ་དངོས་སྟོབས་ཀྱིས་འཇུག་པའི་ཚད་མ་ལ་འགྲན་ཟླའི་ཚད་མ་མེད་མོད། ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པའི་ཚད་མ་ལ་འགྲན་ཟླའི་ཚད་མ་ཡོད་དམ་སྙམ་དུ་དྭོགས་པ་སྲིད་པའི་ཕྱིར་རོ། །འོ་ན་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་མེད་པར་བསྟན་པས་སྒྲུབ་བྱེད་ཡོད་པར་རྟོགས་ནུས། སྒྲུབ་བྱེད་ཡོད་པར་བསྟན་པ་ལ་གནོད་བྱེད་མེད་པར་རྟོགས་ནུས་པའི་ཕྱིར། ལུང་སྔ་


DLL1004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཟློས་པའི་སྐྱོན་ཅན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དཔེར་ན་མདུན་གྱི་གཞི་འདིར་བསྐལ་དོན་ཤ་ཟའི་བུམ་པ་ཡོད་པ་ལ་གནོད་བྱེད་མ་མཐོང་ཡང་ཡོད་པའི་སྒྲུབ་བྱེད་ཀྱང་མེད་པ་བཞིན་དུ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་མེད་མོད། སྒྲུབ་བྱེད་ཀྱང་མེད་དམ་སྙམ་པའི་ལོག་རྟོག་འབྱུང་བས་དེ་དགག་པའི་ཕྱིར་དུ་ལུང་གཉིས་པ་དང་། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་སྒྲུབ་བྱེད་ཙམ་ཡོད་མོད། །གནོད་བྱེད་ཀྱང་ཡོད་དམ་སྙམ་པའི་ལོག་རྟོག་འབྱུང་བས་དེ་དག་དགག་པའི་ཕྱིར་དུ་ལུང་དང་པོ་སྨོས་པའི་ཕྱིར། ལུང་དང་པོས་གནོད་བྱེད་མེད་པར་བསྟན་ན་གནོད་བྱེད་མེད་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་གནོད་བྱེད་མེད་དེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་འཇལ་བའི་ཚད་མ་མེད་པའི་ཕྱིར་ཏེ། དེ་ལྟ་བུའི་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གང་ཡང་མེད་པའི་ཕྱིར་ཏེ། སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །ཞེས་གསུངས་པའི་ཕྱིར་དང་། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་ཡང་དག་མེད་པའི་ཕྱིར་ཏེ། ཡོད་པ་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་གཏན་ཚིགས་ཡིན་པའི་ཕྱིར། དེས་ན་ཆོས་ཐམས་ཅད་ལ་རྗེས་སུ་ཡོད་པ་ཡང་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་ན། ཡོད་པའི་ཁྱད་པར་འགའ་ཞིག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ག་ལ་སྲིད་སྙམ་དུ་རྟོགས་པའི་ཕྱིར་དུ། སློབ་དཔོན་གྱིས་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཞེས་གཏན་ཚིགས་ཡོད་པ་དཔེར་སྨོས་པ་ཡིན་ནོ། །ཡོད་པ་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བ་མ་གྲུབ་སྟེ། བུམ་པ་ལ་སོགས་པ་ཟླ་བའི་སྒྲས་བརྗོད་མི་རུང་ལ་རྗེས་སུ་འགྲོ་བའི་ཕྱིར་ཞེ་ན། དེ་ཡང་མ་གྲུབ་སྟེ། བུམ་སོགས་


DLL1004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་སྒྲས་བརྗོད་མི་རུང་མ་ཡིན་པའི་ཕྱིར་ཏེ། དེ་ཟླ་བའི་སྒྲས་བརྗོད་རུང་ཡིན་པའི་ཕྱིར་ཏེ། ཟླ་བ་ཞེས་པའི་སྒྲ་དེ་དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར་ཏེ། དེ་ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པའི་སྒྲ་ཡིན་པའི་ཕྱིར་རོ། །འོ་ན་ཡོད་པ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་ནས་མེད་པའི་འགལ་བའི་གཏན་ཚིགས་ཡིན་པའི་ཕྱིར་ཞེ་ན། འདི་ལ་ཁ་ཅིག་ན་རེ། ཡོད་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་ནས་མེད། གྲགས་པ་མཐའ་དག་ལ་ལོག་པར་ཞུགས་པའི་གང་ཟག་གི་ངོར་མི་མཐུན་ཕྱོགས་ལ་ཡང་མ་མཐོང་བའི་ཕྱིར། ཡོད་པ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་ནས་མེད། རྒོལ་བ་འགའ་ཞིག་གི་ངོར་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། རང་ལན་ནི། ཡོད་པ་དེ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ཡང་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བཤད་པའི་རྒྱུ་མཚན་ཡོད་དེ། ཡོད་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བཤད་པ་ཙམ་ཡིན་པའི་ཕྱིར། དེ་སྐད་དུའང་ཆོས་མཆོག་གིས། དེས་ན་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་ཡིན་གྱི་ངེས་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ལ་ཡོད་པ་ཉིད་ནི་འགལ་བ་ཡིན་ཏེ། ཡོད་པ་ཐམས་ཅད་ཟླ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། གྲགས་པའི་རྗེས་དཔག་གིས་བསལ་བ་ནི། གྲགས་པའི་རྗེས་དཔག་གིས་གྲུབ་པའི་དོན་གྱི་ལོག་ཕྱོགས་དངོས་ཡིན་ལ། དེ་ལ་གྲགས་པས་གནོད་པ་ཡིན་པས། གྲགས་པ་ལ་ཡུལ་གྱི་གྲགས་པ་དང་། ཡུལ་ཅན་གྱི་གྲགས་པ་གཉིས་ལས་


DLL1004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། གྲགས་ཟིན་གྱི་གྲགས་པ་དང་། གྲགས་རུང་གི་གྲགས་པ་དང་གཉིས། དང་པོ་ནི། བརྡ་སྦྱར་རྗེས་སུ་རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་རུང་དུ་གྲགས་ཟིན་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཟླ་བའི་སྒྲས་བརྗོད་རུང་ལྟ་བུའོ། ཡུལ་ཅན་གྱི་གྲགས་པ་ལ་རྗོད་བྱེད་ཀྱི་སྒྲ་དང་། རྣམ་པར་བཏག་པ་གཉིས་ལས། དང་པོ་ནི། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྟོན་པའི་ངག་ལྟ་བུ་སྟེ། གྲགས་པ་དག་ཀྱང་མི་རྣམས་ཚིག །ཅེས་དང་། བཀག་མེད་ཕྱིར་ན་གནོད་མེད་དག །ཅེས་གསུངས་སོ། །གཉིས་པ་ནི། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། །གྲགས་པ་དངོས་ནི་དེ་ཡིན་ལ། དེའི་ཡུལ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལའང་། གྲགས་པ་ཞེས་པའི་མིང་གིས་བཏགས་ནས་དེས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལ་དངོས་སུ་གནོད་པ་ལ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལ་གྲགས་པས་དངོས་སུ་གནོད་ཅེས་བཏགས་ནས་བསྟན་པ་ཡིན་ལ། གྲགས་པའི་རྗེས་དཔག་གིས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལ་དངོས་སུ་མི་གནོད་དེ་ལ་གནོད་པ་ཡིན་ཏེ། དེས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་གྲུབ་པའི་ཕྱིར་རོ། །གསུམ་པ་དམ་བཅའ་ལྟར་སྣང་ལ་གནོད་ཚུལ་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་ལ་མངོན་སུམ་གྱིས་གནོད་དེ། ཡན་ལག་ཅན་རྫས་གཞན་ཡོད་པ་ལ་མངོན་སུམ་གྱིས་གནོད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དེ་ལ་མངོན་སུམ་གྱིས་གནོད་ཀྱང་ཆོས་ཀྱི་ངོ་བོ་ལ་གནོད་པར་སོང་གི །ཁྱད་པར་ལ་གནོད་པར་མ་སོང་བའི་ཕྱིར། རྟགས་མ་གྲུབ་སྟེ། ཡན་ལག་ཅན་རྫས་གཞན་ནི་ཆོས་ཀྱི་ཁྱད་པར་དང་། ཡན་ལག་ཅན་གཞན་ཙམ་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཡན་ལག་ཅན་གཞན་ཙམ་དེ་བྱེ་བྲག་པས་སངས་རྒྱས་པའི་ངོར་ཡན་


DLL1004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་ལས་ཡན་ལག་ཅན་གཞན་ཡོད་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་མ་ཡིན་པར་ཐལ། དེ་ཡན་ལག་རྣམས་ལ་ཡོད་པར་སངས་རྒྱས་པས་གྲུབ་ཟིན་མ་བརྗེད་པའི་ཕྱིར་དང་། དེ་ཙམ་ཞིག་བྱེ་བྲག་པས་སངས་རྒྱས་པའི་ངོར་སྒྲུབ་འདོད་མེད་པའི་ཕྱིར། དེས་ཡན་ལག་ཅན་གཞན་ཙམ་ཆོས་ཀྱི་ངོ་བོ་ཡིན་པའང་ཁེགས་སོ། །ཆོས་ཀྱི་ཁྱད་པར་ལ་ཁས་བླངས་ཀྱིས་གནོད་པའི་ཚུལ་ལ། ཁ་ཅིག་ན་རེ། ཡན་ལག་ཅན་ལ་ཡན་ལག་མེད་པའི་ལྕིད་ལ་སོགས་པ་ཁས་བླངས་པ་ལ། སྲང་ནི་དམའ་བ་དག་ཏུ་འགྱུར། །ཞེས་སོགས་ཀྱི་རིགས་པས་གནོད་པ་མ་བཟོད་ནས། འཕེལ་ལྡན་འབྲས་བུའི་ཕྲེང་བ་ཡི། །ལྕི་བ་རྟོགས་པ་མ་ཡིན་ན། །ཞེས་ལྕིད་ལ་སོགས་པ་མེད་པར་ཁས་བླངས་པས་ཁས་བླངས་འགལ་བ་ཡིན་ནོ་ཞེས་ཟེར། འོ་ན་ཁས་བླངས་སྔ་མ་བོར་ནས་ཕྱི་མ་ཁས་བླངས་པ་ཡིན་ནམ། སྔ་མ་མ་བོར་བཞིན་དུ་ཕྱི་མ་ཁས་བླངས་པ་ཡིན། དང་པོ་ལྟར་ན། ཁས་བླངས་འགལ་བའི་དོན་མ་ཚང་བར་ཐལ། ཁས་བླངས་སྔ་མ་མ་བོར་གྱི་བར་དུ་ཕྱི་མ་ཁས་མ་བླངས་ཕྱི་མ་ཁས་བླངས་པའི་ཚེ་སྔ་མ་བོར་བའི་ཕྱིར། མ་ཁྱབ་ན། གྲངས་ཅན་གྱི་རྒྱུད་ལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་སྒྲ་མི་རྟག་པར་ཁས་བླངས་པས་ཀྱང་ཁས་བླངས་འགལ་བར་ཐལ་ལོ། ཁས་བླངས་འགལ་བ་མེད་པའི་གང་ཟག་མི་སྲིད་པར་ཐལ་ལོ། །གཉིས་པ་ལྟར་ནའང་མི་འཐད་དེ། དེ་ལྟར་ན་ཁས་བླངས་དངོས་སུ་འགལ་བའི་སྒོ་ནས་གནོད་བྱེད་སྟོན་རིགས་པ་ལ་མ་བསྟན་པར་རིགས་པའི་གནོད་བྱེད་བསྟན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡན་ལག་ཅན་དེ་ཡན་ལག་ལས་རྫས་གཞན་དུ་དམ་བཅས་པ་ལ་རང་ཚིག་གིས་གནོད་པ་ཡིན་ཏེ། ཡན་ལག་ཅན་ཞེས་སྨྲས་དུས་ཉིད་ནས་ཡན་ལག་ཚོགས་ཙམ་གྱི་ཀུན་རྫོབ་པ་ཞིག་ཏུ་ཤུགས་ལ་དམ་བཅས་པའི་ཕྱིར། ཞེས་ཟེར་རོ། །བུམ་པ་ཆོས་


DLL1004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཡན་ལག་ཚོགས་ཙམ་གྱི་ཀུན་རྫོབ་པ་ཡིན་པར་ཐལ། ཡན་ལག་ཅན་ཡིན་པའི་ཕྱིར། མ་ཁྱབ་ན། ཡན་ལག་ཅན་དུ་ཁས་བླངས་པའི་ཤུགས་ལ་ཡན་ལག་ཚོགས་ཙམ་གྱི་ཀུན་རྫོབ་པར་ཁས་ལེན་དགོས་པ་འབུད། འདོད་ན། བདེན་པར་མ་གྲུབ་པར་ཐལ་ལོ། །འདོད་ན། བདེན་པར་གྲུབ་ན་ཆ་མེད་ཡིན་དགོས་པར་ཐལ་ལོ། །འདོད་ན། རིགས་པ་ཡིན་ན་རྫས་སུ་མ་གྲུབ་པར་ཐལ་ལོ། །གྲགས་པས་གནོད་ཚུལ་ཁ་ཅིག་ན་རེ། ཡན་ལག་ཅན་ལས་རྫས་གཞན་དུ་དམ་བཅས་པ་ལ་གྲགས་པས་གནོད་པ་ཡིན་ཏེ། འཇིག་རྟེན་ན་ཡན་ལག་ཅན་ནི་ཡན་ལག་ཚོགས་ཙམ་ལ་གྲགས་པའི་ཕྱིར་ཞེས་ཟེར། འོ་ན་གྲགས་པས་གནོད་པ་དམ་བཅའི་སྐྱོན་ཡིན་ནམ་མིན། མ་ཡིན་པ་མི་འཐད་དེ། དམ་བཅའ་ཡང་དག་ཡིན་ན་གྲགས་པས་མ་བསལ་བ་ཞིག་དགོས་པའི་ཕྱིར། སྐྱོན་ཡིན་ན། དངོས་པོ་རྣམས་དུས་མ་འདྲེས་པར་ཁས་བླངས་པ་ལ་གྲགས་པས་གནོད་པར་ཐལ། འཇིག་རྟེན་ན་སྔ་དྲོའི་ལྷས་བྱིན་ཕྱི་དྲོའི་དུས་ན་ཡོད་པར་གྲགས་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། དངོས་པོ་རྣམས་ཡུལ་དུས་རང་བཞིན་མ་འདྲེས་པར་དམ་འཆའ་བ་མི་རིགས་པར་ཐལ་ལོ། །རྟགས་ཁྱབ་ཁས། ཁ་ཅིག །མངོན་སུམ་དང་དངོས་རྟོགས་རྗེས་དཔག་གིས་གྲུབ་པའི་དོན་ཡིན་ན་འཇིག་རྟེན་ན་གྲགས་པས་ཁྱབ་པའི་ཕྱིར། གྲགས་པས་གནོད་པ་ཡིན་ནོ་ཞེས་ཟེར། འོ་ན་འཇིག་རྟེན་གྱི་གྲགས་པ་དེ་འཇིག་རྟེན་པ་རྣམས་ཐ་སྙད་དེ་ལྟར་བྱེད་པ་ལ་ཟེར་རམ། བརྗོད་རུང་གི་གྲགས་པ་ལ་ཟེར་རམ། གྲགས་པའི་རྗེས་དཔག་ལ་ཟེར། དང་པོ་ལྟར་ན་འཇིག་རྟེན་པ་ཡིན་ན་བསྟན་བཅོས་ཀྱི་བརྡ་ལ་བྱང་བས་ཁྱབ་པར་ཐལ། མངོན་རྗེས་ཀྱིས་གྲུབ་པའི་དོན་ཡིན་ན། འཇིག་རྟེན་ན་ཐ་སྙད་དེ་ལྟར་བྱེད་པས་ཁྱབ་པའི་ཕྱིར། ཕྱི་མ་གཉིས་ལྟར་ན། གཞི་གྲུབ་ན་


DLL1004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཙམ་གྱིས་བཞག་པས་ཁྱབ་པར་ཐལ། མངོན་རྗེས་ཀྱིས་གྲུབ་པའི་དོན་ཡིན་ན་གྲགས་པའི་རྗེས་དཔག་གིས་གྲུབ་པའི་ཕྱིར། ཆོས་ཅན་གྱི་ཁྱད་པར་ལ་མངོན་སུམ་གྱིས་གནོད་ཚུལ་ལ། ཁ་ཅིག་ན་རེ། ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་ཡན་ལག་ཅན་ཆོས་དུ་བཟུང་བའི་ཚེ་ཡན་ལག་ཅན་ཆོས་ཅན་གྱི་ངོ་བོ་དང་། མངོན་སུམ་གྱིས་མཐོང་དུ་རུང་བ་ཆོས་ཅན་གྱི་ཁྱད་པར་ཡིན་ལ། ཡན་ལག་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་ཡན་ལག་ཅན་ཆོས་ཅན་དུ་བཟུང་བའི་ཡན་ལག་ཆོས་ཅན་གི་ངོ་བོ་དང་། མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཆོས་ཅན་གྱི་ཁྱད་པར་ཡིན་ནོ་ཞེས་ཟེར། འོ་ན་བུམ་པ་ལྟ་བུ་མངོན་སུམ་གྱིས་མཐོང་དུ་རུང་བ་ལ་མངོན་སུམ་གྱིས་གནོད་པར་ཐལ། བྱེ་བྲག་པས་ཡན་ལག་ཅན་ནི། ཡན་ལག་ལས་གཞན་ཡིན་ནོ་ཞེས་དམ་བཅས་པའི་ཚེ། ཡན་ལག་ཅན་ཆོས་ཅན་གྱི་ངོ་བོ་དང་། མངོན་སུམ་གྱི་མཐོང་རུང་ཆོས་ཅན་གྱི་ཁྱད་པར་དུ་བྱས་ནས་དེ་ལ་མངོན་སུམ་གྱིས་གནོད་པ་གང་ཞིག །ཡན་ལག་ཅན་གྱི་རང་ལྡོག་ཡན་ལག་ལས་རྫས་གཞན་ཡིན་མིན་རྩོད་པ་མིན་གྱི་གཞི་ལྡོག་བུམ་པ་ལྟ་བུ་རང་གྱི་ཡན་ལག་ལས་རྫས་གཞན་དུ་ཡོད་མེད་རྩོད་པ་ཡིན་པའི་ཕྱིར། ཆོས་ཅན་གྱི་ཁྱད་པར་ལ་ཁས་བླངས་ཀྱིས་གནོད་ཚུལ་ལ། ཁ་ཅིག་ན་རེ། ཡན་ལག་ཅན་རྫས་གཞན་ཡོད་ན་དམིགས་རུང་མ་དམིགས་པས། བྱེ་བྲག་པས་ཡན་ལག་ཅན་རྫས་གཞན་མེད་པར་ཁས་བླངས་དགོས་པས་ཁས་བླངས་འགལ་བ་ཡིན་ནོ་ཞེས་ཟེར། ཁས་བླང་དགོས་པས་ཁས་བླངས་འགལ་ན། གྲངས་ཅན་པས་སྒྲ་མི་རྟག་པར་ཁས་བླངས་པར་ཐལ། སྒྲ་མི་རྟག་པར་ཁས་བླང་དགོས་པའི་ཕྱིར་ཏེ། སྒྲ་བྱས་པ་ཡིན་པའི་ཕྱིར། ཕྱི་རོལ་པ་རྣམས་ཀྱིས་


DLL1004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་བདག་མེད་ཁས་བླངས་པར་ཐལ། དེ་ཁས་བླང་དགོས་པའི་ཕྱིར། འདུས་བྱས་ཐམས་ཅད་སྐྱེ་བ་དང་འཇིག་པ་ཡིན་པའི་ཕྱིར། འདོད་ན། ཡང་དག་པའི་ལྟ་བས་ཁས་མ་བླངས་པའི་གང་ཟག་མི་སྲིད་པར་ཐལ་ལོ། །གཉིས་པ་ནི་ཚད་མ་མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་མ་བསལ་བ། །ཞེས་དམ་བཅའ་ཡང་དག་ཡིན་ན། ཚད་མ་བཞི་པོ་གང་གིས་ཀྱང་མི་གནོད་པ་ཞིག་དགོས་ཞེས་བསྟན། དེའི་ཟློག་ཕྱོགས་དམ་བཅའ་ལྟར་སྣང་དེ་ལ་ཆོས་ཀྱི་ངོ་བོ་དང་ཁྱད་པར་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་བཞི་གསུངས་ལ། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ལ་གནོད་ཚུལ་ནི་སྔར་བཤད་ཟིན་ལ། དམ་བཅའ་ཕྱི་མ་གསུམ་ལ་མངོན་སུམ་སོགས་ཀྱིས་གནོད་ཚུལ་ལ་གསུམ་ལས། དང་པོ་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལ་གནོད་ཚུལ་ལ་གཉིས། དམ་བཅའ་ངོས་གཟུང་བ་དང་། གནོད་ཚུལ་དངོས་སོ། །དང་པོ་ནི། སློབ་དཔོན་གྱིས། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མིན་ཏེ། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ། །ཞེས་གནོད་བྱེད་དངོས་སུ་བསྟན་ནས་གནོད་བྱ་ཤུགས་ལ་འཕངས་ནས་བསྟན་ལ། དེ་ཡང་ཡན་ལག་ཅན་ཡན་ལག་རྣམས་ལས་གཞན་ཙམ་ཡིན་པ་ནི། ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་མིན་ཏེ། དེ་ཙམ་ཞིག་སངས་རྒྱས་པའི་ངོར་སྒྲུབ་ན་གྲུབ་ཟིན་བསྒྲུབ་པར་འགྱུར་བའི་ཕྱིར་ཏེ། སངས་རྒྱས་པས་ཡན་ལག་ཅན་བུམ་པ་དང་། དེའི་ཡན་ལག་གཟུགས་སོགས་གཞན་ཙམ་དུ་གྲུབ་པ་ཟིན་པའི་ཕྱིར། འོ་ན་བུམ་པ་དང་བུམ་པའི་གཟུགས་སོགས་ཆོས་ཅན། རྫས་གཞན་ཡིན་པར་ཐལ། གཞན་ཡིན་པའི་ཕྱིར་ཞེ་ན། འོ་ན་ཆོས་ཅན། རྫས་ཐ་དད་ཡིན་


DLL1004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། ཐ་དད་པའི་ཕྱིར། དེས་ན་དེ་གཉིས་གཞན་ཡིན་ ཡང་གཞན་དེ་རྟོག་པས་སྒྲོ་བཏགས་པ་ཡིན་པས་རྫས་གཞན་དུ་ཐལ་བའི་སྐྱོན་མེད་དོ། །ཁ་ཅིག་ན་རེ། དེ་གཉིས་རྫས་གཞན་ཡིན་ཏེ། ཁྱད་པར་ཅན་མིན་གཞན་ཡོད་ནི། །སྒྲུབ་ན་སྒྲུབ་པ་བསྒྲུབས་པ་ཉིད། །ཅེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་གཉིས་རྫས་གཞན་མ་ཡིན་པར་ཐལ། དེ་གཉིས་སྣང་ཚུལ་ཐ་དད་ཡིན་ཡང་གནས་ཚུལ་ངོ་བོ་གཅིག་ཡིན་པའི་ཕྱིར་ཏེ། དེ་གཉིས་ཆ་དང་ཆ་ཅན་ཡིན་པའི་ཕྱིར། འོན་ཏེ་བུམ་པ་རྩོམ་བྱེད་ཀྱི་རྡུལ་ཕྲན་དང་བུམ་པ་གཉིས་ལ་བསམས་ན་ནི་དེ་གཉིས་རྫས་ཐ་དད་ཡིན་ནོ། །འོ་ན་ཆོས་ཀྱི་ངོ་བོ་དང་ཁྱད་པར་གང་ཞེ་ན། ཡན་ལག་ལས་རྫས་གཞན་ཆོས་ཀྱི་ངོ་བོ་དང་ལྕིད་སོགས་ཡོན་ཏན་གསུམ་ཆོས་ཀྱི་ཁྱད་པར་ཡིན་ཏེ། བྱེ་བྲག་པས་ལྕིད་སོགས་ཡོན་ཏན་གསུམ་གྱིས་ཁྱད་པར་དུ་བྱས་ནས། ཡན་ལག་ཅན་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པའི་ཕྱིར། བྱེ་བྲག་པའི་ལུགས་ལ་ཡན་ལག་ཅན་དང་ཡན་ལག་རྫས་ཐ་དད་ཡིན་ཏེ། དེ་གཉིས་མངོན་སུམ་གྱིས་མཐོང་དུ་རུང་མི་རུང་དང་སྒྲིབ་ཐོགས་སོགས་བྱེད་མི་བྱེད་རྫས་ཐ་དད་པའི་ཕྱིར། ཡན་ལག་རྣམས་དང་ལྕིད་སོགས་ཡོན་ཏན་རྣམས་ཀྱང་རྫས་ཐ་དད་ཡིན་ཏེ། སྒྲ་རྟོག་ཐ་དད་འཇུག་པའི་ཕྱིར་ཞེས་འདོད་དོ། །གཉིས་པ་ནི། བྲེ་བྲག་པས་ཡན་ལག་ཅན་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པའི་ཆོས་ཀྱི་ཁྱད་པར་ལ་རྗེས་དཔག་གིས་གནོད་དེ། བྱེ་བྲག་པས་ལྕིད་སོགས་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་ནས། ཡན་ལག་ཅན་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པ་གང་ཞིག །ལྕིད་སོགས་ཆོས་གསུམ་པོ་དེ་ལ་རྗེས་དཔག་གིས་གནོད་པའི་ཕྱིར། ཇི་ལྟར་གནོད་ན། ཡན་ལག་ཅན་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་མེད་དེ། དེ་ཡོད་ན་སྲང་


DLL1004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དམའ་བའི་ཁྱད་པར་འཛིན་དགོས་པ་གང་ཞིག །སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཡོན་ཏན་ལྕིད་ལྷག་པོ་མེད་པར་གྲུབ་ལ། དེ་ལྟར་ན། ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་མེད་པར་ཐལ་ལོ། །འདོད་ན། ཡོན་ཏན་ལྕིད་དང་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་གཉིས་འཕྲོད་པ་འདུ་བའི་རྒྱུ་མ་ཡིན་པར་ཐལ། དེ་གཉིས་མ་གྲུབ་པའི་ཕྱིར་ཞེས་པའི་ཚུལ་གྱིས་གནོད་དོ། །ཡང་དེ་ལྟར་དམ་བཅས་པའི་ཆོས་ཀྱི་ཁྱད་པར་ལ་མངོན་སུམ་གྱིས་གནོད་དེ། བྱེ་བྲག་པས་དེ་ལྟར་དམ་བཅས་པ་གང་ཞིག །ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་སོགས་ཡོད་པ་ལ་མངོན་སུམ་གྱིས་གནོད་པའི་ཕྱིར་ཏེ། དེ་ལྟ་བུ་ཡོད་ན་མངོན་སུམ་གྱིས་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། ཡང་དེ་ལྟར་དམ་བཅས་པའི་ཆོས་ཀྱི་ཁྱད་པར་ལ་ཡན་ལག་ཅན་ཆ་མེད་དུ་ཁས་བླངས་པས་གནོད་དེ། བྱེ་བྲག་པས་དེ་ལྟར་དམ་བཅས་པ་གང་ཞིག །ལྕིད་སོགས་རྫས་གཞན་ཁྱད་ཆོས་སུ་ཡོད་ན། ཆ་མེད་ཡིན་པར་འགལ་བའི་ཕྱིར། ཡང་དེ་ལྟར་དམ་བཅས་པ་ལ་རང་ཚིག་འགལ་བའི་གནོད་དེ། གང་ཞིག་ཡན་ལག་ཅན་དུ་སྨྲས་པའི་ཤུགས་ལ་ཡན་ལག་རྣམས་རྫས་གཞན་མ་ཡིན་པར་དམ་བཅས་པའི་ཕྱིར། དེ་ལྟར་དམ་བཅས་པའི་ཆོས་ཀྱི་ཁྱད་པར་ལ་གྲགས་པས་གནོད་དེ། སྒྲ་རྟོག་དངོས་དབང་གིས་འཇུག་པའི་རྒྱུ་མཚན་གྱིས། ཡན་ལག་ཅན་ལ་ལྕིད་སོགས་རྫས་གཞན་ཡོད་པར་དམ་བཅས་པ་གང་ཞིག །དེ་ལ་སྒྲ་རྟོག་འདོད་པའི་དབང་གིས་དོན་ཐམས་ཅད་ལ་འཇུག་རུང་དུ་གྲུབ་པས་གནོད་པའི་ཕྱིར། དེས་ན་གྲགས་པས་གནོད་པ་མཚན་ཉིད་པ་ཡིན་གྱི། འཇིག་རྟེན་ན་ཐ་སྙད་དེ་ལྟར་བྱེད་པའི་གྲགས་པ་ཙམ་གྱིས་གནོད་པ་མ་ཡིན་ནོ། །


DLL1004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་དམ་བཅས་ལ་གནོད་ཚུལ་ནི། ཡན་ལག་ཅན་ནི་ཡན་ལག་ཅན་རྣམས་ལས་གཞན་མིན་ཏེ། མངོན་སུམ་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་ཡན་ལག་ཅན་ཆོས་ཅན་དུ་བཟུང་བ་དང་། ཡན་ལག་ནི་ཡན་ལག་ཅན་ལས་གཞན་མིན་ཏེ། མངོན་སུམ་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་ཡན་ལག་ཆོས་ཅན་དུ་བཟུང་བ་གཉིས་གསུངས་ལ། འདི་ལ་ཁ་ཅིག་ན་རེ། ཡན་ལག་ཅན་ཆོས་ཅན་དུ་བཟུང་བའི་ཚེ། ཡན་ལག་ཅན་གྱི་ངོ་བོ་དང་མངོན་སུམ་གྱིས་མཐོང་རུང་ཆོས་ཅན་གྱི་ཁྱད་པར་དང་། ཡན་ལག་ཆོས་ཅན་དུ་བཟུང་བའི་ཚེ། ཡན་ལག་ཆོས་ཅན་གྱི་ངོ་བོ་དང་མངོན་སུམ་གྱིས་མཐོང་བའི་མི་རུང་ཆོས་ཅན་གྱི་ཁྱད་པར་ཡིན་ལ། ཁྱད་པར་དེ་གཉིས་ལ་མངོན་སུམ་གྱིས་གནོད་ཅེས་ཟེར། དེ་ནི་མི་འཐད་དེ། བྱེ་བྲག་པས་ཡན་ལག་ཅན་དང་ཡན་ལག་གི་རང་ལྡོག་ཙམ་ཞིག་རྫས་གཞན་དུ་སྒྲུབ་པ་མིན་གྱི། གཞི་ལྡོག་བུམ་པ་ལྟ་བུ་རང་གི་ཡན་ལག་གཟུགས་སོགས་ལས་རྫས་གཞན་དུ་སྒྲུབ་པ་ཡིན་ལ། དེའི་ཚེ་ཡན་ལག་ཅན་བུམ་པ་མངོན་སུམ་གྱིས་མཐོང་དུ་རུང་བ་ལ་ཚད་མས་མི་གནོད་པའི་ཕྱིར། འོ་ན་ཇི་ལྟར་ཡིན་ཞེ་ན། ཡན་ལག་ཅན་ཆོས་ཅན་དུ་བྱས་པའི་ཚེ་ན། ཡན་ལག་ཅན་ཆོས་ཅན་གྱི་ངོ་བོ་དང་ཆ་མེད་ཆོས་ཅན་གྱི་ཁྱད་པར་ཡིན་ལ། དེ་ལ་མངོན་སུམ་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་གནོད་བྱེད་གསུངས་ཤིང་། དེའི་དོན་ཡང་། ཡན་ལག་ཅན་བུམ་པ་ཆོས་ཅན། མངོན་སུམ་གྱིས་ངེས་ཤེས་འདྲེན་ནུས་ཀྱི་ཚུལ་གྱིས་མཐོང་བ་མ་ཡིན་པར་ཐལ། ཆ་མེད་པའི་ཕྱིར། འདོད་ན། མངོན་སུམ་གྱིས་རྟོགས་པས་བསལ། དེ་ལྟར་ཐལ་བ་ལས། ཆོས་ཅན། ཆ་མེད་མ་ཡིན་ཏེ། དབང་པོའི་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཞེས་པ་སྟེ། ཐལ་རང་དེས་རིམ་པ་བཞིན་དུ་ཁས་བླངས་དང་


DLL1004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་གིས་གནོད་ཚུལ་བསྟན་ཏོ། །བུམ་པ་ཆ་མེད་ཡིན་པའི་དོན་ལ་མངོན་སུམ་གྱིས་ཀྱང་གནོད་དེ། བུམ་པ་ཆ་བཅས་ཡིན་པའི་དོན་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཡན་ལག་ཅན་བུམ་པ་ཆ་མེད་ཡིན་པར་དམ་བཅས་པ་ལ་རང་ཚིག་གིས་ཀྱང་གནོད་དེ། ཡན་ལག་ཅན་ཞེས་ཡན་ལག་ཡོད་པར་དམ་བཅས་པའི་ཤུགས་ལ་ཆ་བཅས་སུ་ཁས་བླངས་ཤིང་། དངོས་སུ་ཆ་མེད་ཡིན་པར་དམ་བཅས་པའི་ཕྱིར། ཡན་ལག་ཆོས་ཅན་དུ་བྱས་པའི་ཚེ་ཡན་ལག་ཆོས་ཅན་གྱི་ངོ་བོ་དང་མངོན་སུམ་གྱིས་མཐོང་མི་རུང་ཆོས་ཅན་གྱི་ཁྱད་པར་ཡིན་ལ། དེ་ལ་མངོན་སུམ་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་གནོད་བྱེད་གསུངས་ཤིང་། དེའི་དོན་ནི་ཡན་ལག་ཅན་བུམ་པ་ལྟ་བུ་དེ་མངོན་སུམ་གྱིས་མཐོང་རུང་མ་ཡིན་པར་ཐལ་ལོ། །ཡན་ལག་བུམ་པའི་གཟུགས་སོགས་ཀྱི་རྡུལ་མངོན་སུམ་གྱིས་མཐོང་རུང་མ་ཡིན་པའི་ཕྱིར་ཞེས་པའོ། །འོ་ན་ཁྱོད་རང་ལྟར་ན་ཡང་བུམ་པ་མངོན་སུམ་གྱིས་མཐོང་རུང་མ་ཡིན་པར་ཐལ། བུམ་པའི་གཟུགས་རྡུལ་མངོན་སུམ་གྱིས་མཐོང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་གཟུགས་རྡུལ་ཆོས་ཅན། མངོན་སུམ་གྱིས་མཐོང་རུང་མ་ཡིན་པར་ཐལ། རྡུལ་ཕྲན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྡུལ་ཕྲན་ཡིན་ན་དབང་ཤེས་ཀྱིས་ངེས་ཤེས་འདྲེན་ནུས་ཀྱི་ཡུལ་མ་ཡིན་པར་བསྟན་གྱི། དབང་ཤེས་ཀྱི་ཡུལ་མ་ཡིན་པར་མ་བསྟན་པའི་ཕྱིར། དེ་ལྟ་མིན་ན། རྟེན་མཐོང་མེད་པར་གང་ལས་རྟོགས། །ཞེས་པའི་དོན་དང་འགལ་བར་འགྱུར་རོ། །ཆོས་ཅན་གྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ལ་གནོད་ཚུལ་ནི། སློབ་དཔོན་གྱིས། རྫས་ནི་ཡོད་པ་མིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མིན་པར་


DLL1004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བའི་ཕྱིར་རོ། །ཞེས་རྫས་རྫས་མིན་པ་དང་། ཡོན་ཏན་རྫས་སུ་ཐལ་བའི་སྒོ་ནས་གནོད་བྱེད་བརྗོད་ལ། དེ་ཡང་རྫས་ཀྱི་རང་ལྡོག་ཙམ་འགོག་པ་མིན་གྱི་དོན་ལྡོག་འགོག་པ་ཡིན་ཏེ། བྱེ་བྲག་པས་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་དེ་རྫས་ཀྱི་མཚན་ཉིད་དུ་ཁས་བླངས་པ་ལ། འོ་ན་རྫས་བུམ་པ་ལྟ་བུ་ཆོས་ཅན། རང་གི་ཡོན་ཏན་དང་འབྲེལ་མེད་དུ་ཐལ། དེ་དང་བདག་གཅིག་ཏུ་ཡང་མ་འབྲེལ། དེ་བྱུང་དུ་ཡང་མ་འབྲེལ་བའི་ཕྱིར། རྟགས་དང་པོ་ཁས་བླངས་ཏེ། དེ་དང་རྫས་གཞན་དུ་ཁས་བླངས་པའི་ཕྱིར། གཉིས་པ་ཁས་བླངས་ཏེ། དེ་དང་དུས་མཉམ་དུ་ཁས་བླངས་པའི་ཕྱིར། འདོད་ན། དེ་དང་རྟེན་དང་བརྟེན་པ་མ་ཡིན་པར་ཐལ། དེ་དང་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། རྫས་མ་ཡིན་པར་ཐལ། ཡོན་ཏན་དོན་གཞན་གྱི་རྟེན་མ་ཡིན་པའི་ཕྱིར། ཞེས་པས་ཁས་བླངས་ཀྱིས་གནོད་ཚུལ་བསྟན་ཏོ། །དེ་ལྟར་ཐལ་བ་ལས། ཆོས་ཅན། རང་གི་ཡོན་ཏན་གྱི་དུས་མཉམ་པའི་རྟེན་དོན་གཞན་ཡིན་ཏེ། དེ་དང་འབྲེལ་བ་གྲུབ་པའི་ཕྱིར། ཞེས་པ་འདིས་རྗེས་དཔག་གིས་གནོད་པར་བསྟན་ཏོ། །ཆོས་ཅན། རང་གི་ཡོན་ཏན་གྱི་དུས་མཉམ་པའི་རྟེན་དོན་གཞན་ཡིན་པ་ལ་མངོན་སུམ་གྱིས་གནོད་དེ། དེ་ཡིན་ན་མངོན་སུམ་གྱིས་མཐོང་དགོས་པ་ལས་མ་མཐོང་བའི་ཕྱིར། རང་གི་ཡོན་ཏན་གྱི་རྟེན་དོན་གཞན་ཡིན་པ་ལ་རང་ཚིག་གིས་ཀྱང་གནོད་དེ། དེ་དང་རྟེན་དང་བརྟེན་པར་ཁས་བླངས་པས་འབྲེལ་པ་གྲུབ་པར་ཁས་བླངས། དུས་མཉམ་རྫས་གཞན་དུ་ཁས་བླངས་པས་འབྲེལ་མེད་དུ་ཁས་བླངས་པའི་ཕྱིར། རང་གི་ཡོན་ཏན་གྱི་རྟེན་དོན་གཞན་དུ་ཁས་བླངས་པ་ལ་གྲགས་པས་ཀྱང་གནོད་དེ། བྱེ་བྲག་པས་སྒྲ་རྟོག་དངོས་དབང་གིས་འཇུག་པའི་རྒྱུ་མཚན་གྱིས། རང་གི་ཡོན་ཏན་དང་དུས་མཉམ་རྫས་གཞན་དུ་ཁས་བླངས་ལ། དེ་ལ་སྒྲ་རྟོག་འདོད་པའི་དབང་གིས་


DLL1004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་ལ་འཇུག་རུང་དུ་གྲུབ་པས་གནོད་པའི་ཕྱིར་རོ། །ཡོན་ཏན་རྫས་སུ་ཐལ་བ་ནི། རྫས་བུམ་པ་དེ་ཡོན་ཏན་དོན་གཞན་གྱི་རྟེན་ཡིན་པའི་རྒྱུ་མཚན་ཅི། བུམ་པ་འདི་ནི་སྔོན་པོའོ་སྙམ་པའི་བློ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་སྔོན་པོ་དེ་ཡོན་ཏན་གཞན་གྱི་རྟེན་ཡིན་པར་ཐལ། སྔོན་པོ་འདི་ནི་མཛེས་སོ་སྙམ་པའི་བློ་སྐྱེ་བའི་ཕྱིར། འདོད་ན། དེ་རྫས་སུ་ཐལ་ལོ། །འདོད་མི་ནུས་ཏེ། ཡོན་ཏན་དང་རྫས་འགལ་བར་ཁས་བླངས་པའི་ཕྱིར། ཆོས་ཀྱི་ངོ་བོ་དང་ཁྱད་པར་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་བ་ཞིག་ལ་གནོད་པའི་དམ་བཅའ་ལྟར་སྣང་ནི། ངག་ཐམས་ཅད་རྫུན་པའི་དོན་ཅན་ཡིན་ནོ་ཞེས་དམ་བཅས་པ་ལྟ་བུ་ཡིན་ཏེ། ངག་ཐམས་ཅད་རྫུན་པའི་དོན་ཅན་ཡིན་ན། ངག་གང་གིས་ཀྱང་དོན་སྟོན་མི་ནུས་ལ། དེ་ལྟར་ན་དོན་བདེན་པ་སྟོན་པ་དང་། རྫུན་པ་སྟོན་པ་མི་སྲིད་ཅིང་། འདུས་བྱས་མི་རྟག་པ་དང་རྟག་པར་སྨྲ་བའི་ཚིག་ལ་སོགས་པ་མི་སྲིད་དགོས་པའི་ཕྱིར་རོ། །གཉིས་པ་རིགས་པ་ཅན་པའི་བསྒྲུབ་བྱ་དགག་པ་ལ་གསུམ། མཚན་ཉིད་དགག་པ་དང་། མཚན་གཞི་ལ་བརྟགས་ནས་དགག་པ་དང་། ངེས་གཟུང་གི་སྦྱར་ས་ལ་བརྟགས་ནས་དགག་པའོ། །དང་པོ་ནི། ཚད་མ་མདོར། བསྒྲུབ་བྱ་བསྟན་པ་ཞེས་བྱ་འདིར། །གྲུབ་པ་མེད་ལ་དོན་བཅས་ཉིད། །དེ་ལྟ་ན་ནི་རྟགས་དང་དཔེ། །མ་གྲུབ་བརྗོད་པ་ཐལ་བར་འགྱུར། །ཞེས་གསུངས་ལ། དེའི་དོན། རིགས་པ་ཅན་པ་ན་རེ། བསྒྲུབ་པར་བྱ་བ་བསྟན་པར་བྱ་དེ་བསྒྲུབ་བྱའི་མཚན་ཡིན་ནོ། །འོ་ན་དཔེ་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཡིན་པའི་ཕྱིར་ཏེ། མ་འོངས་པ་ན་བསྒྲུབ་བྱར་བསྟན་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། བསྟན་པར་བྱ་བ་དེ་དུས་གསུམ་ག་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར་འོ་ན་དཔེ་རྟགས་མ་གྲུབ་པ་ཇི་ལྟ་བུ་ཞེ་ན། དཔྱོད་


DLL1004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་པ་དང་གྲངས་ཅན་གྱི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པ་དཔྱོད་པ་ལ་མ་གྲུབ། དཔེ་བུམ་པ་མི་རྟག་པ་གྲངས་ཅན་ལ་མ་གྲུབ་པ་ལྟ་བུའོ། །ཡང་ན་སྒྲ་ཆོས་ཅན། རྟག་སྟེ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ཞེས་པ་ལྟ་བུའོ། །དེ་ལྟར་འཕངས་པ་ལ་ཁོ་ན་རེ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་དེ། ལས་ལ་བྱེད་པ་པོའི་རྐྱེན་ཡོད་པས་ལས་དེ་བྱེད་པ་པོའི་འདོད་ཕུགས་དམ་པ་ཡིན་ལ། དཔེ་རྟགས་མ་གྲུབ་པ་ལ་བསྒྲུབ་པར་བྱ་བས་ཁྱབ་ཀྱང་རྒོལ་བའི་འདོད་ཕུགས་དམ་པ་མ་ཡིན་ཏེ། དཔེར་ན་འོ་མས་འབྲས་ཆན་ཚོས་ཞེས་བརྗོད་པའི་ཚེ། འོ་མ་ལ་ཟ་བའི་བྱ་བས་ཁྱབ་ཀྱང་འོ་མ་དེ་བྱེད་པ་པོར་བརྗོད་པས། འོ་མ་དེ་བྱེད་པ་པོའི་འདོད་ཕུགས་དམ་པ་མ་ཡིན་གྱི། འབྲས་ཆན་བྱེད་པ་པོའི་འདོད་ཕུགས་དམ་པ་ཡིན་པ་བཞིན་ནོ། །དེས་ན་དཔེ་རྟགས་མ་གྲུབ་པས་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་དེ། དེ་རྒོལ་བའི་འདོད་ཕུགས་དམ་པ་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་བྱེད་དུ་བཀོད་བཞིན་པ་ཙམ་ཡིན་པའི་ཕྱིར། གཞན་ཡང་། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་དེ། དེ་བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་རྗོད་པ་སྒྲུབ་ངག་ཡན་ལག་ལྔའི་ནང་ནས་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་བྱེད་དུ་བཀོད་བཞིན་པ་ཙམ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཡིན་ན། དེ་རྗོད་པ་སྒྲུབ་ངག་ཡན་ལག་ལྔའི་ནང་ནས་དམ་བཅའི་ཡན་ལག་ཡིན་དགོས་པའི་ཕྱིར། གཞན་ཡང་། དཔེ་རྟགས་མ་གྲུབ་པ་དམ་བཅར་ཐལ་བའི་སྐྱོན་མེད་དེ། དེ་གྲུབ་མཐའ་བཞིའི་ནང་ནས་ཁས་བླངས་པའི་གྲུབ་མཐའ་མ་ཡིན་པའི་ཕྱིར་ཏེ། སྒྲུབ་བྱེད་དུ་བཀོད་བཞིན་པ་ཙམ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། རྩོད་


DLL1004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་སྟེང་དུ་ཁྱད་པར་གྱི་ཆོས་ཁས་བླངས་ནས་དཔྱད་པ་བྱེད་པ་དེ་ཁས་བླངས་ཀྱི་གྲུབ་མཐའི་མཚན་ཉིད་ཡིན་པའི་ཕྱིར། གྲུབ་མཐའ་བཞི་པོ་གང་ཞེ་ན། རྒྱུད་ཐམས་ཅད་པའི་གྲུབ་མཐའ། རྒྱུད་སོ་སོའི་གྲུབ་མཐའ། སྐབས་ཀྱི་གྲུབ་མཐའ། ཁས་བླངས་པའི་གྲུབ་མཐའ། དང་པོ་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་ཡོད་དེ་ཅེས་དམ་བཅས་པ་ལྟ་བུ་སྟེ། གཞལ་བྱའི་དོན་ཅན་གྱི་ཚད་མ་ཡོད་པར་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ནི་གང་ཟག་གིས་བདག་ཡོད་ཅེས་པའམ་གང་ཟག་གི་བདག་མེད་ཅེས་པ་ལྟ་བུ་སྟེ། གྲུབ་མཐའ་སྨྲ་བ་སོ་སོའི་འདོད་པ་ཡིན་པའི་ཕྱིར། གསུམ་པ་ནི། ལུས་ཅན་མ་ཡིན་པའི་བདག་ནི་ཤི་ནས་འབྲས་བུ་ལ་ལོངས་སྤྱོད་ཅེས་པ་ལྟ་བུ་སྟེ། བདག་ཁས་བླངས་པའི་གནས་སྐབས་ཀྱི་འདོད་པ་ཁྱད་པར་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། མ་བརྟགས་པར་ཁྱད་གཞི་སྒྲ་ལྟ་བུའི་སྟེང་དུ་ཁྱད་ཆོས་མི་རྟག་པ་ལྟ་བུ་ཁས་བླངས་ནས་དཔྱོད་པ་ལྟ་བུའོ། །རྩོད་པ་གསུམ་པོ་དེའི་ལན་རིམ་པ་བཞིན། ཐམས་ཅད་རྣམ་འགས་མ་གྲུབ་ཕྱིར། །ཞེས་སོགས་དང་། སྔར་མ་གྲུབ་པའི་རང་བཞིན་ཕྱིར། །ཞེས་སོགས་དང་། གང་གིས་ཁས་བླངས་མཚན་ཉིད་འགྱུར། །ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་བསྒྲུབ་བྱའི་མཚན་ཉིད་ཡིན་ན། བསྒྲུབ་བྱའི་མཚན་གཞི་ཇི་ལྟ་བུ་ཡིན། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐྱེ་ལྡན་རྟགས་སུ་བཀོད་ནས་བུམ་པ་མཐུན་དཔེར་བཟུང་བའི་ཚེ། ཆོས་མི་རྟག་པ་བསྒྲུབ་བྱ་ཡིན་ནམ། ཆོས་ཅན་སྒྲ་བསྒྲུབ་བྱ་ཡིན་ནམ། ཆོས་ཅན་སྒྲ་དང་ཆོས་མི་རྟག་པ་གཉིས་ཀ་བསྒྲུབ་བྱ་ཡིན། དང་པོ་ལྟར་ན། དེ་འགོག་པ་ལ་ཀུན་ལས་བཏུས་ལས། ཆོས་བསྒྲུབ་བྱ་ན་ཆོས་མཐུན་


DLL1004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅེས་གསུངས་པ་ལྟར། མི་རྟག་པ་ཆོས་ཅན། ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་གྲུབ་པའི་སྔ་རོལ་དུ་ཁྱོད་དང་བུམ་པ་གཉིས་སྐྱེ་ལྡན་དུ་ཆོས་མཐུན་པའི་ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ་ལོ། །གཉིས་པ་ལྟར་ན། དེ་འགོག་པ་ལ་ཀུན་ལས་བཏུས་ལས། ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཅེས་པ་ལྟར། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་མ་ཡིན་པར་ཐལ། ཁྱོད་བསྒྲུབ་པའི་ཕྱིར་དུ་རྟགས་བཀོད་པ་དོན་མེད་པའི་ཕྱིར་ཏེ། ཁྱོད་ཕྱི་རྒོལ་གྱིས་གྲུབ་ཟིན་མ་བརྗེད་པའི་ཕྱིར། གསུམ་པ་ལྟར་ན། དེའི་དོན་སྒྲ་ཡང་བསྒྲུབ་བྱ་ཡིན་མི་རྟག་པ་ཡང་བསྒྲུབ་བྱ་ཡིན་ཞེས་པའི་དོན་ཡིན་ནམ། སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱ་ཡིན་ཞེས་པའི་དོན་ཡིན། དང་པོ་ལྟར་ཀུན་ལས་བཏུས་ཀྱི་འགྲེལ་པར། ཅི་སྟེ་གཉིས་ཀ་ཡིན་ན་གཉིས་ཀའི་སྐྱོན་དུ་འགྱུར་ཞེས་གསུངས་པ་ལྟར། ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །ཅེས་དང་། ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཅེས་པའི་སྐྱོན་དུ་འགྱུར་རོ། །གཉིས་པ་ལྟར་ན། དེ་ཉིད་འགོག་ཚུལ་ཀུན་ལས་བཏུས་ལས་མ་གསུངས་པས། འདིར་ཁ་བསྐངས་ནས་དགག་པར་བྱ་བ་ཡིན་ལ། དེ་ཀུན་ལས་བཏུས་ལས་མི་གསུང་བའི་རྒྱུ་མཚན་ཡང་། རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་དང་ཁས་བླངས་ནང་འགལ་བས་ཁས་བླངས་འགལ་བ་སྐྱོན་དུ་འགྱུར་བ་རྟོགས་སླ་བ་ལ་དགོངས་པའི་ཕྱིར་རོ། །འོ་ན་ཆོས་དང་ཆོས་ཅན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་པ་ལ་སྐྱོན་ཅི་ཡོད་ཅེ་ན། ཆོས་བསྒྲུབ་བྱ་ཡིན་པ་དང་ཆོས་ཅན་བསྒྲུབ་བྱ་ཡིན་པས་སྐྱོན་ཡོད་པར་མ་ཟད། ཆོས་དང་ཆོས་ཅན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་པ་ལ་ཡང་ཁས་བླངས་འགལ་བའི་སྐྱོན་ཡོད་དོ། །ཇི་ལྟར་ཡོད་ན་སྒྲ་དང་མི་རྟག་པ་ཕན་ཚུན་ཁྱད་པར་


DLL1004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་བྱས་པ་བསྒྲུབ་བྱར་ཐལ། སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་བསྒྲུབ་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས། དེའི་ཁྱབ་འབྲེལ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྐྱེ་ལྡན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྐྱེ་ལྡན་ཆོས་ཅན། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དེ་ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ། དེ་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དང་བུམ་པ་གཉིས་ཁྱོད་དུ་ཆོས་མཐུན་པར་ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ་ལོ། །འདོད་ན། དེ་དང་བུམ་པ་གཉིས་ཁྱོད་དུ་ཆོས་མཐུན་པའི་སྒོ་ནས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་མ་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །མ་ཁྱབ་ན། དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་འགལ་ལོ། །གཞན་ཡང་། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་དེ་མཐུན་དཔེའི་མཚན་ཉིད་མ་ཡིན་པར་ཐལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་བསྒྲུབ་བྱ་ཡིན་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། དེ་ལྟར་བཀོད་པའི་ཚེ་ན་བུམ་པ་ཆོས་ཅན། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དེ་ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ། དེ་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། ཁྱོད་དང་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་གཉིས་སྐྱེ་ལྡན་དུ་ཆོས་མཐུན་པར་ཕྱི་རྒོལ་བྱིས་མ་གྲུབ་པར་ཐལ་ལོ། །འདོད་ན། ཁྱོད་དང་དེ་སྐྱེ་ལྡན་དུ་ཆོས་མཐུན་པའི་སྒོ་ནས་སྐྱེ་ལྡན་ཡོད་པ་ཅན་མ་


DLL1004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པ་གང་ཞིག །འདོད་པ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་མ་ཡིན་པར་ཐལ་ལོ། །མ་ཁྱབ་ན། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་དེ་དཔེའི་མཚན་ཉིད་ཡིན་པར་འགལ་ལོ། །གལ་ཏེ་རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་ཟུར་གྱི་བསྒྲུབ་པར་བྱ་བའི་སྒྲ་དེ་ཚོགས་དོན་ལ་འཇུག་ན་བདེན་ཡང་ཚོགས་དོན་ལ་འཇུག་པ་མི་སྲིད་པའི་ཕྱིར་ན། ཆོས་ཅན་ལ་འཇུག་པར་འདོད་དོ་ཞེ་ན། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པའི་དེའི་ཆོས་ཡོད་པ་ཅན་དེ། དཔེའི་མཚན་ཉིད་ཡིན་པ་སོགས་དཔེ་རྟགས་ཀྱི་མཚན་ཉིད་སྟོན་བྱེད་ཀྱི་བསྟན་བཅོས་ཀྱིས་ཅི་བྱ་སྟེ་དོན་མེད་པར་ཐལ། དཔེ་རྟགས་ཀྱི་མཚན་ཉིད་ལ་རྒོལ་བ་རང་ཉིད་ཀྱིས་ཅི་རིགས་པར་དཔྱད་ནས་འཇུག་པར་འགྱུར་བའི་ཕྱིར། གཞུང་འདིའི་དོན་ལ་ཁ་ཅིག་ན་རེ། སློབ་དཔོན་ལྷ་དབང་བློས། རིགས་པ་ཅན་པའི་བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཕྱོགས་ཡིན་ཞེས་པའི་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་གྱི་བསྒྲུབ་པར་བྱ་བའི་སྒྲ་དེ་ཆོས་ཅན་ལ་འཇུག་པར་འདོད་དོ། །ཞེས་དྭོགས་པ་བསུས་ནས་འགོག་པ་མི་རིགས་ཏེ། ཆོས་ཅན་བསྒྲུབ་བྱ་ཡིན་པར་འདོད་པ་ལ། སློབ་དཔོན་རང་ཉིད་ཀྱིས་ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། ཅེས་སོགས་ཀྱིས་བཀག་ཟིན་པའི་ཕྱིར། འོན་ཀྱང་གནོད་བྱེད་གཞན་བསྟན་པའི་ཕྱིར་དུ་འདིར་འགོག་ན། བསྒྲུབ་བྱའི་ཆོས་བསྒྲུབ་བྱ་ཡིན་པའི་དྭོགས་པ་བསུས་ནས་ཀྱང་ཅིའི་ཕྱིར་མི་འགོག །དེ་ཉིད་དྭོགས་པ་ཆུང་བས་སོ་ཞེ་ན། དེ་ཡང་མི་རིགས་ཏེ་བསྒྲུབ་བྱའི་དེ་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ལ་བཏགས་མིང་དུ་འཇུག་པར་མཚུངས་ཤིང་། དངོས་མིང་དུ་མི་འཇུག་པར་མཚུངས་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། སློབ་དཔོན་ལྷ་དབང་བློས་བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཕྱོགས་


DLL1004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་པའི་བསྒྲུབ་བྱའི་སྒྲ་ཤེས་འདོད་ཆོས་ཅན་ལ་འཇུག་པའི་དྭོགས་པ་མ་བཀོད་པའི་ཕྱིར། དེས་ན། རང་ལུགས་ལ། རིགས་པ་ཅན་པ་ན་རེ། དཔེ་རྟགས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་བསྒྲུབ་པར་བྱ་བའི་སྒྲ་དེ་ཚོགས་དོན་ལ་འཇུག་ན་བདེན་ཡང་། ཚོགས་དོན་ལ་འཇུག་པ་མི་སྲིད་པའི་ཕྱིར་ན། ཤེས་འདོད་ཆོས་ཅན་ལ་བསྒྲུབ་བྱའི་སྒྲ་བཏགས་མིང་དུ་འཇུག་སྟེ། དཔེར་ན་ཁྱེད་རང་གི་ལུགས་ལ་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་བཞིན་ནོ་ཞེ་ན། དེ་ལྟར་ཡིན་ནའང་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་དེ་དཔེའི་མཚན་ཉིད་ཡིན། ཞེས་སོགས་རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་སྟོན་བྱེད་ཀྱི་བསྟན་བཅོས་དོན་མེད་པར་ཐལ། རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་ལ་མ་ཁྱབ་པ་དང་ཁྱབ་ཆེས་པ་གཅོད་མི་ནུས་པར་དཔེ་རྟགས་ཀྱི་མཚན་ཉིད་ལ་རྒོལ་བ་རང་ཉིད་ཀྱིས་ཅི་རིགས་པར་དཔྱད་ནས་འཇུག་དགོས་པའི་ཕྱིར། འོ་ན་མ་ཁྱབ་པ་དང་ཁྱབ་ཆེས་པའི་སྐྱོན་གཅོད་མི་ནུས་པའི་རྒྱུ་མཚན་ཅི་ཞེ་ན། སྲོག་ལྡན་ཆོས་ཅན། གསོན་ལུས་དང་མཐུན་དཔེ་གཉིས་ཁྱོད་དུ་ཆོས་མཐུན་པའི་སྒོ་ནས། གསོན་ལུས་བདག་བཅས་སུ་སྒྲུབ་བྱེད་ཡིན་པར་ཐལ། ཁྱོད་གསོན་ལུས་བདག་བཅས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་ལྡོག་པ་རྐྱང་པ་ཅན་གི་རྟགས་ཡང་དག་ཡིན་པར་འགལ་ལོ། །གཞན་ཡང་། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐྱེ་ལྡན་རྟགས་སུ་བཀོད་ནས་བུམ་པ་མཐུན་དཔེར་བཟུང་བའི་ཚེ་ན། བུམ་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་དཔེ་ཡིན་པར་ཐལ། ཁྱོད་སྒྲ་དང་སྐྱེ་ལྡན་དུ་ཆོས་མཐུན་པའི་སྒོ་ནས་སྐྱེ་ལྡན་ཡོད་པ་ཅན་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས། འདོད་ན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་ཡིན་


DLL1004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། ཁྱོད་སྒྲ་དང་སྐྱེ་ལྡན་དུ་ཆོས་མཐུན་པའི་སྒོ་ནས་སྐྱེ་ལྡན་ཡོད་པ་ཅན་མིན་པའི་ཕྱིར། འདོད་ན། སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡིན་དགོས་པར་འགལ་ལོ། །གལ་ཏེ་མཐུན་དཔེ་ཡིན་ན་རྟགས་ཆོས་གཉིས་ཀ་རུ་ཆོས་མཐུན་པ་ཞིག་དགོས་པས་སྐྱོན་མེད་དོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་སྒྲ་དང་མི་རྟག་པར་ཆོས་མཐུན་པར་ཕྱི་རྒོལ་གྱིས་གྲུབ་པར་ཐལ། ཁྱོད་སྐྱེ་ལྡན་གྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། འདོད་ན། ཕྱི་རྒོལ་གྱིས་སྒྲ་མི་རྟག་པར་གྲུབ་པར་ཐལ་ལོ། །འདོད་ན། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱིར་དུ་རྟགས་བཀོད་པ་དོན་མེད་པར་ཐལ་ལོ། །གསུམ་པ་ནི། ཚད་མ་མདོར། སྔར་ངེས་གཟུང་ན་དོན་མེད་འགྱུར། །ཅིག་ཤོས་ལྟར་ན་མི་འདོད་འགྱུར། །ཞེས་པའི་དོན་ལ་ཁ་ཅིག་གིས། །རིགས་པ་ཅན་པ་ན་རེ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་གི་ཚིག་སྨོས་པས། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་དོ་ཞེས་པའི་དྭོགས་པ་བཀོད་ནས། དེའི་ལན་ལ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་གི་ཚིག་སྨོས་ན། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཁོ་ན་ཕྱོགས་ཡིན་ཞེས་སྨོས་སམ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་ཕྱོགས་ཡིན་པ་ཁོ་ན་ཞེས་ངེས་གཟུང་གི་ཚིག་སྨོས། དང་པོ་ལྟར་ན། གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས་སམ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས། དང་པོ་ལྟར་ན། སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། །ཞེས་པས་འགོག །གཉིས་པ་ལྟར་ན། གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །སྒྲུབ་པར་བྱེད་ལ་དྭོགས་པའང་མེད། །ཅེས་པས་འགོག་པ་ཡིན་ཞེས་ཟེར་བ་མི་འཐད་དེ། རིགས་པ་ཅན་པས་དཔེ་རྟགས་མ་གྲུབ་པ་བསྒྲུབ་


DLL1004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་སྨོས་པས། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་ཅེས་སྨྲ་བ་ལ། འོ་ན་དེ་ལྟར་སྨོས་ན་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་སྨོས་སམ། མཚོན་བྱའི་ཟུར་དུ་སྨོས་ཞེས་པའི་དྲི་བ་ལ། རིགས་པ་ཅན་པས་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་གི་ཚིག་སྨོས་པས། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་ཅེས་པ་ལ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་ཕྱིར་དུ་ངེས་གཟུང་སྨོས་ན། གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་སྨོས་སམ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་སྨོས་ཞེས་འདྲི་བ་བླུན་པོ་ཡིན་པའི་ཕྱིར་རོ། །དེས་ན་རང་ལུགས་ལ། བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་དེ། བསྒྲུབ་བྱའི་མཚན་ཉིད་ཡིན་ན་ཚིག་རྣམས་ནི་ངེས་གཟུང་གི་སྙིང་པོ་ཅན་ཡིན་པས་ངེས་གཟུང་སྨོས་དགོས་ལ། དེ་ལྟར་ན་བསྟན་པར་བྱ་བའི་སྔར་སྨོས་སམ། བསྟན་པར་བྱ་བའི་མཇུག་ཏུ་སྨོས། དང་པོ་ལྟར་ན་གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངེས་གཟུང་སྨོས་སམ། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས། དང་པོ་ལྟར་ན། གྲུབ་ཟིན་བསྒྲུབ་བྱ་ཡིན་པ། གཅད་པའི་ཕྱིར་དུ་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་ངེས་གཟུང་སྨོས་པ་དོན་མེད་པར་ཐལ། སྒྲུབ་བྱེད་དཔེ་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ཉིད་ལས་གྲུབ་ཟིན་གྲུབ་བྱ་མ་ཡིན་པར་རྟོགས་ནུས་པའི་ཕྱིར། རྟགས་མ་གྲུབ་ན། དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་པ་འབུད། གཉིས་པ་ལྟར་ན། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་ངེས་གཟུང་གི་ཚིག་གིས་གཅོད་དགོས་པ་མེད་པར་ཐལ། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པར་རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་ཀྱིས་འཕངས་ཟིན་པའི་ཕྱིར། རྟགས་


DLL1004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཁས་བླངས་སོ། །འོ་ན་ཁྱེད་རང་གི་ལུགས་ལ་ཡང་གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངོ་བོ་ཞེས་སྨོས་པ་དོན་མེད་པར་ཐལ། སྒྲུབ་བྱེད་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ཉིད་ལས་གྲུབ་ཟིན་བསྒྲུབ་བྱ་མ་ཡིན་པར་རྟོགས་ནུས་པའི་ཕྱིར་ཞེ་ན། དེའི་ལན་ལ་ཁ་ཅིག །ངོ་བོ་ཞེས་པའི་ཚིག་དེ་གྲུབ་ཟིན་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་སྨོས་པ་མ་ཡིན་ཏེ། སྒྲུབ་བྱེད་དཔེ་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ལས་གྲུབ་ཟིན་བསྒྲུབ་བྱ་མ་ཡིན་པར་རྟོགས་ནུས་པའི་ཕྱིར། འོ་ན་གང་གི་ཆེད་དུ་ངོ་བོ་ཞེས་པའི་ཚིག་སྨོས་ཤེ་ན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངོ་བོ་ཁོ་ན་ཞེས་སྨོས་པ་ཡིན་ནོ་ཞེ་ན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅད་པའི་ཕྱིར་དུ་ངོ་བོ་ཁོ་ན་ཞེས་སྨོས་པ་མི་རིགས་པར་ཐལ། དཔེ་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ལས་དཔེ་རྟགས་མ་གྲུབ་པར་བསྒྲུབ་བྱ་མ་ཡིན་པར་རྟོགས་ནུས་པའི་ཕྱིར། འཁོར་གསུམ། རང་ལུགས་ལ། ཁོའི་ཐལ་འགྱུར་དེའི་རྟགས་ལ་ལན་འདེབས་པ་ཡིན་ནོ། །གཉིས་པ་དངོས་ཀྱི་བསྟན་བྱ་གཏན་ཚིགས་ཀྱི་རབ་དབྱེ་བཤད་པ་ལ་གཉིས། ཕྱོགས་ཆོས་ཅན་དགུ་ངོས་བཟུང་བ་དང་། དེའི་དགོས་པ་དངོས་སོ། །དང་པོ་ནི། རྟག་དང་མི་རྟག་རྩོལ་བྱུང་དང་། །བར་དུ་རྟག་པ་གསུམ་དག་དང་། །རྩོལ་བྱུང་མིན་དང་མི་རྟག་རྟག །ཅེས་དང་། གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་མིན་པ། །དགུ་པ་འདི་ནི་རྟགས་སོགས་ལ། །ཞེས་གསུངས་པ་ལྟར། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། མི་རྟག་སྟེ། བྱས་པའི་ཕྱིར་དང་། རྩོལ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར། ཞེས་པ་གསུམ་ནི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། དུང་སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་དང་། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་དང་། རྟག་སྟེ། རྩོལ་བྱུང་ཡིན་པའི་


DLL1004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞེས་པ་གསུམ་ནི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་། དུང་སྒྲ་ཆོས་ཅན། རྩོལ་བྱུང་མ་ཡིན་ཏེ། མི་རྟག་པའི་ཕྱིར་དང་། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་གསུམ་ནི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན་ལ། དེ་བཞིན་དུ་གསུམ་ཚན་གསུམ་གྱི་དང་པོ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། བར་པ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་། ཐ་མ་གསུམ་ནི་མི་མཐུན་ཕྱོགས་ལ་ཆོས་གཉིས་སུ་འཇུག་པ་སྟེ། དེ་སྐད་དུའང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་སོ། །མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མེད་པར་བསྟན་པ་ནི། རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་གྱིས་མཐུན་ཕྱོགས་ལའང་མ་གྲུབ། མི་མཐུན་ཕྱོགས་ལ་ཡང་མ་གྲུབ་པ་ཙམ་ལ་དགོངས་ཀྱི་མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་མིན་ཏེ། མཉན་བྱ་ཡིན་ན་མི་རྟག་པ་ཡིན་པར་ཚད་མས་གྲུབ་པའི་ཕྱིར་རོ། །དེ་སྐད་དུའང་། མ་མཐོང་བ་ཙམ་ལ་བརྟེན་ནས། །ལྡོག་པའང་འབའ་ཞིག་ཅན་དུ་བཤད། ཅེས་གསུངས་པ་ལྟ་བུའོ། །འདིར་རེག་བྱ་ཅན་མ་ཡིན་པ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པར་བསྟན་པ་ནི། བྱེ་བྲག་པའི་བློ་ངོ་བོ་ལ་ལྟོས་ནས་བཞག་པ་ཡིན་ཏེ། བྱེ་བྲག་པས་ནམ་མཁའ་ལྟ་བུ་རྟག་ཅིང་རེག་བྱ་ཅན་མ་ཡིན་པ་དང་། འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་བྱ་ཅན་ཡིན་པར་འདོད་པའི་ཕྱིར་རོ། །དོན་ལ་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་མ་ཡིན་ཏེ། རྟག་པ་ཡིན་ན་རེག་བྱ་ཅན་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །ལུས་ཅན་མ་ཡིན་པ་རྟགས་


DLL1004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱས་ནས་བྱེ་བྲག་པའི་ངོར་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པར་འདོད་པ་མི་འཐད་དེ། བྱེ་བྲག་པའི་ལུགས་ལའང་འབྱུང་བཞིའི་རྡུལ་ཕྲན་ལུས་ཅན་མ་ཡིན་པའི་ཕྱིར་ཏེ། བྱེ་བྲག་པའི་ལུགས་ལ་འབྱུང་བཞིའི་རྡུལ་ཕྲན་རྫས་ཡིན་ཞིང་ལུས་ཅན་ཡོན་ཏན་ཡིན་ལ་ཡོན་ཏན་ཡིན་ན་རྫས་ཡིན་པར་འགལ་བ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་དུང་སྒྲའི་སྟེང་དུ་མི་རྟག་པ་ངེས་སླ་ལ་རྩོལ་བྱུང་ངེས་དཀའ་བར་ཐལ། མི་རྟག་པ་དེ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དུང་སྒྲའི་སྟེང་དུ་རྩོལ་བྱུང་ངེས་སླ་ལ་མི་རྟག་པ་ངེས་དཀའ་བར་ཐལ། རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟག་བསལ་ཁས། ཁྱབ་པ་ཡོད་དེ། སྒྲུབ་བྱེད་ངེས་པའི་འོག་ཏུ་བསྒྲུབ་བྱ་ངེས་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཕྱི་རྒོལ་གཅིག་གི་ངོར་རྟགས་དེ་གཉིས་ཀར་བཀོད་པ་ཡིན་ན་བདེན་ཡང་ཕྱི་རྒོལ་སོ་སོའི་ངོར་འགོད་པ་ཡིན་ལ། ཕྱི་རྒོལ་ཁ་ཅིག་གིས་དུང་སྒྲ་མི་རྟག་པར་ངེས་ནས་རྩོལ་བྱུང་མ་ངེས་པ་དང་། ལ་ལས་དུང་སྒྲ་རྩོལ་བྱུང་དུ་ངེས་ནས་མི་རྟག་པར་མ་ངེས་པ་སྲིད་པའི་ཕྱིར་རོ། །གཉིས་པ་ནི་འབྲས་རང་གི་རྗེས་སུ་འགྲོ་ལྡོག་འབྲེལ་པ་གྲུབ་པའི་དབང་གིས་ངེས་པ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་དུ་འབྲས་རང་གི་སྦྱོར་བ་གཉིས་གསུངས་ཤིང་། དེ་ལྟ་མ་ཡིན་པར་རྗེས་སུ་འགྲོ་ལྡོག་འདོད་པ་ཙམ་གྱིས་གྲུབ་ན་འགལ་རྟགས་འདི་དག་ཀྱང་རྟགས་ཡང་དག་ཏུ་འགྱུར་དགོས་ན་ཡང་། འདི་དག་རྣམ་པ་ཐམས་ཅད་དུ་ཁྱབ་པ་འཁྲུལ་པ་ཡིན་པས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་འབྲེལ་པ་གྲུབ་པ་ལ་རག་ལས་པ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་དུ་འགལ་རྟགས་གཉིས་སྨོས་ལ། འབྲས་རང་གཉིས་ཀྱི་ལྡོག་ཁྱབ་དངོས་པོའི་དབང་གིས་གྲུབ་པར་བསྟན་པའི་ཤུགས་ལ་རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་རྟགས་ཡང་


DLL1004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་པར་བདེ་བླག་ཏུ་གྲུབ་པར་འགྱུར་བས། རྟགས་ཡང་དག་གི་མཚན་གཞི་ལ་འབྲས་རང་དམིགས་པ་གསུམ་དུ་གྲངས་ངེས་པར་བསྒྲུབ་པའི་ཕྱིར་དུ་ཕྱོགས་ཆོས་ཅན་བཞི་པོ་དེ་གསུངས་སོ། །ལྡོག་པ་རྐྱང་པ་ཅན་དང་རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པ་དགག་པའི་ཕྱིར་རྗེས་སུ་འགྲོ་ལྡོག་ཕན་ཚུན་མི་འཁྲུལ་བར་བསྒྲུབས་ཤིང་། དེ་ཡང་ཕྱོགས་ཆོས་ཅན་གཞིར་བྱས་ནས་བསྒྲུབས་པས་རྟགས་ཡང་དག་ཏུ་མཚོན་པའི་མཚན་ཉིད་ཀྱི་ཚུལ་དེ་ལ་གསུམ་དུ་གྲངས་ངེས་པར་བསྒྲུབ་པའི་ཕྱིར་ཕྱོགས་ཆོས་ཅན་གཉིས་གསུངས་ལ། དེ་ཡང་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་ན། མཉན་བྱ་ཡང་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བ་ལས། ལྡོག་པ་རྐྱང་པ་ཅན་དུ་འདོད་པའི་རྟགས་ཐམས་ཅད་མཉན་བྱ་དང་ལྡོག་ཁྱབ་འཁྲུལ་བར་མཚུངས་སོ་ཞེས་རྟོགས་པའི་ཕྱིར་དུ་མཉན་བྱ་སྨོས་ལ། རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་ན། གཞལ་བྱ་ཡང་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་དགོས་པ་ལས། རྗེས་འགྲོ་རྐྱང་པ་ཅན་དུ་འདོད་པའི་རྟགས་ཐམས་ཅད་གཞལ་བྱ་དང་རྗེས་འགྲོ་འཁྲུལ་བར་མཚུངས་སོ་ཞེས་རྟོགས་པའི་ཕྱིར་དུ་གཞལ་བྱ་སྨོས་པ་ཡིན་ནོ། །མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཙམ་དང་རྗེས་འགྲོ་གཙོ་བོར་གྲུབ་པ་ཙམ་དང་རྗེས་སུ་འགྲོ་ལྡོག་ཆ་མཉམ་པ་ཙམ་གྱིས་བསྒྲུབ་བྱ་གོ་བར་བྱེད་པ་མིན་གྱི། གོ་བྱེད་ཡང་དག་ཡིན་ན་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པ་ཞིག་དགོས་པར་བསྟན་པའི་སྒོ་ནས། རྩོད་གཞིའི་སྟེང་དུ་སྐབས་ཀྱི་མི་མཐུན་ཕྱོགས་མཐའ་དག་བཅད་པ་ཞིག་བསྒྲུབ་བྱར་བྱེད་དགོས་སོ་ཞེས་རྟོགས་པའི་ཕྱིར་དུ་ཕྱོགས་ཆོས་ལྷག་མ་གསུམ་སྨོས་ལ། དེ་ཡང་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཙམ་གྱིས་གོ་བྱེད་ཡང་དག་ཏུ་འགྱུར་ན། མི་རྟག་


DLL1004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་རོ་ཞེས་རྟོགས་པའི་ཕྱིར་དུ། དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་སྨོས་ལ། རྗེས་འགྲོ་གཙོ་ཆེ་བ་ཙམ་གྱིས་གོ་བྱེད་ཡང་དག་ཏུ་འགྱུར་ན། མི་རྟག་པ་དེ་དུང་སྒྲ་རྩོལ་མ་བྱུང་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་རོ་ཞེས་རྟོགས་པའི་ཕྱིར་དུ། དུང་སྒྲ་ཆོས་ཅན། རྩོལ་བྱུང་མིན་ཏེ། མི་རྟག་པའི་ཕྱིར། ཞེས་སྨོས་སོ། །རྗེས་སུ་འགྲོ་ལྡོག་ཆ་མཉམ་པ་ཙམ་གྱིས་གོ་བྱེད་ཡང་དག་ཏུ་འགྱུར་ན། རེག་བྱ་ཅན་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་རོ་ཞེས་རྟོགས་པའི་ཕྱིར་དུ། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་སྨོས་པ་ཡིན་ནོ། །མདོར་ན་རྩོད་གཞིའི་སྟེང་དུ་སྐབས་ཀྱི་མི་མཐུན་ཕྱོགས་མཐའ་དག་བཅད་པ་བསྒྲུབ་བྱ་དང་། དེ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་པ་དང་། མཚན་ཉིད་དེ་དང་ལྡན་པའི་རྟགས་ཡང་དག་གི་མཚན་གཞི་འབྲས་རང་མ་དམིགས་པ་གསུམ་དུ་ངེས་པར་བསྟན་པའི་སྒོ་ནས། རྟགས་ཡང་དག་དང་ལྟར་སྣང་གི་སྦྱོར་བ་འགོད་པའི་ངག་གི་དབྱེ་བ་རྟོགས་པའི་ཕྱིར་དུ་ཕྱོགས་ཆོས་ཅན་དགུའི་རབ་དབྱེ་བསྟན་ལ། དགོས་པ་དེ་མདོར་བསྟན་པ་ནི། རང་བཞིན་འབྲས་བུ་གྲུབ་དོན་དུ། །ཞེས་སོགས་རྐང་བཞིས་བསྟན། གཞུང་ལྷག་མ་རྣམས་ཀྱིས་དགོས་པ་རྒྱས་པར་བཤད་པ་ཡིན་ནོ། །རྒྱས་བཤད་ཀྱི་སྐབས་སུ། ཡང་དག་གཉིས་སྨོས་པའི་དགོས་པ་དང་མཉན་བྱ་སྨོས་པའི་དགོས་པ་བསྟན་ནས། ལྷག་མ་དྲུག་སྨོས་པའི་དགོས་པ་དངོས་སུ་མ་གསུངས་པའི་རྒྱུ་མཚན་ནི། ཡང་དག་གཉིས་སྨོས་པའི་དགོས་པ་དངོས་སུ་བཤད་པས་འགལ་རྟགས་གཉིས་སྨོས་པའི་དགོས་པ་ཤུགས་ལ་རྟོགས་པའི་ཕྱིར་དང་། ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པ་དགག་པའི་ཕྱིར་


DLL1004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཉན་བྱ་སྨོས་པའི་དགོས་པ་བཤད་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕན་ཚུན་མི་འཁྲུལ་བར་སྒྲུབ་པའི་ཤུགས་ཀྱིས་རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པ་སོགས་དགག་པའི་ཕྱིར་དུ་སྨོས་པའི་ཕྱོགས་ཆོས་ཅན་ལྷག་མ་བཞིའི་དགོས་པ་ཡང་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེ་དག་ལ་རྒྱས་བཤད་དངོས་སུ་མ་གསུངས་སོ། །གཉིས་པ་ཚད་མའི་གཞལ་བྱ་བཤད་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཡུལ་དང་། ཤེས་བྱ་དང་། གཞལ་བྱ་དང་ཡོད་ངེས་དང་། གཞི་གྲུབ་རྣམས་དོན་གཅིག་པས། ཡུལ་གྱི་མཚན་ཉིད། བློས་རིག་པར་བྱ་བ། ཤེས་བྱའི་མཚན་ཉིད། བློའི་ཡུལ་དུ་བྱར་རུང་བ། གཞལ་བྱའི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ། ཡོད་ངེས་ཀྱི་མཚན་ཉིད། ཚད་མས་དམིགས་པ། གཞི་གྲུབ་ཀྱི་མཚན་ཉིད། ཚད་མས་གྲུབ་པ། ཁ་ཅིག་ན་རེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ཆོས་ཅན། ཡུལ་མིན་པར་ཐལ། བློས་རིག་བྱ་ཡིན་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་གི་བློས་རིག་བྱ་ཡིན་པའི་ཕྱིར་ཞེ་ན། བློའི་ཡུལ་ཡིན་པར་ཐལ། ཟླ་བ་གཉིས་སྣང་གི་བློའི་ཡུལ་ཡིན་པའི་ཕྱིར། འཁོར་གསུམ་གལ་ཏེ་ཡུལ་དང་གཞལ་བྱ་དོན་མི་གཅིག་སྟེ། ཡུལ་ཅན་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེ་ན། ཡུལ་དང་ཤེས་བྱ་དོན་མི་གཅིག་པར་ཐལ། ཡུལ་ཅན་ཡིན་ན་ཤེས་པ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །སྒྲ་རྟག་པའི་དོན་སྤྱི་ཆོས་ཅན། སྒྲ་རྟག་འཛིན་རྟོག་པའི་གཞལ་བྱ་ཡིན་པར་ཐལ། སྒྲ་རྟག་འཛིན་རྟོག་པའི་ཡུལ་ཡིན་པའི་ཕྱིར། ཁྱབ་པས། འདོད་ན། སྒྲ་རྟག་འཛིན་རྟོག་པ་དེ་ཁྱོད་ལ་ཚད་མ་ཡིན་པར་ཐལ་ལོ། ཁྱབ་སྟེ། ཚད་མས་རྟོགས་པར་བྱ་བ་དེ་གཞལ་བྱའི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། སྒྲ་མི་


DLL1004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་རྟོགས་ཀྱི་རྗེས་དཔག་དེ་ཁྱོད་ལ་ཚད་མ་ཡིན་པར་ཐལ། ཁྱོད་དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། ཁྱོད་དེའི་སྣང་ཡུལ་གྱི་གཞལ་བྱ་ཡིན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་བརྒྱད། རང་སྤྱི་གཉིས་སུ་དབྱེ་བ་དང་། ཡུལ་བཞིར་དབྱེ་བ་དང་། མངོན་ལྐོག་གཉིས་སུ་དབྱེ་བ་དང་། འདུས་བྱས་འདུས་མ་བྱས་གཉིས་སུ་དབྱེ་བ་དང་། དགག་སྒྲུབ་གཉིས་སུ་དབྱེ་བ་དང་། སྣང་སེལ་གཉིས་སུ་དབྱེ་བ་དང་། སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་བ་དང་། བདེན་པ་གཉིས་སུ་དབྱེ་བའོ། །དང་པོ་ལ་གསུམ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་དང་། རྩོད་པ་སྤངས་པའོ། །དང་པོ་ནི། ཁ་ཅིག་ན་རེ། རང་མཚན་གྱི་མཚན་ཉིད། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ། སྤྱི་མཚན་གྱི་མཚན་ཉིད། ཡུལ་དུས་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཆོས། ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་ནི། ཡུལ་ཤར་ན་ཡོད་ན་ནུབ་ན་མེད་པས་ཁྱབ་པ་དེ་ཡུལ་མ་འདྲེས་པའི་དོན། སྔ་དྲོའི་དུས་ན་ཡོད་ན་ཕྱི་དྲོའི་དུས་ན་མེད་པས་ཁྱབ་པ་དེ་དུས་མ་འདྲེས་པའི་དོན་དང་། ཁྲ་བོ་དང་རྫས་གཅིག་ཡིན་ན་སེར་སྐྱ་དང་རྫས་གཅིག་མ་ཡིན་པས་ཁྱབ་པ་དེ་རང་བཞིན་མ་འདྲེས་པའི་དོན་ཡིན་ལ། བུམ་པ་ལྟ་བུ་ཡུལ་དུས་རང་བཞིན་འདྲེས་པ་ཡིན་པས་དངོས་པོ་ཡིན་ཡང་རང་མཚན་མིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཡུལ་འདྲེས་པར་འཛིན་པའི་བློས་ཤར་ན་ཡོད་ན་ནུབ་ན་ཡོད་པས་ཁྱབ་པར་བཟུང་བར་ཐལ། ཡུལ་ཤར་ན་ཡོད་ན་ནུབ་ན་མེད་པས་ཁྱབ་པ་དེ་ཡུལ་མ་འདྲེས་པའི་དོན་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། ཡུལ་འདྲེས་པར་འཛིན་པའི་བློས་བུམ་པ་ལྟ་བུའི་ཤར་དང་ནུབ་ཕྱོགས་ལ་རེག་པ་ན་ཤར་ལ་རེག་པ་དེ་ཉིད་ཀྱིས་ནུབ་ལ་ཡང་རེག་པར་འཛིན་པ་ཡིན་གྱི་ཤར་ན་ཡོད་ན་ནུབ་ན་ཡོད་པས་ཁྱབ་པར་འཛིན་ཚུལ་ཡང་འདྲེས་པར་འཛིན་པའི་བློ་ལ་མེད་པའི་ཕྱིར་དེ་བཞིན་དུ་དུས་འདྲེས་པར་འཛིན་


DLL1004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློས་སྔ་དྲོའི་དུས་ན་ཡོད་ན་ཕྱི་དྲོའི་དུས་ན་ཡོད་པ་ལ་ཁྱབ་པར་བཟུང་བར་ཐལ། སྔ་དྲོའི་དུས་ན་ཡོད་ན་ཕྱི་དྲོའི་དུས་ན་མེད་པས་ཁྱབ་པ་དེ་དུས་མ་འདྲེས་པའི་དོན་ཡིན་པའི་ཕྱིར། རང་བཞིན་འདྲེས་པར་འཛིན་པའི་བློས་ཁྲ་བོ་དང་རྫས་གཅིག་ཡིན་ན་སེར་སྐྱ་དང་རྫས་གཅིག་ཡིན་པས་ཁྱབ་པར་བཟུང་བར་ཐལ། ཁྲ་བོ་དང་རྫས་གཅིག་ཡིན་ན་སེར་སྐྱ་དང་རྫས་གཅིག་མ་ཡིན་པས་ཁྱབ་པ་དེར་རང་བཞིན་མ་འདྲེས་པའི་དོན་ཡིན་པའི་ཕྱིར། འདོད་མི་ནུས་པར་སྔར་བཞིན་ཤེས་པར་བྱའོ། །གཞན་ཡང་། བུམ་པས་དོན་བྱེད་ནུས་སམ་མི་ནུས་མི་ནུས་ན་དངོས་པོ་ཡིན་པར་འགལ་བ། ནུས་ན་སྒྲོ་མ་བཏགས་པར་དོན་བྱེད་ནུས་སམ། རྟོག་པས་བཏགས་པ་ཙམ་གྱིས་དོན་བྱེད་ནུས། དང་པོ་ལྟར་ན། དོན་དམ་པར་དོན་བྱེད་ནུས་པར་ཐལ་ལོ། །འདོད་ན། རང་མཚན་མ་ཡིན་པར་འགལ་ལོ། །གཉིས་པ་ལྟར་ན། བུམ་པ་ཆོས་ཅན། དོན་བྱེད་མི་ནུས་པར་ཐལ། ཁྱོད་ཀྱིས་དོན་བྱེད་ནུས་པ་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། རྟགས་ཁས་ཁྱབ་པ་མེད་ན། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། ཞེས་པའི་རྩོད་ལན་འབྲེལ་མེད་དུ་འགྱུར་རོ། །གལ་ཏེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་དོན་དམ་འབུར་དོད་དུ་སྨོས་པ་ལ་དགོས་པ་མེད་པར་ཐལ། དོན་བྱེད་ནུས་ན་དོན་དམ་པར་ཡོད་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དོན་བྱེད་ནུས་པ་ཡང་ཡིན་དོན་དམ་པར་མེད་པ་ཡང་ཡིན་པའི་གཞི་མཐུན་ཁས་ལེན་པ་མིན་གྱི། དབུ་མ་པས་ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ་རྟོག་པས་བཏགས་པ་ཙམ་ཡིན་གྱི། དོན་དམ་པར་དོན་བྱེད་ནུས་པ་མེད་པར་འདོད་པའི་ལོག་རྟོག་བསལ་བའི་ཕྱིར་དུ་དོན་དམ་ཞེས་པའི་ཁྱད་པར་སྨོས་པའི་ཕྱིར་རོ། །ཁྱོད་ལྟར་ན། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་གསུངས་པ་དོན་མེད་


DLL1004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། དོན་བྱེད་ནུས་ན་དོན་དམ་པར་ཡོད་པས་མ་ཁྱབ་པའི་ཕྱིར། འཁོར་གསུམ། ཁ་ཅིག །དངོས་པོ་ཡིན་ན་རང་མཚན་ཡིན་པས་ཁྱབ་པས་བུམ་པ་དངོས་པོ་མ་ཡིན་ནོ་ཞེས་ཟེར། འོ་ན་དངོས་པོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དངོས་པོ་དེ་སྒྲ་དང་མཐུན་དཔེ་བུམ་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། སྐྱོན་མེད་དེ། དོན་ལ་མ་གྲུབ་ཀྱང་སེལ་ངོར་གྲུབ་པའི་ཕྱིར་ཞེ་ན། འོ་ན་སེལ་ངོར་གྲུབ་ན་གྲུབ་པའི་གོ་ཆོད་དམ་མི་ཆོད། མི་ཆོད་ན་སྐྱོན་སོ་ན་གནས་ལ། ཆོད་ན་བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། སེལ་ངོར་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག བུམ་པ་སྤྱི་མཚན་ཡིན་ཞིང་སྤྱི་མཚན་གཞལ་བྱ་མིན་ཏེ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་གསུངས་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། གཞལ་བྱ་ཡིན་པ་མེད་པར་ཐལ། བུམ་པ་སྤྱི་མཚན་ཡིན་པ་གང་ཞིག །སྤྱི་མཚན་གཞལ་བྱ་མ་ཡིན་པའི་ཕྱིར། སྤྱི་མཚན་གཞལ་བྱ་མ་ཡིན་པར་ཚད་མས་གྲུབ་པར་ཐལ། སྤྱི་མཚན་གཞལ་བྱ་མ་ཡིན་པར་དམ་བཅས་པའི་དམ་བཅའ་དེ་དམ་བཅའ་ཡང་དག་ཡིན་པའི་ཕྱིར། འདོད་ན། སྤྱི་མཚན་གཞལ་བྱ་མ་ཡིན་པ་ཆོས་ཅན། རང་མཚན་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། འཁོར་གསུམ་གཞལ་ཡང་སྤྱི་མཚན་གཞལ་བྱ་མ་ཡིན་པར་ཚད་མས་གྲུབ་ན། མངོན་སུམ་གྱིས་གྲུབ་བམ་རྗེས་དཔག་གི་གྲུབ། དང་པོ་མི་འཐད་དེ། མེད་ལ་དབང་སྐྱེས་བློ་མིན་ཏེ། ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར། གཉིས་པ་ལྟར་ན་སྤྱི་མཚན་གཞལ་བྱ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ། །གཞན་ཡང་། བུམ་པ་རང་རྒྱུའི་དུས་ན་མེད་པ་ཆོས་ཅན། རང་མཚན་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། རྒྱུ་འབྲས་དུས་མཉམ་དུ་འགྱུར་རོ། །གཞན་ཡང་། རང་མཚན་ཕན་ཚུན་འདྲེས་པ་མེད་པ་ཆོས་ཅན།


DLL1004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རང་མཚན་ཕན་ཚུན་འདྲེས་པར་ཐལ་ལོ། །གཉིས་པ་རང་ལུགས་བཞག་པ་ལ་གཉིས། མཚན་ཉིད་དང་། གྲངས་ངེས་སོ། །དང་པོ་ཐམས་ཅད་ཡུལ་དུས་རང་བཞིན་མ་འདྲེས་པ་ཡིན་ཡང་། ཡུལ་དུས་རང་བཞིན་མ་འདྲེས་པ་ཙམ་རང་མཚན་གྱི་མཚན་ཉིད་མ་ཡིན་ཏེ། འདུས་མ་བྱས་ཀྱི་ནམ་མཁའ་ཡང་ཡུལ་དུས་རང་བཞིན་མ་འདྲེས་པ་ཡིན་པའི་ཕྱིར་ཏེ། ནམ་མཁའ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཁྱབ་པའི་ཆ་དེ་ནུབ་ཕྱོགས་ཀྱི་ནམ་མཁར་ལ་མ་ཁྱབ། ཁ་སང་གི་དུས་ཀྱི་བུམ་ནང་གི་ནམ་མཁའ་ལ་ཁྱབ་པའི་ཆ་དེ་དེ་རིང་གི་དུས་ཀྱི་བུམ་ནང་གི་ནམ་མཁའ་ལ་མ་ཁྱབ། གསེར་བུམ་གྱི་ནང་གི་ནམ་མཁའ་ལ་ཁྱབ་པའི་ཆ་དེ་དངུལ་བུམ་གྱི་ནང་གི་ནམ་མཁའ་ལ་མ་ཁྱབ་པའི་ཕྱིར། ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་དེ་རང་མཚན་གྱི་མཚན་ཉིད་མ་ཡིན་ཏེ། དངོས་སྨྲ་བས་རང་མཚན་གྱི་དོན་ལྡོག་ཏུ་གང་ཁས་བླངས་པ་དེ། དབུ་མ་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་དུའང་གཞི་མ་གྲུབ་པ་གང་ཞིག །དབུ་མ་བས་ཀྱང་ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་ཁས་ལེན་པའི་ཕྱིར་རོ། །འོ་ན་ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་གང་ཞེ་ན། ཤར་ཕྱོགས་ཀྱི་བུམ་པ་ནུབ་ཕྱོགས་ན་མེད་པ་ལྟ་བུ་ཡུལ་མ་འདྲེས་པའི་དོན་དང་། སྔ་དྲོའི་དུས་ཀྱི་བུམ་པ་ཕྱི་དྲོའི་དུས་ན་མེད་པ་ལྟ་བུ་དུས་མ་འདྲེས་པའི་དོན་དང་། ཁྲ་བོའི་ངོ་བོ་དེ་སེར་སྐྱའི་ངོ་བོ་མ་ཡིན་པ་ལྟ་བུ་རང་བཞིན་མ་འདྲེས་པའི་དོན་ཡིན་གྱི། ཁྲ་བོའི་ངོ་བོ་ཡིན་ན་སེར་སྐྱའི་ངོ་བོ་མ་ཡིན་པས་ཁྱབ་པ་དེ་རང་བཞིན་མ་འདྲེས་པའི་དོན་མ་ཡིན་ཏེ། དེ་ལྟར་ཡིན་ན། ཁྲ་བོ་ཡི་ནི་ངོ་བོ་གང་། །དེ་ནི་སེར་སྐྱ་ལ་ཡོད་མིན། །ཞེས་དང་། དེ་འབྲས་ཅན་མིན་ལས་ལྡོག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན། །ཞེས་པའི་གཞུང་སྔ་


DLL1004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དོན་འགལ་བར་འགྱུར་པའི་ཕྱིར་རོ། །དེས་ན་ཡུལ་འདྲེས་པར་འཛིན་པའི་བློས་ཤར་ཕྱོགས་ཀྱི་བུམ་པ་ནུབ་ཕྱོགས་ན་ཡོད་པར་འཛིན་པ་དང་དུས་འདྲེས་པར་འཛིན་པའི་བློས་སྔ་དྲོོའི་དུས་ཀྱི་བུམ་པ་ཕྱི་དྲོའི་དུས་ན་ཡོད་པས་འཛིན་པ་དང་། རང་བཞིན་འདྲེས་པར་འཛིན་པའི་བློས་ཁྲ་བོའི་ངོ་བོ་དེ་སེར་སྐྱའི་བོར་འཛིན་པ་ཡིན་གྱི། ཁྲ་བོའི་ངོ་བོ་ཡིན་ན་སེར་སྐྱའི་ངོ་བོ་ཡིན་པས་ཁྱབ་པར་འཛིན་པ་མིན་ནོ། །རྟོག་པས་སྒྲོ་མ་བཏགས་པར་དོན་རང་ངོས་ནས་གྲུབ་པ་དེའང་རང་མཚན་གྱི་མཚན་ཉིད་མ་ཡིན་ཏེ། དེ་གཞི་གཅིག་གི་སྟེང་དུ་ཚད་མས་ཁེགས་ན་དེ་ལ་བརྟེན་ནས་གཞི་གཞན་གྱི་སྟེང་དུ་ཡང་ཚད་མས་ཁེགས་དགོས་ལ། མདོ་སྡེ་པས་ཀྱང་། རང་མཚན་གྱི་མཚན་ཉིད་དོན་སྤྱིའི་སྟེང་དུ་ཚད་མས་ཁེགས་པའི་ཕྱིར་རོ། །དེས་ན་རང་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་ནུས་པ། སྤྱི་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཡུལ་དུས་ཐུན་མོང་དུ་རྗེས་འགྲོ་བྱེད་པ་ཙམ་སྤྱི་མཚན་གྱི་མཚན་ཉིད་མ་ཡིན་ཏེ། བུམ་པ་ལ་སོགས་པའི་རང་མཚན་རྣམས་ཀྱང་ཡུལ་དུས་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར་རོ། །གཉིས་པ་གྲངས་ངེས་ནི། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་ཀྱིས་གཏན་ཚིགས་བཞི་གསུངས་ཤིང་། དེ་ཡང་སྔར་ཚད་མའི་གྲངས་ངེས་ཀྱི་སྐབས་སུ་བཤད་ཟིན་ལ། འདིར་སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་གསུངས་པ་དེའི་རྒྱས་བཤད། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་པའི་དོན་ཅུང་ཟད་བཤད་པ་ན་རྟོག་པ་ལ་གཟུགས་སུ་སྣང་བ་ཆོས་ཅན། དངོས་པོ་མ་ཡིན་ཏེ། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། འོ་ན་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། གཟུགས་གསལ་བར་སྣང་བ་ལ་གཟུགས་འཛིན་དབང་ཤེས་དོན་མེད་པར་ཐལ། གཟུགས་དེ་རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲས་བརྗོད་བྱ་ཡིན་པའི་ཕྱིར། དེའི་ཁྱབ་འབྲེལ་ནི།


DLL1004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཆོས་ཅན། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་རྟོགས་པས་ཡུལ་དུ་བྱེད་ནུས་པར་ཐལ། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲས་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་གཅིག་པའི་ཕྱིར། འདོད་ན། རྟོག་པ་ལ་གསལ་བར་སྣང་བར་ཐལ། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་གསལ་བར་སྣང་བ་གང་ཞིག །འདོད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཏེ། གཟུགས་འཛིན་དབང་ཤེས་ལ་གསལ་བར་སྣང་བའི་ཕྱིར། འདོད་ན། ལོང་བའི་རྟོག་པ་ལ་གསལ་བར་སྣང་བར་ཐལ། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་གསལ་བར་སྣང་བ་གང་ཞིག །འདོད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཏེ། གཟུགས་འཛིན་དབང་ཤེས་ལ་གསལ་བར་སྣང་བའི་ཕྱིར། འདོད་ན། ལོང་བའི་རྟོག་པ་ལ་གསལ་བར་སྣང་བར་ཐལ། ལོང་བའི་རྟོག་པས་ཡུལ་དུ་བྱེད་པ་གང་ཞིག །རྟོག་པ་ལ་གསལ་བར་སྣང་བའི་ཕྱིར། ཁྱབ་སྟེ། ལོང་བ་དང་མ་ལོང་བའི་རྟོག་པ་གཉིས་ལ་རང་ཡུལ་གསལ་བར་སྣང་མི་སྣང་གི་ཁྱད་པར་མེད་པའི་ཕྱིར། འདོད་ན། གཟུགས་གསལ་བར་སྣང་བ་ལ་གཟུགས་འཛིན་དབང་ཤེས་དོན་མེད་པར་ཐལ་ལོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་བུམ་པ་ཆོས་ཅན། ཁྱོད་ལས་འབྲས་བུ་མི་འབྱུང་བར་ཐལ། ཁྱོད་གསལ་བ་རྣམས་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར། ཁྱབ་སྟེ། རྗེས་འགྲོ་དེ་ལས་འབྲས་མི་འབྱུང་། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞུང་དེས་རྗེས་སུ་འགྲོ་བའི་སྤྱི་གཙོ་བོ་ལས་འབྲས་བུ་མི་འབྱུང་བར་བསྟན་པ་ཡིན་གྱི་གསལ་བ་རྗེས་འགྲོ་བྱེད་ན། འབྲས་བུ་མི་འབྱུང་བར་བསྟན་པ་མ་ཡིན་ཏེ། དེ་ལྟར་ཡིན་ན། གཅིག་དང་བྲལ་ནའང་འབྲས་མེད་ཕྱིར། །བྱེ་བྲག་རྣམས་ལས་དེ་དག་འབྱུང་། །ཞེས་གསུངས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཁ་ཅིག །རང་མཚན་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་མ་ཡིན་ཏེ། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་གསུངས་པའི་ཕྱིར། བུམ་པ་དངོས་པོ་མ་ཡིན་ཏེ། སྤྱི་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱི་ནི་དངོས་མེད་ངོ་བོ་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། གཟུགས་


DLL1004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། འདོད་ན། ཁྱོད་སྣང་ཡུལ་དུ་བྱེད་པ་ལ་གཟུགས་འཛིན་དབང་པོའི་མངོན་སུམ་དོན་མེད་པར་ཐལ་ལོ། །གཞན་ཡང་། རང་མཚན་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། གཞི་གྲུབ། རང་མཚན་མ་ཡིན་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་མ་ཡིན་པ་ཉམས་སོ། ། ༦༢༽ སྣང་ཡུལ་སོགས་བཞིར་དབྱེ་བ། གཉིས་པ་ཡུལ་བཞིར་དབྱེ་བ་ལ་དགག་བཞག་གཉིས། དང་པོ་ནི། ཁ་ཅིག་ན་རེ། རྟོག་པའི་སྣང་ཡུལ་མེད་དེ། ཡོད་ན། རྟོག་པ་ཆོས་ཅན། རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་པར་ཐལ། ཁྱོད་ཀྱི་སྣང་ཡུལ་ཡོད་པའི་ཕྱིར། འདོད་ན། རང་ཡུལ་ལ་སེལ་འཇུག་མ་ཡིན་པར་ཐལ་ལོ། །དེས་ན་དོན་སྤྱི་དེ་རྟོག་པའི་དངོས་ཡུལ་གྱི་སྣང་ཡུལ་མ་ཡིན་ནོ་ཞེ་ན། ཆོས་ཅན། རང་ཡུལ་ལ་དངོས་དབང་གིས་འཇུག་པར་ཐལ། ཁྱོད་ཀྱི་དངོས་ཡུལ་ཡོད་པའི་ཕྱིར། འཁོར་གསུམ། ཁ་ཅིག །དངོས་ཡུལ་དང་སྣང་ཡུལ་དོན་གཅིག་ཅིང་། དངོས་ཡུལ་གྱི་དོན་ནི། ཡུལ་དང་ཤེས་པའི་བར་དུ་རྣམ་པས་མ་ཆོད་པར་སྣང་བ་ཡིན་ལ། དེ་ནི་དོན་སྤྱི་དང་ཤེས་པ་ཁོ་ན་ཡིན་ཞིང་། དེ་གཉིས་དངོས་ཡུལ་དུ་བྱེད་པའི་ཤེས་པ་ནི་རྟོག་པ་དང་རང་རིག་ཁོ་ན་ཡིན་ནོ། །གཟུགས་འཛིན་དབང་ཤེས་ཀྱིས་གཟུགས་དངོས་ཡུལ་དུ་བྱེད་པ་མ་ཡིན་ཏེ། རྣམ་པས་བར་དུ་ཆོད་པའི་ཕྱིར། མ་གྲུབ་ན། སྐྱེས་བུ་གཅིག་གི་གཟུགས་དེ་ཡིད་དུ་འོང་མི་འོང་དུ་མར་ཐལ། དགྲ་གཉེན་གྱི་མིག་ཤེས་ལ་ཡིད་དུ་འོང་བ་དང་མི་འོང་བར་སྣང་བ་གང་ཞིག །མིག་ཤེས་གཉིས་དང་དེའི་བར་དུ་རྣམ་པས་མ་ཆོད་པའི་ཕྱིར་ཞེ་ན། སྐྱེས་བུ་གཅིག་གི་གཟུགས་ཀྱི་རྣམ་པ་དེ་ཡིད་དུ་འོང་མི་འོང་དུ་མར་ཐལ། དགྲ་གཉེན་གྱི་མིག་ཤེས་ཀྱི་འཛིན་རྣམ་ལ་ཡིད་དུ་འོང་བ་དང་མི་འོང་བར་སྣང་བ་གང་ཞིག །འཛིན་རྣམ་གཉིས་དང་དེའི་བར་དུ་རྣམ་པས་མ་ཆོད་པའི་ཕྱིར། འཁོར་གསུམ། ཁ་ཅིག །རྟོག་པ་ཡིན་ན་རང་མཚན་


DLL1004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ཡུལ་དུ་མི་བྱེད་པས་ཁྱབ་སྟེ། རྟོག་པས་རང་མཚན་རྟོག་པ་མི་སྲིད་པའི་ཕྱིར། རྟོག་པ་ཡིན་ན་ཞེན་ཡུལ་ཡོད་པས་ཁྱབ་སྟེ། རྟོག་པས་གཟུགས་སྒྲ་སོགས་ལ་དམིགས་ནས་ཕྱི་རོལ་དོན་དུ་ཞེན་པའི་ཕྱིར། ཞེས་ཟེར། འོ་ན་རྟོག་པ་ལ་ཞེན་ཡུལ་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་མེད་པར་ཐལ། རྟོག་པ་ཡིན་ན་ཞེན་ཡུལ་ཡོད་པས་ཁྱབ། རྟོག་པ་ཡིན་ན་རང་བཞིན་རང་མཚན་ཞེན་ཡུལ་དུ་མི་བྱེད་པས་ཁྱབ་པའི་ཕྱིར། རྟགས་ཁས། ཁ་ཅིག །ཚད་མའི་ཡུལ་ལ་གཟུང་ཡུལ་དང་ཞེན་ཡུལ་གཉིས་སུ་ངེས་ལ། སྐད་ཅིག་རེ་རེ་བ་རྣམས་མངོན་སུམ་གྱི་གཟུང་ཡུལ་ཡིན་ཡང་འཇུག་ཡུལ་མ་ཡིན་ཏེ། སྐྱེས་བུས་ཐོབ་པར་མི་ནུས་པའི་ཕྱིར། དོན་སྤྱི་རྣམས་རྟོག་པའི་གཟུང་ཡུལ་ཡིན་ཡང་ཞེན་ཡུལ་མ་ཡིན་ཏེ། ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་གསུངས་པའི་ཕྱིར། དེས་ན་སྐད་ཅིག་དུ་མ་མཐུད་པའི་རྒྱུན་དང་རྡུལ་དུ་མ་བསགས་པའི་རགས་པ་ཚད་མའི་ཞེན་ཡུལ་མ་ཡིན་ལ། རགས་རྒྱུན་ཡིན་ན་དངོས་མེད་ཡིན་པས་ཁྱབ་པོ་ཞེས་ཟེར། འོ་ན་རྡུལ་དུ་མ་བསགས་པའི་སྔོན་པོ་དེ་སྐད་ཅིག་རེ་རེ་བ་ཡིན་ནམ་རགས་རྒྱུན་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། ཚད་མའི་ཞེན་ཡུལ་མ་ཡིན་པར་ཐལ། སྐད་ཅིག་རེ་རེ་བ་ཡིན་པའི་ཕྱིར། འཁོར་གསུམ། གཉིས་པ་ལྟར་ན། དེ་ཆོས་ཅན། ཚད་མའི་ཞེན་ཡུལ་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར་ཏེ། རགས་རྒྱུན་ཡིན་པའི་ཕྱིར། སྔ་ཕྱི་གཉིས་ཀའི་འཁོར་གསུམ། ཁ་ཅིག་ན་རེ། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཀྱི་ཞེན་ཡུལ་དེ་ཉིད་སྔོ་སྣང་དབང་ཤེས་ཀྱི་ཞེན་ཡུལ་ཡང་ཡིན་ཏེ །སྔོ་སྣང་དབང་ཤེས་ཀྱི་སྟོབས་ཀྱིས་ཞེན་པའི་ཡུལ་ཡིན་པའི་ཕྱིར། ཞེས་ཟེར། འོ་ན་སྔོ་སྣང་དབང་ཤེས་ངེས་ཤེས་ཡིན་


DLL1004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མིན། ཡིན་ན། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་པ་མིན། ཞེས་གསུངས་པ་དང་འགལ་ལ། མིན་ན། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཀྱི་ཡུལ་དེ་སྔོ་སྣང་དབང་ཤེས་ཀྱི་ཡུལ་ཡིན་པར་ཐལ། སྔོ་སྣང་དབངཤེས་ཀྱི་སྟོབས་ཀྱིས་ངེས་པའི་ཡུལ་མིན་པའི་ཕྱིར། འཁོར་གསུམ། ཁ་ཅིག་ན་རེ། བུམ་པ་ཞེས་པའི་སྒྲ་ལ་ཞེན་པའི་བརྗོད་བྱ་མེད་དེ། གལ་ཏེ་ཡོད་ན། དེའི་རྒྱུ་མཚན་ཅི། ཁོས་རང་གི་བརྗོད་བྱ་ལ་ཞེན་པའི་ཕྱིར་ཞེས་ཟེར་རམ། ཁོ་ཀུན་ནས་སློང་བྱེད་ཀྱི་རྟོག་པའི་ཞེན་ཡུལ་དེ་ཁོས་བརྗོད་བྱར་བྱེད་པའི་ཕྱིར་ཞེས་ཟེར། དང་པོ་མི་འཐད་དེ། ཁོ་བེམ་པོ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལ་སྣང་བའི་བརྗོད་བྱ་ཡོད་པར་ཐལ། རང་ཀུན་ནས་སློང་བྱེད་ཀྱི་རྟོག་པ་དེའི་སྣང་ཡུལ་དེ་ཁྱོད་ཀྱི་བརྗོད་བྱར་བྱེད་པའི་ཕྱིར་ཞེས་ཟེར། འོ་ན་རྗོད་བྱེད་ཀྱི་སྒྲ་ལ་དོན་དང་མཐུན་མི་མཐུན་གྱི་ཁྱད་པར་མེད་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་ན་ཞེན་པའི་བརྗོད་བྱ་མེད་པས་ཁྱབ་ཅིང་། ཁོའི་བརྗོད་བྱ་ཡོད་པས་ཁྱབ་པའི་ཕྱིར། ཁ་ཅིག །རྟོག་པ་ལ་གཟུང་ཡུལ་མེད་དེ། རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། ཁྱབ་སྟེ། རྒྱུ་ཡི་དངོས་པོ་མ་གཏོགས་ལ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་གསུངས་པའི་ཕྱིར་ཞེ་ན། འོ་ན་དེའི་ཡུལ་ཡིན་ན་རྒྱུ་ཡིན་པར་ཐལ། རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །གཟུང་ཡུལ་དང་སྣང་ཡུལ་དོན་གཅིག་ཅིང་། སྣང་ཡུལ་ལ་རྟོག་མེད་ཤེས་པའི་སྣང་ཡུལ་དང་རྟོག་པའི་སྣང་ཡུལ་གཉིས། དང་པོ་ནི། རྟོག་མེད་ཤེས་པ་ལ་གསལ་བར་སྣང་བའི་སྒོ་ནས་རྣམ་པ་ཤར་བའི་ཡུལ་དེ་ཡིན་ལ། དེ་ལ་ཤེས་པ་དང་ཕྱི་རོལ་གྱི་དོན་གཉིས་ཡོད་ཅིང་། དེའི་ཡུལ་ཅན་གྱི་ཤེས་པ་ནི་གཞན་རིག་མངོན་སུམ་ཕལ་ཆེ་བ་དང་རང་རིག་མངོན་


DLL1004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཡིན་ནོ། །འོ་ན་རྟོག་མེད་འཁྲུལ་ཤེས་ལ་གཟུང་ཡུལ་ཡོད་དམ་མེད་ཅེ་ན། ཕྱི་དོན་ལ་མི་ལྟོས་པའི་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ་ལ་གཟུང་ཡུལ་མེད་དེ། ཕྱི་རོལ་གྱི་དོན་ལ་མི་ལྟོས་པར་བདག་རྐྱེན་དབང་པོ་བསླད་པ་དང་། དེ་མ་ཐག་རྐྱེན་ཉེ་བར་ཡོད་པ་ཙམ་གྱིས་ཡུལ་གྱི་རྣམ་པར་ཤར་བའི་ཕྱིར། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་ལ་གཟུང་ཡུལ་ཡོད་དེ། བདག་རྐྱེན་དབང་པོ་བསླད་པ་དང་དེ་མ་ཐག་རྐྱེན་ཉེ་བར་ཡོད་པ་ལས་སྐྱེ་བར་མ་ཟད་ཕྱི་དོན་ཉེ་བར་ཡོད་པ་ལས་ཀྱང་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། དེས་ན་དབང་ཤེས་ལ་ཟླ་བ་གཉིས་ཀྱི་རྣམ་པ་ཤར་བའི་ཚེ་ཟླ་བ་གཅིག་གི་རྣམ་པ་ཇི་ལྟར་སྣང་བ་བཞིན་མ་ཤར་ཡང་ཟླ་བ་གཅིག་གི་རྣམ་པ་ཤར་བ་ཡིན་པས། ཟླ་གཅིག་དབང་ཤེས་དེའི་གཟུང་དོན་ཡིན་ལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་གཟུང་དོན་མེད་པ་ལ་དགོངས་ནས། སྐྲར་སྣང་དོན་མེད་ཅན་ཡིན་ནོ། །ཞེས་གསུངས་ཤིང་། ཟླ་བ་གཉིས་སྣང་གི་དབང་ཤེས་དང་མར་མེའི་རྩེ་མོ་ཁྲ་སྒོར་བ་མཐོང་བའི་དབང་ཤེས་ལྟ་བུ་ལ་གཟུང་དོན་ཡོད་པ་ལ་དགོངས་ནས། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན་མ་འཁྲུལ་པའི་ཤེས་པར་ཐལ། གཟུང་དོན་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས་གཞན་ཡང་། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ལ་གཟུང་ཡུལ་ཡོད་པར་ཐལ། ཁྱོད་ལ་སྣང་ཡུལ་ཡོད་པའི་ཕྱིར། ཁྱབ་བསལ་ཁས། རྟགས་གྲུབ་སྟེ། ཁ་ཕྱིར་བལྟས་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག །རྟོག་མེད་ཤེས་པའི་གཟུང་ཡུལ་ཡིན་ན། རྟོག་མེད་ཤེས་པའི་གཟུང་དོན་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། རྟོག་མེད་ཤེས་པ་ཐམས་ཅད་ལ་གཟུང་ཡུལ་ཡོད་ཅིང་། གཟུང་དོན་ཅན་གྱི་ཤེས་པ་ཡིན་ན། གཟུང་


DLL1004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་མཐུ་ལས་སྐྱེད་དགོས་པའི་ཕྱིར། ཁ་ཅིག །ཆོས་དེའི་སྣང་ཡུལ་གྱི་མཚན་ཉིད། ཆོས་དེས་སྣང་བའི་སྒོ་ནས་རིག་པར་བྱ་བ་ཞེས་ཟེར། གཟུགས་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། རྟོག་པས་སྣང་བའི་སྒོ་ནས་རིག་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྟོག་པས་རྣམ་པར་ཤར་བའི་སྒོ་ནས་རིག་པར་བྱ་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟོག་པ་ཆོས་ཅན། མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། ཕྱི་དོན་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག །སྣང་ཡུལ་རང་མཚན་ཡོད་པའི་ཤེས་པ་ཡིན་ན་མ་འཁྲུལ་བའི་ཤེས་པ་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་དེ་ཡང་སྣང་ཡུལ་རང་མཚན་ཡོད་པའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཟླ་གཉིས་སུ་སྣང་བ་དེ་དངོས་པོ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། ཆོས་དེའི་སྣང་ཡུལ་གྱི་མཚན་ཉིད། ཆོས་དེས་སྣང་ཙམ་གྱི་སྒོ་ནས་རིག་པར་བྱ་བ། སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་གོ །ཆོས་དེའི་འཇུག་ཡུལ་གྱི་མཚན་ཉིད། ཆོས་དེས་བླང་དོར་བྱ་བའི་ཕྱིར་ཞུགས་པ་ན། མི་བསླུ་བ། དབྱེ་ན་གནས་སྐབས་ཀྱི་འཇུག་ཡུལ་དང་། མཐར་ཐུག་གི་འཇུག་ཡུལ་གཉིས། དང་པོ་ནི། གཙོ་སྲེག་གི་དོན་བྱེད་ནུས་པའི་མེ་ལྟ་བུ། གཉིས་པ་ནི་དྲི་མ་ཐམས་ཅད་དང་བྲལ་བའི་འགོག་བདེན་ལྟ་བུའོ། །ཁ་ཅིག །ཚད་མ་ཡིན་ན་འཇུག་ཡུལ་རང་མཚན་འཇལ་བས་ཁྱབ་ཅིང་། ཚད་མའི་འཇུག་ཡུལ་མིན་ན་རང་མཚན་ཡིན་པས་ཁྱབ་སྟེ། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བའི་དངོས་པོ་དེ། འཇུག་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། དེ་སྐད་དུའང་།བླང་དང་དོར་བྱའི་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན། ཚད་མ་ཡིན་ན་འཇུག་ཡུལ་རང་མཚན་འཇལ་བས་ཁྱབ་པ་སྔར་བཀག་ཟིན་ལ། འདུས་མ་བྱས་ཀྱི་ནམ་མཁའ་དངོས་པོར་མེད་པ་ཆོས་ཅན། འདུས་མ་


DLL1004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱི་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གིས་བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བའི་དངོས་པོ་ཡིན་པར་ཐལ། དེའི་འཇུག་ཡུལ་ཡིན་པའི་ཕྱིར་ཏེ། དེས་བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བ་ཡིན་པའི་ཕྱིར་ཏེ། དེས་འདུས་མ་བྱས་ཀྱི་ནམ་མཁའ་དངོས་མེད་དུ་གཞལ་བ་གང་ཞིག །འདུས་མ་བྱས་ཀྱི་ནམ་མཁའ་དེ་དངོས་མེད་ཡིན་པའི་ཕྱིར། ཆོས་དེའི་ཞེན་ཡུལ་གྱི་མཚན་ཉིད། ཆོས་དེས་ཞེན་པའི་སྒོ་ནས་རིག་པར་བྱ་བ། དབྱེ་ན། སྐྱེས་བུའི་ཞེན་ཡུལ་དང་། རྟོག་པའི་ཞེན་ཡུལ་གཉིས། དེ་ཡང་ཤེས་བྱ་ཐམས་ཅད་ཡིན་ནོ། །ཆོས་དེའི་གཟུང་དོན་གྱི་མཚན་ཉིད། ཆོས་དེ་ལ་རང་འདྲའི་རྣམ་པ་གཙོ་བོར་དངོས་སུ་གཏོད་བྱེད། ཁ་ཅིག་ན་རེ། རྟོག་པ་ལ་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་དོན་མེད་ཀྱང་ནང་ཤེས་པ་ལ་ལྟོས་པའི་གཟུང་དོན་ཡོད་དེ། ཁོ་རང་གི་སྔ་ལོགས་སུ་བྱུང་བའི་ཤེས་པ་དེ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར་ཏེ། དེ་ཁོའི་ཉེར་ལེན་གང་ཞིག །དེ་ཁོས་བཟུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། འཛིན་པ་ཡི་ནི་ཉེར་ལེན་དང་། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། །ཅེས་གསུངས་པའི་ཕྱིར་ཞེ་ན། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོ་སྣང་དབང་ཤེས་གཟུང་དོན་བྱས་ནས་འཛིན་པར་ཐལ། དེ་ཁྱོད་ཀྱི་ཉེར་ལེན་གང་ཞིག །དེ་ཁྱོད་ཀྱིས་གཟུང་བའི་ཕྱིར། འདོད་ན། ཁྱོད་ཕྱི་རོལ་གྱི་ཡུལ་ལ་འཕོ་བར་མི་འགྱུར་བར་ཐལ་ལོ། །འོ་ན། འཛིན་པ་ཡི་ནི་ཉེར་ལེན་དང་། །ཞེས་སོགས་ཀྱི་དོན་གང་ཞེ་ན། འདི་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི། གཞུང་འདིས་སེམས་ཀྱི་གཟུང་དོན་གྱི་མཚན་ཉིད་བསྟན་པར་བསམས་ནས་བསྟན་ཚུལ་ལ། ཁ་ཅིག་ན་རེ། སེམས་ཀྱི་གཟུང་དོན་གྱི་མཚན་ཉིད་ཁས་ལེན་ན། འདི་ལྟ་བུ་


DLL1004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཁས་ལེན་དགོས་ཞེས་པ་བརྟག་པ་མཐའ་བཟུང་གི་སྒོ་ནས་བསྟན་པ་ཡིན་གྱི་རང་ལུགས་ལ་ཁས་ལེན་པ་མ་ཡིན་ཏེ། རང་ལུགས་ལ་སེམས་ཀྱི་གཟུང་དོན་མི་སྲིད་ན། དེའི་མཚན་ཉིད་ཁས་བླངས་པ་ལ་དགོས་པ་མེད་དེ། སེམས་ཀྱི་གཟུང་དོན་མེད་ན་ཤེས་པ་ཡུལ་ལ་འཕོ་བ་མེད་པའི་ཉེས་པ་རང་ལ་ཡང་མཚུངས་པའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག་ན་རེ། རང་ལུགས་ལ་སེམས་ཀྱི་གཟུང་དོན་གྱི་མཚན་ཉིད་བསྟན་པ་ཡིན་གྱི་བརྟག་པ་མཐའ་བཟུང་ནི་མིན་ཏེ། དེ་ལྟ་ཡིན་ན། འཛིན་པ་ཡི་ནི་ཉེར་ལེན་དང་། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། ཅེས་སྨྲས་པ་ལ། གཞན་གྱི་སེམས་ཆོས་ཅན། རྣལ་འབྱོར་མངོན་སུམ་གྱི་གཟུང་དོན་མ་ཡིན་པར་ཐལ། རྣལ་འབྱོར་མངོན་སུམ་གྱིི་ཉེར་ལེན་མ་ཡིན་པའི་ཕྱིར། ཞེས་པ་རྩོད་པའི་ལན་དུ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་མ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་པའི་སྐྱོན་སྤོང་བྱས་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་ཟེར་རོ། །དེ་གཉིས་ཀའང་མི་འཐད་དེ། སེམས་ཀྱི་གཟུང་མཚན་ཉིད་ཅེས་པ། གཟུང་བའི་ངོ་བོ་ལ་གཟུང་བའི་མཚན་ཉིད་སྒྲས་བསྟན་པ་ཡིན་གྱི། རང་ལུགས་དང་བརྟག་པ་མཐའ་བཟུང་གང་ལ་ཡང་སེམས་ཀྱི་གཟུང་དོན་མཚོན་པར་བྱེད་པའི་མཚན་ཉིད་བསྟན་པ་མ་ཡིན་པའི་ཕྱིར། འདི་གང་ལས་ཤེས་ཤེ་ན། གཟུང་བའི་མཚན་ཉིད་ལས་འདི་ཡི། །དེ་དངོས་ངེས་པ་གཞན་ཅི་ཡོད། །ཅེས་སོགས་དང་། ལྷ་དབང་བློས། གཟུང་བའི་མཚན་གཞི་ལ་མཚན་ཉིད་ཀྱི་སྒྲས་ལན་ཅིག་མ་ཡིན་པར་བསྟན་པའི་ཕྱིར། ཁ་ཅིག །དོན་ལ་འཕོ་ཁ་མའི་བློ་དེ་ཤེས་པ་ཕྱི་མའི་ཉེར་ལེན་ཡིན་ཡང་། གཟུང་བ་མ་ཡིན་པར་ཁས་ལེན་པའི་གང་ཟག་གི་ངོར། དོན་ལ་འཕོ་ཁ་མའི་བློ་ཆོས་ཅན། ཤེས་པ་ཕྱི་མའི་གཟུང་དོན་ཡིན་པར་ཐལ། རང་འཛིན་


DLL1004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་ཕྱི་མའི་ཉེར་ལེན་དང་དེས་མྱོང་བ་ཡིན་པའི་ཕྱིར། ཞེས་སྨྲ་བའང་མི་འཐད་དེ། ཐལ་འགྱུར་གྱི་རྟགས་ཚད་མས་མ་གྲུབ་ཅིང་ཕ་རོལ་པོས་ཁས་བླངས་པའང་མེད་པའི་ཕྱིར་ཏེ། དོན་ལ་འཕོ་ཁ་མའི་བློ་དེ་ཤེས་པ་ཕྱི་མས་མ་བཟུང་བར་ཁས་ལེན་བཞིན་དུ། དོན་ལ་འཕོ་ཁ་མའི་བློ་དེ་ཤེས་པ་ཕྱི་མའི་ཉེར་ལེན་དང་དེས་མྱོང་བར་འདོད་པ་ག་ལ་སྲིད། གཉིས་པ་ནི། སྔོ་སྣང་དབང་ཤེས་ཆོས་ཅན། མྱོང་བྱེད་ཡོད་དེ། དྲན་པ་ཡོད་པའི་ཕྱིར། གཟུགས་བཞིན་ཞེས་བཀོད་པ་ལ། དེ་ནི་གྲུབ་ཟིན་བསྒྲུབས་པ་ཡིན་ཏེ། ཕྱིས་འབྱུང་གི་ཤེས་པས་གཟུང་དོན་དུ་བྱས་ནས་མྱོང་བའི་ཕྱིར་ཞེ་ན། འོ་ན་ཤེས་པ་ཕྱི་མ་ཆོས་ཅན། ཕྱི་རོལ་ལ་འཕོ་བ་མེད་པར་ཐལ། རང་གི་ཉེར་ལེན་དུ་གྱུར་པའི་ཤེས་པ་གཟུང་དོན་དུ་བྱེད་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། ཤེས་པ་སྔ་མས་ཤེས་པ་ཕྱི་མ་སྐྱེད་པའི་ནུས་པ་རིམ་གྱིས་ཟད་ནས་ཤེས་པ་ཕྱི་མ་ཡུལ་ལ་འཕོ་བ་ཡིན་ནོ་ཞེས་ཟེར་ན། འོ་ན་དོན་ལ་འཕོ་ཁ་མའི་བློ་ལ་རྒྱུ་མེད་པར་ཐལ། ཤེས་པ་སྔ་མས་ཤེས་པ་ཕྱི་མ་སྐྱེད་པའི་ནུས་པ་ཟད་པའི་ཕྱིར། འདོད་ན། ཤེས་པ་ཕྱི་མ་དོན་ལ་འཕོ་བ་མེད་པར་འགྱུར་རོ། །སྐྱོན་དེ་སྤང་བར་འདོད་ནས། ཤེས་པ་སྔ་མའི་སྟེང་ན་ཤེས་པ་ཕྱི་མའི་གཟུང་དོན་བྱེད་པའི་ནུས་པ་དང་། ཤེས་པ་ཕྱི་མའི་ཉེར་ལེན་བྱེད་པའི་ནུས་པ་གཉིས་ལས། གཟུང་དོན་བྱེད་པའི་ནུས་པ་ཟད་ནས་ཉེར་ལེན་བྱེད་པའི་ནུས་པ་མ་ཟད་པས་ཤེས་པ་ཕྱི་མ་ཡུལ་ལ་འཕོའོ་ཞེ་ན། དེ་ཡང་མི་འཐད་དེ། གཟུང་དོན་ལ་བཟུང་དོན་གྱི་ནུས་པ་ལས་སྐྱེད་བྱེད་ཀྱི་ནུས་པ་རྫས་གཞན་མེད་པའི་ཕྱིར། དཔེར་ན་གཟུགས་སོགས་བཞིན། གཞན་ཡང་། སྔོ་སྣང་དབང་ཤེས་དེ་ཤེས་པ་ཕྱི་མའི་གཟུང་དོན་ཡིན་པའི་རྒྱུ་མཚན་ཅི་ཡིན། ཤེས་པ་ཕྱི་མའི་གཟུང་དོན་ཡིན་ཏེ། དེའི་ཉེར་ལེན་གང་ཞིག །མྱོང་བློ་ཡིན་པའི་ཕྱིར་ཞེ་


DLL1004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་ན་འཕོ་ཁ་མའི་བློ་ཆོས་ཅན། །ཤེས་པ་ཕྱི་མའི་གཟུང་དོན་གྱི་མཚན་ཉིད་ཅན་ཡིན་པར་ཐལ། དོན་འཛིན་པའི་ཤེས་པ་ཕྱི་མའི་ཉེར་ལེན་དང་། མྱོང་བ་བློ་ཡིན་པའི་ཕྱིར་རོ། །ཕ་རོལ་པོས་གཟུང་དོན་གྱི་སྒྲུབ་བྱེད་དུ་ཉེར་ལེན་དང་མྱོང་བ་གཉིས་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། མྱོང་བ་བློ་ཡིན་པ་ཙམ་གཟུང་དོན་དུ་མི་འགྲུབ་སྟེ། གཞན་གྱི་ཤེས་པ་བཟུང་དོན་དུ་ཐལ་བའི་ཕྱིར་རོ། །ཉེར་ལེན་ཡིན་པ་ཙམ་གྱིས་ཀྱང་གཟུང་དོན་དུ་མི་འགྲུབ་སྟེ། དབང་པོའང་གཟུང་དོན་དུ་ཐལ་བའི་ཕྱིར་རོ། །དེས་ན་གཞན་གྱི་ཤེས་པ་གཅད་པའི་ཕྱིར་དུ་ཉེར་ལེན་སྨོས་ལ། དབང་པོ་གཟུགས་ཅན་པ་གཅད་པའི་ཕྱིར་དུ་མྱོང་བ་བློ་སྨོས་སོ། །དེ་སྐད་དུའང་ལྷ་དབང་བློས། དེ་ལྟར་ན་བློ་ཤེས་པའི་བཟུང་བ་མིན་ཏེ། གཞན་གྱི་ཤེས་པ་གཟུང་བའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུའི་ངོ་བོ་འབའ་ཞིག་ཀྱང་མིན་ཏེ། དབང་པོའང་གཟུང་བའི་མཚན་ཉིད་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་གཉིས་ཀ་འཁྲུལ་པ་མིན་ནོ། །ཞེས་གསུངས་སོ། །འོ་ན་གཟུགསསོགས་སྔར་རགས་པ་ཕྱིས་ཆ་ཕྲ་བར་སོང་བས། གཟུང་དོན་མ་ཡིན་པ་དང་། གཞན་གྱི་སེམས་ཉེར་ལེན་མ་ཡིན་པས་གཟུང་དོན་མ་ཡིན་པར་འདོད་པ་ལ། རྣལ་འབྱོར་མངོན་སུམ་གྱིས་མ་ངེས་སོ་ཞེས་སྐྱོན་བརྗོད་པར་རིགས་ཏེ། རྣལ་འབྱོར་མངོན་སུམ་གྱིས་གཟུགས་སོགས་ཆ་ཕྲ་བ་དང་གཞན་གྱི་སེམས་གཉིས་ཀ་གཟུང་དོན་དུ་བྱེད་པའི་ཕྱིར་ཞེ་ན། དེ་ལ་རྣལ་འབྱོར་མངོན་སུམ་གྱིས་མ་ངེས་པ་མི་རྗོད་པའི་རྒྱུ་མཚན་ཡོད་དེ། གཟུགས་སོགས་ཆ་ཕྲ་བས་གཟུགས་དོན་མ་ཡིན་པ་དང་། གཞན་གྱི་སེམས་ཉེར་ལེན་མ་ཡིན་པས་གཟུང་དོན་མ་ཡིན་ཞེས་གཟུང་བའི་མཚན་ཉིད་དཔྱོད་པ་འདི་མ་དག་པའི་བློ་ཅན་ཚུར་མཐོང་གིས་ཡུལ་མཐོང་ཚུལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །འོ་ན་ཤེས་པ་ཡུལ་ལ་འཕོ་བ་མེད་པའི་ཉེས་པ་ཁྱོད་རང་


DLL1004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚུངས་ཏེ། སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་དྲན་པ་ཆོས་ཅན། ཕྱི་རོལ་གྱི་ཡུལ་ལ་འཕོ་བ་མེད་པར་ཐལ། རང་གི་ཉེར་ལེན་སྔོ་སྣང་དབང་ཤེས་བཟུང་བའི་ཕྱིར་ཞེ་ན། མི་མཚུངས་ཏེ། ཕ་རོལ་པོས་ཤེས་པ་ཕྱི་མས་ཤེས་པ་སྔ་མ་གཟུང་དོན་དུ་བྱས་ནས་མངོན་སུམ་མྱོང་བར་ཁས་བླངས་པས་དེ་ལྟ་ན་ནང་གི་ཡན་ལག་ཉེ་བ་གཟུང་དོན་དུ་བྱེད་པ་བོར་ནས་རིང་བའི་ཕྱི་རོལ་ལ་འཕོ་བ་མི་སྲིད་ལ། ཁོ་བོ་ཅག་དྲན་ཤེས་ཀྱིས་སྔོ་སྣང་དབང་ཤེས་བཟུང་ཡང་། གཟུང་དོན་གི་སྟོབས་ཀྱིས་མི་སྐྱེ་བར་རང་གི་བག་ཆགས་སད་པ་ལས་ཡུལ་ལ་འདོད་པ་ཙམ་གྱིས་བཟུང་བར་ཁས་ལེན་པའི་ཕྱིར་རོ། །གསུམ་པ་མངོན་ལྐོག་གཉིས་སུ་དབྱེ་བ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། མངོན་ལྐོག་འགལ་མི་འགལ་དཔྱོད་པའོ། །དང་པོ་ལ་གཉིས། དགག་བཞག་གོ །དང་པོ་ནི། ཁ་ཅིག །མངོན་གྱུར་གྱི་མཚན་ཉིད། མངོན་སུམ་ཚད་མས་རང་གི་ངོ་བོ་མྱོང་བའི་རྣམ་པས་རྟོགས་པར་བྱ་བ། ལྐོག་གྱུར་གྱི་མཚན་ཉིད། རྗེས་དཔག་ཚད་མས་འབྲེལ་བ་ལ་བརྟེན་ནས་སྤྱིའི་ཚུལ་གྱིས་རྟོགས་པར་བྱ་བ་ཞེས་ཟེར། སྔོན་པོ་ཆོས་ཅན། ཁྱོད་མངོན་གྱུར་མ་ཡིན་པར་ཐལ། ཁྱོད་མངོན་སུམ་ཚད་མས་རང་གི་ངོ་བོ་མྱོང་བའི་རྣམ་པས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཤེས་པ་གང་དང་གང་ཡང་མྱོང་བྱ་མྱོང་བྱེད་དུ་མི་འཐད་པའི་ཕྱིར་ཏེ། ཁྱོད་ཕྱི་རོལ་དོན་ཡིན་པའི་ཕྱིར་རོ། །ཁ་ཅིག །མངོན་གྱུར་གྱི་མཚན་ཉིད། རང་གི་ངོ་བོ་མངོན་སུམ་ཚད་མས་རྟོགས་པར་བྱ་བ། ལྐོག་གྱུར་གྱི་མཚན་ཉིད། རྗེས་དཔག་ཚད་མས་དོན་སྤྱིའི་ཚུལ་གྱིས་རྟོགས་པར་བྱ་བ། ལ་རྒྱབ་ཀྱི་མེ་ལྟ་བུ་རེས་འགའ་མངོན་སུམ་ཚད་མས་རྟོགས་པར་བྱ་བ་ཡིན་ཞིང་། རེས་འགའ་རྗེས་དཔག་ཚད་མས་རྟོགས་པར་བྱ་བ་ཡིན་ལ། མངོན་ལྐོག་གཉིས་འགལ་ལོ་ཞེས་ཟེར་རོ། །འོ་ན་མངོན་སུམ་ཚད་མས་རྟོགས་པར་བྱ་བ་དང་། རྗེས་དཔག་ཚད་མས་རྟོགས་


DLL1004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་གཉིས་འགལ་བར་ཐལ། མངོན་གྱུར་དང་ལྐོག་གྱུར་གཉིས་འགལ་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ལ་རྒྱབ་ཀྱི་མེ་རེས་འགའ་མངོན་སུམ་ཚད་མས་རྟོགས་པར་བྱ་བ་དང་། རེས་འགའ་རྗེས་དཔག་ཚད་མས་རྟོགས་པར་བྱ་བ་ཡིན་པར་འགལ་ལོ། །ཁ་ཅིག །མངོན་གྱུར་གྱི་མཚན་ཉིད། རང་གི་ངོ་བོ་མངོན་སུམ་ཚད་མས་རྟོགས་པར་བྱ་བ། དེ་ལ་དབྱེ་ན། ཤེས་པ་དང་དོན་གཉིས། དོན་རང་གི་ངོ་བོ་མངོན་སུམ་ཚད་མ་ལ་སྣང་བ་ནི་ཡིན་ཏེ། དེ་ལྟར་ན་དོན་གཅིག་དུ་འདོད་མི་འདོད་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་དོན་གྱི་རྣམ་པ་སྣང་བ་ཙམ་གྱི་སྒོ་ནས་དོན་སྣང་བར་འཇོག་པ་ཡིན་ཞེས་ཟེར་རོ། །འོ་ན་དོན་རང་གི་ངོ་བོ་མངོན་སུམ་ཚད་མས་རྟོགས་པར་བྱ་བ། དེ་ལ་དབྱེ་ན། ཤེས་པ་དང་དོན་གཉིས། དོན་རང་གི་ངོ་བོ་མངོན་སུམ་ཚད་མ་ལ་སྣང་བ་ནི་མ་ཡིན་ཏེ། དེ་ལྟར་ན་དོན་གཅིག་འདོད་མི་འདོད་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་དོན་གྱི་རྣམ་པ་ཤར་བ་ཙམ་གྱི་སྒོ་ནས་དོན་སྣང་བར་འཇོག་པ་ཡིན་ཞེས་ཟེར། འོ་ན་དོན་རང་གི་ངོ་བོ་མངོན་སུམ་ཚད་མས་རྟོགས་པར་བྱ་བ་མ་ཡིན་པར་ཐལ། དེ་ལྟར་ན་དོན་གཅིག་འདོད་མི་འདོད་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་དོན་གྱི་རྣམ་པར་ཤར་བ་ཙམ་གྱི་སྒོ་ནས་རྟོགས་པར་འཇོག་པ་ཡིན་ནོ། །ཞེས་མཚུངས་སོ། །གཉིས་པ་རང་ལུགས་བཞག་པ་ནི། མངོན་གྱུར་གྱི་མཚན་ཉིད། མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ། ལྐོག་གྱུར་གྱི་མཚན་ཉིད། རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཞེས་འཇོག་པ་ཡིན་ནོ། །གཉིས་པ་དབྱེ་བ་ནི། ཁ་ཅིག །མངོན་གྱུར་ལ་དབྱེ་ན་རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པ་དང་། རེས་འགའ་མངོན་གྱུར་ཡིན་པ་གཉིས་དཔེ་རིམ་བཞིན་ཤེས་པ་ལྟ་བུ་དང་། སྒྲ་མི་རྟག་པ་ལྟ་བུའོ། །ལྐོག་གྱུར་ལ་དབྱེ་ན། རྣམ་པ་ཐམས་ཅད་དུ་ལྐོག་གྱུར་ཡིན་པ་དང་། རེས་འགའ་ལྐོག་གྱུར་ཡིན་པ་གཉིས། དཔེ་རིམ་བཞིན། མིག་དབང་གཟུགས་ཅན་པ་ལྟ་བུ་དང་སྒྲ་མི་རྟག་པ་ལྟ་བུའོ་ཞེས་ཟེར། འོ་ན་ཤེས་པ་རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པའི་རྒྱུ་མཚན་ཅི་ཡིན། གང་ཟག་ཐམས་ཅད་ཀྱི་རྒྱུད་ཀྱི་མངོན་སུམ་ལ་མངོན་གྱུར་ཡིན་པའི་ཕྱིར་ཞེས་ཟེར་རམ། གང་ཟག་འགའ་ཞིག་རྒྱུད་ཀྱི་མངོན་སུམ་ལ་མངོན་གྱུར་པའི་ཕྱིར་ཞེས་


DLL1004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རམ། རང་རྒྱུད་ལྡན་གྱི་གང་ཟག་རྒྱུད་ཀྱི་མངོན་སུམ་ལ་མངོན་གྱུར་ཡིན་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་མི་འཐད་དེ། གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་མངོན་སུམ་དུ་གྱུར་པའི་ཐུན་མོང་གི་ཆོས་མི་སྲིད་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་མི་རྟག་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པར་ཐལ། གང་ཟག་འགའ་ཞིག་གི་རྒྱུད་ཀྱི་མངོན་སུམ་ལ་མངོན་གྱུར་ཡིན་པའི་ཕྱིར། འཁོར་གསུམ། གསུམ་པ་ལྟར་ན། གནས་སྐབས་ལྔ་བྲལ་གྱི་བུམ་པ་ཞེས་པའི་ཚིག་སྨྲ་བའི་སྐྱེས་བུའི་རྒྱུད་ཀྱི་རྟོག་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པར་ཐལ། རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མངོན་གྱུར་ཡིན་པའི་ཕྱིར། འཁོར་གསུམ། མིག་གི་དབང་པོ་རྣམ་པ་ཐམས་ཅད་དུ་ལྐོག་གྱུར་ཡིན་པའང་མི་འཐད་དེ། རེས་འགའ་མངོན་སུམ་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཀུན་མཁྱེན་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་ཕྱི་མ་མ་གྲུབ་སྟེ། མངོན་ལྐོག་གི་དབྱེ་བ་འདི་དག་སོ་སྐྱེའི་དབང་དུ་བྱས་པའི་ཕྱིར་ཞེ་ན། འོ་ན་སོ་སྐྱེས་ལྷའི་མིག་ཐོབ་པ་མི་སྲིད་པར་ཐལ། སོ་སྐྱེའི་མངོན་སུམ་གྱིས་མིག་གི་དབང་པོ་རྟོགས་པ་མི་སྲིད་པའི་ཕྱིར། རྟགས་ཁས། རང་ལུགས་ལ། མངོན་གྱུར་ལ་དབྱེ་ན། རང་རིག་མངོན་སུམ་དང་གཞན་རིག་མངོན་སུམ་གྱི་བྱེད་པ་འཇུག་པའི་ཡུལ་གཉིས། ལྐོག་གྱུར་ལ་དབྱེ་ན། དངོས་སྟོབས་རྗེས་དཔག་དང་། ཡིད་ཆེས་རྗེས་དཔག་དང་། གྲགས་པའི་ངེས་དཔག་གི་བྱེད་པ་འཇུག་པའི་ཡུལ་གསུམ་མོ། །གསུམ་པ་དེ་གཉིས་འགལ་མི་འགལ་དཔྱོད་ལ། ཁ་ཅིག །གང་ཟག་གང་ལ་མངོན་གྱུར་ཡིན་པ་དེ་དེ་ལ་ལྐོག་གྱུར་མ་ཡིན། གང་ཟག་གང་ལ་ལྐོག་གྱུར་ཡིན་པ་དེ་དེ་ལ་མངོན་གྱུར་ཡིན་པ་མི་སྲིད་པས། རྟོགས་པ་པོ་གཉིས་


DLL1004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དུ་བྱས་ནས་མངོན་ལྐོག་གཉིས་སོ་སོར་ངེས་པ་འགལ་བ་ཡིན་ལ། དེ་ལྟ་མ་ཡིན་པར་གང་ཟག་སོ་སོ་ལ་ལྟོས་ནས་མི་འགལ་བས་མི་འགལ་བའི་གོ་ཆོད་ན། ཚད་མ་དང་ཚད་མིན་བློ་གཉིས་ཀྱང་མི་འགལ་བར་ཐལ། དེ་གཉིས་ཡུལ་སོ་སོ་ལ་ལྟོས་ནས་མི་འགལ་བའི་ཕྱིར། གཞན་ཡང་། བུམ་པ་ཡོད་མེད་གཉིས་ཀྱང་མི་འགལ་བར། དེ་གཉིས་གཞི་སོ་སོ་ལ་ལྟོས་ནས་མི་འགལ་བའི་ཕྱིར་ཞེ་ན། གང་ཟག་གཅིག་ལ་མངོན་གྱུར་ཡིན་ན་མངོན་གྱུར་ཡིན་དགོས་པར་ཐལ། གང་ཟག་གཅིག་ལ་ལྟོས་ནས་མི་འགལ་ན་མི་འགལ་དགོས་པའི་ཕྱིར་རོ། །རྟགས་ཁས། འདོད་ན། མངོན་ལྐོག་གཉིས་འགལ་བ་ཉམས་སོ། །གཞན་ཡང་། རྒྱུ་དང་འབྲས་བུ་འགལ་བར་ཐལ། གང་གི་རྒྱུ་ཡིན་པ་དེ་དེའི་འབྲས་བུ་ཡིན། གང་གི་འབྲས་བུ་ཡིན་པ་དེའི་རྒྱུ་མ་ཡིན་པའི་ཕྱིར། དེས་ན་བློ་དེ་ལ་མངོན་གྱུར་ཡིན་པ་དེ་དེ་ལ་ལྐོག་གྱུར་མ་ཡིན། བློ་དེ་ལྐོག་གྱུར་ཡིན་པ་དེ་དེ་ལ་མངོན་གྱུར་ཡིན་པས། རྟོག་པ་པོ་གཅིག་ལ་ལྟོས་ནས་འགལ་ཡང་སྤྱིར་མི་འགལ་ཏེ། མངོན་སུམ་ཚད་མས་དངོས་སུ་རྟོགས་པ་དང་རྗེས་དཔག་ཚད་མས་དངོས་སུ་རྟོགས་པ་གཉིས་མི་འགལ་བའི་ཕྱིར། རྟོགས་པ་གཅིག་ལ་ལྟོས་ནས་ཀྱང་ད་ལྟ་མངོན་གྱུར་ཡིན་ན། ད་ལྟ་ལྐོག་གྱུར་ཡིན་པར་འགལ་བ་ཡིན་གྱི་དུས་སོ་སོ་ལ་ལྟོས་ནས་མི་འགལ་ཏེ། ལ་རྒྱབ་ཀྱི་མེ་ལྟ་བུ་སྔ་དྲོ་མངོན་གྱུར་ཡིན་པ་ཕྱི་དྲོ་ལྐོག་ཏུ་གྱུར་པ་དང་། སྔ་དྲོ་ལྐོག་གྱུར་ཡིན་པ་ཕྱི་དྲོ་མངོན་དུ་གྱུར་པ་ཡོད་པའི་ཕྱིར། དེ་སྐད་དུའང་ལྷ་དབང་བློས། མངོན་སུམ་དང་ལྐོག་ཏུ་གྱུར་པའི་མཚན་ཉིད་དེ་ཡང་རྟོགས་པ་པོའི་དེ་ལྟར་གྱི་གནས་སྐབས་ལ་ལྟོས་པ་ཡིན་ནོ། །ཞེས་དང་ཤཱཀྱ་བློས། འཆོལ་བར་ཡང་སྣང་བ་ཡིན་ཏེ་མངོན་སུམ་ཡང་དུས་གཞན་དུ་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་དང་། ལྐོག་


DLL1004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཡང་ མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་བཤད་དོ། །གལ་ཏེ་མངོན་སུམ་དང་རྗེས་དཔག་གཉིས་མི་འགལ་བར་ཐལ། གཞལ་བྱ་མངོན་ལྐོག་གཉིས་མི་འགལ་བའི་ཕྱིར། ཁྱབ་སྟེ། གཞལ་བྱ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར་ཏེ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། གཞལ་བྱ་གཞན་ནི་ཡོད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་བཞེད་པ་དང་། །ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་འགལ་མ་ངེས་མ་གྲུབ་པ་གསུམ་མི་འགལ་བར་ཐལ། རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་པོ་མི་འགལ་བའི་ཕྱིར། ཁྱབ་པར་ཐལ། རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་དུ་གྲངས་ངེས་པའི་རྟགས་ཀྱིས། རྟགས་ལྟར་སྣང་དེ་ལ་འགལ་མ་ངེས་མ་གྲུབ་པ་གསུམ་དུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར། འཁོར་གསུམ། གལ་ཏེ་རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ་ལྐོག་གྱུར་གྱི་མཚན་ཉིད་མ་ཡིན་པར་ཐལ། རྗེས་དཔག་ཚད་མས་རང་གི་གཞལ་བྱ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་གང་ཞིག །རང་གི་གཞལ་བྱ་དངོས་སུ་རྟོགས་ན། རང་གི་གཞལ་བྱ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་འགལ་བའི་ཕྱིར་ཏེ། རང་གི་གཞལ་བྱ་མངོན་སུམ་དུ་རྟོགས་ན། རང་གི་གཞལ་བྱ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགལ་བའི་ཕྱིར་ཞེ་ན། རྗེས་དཔག་ཚད་མ་ཆོས་ཅན། རང་གི་གཞལ་བྱ་ཤུགས་ལ་རྟོགས་པར་ཐལ། རང་གི་གཞལ་བྱ་རྟོགས་པ་གང་ཞིག །རང་གི་གཞལ་བྱ་དངོས་སུ་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། རང་གི་གཞལ་བྱ་མ་ཡིན་པ་ཞིག་དངོས་སུ་རྟོགས་པའི་ཤུགས་ལ་རང་གི་གཞལ་བྱ་རྟོགས་པར་ཐལ། རང་གི་གཞལ་བྱ་ཤུགས་ལ་རྟོགས་པ་


DLL1004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག །དེ་དངོས་སུ་རྟོགས་པ་མི་སྲིད་པའི་ཕྱིར། རྟགས་ཁས་སོ། །འོ་ན་ཚད་མས་གཞལ་བྱ་དངོས་སུ་རྟོགས་པ་དང་ཤུགས་ལ་རྟོགས་པའི་དོན་གང་ཡིན། བྱེ་བྲག་ཏུ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མས་གཞན་བྱ་དངོས་སུ་རྟོགས་པ་དང་ཤུགས་ལ་རྟོགས་པའི་དོན་གང་ཡིན་ཞེ་ན། ཚད་མ་ལ་ཡུལ་དེའི་རྣམ་པ་ཤར་པའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ་ཚད་མས་ཡུལ་དེ་དངོས་སུ་རྟོགས་པ་དང་ཚད་མ་ལ་ཡུལ་དེའི་རྣམ་པ་མ་ཤར་ཡང་ཡུལ་གཞན་གྱིས་རྣམ་པ་ཤར་བའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ་ཚད་མས་ཡུལ་དེ་ཤུགས་ལ་རྟོགས་པའི་དོན་ཡིན་ནོ། །མངོན་སུམ་ཚད་མ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ་མངོན་སུམ་ཚད་མས་ཡུལ་དེ་དངོས་སུ་རྟོགས་པ་དང་། མངོན་སུམ་ཚད་མ་དེ་ལ་ཡུལ་དེའི་རྣམ་པ་མ་ཤར་ཡང་ཡུལ་གཞན་གྱིས་རྣམ་པ་ཤར་བའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ་མངོན་སུམ་ཚད་མ་དེས་ཡུལ་དེ་ཤུགས་ལ་རྟོགས་པའི་དོན་ཡིན་ནོ། །དཔེར་ན་དག་འཛིན་དབང་པོའི་མངོན་སུམ་ཚད་མས་བུམ་པས་དག་པའི་ས་ཕྱོགས་དངོས་སུ་རྟོགས་པ་དང་དེའི་སྟེང་དུ་བུམ་མེད་ཤུགས་ལ་རྟོགས་པ་ལྟ་བུའོ། །དག་འཛིན་མངོན་སུམ་དེ་དེའི་སྟེང་གི་བུམ་མེད་ལ་མངོན་སུམ་ཚད་མ་ཡིན་ཡང་མངོན་སུམ་མ་ཡིན་ཏེ། དེའི་རྣམ་པ་མ་ཤར་བའི་ཕྱིར། དེ་ལ་རྗེས་དཔག་མ་ཡིན་ཏེ། དེའི་དོན་སྤྱི་ཡུལ་དུ་མི་བྱེད་པའི་ཕྱིར། འོ་ན་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ། དག་འཛིན་མངོན་སུམ་དེ་དེའི་སྟེང་གི་བུམ་མེད་ལ་ཚད་མ་ཡིན་ཡང་མངོན་སུམ་ཡང་མ་ཡིན། རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྤྱིར་མངོན་སུམ་ཚད་མ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་ཀྱང་། དེའི་སྟེང་གི་བུམ་མེད་ལ་མངོན་སུམ་ཚད་མ་


DLL1004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་དེ་ལ་མངོན་སུམ་ཡིན་མི་དགོས་པའི་ཕྱིར་རོ། །བུམ་པས་དག་པའི་ས་ཕྱོགས་ཀྱི་སྟེང་གི་བུམ་མེད་ཆོས་ཅན། ཁྱོད་མངོན་སུམ་གྱི་གཞལ་བྱ་ཡིན་པར་ཐལ། མངོན་སུམ་དེ་ཁྱོད་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། རང་མཚན་ཡིན་པར་ཐལ་ལོ་ཞེ་ན། རང་བཞིན་མ་དམིགས་པའི་རྟགས་ཀྱི་ཕྱོགས་ཆོས་མངོན་སུམ་ཚད་མས་མ་གྲུབ་པར་ཐལ། མངོན་སུམ་གྱི་གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། རང་བཞིན་མ་དམིགས་པའི་ཕྱོགས་ཆོས་མངོན་སུམ་ཚད་མས་གྲུབ་པ་ཡིན་གྱི། མངོན་སུམ་ཚད་མས་གཞལ་བ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཚད་མས་གྲུབ་ན་ཚད་མས་གཞལ་མི་དགོས་པར་ཐལ། རྗེས་དཔག་ཚད་མ་ལ་ཡུལ་དེའི་རྣམ་པར་ཤར་བའི་སྒོ་ནས་དེ་ལ་ངེས་པ་འདྲེན་ནུས་པ་དེ། རྗེས་དཔག་ཚད་མ་དེས་ཡུལ་དེ་དངོས་སུ་རྟོགས་པ་དང་། རྗེས་དཔག་ཚད་མ་དེ་ལ་ཡུལ་དེའི་རྣམ་པ་མ་ཤར་ཡང་། ཡུལ་གཞན་གྱི་རྣམ་པ་ཤར་བའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ། རྗེེས་དཔག་ཚད་མ་དེས་ཡུལ་དེ་ཤུགས་ལ་རྟོགས་པའི་དོན་ཡིན་པའི་ཕྱིར། དཔེར་ན་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མས་སྒྲ་མི་རྟག་པ་དངོས་སུ་རྟོགས་པ་དང་སྒྲ་རྟག་པ་མ་ཡིན་པ་ཤུགས་ལ་རྟོགས་པ་ལྟ་བུའོ། །བཞི་པ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་དབྱེ་བ་ལ་གཉིས། འདུས་བྱས་དང་། འདུས་མ་བྱས་སོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། འདུས་བྱས་ཀྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། གཉིས་པ་དབྱེ་བ་ལ་གསུམ། བེམ་རིག་གཉིས། རྒྱུ་འབྲས་གཉིས། ཞར་ལ་དུས་གསུམ་གྱི་རྣམ་གཞག་གོ །དང་པོ་ལ་གཉིས་ལས། བེམ་པོའི་མཚན་ཉིད། རྡུལ་དུ་གྲུབ་པ། དབྱེ་ན་ཕྱིའི་བེམ་པོ་དང་། ནང་གི་བེམ་པོ་གཉིས་


DLL1004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་བེམ་པོའི་མཚན་ཉིད། ཕྱིའི་རྡུལ་དུ་གྲུབ་པ། དབྱེ་ན། གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ། ནང་གི་བེམ་པོའི་མཚན་ཉིད། ནང་གི་རྡུལ་དུ་གྲུབ་པ། དབྱེ་ན། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་ལྔ། ཡང་བེམ་པོ་ལ་དབྱེ་ན། རགས་པ་དང་། རྡུལ་ཕྲ་རབ་གཉིས། རགས་པའི་མཚན་ཉིད་རང་གི་བདག་ཉིད་དུ་གྱུར་བའི་ཕྱོགས་ཆ་དང་བཅས་པའི་རྡུལ། རགས་པ་རྫས་སུ་མ་གྲུབ་ཀྱང་རགས་པ་ཡིན་ན་རྫས་སུ་གྲུབ་དགོས་ཏེ། རགས་པ་ཡིན་ན་རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་དང་བཅས་པའི་རྡུལ་ཡིན་དགོས་པའི་ཕྱིར་རགས་པ་རྫས་སུ་མ་གྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྔོན་པོ་རགས་པ་རྫས་སུ་མ་གྲུབ་སྟེ། དེ་རྫས་སུ་གྲུབ་ན་དེ་སྔོ་སྣང་དབང་ཤེས་ལ་སྣང་དགོས་པ་གང་ཞིག །དེ་སྔོ་སྣང་དབང་ཤེས་ལ་མི་སྣང་བའི་ཕྱིར། རྟགས་མ་གྲུབ་ན། སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོ་ཆ་བཅས་སུ་སྣང་བར་ཐལ། སྔོན་པོ་རགས་པ་ཡིན་པ་སྣང་བའི་ཕྱིར། འདོད་ན། སྔོན་པོའི་ཆ་དང་ཆ་ཅན་ཐ་དད་དུ་སྣང་བར་ཐལ་ལོ། །འདོད་ན། སྔོན་པོའི་ཆ་དང་ཆ་ཅན་རྫས་ཐ་དད་ཡིན་པར་ཐལ། སྔོན་པོའི་ཆ་དང་ཆ་ཅན་ཐ་དད་དུ་སྣང་བ་གང་ཞིག །ཁྱོད་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། འོ་ན་ཆོས་ཅན། སྔོན་པོས་རང་འདྲའི་རྣམ་པ་དངོས་སུ་མ་གཏད་པར་ཐལ། སྔོན་པོ་རགས་པ་ཡིན་པ་གང་ཞིག །ཁྱོད་ལ་སྔོན་པོར་རགས་པར་མི་སྣང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྔོན་པོ་རགས་པ་ཡིན་པའི་རྣམ་པ་དངོས་སུ་མ་གཏད་ཀྱང་། སྔོན་པོས་སྔོ་སྣང་དབང་ཤེས་ལ་སྔོན་པོའི་རྣམ་པ་གཙོ་བོར་དངོས་སུ་གཏད་པའི་ཕྱིར། ཁ་ཅིག་ན་རེ། རགས་པ་ཡིན་ན་རྫས་སུ་མ་གྲུབ་དགོས་ཏེ། རགས་པ་རྫས་སུ་མ་གྲུབ་པའི་ཕྱིར་ཞེས་ཁས་ལེན་ཞིང་། རྡུལ་ཕྲན་ཡིན་ན་དབང་ཤེས་ཀྱི་ཡུལ་མ་ཡིན་དགོས་ཏེ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར་


DLL1004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །འོ་ན་སྔོན་པོ་ཆོས་ཅན། རྫས་སུ་མ་གྲུབ་པར་ཐལ། རགས་པ་ཡིན་པའི་ཕྱིར། འདོད་ན། དབང་ཤེས་མ་འཁྲུལ་བའི་དངོས་ཡུལ་མིན་པར་ཐལ་ལོ། །རྩ་བའི་རྟགས་མ་གྲུབ་ན། དེར་ཐལ། བེམ་པོ་གང་ཞིག་རྡུལ་ཕྲན་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། དབང་ཤེས་ཀྱི་ཡུལ་མ་ཡིན་པར་ཐལ། རྡུལ་ཕྲན་ཡིན་པའི་ཕྱིར། གཉིས་པ་རྡུལ་ཕྲ་རབ་ཀྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་མེད་པའི་རྡུལ། གཉིས་པ་རིག་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རིག་པའི་མཚན་ཉིད། རང་ཡུལ་སྣང་བའི་བློ། ཁ་ཅིག །རིག་པའི་མཚན་ཉིད། ཡུལ་གྱི་རྣམ་པ་ཤར་བའི་བློ་ཞེས་ཟེར་ཞིང་། རང་རིག་ལ་ཡུལ་གྱི་རྣམ་པ་མི་འཆར་བར་འདོད་པ་ནི་འགལ་བ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས། གཙོ་བོ་སེམས་དང་འཁོར་སེམས་བྱུང་གཉིས། ཚད་མ་དང་ཚད་མིན་གྱི་བློ་གཉིས་སོ། །དང་པོ་ལ་བཞི། མཚན་ཉིད་དང་། དབྱེ་བ་དང་། གཅིག་དང་ཐ་དད་དཔྱད་པ་དང་། སྒྲ་དོན་ནོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ། རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་ན་རེ། སེམས་ཀྱི་མཚན་ཉིད། དོན་གྱི་ངོ་བོ་རིག་པ། སེམས་བྱུང་གི་མཚན་ཉིད། དོན་གྱི་ཁྱད་པར་རིག་པ། དེ་སྐད་དུའང་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་དང་། དེའི་འགྲེལ་པར། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །དེའི་ཁྱད་པར་འཛིན་པ་ནི་སེམས་ལས་བྱུང་བའོ། །ཞེས་དང་། དེའི་འགྲེལ་བཤད་དུ། ཙམ་ཞེས་བྱ་བའི་སྒྲས་ནི་བྱེ་བྲག་སེལ་བའི་ཕྱིར་ཏེ། ངོ་བོ་ཙམ་དམིགས་ཀྱི་ཁྱད་པར་དམིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །དོན་གྱི་ངོ་བོ་དང་ཁྱད་པར་ནི། གཟུགས་འཛིན་དབང་ཤེས་གཙོ་འཁོར་གྱི་གཟུགས་


DLL1004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལྟ་བུ་དཔེར་མཚོན་ན། གཟུགས་ཙམ་དོན་གྱི་ངོ་བོ་ཡིན་ཞིང་། གཟུགས་རིང་ཐུང་དང་མཛེས་མི་མཛེས་དང་སྔོ་སེར་དཀར་དམར་སོགས་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །འོ་ན་དོན་གྱི་ངོ་བོ་དང་ཁྱད་པར་རིག་མི་རིག་གི་དོན་ཅི་ལ་བྱེད། སྣང་མི་སྣང་གི་ཁྱད་པར་རོ་ཞེ་ན་གཟུགས་འཛིན་དབང་ཤེས་གཙོ་འཁོར་ཆོས་ཅན། ཁྱེད་གཉིས་ཀ་ལ་གཟུགས་ཀྱི་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་བར་ཐལ། ཁྱེད་གཉིས་ཀ་གཟུགས་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། མ་ཁྱབ་ན། ཆོས་ཅན། ཁྱེད་གཉིས་དམིགས་རྣམ་མི་མཚུངས་པར་ཐལ། སྒྲུབ་འཇུག་ཡིན་ཡང་གཅིག་ལ་སྣང་བ་ཅིག་ཤོས་ལ་མི་སྣང་བའི་ཕྱིར། འོན་ཏེ་སྣང་མི་སྣང་གི་ཁྱད་པར་མིན་གྱི་ངེས་མ་ངེས་ཀྱི་ཁྱད་པར་ཡིན་ནོ་ཞེ་ན། དེའི་དོན་རང་ཉིད་ཀྱིས་ངེས་མ་ངེས་ལ་བྱེད་དམ། ངེས་ཤེས་འདྲེན་ནུས་མི་ནུས་ལ་བྱེད། དང་པོ་ལྟར་ན། རྟོག་མེད་ཤེས་པ་གཙོ་འཁོར་བཞག་ཏུ་མེད་པར་ཐལ། དེས་རང་ཡུལ་མ་ངེས་པའི་ཕྱིར། གཉིས་པ་ལྟར་ན་ཡང་། མི་འཐད་དེ། གཟུགས་འཛིན་དབང་ཤེས་ཀྱིས་གཟུགས་མཛེས་པ་མཐོང་བའི་ཚེ། གཟུགས་སོ་སྙམ་པའི་ངེས་ཤེས་སེམས་ཀྱིས་བསྐྱེད་ལ་སེམས་བྱུང་གིས་མ་བསྐྱེད་པ་དང་གཟུགས་མཛེས་སོ་སྙམ་པའི་ངེས་ཤེས་སེམས་བྱུང་གིས་བསྐྱེད་པ་སེམས་ཀྱིས་མ་བསྐྱེད་པའི་ཁྱད་པར་མི་འཐད་པའི་ཕྱིར། གཞན་ཡང་། སྣང་ལ་མ་ངེས་པའི་ཤེས་པ་ལ་གཙོ་འཁོར་བཞག་ཏུ་མེད་པར་ཐལ། སེམས་དང་སེམས་བྱུང་ཡིན་ན་དོན་གྱི་ངོ་བོ་དང་ཁྱད་པར་ལ་ངེས་ཤེས་བསྐྱེད་དགོས་པའི་ཕྱིར། ཁ་ཅིག་ན་རེ། སེམས་དང་སེམས་བྱུང་གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་རིག་ཀྱང་མི་འདྲ་བའི་ཁྱད་པར་ནི། སེམས་ཀྱིས་དོན་ངོ་བོ་ལ་རང་སྟོབས་ཀྱིས་ངེས་ཤེས་བསྐྱེད་ཅིང་། དོན་གྱི་ཁྱད་པར་ལ་གྲོགས་སེམས་བྱུང་དང་འགྲོགས་པའི་


DLL1004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་ངེས་ཤེས་བསྐྱེད། སེམས་བྱུང་གིས་དོན་གྱི་ཁྱད་པར་ལ་རང་སྟོབས་ཀྱིས་ངེས་ཤེས་བསྐྱེད་ཅིང་། དོན་གྱི་ངོ་བོ་ལ་སེམས་དང་འགྲོགས་པའི་སྟོབས་ཀྱིས་ངེས་ཤེས་བསྐྱེད་ལ། སེམས་དང་སེམས་བྱུང་རྫས་ཐ་དད་ཡིན་ནོ་ཞེས་ཟེར། འོ་ན་སེམས་ཀྱིས་སེམས་བྱུང་ལ་ཕན་བཏགས་སམ་མ་བཏགས། མ་བཏགས་ན་སེམས་བྱུང་ཆོས་ཅན། དོན་གཞན་སེམས་དང་འགྲོགས་པའི་སྟོབས་ཀྱིས་དོན་གྱི་ངོ་བོ་ལ་ངེས་ཤེས་བསྐྱེད་པ་མ་ཡིན་པར་ཐལ། སེམས་ཀྱིས་ཕན་བཏགས་པའི་ཕྱིར། ཕན་བཏགས་ན་དེ་གཉིས་དུས་མཉམ་མམ་མི་མཉམ། མཉམ་ན། རྟག་དངོས་ཡོད་པར་ཐལ། སེམས་སེམས་བྱུང་གཉིས་དུས་མཉམ་རྫས་གཞན་གང་ཞིག །དེ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་མི་འདྲ་བའི་ཁྱད་པར་བསྐྱེད་པའི་ཕྱིར། དེ་བཞིན་དུ་རྒྱུ་འབྲས་དུས་མཉམ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། རྒྱུ་འབྲས་དུས་མཉམ་ཡོད་པ་འདོད་དེ། སེམས་དང་སེམས་བྱུང་མཚུངས་ལྡན་གྱི་རྒྱུ་འབྲས་དང་། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པར་བཤད་པའི་ཕྱིར་ཞེ་ན། མི་འཐད་དེ། དེ་གཉིས་རྒྱུ་འབྲས་བཏགས་པ་བ་ཡིན་པའི་ཕྱིར། གཉིས་པ་ནི། གཙོ་བོ་སེམས་ཀྱི་མཚན་ཉིད། རང་གི་འཁོར་སེམས་བྱུང་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པར་ལྡན་པ། སེམས་བྱུང་གི་མཚན་ཉིད། རང་གི་གཙོ་བོ་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པ། དེ་སྐད་དུའང་ཕུང་པོ་ལྔ་པར། སེམས་ལས་བྱུང་བའི་ཆོས་རྣམས་ཅི་ཞེ་ན། གང་སེམས་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ་ཞེས་གསུངས་སོ། །མཚུངས་ལྡན་ལྔ་ནི། རྟེན་དང་། དམིགས་པ་


DLL1004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་དང་། དུས་དང་། རྫས་མཚུངས་པའོ། །དེ་ཡང་སེམས་གང་ལ་བརྟེན་པའི་དབང་པོ་དེ་ལ། སེམས་བྱུང་ཡང་བརྟེན་པས་རྟེན་མཚུངས། སེམས་ཀྱིས་གང་ལ་དམིགས་པའི་ཡུལ་དེ་ལ་སེམས་བྱུང་གིས་ཀྱང་དམིགས་པས་དམིགས་པ་མཚུངས། སེམས་སྔོན་པོ་ལྟ་བུའི་རྣམ་པ་ཅན་དུ་སྐྱེས་ན། སེམས་བྱུང་ཡང་སྔོན་པོ་ལྟ་བུའི་རྣམ་པ་ཅན་དུ་སྐྱེས་པས་རྣམ་པ་མཚུངས། སེམས་དང་སེམས་བྱུང་སྐྱེ་གནས་འགག་གསུམ་དུས་གཅིག་པས་དུས་མཚུངས། སེམས་རིགས་མཐུན་རྫས་རེ་རེ་ཡིན་པ་ལྟར། སེམས་བྱུང་ཚོར་བ་ལྟ་བུའང་རྫས་རིགས་མཐུན་རེ་རེ་བ་ཡིན་པས་རྫས་མཚུངས་པ་ཡིན་ནོ། །གལ་ཏེ་སེམས་དང་སེམས་བྱུང་རྣམ་པ་མཚུངས་ན། སློབ་དཔོན་བློ་བརྟན་གྱིས། སེམས་དང་སེམས་ལས་བྱུང་བ་འདི་དག་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱི་མཚུངས་པར་ལྡན་པ་ཡིན་གྱི། རྣམ་པར་ཤེས་པ་དང་ཁྱད་མེད་དུ་ཐལ་བར་འགྱུར་བའི་ཕྱིར། རྣམ་པ་མཚུངས་པས་ནི་མིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་ཁ་ཅིག་ན་རེ། གཉིས་ཀ་ལ་གཉིས་ཀ་སྣང་ཡང་ངོ་བོ་དང་ཁྱད་པར་དུ་སོ་སོར་ཞེན་པའི་ཕྱིར་དང་། སེམས་ཙམ་པ་ལྟར་ན། ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་ཐ་དད་པས་སྐྱོན་མེད་དོ་ཞེས་ཟེར་བ་མི་འཐད་དེ། རྟོག་མེད་ཀྱི་སེམས་སེམས་བྱུང་ལ་སྒྲོ་འདོགས་མེད་པས་ཇི་སྐད་བཤད་པའི་སྐྱོན་སྤོང་མི་ནུས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། གཉིས་ཀས་གཉིས་ཀ་འཛིན་མོད་ཀྱི་སེམས་ཀྱིས་དོན་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་ལ། དོན་གྱི་ཁྱད་པར་གཞན་སེམས་བྱུང་གི་སྟོབས་ཀྱིས་འཛིན་ཅིང་། སེམས་བྱུང་གིས་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་འཛིན་ལ། དོན་གྱི་ངོ་བོ་གཞན་སེམས་ཀྱི་སྟོབས་ཀྱིས་འཛིན་པས། རང་སྟོབས་ཀྱི་རྣམ་པ་མི་མཚུངས་པས་རྣམ་པ་མི་མཚུངས་


DLL1004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་ཡིན་ནོ་ཞེས་ཟེར། དེ་ཡང་མི་འཐད་དེ། རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་དེ་བཀག་ཟིན་པའི་ཕྱིར། བཅོམ་ལྡན་རིགས་པའི་རལ་གྲི་ན་རེ། གཉིས་ཀ་ལ་སྣང་ཡང་རྟོག་པའི་རྣམ་པ་མི་གཅིག་པ་ཡིན་ཏེ། སེམས་ཀྱིས་ཁྱད་པར་མཐོང་ཡང་མ་རྟོགས། སེམས་བྱུང་གིས་ངོ་བོ་མཐོང་ཡང་མ་རྟོགས་པ། སེམས་ཀྱི་ངོ་བོ་རྟོགས་ལ་སེམས་བྱུང་གིས་ཁྱད་པར་རྟོགས་པའི་ཕྱིར། ཞེས་གསུང་ངོ་། །དེའང་མི་འཐད་དེ། སེམས་བྱུང་གིས་དོན་གྱི་ངོ་བོ་མ་རྟོགས་པ་ལ་ཤེས་བྱེད་མེད་པའི་ཕྱིར། རང་ལན་ནི། གཙོ་བོ་གཟུགས་འཛིན་དབང་ཤེས་ལྟ་བུ་བདག་རྐྱེན་མིག་གི་དབང་པོ་ལས་དངོས་སུ་སྐྱེས་ཤིང་གཟུགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་གཟུགས་དམིགས་པ་ཙམ་གྱིས་མཚན་ཉིད་ཡོངས་སུ་རྫོགས་ལ། སེམས་བྱུང་ལ་དེ་ཙམ་གྱིས་མཚན་ཉིད་མི་རྫོགས་ཞེས་པའི་དོན་ཡིན་ཞེས་གསུང་ངོ་། །གལ་ཏེ་སེམས་དང་སེམས་བྱུང་གཉིས་ཀ་ཕན་ཚུན་མཚུངས་ལྡན་ཡིན་ན་གཙོ་འཁོར་དུ་ཇི་ལྟར་འཇོག་ཅེ་ན། སེམས་ལ་རྟེན་ལ་སོགས་པ་རང་དབང་དུ་ཡོད་ཅིང་། སེམས་བྱུང་ལ་རང་དབང་གི་རྟེན་ལ་སོགས་པར་སེམས་ཀྱི་རྟེན་ལ་སོགས་པ་ལ་རག་ལས་པས་སེམས་གཙོ་བོ་དང་སེམས་འཁོར་དུ་བཞག་པ་ཡིན་ནོ། །༦༥༽ སེམས་བཤད་པ། གཉིས་པ་དབྱེ་བ་ལ་གཉིས། སེམས་ཀྱི་དབྱེ་བ་དང་། སེམས་བྱུང་གི་དབྱེ་བའོ། །ཀུན་གཞི་ཁས་མི་ལེན་པ་ལྟར་ན་རྣམ་ཤེས་ཚོགས་དྲུག་གོ །དེ་ལ་མིག་གི་རྣམ་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱེན་མིག་དབང་ལས་དངོས་སུ་སྐྱེས་པའི་གཙོ་བོ་རྣམ་རིག །དེས་རིགས་འགྲེའོ། །ཀུན་གཞི་ཁས་ལེན་ན། རྣམ་ཤེས་ཚོགས་བརྒྱད་ལས། ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཙོ་བོ་རྣམ་རིག་གང་ཞིག །རྣམ་སྨིན་དང་ལས་ཀྱི་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པའི་


DLL1004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་གྱུར་བ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་མཚན་ཉིད། བསྒྲིབས་ལ་ལུང་མ་བསྟན་གྱི་གཙོ་བོ་རྣམ་རིག་གང་ཞིག །ཀུན་གཞི་ལ་དམིགས་ནས་ངར་འཛིན་པ། ཡང་ན་སེམས་བཅུ་གཉིས་ཡོད་དེ། ཁམས་གསུམ་གྱི་དགེ་བའི་སེམས་གསུམ་འདོད་པའི་མི་དགེ་བའི་སེམས་ཁམས་གསུམ་གྱི་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་གསུམ། མ་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་གསུམ། ཟག་མེད་ཀྱི་སེམས་སློབ་མི་གཉིས་སོ། །འོ་ན་སྡེ་བདུན་གྱི་སྐབས་འདིར་ཚོགས་དྲུག་ལས་ངོ་བོ་ཐ་དད་ཀུན་གཞིའི་རྣམ་ཤེས་ཁས་ལེན་ནམ་མི་ལེན་ཞེ་ན། སྤྱིར་སེམས་ཙམ་པ་ལ་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཁས་ལེན་པ་དང་མི་ལེན་པ་གཉིས་ཡོད་པ་ལས། འདིར་ནི་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཁས་མི་ལེན་ཏེ། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་པ་མ་གཏོགས་སྡེ་བདུན་གྱི་སྐབས་འདིར་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཟུར་ཙམ་ཡང་མ་གསུངས་ཤིང་། གཞུང་དེའི་དོན་ཡང་ཀུན་གཞིའི་རྣམ་ཤེས་ལས་ཅིག་ཅར་རྣམ་ཤེས་རིགས་མི་མཐུན་པ་སྐྱེ་བར་ཁས་ལེན་དུ་ཆུག་ན་ཡང་ཞེས་བརྟག་པ་མཐའ་བཟུང་གི་ཚུལ་དུ་བཤད་པའི་ཕྱིར་རོ། །གཉིས་པ་སེམས་བྱུང་ལ་གཉིས། ཀུན་ལས་བཏུས་ནས་བཤད་པ་དང་། མཛོད་ནས་བཤད་པའི་ཚུལ་ལོ། །དང་པོ་ནི། སེམས་བྱུང་ལྔ་བཅུ་རྩ་གཅིག་ཡོད་དེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་ཡོད་པའི་ཕྱིར། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། ཡིད་ལ་བྱེད་པ་དང་། རེག་པ་ལྔ་ནི་ཀུན་འགྲོ་ཡིན་ཏེ། ལྔ་པོ་འདི་དག་གང་རུང་གཅིག་འཁོར་དུ་མ་ཚང་ན། ཡུལ་


DLL1004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལོངས་སྤྱོད་མི་རྫོགས་པས་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། སེམས་པ་དང་ཡིད་ལ་བྱེད་པ་གཉིས་སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་ཏེ། སེམས་པ་མེད་ན་སེམས་ཡུལ་ལ་ཕྱོགས་པ་མེད་ཅིང་། ཡིད་ལ་བྱེད་པ་མེད་ན་དམིགས་པ་བྱེ་བྲག་ལ་སེམས་གཏོད་པ་མེད་པའི་ཕྱིར་ཏེ། མདོ་ལས་ཡིད་ལ་བྱེད་པ་དང་སེམས་པས་མངོན་པར་མ་བསྒྲུབས་ཤིང་། མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་ཇི་ལྟར་འབྱུང་བར་འགྱུར་ཞེས་གསུངས་པས་སོ། །ཚོར་བ་དང་འདུ་ཤེས་གཉིས་སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་ཏེ་ཚོར་བ་མེད་ན་བྱེད་པ་མེད་ཅིང་འདུ་ཤེས་མེད་ན་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པ་མེད་ལ། དེ་གཉིས་མེད་ན་རྣམ་ཤེས་དོན་མེད་དུ་འགྱུར་བའི་ཕྱིར་རོ། །རེག་པ་སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་ཏེ། རེག་པ་མེད་ན་རྟེན་མེད་པས་ཚོར་བ་སོགས་མི་འབྱུང་བའི་ཕྱིར་རོ། །འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལྔ་ནི་ཡུལ་ངེས་ཡིན་ཏེ། ཡུལ་བྱེ་བྲག་ཅན་ཁོ་ན་ལ་འཇུག་པར་ངེས་པའི་ཕྱིར། དེ་ཡང་རང་རང་གི་མཚན་ཉིད་ལ་དཔྱད་པས་ཤེས་སོ། །དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། བཅུ་གཅིག་ནི་དགེ་བ་ཡིན་ཏེ། མ་དད་པ་སོགས་ཀྱི་གཉེན་པོ་དང་ངོ་བོ་དང་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་དགེ་བ་ཡིན་པའི་ཕྱིར། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། ལྟ་བ་སྟེ་དྲུག་ནི་རྩ་ཉོན་ཡིན་ཏེ། སེམས་ཉོན་མོངས་པར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་།


DLL1004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱགས་པ་དང་། རྣམ་འཚེ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་དང་། བརྗེད་ངེས་དང་། ཤེས་བཞིན་མ་ཡིན་པ་དང་། རྣམ་གཡེང་སྟེ། ཉི་ཤུ་ནི་ཉེ་ཉོན་ཡིན་ཏེ། རྩ་ཉོན་གྱི་ཆར་གཏོགས་ཡིན་ཞིང་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར། གཉིད་དང་། འགྱོད་པ་དང་། རྟོག་པ་དང་། དཔྱོད་པ་བཞི་ནི་གཞན་འགྱུར་ཡིན་ཏེ། ཀུན་སློང་དང་མཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་མཛོད་ནས་བཤད་པ་ལ་གཉིས། སྡེ་ཚན་དུ་ངེས་པ་དང་། མ་ངེས་པའི་སེམས་བྱུང་ངོ་། །དང་པོ་ལ་ལྔ། སེམས་ཀྱི་ས་མང་པོ་བ་དང་། དགེ་བའི་ས་མང་པོ་དང་། ཉོན་མོངས་པའི་ས་མང་པོ་དང་། མི་དགེ་བའི་ས་མང་པོ་དང་། ཉོན་མོངས་ཆུང་ངུའི་ས་མང་པོ་པའོ། །དེ་ལ་ཚོར་བ་ལ་སོགས་པ་བཅུ་ནི། སེམས་ཀྱི་ས་མང་པོ་བ་ཡིན་ཏེ། སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར། དད་པ་ལ་སོགས་པ་བཅུ་ནི། དགེ་བའི་ས་མང་པོ་པ་ཡིན་ཏེ། དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ཞིང་། སེམས་གཞན་གྱི་འཁོར་དུ་མི་འབྱུང་བའི་ཕྱིར། རྨོངས་པ་ལ་སོགས་པ་དྲུག་ནི། ཉོན་མོངས་པའི་ས་མང་པོ་བ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ཞིང་། སེམས་གཞན་གྱི་འཁོར་དུ་མི་འབྱུང་བའི་ཕྱིར་རོ། །ཁྲེལ་དང་ངོ་ཚ་མེད་པ་ཆོས་ཅན། མི་དགེ་བའི་ས་མང་པོ་པ་ཡིན་ཏེ། མི་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ཞིང་སེམས་གཞན་གྱི་འཁོར་དུ་མི་འབྱུང་བའི་ཕྱིར། ཁྲོ་བ་ལ་སོགས་པ་བཅུ་ནི་ཉོན་མོངས་ཆུང་ངུའི་ས་པ་ཡིན་ཏེ། མཚུངས་ལྡན་གྲོགས་ཀྱིས་ཆུང་། སྤང་བྱ་རིགས་ཀྱིས་ཆུང་། འབྱུང་ས་རྟེན་གྱིས་ཆུང་བའི་ཕྱིར། དེ་སྐད་དུའང་། མཛོད་ལས། ཚོར་དང་སེམས་པ་འདུ་


DLL1004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའི་ཁྲོ་བ་དང་། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་བཤད་དོ། །སྡེ་ཚན་དུ་མ་ངེས་པ་ནི། དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་བཤད་པ་ལྟར། བརྒྱད་པོ་འདི་སྡེ་ཚན་དུ་མ་ངེས་པ་ཡིན་ཏེ། སྡེ་ཚན་ལྔ་པོ་གང་རུང་དུ་མ་ངེས་པའི་སེམས་བྱུང་ཡིན་པའི་ཕྱིར། འོ་ན་སེམས་བྱུང་འདི་དག་ལས་རྫས་ཡོད་ནི་དུ་བཏགས་ཡོད་ནི་དུ་ཞེ་ན། སྤྱིར་རྫས་ཡོད་ལ། རང་རྐྱ་ཐུབ་པ་དང་། དོན་བྱེད་ནུས་པ་དང་། རིགས་པས་གྲུབ་པ་དང་། བརྟན་པ་བཞི་ལས་འདིར་ནི་དངོས་པོ་ཡིན་གྱི་བར་པ་གཉིས་མ་ཡིན་ཏེ། སེམས་བྱུང་ཐམས་ཅད་དོན་བྱེད་ནུས་པ་དང་རིགས་པས་གྲུབ་པའི་ཕྱིར། བཞི་པའང་མ་ཡིན་ཏེ། ཀུན་གཞི་ཁས་ལེན་པ་ལྟར་ན། ཉོན་ཡིད་ཀྱི་འཁོར་དུ་འབྱུང་བའི་འཇིག་ལྟའང་བརྟན་པ་ཡིན་པས་རྫས་ཡོད་ཐལ་བའི་ཕྱིར་རོ། །བཏགས་ཡོད་ལའང་ཆ་ལ་བཏགས་པ་དང་། གནས་སྐབས་ལ་བཏགས་པ་དང་། མེད་བཞིན་དུ་བཏགས་པ་དང་། དེ་ལས་གཞན་པའི་བཏགས་ཡོད་བཞི་ལས། དང་པོ་ཡིན་གྱི་གཞན་རྣམས་མ་ཡིན་ཏེ། གནས་སྐབས་རྣམ་པར་འགྱུར་བ་ལ་བཏགས་པ་


DLL1004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མེད་བཞིན་དུ་བློས་བཏགས་པ་དང་། རྣམ་འཇོག་གཞན་ལ་བརྟེན་ནས་རྟོགས་བྱ་མ་ཡིན་པའི་ཕྱིར། དེས་ན་ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་དང་། གཏི་མུག་མེད་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་མ་གཏོགས་པའི་དགེ་བ་བདུན་དང་། ལྟ་བ་མ་གཏོགས་པའི་རྩ་ཉོན་ལྔ་སྟེ། ཉི་ཤུ་རྩ་གཉིས་ནི་རྫས་ཡོད་དང་ལྷག་མ་རྣམས་ནི་བཏགས་ཡོད་ཡིན་ནོ། །གསུམ་པ་ནི། འོ་ན་སེམས་དང་སེམས་བྱུང་འདི་དག་རྫས་གཅིག་གམ་ཐ་དད་ཅེ་ན། ཁ་ཅིག་ན་རེ། རྫས་ཐ་དད་ཡིན་ཏེ། གལ་ཏེ་རྫས་གཅིག་ཡིན་ན། ཕུང་པོ་ལྔ་མི་འཐད་པར་ཐལ། ཚོར་བ་དང་འདུ་ཤེས་དང་མཚུངས་ལྡན་གྱི་འདུ་བྱེད་རྣམས་རྣམ་པར་ཤེས་པ་ལས་རྫས་ཐ་དད་མ་ཡིན་པའི་ཕྱིར། དེ་སྐད་དུའང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་སེམས་ཙམ་པ་ལྟར་ན། ཕུང་པོ་ལྔ་མི་འཐད་པར་ཐལ། གཟུགས་དང་རྣམ་ཤེས་རྫས་ཐ་དད་མ་ཡིན་པའི་ཕྱིར་ཁྱབ་པ་ཁས། རྟགས་མ་གྲུབ་ན། ཕྱི་རོལ་གྱི་དོན་གྲུབ་པར་ཐལ། གཟུགས་དང་རྣམ་ཤེས་རྫས་ཐ་དད་ཡིན་པའི་ཕྱིར། མདོ་སེམས་གཉིས་ཀའི་ལུགས་ལ་ཕུང་པོ་ལྔ་མི་འཐད་པར་ཐལ་ལོ། །ཕུང་པོ་གཞན་རྣམས་དང་ལྡན་མིན་འདུ་བྱེད་རྫས་ཐ་དད་མ་ཡིན་པའི་ཕྱིར། འོ་ན་བསྡུ་བའི་ལུང་དེའི་དོན་ཅི་ཞེ་ན། སེམས་དང་སེམས་བྱུང་རྫས་གཅིག་པ་ལ་སྐྱོན་བརྗོད་པ་མིན་གྱི། སེམས་བྱུང་མེད་པར་སེམས་ཙམ་ཞིག་རྫས་སུ་གྲུབ་པར་འདོད་པ་བཀག་པ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པར་བསྡུ་བ་ལས། དགེ་སྦྱོར་འམ་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ། སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་


DLL1004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འཐད་དེ། དེ་ཅིའི་ཕྱིར་ཞེ་ན། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་ལ། དེའི་དོན་ཕུང་པོ་ལྔ་མི་འཐད་པར་ཐལ། ཚོར་བ་དང་འདུ་ཤེས་དང་མཚུངས་ལྡན་གྱི་འདུ་བྱེད་ཀྱི་ཕུང་པོ་རྣམས་རྫས་སུ་མ་གྲུབ་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། སེམས་ཀྱི་གནས་སྐབས་ལ་ཕུང་པོ་ལྔ་འཇོག་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། སེམས་ཀྱི་གནས་སྐབས་ལ་བཏགས་པའི་ཚོར་བ་ལ་སོགས་པ་དོན་བྱེད་ནུས་པ་ཡིན་ན། སེམས་བྱུང་རྫས་སུ་གྲུབ་པ་ཡིན་ལ། དོན་བྱེད་མི་ནུས་ན་ཕུང་པོ་ལྔ་མི་འཐད་པའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་། སེམས་ཀྱི་གནས་ལ་ཕུང་པོ་ལྔ་འཇོག་པ་མི་འཐད་པར་ཐལ། དེ་ལྟར་འཇོག་པའི་བྱེད་རྒྱུའི་བྱེ་བྲག་མེད་པའི་ཕྱིར། གཞན་ཡང་ལུང་ལས་སེམས་འདོད་ཆགས་དང་བཅས་པ་ཞེས་གསུངས་པ་མི་འཐད་པར་ཐལ། སེམས་བྱུང་རྫས་སུ་མ་གྲུབ་པའི་ཕྱིར་ཞེས་པའི་དོན་ནོ། ཁ་ཅིག་ན་རེ། སེམས་དང་སེམས་བྱུང་རྫས་ཐ་དད་ཡིན་ཏེ། །གཅིག་ཚེ་གསལ་བས་བསྒྲིབས་ན་ཡང་། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དེས་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་པོ་ཐ་དད་དུ་བསྟན་པ་ཡིན་གྱི། སེམས་དང་སེམས་བྱུང་རྫས་ཐ་དད་དུ་བསྟན་པ་མ་ཡིན་ཏེ། འདིའི་འགྲེལ་བར། ཉི་མ་སྦས་པས། སེམས་ལས་བྱུང་བ་ནི་སེམས་ལས་ཐ་དད་པར་བསྟན་པ་མ་ཡིན་ཏེ། སེམས་ལས་སེམས་བྱུང་གཞན་མ་ཡིན་ཞེས་བརྗོད་པའི་ཕྱིར། ཞེས་དང་། རྒྱན་གྱི་འགྲེལ་བར་ཡང་དེ་ལྟར་གསུངས་པའི་ཕྱིར་རོ། །


DLL1004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་ཡིན་ན། །སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་པོ་དེ་རྫས་ཐ་དད་ཡིན་པར་ཐལ། སེམས་དང་སེམས་བྱུང་རྫས་ཐ་དད་ཡིན་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། སྐྱེས་བུ་གཅིག་གི་རྒྱུད་ལ་རྟོག་པ་རྫས་ཐ་དད་པ་དྲུག་ཅིག་ཅར་དུ་སྐྱེ་བ་ཡོད་པར་ཐལ། དེའི་རྒྱུད་ལ་ཡོད་པའི་གཙོ་བོ་རྣམ་པར་རྟོག་པ་དང་། དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཡང་རྫས་ཐ་དད།དེའི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་ཡང་རྫས་ཐ་དད་པའི་ཕྱིར། འདོད་མི་ནུས་ཏེ། སྣང་རུང་མ་དམིགས་པས་ཁེགས་པའི་ཕྱིར་དང་། རྟོག་གཉིས་ཅིག་ཅར་མཐོང་བ་མེད་པའི་རིགས་པས་གནོད་པའི་ཕྱིར་རོ། །གལ་ཏེ་རྟོག་གཉིས་ཅིག་ཅར་མཐོང་བ་མེད་པའི་རིགས་པས་རིགས་མཐུན་གྱི་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཅར་མི་སྐྱེ་བར་བསྟན་པ་ཡིན་གྱི། རིགས་མི་མཐུན་གྱི་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཅར་མི་སྐྱེ་བར་མ་བསྟན་ཏོ་ཞེ་ན། འོ་ན་རིགས་མཐུན་རིགས་མི་མཐུན་གྱི་དོན་དེ་རྣམ་ཤེས་ཚོགས་དྲུག་ཏུ་གྲངས་ངེས་པའི་ཡ་གྱལ་དུ་མཚུངས་པ་དང་མི་མཚུངས་པ་ལ་བྱེད་དམ། ཡུལ་འདྲ་བ་དང་མི་འདྲ་བ་ལ་བྱེད། དང་པོ་ལྟར་ན། རྟོག་པ་རྫས་ཐ་དད་གཉིས་ཅིག་ཅར་མི་སྐྱེ་བར་ཐལ། ཡིད་ཤེས་རྫས་ཐ་དད་པ་གཉིས་གཅིག་ཅར་མི་སྐྱེ་བ་གང་ཞིག །རྟོག་པ་ཡིན་ན་ཡིད་ཀྱི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་བསལ་ཁས། གཉིས་པ་ལྟར་ན། རིགས་པ་ཅན་པས་འདི་ནི་གཟུགས་འཛིན་པའོ་སྙམ་པའི་རྟོག་པ་དང་། འདི་ནི་གཟུགས་སོ་སྙམ་པའི་རྟོག་པ་གཉིས་ཅིག་ཅར་སྐྱེ་བར་ཁས་བླངས་པ་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་རྟོག་པ་གཉིས་ཅིག་ཅར་མཐོང་བ་མེད་པའི་རིགས་པས་གནོད་བྱེད་བསྟན་པའི་མི་འཐད་པར་ཐལ། དེ་ལྟ་བུའི་རྟོག་པ་གཉིས་པོ་དེ་ཡུལ་མི་འདྲ་བའི་ཕྱིར། ཁྱབ་པ་ཁས། གཞན་ཡང་


DLL1004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་གཅིག་གི་རྒྱུད་ལ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཆར་སྐྱེ་ན། དེ་རྣམས་རིགས་མཐུན་པ་ཉིད་ལ། །ནུས་པ་ངེས་པར་འགྱུར་བ་ཡིན། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། ཞེས་གསུངས་པ་ཇི་ལྟར་གྲང་གལ་ཏེ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཅར་མི་སྐྱེ་བའི་དོན་མིན་གྱི། གཙོ་བོར་རིགས་མཐུན་གྱི་རྟོག་པ་སྔ་མ་རེ་རེ་ཁོ་ན་ལས་ཕྱི་མ་རེ་རེ་ཁོ་ན་སྐྱེ་བར་ངེས་པས། གཙོ་བོ་རིགས་མཐུན་གྱི་རྟོག་པ་རྣམས་རིམ་གྱིས་འབྱུང་བར་རྟོགས་ཀྱི་ཅིག་ཅར་སྐྱེ་བ་མ་མཐོང་བའི་ཕྱིར། ཞེས་ཟེར་ན། འོ་ན་རིགས་མཐུན་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཅར་མི་སྐྱེ་བར་ཐལ། རིགས་མཐུན་གྱི་རྟོག་པ་རྫས་ཐ་དད་པ་རྣམས་རིམ་གྱིས་འབྱུང་གི་ཅིག་ཅར་སྐྱེ་བ་མ་མཐོང་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྐྱེས་བུ་གཅིག་གི་རྒྱུད་ལ་གཙོ་བོ་རྟོག་པ་གཅིག་གི་འཁོར་སེམས་བྱུང་ཀུན་འགྲོ་རྫས་ཐ་དད་པ་ལྔ་ཅིག་ཅར་དུ་སྐྱེ་བ་འགལ་ལོ། །གཞན་ཡང་། གཙོ་འཁོར་གྱི་རྟོག་པ་རྫས་ཐ་དད་པ་ལྔ་ཅིག་ཅར་སྐྱེ་བ་མངོན་སུམ་གྱིས་དམིགས་རུང་ཡིན་ནམ་མིན། མ་ཡིན་ན། དེ་འདྲ་ཅིག་ཅར་མི་སྐྱེ་བར་འགྱུར་ལ། ཡིན་ན། དེ་འདྲ་ཅིག་ཅར་མི་སྐྱེ་བར་ཐལ། དེ་མངོན་སུམ་གྱིས་དམིགས་རུང་མ་དམིགས་པའི་ཕྱིར། དེས་ན་རང་ལུགས་ལ། སྐྱེས་བུ་གཅིག་གི་རྒྱུད་ལ་ཡོད་པའི་གཙོ་བོ་རྣམ་པར་རྟོག་པ་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ལ། དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ནོ། །བཞི་པ་སྒྲ་དོན་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་ཅི་ཉ་གསོག་པ་ལའོ་ཞེས་འབྱུང་བས། དགེ་མི་དགེའི་བག་ཆགས་


DLL1004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་པའི་དོན་གྱིས་ན་སེམས་དང་། ཡུལ་ཤེས་པས་ན་ཡིད་དང་། ཡུལ་སོ་སོར་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །སེམས་ལ་བརྟེན་ནས་འཕྲལ་ལ་འབྱུང་བས་ན་སེམས་བྱུང་ངོ་། །འོ་ན་སེམས་བྱུང་དེ་སེམས་དང་དུས་མཉམ་མ་ཡིན་པར་ཐལ། སེམས་ལ་བརྟེན་ནས་བྱུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། རང་དང་དུས་མཉམ་པའི་སེམས་ལས་བྱུང་བ་མིན་གྱི། སེམས་སྔ་མ་ལས་བྱུང་བས་སེམས་བྱུང་ཞེས་བརྗོད་པ་ཡིན་ཏེ། དཔེར་ན། ཚོར་བ་དང་རེག་པ་དུས་མཉམ་ཡིན་ཡང་། ཚོར་བ་དེ་རེག་པ་སྔ་མ་ལས་བྱུང་བའི་ཕྱིར། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ཚད་མ་དང་ཚད་མིན་གྱི་བློ་གཉིས་སུ་དབྱེ་བ་ལ། ཚད་མ་ནི་སྔར་བཤད་ཟིན་ལ། ཚད་མིན་གྱི་བློའི་མཚན་ཉིད། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བ་མ་ཡིན་པའི་ཤེས་པ། དབྱེ་ན་ལྔ། མ་རྟོགས་པའི་བློ་དང་། ལོག་ཤེས་དང་། ཐེ་ཚོམ་དང་། བཅད་ཤེས་དང་། ཡིད་དཔྱོད་དོ། །མ་རྟོགས་པའི་བློའི་མཚན་ཉིད། རང་ཡུལ་སྣང་ཡང་དེ་ལ་ངེས་ཤེས་དོན་མཐུན་འདྲེན་མི་ནུས་པའི་ཤེས་པ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དང་། སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུའོ། །སྒྲ་འཛིན་མངོན་སུམ་ལྟ་བུ་སྒྲ་མི་རྟག་པ་ལ་སྣང་ལ་མ་རྟོགས་པའི་བློ་ཡིན་ལ། སྤྱིར་སྣང་ལ་མ་རྟོགས་པའི་བློ་མ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རོ། །ལོག་ཤེས་ཀྱི་མཚན་ཉིད། རང་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ། དབྱེ་ན་གཉིས། རྟོག་པ་ལོག་ཤེས་དང་། རྟོག་མེད་ལོག་ཤེས་གཉིས་སོ། །དང་པོའི་མཚན་ཉིད། རང་ཡུལ་ཕྱིན་ཅི་ལོག་ཏུ་ཞེན་པའི་བློ། དཔེར་ན་སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། རང་ཡུལ་ཕྱིན་ཅི་ལོག་ཏུ་གསལ་བར་སྣང་བའི་བློ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །ཐེ་ཚོམ་གྱི་མཚན་ཉིད། རང་ཡུལ་ལ་མཐའ་གཉིས་སུ་


DLL1004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དྭོགས་པའི་བློ།དབྱེ་ན་གཉིས། ཤས་ཆེར་འཛིན་པ་དང་། ཆ་མཉམ་དུ་འཛིན་པའི་ཐེ་ཚོམ་མོ། །དང་པོ་ལ་ཡང་། ཕལ་ཆེར་སྒྲ་མི་རྟག་ལས་ཆེ་སྙམ་དུ་འཛིན་པའི་བློ་ལྟ་བུ་དོན་འགྱུར་གྱི་ཐེ་ཚོམ་དང་། ཕལ་ཆེར་སྒྲ་རྟག་ལས་ཆེ་སྙམ་དུ་འཛིན་པའི་བློ་ལྟ་བུ་དོན་མི་འགྱུར་གྱི་ཐེ་ཚོམ་གཉིས་སོ། །ཆ་མཉམ་དུ་འཛིན་པའི་ཐེ་ཚོམ་ནི། སྒྲ་རྟག་གམ་མི་རྟག་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །བཅད་ཤེས་ཀྱི་མཚན་ཉིད། རང་གི་ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་འཛིན་པའི་བློ། དཔེར་ན་སྔོ་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་ཤེས་པ་ལྟ་བུའོ། །ཡིད་དཔྱོད་ཀྱི་མཚན་ཉིད། རྟགས་ཡང་དག་ལ་མ་བརྟེན་པར་སྔར་མ་རྟོགས་པའི་ལྐོག་གྱུར་འཛིན་པའི་བློ། དཔེར་ན་ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་རྒྱུ་འབྲས་ལ་གཉིས། དང་པོ་རྒྱུའི་མཚན་ཉིད། རང་འབྲས་སྐྱེ་བྱེད། དབྱེ་ན་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས། ཆོས་དེའི་དངོས་རྒྱུའི་མཚན་ཉིད། ཆོས་དེ་དངོས་སུ་སྐྱེ་བྱེད། ཆོས་དེའི་བརྒྱུད་རྒྱུའི་མཚན་ཉིད། ཆོས་དེ་བརྒྱུད་ནས་སྐྱེ་བྱེད། ཡང་རྒྱུ་ལ་དབྱེ་ན། ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་གཉིས། ཆོས་དེའི་ཉེར་ལེན་གྱི་མཚན་ཉིད། ཆོས་དེའི་རང་བཞིན་དང་གནས་སྐབས་གཉིས་ཀྱི་ནང་ནས་རང་བཞིན་གྱི་རྫས་ལ་གཙོ་བོར་ཕན་འདོགས་བྱེད། དཔེར་ན། མིག་དབང་སྐད་ཅིག་དང་པོ་དེ་མིག་དབང་སྐད་ཅིག་གཉིས་པའི་ཉེར་ལེན་ཡིན་པ་ལྟ་བུའོ། །འོ་ན་ཚེ་ཕྱི་མའི་མིག་དབང་སྐད་ཅིག་དང་པོ་དེའི་ཉེར་ལེན་གྱི་རྒྱུ་གང་ཡིན་ཞེ་ན། ཚེ་འདིའི་མིག་དབང་སྐད་ཅིག་ཐ་མ་དེ་ཉིད་ཡིན་ཏེ། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་གསུངས་པ་ལྟར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ། འདོད་ཁམས་ནས་གཟུགས་མེད་ཁམས་སུ་སྐྱེས་དེ་ནས་འདོད་ཁམས་


DLL1004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེས་མ་ཐག་པའི་དབང་པོ་གཟུགས་ཅན་པ་དེ་ལ་དངོས་ཀྱི་ཉེར་ལེན་ཡོད་དམ་མེད། མེད་ན། དེ་ལ་ལྷན་ཅིག་བྱེད་རྐྱེན་མེད་པར་ཐལ། དེ་ལ་ཉེར་ལེན་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། ཉེར་ལེན་གྱི་རྒྱུས་འབྲས་བུ་སྐྱེད་པའི་གྲོགས་དེ་ཉིད་ལ་ལྷན་ཅིག་བྱེད་རྐྱེན་དུ་བརྗོད་པ་ཡིན་པའི་ཕྱིར། འདོད་ན། དེ་ལ་རྒྱུ་མེད་པར་ཐལ། དེ་ལ་ཉེར་ལེན་ཡང་མེད། ལྷན་ཅིག་བྱེད་རྐྱེན་ཡང་མེད་པའི་ཕྱིར། འདོད་ན། དེ་རྟག་ཏུ་ཡོད་པའང་མེད་པར་འགྱུར་བར་ཐལ། རྒྱུ་མེད་དུ་འབྱུང་བའི་ཕྱིར། དེས་ན། དེ་ལ་དངོས་ཀྱི་ཉེར་ལེན་ཡོད་དེ། དེ་དངོས་པོ་ཡིན་པའི་ཕྱིར། གཟུགས་མེད་ཁམས་ནས་འཆི་ཁ་མའི་སེམས་དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་ནོ་ཞེ་ན། མི་འཐད་དེ། བེམ་རིག་ཕན་ཚུན་ཉེར་ལེན་བྱེད་པ་མི་འཐད་པའི་ཕྱིར་ཏེ། གང་གི་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་འབྱུང་བའི་ཕྱིར་རོ། །གཟུགས་མེད་ཁམས་ནས་འཆི་ཁ་མའི་དབང་པོ་གཟུགས་ཅན་པ་དེས་དེའི་ཉེར་ལེན་བྱེད་དོ་ཞེ་ན། དེ་ཡང་མི་འཐད་དེ། གཟུགས་མེད་ཁམས་ན་དབང་པོ་གཟུགས་ཅན་པ་མེད་པའི་ཕྱིར་ཏེ། གཟུགས་མེད་ཁམས་ན་གཟུགས་མེད་པའི་ཕྱིར་རོ། །གལ་ཏེ་འདོད་ཁམས་ནས་འཆི་ཁའི་དབང་པོ་གཟུགས་ཅན་པ་དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་ནོ་ཞེ་ན། འདོད་ཁམས་ནས་གཟུགས་མེད་དང་དེ་ནས་འདོད་ཁམས་སུ་སྐྱེ་འགྱུར་གྱི་འདོད་པའི་སྐྱེས་བུ་འཆི་ཁ་མ་དེ་ཆོས་ཅན། ཁྱོད་ཤི་མ་ཐག་འདོད་ཁམས་སུ་སྐྱེ་བར་ཐལ། ཁྱོད་ཀྱི་དབང་པོ་གཟུགས་ཅན་པ་དེས་ཕྱི་མའི་འདོད་པའི་དབང་པོ་གཟུགས་ཅན་པ་དེའི་དངོས་ཀྱི་ཉེར་ལེན་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཤི་མ་ཐག་འདོད་ཁམས་དང་གཟུགས་མེད་ཁམས་སུ་ཅིག་ཅར་དུ་སྐྱེ་བར་ཐལ། རྟགས་དེ་གང་ཞིག །ཁྱོད་ཤི་མ་ཐག་གཟུགས་མེད་ཁམས་སུ་སྐྱེ་བའི་ཕྱིར།


DLL1004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཤི་མ་ཐག་འདོད་པའི་ཁམས་སུ་སྐྱེ་བའི་སྐྱོན་མེད། སྔར་གྱི་དབང་པོ་གཟུགས་ཅན་ཐ་མ་དེས། ཕྱིས་ཀྱི་འདོད་པའི་དབང་པོ་གཟུགས་ཅན་དང་པོ་དེ་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་གཟུགས་མེད་ནས་འཆི་ཁ་མའི་སེམས་དེ་སྔར་མེད་པའི་ཕྱིར་ཞེ་ན། འོ་ན་སྔར་གྱི་དབང་པོ་གཟུགས་ཅན་ཐ་མ་དེ་གཟུགས་མེད་ནས་འཆི་ཁའི་སེམས་སྐྱེས་ཀྱི་བར་དུ་གནས་སམ་དེའི་སྔར་འགགས།དང་པོ་ལྟར་ན། སྔར་གྱི་འདོད་པའི་དབང་པོ་གཟུགས་ཅན་ཐ་མ་དེ་རྟག་དངོས་སུ་ཐལ་ལོ། །གཉིས་པ་ལྟར་ན། ཕྱིས་ཀྱི་འདོད་པའི་དབང་པོ་གཟུགས་ཅན་དང་པོ་དེ་ཆོས་ཅན། སྔར་གྱི་འདོད་པའི་དབང་པོ་གཟུགས་ཅན་ཐ་མ་དེ་ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་མིན་པར་ཐལ། དེ་ཁྱོད་ཀྱི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་སྐྱེས་པའི་ཚེ་འགགས་པའི་ཕྱིར། དབང་པོ་གཟུགས་ཅན་སྔ་ཕྱི་དེ་གཉིས་ཀྱི་བར་དུ་རིགས་མི་མཐུན་གྱི་ཆོད་ཀྱང་རིགས་མཐུན་གྱིས་མ་ཆོད་པས་དངོས་ཀྱི་ཉེར་ལེན་ཡིན་ནོ་ཞེ་ན། དེ་མི་འཐད་དེ། དེ་ལ་སྔར་བཤད་པའི་གནོད་བྱེད་སྤོང་བར་མི་ནུས་པའི་ཕྱིར། རང་གི་ལུགས་ནི། སྔར་འདོད་པ་ནས་འཆི་འཕོ་བའི་ཚེ་སེམས་ཀྱི་སྟེང་དུ་དབང་པོ་གཟུགས་ཅན་པའི་བག་ཆགས་བཞག་པའི་སྟོབས་ཀྱིས་གཟུགས་མེད་ཀྱི་སེམས་ཀྱི་སྟེང་ན་ཡོད་པའི་དབང་པོ་གཟུགས་ཅན་པའི་བག་ཆགས་དེ་ཉིད། ཕྱིས་འདོད་པའི་ཁམས་སུ་སྐྱེས་པའི་དབང་པོ་གཟུགས་ཅན་དང་པོ་དེའི་ཉེར་ལེན་ནི་ཡིན་ནོ། །འོ་ན་གཟུགས་མེད་ཀྱི་སེམས་ཀྱི་སྟེང་ན་ཡོད་པའི་དབང་པོ་གཟུགས་ཅན་པའི་བག་ཆགས་དེ་བེམ་པོ་ཡིན་ནམ། རིག་པ་ཡིན་ནམ། དེ་གཉིས་ཀ་མ་ཡིན། དང་པོ་ལྟར་ན། གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ་ལོ། །གཉིས་པ་ལྟར་ན། གང་གི་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། ཞེས་གསུངས་པ་དང་འགལ་ལོ། །


DLL1004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལྟར་ན། དེ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། བེམ་པོ་ཡང་མ་ཡིན། རིག་པ་ཡང་མ་ཡིན་པའི་ཕྱིར། རྟགས་བསལ་ཁས། ཁྱབ་སྟེ། དངོས་པོ་ལ་བེམ་པོ་དང་རིག་པ་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེ་ན། སྐྱེས་བུ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། བེམ་པོ་ཡང་མ་ཡིན། རིག་པ་ཡང་མ་ཡིན་པའི་ཕྱིར། དེས་ན་དབང་པོ་གཟུགས་ཅན་པའི་བག་ཆགས་དེ་དངོས་པོ་ཡིན་ཡང་བེམ་རིག་གང་དུ་ཡང་ཁས་མི་ལེན་གྱི་ལྡན་མིན་འདུ་བྱེད་དུ་ཁས་ལེན་པ་ཡིན་ནོ། །འོ་ན་གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ། དེ་ན་གཟུགས་ཀྱི་ས་བོན་ཡོད་པའི་ཕྱིར་ཞེ་ན། འོ་ན་གཟུགས་མེད་ཁམས་ན་མི་དགེ་བ་ཡོད་པར་ཐལ། དེ་ན་མི་དགེ་བའི་ས་བོན་ཡོད་པའི་ཕྱིར། ཆོས་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། ཆོས་དེའི་རང་བཞིན་དང་གནས་སྐབས་གཉིས་ཀྱི་ནང་ནས་གནས་སྐབས་ཀྱི་རྫས་ལ་གཙོ་བོར་ཕན་འདོགས་བྱེད། དཔེར་ན་མིག་གི་དབང་པོ་དེ་གཟུགས་འཛིན་དབང་ཤེས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པ་ལྟ་བུའོ། །གཉིས་པ་འབྲས་བུའི་མཚན་ཉིད། རང་རྒྱུས་ཕན་གདགས་པར་བྱ་བ། དབྱེ་ན། དངོས་འབྲས་དང་བརྒྱུད་འབྲས་གཉིས། ཆོས་དེའི་དངོས་འབྲས་ཀྱི་མཚན་ཉིད། ཆོས་དེས་དངོས་སུ་ཕན་གདགས་པར་བྱ་བ། དཔེར་ན། དུ་བ་མེའི་དངོས་འབྲས་ཡིན་པ་ལྟ་བུའོ། །ཆོས་དེའི་བརྒྱུད་འབྲས་ཀྱི་མཚན་ཉིད། ཆོས་དེས་བརྒྱུད་ནས་ཕན་གདགས་པར་བྱ་བ། དཔེར་ན། དུ་བ་དེ་བུད་ཤིང་གི་བརྒྱུད་འབྲས་ཡིན་པ་ལྟ་བུའོ། ། ༦༨༽ དུས་གསུམ་རྣམ་གཞག་བཤད་པ། གསུམ་པ་ཞར་ལ་དུས་གསུམ་གྱི་རྣམ་གཞག་ལ་གཉིས། བྱེ་བྲག་སྨྲ་བའི་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ལ་གཉིས། དུས་གསུམ་རྫས་སུ་ཡོད་པར་བསྒྲུབ་པ། དུས་གསུམ་གྱི་འཇོག་ཚུལ་ལོ། །དང་པོ་ནི། འདས་མ་འོངས་ད་ལྟ་རྫས་


DLL1004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོད་དམ་མེད། མེད་ན། ད་ལྟ་ལྡན་པར་འགལ་ལ། ཡོད་ན། རྟག་པར་འགྱུར་རོ་ཞེ་ན། ད་ལྟ་རྫས་སུ་ཡོད་ཀྱང་རྟག་པར་མི་འགྱུར་ཏེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་དང་ལྡན་པའི་ཕྱིར། འོ་ན་འདས་མ་འོངས་ད་ལྟ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན། འདས་མ་འོངས་ད་ལྟ་རྫས་སུ་ཡོད་དེ། མདོ་ལས་གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །གལ་ཏེ་མ་འོངས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཡང་དེ་གཉིས་ད་ལྟ་རྫས་སུ་ཡོད་དེ། རྣམ་པར་ཤེས་པ་རྣམས་ཡུལ་དང་དབང་པོ་གཉིས་ལ་བརྟེན་ནས་སྐྱེ་བར་གསུངས་ཤིང་། འདས་མ་འོངས་ད་ལྟ་རྫས་སུ་མེད་ན་དེ་ལ་དམིགས་པའི་རྣམ་ཤེས་དེ་གཉིས་བརྟེན་ནས་སྐྱེ་བ་མི་འཐད་པའི་ཕྱིར། གཉིས་ལ་བརྟེན་ནས་སྐྱེ་བར་ཇི་ལྟར་གསུངས་ཤེ་ན། མདོ་ལས་རྣམ་པར་ཤེས་པ་གཉིས་ལ་བརྟེན་ནས་སྐྱེའོ། །གཉིས་པོ་གང་ཞེ་ན། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་ཞེས་གསུངས་སོ། །ཡང་དེ་ཡོད་དེ། འདས་མ་འོངས་པ་དམིགས་པའི་རྣམ་ཤེས་ད་ལྟར་བ་ཡང་ཡུལ་ཡོད་པའི་ཕྱིར། རྟགས་


DLL1004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་ན། འདས་མ་འོངས་ལ་དམིགས་པའི་རྣམ་ཤེས་དེ་རྣམ་ཤེས་མ་ཡིན་པར་ལ། དེ་ལ་ཤེས་བྱ་མེད་པའི་ཕྱིར། ཡང་འདས་པ་རྫས་སུ་ཡོད་དེ། དགེ་མི་དགེའི་ལས་འདས་ནས་ཡུན་རིང་དུ་ལོན་པ་ལས་ད་ལྟ་འབྲས་བུ་འབྱུང་བ་ཡོད་པའི་ཕྱིར། དེས་ན་དུས་གསུམ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་གྱི། ད་ལྟར་བ་དང་འདས་པ་འབྲས་བུ་ཕྱུང་མ་ཟིན་པ་ཅུང་ཟད་ཅིག་རྫས་སུ་ཡོད་ལ། འདས་པ་འབྲས་བུ་ཕྱུང་ཟིན་པ་དང་མ་འོངས་པ་རྫས་སུ་མེད་པར་སྨྲ་བ་དེ་དག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་གྱི་ཐམས་ཅད་ཡོད་པར་སྨྲ་བ་ནི་མ་ཡིན་ནོ། །གཉིས་པ་ནི། ཐམས་ཅད་ཡོད་པར་སྨྲ་བ་དུ་ཞིག་ཡོད་ཅེ་ན། རྣམ་པ་བཞི་སྟེ། དངོས་པོ་གཞན་དུ་འགྱུར་བ་དང་། མཚན་ཉིད་གཞན་དུ་འགྱུར་བ་དང་། གནས་སྐབས་གཞན་དུ་འགྱུར་བ་དང་། གཞན་དང་གཞན་དུ་འགྱུར་བར་སྨྲ་བའོ། །དང་པོ་ནི་བཙུན་པ་ཆོས་སྐྱོབ་ཡིན་ཏེ། དེའི་ལུགས་ལ་མྱུ་གུ་ལྟ་བུ་ཞིག་མ་འོངས་པ་ནས་ད་ལྟར་བ་དང་། ད་ལྟར་བ་ནས་འདས་པར་འཇུག་པའི་ཚེ། དངོས་པོ་གཞན་དུ་འགྱུར་བ་ཡིན་གྱི་རྫས་གཞན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན། གསེར་གྱི་སྣོད་བཅོམ་ནས་རྒྱན་ལྟ་བུ་བྱེད་པ་ནི། དབྱིབས་གཞན་དུ་འགྱུར་ཡང་ཁ་དོག་གཞན་དུ་མི་འགྱུར་བ་དང་། འོ་མ་ཞོར་འགྱུར་བ་ན་རོ་དང་ནུས་པ་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ཞེས་ཟེར་རོ། །གཉིས་པ་ནི། བཙུན་པ་དབྱངས་སྒྲོགས་ཡིན་ཏེ། དེའི་ལུགས་ལ། མྱུ་གུ་ལྟ་བུ་ཞིག་མ་འོངས་པ་ནས་ད་ལྟར་བ་དང་ད་ལྟར་བ་ནས་འདས་པར་འཇུག་པའི་ཚེ། དུས་གསུམ་གའི་མཚན་ཉིད་དང་ལྡན་ཡང་མཚན་ཉིད་གང་ཤས་ཆེ་བ་དེའི་སྒོ་ནས་དུས་གསུམ་འཇོག་སྟེ། དཔེར་ན་སྐྱེས་པ་གཅིག་བུད་མེད་གཅིག་ལ་ལྷག་པར་ཆགས་


DLL1004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལ་ཆགས་ཞེས་བརྗོད་ཀྱི་དེའི་ཚེ་གཞན་ལའང་ཆགས་བྲལ་མ་ཡིན་པ་བཞིན་ནོ། །ཞེས་ཟེར་རོ། །གསུམ་པ་ནི། བཙུན་པ་དབྱིག་བཤེས་ཡིན་ཏེ། དེའི་ལུགས་ལ། མྱུ་གུ་ལྟ་བུ་ཞིག་མ་འོངས་པ་ནས་ད་ལྟར་བ་དང་། ད་ལྟར་བ་ནས་འདས་པར་འཇུག་པའི་ཚེ་འདས་མ་འོངས་ཀྱི་གནས་སྐབས་དེ་དང་དེར་ཕྱིན་པས་དུས་གསུམ་འཇོག་གི་རྫས་ཀྱི་སྒོ་ནས་ནི་མ་ཡིན་ཏེ། དཔེར་ན། རྩིས་པའི་རིལ་བུ་གཅིག་གཅིག་དང་བརྒྱ་དང་སྟོང་གི་ཤོ་མིག་ཏུ་བཞག་པ་ན། རིམ་པ་བཞིན་གཅིག་དང་བརྒྱ་དང་སྟོང་དུ་འཇོག་པ་བཞིན་ནོ། །བཞི་པ་ནི། བཙུན་པ་སངས་རྒྱས་ལྷ་ཡིན་ཏེ། དེའི་ལུགས་ལ་མྱུ་གུ་ལྟ་བུ་ཞིག་མ་འོངས་པ་ནས་ད་ལྟར་བ་དང་ད་ལྟར་བ་ནས་འདས་པར་འཇུག་པའི་ཚེ། སྔ་ཕྱི་བར་གསུམ་གྱི་ཆ་ནས་དུས་གསུམ་དུ་འཇོག་སྟེ། དཔེར་ན། བུད་མེད་གཅིག་རང་གི་མ་ལ་ལྟོས་ནས་བུ་མོ་དང་བུ་མོ་ལ་ལྟོས་ནས་མར་འཇོག་པ་བཞིན་ཞེས་ཟེར་རོ། །གཉིས་པ་ནི། དེ་དག་ལས་དང་པོ་ནི་གྲངས་ཅན་གྱི་ཕྱོགས་སུ་བསླན་པར་བྱ་བ་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་བར་འདོད་ལ། དེ་གཉིས་ངོ་བོ་གཅིག་ཏུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལ་དུས་གསུམ་པོ་མཚན་ཉིད་འཆོལ་བར་ཐལ་བའི་སྐྱོན་ཡོད་དེ། དངོས་པོ་གཅིག་དུས་གསུམ་གའི་མཚན་ཉིད་དང་ལྡན་པར་ཁས་བླངས་པའི་ཕྱིར་རོ། །བཞི་པ་ལ་ཡང་། འདས་པ་ལྟ་བུ་གཅིག་ཀྱང་དུས་གསུམ་གར་དུ་འགྱུར་བའི་སྐྱོན་ཡོད་དེ། སྔ་ཕྱི་བར་གསུམ་གྱི་ཆ་གསུམ་ཡོད་པའི་ཕྱིར། དེ་དག་གི་ནང་ནས་གསུམ་པ་ཅུང་ཟད་བཟང་སྟེ། བྱ་བ་འགགས་པ་དང་མ་སྐྱེས་པ་དང་སྐྱེས་ལ་མ་འགགས་པའི་སྒོ་ནས་དུས་རྣམས་འཇོག་པའི་ཕྱིར། དེ་ཐམས་ཅད་ཀྱང་མི་འཐད་དེ། འདས་མ་འོངས་ཆོས་ཅན། བྱ་བ་བྱེད་པ་ལ་གེགས་མེད་པར་ཐལ། ད་ལྟ་རྫས་སུ་ཡོད་པའི་ཕྱིར།


DLL1004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་། བྱ་བ་དེ་དུས་ལས་གཞན་ཡིན་ནམ་མིན། དང་པོ་ལྟར་ན། བྱ་བ་ཆོས་ཅན། འདུས་མ་བྱས་ཡིན་པར་ཐལ། དུས་ལས་གཞན་ཡིན་པའི་ཕྱིར། འདོད་ན། རྟག་པར་ཐལ། གཞི་གྲུབ། འདུས་མ་བྱས་ཡིན་པའི་ཕྱིར། གཉིས་པ་ལྟར་ན་འདས་མ་འོངས་ཆོས་ཅན། འདས་མ་འོངས་ཀྱི་དུས་སུ་མ་འབྱུང་བར་ཐལ། བྱ་བའི་བདག་ཉིད་གང་ཞིག །ད་ལྟ་རྫས་སུ་ཡོད་པའི་ཕྱིར། བྱ་བ་ཞིག་པ་དང་མ་སྐྱེས་པས། འདས་མ་འོངས་སུ་བཞག་གོ་ཞེ་ན། ཆོས་ཅན། བྱ་བ་ཞིག་པ་དང་མ་སྐྱེས་པར་མི་རུང་བར་ཐལ། ད་ལྟ་རྫས་སུ་ཡོད་པའི་ཕྱིར། གཞན་ཡང་། འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་རྟག་པར་ཐལ་བའི་སྐྱོན་མེད་ཅེས་སྨྲ་བ་དེ་ཡང་མི་འཐད་དེ། རྟག་པར་ཡོད་ན་མི་རྟག་པར་འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཞེས་སྨྲ་བའང་མི་འཐད་དེ། ལུང་དེས་འདས་མ་འོངས་ཀྱི་གཟུགས་ཡོད་པར་བསྟན་གྱི། ད་ལྟ་རྫས་སུ་ཡོད་པར་མ་བསྟན་པའི་ཕྱིར་དང་། ཁོ་བོ་ཅག་ཀྱང་འདས་མ་འོངས་ཀྱི་གཟུགས་ཡོད་པར་ཁས་ལེན་པའི་ཕྱིར། ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པ་དེ་ཡང་འདས་མ་འོངས་རྫས་སུ་ཡོད་པའི་སྒྲུབ་བྱེད་དུ་མི་རུང་སྟེ། གལ་ཏེ་རུང་ན། ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པའི་དོན། ཡིད་དེ་ཡིད་ཀྱི་རྣམ་ཤེས་སྐྱེ་བྱེད་ཡིན་པ་བཞིན་དུ། ཆོས་ཀྱང་ཡིད་ཀྱི་རྣམ་ཤེས་སྐྱེ་བྱེད་ཡིན་ཞེས་པ་ཡིན་ནམ། ཆོས་དེ་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་པ་ཡིན་པའི་དོན་ཡིན། དང་པོ་མི་འཐད་དེ། མ་འོངས་པ་བསྐལ་པ་སྟོང་ནས་འབྱུང་བ་དང་མ་སྐྱེ་བའི་ཆོས་ཅན་དང་མྱ་ངན་ལས་འདས་པ་འཇུག་པ་ཐམས་ཅད་དང་བྲལ་བ་རྣམས་དེ་དག་ལ་དམིགས་པའི་རྣམ་ཤེས་ད་ལྟར་བ་སྐྱེ་བྱེད་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་མ་འོངས་པ་རྫས་སུ་ཡོད་


DLL1004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲུབ་བྱེད་མ་ཡིན་པར་ཐལ། རྫས་སུ་མེད་ཀྱང་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་པ་ཡིན་པ་ལ་འགལ་བ་མེད་པའི་ཕྱིར། གཞན་ཡང་། འདས་པའི་ལས་རྣམ་སྨིན་འབྱུང་བ་དེ། འདས་པ་རྫས་སུ་ཡོད་པའི་སྒྲུབ་བྱེད་མ་ཡིན་ཏེ། འདས་པ་ལས་འབྲས་བུ་འབྱུང་བ་མིན་གྱི། རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ལས་འབྲས་བུ་འབྱུང་བའི་ཕྱིར། དེས་ན་དུས་གསུམ་པོ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཞེས་འདོད་པ་ནི་བསྟན་པ་ལ་ལེགས་པ་མིན་གྱི། མདོ་ལས་ཆོས་ཐམས་ཅད་ཡོད་དོ་ཞེས་གསུངས་པ་བཞིན་དུ་ཁས་ལེན་པ་ནི་ལེགས་པ་ཡིན་ནོ། །འོ་ན་ཆོས་ཐམས་ཅད་གང་ཞེ་ན། སྐྱེ་མཆེད་བཅུ་གཉིས་ཡིན་ཏེ། མདོ་ལས་བྲམ་ཟེ་ཆོས་ཐམས་ཅད་ཅེས་བྱ་བ་ནི། སྐྱེ་མཆེད་བཅུ་གཉིས་ཀྱི་ཚིག་བླ་དྭགས་སོ་ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ནི། ཆོས་དེ་སྐྱེས་ཟིན་སླར་ཡང་འགགས་པའི་ཆ་ནི་འདས་པ་དང་། ཆོས་དེའི་རྒྱུ་ཡོད་ཀྱང་ད་ལྟ་མ་སྐྱེས་པའི་ཆ་ནི་མ་འོངས་པ་དང་། ཆོས་དེ་སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་ཡིན་ནོ། །འོ་ན་འདས་མ་འོངས་ཇི་ལྟར་རྫས་སུ་མེད་ཅེ་ན། མེད་དེ། མྱུ་གུ་ལྟ་བུ་ཞིག་པའི་ཚེ་མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་བཏང་། དེ་ལས་གཞན་བུམ་པ་ལ་སོགས་པའི་དངོས་པོ་ནི་མ་ཐོབ་པའི་ཕྱིར་དང་། མྱུ་གུ་འདས་པ་དང་མ་སྐྱེས་པ་ལ་དགག་བྱ་རྣམ་པར་བཅད་ཙམ་མ་གཏོགས་པ་རྣམ་པ་མི་འདྲ་བ་འཆར་རྒྱུ་མེད་པའི་ཕྱིར། དེས་ན། འདས་པའི་མཚན་ཉིད། དངོས་པོ་གཞན་ཞིག་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ། མ་འོངས་པའི་མཚན་ཉིད། དངོས་པོ་གཞན་ཞིག་སྐྱེ་བྱེད་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་འགའ་ཞིག་ཏུ་མ་སྐྱེས་པའི་ཆ། ད་ལྟར་བའི་མཚན་ཉིད། སྐྱེས་ལ་


DLL1004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་པ། དེ་ཡང་རི་བོང་གི་རྭ་དང་དངོས་མེད་མ་སྐྱེས་པ་ཡིན་ཡང་མ་འོངས་པ་ཡིན་པ་བཅད་པའི་ཕྱིར་དུ་ཆོས་མངོན་པའི་མདོ་ལས་རྒྱུ་ཡོད་ཀྱང་ཞེས་སྨོས་པ་ཡིན་ནོ། །དེས་ན་ཁ་ཅིག །འདས་པའི་མཚན་ཉིད། ཐལ་ཟིན་པ། མ་འོངས་པའི་མཚན་ཉིད། མ་སླེབ་པ། ཞེས་ཟེར་བ་ནི་རྒྱུ་ཡོད་ཀྱང་ཞེས་པའི་རྣམ་བཅད་ཀྱི་དགོས་པ་མ་རྟོགས་པ་ཡིན་ནོ། །མཚན་གཞི་ནི། མྱུ་གུ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པ་ནི་འདས་པ་དང་། མྱུ་གུ་སྐྱེ་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་འགའ་ཞིག་ཏུ་མ་སྐྱེས་པ་ནི་མ་འོངས་པ་དང་། མྱུ་གུ་ནི་ད་ལྟར་བ་ཡིན་ནོ། །ཁ་ཅིག །ཁ་སང་དང་དེ་རིང་དང་སང་གསུམ་རིམ་པ་བཞིན་དུ་འདས་པ་དང་ད་ལྟར་བ་དང་། མ་འོངས་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། ཁ་སང་ཆོས་ཅན། འགགས་པར་ཐལ། འདས་པ་ཡིན་པའི་ཕྱིར། འདོད་ན། ཞིག་པར་ཐལ་ལོ། །འདོད་ན། དངོས་པོ་མ་ཡིན་པར་ཐལ་ལོ། །འདོད་ན། དེ་རིང་སྐྱེ་བྱེད་ཀྱི་རྒྱུ་མེད་པར་ཐལ། ཁ་སང་དེ་དངོས་པོ་མ་ཡིན་པའི་ཕྱིར། སང་ཆོས་ཅན། མ་སྐྱེས་པར་ཐལ། མ་འོངས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདུས་མ་བྱས་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་སྐྱེ་བྱེད་ཀྱི་རྒྱུ་མེད་པར་ཐལ། འདོད་ན། དེ་རིང་དེ་དོན་བྱེད་ནུས་པ་མ་ཡིན་པར་ཐལ། སང་སྐྱེ་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། ཁོ་ན་རེ། ཁ་སང་ཆོས་ཅན། འདས་པ་ཡིན་ཏེ། དེ་རིང་ལ་ལྟོས་ནས་འདས་པ་ཡིན་པའི་ཕྱིར་ཏེ། དེ་རིང་གི་དུས་ན་འདས་པ་ཡིན་པའི་ཕྱིར་ཞེ་ན། དེ་རིང་ཆོས་ཅན། འདས་པ་ཡིན་པར་ཐལ། སང་ལ་ལྟོས་ནས་འདས་པ་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་། ས་བོན་ཆོས་ཅན། མྱུ་གུ་ལ་ལྟོས་ནས་འདས་པ་ཡིན་པར་ཐལ། མྱུ་གུའི་དུས་ན་འདས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། མྱུ་གུ་ལ་ལྟོས་ནས་ཞིག་པར་


DLL1004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ལོ། །འདོད་ན། མྱུ་གུ་ལ་ལྟོས་ནས་རྒྱུ་མ་ཡིན་པར་ཐལ་ལོ། །ཁ་ཅིག །འདས་པ་སྲིད་དེ། ཞིག་པ་སྲིད་པའི་ཕྱིར་ཏེ། འཇིག་པ་སྲིད་པའི་ཕྱིར། འདས་པ་ཡིན་པ་སྲིད་དེ། ཞིག་པ་ཡིན་པ་མི་སྲིད་པའི་ཕྱིར་ཏེ། མེད་པ་ཡིན་པ་མི་སྲིད་པའི་ཕྱིར། ཁྱབ་སྟེ། ཆོས་དེ་ཞིག་པ་ཡིན་ན་ཆོས་དེ་མེད་པ་ཡིན་དགོས་པའི་ཕྱིར་ཞེ་ན། འོ་ན་ཞིག་པ་མི་སྲིད་པར་ཐལ། མེད་པ་མི་སྲིད་པའི་ཕྱིར། འཁོར་གསུམ། ཁྱབ་པ་ཡོད་པར་ཐལ། ཆོས་དེ་ཞིག་པ་སྲིད་ན། ཆོས་དེ་མེད་པ་སྲིད་དགོས་པའི་ཕྱིར། ཁ་ཅིག །བུམ་པ་ཐོ་བས་བཅོམ་པའི་ཚེ་ན། བུམ་པ་ཞིག་པ་ཞིག་པ་མིན་ཏེ། གལ་ཏེ་དེའི་ཚེ་ན་བུམ་པ་ཞིག་པ་ཞིག་ན་དེའི་ཚེ་བུམ་པ་མ་ཞིག་པར་འགྱུར་རོ། ཁྱབ་སྟེ།དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་ཕྱིར་ཞེ་ན། འོ་ན་བུམ་པ་མ་འོངས་པའི་ཚེ་ན་བུམ་པ་མ་སྐྱེས་པ་སྐྱེས་སམ་མ་སྐྱེས། དང་པོ་ལྟར་ན། བུམ་པ་མ་སྐྱེས་པ་ཆོས་ཅན། དངོས་པོར་ཐལ། སྐྱེས་པའི་ཕྱིར། འདོད་ན། མ་འོངས་པ་དངོས་པོ་མ་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན། དེའི་ཚེ་བུམ་པ་སྐྱེས་པར་ཐལ། དེའི་ཚེ་བུམ་པ་མ་སྐྱེས་པ་མ་སྐྱེས་པའི་ཕྱིར། འཁོར་གསུམ། ཁྱབ་པ་ཡོད་པར་ཐལ། དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་ཕྱིར་རོ། །འཁོར་གསུམ། ཁ་ཅིག་ན་རེ། འདས་པའི་བུམ་པ་འདས་པ་ཡིན་ཏེ། བུམ་པ་འདས་པ་དེ་འདས་པ་ཡིན་པའི་ཕྱིར་ཞེ་ན། འདས་པའི་བུམ་པ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། ད་ལྟར་བ་ཡིན་པའི་ཕྱིར་ཏེ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར་ཏེ། ཁྱོད་ལས་ད་ལྟར་བའི་བུམ་པ་སྐྱེས་པའི་ཕྱིར། རྟགས་གྲུབ་སྟེ། ཁ་སང་གི་བུམ་པ་ལས་དེ་རིང་གི་བུམ་པ་སྐྱེས་པའི་ཕྱིར། ཁོ་ན་རེ། འདས་པའི་བུམ་པ་ཆོས་ཅན། འདས་པ་ཡིན་པར་


DLL1004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། འདས་པའི་བུམ་པ་ཡིན་པའི་ཕྱིར། ཞེ་ན། ཁྱབ་པ་མེད་དེ། བུམ་པ་སྐྱེས་ཟིན་ཞིག་པ་དེ་འདས་པ་མཚན་ཉིད་པ་དང་། དེ་བུམ་པའི་ཕྱིས་གྲུབ་པ་དང་། བུམ་པའི་རྒྱུ་ཡོད་ཀྱང་མ་སྐྱེས་པ་དེ་མ་འོངས་པ་མཚན་ཉིད་པ་དང་། དེ་བུམ་པའི་སྔར་གྲུབ་པ་ཡིན་ལ། བུམ་པ་ལ་དགག་སྒྲུབ་བྱེད་པའི་དེ་རིང་གི་སྐྱེས་བུའི་སྔ་རོལ་གྱི་བུམ་པ་དེ་འདས་པ་བཏགས་པ་དང་། དེའི་ཕྱིས་འབྱུང་བའི་བུམ་པ་དེ་མ་འོངས་པ་བཏགས་པ་བ་ཡིན་ནོ། ཁ་ཅིག །བསྐལ་པ་དང་པོའི་མི་དེ་འདས་པ་ཡིན་ཏེ། དེ་ཞིག་པ་ཡིན་པའི་ཕྱིར་ཏེ། དེ་ཤི་བ་ཡིན་པའི་ཕྱིར་ཏེ། དེ་ཤི་བའི་འོག་ཏུ་སྙིགས་དུས་ཀྱི་མི་སྐྱེས་པའི་ཕྱིར་ཞེ་ན། འོ་ན་ཚེས་གཅིག་གི་དུས་ཀྱི་མི་དེ་ཞིག་པར་ཐལ། དེ་ཞིག་པའི་འོག་ཏུ་ཚེས་གཉིས་ཀྱི་དུས་ཀྱི་མི་དེ་སྐྱེས་པ་ཡིན་པའི་ཕྱིར། མེ་དེ་ཞིག་པར་ཐལ། མེ་དེ་ཞིག་པའི་འོག་ཏུ་དུ་བ་སྐྱེས་པའི་ཕྱིར། རྟགས་ཁྱབ་ཁས་འདོད་ན། མེ་དེ་འདས་པ་ཡིན་པར་ཐལ་ལོ། །རྟགས་ཁྱབ་ཁས། དེས་ན་བསྐལ་པ་དང་པོའི་མི་དེ་སྙིགས་མའི་དུས་སུ་ཤི་བ་ཡིན་ཡང་བསྐལ་བ་དང་པོའི་མི་དེ་ཤི་བ་མ་ཡིན་ལ། དེ་སྙིགས་མའི་དུས་སུ་དངོས་པོ་མ་ཡིན་ཡང་དེ་དངོས་པོ་ཡིན་པར་ཁས་ལེན་ཏེ། དཔེར་ན། མེ་དེ་དུ་བའི་དུས་སུ་དངོས་པོ་མ་ཡིན་ཡང་མེ་དེ་དངོས་པོ་ཡིན་པ་བཞིན་ནོ། །གཉིས་པ་འདུས་མ་བྱས་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། འདུས་མ་བྱས་ཀྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། གཉིས་པ་ནི། འདུས་མ་བྱས་ལ་དབྱེ་ན། འདུས་མ་བྱས་ཀྱི་ནམ་མཁའ། སོ་སོར་བརྟགས་འགོག །སོ་སོར་བརྟགས་མིན་གྱི་འགོག་པ་དང་གསུམ། མཚན་ཉིད་རིམ་པ་བཞིན། ཐོགས་བཅས་ཀྱི་རེག་བྱ་བཀག་ཙམ་གྱི་སྒོ་ནས་གཟུགས་ཅན་སྐྱེ་བའི་གོ་འབྱེད་པ། སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྤང་བྱ་སྤངས་


DLL1004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་མ་ཐོབ་པར་རྐྱེན་མ་ཚང་བའི་དབང་གིས་མ་སྐྱེས་པའི་ཆ། ལྔ་པ་དགག་སྒྲུབ་གཉིས་སུ་དབྱེ་བ་ལ་གཉིས། དགག་པ་དང་། སྒྲུབ་པའོ། །དགག་པའི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ། དབྱེ་ན། མེད་དགག་དང་། མ་ཡིན་དགག་གཉིས། མེད་དགག་གི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་གང་ཞིག །དགག་བྱ་བཀག་ཤུལ་ཆོས་གཞན་མི་འཕེན་པ། དཔེར་ན། ས་ཕྱོགས་བུམ་མེད་ལྟ་བུའོ། ཁ་ཅིག །བུམ་མེད་མེད་དགག་ཡིན་ཡང་གཞི་ས་ཕྱོགས་དང་འབྲེལ་བས་ས་ཕྱོགས་བུམ་མེད་མ་ཡིན་དགག་ཡིན་ཏེ། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་གང་ཞིག །དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པའི་ཕྱིར་ཏེ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་ས་ཕྱོགས་འཕེན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ས་ཕྱོགས་ན་བུམ་པ་མེད་ཅེས་བརྗོད་པའི་ཚེ་ས་ཕྱོགས་དེ་ཆོས་གཞན་འཕེན་མི་འཕེན་བརྩི་བའི་གཞི་ཡིན་གྱི་འཕངས་པའི་ཆོས་གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་བུམ་པས་དག་པའི་ས་ཕྱོགས་ཞེས་བརྗོད་པའི་ཚེ་ན་ས་ཕྱོགས་དེ་འཕངས་པའི་ཆོས་གཞན་ཡིན་ལ། ས་ཕྱོགས་ན་བུམ་པ་མེད་ཅེས་བརྗོད་པའི་ཚེ་ས་ཕྱོགས་དེ་ཆོས་གཞན་འཕེན་མི་འཕེན་བརྩི་བའི་གཞི་ཡིན་ནོ། །འོ་ན་བུམ་པས་དག་པའི་ས་ཕྱོགས་ཞེས་བརྗོད་པའི་ཚེ་ན་ཡང་ས་ཕྱོགས་དེ་འཕངས་པའི་ཆོས་གཞན་མ་ཡིན་པར་ཐལ། ཆོས་གཞན་འཕེན་མི་འཕེན་བརྩི་བའི་གཞི་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེའི་ཚེ་ཆོས་གཞན་འཕེན་མི་འཕེན་བརྩི་བའི་གཞི་མ་གྲུབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཤེས་བྱ་དེ་དེ་ལྟ་


DLL1004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གཞིར་ཁས་བླངས་པས་ཆོག་པའི་ཕྱིར་རོ། །མ་ཡིན་དགག་གི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་བྱ་གང་ཞིག །དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ། དེ་ལ་དབྱེ་ན། ཆོས་གཞན་དངོས་སུ་འཕེན་པ་དང་། ཤུགས་ལ་འཕེན་པ་དང་། སྐབས་སྟོབས་ཀྱིས་འཕེན་པ་དང་གསུམ། དང་པོ་ནི། དཔེར་ན། རི་མེད་པའི་ཐང་ཞེས་པ་ལྟ་བུ་སྟེ། ཚིག་གཅིག་པོ་དེས་དགག་བྱ་བཅད་པ་དང་ཆོས་གཞན་གཉིས་ཀ་དངོས་སུ་འཕངས་པའི་ཕྱིར་རོ། །གཉིས་པ་ནི། དཔེར་ན་ལྷས་བྱིན་ཚོན་པོས་ཉིན་པར་ཟས་མི་ཟ་བ་ཞེས་པ་ལྟ་བུ་སྟེ། ཚིག་དེས་ཆོས་གཞན་དོན་གྱིས་འཕེན་པའི་ཕྱིར་ཏེ། ཚིག་དེས་ལྷས་བྱིན་ཚོན་པོས་མཚན་མོ་ཟ་བར་བསྟན་པའི་ཕྱིར་ཏེ། ཚོན་པོ་ཞེས་པས་ཟས་ཟ་བར་བསྟན་ལ། ཉིན་པར་ཟས་ཟ་བ་དངོས་སུ་བཀག་ཅིང་ཟས་ཟ་བའི་དུས་ཉིན་མཚན་གཉིས་སུ་ངེས་པའི་ཕྱིར་རོ། །ཆོས་གཞན་དོན་གྱིས་འཕངས་པ་དང་དངོས་སུ་འཕངས་པ་གཉིས་ཀ་དང་ལྡན་པ་ན་ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་རིད་པ་མ་ཡིན་པ་ཡོད་ཅེས་པ་ལྟ་བུའོ། །གསུམ་པ་ནི། དཔེར་ན། གང་ཟག་གཅིག་ཉིད་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་དུ་ངེས་ཤིང་རྒྱལ་རིགས་སུའང་མ་ངེས་བྲམ་ཟེའི་རིགས་སུ་འང་མ་ངེས་པར་དྲིས་པའི་ཚེ་ན། རྒྱལ་རིགས་ཡིན་ཞེས་པའི་རང་ཚིག་གིས་མི་སྟོན་པར་བྲམ་ཟེ་མ་ཡིན་ཞེས་པ་ལྟ་བུའོ། །དེ་སྐད་དུའང་། དགག་པ་དོན་གྱིས་བསྟན་པ་དང་། །ཚིག་གཅིག་སྒྲུབ་པར་བྱེད་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་གསུངས་སོ། །ཁ་ཅིག །དགག་པའི་མཚན་ཉིད། བློས་རྣམ་བཅད་དུ་རྟོགས་པར་བྱ་བ། ཞེས་ཟེར་ཞིང་། བུམ་པས་དག་པའི་ས་ཕྱོགས་ལྟ་བུ་མ་ཡིན་དགག་རྣམས་དགག་པ་མིན་ནོ། །ཞེས་ཟེར། བུམ་པས་དག་པའི་ས་ཕྱོགས་


DLL1004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། དགག་པ་ཡིན་པར་ཐལ། བློས་རྣམ་བཅད་དུ་རྟོགས་བྱ་ཡིན་པའི་ཕྱིར་ཏེ་བློས་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །སྒྲུབ་པའི་མཚན་ཉིད། གཞི་གྲུབ་པ་གང་ཞིག །དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པ། དཔེར་ན། མི་རྟག་པ་ལྟ་བུའོ། །ཁ་ཅིག །མི་རྟག་པ་མ་ཡིན་དགག་ཡིན་ཏེ། སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་འབྲས་རང་གི་རྟགས་གཉིས་ཀྱིས་མ་ཡིན་དགག་སྒྲུབ་པར་བཤད་པའི་ཕྱིར་ཞེ་ན། དེ་མི་འཐད་དེ། གཞུང་དེས་འབྲས་རང་གི་རྟགས་གཉིས་ཀྱིས་དངོས་སུ་སྒྲུབ་པ་སྒྲུབ་ཅིང་། ཤུགས་ལ་མ་ཡིན་དགག་སྒྲུབ་པར་བྱེད་ཅེས་པ་ཙམ་ཞིག་བསྟན་པའི་ཕྱིར། དེ་ལྟ་མིན་ན། འབྲས་རང་གི་རྟགས་གཉིས་པོ་དེ་དགག་རྟགས་སུ་ཐལ། དགག་པ་དངོས་སུ་སྒྲུབ་པའི་རྟགས་ཡིན་པའི་ཕྱིར། རྟགས་ཁས། འོ་ན་ཁྱེད་རང་གི་ལུགས་ལ་ཡང་དེ་གཉིས་དགག་རྟགས་སུ་ཐལ། དགག་པ་སྒྲུབ་པར་བྱེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དགག་པ་སྒྲུབ་པར་བྱེད་ཀྱང་དགག་པ་དངོས་སུ་སྒྲུབ་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱའི་ཆོས་དགག་པ་དངོས་སུ་སྒྲུབ་པའི་ཆ་ནས་དགག་རྟགས་དང་། སྒྲུབ་པ་དངོས་སུ་སྒྲུབ་པའི་ཆ་ནས་སྒྲུབ་རྟགས་སུ་བཞག་པའི་ཕྱིར་རོ། ཁ་ཅིག་ན་རེ། སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ། ཞེས་ཟེར་བ་མི་འཐད་དེ། ཡོངས་སུ་གཅོད་དང་གོ་བྱེད་དང་། །ཞེས་ཡོངས་སུ་གཅོད་བྱེད་དང་གོ་བྱེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དྲུག་པ་སྣང་སེལ་ལ། སྣང་བ་ནི་སྒྲུབ་པ་དང་དོན་གཅིག་ཡིན་ལ། སེལ་བ་ལ་གཉིས། དྭོགས་པ་དགོད་པ་དང་། དེའི་ལན་བསྟན་པའོ། །དང་པོ་ནི།


DLL1004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག །སྤྱི་དང་གཞི་མཐུན་པ་བསྒྲུབ་བྱ་དང་སྒྲུབ་བྱེད་གཅིག་དང་ཐ་དད་དགག་སྒྲུབ་སོགས་རྟོག་པས་སྒྲོ་བཏགས་སུ་བཤད་པ་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཡིན་ན། རྟོག་པས་སྒྲོ་བཏགས་ཡིན་དགོས་ན། སྐྱེས་བུ་ལ་ཉེ་བར་མཁོ་བའི་དོན་བྱེད་ནུས་པ་ཕལ་ཆེ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོགས་པའི་རྣམ་གཞག་ཐམས་ཅད་ཉམས་པར་འགྱུར་བས་སྤྱི་དང་གཞི་མཐུན་སོགས་རྟོག་པས་སྒྲོ་བཏགས་ཡིན་པ་དང་། རྣམ་བཞག་དེ་དག་ཕྱིན་ཅི་མ་ལོག་པར་ཁས་བླངས་པའི་གཉིས་ཚོགས་དེ་ཇི་ལྟ་བུ་ཡིན་སྙམ་པ་དང་། རྟོག་པའི་ངེས་ཡུལ་རང་མཚན་ཡིན་ན་རྟོག་པ་སྣང་ཡུལ་ལ་མ་འཁྲུལ་བར་འགྱུར་ལ། རྟོག་པའི་ངེས་ཡུལ་རང་མཚན་མིན་ན་རང་མཚན་ཡང་རྟོག་པའི་ངེས་ཡུལ་མ་ཡིན་པར་འགྱུར་ལ། དེ་ལྟར་ན། རང་མཚན་ཡོད་ངེས་མ་ཡིན་པར་འགྱུར་བས། རྟོག་པའི་ངེས་ཡུལ་རང་མཚན་མ་ཡིན་པ་དང་རང་མཚན་རྟོག་པའི་ངེས་ཡུལ་ཡིན་པའི་གཉིས་ཚོགས་དེ་ཇི་ལྟ་བུ་ཡིན་སྙམ་པ་དང་། རྟོག་པས་སྣང་བཏགས་གཅིག་ཏུ་བསྲེས་ནས་ཡུལ་ལ་འཇུག་པར་བཤད་པས་དེའི་ཚུལ་ཇི་ལྟ་བུ། རྟོག་པ་དེ་རང་གི་སྣང་བ་དོན་མ་ཡིན་ལ་དོན་དུ་མངོན་པར་ཞེན་ནས་འཇུག་པར་བཤད་པས་རང་གི་གཟུང་རྣམ་དང་། རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་ཞེན་ནས་འཇུག་ན་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སུ་འགྱུར་བས་དེའི་ཚུལ་ཇི་ལྟ་བུ་སྙམ་དུ་སེམས་པར་བྱེད་ལ། ཁ་ཅིག །སྤྱི་དང་གཞི་མཐུན་དང་རྟོག་པའི་ངེས་ཡུལ་རྣམས་སྒྲོ་བཏགས་སུ་བཤད་པ་ལ་བརྟེན་ནས་རྟོག་པས་རང་མཚན་ལ་རློམ་ནས་འཇུག་པ་མ་གཏོགས་དངོས་པོའི་གནས་ཚོད་ལ་འཇུག་པ་མི་སྲིད་ཅིང་། ཡུལ་ལ་འཇུག་པའི་ཚེ་ན་ཡང་རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་


DLL1004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་ནས་འཇུག་པས། ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་ལ། རང་མཚན་ལ་ཐ་སྙད་བྱེད་པའི་ཚེ་ན་སེལ་ངོར་རང་མཚན་ཡོད་ཅེས་དངོས་སུ་མ་སྦྱར་བར་རང་མཚན་གྱི་ཐ་སྙད་ལས་ལེན་མི་ནུས་པར་འདོད་ཅིང་། རང་མཚན་གཅིག་ཉིད་ཤར་ན་ཡོད་ན་ནུབ་ན་ཡོད་པར་འགལ་བ་དང་། སྔ་དྲོ་ཡོད་ན་ཕྱི་དྲོ་ཡོད་པར་འགལ་བ་དང་། ཁྲོ་བོའི་ཡིན་ནས་སེར་སྐྱའི་ངོ་བོ་མ་ཡིན་པ་དེ། རང་མཚན་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དོན་ཡིན་པས། རང་མཚན་གྱི་མཚན་ཉིད་ཁས་བླངས་ན་སྔར་གྱི་རྣམ་གཞག་དེ་དང་འགལ་བས། སེལ་ངོར་རང་མཚན་ཡིན་ཞེས་པ་ལ་སོགས་པར་རང་མཚན་གི་རྣམ་གཞག་ཁས་མི་ལེན་ཞིང་། གཏན་ཚིགས་སྒྲོ་བཏགས་དང་། བྱས་པ་གཏན་ཚིགས་སུ་བཤད་པ་ལ་བརྟེན་ནས་བྱས་པ་དངོས་པོ་མ་ཡིན་པར་འདོད་པ་དང་། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །ཞེས་པ་དང་། ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། །ཞེས་པ་དོན་འཁོར་དུ་མ་ཆུད་པ་ལ་བརྟེན་ནས་དངོས་པོ་དེ་བུམ་རྣམ་དང་རྫས་གཅིག་ན། བུམ་རྣམ་ཡང་རྫས་གཅིག་ཏུ་འགྱུར་བ་དང་སྐྱེ་འཇིག་ཅིག་ཅར་བྱེད་པར་འགྱུར་བས། དངོས་པོ་དང་བུམ་སྣམ་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་འདོད་པ་དང་། ཤེས་ལ་ཡོད་པའི་དོན་དེ་རྣམས། །ཞེས་སོགས་ཀྱི་དོན། ཁོང་དུ་ཆུད་པ་ལ་བརྟེན་ནས་རང་མཚན་ཡིན་ན་སྤྱི་དང་གཞི་མཐུན་མ་ཡིན་པས་ཁྱབ་པར་འདོད་པ་དང་། སྒྲ་རྣམས་ཀྱིས་ནི་བརྡ་བཏགས་སྟོན། །ཞེས་སོགས་ཀྱི་དོན་ཁོང་དུ་མ་ཆུད་པ་ལ་བརྟེན་ནས། བརྡ་དུས་ཀྱི་རང་མཚན་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད། ཐ་སྙད་དུས་ཀྱི་རང་མཚན་བརྡ་དུས་སུ་རྗེས་འགྲོ་མི་བྱེད་ཅིང་། དེ་གཉིས་ཀ་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་


DLL1004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་མཚན་མི་སྲིད་པས། དངོས་མེད་ལ་བརྡ་སྦྱོར་བ་མ་གཏོགས་རང་མཚན་ལ་བརྡ་སྦྱོར་བ་མི་སྲིད་པར་འདོད་པ་དང་། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་བ་ཡང་དག་ཉིད་དུ་མེད། །ཅེས་བཤད་པ་ལ་བརྟེན་ནས་མེ་དུ་ལ་འབྲེལ་པ་མཚན་ཉིད་པ་མེད་པ་དང་། བྱས་མི་རྟག་གི་ཐ་དད་རྟོག་པས་སྒྲོ་བཏགས་ཡིན་པས་དེ་གཉིས་ལ་ཐ་དད་མཚན་ཉིད་པ་མེད་པར་འདོད་དོ། །གཉིས་པ་ལན་བསྟན་པ་ལ་གཉིས། དབུ་ཚད་གཉིས་ཀའི་ལུགས་ཀྱི་འཁྲུལ་གཞི་ངོས་གཟུང་བ་དང་། ལན་དངོས་སོ། །དང་པོ་ནི། དབུ་མ་པའི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ས་བོན་ལས་མྱུ་གུ་སྐྱེ་བ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་ས་བོན་ལས་མྱུ་གུ་མི་སྐྱེ་བ་དང་། ས་བོན་ལས་མྱུ་གུ་སྐྱེ་ན་ས་བོན་ལས་མྱུ་གུ་སྐྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་སྙམ་དུ་བསམས་ནས་ས་བོན་ལས་མྱུ་གུ་སྐྱེ་བར་ཁས་བླངས་ན་དོན་དམ་བདེན་པ་འཇིག་ཅིང་། ས་བོན་ལས་མྱུ་གུ་སྐྱེ་བ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན། ཀུན་རྫོབ་བདེན་པ་འཇིག་པས་བདེན་གཉིས་གང་རུང་གཅིག་ཁས་བླངས་ན། ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་པར་རྟོག་པའི་འཁྲུལ་གཞི་ནི། རྟོག་པས་བཏགས་པ་ཙམ་ལ་བྱ་བྱེད་མི་འཐད་པར་འཛིན་པ་དེ་ཡིན་པས། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་བྱ་བྱེད་ཐམས་ཅད་འཐད་ཀྱི། གཞན་ལ་མི་འཐད་པའི་བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱ་དགོས་སོ། །དེ་བཞིན་དུ་རིགས་པའི་གཞུང་ལུགས་འདིར་ཡང་རྟོག་པའི་ཡུལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་མ་ཁེགས་ན། ཀུན་རྫོབ་བདེན་པ་མ་གྲུབ་པར་འགྱུར་ལ། དེ་ལྟ་ན། དོན་དམ་པ་བདེན་པ་ཡང་བཞག་ཏུ་མེད་པར་འགྱུར་ཏེ། དོན་དམ་བདེན་པ་ནི་ཀུན་རྫོབ་བདེན་པའི་རྣམ་གཞག་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་རོ། །གཞན་ཡང་རྟོག་པའི་ཡུལ་རང་གི་མཚན་ཉིད་ཀྱིས་


DLL1004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མ་ཁེགས་ན། གང་ཟག་གི་བདག་འཛིན་སྣང་ཡུལ་མ་འཁྲུལ་བར་འགྱུར་ལ། དེ་ལྟར་ན། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་མི་འགྱུར་རོ། །རྟོག་པའི་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པ་ན། རང་མཚན་གྱི་རྣམ་གཞག་བྱེད་པ་མ་བདེ་བར་རྟོག་ངོར་རང་མཚན་ཡིན་ཞེས་སྨྲ་བ་མ་གཏོགས། རང་མཚན་གྱི་རྣམ་གཞག་བྱེད་མི་ནུས་པའི་འཁྲུལ་གཞི་ནི། རྟོག་པའི་ཡུལ་རང་མཚན་མ་ཡིན་ན། རང་མཚན་རྟོག་པའི་ཡུལ་མ་ཡིན་པར་འཛིན་པ་འདི་ཡིན་པས། དེས་ན་ཀུན་རྫོབ་བདེན་པ་རྟོགས་པས་བཏགས་པ་ཙམ་གྱིས་ཚད་མས་གྲུབ་པ་དང་། དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདེན་གཉིས་རྣམ་དབྱེ་ལ་མཁས་པར་བྱའོ། །གཉིས་པ་ལན་དངོས་ལ་བཞི། རྟོག་པ་ཡུལ་ལ་འཇུག་ཚུལ་དང་། རྟོག་པའི་ཡུལ་དོན་དམ་བདེན་པར་གྲུབ་པ་དགག་པ། སྤྱི་དང་གཞི་མཐུན་སོགས་ཀྱི་ཐ་སྙད་འཇུག་པའི་ཡུལ་ངོས་གཟུང་བ་དང་། དེ་དག་ལ་བརྟེན་ནས་གཞན་སེལ་གྱི་རྣམ་གཞག་བསྟན་པའོ། །དང་པོ་ནི། གསེར་བུམ་འཛིན་པའི་རྟོག་པ་ལ་གསེར་བུམ་ཡང་བུམ་པར་སྣང་ཞིང་། རང་ལ་གསེར་བུམ་དུ་སྣང་བ་དེ་ཡང་བུམ་པར་སྣང་བ་ཡིན་ལ། རྟོག་པ་དེའི་དོན་སྣང་བ་དེ་གཉིས་གཅིག་ཏུ་འདྲེས་ནས་སོ་སོར་མ་ཕྱེད་པ་ཡིན་པས། སྣང་བཏགས་གཅིག་ཏུ་བསྲེས་ནས་འཛིན་པ་ཞེས་བྱའོ། །འོ་ན་སྣང་བ་གང་། བཏགས་པ་གང་ཞེ་ན། གསེར་བུམ་རང་མཚན་པ་སྣང་བ་དང་། གསེར་བུམ་གྱི་སྒྲ་དོན་ནི་བཏགས་པ་ཡིན་ནོ། །གསེར་བུམ་གྱི་སྒྲ་དོན་གང་ཞེ་ན། གསེར་བུམ་འཛིན་པའི་རྟོག་པ་ལ་མདུན་ན་འདུག་པ་ལྟ་བུར་སྣང་བའི་གསེར་བུམ་དུ་སྣང་བ་དང་། གསེར་བུམ་དུ་སྣང་བ་དེ་ཡང་གསེར་བུམ་མ་ཡིན་པ་ལས་ལོག་པར་སྣང་བ་གཉིས་


DLL1004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གསེར་བུམ་གྱི་སྒྲ་དོན་ཡིན་ལ། རྟོག་པའི་དོན་སྣང་བ་གཉིས་ཀ་ཡང་གཅིག་ཏུ་འདྲེས་ནས་སོ་སོར་མ་ཕྱེད་པ་ཡིན་གྱི། སྣང་བ་འདི་གཉིས་གཅིག་ཡིན་ནོ་སྙམ་དུ་འཛིན་པ་མིན་ནོ། །རྟོག་པའི་སྣང་བ་དེ་རང་རིག་མངོན་སུམ་གྱི་གཟུང་བྱ་ཡིན་ཡང་། རྟོག་པ་དེ་དེ་ལ་རང་རིག་མངོན་སུམ་མིན་ཏེ། ཡིན་ན་རྟོག་པའི་སྣང་བ་རང་མཚན་ཡིན་པ་དང་། རྟོག་པ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་ཐལ་བའི་སྐྱོན་གཉིས་ཡོད་པའི་ཕྱིར། ཁ་ཅིག །རྟོག་པ་ལ་རང་གི་གཟུང་རྣམ་ཕྱི་རོལ་དོན་དུ་སྣང་བར་འདོད་པ་མི་འཐད་དེ། རྟོག་པའི་གཟུང་རྣམ་རྟོག་པ་ཡིན་པས་རྟོག་པའི་གཟུང་རྣམ་ལ་ཡང་རང་གི་གཟུང་རྣམ་ཕྱི་རོལ་དོན་དུ་སྣང་བར་ཁས་ལེན་དགོས་པ་སོགས་ཐུག་མེད་དུ་འགྱུར་བའི་ཕྱིར་དང་། རྟོག་པ་ཡང་རྟོག་པའི་གཟུང་རྣམ་ཡིན་པས་རང་ཉིད་རང་ལ་ཕྱི་རོལ་དོན་དུ་སྣང་བ་མི་འཐད་པའི་ཕྱིར་རོ། །གསེར་བུམ་འཛིན་པའི་རྟོག་པ་ལ་གསེར་བུམ་དུ་སྣང་བ་སྒྲ་དོན་ཡིན་ཡང་གསེར་བུམ་དེའི་མཚན་གཞིར་འོང་བ་དང་། གསེར་བུམ་འཛིན་པའི་རྟོག་པ་དེ་རང་གི་སྣང་བ་ལ་འཁྲུལ་ནས་གསེར་བུམ་འདི་ནི་བུམ་པའོ་སྙམ་དུ་ཞེན་པ་ལྟར་རྟོགས་པར་འགྱུར་བས། ཞེན་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་ལ། དེ་ལ་དགོངས་ནས་རྟོག་པས་རང་གི་མཚན་ཉིད་དཔྱིས་ཕྱིན་པ་ཁོ་ན་རྟོགས་པར་བཤད་དོ། །དེ་ལྟར་ཡིན་ཡང་རྟོག་པའི་སྣང་བ་དངོས་པོར་མེད་པས་སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ནོ། །གལ་ཏེ་ཞེན་ཡུལ་ལ་འཁྲུལ་ཤེས་ཡིན་པར་ཐལ། རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པའི་ཤེས་པ་ཡིན་པའི་ཕྱིར། དེ་སྐད་དུའང་། དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། །ཞེས་བཤད་དོ་ཞེ་ན། འདིའི་ལན་སྔར་བཤད་ཟིན་ཏོ། །གལ་ཏེ་རྟོག་པའི་སྣང་བ་དངོས་པོར་མེད་ན་རྟོག་པས་རང་མཚན་ཇི་ལྟར་ཐོབ་ཅེ་ན།


DLL1004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་རང་མཚན་འཛིན་པའི་མངོན་སུམ་གྱིས་བག་ཆགས་བཞག་པ་ལས་སྐྱེས་པའི་རྟོག་པས་རང་མཚན་ལ་ཞེན་ནས་ཞུགས་པས་རང་མཚན་ཐོབ་པ་ཡིན་ནོ། །གཉིས་པ་ལ་གཉིས། སྤྱི་དང་གཞི་མཐུན་འཛིན་པའི་རྟོག་པའི་ཡུལ་དོན་དམ་པར་གྲུབ་པ་དགག་པ་དང་། བསྒྲུབ་བྱ་སྒྲུབ་བྱེད་སོགས་འཛིན་པའི་རྟོག་པའི་ཡུལ་དོན་དམ་པར་གྲུབ་པ་དགག་པའོ། །དང་པོ་ནི། མེ་ཏོག་འདི་ནི་ཨུཏྤལ་སྔོན་པོའོ་སྙམ་དུ་འཛིན་པའི་རྟོག་པའི་ཡུལ་དོན་དམ་པར་གྲུབ་ན། དེ་ལྟ་བུའི་རྟོག་པ་ཆོས་ཅན། སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་དོན་དམ་པར་གྲུབ་པའི་ཕྱིར། འདོད་ན། ཨུཏྤལ་དང་སྔོན་པོ་རྫས་ཐ་དད་ཡིན་པར་ཐལ། འདོད་པ་གང་ཞིག །ཁྱོད་ལ་དེ་གཉིས་རྫས་ཐ་དད་དུ་སྣང་བའི་ཕྱིར། འདོད་ན། དེ་གཉིས་ཀྱི་གཞི་མཐུན་མ་གྲུབ་པར་ཐལ་ལོ། །འདོད་ན་ཁྱོད་ཞེན་ཡུལ་ལ་འཁྲུལ་ཤེས་སུ་ཐལ། ཁྱོད་མེ་ཏོག་འདི་ཨུཏྤལ་སྔོན་པོའོ་སྙམ་དུ་ཞེན་པའི་ཤེས་པ་གང་ཞིག །འདོད་པ་དེའི་ཕྱིར་འདོད་ན། སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པར་འགལ་ལོ། །དེ་བཞིན་དུ་ཤིང་འཛིན་རྟོག་པའི་ཡུལ་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དོན་དམ་པར་གྲུབ་ན། རྟོག་པ་ཆོས་ཅན། སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། ཁྱོད་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དོན་དམ་པར་གྲུབ་པའི་ཕྱིར། འདོད་ན། ཙན་དན་དང་རྟོག་པ་ལ་ཤིང་མ་ཡིན་པས་ལོག་པར་སྣང་བ་གཉིས་རྟོག་པ་ལ་ཐ་དད་དུ་སྣང་ངམ་མི་སྣང་། སྣང་ན། ཙན་དན་ཆོས་ཅན། རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དང་རྫས་ཐ་དད་ཡིན་པར་ཐལ། རྟོག་པ་དེ་སྣང་ཡུལ་མ་འཁྲུལ་པའི་ཤེས་པ་གང་ཞིག །དེ་ལ་ཁྱོད་དང་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་


DLL1004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐ་དད་དུ་སྣང་བའི་ཕྱིར། ཁྱབ་སྟེ། རྟོག་པ་དེ་ལ་གཉིས་ཐ་དད་དུ་སྣང་ཕྱིན་ཆད་རྫས་ཐ་དད་ལྟ་བུར་སྣང་དགོས་པའི་ཕྱིར་རོ། །འདོད་ན། རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དང་བདག་གཅིག་ཏུ་མ་འབྲེལ་བར་ཐལ་ལོ། །འདོད་ན། དེ་ལ་མ་འབྲེལ་བར་ཐལ་དེ་ལ་བདག་གཅིག་ཏུ་ཡང་མ་འབྲེལ། དེ་བྱུང་དུ་ཡང་མ་འབྲེལ་བའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དེའི་རྒྱུ་ཡང་མ་ཡིན། འབྲས་བུ་ཡང་མ་ཡིན། དེ་དང་དངོས་རྒྱུ་ཚོགས་པ་གཅིག་ལས་སྐྱེས་པའང་མ་ཡིན་པའི་ཕྱིར་རོ། །འདོད་ན། ཁྱོད་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་མ་ཡིན་པར་ཐལ། ཁྱོད་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དང་འབྲེལ་མེད་རྫས་ཐ་དད་ཡིན་པའི་ཕྱིར། འདོད་ན། ཁྱོད་ཤིང་མ་ཡིན་ལས་ལོག་པར་སྣང་བ་མ་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་ཤིང་མ་ཡིན་པར་ཐལ་ལོ། །འདོད་ན། ཤིང་ཡིན་པ་མི་སྲིད་པར་འགྱུར་རོ། །གཉིས་པ་ལྟར་ན། ཙན་དན་དང་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་ཆོས་ཅན། ཐ་དད་མ་ཡིན་པར་ཐལ། རྟོག་པ་ལ་ཐ་དད་དུ་མི་སྣང་བའི་ཕྱིར། རྟགས་ཁས། འདོད་ན། གཅིག་ཡིན་པར་ཐལ། གཞི་གྲུབ་ཐ་དད་མ་ཡིན་པའི་ཕྱིར། འདོད་ན། ཙན་དན་ཆོས་ཅན། ཁྱོད་ཤུག་པའི་སྤྱི་ཡིན་པར་ཐལ། རྟོག་པ་ལ་ཤིང་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཤུག་པའི་སྤྱི་ཡིན་པ་གང་ཞིག །དེ་དང་གཅིག་ཡིན་པའི་ཕྱིར། འདོད་ན། ཤུག་པ་དེ་ཁྱོད་ཡིན་པར་ཐལ་ལོ། །གལ་ཏེ་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་ཆོས་ཅན། ཤུག་པ་དེ་ཁྱོད་ཡིན་པར་ཐལ། ཁྱོད་ཤུག་པའི་སྤྱི་ཡིན་པའི་ཕྱིར། འདོད་ན། ཤུག་པ་ཆོས་ཅན། ཁྱོད་རྟོག་པའི་སྣང་ཡུལ་ཡིན་པར་ཐལ། ཁྱོད་རྟོག་པ་ལ་སྣང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྟོག་པ་ལ་སྣང་ཡང་རྟོག་པ་ལ་གསལ་བར་མི་སྣང་བ་གང་ཞིག །རང་མཚན་སྣང་ཡུལ་དུ་བྱེད་ན་རང་མཚན་གསལ་བར་སྣང་དགོས་པའི་ཕྱིར་རོ། །


DLL1004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན། རང་མཚན་རྟོག་པའི་ཡུལ་ཡིན་ཡང་། དོན་དམ་པར་རྟོག་པའི་ཡུལ་མ་ཡིན་ལ། རང་མཚན་སྒྲ་དང་བརྡའི་ཡུལ་ཡིན་ཡང་དོན་མེད་པར་སྒྲ་དང་བརྡའི་ཡུལ་མ་ཡིན་པ་མི་འགལ་ཏེ། རང་མཚན་སྒྲའི་བརྗོད་བྱ་མ་ཡིན། །ཞེས་པའི་ཚིག་དེ་རང་ཚིག་འགལ་བ་ཡིན་པ་དང་། རང་མཚན་དོན་དམ་པར་སྒྲའི་བརྗོད་བྱ་མ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་བཤད་པ་ལྟར་ཁས་བླང་དགོས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཕྱིར་དངོས་དངོས་མེད་རྟེན་ཅན། ཞེས་པའི་གཞུང་གིས་དགག་སྒྲུབ་ཀྱི་དངོས་རྟེན་རང་མཚན་མ་ཡིན་པར་བསྟན་གྱི། རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་མ་ཡིན་པར་བསྟན་པ་མ་ཡིན་ཏེ། ཚད་མས་རང་མཚན་གྱི་སྟེང་དུ་དངོས་སུ་དགག་སྒྲུབ་དུ་མ་བྱེད་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་རང་མཚན་དགག་སྒྲུབ་ཀྱི་གཞིར་མི་རུང་ན། རང་མཚན་དགག་སྒྲུབ་ཀྱི་གཞིར་མི་རུང་ཞེས་པའི་ཚིག་དེར་རང་ཚིག་འགལ་བ་ཡིན་ཏེ། ཚིག་དེས་རང་མཚན་དེ་དགག་སྒྲུབ་ཀྱི་གཞིར་རུང་བ་འགོག་པའི་གཞིར་ཁས་བླངས་པའི་ཕྱིར་དང་། མེད་ཅེས་ལྡོག་པ་དེ་ཉིད་ནི། །ཇི་ལྟར་མེད་ལས་ལྡོག་པར་འདོད། །ཅེས་པའི་རིགས་པས་གནོད་པའི་ཕྱིར། འོ་ན་རང་མཚན་རྟོག་པའི་དངོས་ཡུལ་ཡིན་ཡང་། རྟོག་པའི་དངོས་ཡུལ་རང་མཚན་མ་ཡིན་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། དེ་ལ་དང་པོར་སྒྲ་འཛིན་རྟོག་པ་ལ་སྒྲ་དེ་སྔར་མེད་གསར་དུ་གྲུབ་པ་ལྟ་བུར་སྣང་ལ། དེའི་རྗེས་སུ་སྒྲ་བྱས་པར་འཛིན་པའི་རྟོག་པ་ལ་སྒྲ་གྲུབ་ཟིན་པའི་འོག་ཏུ་བྱས་པ་སྔར་མེད་གསར་དུ་གྲུབ་པ་ལྟ་བུར་སྣང་ལ། དེའི་རྗེས་སུ་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལ་སྒྲ་དང་བྱས་པ་གྲུབ་ཟིན་པའི་འོག་ཏུ་མི་རྟག་པ་སྔར་མེད་གསར་དུ་གྲུབ་པ་ལྟ་བུར་སྣང་ལ། རྟོག་པ་དེ་དག་གི་ངེས་ཡུལ་དོན་དམ་པར་གྲུབ་ན། རྟོག་པ་དེ་དག་རང་གི་ངེས་ཡུལ་ལ་


DLL1004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་འཇུག་ཏུ་འགྱུར་ལ། དེ་ལྟར་ན་སྒྲ་འཛིན་རྟོོག་པས་སྒྲའི་སྟེང་དུ་བྱས་མི་རྟག་ཐམས་ཅད་ཅིག་ཅར་དུ་ངེས་པར་ཐལ་བ་དང་། སྒྲ་དམིགས་པའི་སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད་པར་འགྱུར་རོ་ཞེས་སྟོན་པ་ལ། དེ་ལྟ་མིན་ན་དོན་རྣམས་ཀྱི། །ཆོས་གཅིག་བསྒྲུབས་སམ་བཀག་པ་ན། །བདག་ཉིད་ཐམས་ཅད་བསྒྲུབས་པ་དང་། །བཀག་འགྱུར་བདག་ལྟ་ཐད་མེད་ཕྱིར། །ཞེས་སོགས་གསུངས་སོ། །གཞན་ཡང་། རྟོག་པའི་ངེས་ཡུལ་དོན་དམ་པར་གྲུབ་ན། སྒྲ་བྱས་མི་རྟག་པ་གསུམ་སྔ་ཕྱི་རིམ་ཅན་དུ་སྣང་བ་ལྟར་གྲུབ་དགོས། དེ་ལྟ་ན་སྒྲ་མ་བྱས་པ་དང་རྟག་པར་འགྱུར་རོ། །གཞན་ཡང་། སྒྲ་འཛིན་རྟོག་པས་སྒྲའི་ངོ་བོ་སྔར་མེད་གསར་དུ་གྲུབ་པར་ཐལ། སྒྲ་འཛིན་རྟོག་པའི་སྣང་བ་དོན་དམ་པར་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་འཛིན་རྟོག་པ་ཆོས་ཅན། ཁྱོད་སྒྲ་སྐྱེ་བྱེད་ཡིན་པར་ཐལ། ཁྱོད་ཀྱིས་སྒྲ་སྔར་མེད་གསར་དུ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་ཀྱིས་སྒྲའི་སྟེང་དུ་བྱས་མི་རྟག་སོགས་ཀྱང་གྲུབ་པར་ཐལ། ཁྱོད་སྒྲ་སྐྱེ་བྱེད་ཡིན་པའི་སྒོ་ནས་ཁྱོད་ཀྱིས་སྒྲ་གྲུབ་པའི་ཕྱིར། དེས་ན་དགག་སྒྲུབ་ཀྱི་དངོས་རྟེན་རང་མཚན་མ་ཡིན་ཏེ། སྒྲའི་སྟེང་དུ་ཁྱད་ཆོས་སྔ་ཕྱིའི་རིམ་པ་དེ་འདྲ་མེད་ནའང་སྒྲ་དེ་སྔ་ཕྱིའི་རིམ་པ་དེ་དག་དང་འབྲེལ་བར་དགག་སྒྲུབ་བྱེད་པའི་རྟོག་པ་ལ་སྣང་བའི་ཕྱིར་ཞེས་དང་། དེ་འདྲ་མེད་ནའང་ཆོས་ཅན། །དེ་དག་དང་ནི་འབྲེལ་བར་སྣང་། །ཞེས་པས་བསྟན་ཏོ། །གལ་ཏེ་སྒྲའི་སྟེང་དུ་སྒྲ་བྱས་མི་རྟག་པ་གསུམ་ཅིག་ཅར་དུ་གྲུབ་བམ། རིམ་ཅན་དུ་གྲུབ་། དང་པོ་མི་འཐད་དེ། རིམ་ཅན་དུ་གྲུབ་པའི་ཕྱིར་ཏེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། དེ་གསུམ་ཅིག་ཅར་དུ་གྲུབ་པའི་ཕྱིར་ཏེ། དོན་རང་ངོས་ནས་ཅིག་ཅར་དུ་གྲུབ་པའི་ཕྱིར་ཏེ། སྒྲའི་སྟེང་དུ་


DLL1004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བྱས་མི་རྟག་པ་གསུམ་གྲུབ་པ་དེ་རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྒྲའི་སྟེང་དུ་དེ་གསུམ་རིམ་གྱིས་གྲུབ་པ་དང་། དོན་རང་ངོས་ནས་ཅིག་ཅར་དུ་གྲུབ་པ་ལ་འགལ་བ་མེད་པའི་ཕྱིར་རོ། །དེས་ན། སྒྲ་བྱས་མི་རྟག་པ་གསུམ་རང་མཚན་ཡིན་ཡང་། སྒྲ་ཤེས་འདོད་ཆོས་ཅན་ཡིན་པ་དང་། མི་རྟག་པ་བསྒྲུབ་བྱའི་ཆོས་ཡིན་པ་དང་། བྱས་པ་གཏན་ཚིགས་ཡིན་པ་རྣམས་རྟོག་པས་བཏགས་པ་ཡིན་ཏེ། དེ་ལྟ་མ་ཡིན་པར་དོན་དམ་པར་གྲུབ་ན་སྒྲ་ཤེས་འདོད་ཆོས་ཅན་དུ་འཛིན་པའི་རྟོག་པས། སྒྲ་དེ་མི་རྟག་པའི་རྟེན་དོན་གཞན་ལྟ་བུར་སྣང་བ་དེ་སྣང་བ་ལྟར་གྲུབ་དགོས་ལ། དེ་ལྟར་ན། སྒྲ་དང་མི་རྟག་པ་གཉིས་རྫས་ཐ་དད་དུ་འགྱུར་བའི་ཕྱིར་རོ། །དེ་ལ་དགོངས་ནས། ཆོས་དང་ཆོས་ཅན་རྣམ་གཞག་དང་། །ཞེས་སོགས་དང་། དཔག་བྱ་དཔོག་པར་བྱེད་པ་ཡིན། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བཏགས་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་སྒྲ་བྱས་མི་རྟག་པ་རྣམས་རང་མཚན་མ་ཡིན་ཏེ། གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར་ཞེ་ན། མི་འཐད་དེ། རང་ཉིད་ཀྱིས་རང་མཚན་གྱི་མཚན་གཞི་ཁས་ལེན་པ་ལའང་སྐྱོན་མཚུངས་པའི་ཕྱིར་རོ། །གལ་ཏེ་མི་མཚུངས་ཏེ། རང་ལུགས་ལ་རང་མཚན་ཁས་མི་ལེན་པར་རྟོག་ངོར་རང་མཚན་ཁས་ལེན་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། རང་མཚན་གང་གི་ངོར་འཇོག་པའི་རྟོག་པ་ཁས་ལེན་དགོས་པས་དེ་ལ་ཡང་སྐྱོན་མཚུངས་པའི་ཕྱིར་རོ། །གསལ་བ་དུ་མ་ལ་རྗེས་སུ་འགྲོ་བས་རང་མཚན་མ་ཡིན་པར་འདོད་པ་འདི་ནི། རང་མཚན་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དོན་ཁོང་དུ་ཆུད་པའི་སྐྱོན་ཡིན་ཏེ། དེ་ནི་སྔར་བཤད་ཟིན་ཏོ། གསུམ་པ་སྤྱི་དང་གཞིན་མཐུན་གྱི་ཐ་སྙད་འཇུག་པའི་ཡུལ་ངོས་གཟུང་བ་ལ་གཉིས་


DLL1004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་པའི་གཞི་ངོས་གཟུང་བ་དང་། བརྡ་སྦྱོར་བའི་ཡུལ་ངོས་གཟུང་བའོ། །དང་པོ་ནི། འདི་ནི་བ་ལང་ངོ་སྙམ་པའི་རྟོག་པ་དང་། བ་ལང་འདི་ནི་དཀར་པོའོ་སྙམ་པའི་རྟོག་པ་དང་། དེ་ལྟར་བརྗོད་པའི་སྒྲའི་ཐ་སྙད་འཇུག་པའི་གཞི་རྟོག་པས་བཏགས་པའི་སྒྲ་དོན་ཡིན་གྱི་རང་མཚན་མ་ཡིན་ཏེ། དེ་ལྟར་གོང་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །ཤེས་ལ་ཡོད་པའི་དོན་དེ་རྣམས། །ཞེས་སོགས་དང་། བྱེ་བྲག་འདི་ནི་བློ་དོན་ལ། །ཞེས་པའི་གཞུང་གིས་སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་པའི་གཞིར་རང་མཚན་མ་ཡིན་པར་བསྟན་གྱི། རང་མཚན་ཡིན་ན་སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་པའི་གཞི་མ་ཡིན་པས་ཁྱབ་པར་བསྟན་པ་མ་ཡིན་ཏེ། གསལ་བ་རང་མཚན་རྣམས་ལ་རྗེས་སུ་འགྲོ་བའི་དངོས་པོར་གྱུར་པའི་སྤྱི་དང་། དངོས་མེད་དུ་གྱུར་པའི་སྤྱི་གཉིས་ཁས་བླངས་པས་ཆོག་པའི་ཕྱིར་ཏེ། དོན་གྱི་གཞན་སེལ་གྱི་མཚན་གཞི་བུམ་པ་མ་ཡིན་པ་ལས་ལོག་པ་དེ་ཡང་བུམ་གསལ་རྣམས་ཀྱི་སྤྱི་ཡིན། བློའི་གཞན་སེལ་གྱི་མཚན་གཞི་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཡང་བུམ་གསལ་རྣམས་ཀྱི་སྤྱི་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོར་གྱུར་བའི་སྤྱི་ཡོད་ན་སྤྱི་དངོས་པོ་བ་ཁས་ལེན་པའི་གཞན་སྡེ་ལ་བརྗོད་པའི་སྐྱོན་མི་འཇུག་གམ་ཞེ་ན། མི་འཇུག་སྟེ། གྲངས་ཅན་གྱིས་སྔོན་པོ་ལ་རྗེས་སུ་འགྲོ་བའི་སྤྱི་གཙོ་བོ་དེ་སེར་པོའི་རང་བཞིན་དང་གནས་ཚུལ་དང་དོན་དམ་བདེན་པ་དང་སེར་པོའི་སྤྱི་དང་། སྔོན་པོའི་ངོ་བོ་དེ་ཉིད་སེར་པོའི་ངོ་བོ་ཡིན་པར་ཁས་བླངས་པས་དེ་ལ། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །ཞེས་གསུངས་པ་ལྟར། སྔོ་སེར་གཉིས་བློ་ལ་ཐ་དད་དུ་མི་སྣང་བར་ཐལ། སྔོན་པོའི་ངོ་བོ་དང་སེར་པོའི་ངོ་བོ་གཅིག་ཡིན་པའི་ཕྱིར། ཞེས་པ་དང་། དེ་བཞིན་དུ་སྔོ་སེར་གཉིས་


DLL1004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་འགྲོ་བའི་སྤྱི་གཉིས་པོ་ཆ་མེད་དུ་ཁས་བླངས་པ་ལ། སྐྱེ་འཇིག་ཅིག་ཅར་བྱེད་པར་ཐལ་བའི་སྐྱོན་བརྗོད་པ་ཡིན་གྱི། དངོས་པོ་དང་བུམ་པ་ལྟ་བུ་རྫས་གཅིག་པ་ཙམ་ལ་སྐྱོན་བརྗོད་པ་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་པས་ཀྱང་སྔོ་སེར་གཉིས་ལ་རྗེས་སུ་འགྲོ་བའི་སྤྱི་ཆ་མེད་དུ་ཁས་བླངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། ཕྱིས་ཡོད་ཆ་དང་ལྡན་པའང་མིན། །ཞེས་པའི་སྐྱོན་བརྗོད་པ་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། བརྡ་དུས་ཀྱི་བ་ལང་དཀར་ཟལ་ལྟ་བུ་བརྡ་སྦྱོར་བའི་གཞིར་བཟུང་ནས་བརྡ་སྦྱར་བས། བ་ལང་གི་གསལ་བ་རྣམས་ལ་རེ་རེ་ནས་བརྡ་སྦྱོར་མི་དགོས་པར་དེ་རྣམས་བ་ལང་དུ་གོ་བར་འགྱུར་པ་དང་། ཐ་སྙད་ཀྱི་དུས་སུ་དོན་གོ་བ་དེ་བརྡ་སྦྱར་བའི་དགོས་པ་ཡིན་པར་སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀ་མཐུན་ལ་གོ་བར་ནུས་པའི་རྒྱུ་མཚན་ལ་མི་མཐུན་ཏེ། སངས་རྒྱས་པའི་ལུགས་ལ་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་བརྡ་སྦྱོར་བའི་ཡུལ་ཡིན་ལ། དེ་བ་ལང་གི་གསལ་བ་ཐམས་ཅད་ལ་ཡོད་པའི་རྒྱུ་མཚན་གྱིས་བ་ལང་དུ་གོ་བ་ཡིན་ནོ། །ཕྱི་རོལ་པའི་ལུགས་ལ་བ་ལང་གི་སྤྱི་རྟག་དངོས་བརྡ་སྦྱོར་བའི་ཡུལ་དང་། དེ་བ་ལང་གི་གསལ་བ་ཀུན་ལ་ཡོད་པའི་རྒྱུ་མཚན་གྱིས་བ་ལང་དུ་གོ་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་བརྡ་དུས་ཀྱི་བ་ལང་དཀར་ཟལ་ཆོས་ཅན། བ་ལང་ཞེས་པའི་བརྡ་སྦྱོར་བའི་གཞི་མ་ཡིན་པར་ཐལ། བ་ལང་ཞེས་པའི་བརྡའི་འཇུག་ཡུལ་མ་ཡིན་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་ཡིན་ཡང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་མིན་པ་བཞིན་དུ། བརྡ་དུས་ཀྱི་བ་ལང་དཀར་ཟལ་དེ་ཡང་བ་ལང་ཞེས་པའི་བརྡ་སྦྱོར་བའི་གཞི་ཡིན་གྱི་བ་ལང་ཞེས་པའི་


DLL1004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའི་འཇུག་ཡུལ་མ་ཡིན་ནོ། །འོ་ན་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ཡིན་པ་བཞིན་དུ། བརྡ་དུས་ཀྱི་བ་ལང་དཀར་ཟལ་དང་བ་ལང་མ་ཡིན་པ་ལས་ལོག་པའི་ཚོགས་དོན་དེ་བ་ལང་ཞེས་པའི་བརྡའི་འཇུག་ཡུལ་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྒྲ་མི་རྟག་པར་བསྒྲུབས་པའི་དགོས་པ་ནི་སྒྲའི་སྟེང་དུ་མི་རྟག་པ་གོ་བ་ཙམ་ཡིན་ལ། བརྡ་དུས་ཀྱི་བ་ལང་དཀར་ཟལ་གཞིར་བཟུང་ནས་བ་ལང་ཞེས་པའི་བརྡ་སྦྱར་བའི་དགོས་པ་ནི། ཐ་སྙད་ཀྱི་དུས་སུ་བ་ལང་གི་གསལ་བ་རྣམས་བ་ལང་དུ་གོ་བའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་ཐ་སྙད་ཀྱི་དུས་ཀྱི་བ་ལང་ནག་སྒུར་བ་ལང་ཞེས་པའི་བརྡ་དངོས་སུ་སྦྱར་རམ་མ་སྦྱར། དང་པོ་མི་འཐད་དེ། དེ་བརྡ་དུས་ཀྱི་བ་ལང་རང་མཚན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་བ་ལང་དུ་མི་གོ་བར་འགྱུར་རོ་ཞེ་ན། དེ་ལ་བརྡ་སྦྱོར་བའི་དུས་སུ་བ་ལང་ཞེས་པའི་བརྡ་དངོས་སུ་མ་སྦྱར་ཡང་དེ་བ་ལང་དུ་མི་གོ་བའི་སྐྱོན་མེད་དེ། དངོས་སུ་བ་ལང་མ་ཡིན་པ་ལས་ལོག་པ་ལ་བརྡ་སྦྱར་བ་ཡིན་ལ། ཐ་སྙད་ཀྱི་དུས་ཀྱི་བ་ལང་ནག་སྒུར་སོགས་ཀྱང་བ་ལང་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་རོ། །དེས་ན་བརྡ་དུས་ཀྱི་བ་ལང་དཀར་ཟལ་ལྟ་བུ་བ་ལང་ཞེས་པའི་བརྡ་སྦྱོར་བའི་གཞི་དང་། རྟོག་པ་ལ་བ་ལང་མ་ཡིན་པ་ལས་ལོག་པར་སྣང་བ་སྣང་ཡུལ་དང་། བ་ལང་མ་ཡིན་པ་ལས་ལོག་པ་འཇུག་ཡུལ་དུ་བྱས་ནས་བ་ལང་ཞེས་པའི་བརྡ་སྦྱོར་བ་ཡིན་ལ། བརྡ་དུས་ཀྱི་བ་ལང་དཀར་ཟལ་བ་ལང་ཞེས་པའི་བརྡའི་འཇུག་ཡུལ་མ་ཡིན་ཏེ། དེ་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཁྱབ་སྟེ། སྒྲ་རྣམས་ཀྱིས་རང་གང་ལ་བརྡ་བཏགས་པའི་དོན་དེ་སྟོན་ལ། དེ་ཡང་ཐ་སྙད་ཀྱི་དུས་སུ་དོན་དེ་གོ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་


DLL1004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་། སྒྲ་རྣམས་ཀྱིས་ནི་བརྡ་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་གསུངས་སོ། །རྟོག་པ་ལ་བ་ལང་མ་ཡིན་པ་ལས་ལོག་པར་སྣང་བ་དེ་བ་ལང་ཞེས་པའི་བརྡའི་ཡུལ་ཡིན་ཡང་། དེ་བ་ལང་ཞེས་པའི་བརྡའི་འཇུག་ཡུལ་མ་ཡིན་ཏེ། དེས་བཞོ་བཀལ་སོགས་པའི་དོན་བྱེད་མི་ནུས་པའི་ཕྱིར། དེ་སྐད་དུའང་། ཅི་ནས་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར། །འཇུག་པར་འགྱུར་ནས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད། །དེ་ལ་རིགས་དོན་བྱེད་རུང་མེད། །ཅེས་གསུངས་སོ། །དེས་ན་བ་ལང་མ་ཡིན་པ་ལས་ལོག་པ་དེ་བ་ལང་ཞེས་པའི་བརྡའི་འཇུག་ཡུལ་ཡིན་ཏེ། དེ་བརྡ་དང་ཐ་སྙད་ཀྱི་དུས་ཀྱི་བ་ལང་གི་གསལ་བ་ལ་རྗེས་སུ་འགྲོ་བ་གང་ཞིག །དེས་བཞོ་བཀལ་ལ་སོགས་པའི་དོན་བྱེད་ནུས་པའི་ཕྱིར་རོ། །བཞི་པ་དེ་དག་ལ་བརྟེན་ནས་གཞན་སེལ་གྱི་རྣམ་གཞག་བསྟན་པ་ལ་གསུམ། སྒྲ་རྟོག་གི་འཇུག་ཚུལ་དང་། གཞན་སེལ་གྱི་མཚན་ཉིད་དབྱེ་བ་དང་བཅས་པ་དང་། སེལ་འཇུག་གི་མཚན་ཉིད་དབྱེ་བ་དང་བཅས་པའོ། །དང་པོ་ལ་གཉིས། སྒྲ་རྟོག་སྒྲུབ་པས་འཇུག་པ་དང་སེལ་བས་འཇུག་པར་སྨྲ་བའི་ལུགས་སོ་སོར་བརྗོད་པ་དང་། སེལ་བས་འཇུག་པར་བསྒྲུབ་པའོ། །དང་པོ་ནི། གཞན་སྡེ་རྣམས་ན་རེ། འདི་བུམ་པའོ་སྙམ་པའི་རྟོག་པ་ལ་དགག་བྱ་བཅད་ལྡོག་མི་སྣང་བར་སྒྲུབ་པ་རང་དབང་བའི་ཚུལ་གྱིས་སྣང་བ་རྒྱུ་མཚན་དུ་བྱས་ནས། སྒྲ་རྟོག་ཐམས་ཅད་དངོས་པོའི་དབང་གིས་འཇུག་པས་སྒྲུབ་པས་འཇུག་གི་སེལ་བས་འཇུག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་སྒྲུབ་པའི་སྒྲ་རྟོག་པས་འཇུག་པའི་དྭོགས་པ་ཆེ་བས་དེ་འགོག་པའི་རིགས་པ་རྒྱས་པར་གསུངས་


DLL1004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དགག་པའི་སྒྲ་རྟོག་སྒྲུབ་པས་འཇུག་པའི་དྭོགས་པ་ཆུང་བས། དེ་ལ། དངོས་མེད་ངོ་བོ་མེད་པའི་ཕྱིར། །ངོ་བོ་བརྗོད་པར་དཔྱད་བྱ་ཉིད། །མ་ཡིན། ཞེས་པ་ཙམ་ལས་མ་གསུངས་སོ། །སེལ་བ་སྨྲ་བ་རྣམས་བུམ་པ་ལྟ་བུ་ལ་འཇུག་པའི་སྒྲ་རྟོག་རྣམས་སེལ་བས་འཇུག་པ་ཡིན་ཏེ། དང་པོར་དོན་གྱི་གཞན་སེལ་གྱི་སྟོབས་ལས་འོངས་པའི་ཕྱིར་དང་། ད་ལྟ་རིགས་མི་མཐུན་ལས་ལོག་པར་སྣང་ལ། ཕྱིས་ཀྱང་རིགས་མི་མཐུན་ལས་ལོག་པའི་དོན་གྱི་གཞན་སེལ་ཐོབ་པའི་མཐར་ཐུག་པ་ཡིན་པའི་ཕྱིར། ཞེས་འདོད་དོ། །གཉིས་པ་ནི། སྒྲ་རྟོག་སེལ་འཇུག་ཏུ་རིགས་ཀྱི་སྒྲུབ་པས་འཇུག་པ་མི་རིགས་ཏེ། སྒྲ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྒྲ་ངེས་པའི་རྟོག་པ་དེས་སྒྲ་མ་ཡིན་པ་ལས་ལོག་པར་གོའམ་མ་གོ །མ་གོ་ན། སྒྲ་མ་གོ་བར་ཐལ། སྒྲ་མ་ཡིན་པ་ལས་ལོག་པར་མ་གོ་བའི་ཕྱིར། གོ་ན། སྒྲ་དེ་རྟག་པ་ལས་ལོག་པར་གོ་འམ་མ་གོ །མ་གོ་ན། སྒྲ་ངེས་པའི་རྟོག་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་ཕྱིར། རྟགས་གསལ་ཁས། སྒྲ་རྟག་པ་ལས་ལོག་པར་གོ་ན་སྒྲའི་སྟེང་དུ་ཆོས་གཅིག་བསྒྲུབས་པས་ཀུན་བསྒྲུབས་པ་དང་། གཅིག་བཀག་པས་ཀུན་བཀག་པར་འགྱུར་བར་ཐལ། སྒྲ་ངེས་པའི་རྟོག་པ་དེས་སྒྲ་རྟག་པ་ལས་ལོག་པར་གོ་བའི་ཕྱིར། འདོད་ན། སྒྲ་ལ་ལྟོས་པའི་ཀུན་མཁྱེན་དུ་ཐལ། སྒྲའི་སྟེང་ན་ཤེས་བྱ་ལ་སྲིད་ཚད་ཀྱི་གྲངས་དང་མཉམ་པའི་ལྡོག་པ་ཡོད་ལ། དེ་སྒྲ་ངེས་པའི་རྟོག་པ་གཅིག་པོ་དེས་མྱོང་སྟོབས་ཀྱིས་ངེས་པའི་ཕྱིར། གཞན་ཡང་། སྒྲ་ངེས་པའི་རྗེས་སུ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ། སྒྲ་ངེས་པའི་རྟོག་པ་དེས་སྒྲ་མི་རྟག་པར་ངེས་པའི་ཕྱིར། དེས་ན་སྒྲ་ངེས་པའི་རྟོག་པ་ཆོས་ཅན། སེལ་འཇུག་ཡིན་ཏེ།


DLL1004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་ཕྱིར། སྒྲ་དང་སྒྲའི་བྱས་མི་རྟག་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་གང་ཞིག །ཁྱོད་ཀྱིས་སྒྲ་ངེས་ཀྱི་སྒྲའི་བྱས་མི་རྟག་མ་ངེས་པའི་ཕྱིར། འོ་ན་ཁྱོད་རང་ལ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ། སྒྲ་འཛིན་མངོན་སུམ་གྱིས་སྒྲའི་བྱས་མི་རྟག་ཀུན་མཐོང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྒྲའི་བྱས་མི་རྟག་མཐོང་ཡང་སྒྲ་རྟག་པར་འཁྲུལ་བའི་རྒྱུས་སྒྲ་མི་རྟག་པར་རྟོགས་པའི་ཕྱིར་རོ། །གཉིས་པ་གཞན་སེལ་གྱི་མཚན་ཉིད་དབྱེ་བ་དང་བཅས་པ་ནི། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་དེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་པ་དང་། དེའི་འགྲེལ་པར། ཀ་མ་ལ་ཤཱི་ལས། མ་ཡིན་པ་དང་མེད་པའོ། །ཞེས་བྱ་བ་ནི། མ་ཡིན་པར་དགག་པ་དང་མེད་པ་ཏེ་མེད་པར་དགག་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ལྟར། དགག་པ་དང་གཞན་སེལ་དོན་གཅིག་ཡིན་པས། འདི་ལ་གཞན་སེལ་གྱི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ། དེ་ལ་དབྱེ་ན། དོན་གྱི་གཞན་སེལ། བློའི་གཞན་སེལ། མེད་དགག་གི་གཞན་སེལ་དང་གསུམ་མོ། །དོན་གྱི་གཞན་སེལ་གྱི་མཚན་ཉིད། མ་ཡིན་དགག་གི་གཞན་སེལ་དོན་གང་ཞིག །སྒྲོ་མ་བཏགས་པར་དོན་རང་ངོས་ནས་གྲུབ་པ། དཔེར་ན་བུམ་པ་མ་ཡིན་པ་ལས་ལོག་པ་ལྟ་བུའོ། །དེ་ལ་ཅིའི་ཕྱིར། གཞན་སེལ་ཞེས་བྱ་ཞེ་ན། འདི་ལ་གཞན་སེལ་བར་བྱེད་པའི་གཞི་ཡིན་པས་གཞན་སེལ་བྱ་སྟེ། ཤཱཀྱ་བློས། རེ་ཞིག་གཅིག་ནི་འདི་ལ་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར་རང་གི་མཚན་ཉིད་


DLL1004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཁོ་ན་ཡིན་ནོ། །ཞེས་སོ། །དེ་ལ་སྒྲ་བཤད་པའི་དབང་དུ་བྱས་པ་ཡིན་གྱི་གཞལ་སེལ་བར་བྱེད་པའི་གཞི་ཡིན་གཞན་སེལ་ཡིན་པས་ཁྱབ་པ་ནི་མ་ཡིན་ནོ།། ཁ་ཅིག །བུམ་པར་རང་མཚན་པ་ལྟ་བུ་དོན་གྱི་གཞན་སེལ་ཡིན་པར་འདོད་པ་མི་འཐད་དེ། དེ་དགག་པ་མ་ཡིན་པའི་ཕྱིར་རོ། །འོ་ན་དེ་གཞན་སེལ་ཡིན་ཏེ། བསལ་བྱ་རིགས་མི་མཐུན་སེལ་བའི་ཕྱིར་ཞེ་ན། འོ་ན་དེ་དགག་པ་ཡིན་པར་ཐལ། དགག་བྱ་རིགས་མི་མཐུན་འགོག་པའི་ཕྱིར་རོ། །དེ་དགག་པ་མ་ཡིན་ཏེ། དགག་པ་ཡིན་ན་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་དགོས་པའི་ཕྱིར་ཞེ་ན། དེ་གཞན་སེལ་མ་ཡིན་པར་ཐལ། གཞན་སེལ་ཡིན་ན་བསལ་བྱ་དངོས་སུ་བསལ་བའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་དགོས་པའི་ཕྱིར་རོ། །མེད་དགག་གི་གཞན་སེལ་གྱི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག །དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ། དཔེར་ན་བུམ་པ་ལ་བུམ་མ་ཡིན་མེད་པ་ལྟ་བུའོ། །དེ་ལ་ཅིའི་ཕྱིར་གཞན་སེལ་བྱ་ཞེ་ན། གཞན་བསལ་བའི་ཆ་ཡིན་པས་གཞན་སེལ་ཞེས་བྱ་སྟེ། ཤཱཀྱ་བློས། གཉིས་པ་ནི་གཞན་གཅོད་པའི་ཕྱིར། གཞན་རྣམ་པར་གཅོད་པ་ཙམ་ཡིན་ཞིང་། གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་པར་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཁ་ཅིག །ལྡོག་པ་ངོ་བོ་ཉིད་མེད་ཕྱིར་ཞེས་བཤད་པ། བུམ་པ་མ་ཡིན་པ་ལས་ལོག་པ་དེ་མེད་དགག་གི་གཞན་སེལ་ཡིན་ནོ་ཞེས་ཟེར། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། །མེད་དགག་གི་གཞན་སེལ་མ་ཡིན་པར་ཐལ། མེད་དགག་མ་ཡིན་པའི་ཕྱིར་ཏེ། བུམ་པ་ཡིན་པའི་ཕྱིར་ཏེ། བུམ་པ་མ་


DLL1004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་དེ་བུམ་པ་མ་ཡིན་པར་ཐལ་བུམ་པ་མ་ཡིན་པས་ལོག་པ་དེ་བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པའི་ཕྱིར་ཏེ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་བུམ་པ་འཕེན་པའི་ཕྱིར། རྟགས་གྲུབ་སྟེ། བུམ་པ་མིན་ལས་ལོག་པ་ཞེས་པའི་སྒྲས་བུམ་པ་ཤུགས་ལ་བརྗོད་པའི་ཕྱིར་ཏེ། བུམ་པ་དང་བུམ་མིན་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེས་ལྡོག་པ་མེད་དགག་གི་གཞན་སེལ་དེ་དངོས་མེད་ཡིན་པར་བསྟན་པ་ཙམ་ཡིན་པའི་ཕྱིར། བློའི་གཞན་སེལ་གྱི་མཚན་ཉིད། མ་ཡིན་དགག་གི་གཞན་སེལ་གང་ཞིག །རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་པ། དཔེར་ན། རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུའོ། །དེ་ལ་ཅིའི་ཕྱིར་གཞན་སེལ་ཞེས་བྱ་ཞེ་ན། འདིས་གཞན་སེལ་བར་བྱེད་པའི་ཕྱིར་གཞན་སེལ་ཞེས་བྱ་སྟེ། ཤཱཀྱ་བློས། གསུམ་པ་ནི་འདིས་གཞན་སེལ་བར་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་བློ་ལ་སྣང་བ་ཡིན་ཏེ། གང་བསྟན་བཅོས་མཛད་པས་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བཞེད་པ་ཞེས་བྱ་བ་འདི་ཡིན་ནོ། །ཞེས་གསུངས་སོ། །ཁ་ཅིག །རྟོག་པ་ལ་བུམ་པར་སྣང་བ་ལྟ་བུ་བློའི་གཞན་སེལ་ཡིན་ཞེས་སྨྲ་བ་མི་འཐད་དེ། དགག་པ་མ་ཡིན་པའི་ཕྱིར། ཁ་ཅིག །འདི་དགག་པ་ཡིན་ཏེ། བློ་ལ་འཆར་བ་ན་དགག་བྱ་བཅད་པའི་རྣམ་པ་ཅན་དུ་འཆར་བའི་ཕྱིར་ཏེ། དེ་དངོས་སུ་འཇལ་བའི་བློ་ཡིན་ན་རྟོག་པ་ཡིན་དགོས་པ་གང་ཞིག །རྟོག་པ་ལ་དགག་བྱ་བཅད་པའི་རྣམ་པ་ཅན་དུ་


DLL1004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་ཕྱིར། དེས་ན་དངོས་མེད་ཡིན་ན་དགག་པ་ཡིན་དགོས་ཞེས་ཟེར་རོ། །འོ་ན་བློ་ཆོས་ཅན། རྟོག་པ་ཡིན་པར་ཐལ། རྟོག་པ་ལ་བུམ་པར་སྣང་བ་དངོས་སུ་འཇལ་བའི་བློ་ཡིན་པའི་ཕྱིར། རི་བོང་རྭ་ཆོས་ཅན། དགག་པ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། འདོད་ན། གཞན་སེལ་ཡིན་པར་ཐལ་ལོ། །འོ་ན་བུམ་པ་ལྟ་བུ་ལ་གཞན་སེལ་གསུམ་ཇི་ལྟར་ཡིན་ཅེ་ན། གཞན་བསལ་བའི་གཞི་དང་། གཞན་བསལ་བའི་ཆ་དང་། གཞན་སེལ་བར་བྱེད་པ་གསུམ་ཡོད་པས་སོ། །གསུམ་པོ་དེ་ལ་ལས་དང་བྱ་བ་དང་བྱེད་པའི་ཁྱད་པར་ཡོད་ཀྱང་། བུམ་གསལ་གྱི་སྤྱི་ཡིན་པ་ལ་ཁྱད་པར་མེད་དེ། གསུམ་གའང་བུམ་གསལ་ཐམས་ཅད་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་ཕྱིར་རོ། །འོ་ན་གཞན་སེལ་ལ་གསུམ་དུ་གྲངས་ངེས་པ་ཇི་ལྟར་ཡིན་ཞེ་ན། གཞན་སེལ་ལ་གསུམ་དུ་གྲངས་ངེས་ཏེ། གཞན་སེལ་ལ་མེད་དགག་དང་མ་ཡིན་དགག་གཉིས་སུ་འདུས་ཤིང་། མ་ཡིན་དགག་ལ་ཡང་རྟོག་པས་སྒྲོ་མ་བཏགས་པར་དོན་རང་ངོས་ནས་གྲུབ་པ་དང་། རྟོག་པས་སྒྲོ་བཏགས་པ་གཉིས་སུ་ངེས་པའི་ཕྱིར་རོ། །གསུམ་པ་སེལ་འཇུག་གི་མཚན་ཉིད་དབྱེ་བ་དང་བཅས་པ་ལ་གཉིས། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། སེལ་འཇུག་གི་མཚན་ཉིད། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ། གཉིས་པ་ལ་གཉིས། རྟོག་པ་དང་། རྗོད་བྱེད་ཀྱི་སྒྲའོ། །དང་པོ་ནི། རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ། སྒྲ་དོན་འདྲེས་རུང་བ་དང་། འདྲེས་པའི་ཚད་དང་། རུང་བ་སྨོས་པའི་དགོས་པ་རྣམས་སྔར་བཤད་ཟིན་ཏོ། །དབྱེ་ན། དོན་སྦྱོར་རྟོག་པ་དང་། མིང་སྦྱོར་རྟོག་པ་གཉིས། དོན་སྦྱོར་རྟོག་པའི་མཚན་ཉིད། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་བློ། དཔེར་ན་སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པའི་བློ་ལྟ་བུའོ། །མིང་སྦྱོར་རྟོག་


DLL1004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད། བརྡ་དུས་ཀྱི་མིང་དང་ཐ་སྙད་ཀྱི་དུས་ཀྱི་དོན་སྦྱར་ནས་འཛིན་པའི་ཤེས་པ། དཔེར་ན་ལྟོ་ལྡིར་བ་ལ་བུམ་པར་འཛིན་པའི་བློ་ལྟ་བུ། དེ་གཉིས་འགལ་བ་ནི་མིན་ནོ། །ཡང་རྟོག་པ་ལ་དབྱེ་ན། བརྡ་རྟེན་ཅན་གྱི་རྟོག་པ་དང་། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང་། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་དང་གསུམ་མོ། །དང་པོ་ནི། བུམ་འཛིན་རྟོག་པ་ལྟ་བུའོ། །གཉིས་པ་ནི། སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་ལྟ་བུའོ། །གསུམ་པ་ནི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། །གཉིས་པ་རྗོད་བྱེད་ཀྱི་སྒྲ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི་རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། བརྡའི་དབང་གིས་རང་གི་བརྗོད་བྱ་གོ་བྱེད། གཉིས་པ་ལ་བཞི། ངོ་བོའི་སྒོ་ནས་དབྱེ་བ། བརྗོད་བྱའི་སྒོ་ནས་དབྱེ་བ། རྗོད་ཚུལ་གྱི་སྒོ་ནས་དབྱེ་བ། རྣམ་གཅོད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་མིང་ཚིག་ཡི་གེ་གསུམ་ལས་མིང་གི་མཚན་ཉིད། དོན་གྱི་ངོ་བོ་ཙམ་རྗོད་པའི་སྒྲ། དབྱེ་ན་དངོས་མིང་དང་། བཏགས་མིང་གཉིས། དངོས་མིང་གི་མཚན་ཉིད། དོན་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །ཁྱོད་ལས་དོན་དེ་འཁྲུལ་མེད་དུ་གོ་བར་ནུས་པ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུའོ། །བཏགས་མིང་གི་མཚན་ཉིད། དངོས་མིང་དུ་འཇུག་པའི་དོན་དང་འདྲ་བའམ་འབྲེལ་བ་གང་རུང་རྒྱུ་མཚན་དུ་བྱས་ནས་གཞི་དེ་ལ་ཕྱིས་བརྡ་སྦྱར་བའི་མིང་། དབྱེ་ན། འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས། དང་པོ་ལ་དེ་བྱུང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་། བདག་གཅིག་འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ལ་རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ་གཉིས། དཔེ་རིམ་


DLL1004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། ཉི་མའི་འོད་ཟེར་ལ་ཉི་མ་ཞེས་པ་དང་། སྒྲུབ་ངག་ལ་རྗེས་དཔག་ཅེས་བརྗོད་པ་བཞིན་ནོ། །བདག་གཅིག་འབྲེལ་བ་རྒྱུ་མཚན་དུ་བྱས་པ་ནི། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པ་སྒྲ་ལ་བསྒྲུབ་པའི་མིང་གིས་བརྗོད་པ་ལྟ་བུའོ། །འདྲ་བ་རྒྱུ་མཚན་དུ་བྱས་པ་ནི། མི་དཔའ་བོ་ལ་སེང་གེ་ཞེས་བརྗོད་པ་ལྟ་བུའོ། །འོ་ན་ཡུལ་མིའི་འདོད་དོན་སྒྲུབ་ནུས་ཀྱི་མི་རྒན་ལ་གཙོ་བོ་ཞེས་པའི་སྒྲ་བཏགས་མིང་དུ་མི་འཇུག་པར་ཐལ། དེ་གཙོ་བོ་དང་འདྲ་བ་དང་འབྲེལ་བ་གང་རུང་མ་ཡིན་པའི་ཕྱིར་ཏེ། གཙོ་བོ་གཞི་མ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གྲངས་ཅན་གྱིས་གཙོ་བོས་རྣམ་འགྱུར་ཐམས་ཅད་བྱེད་པར་འདོད་པ་དང་འདྲ་བར་འདིས་ཀྱང་ཡུལ་མིའི་འདོད་དོན་ཐམས་ཅད་སྒྲུབ་པར་བྱེད་པས་གཙོ་བོ་ཞེས་བཏགས་པ་ཡིན་པའི་ཕྱིར་རོ། །ཚིག་གི་མཚན་ཉིད། དོན་གྱི་ངོ་བོ་དང་ཁྱད་ཆོས་སྦྱར་ནས་སྟོན་པའི་སྒྲ། དཔེར་ན། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་བས་མྱུར་དུ་ཞི་ན་བདེ། །ཞེས་པ་ལྟ་བུའོ། །ཡི་གེའི་མཚན་ཉིད། མིང་ཚིག་གི་གཞིར་གྱུར་པའི་སྐད་ཀྱི་གདངས། དབྱེ་ན། དབྱངས་དང་། །གསལ་བྱེད་གཉིས། དབྱངས་ནི་ཨ་ཨཱ་ལ་སོགས་པའོ། །གསལ་བྱེད་ནི། ཀ་ཁ་ལ་སོགས་པའོ། ཁ་ཅིག་ན་རེ། ཡི་གེ་ཡིན་ན་དོན་མི་སྟོན་པས་ཁྱབ་སྟེ། ཡི་གེ་དོན་མེད་ཅན་འགྱུར་ཞིང་། ཞེས་གསུངས་པའི་ཕྱིར་ཞེ་ན། མི་འཐད་དེ། མཛོད་འགྲེལ་ལས། མིང་གི་མཐར་ཐུག་པ་ལ་ཡི་གེ་དང་དེ་ཡང་བ་ལང་ཞེས་པ་ལྟ་བུ་ལ་དཔེར་མཛད་པས་སོ། ཁ་ཅིག་ན་རེ། མིང་ཚིག་ཡི་གེ་འདི་དག་རྫས་སུ་མ་གྲུབ་སྟེ། རྒྱུན་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུན་དངོས་མེད་ཡིན་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །


DLL1004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། འོ་ན་མིང་ཚིག་ཡི་གེ་ཆོས་ཅན། ཕུང་པོ་མ་ཡིན་པར་ཐལ། རྫས་སུ་མ་གྲུབ་པའི་ཕྱིར། གལ་ཏེ་མིང་ཚིག་ཡི་གེ་གང་རུང་ཡིན་ན་རྫས་སུ་མ་གྲུབ་པས་ཁྱབ་སྟེ། དེ་དག་ཡིན་ན། རྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ་ཅིང་། སྒྲ་རང་མཚན་གྱིས་དོན་སྟོན་མི་ནུས་པའི་ཕྱིར་ཏེ། ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པའི་ཕྱིར། དེས་ན་དོན་སྤྱི་ཁོ་ན་བརྗོད་བྱ་དང་སྒྲ་སྤྱི་ཁོ་ན་རྗོད་བྱེད་ཡིན་ནོ་ཞེས་ཟེར། ཡི་གེ་ཆོས་ཅན། ཀུན་སློང་གི་ཤེས་པ་ལ་སྐྱེ་བ་མ་ཡིན་པར་ཐལ། རྫས་སུ་མ་གྲུབ་པའི་ཕྱིར། འདོད་ན། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་གསུངས་པ་དང་འགལ་ལོ། །ཤེས་བྱ་ཆོས་ཅན། རྫུན་ཚིག་གིས་འབྲས་བུ་མི་སྐྱེད་པར་ཐལ། ཚིག་ཡིན་ན་རྫས་སུ་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། རྫུན་ཚིག་གིས་རྣམ་སྨིན་དང་རྒྱུ་མཐུན་དང་བདག་པོའི་འབྲས་བུ་གསུམ་འབྱིན་པར་གསུངས་པའི་ཕྱིར་རོ། །གཞན་ཡང་། སྒྲ་མི་རྟག་ཅེས་པའི་ཚིག་དེ་རང་སྨྲ་བ་པོའི་རྒྱུད་ལ་ཀུན་སློང་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་ན་རྫས་སུ་གྲུབ་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །བསམ་པ་སྟོན་པར་བྱེད་པ་ལ། །ཚད་ཡིན་ཞེས་གསུངས་པས་སོ། །དེ་ལྟ་མིན་ན། དུ་བ་ཡང་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་ཞེས་མཚུངས་སོ། །གཞན་ཡང་། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་དེ་རང་རྒྱུ་རྐྱེན་གསུམ་ལས་མ་སྐྱེས་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་ན་རྫས་སུ་མ་གྲུབ་དགོས་པའི་ཕྱིར། གལ་ཏེ་མིང་ཚིག་རྫས་སུ་གྲུབ་ན། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །


DLL1004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡི་ནི་འབྲེལ་པ་འདི། །ཇི་ལྟ་བུར་ནི་འཇུག་པར་འགྱུར། །ཞེས་གསུངས་པ་དང་འགལ་ལོ། །ཞེ་ན། དེའི་དོན་ཚིག་སོགས་རང་གི་བརྗོད་བྱའི་རྗོད་བྱེད་ཡིན་པ་རྟོག་པས་ཀུན་བཏགས་པའི་དངོས་མེད་ཡིན་པས་ཚིག་སོགས་དང་རང་གི་བརྗོད་བྱའི་འབྲེལ་བ་དངོས་པོར་ཇི་ལྟར་གྲུབ་ཅེས་པ་ཡིན་པའི་ཕྱིར་རོ། །འོ་ན་ཚིག་ཆོས་ཅན། རང་གི་བརྗོད་བྱའི་རྗོད་བྱེད་ཡིན་པ་དངོས་པོར་ཐལ། རང་གི་བརྗོད་བྱའི་རྗོད་བྱེད་ཡིན་པ་གང་ཞིག །དངོས་པོ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། བུམ་པ་ཞེས་པའི་སྒྲ་ལྟོ་ལྡིར་བའི་རྗོད་བྱེད་ཡིན་ཞིང་དངོས་པོ་ཡིན་ཡང་བུམ་པ་ཞེས་པའི་སྒྲ་ལྟོ་ལྟིར་བའི་རྗོད་བྱེད་ཡིན་པ་དངོས་པོ་མ་ཡིན་པའི་ཕྱིར། གལ་ཏེ་དངོས་པོ་ཡིན་ན་བུམ་པ་ཞེས་པའི་སྒྲ་ལྟོ་ལྡིར་བའི་རྗོད་བྱེད་ཡིན་པ་དེ་དངོས་པོ་ཡིན་པའི་ཕྱིར་དཔེར་ན། སྒྲ་མི་རྟག་པ་དངོས་པོ་ཡིན་པས་དེ་སྒྲ་འཛིན་ཉན་ཤེས་ལ་སྣང་བ་བཞིན། འདོད་ན། བུམ་པ་ཞེས་པའི་སྒྲའི་རྗེས་སུ་འབྲངས་པའི་རྟོག་པས་བུམ་པ་ཞེས་པའི་སྒྲ་ལྟོ་ལྡིར་བའི་རྗོད་བྱེད་ཡིན་པ་དེ་ངེས་པར་ཐལ། འདོད་པ་དེ་གང་ཞིག །བུམ་པ་ཞེས་པའི་སྒྲ་ལྟོ་ལྡིར་བའི་རྗོད་བྱེད་ཡིན་པ་དེ་མཐོང་ཡང་ཡིད་གཏད་པས་ངེས་མི་ནུས་པའི་སྒྲ་མི་རྟག་པ་ལྟ་བུ་མ་ཡིན་པའི་ཕྱིར། འདོད་ན། ལྟོ་ལྟིར་བའི་སྟེང་དུ་བུམ་པའི་ཐ་སྙད་ལ་རྨོངས་པའི་གང་ཟག་མི་སྲིད་པར་ཐལ་ལོ། །ལྟོ་ལྡིར་བ་ལ་བུམ་པ་ཞེས་པ་བརྡ་སྦྱོར་བ་དོན་མེད་དུ་ཐལ་ལོ། །དེ་བཞིན་དུ་ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་ཞིང་དངོས་པོ་ཡིན་ཡང་ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པའང་དངོས་པོ་མིན་ནོ། །གལ་ཏེ་དངོས་


DLL1004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་ན་ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་དེ་ལྟོ་ལྡིར་བ་འཛིན་པའི་མངོན་སུམ་ལ་སྣང་བ་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་དངོས་པོ་ཡིན་པའི་ཕྱིར། འདོད་ན། ལྟོ་ལྡིིར་བ་འཛིན་པའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་རྟོག་པས་ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་དེ་ངེས་པར་ཐལ། དེ་དེ་ལ་སྣང་བ་གང་ཞིག །ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་དེ་མཐོང་ཡང་ཡིད་གཏད་པས་ངེས་མི་ནུས་པའི་སྒྲ་མི་རྟག་པ་ལྟ་བུ་མ་ཡིན་པའི་ཕྱིར་འདོད་ན། ལྟོ་ལྡིར་བ་དང་བུམ་པ་ཞེས་པའི་བརྡ་འབྲེལ་མི་ཤེས་པའི་གང་ཟག་གི་ལྟོ་ལྡིར་བ་མཐོང་བ་ན་འདི་བུམ་པའོ་སྙམ་པའི་བློ་སྐྱེ་བར་ཐལ་ལོ། །གཉིས་པ་བརྗོད་བྱའི་སྒོ་ནས་དབྱེ་ལ། རིགས་བརྗོད་ཀྱི་སྒྲ་དང་། ཚོགས་བརྗོད་ཀྱི་སྒྲ་གཉིས། རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཚིག་རང་གིས་དངོས་སུ་ཟིན་པར་བསྟན་པའི་བརྗོད་བྱ་དེའི་བྱེ་བྲག་དུ་མ་གྲུབ་པ། དཔེར་ན། ཤེས་བྱ་ཞེས་པ་ལྟ་བུའོ། །ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཚིག་རང་གིས་དངོས་སུ་ཟིན་པར་བསྟན་པའི་བརྗོད་བྱ་དེ་རགས་པ་ཡིན་པ། དཔེར་ན་བུམ་པ་ཞེས་པ་ལྟ་བུའོ། །འོ་ན་སྒྲ་དེ་གཉིས་འགལ་ལམ་མི་འགལ་ཞེ་ན། གཞི་གཅིག་ལ་ལྟོས་ནས་འགལ་བ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་དེ་གསེར་བུམ་ལ་ལྟོས་ནས་རིགས་བརྗོད་ཡིན་ལ་ཚོགས་བརྗོད་ཡིན་པ་མི་སྲིད་དེ། བུམ་གཟུགས་ལ་ལྟོས་ནས་ཚོགས་བརྗོད་ཡིན་ལ་རིགས་བརྗོད་ཡིན་པ་མི་སྲིད་པའི་ཕྱིར། གཞི་སོ་སོ་ལ་ལྟོས་ནས་མི་འགལ་ཏེ། བུམ་པ་ཞེས་པའི་སྒྲ་དེ་གསེར་བུམ་ལ་ལྟོས་ནས་རིགས་བརྗོད་དང་བུམ་གཟུགས་ལ་ལྟོས་ནས་ཚོགས་བརྗོད་ཡིན་པའི་ཕྱིར་ཏེ། གསེར་བུམ་དེ་བུམ་པའི་བྱེ་བྲག་ཡིན་ལ་བུམ་པ་དེ་བུམ་པའི་གཟུགས་སོགས་རྫས་བརྒྱད་ཚོགས་


DLL1004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པའི་ཕྱིར། སྤྱིར་རིགས་བརྗོད་དང་ཚོགས་བརྗོད་ལ་མུ་བཞི་སྟེ། གཉིས་ཀ་ཡིན་པ་ནི་བུམ་པ་ཞེས་པའི་སྒྲ་ལྟ་བུ་ཡིན་ཏེ། བུམ་པའི་བྱེ་བྲག་ཏུ་མ་གྲུབ་ཅིང་བུམ་པ་དེ་རགས་པ་ཡིན་པའི་ཕྱིར་རོ། །གཉིས་ཀ་མིན་པ་ནི་རི་བོང་གི་རྭ་ཞེས་པ་ལྟ་བུའོ། །རིགས་བརྗོད་ཡིན་ལ་ཚོགས་བརྗོད་མིན་པ་ནི་བདེ་བ་ཞེས་པ་ལྟ་བུ་སྟེ། བདེ་བའི་བྱེ་བྲག་དུ་མ་གྲུབ་ཅིང་བདེ་བ་དེ་རགས་པ་མ་ཡིན་པའི་ཕྱིར། ཚོགས་བརྗོད་ཡིན་ལ་རིགས་བརྗོད་མ་ཡིན་པ་ནི་རི་བོ་གངས་ཅན་དང་འབིགས་བྱེད་ཅེས་པ་ལྟ་བུ་སྟེ། དེ་གཉིས་རགས་པ་ཡིན་ཞིང་དེ་གཉིས་ཀྱི་བྱེ་བྲག་མ་གྲུབ་པའི་ཕྱིར་རོ། །དེ་ཡང་ཕྱི་རོལ་པ་རྣམས་ཀྱི་རིགས་བརྗོད་ཀྱི་སྒྲས་རིགས་དོན་གཞན་དང་ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་དོན་གཞན་བརྗོད་པར་འདོད་པ་བཀག་ནས། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་ལ་ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་ཡིན་ནོ། །ཞེས་བསྟན་ཏོ། །འོ་ན་རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བའི་དོན་ཅི་ཡིན་ཞེ་ན། འདི་ལ་ཁ་ཅིག་ན་རེ། རིགས་བརྗོད་ཀྱི་སྒྲས་རིགས་ཅན་ཐམས་ཅད་བརྗོད་བྱར་བྱས་པས་ཁྱབ། ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་མ་བྱས་པས་ཁྱབ་པའི་དོན་ཡིན་ནོ་ཞེ་ན། ཤེས་བྱ་ཞེས་པའི་སྒྲས་གསེར་བུམ་བརྗོད་པར་ཐལ། རིགས་བརྗོད་ཀྱི་སྒྲས་རིགས་ཅན་ཐམས་ཅད་བརྗོད་བྱར་བྱས་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་རྟོག་སེལ་འཇུག་མ་ཡིན་པར་ཐལ་ལོ། །གཞན་ཡང་། བུམ་པ་ཞེས་པའི་སྒྲའི་རྗེས་སུ་འབྲངས་པའི་རྟོག་པས་བུམ་གསལ་ཐམས་ཅད་ཡུལ་དུ་བྱས་པར་ཐལ། བུམ་པ་ཞེས་པའི་སྒྲས་བུམ་གསལ་ཐམས་ཅད་བརྗོད་པའི་ཕྱིར། རང་ལུགས་ནི་བུམ་གསལ་ཐམས་ཅད་ལ་བུམ་པ་ཞེས་པའི་སྒྲ་དོན་མཐུན་དུ་འཇུག་པས། བུམ་པ་ཞེས་པའི་སྒྲས་


DLL1004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གསལ་ཐམས་ཅད་བརྗོད་བྱར་མི་སྤོང་བ་དང་། བུམ་གཟུགས་སོགས་ལ་བུམ་པ་ཞེས་པའི་སྒྲ་དོན་མཐུན་དུ་མི་འཇུག་པས། བུམ་པ་ཞེས་པའི་སྒྲས་བུམ་གཟུགས་བརྗོད་བྱར་སྤོང་ཞེས་བརྗོད་པ་མིན་ནོ། །གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་བ་ལ། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཡོད་པ་ལས། འདི་ལ་ཁ་ཅིག །སྒྲའི་མི་རྟག་པ་ཙམ་ཤེས་པར་འདོད་ནས་དྲིས་པའི་ཚེ། སྒྲའི་མི་རྟག་པ་ཞེས་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་ཡིན་ཏེ། ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར་ཏེ། རྟོག་པ་ལ་སྒྲ་དེ་མི་རྟག་པ་ལས་ཁྱད་ཆོས་གཞན་བྱས་སོགས་ཀྱི་རྟེན་དུ་མི་རུང་བར་སྣང་བའི་སྒོ་ནས་སྒྲ་ལ་མི་རྟག་པ་གོ་བྱེད་ཀྱི་ངག་ཡིན་པའི་ཕྱིར། ཡང་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པའི་ཚེ་སྒྲ་མི་རྟག་ཅེས་པའི་ངག་ཆོས་ཅན། ཆོས་ཅན་བརྗོད་པའི་སྒྲ་ཡིན་ཏེ། ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར་ཏེ། རྟོག་པ་ལ་སྒྲ་དེ་མི་རྟག་པ་ལས་ཁྱད་ཆོས་གཞན་བྱས་སོགས་ཀྱི་རྟེན་དུ་རུང་བར་སྣང་བའི་སྒོ་ནས་སྒྲ་ལ་མི་རྟག་པ་གོ་བྱེད་ཀྱི་ངག་ཡིན་པའི་ཕྱིར་ཏེ། དེས་ན་བུམ་པ་ཞེས་པའ་ིསྒྲས་བུམ་པའི་ཁྱད་ཆོས་ཐམས་ཅད་མི་སྤོང་བར་བརྗོད་བྱར་བྱེད་ལ། བུམ་པའི་གཟུགས་ཞེས་པའི་སྒྲས་བུམ་པའི་དྲི་རོ་སོགས་ཁྱད་ཆོས་གཞན་རྣམས་སྤོང་ཞིང་བརྗོད་བྱར་མི་བྱེད་དོ་ཞེས་ཟེར། འོ་ན་བུམ་པའི་ཁྱད་ཆོས་ཡིན་ན། བུམ་འཛིན་རྟོག་པས་རྟོགས་དགོས་པར་ཐལ། བུམ་པའི་ཁྱད་ཆོས་ཡིན་ན་བུམ་པ་ཞེས་པའི་སྒྲས་བརྗོད་དགོས་པའི་ཕྱིར་རོ། ཁྱབ་སྟེ། སྒྲ་རྟོག་འཇུག་པ་གཅིག་པའི་ཕྱིར་ཏེ། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང་། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་སོ། །འདོད་ན། བུམ་པ་ཚད་མས་གྲུབ་པའི་རྗེས་སུ་བུམ་པ་མི་རྟག་པ་དང་བདག་


DLL1004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སོགས་པར་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ་ལོ། །གཞན་ཡང་། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བུམ་གཟུགས་བརྗོད་བྱར་བྱེད་པ་མིན་པར་ཐལ། ཁྱོད་བུམ་གཟུགས་ལ་ལྟོས་ཏེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་ལ། ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་དེ་རིགས་བརྗོད་ཀྱི་སྒྲ་དང་ཚོགས་ བརྗོད་ཀྱི་སྒྲའི་ཁྱད་པར་ཡིན་པའི་ཕྱིར། ཡང་ཁ་ཅིག །ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲའི་ཁྱད་པར་གཞི་དེ་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བར་བརྗོད་པ་དང་རུང་བར་བརྗོད་པ་ལ་འདོད་པའང་མི་འཐད་དེ། ཆོས་བརྗོད་ཀྱི་སྒྲ་ཡིན་ན་སྒྲ་དོན་མི་མཐུན་པ་ཡིན་པས་ཁྱབ་པར་ཐལ། ཆོས་བརྗོད་ཀྱི་སྒྲ་ཡིན་ན་གཞི་དེ་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བར་བརྗོད་པ་གང་ཞིག །དངོས་སུ་བརྗོད་པའི་ཁྱད་ཆོས་གཅིག་པོ་དེ་ལས་གཞན་པའི་ཁྱད་ཆོས་ཀྱི་རྟེན་དུ་མི་རུང་བའི་ཆོས་མི་སྲིད་པའི་ཕྱིར། རང་ལུགས་ནི་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། སྨྲ་བ་པོ་དང་ཉན་པ་པོའི་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་ཆོས་ལྟ་བུར་སྟོན་པའི་སྒྲ། དཔེར་ན་བ་ལང་གི་དཀར་པོ་ཞེས་པ་ལྟ་བུའོ། །དེ་ཡང་བ་ལང་གི་དཀར་པོ་ཞེས་པའི་སྒྲ་ཆོས་ཅན། ཁྱད་པར་གཞན་སྤོང་བའི་སྒྲ་ཡིན་ཏེ། དོན་དེ་ཁྱད་ཆོས་གཞན་གྱི་རྟེན་བྱེད་པའི་ཁྱད་གཞི་ལྟ་བུར་བློ་ཡུལ་དུ་འཆར་བ་སྤངས་ནས་ཁྱད་ཆོས་ལྟ་བུར་སྟོན་པའི་ཕྱིར། དེ་ཡང་ཉན་པ་པོས་དཀར་པོ་ཞེས་པ་ཙམ་ཞིག་ཐོས་པའི་ཚེ་དཀར་པོ་དེ་དུང་དང་བ་ལང་སོགས་གང་གི་དཀར་པོ་ཡིན་སྙམ་དུ་ཤེས་པར་འདོད་ནས་དྲིས་པ་ན། འཆད་པ་པོས་བ་ལང་གི་དཀར་པོ་ཞེས་བརྗོད་པའི་ཚེ་དཀར་པོ་ཁྱད་གཞི་དང་བ་ལང་ཁྱད་ཆོས་སུ་སྟོན་པ་ཡིན་ཏེ། བ་ལང་དེ་དཀར་པོ་དུང་གི་


DLL1004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སོགས་ལས་ཁྱད་པར་དུ་བྱེད་པའི་བྱེད་ཆོས་སུ་སྟོན་པའི་ཕྱིར། ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། སྨྲ་བ་པོ་དང་ཉན་པ་པོའི་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་གཞི་ལྟ་བུར་སྟོན་པའི་སྒྲ། དཔེར་ན། བ་ལང་དཀར་པོ་ཞེས་པ་ལྟ་བུའོ། །བ་ལང་དཀར་པོ་ཞེས་པའི་སྒྲ་ཆོས་ཅན། ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་ཏེ། དོན་དེ་ཁྱད་ཆོས་གཞན་གྱི་རྟེན་བྱེད་པའི་ཁྱད་གཞི་ལྟ་བུར་བློའི་ཡུལ་དུ་འཆར་བ་མི་སྤོང་བར་ཁྱད་གཞི་ལྟ་བུར་བློའི་ཡུལ་དུ་སྟོན་པའི་ཕྱིར། དེ་ཡང་ཉན་པ་པོས་བ་ལང་ཞེས་ཐོས་པའི་ཚེ་བ་ལང་སྔོན་པོ་དང་དཀར་པོ་གང་ཡིན་སྙམ་དུ་ཤེས་པར་འདོད་ནས་དྲིས་པ་ན། འཆད་པ་པོས་བ་ལང་དཀར་པོ་ཞེས་བརྗོད་པའི་ཚེ་བ་ལང་ཁྱད་གཞི་དང་དཀར་པོ་ཁྱད་ཆོས་སུ་སྟོན་པ་ཡིན་ཏེ། དཀར་པོ་དེ་བ་ལང་སྔོན་པོ་སོགས་ལས་ཁྱད་པར་དུ་བྱེད་པའི་བྱེད་ཆོས་སུ་སྟོན་པའི་ཕྱིར། དེས་ན་བ་ལང་གི་དཀར་པོ་དང་བ་ལང་དཀར་པོ་ཞེས་བརྗོད་པའི་ཚེ། བ་ལང་ཞེས་པའི་ཚིག་གཉིས་ཀས་བ་ལང་གི་ལྡོག་པ་གཅིག་བརྗོད་པར་ཁྱད་པར་མེད་ཀྱང་། བ་ལང་གི་དཀར་པོ་ཞེས་པའི་ཚིག་ཟུར་གྱི་བ་ལང་ཞེས་པའི་སྒྲས་བ་ལང་ཁྱད་ཆོས་སུ་བརྗོད་པས་བ་ལང་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲ་དང་། བ་ལང་དཀར་པོ་ཞེས་པའི་ཚིག་ཟུར་གྱི་བ་ལང་ཞེས་པའི་སྒྲས་བ་ལང་ཁྱད་གཞིར་བརྗོད་པ་བ་ལང་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲ་ཡིན་ནོ། །དེ་ལྟར་ན། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། ཞེས་སོགས་ཀྱི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །འདི་མ་གོ་བར་བ་ལང་གི་དཀར་པོ་ཞེས་པའི་སྒྲས་ཀྱང་བ་ལང་ཁྱད་གཞི་དང་དཀར་པོ་ཁྱད་ཆོས་སུ་བརྗོད་པར་འདོད་པ་འདི་ཉིད་ནི་མི་འཐད་པ་ཡིན་ནོ། །བཞི་པ་རྣམ་གཅོད་ཀྱི་སྒོ་ནས་དབྱེ་བ་ལ། མི་ལྡན་རྣམ་གཅོད། གཞན་


DLL1004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམ་གཅོད། མི་སྲིད་རྣམ་གཅོད་ཀྱི་སྒྲ་དང་གསུམ་མོ། །འདི་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག །མི་ལྡན་རྣམ་གཅོད་ཀྱི་མཚན་ཉིད། ཁྱད་ཆོས་ཀྱི་རྗེས་དེ་མ་ཐག་ངེས་གཟུང་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའི་ངག །དཔེར་ན། སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པའི་ངག་ལྟ་བུའོ། །གཞན་ལྡན་རྣམ་གཅོད་ཀྱི་མཚན་ཉིད། ཁྱད་གཞིའི་རྗེས་དེ་མ་ཐག་ངེས་གཟུང་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའི་ངག །དཔེར་ན་སྒྲ་ཁོ་ན་མི་རྟག་ཅེས་པའི་ངག་ལྟ་བུའོ། །མི་སྲིད་རྣམ་གཅོད་ཀྱི་མཚན་ཉིད། བྱ་བ་སྲིད་པའི་རྗེས་དེ་མ་ཐག་ངེས་གཟུང་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའི་ངག །དཔེར་ན། བ་ལས་བེའུ་སྐྱེ་བ་སྲིད་པ་ཁོ་ན་ཞེས་པའི་ངག་ལྟ་བུ་ཞེས་ཟེར་ཞིང་། མི་ལྡན་རྣམ་གཅོད་དང་གཞན་ལྡན་གཅོད་གཉིས་འགལ་ལོ་ཞེས་ཟེར། འོ་ན་སྒྲ་ཁོ་ན་མཉན་བྱ་ཁོ་ན་ཡིན་ཞེས་པའི་ངག་ཆོས་ཅན། མི་ལྡན་རྣམ་གཅོད་ཡིན་པར་ཐལ། ཁྱད་ཆོས་ཀྱི་རྗེས་དེ་མ་ཐག་ཏུ་ངེས་གཟུང་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའི་ངག་ཡིན་པའི་ཕྱིར་ཏེ། མཉན་བྱའི་རྗེས་དེ་མ་ཐག་ཏུ་ངེས་གཟུང་སྦྱར་ནས་ཁྱད་གཞི་སྒྲ་ལ་ཁྱད་ཆོས་མཉན་བྱ་ལྡན་པར་སྟོན་པའི་ངག་ཡིན་པའི་ཕྱིར། འདོད་ན། གཞན་ལྡན་རྣམ་གཅོད་ཡིན་པར་ཐལ། ཁྱད་གཞིའི་རྗེས་དེ་མ་ཐག་ཏུ་ངེས་གཟུང་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའི་ངག་ཡིན་པའི་ཕྱིར་ཏེ། སྒྲའི་རྗེས་དེ་མ་ཐག་ཏུ་ངེས་གཟུང་སྦྱར་ནས་ཁྱད་གཞི་སྒྲ་ལ་ཁྱད་ཆོས་མཉན་བྱ་ལྡན་པར་སྟོན་པའི་ངག་ཡིན་པའི་ཕྱིར། འདོད་ན། འཁོར་གསུམ་མོ། །གཞན་ཡང་། དོན་གྱི་རྣམ་གཅོད་ཀྱིས་རྣམ་གཅོད་ཀྱི་གོ་མི་ཆོད་པར་ཐལ། རྣམ་གཅོད་ཡིན་ན་ངག་ཡིན་དགོས་


DLL1004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འདོད་ན། བྱས་པ་དེ་སྒྲ་ལ་མི་ལྡན་པ་རྣམ་པར་གཅོད་པ་མིན་པར་ཐལ་ལོ། །འདོད་ན། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ་ལོ། །གཞན་ཡང་། སྒྲ་ཁོ་ན་མི་རྟག་པ་ཡིན་ཞེས་པའི་ངག་དེ་གཞན་ལྡན་རྣམ་གཅོད་ཀྱི་ངག་མ་ཡིན་པར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་ངག་ཡིན་ན་སྨྲ་བ་པོའི་འདོད་པས་དམིགས་པའི་དོན་གྱི་འགལ་ཟླ་རྣམ་པར་གཅོད་པའི་ངག་ཡིན་དགོས་པ་གང་ཞིག །སྒྲ་ཁོ་ན་མི་རྟག་པ་ཡིན་ཞེས་པའི་ངག་དེས་མི་རྟག་པ་དེ་སྒྲ་ལས་གཞན་ལ་ལྡན་པ་རྣམ་པར་གཅོད་མི་ནུས་པའི་ཕྱིར་ཏེ། སྒྲ་ལས་གཞན་བུམ་སོགས་ཀྱང་མི་རྟག་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། མི་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་གཞི་དེ་ལས་གཞན་ལ་ལྡན་པ་མི་གཅོད་པར་ཆོས་དེ་གཞི་དེ་ལ་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ནར་སྟོན་པའི་ངག །དཔེར་ན་སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པ་ལྟ་བུའོ། །གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་གཞི་དེ་ལས་གཞན་ལ་ལྡན་པ་རྣམ་བཅད་ནས། གཞི་དེ་ལ་ལྡན་པར་སྟོན་པའི་ངག །དཔེར་ན་སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་པ་ལྟ་བུའོ། །མི་སྲིད་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་གཞི་དེ་ལ་ལྡན་མི་སྲིད་པ་རྣམ་པར་བཅད་ནས་ལྡན་སྲིད་པ་ཁོ་ནར་སྟོན་པའི་ངག །དཔེར་ན། བ་ལས་བེའུ་འབྱུང་བ་སྲིད་པ་ཁོ་ན་ཡིན་ཞེས་པ་ལྟ་བུའོ། །གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང་མི་ལྡན་རྣམ་གཅོད་ཀྱི་སྒྲ་གཉིས་འགལ་བ་ཡིན་ཏེ། ཆོས་དེ་གཞི་དེ་ལས་གཞན་ལ་ལྡན་པ་རྣམ་པར་གཅོད་པ་དང་། མི་གཅོད་པ་འགལ་བའི་ཕྱིར་རོ། །གཞན་ལྡན་རྣམ་གཅོད་དང་མི་ལྡན་རྣམ་གཅོད་ཀྱི་དོན་གཉིས་མི་འགལ་ཏེ། མཉན་བྱ་དེ་སྒྲ་ལས་གཞན་ལ་ལྡན་པ་རྣམ་པར་


DLL1004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ཡང་ཡིན་སྒྲ་ལ་མི་ལྡན་པ་རྣམ་པར་གཅོད་པ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཉན་བྱ་སྒྲའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར་རོ། །འོ་ན་ངེས་གཟུང་གི་ཚིག་དངོས་སུ་མ་སྦྱར་ཡང་རྣམ་གཅོད་གསུམ་གྱི་དོན་གོ་བ་ཡོད་དམ་ཞེ་ན། ཡོད་དེ། དཔེར་ན། འཇིག་རྟེན་ན་ནག་པ་ལས་སྲིད་སྒྲུབ་འཕོང་སྐྱེན་པར་གྲགས་ཤིང་། ནག་པ་འཕོང་སྐྱེན་མི་སྐྱེན་ཤེས་པར་འདོད་ནས་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་པའི་ངག་དེ་མི་ལྡན་རྣམ་གཅོད་ཡིན་གྱི་གཞན་ལྡན་རྣམ་གཅོད་མ་ཡིན་ཏེ། ནག་པ་ལས་གཞན་ལ་འཕོང་སྐྱེན་པ་གཅོད་མི་ནུས་པའི་ཕྱིར། མི་སྲིད་རྣམ་གཅོད་མ་ཡིན་ཏེ། མི་སྲིད་པ་གཅོད་མི་དགོས་པའི་ཕྱིར་རོ། །འཇིག་རྟེན་ན་རྒྱལ་པོ་སྲིད་སྒྲུབ་འཕོང་སྐྱེན་པར་ནི་གྲགས་ཤིང་། དེ་བས་ཀྱང་འཕོང་སྐྱེན་པ་ཡོད་མེད་ཐེ་ཚོམ་ཟ་ནས་དྲིས་པའི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་ངག་དེ་གཞན་ལྡན་གཅོད་ཡིན་གྱི་མི་ལྡན་རྣམ་གཅོད་དང་མི་སྲིད་གཅོད་མིན་ཏེ། མི་ལྡན་པ་དང་མི་སྲིད་པ་གཅོད་མི་དགོས་པའི་ཕྱིར། མཚོ་སྐྱེས་ལ་སྔོན་པོ་ཡིན་པས་མ་ཁྱབ་ཅིང་མཚོ་སྐྱེས་ལས་གཞན་ལ་སྔོན་པོ་མཐོང་བའི་གང་ཟག་གིས་མཚོ་སྐྱེས་ལ་སྔོན་པོ་སྲིད་དམ་མི་སྲིད་ཐེ་ཚོམ་ཟ་ནས་དྲིས་པའི་ཚེ། མཚོ་སྐྱེས་སྔོན་པོ་སྲིད་ཅེས་པའི་ངག་དེ་མི་སྲིད་རྣམ་གཅོད་ཡིན་གྱི་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་མིན་ཏེ། དེ་གཉིས་རྣམ་པར་གཅོད་མི་ནུས་པའི་ཕྱིར། ༧༤༽ སྤྱི་དང་བྱེ་བྲག་བཤད་པ། བདུན་པ་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་བ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱིའི་མཚན་ཉིད། རང་གི་གསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པ། སྤྱི་དངོས་པོར་མེད་ཀྱང་སྤྱི་ཡིན་ན་དངོས་པོར་མེད་པས་མི་ཁྱབ་ཅིང་། སྤྱི་དེ་སྤྱི་མཚན་ཡིན་ཡང་སྤྱི་ཡིན་ན་སྤྱི་མཚན་ཡིན་པས་མ་ཁྱབ་སྟེ། རྒྱུ་མཚན་སྔར་


DLL1004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་པའི་ཕྱིར་རོ། །སྤྱི་ལ་དབྱེ་ན། རིགས་སྤྱི། ཚོགས་སྤྱི། དོན་སྤྱི་དང་གསུམ། རིགས་སྤྱིའི་མཚན་ཉིད། རང་གི་བྱེ་བྲག་དུ་མ་གྲུབ་པ། དཔེར་ན། ཤེས་བྱ་ལྟ་བུ། ཚོགས་སྤྱིའི་མཚན་ཉིད། ཡ་གྱལ་དུ་མ་འདུས་པ། དཔེར་ན། བུམ་པ་ལྟ་བུའོ། །དོན་སྤྱིའི་མཚན་ཉིད། རང་འཛིན་རྟོག་པས་ཞེན་སྟངས་གང་ལ་ཞུགས་པའི་དོན་དེ་དང་གཅིག་མ་ཡིན་ཡང་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས། དཔེར་ན། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུའོ། །གཉིས་པ་ནི། ཆོས་དེའི་བྱེ་བྲག་གི་མཚན་ཉིད། ཆོས་དེ་ཡིན། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་ཞེས་བྱའོ། ། ༧༥༽ བདེན་གཉིས་བཤད་པ། བརྒྱད་པ་བདེན་པ་གཉིས་བཤད་པ་ལ་གཉིས། སོ་སོའི་འདོད་པ་དང་། ཉམས་སུ་ལེན་པའི་རིམ་པའོ། །དང་པོ་ལ་གསུམ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་དང་། སེམས་ཙམ་པའི་ལུགས་སོ། །དང་པོ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་གཞིག་པས་དེར་འཛིན་གྱི་བློ་འདོར་བའི་ཆོས། དེ་ཡང་བཅོམ་པས་དེར་འཛིན་གྱི་བློ་འདོར་བ་ནི་བུམ་པ་ལྟ་བུ་ཡིན་ཏེ། བུམ་པ་ཐོ་བས་བཅོམ་པ་ན་བུམ་པར་འཛིན་པའི་བློ་འདོར་བའི་ཕྱིར། བློས་གཞིག་པས་དེར་འཛིན་གྱི་བློ་འདོར་བ་ནི་ཆུ་ལྟ་བུ་ཡིན་ཏེ། ཆུ་ལ་གཟུགས་དྲི་སོགས་བློས་སོ་སོར་བསལ་ནས། ཞིག་པ་ན་ཆུར་འཛིན་པའི་བློ་འདོར་བའི་ཕྱིར། དོན་དམ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་གཞིག་པས་དེར་འཛིན་གྱི་བློ་མི་འདོར་བའི་ཆོས། དཔེར་ན། སྔོན་པོའི་རྡུལ་ཕྲ་རབ་དང་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ནོ། །དེ་སྐད་དུའང་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་


DLL1004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཏུ། ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་སོ། །ཁ་ཅིག །བྱེ་བྲག་ཏུ་སྨྲ་བས་རགས་པ་དང་རྒྱུན་ཡིན་ན་བདེན་མེད་དུ་རྟོགས་པ་ལ་དབུ་མ་བ་དང་ཁྱད་པར་མེད་ལ། བྱེ་བྲག་ཏུ་སྨྲ་བས་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་བདེན་པར་འདོད་ཅིང་། དབུ་མ་བས་དེ་ཡང་བདེན་མེད་དུ་རྟོགས་པའི་ཁྱད་པར་ཡོད་དེ། འཇུག་པར། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །ཞེས་དངོས་སྨྲ་བ་རང་ལ་གྲགས་པ་དཔེར་བཀོད་ནས། དངོས་པོ་ཐམས་ཅད་བདེན་མེད་དུ་བསྒྲུབས་པའི་ཕྱིར་ཞེ་ན། དེ་ནི་མི་འཐད་དེ། ཆོས་གཅིག་དབུ་མ་པའི་འདོད་པ་ལྟར་གྱི་བདེན་མེད་དུ་ཚད་མས་གྲུབ་ན། རིགས་པ་དེ་ལ་བརྟེན་ནས་ཆོས་གཞན་གྱི་སྟེང་དུ་ཡང་བདེན་པར་ཡོད་མེད་བློ་ཁ་ཕྱོགས་པ་ཙམ་གྱིས་བདེན་མེད་དུ་རྟོགས་ནུས་པའི་ཕྱིར། དེས་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། བུམ་པ་དང་ཆུ་ལ་སོགས་པ་རང་གི་རྫས་བརྒྱད་ལ་བརྟེན་ནས་བཞག་པའི་བཏགས་ཡོད་དང་། ཀུན་རྫོབ་བདེན་པ་ཡིན་ཡང་བུམ་པ་དངོས་པོ་དང་བདེན་གྲུབ་ཏུ་མི་འདོད་པ་མིན་ནོ། །གལ་ཏེ་བུམ་པ་ཆོས་ཅན། བདེན་གྲུབ་མ་ཡིན་པར་ཐལ། རྟོག་པས་བཏགས་པ་ཙམ་དུ་ཡོད་པའི་ཕྱིར་ཏེ། བཏགས་ཡོད་ཡིན་པའི་ཕྱིར། དེ་ཆོས་ཅན། རྫས་སུ་གྲུབ་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རྫས་ཡོད་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བཏགས་ཡོད་ཡིན་པ་འགལ་ལོ་ཞེ་ན། དེ་ཡང་མི་འཐད་དེ། དེ་དག་ནི་རྫས་སུ་ཡོད་པ་དང་རྫས་ཡོད་དང་། བཏགས་ཡོད་དང་རྟོག་པས་བཏགས་པ་ཙམ་དུ་ཡོད་པའི་ཁྱད་པར་མ་ཕྱེད་པའི་སྐྱོན་ཡིན་པའི་ཕྱིར། དེ་ལྟ་མིན་ན་ཡང་བུམ་པ་རྫས་ཡོད་དུ་ཁས་ལེན་དགོས་


DLL1004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དོན་བྱེད་མི་ནུས་པར་ཁས་ལེན་དགོས་སོ། །གལ་ཏེ་དོན་བྱེད་མི་ནུས་པར་ཁས་བླངས་ན་སྐྱོན་ཅི་ཡོད་ཅེ་ན། བུམ་པ་ཆོས་ཅན། ཆུ་སྐྱོར་བའི་དོན་བྱེད་མི་ནུས་པར་ཐལ། དོན་བྱེད་མི་ནུས་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་མ་ཡིན་པར་ཐལ་ལོ། །དེ་ཡང་འདོད་ན། ཆོས་གང་ལ་ཡང་རང་ཉིད་ཡིན་པ་མི་སྲིད་པར་ཁས་བླངས་དགོས་པས་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་ཁས་བླང་དུ་མེད་པར་འགྱུར་རོ། །ཁ་ཅིག །གང་ལ་བཅོམ་དང་བློ་ཡིས་གཞན། ཞེས་པའི་རང་འགྲེལ་དུ། སེམས་ཙམ་པའི་བདེན་གཉིས་འཇོག་ཚུལ་ལོགས་སུ་བསྟན་ནས། མདོ་སྡེ་པའི་བདེན་གཉིས་ཀྱི་འཇོག་ཚུལ་ལོགས་སུ་མ་བསྟན་པས། གང་ལ་བཅོམ་དང་བློ་ཡིས་གཞན། ཞེས་པའི་གཞུང་འདིས་ཉན་ཐོས་སྡེ་པ་གཉིས་ཅར་གྱི་བདེན་གཉིས་ཀྱི་འཇོག་ཚུལ་བསྟན་པ་ཡིན་ནོ། །ཞེས་ཟེར་རོ། །མདོ་སྡེ་བ་ལ་ཆོས་མངོན་པའི་མདོ་སྡེ་བ་དང་རིགས་པ་སྨྲ་བའི་མདོ་སྡེ་བ་གཉིས་སུ་འབྱེད་ན་མ་གཏོགས། བྱེ་བྲག་ཏུ་སྨྲ་བ་དང་སྡེ་བདུན་ནས་བཤད་པའི་མདོ་སྡེ་པ་གཉིས་བདེན་གཉིས་ཀྱི་མཚན་གཞི་དང་མཚན་ཉིད་གང་ཡང་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བས་བུམ་པ་ཀུན་རྫོབ་བདེན་པ་དང་། འདུས་མ་བྱས་དོན་དམ་པར་འདོད་ལ། སྡེ་བདུན་ནས་བཤད་པའི་མདོ་སྡེ་པས་བུམ་པ་དོན་དམ་བདེན་པ་དང་། འདུས་མ་བྱས་ཀུན་རྫོབ་བདེན་པར་འདོད་པའི་ཕྱིར་དང་། སྡེ་བདུན་ནས་བཤད་པའི་མདོ་སྡེ་པའི་ལུགས་ལ། བཅོམ་པའམ་བློས་གཞིག་པས་དེར་འཛིན་གྱི་བློ་འདོར་བའི་ཆོས་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་མ་ཁྱབ་ཅིང་། བཅོམ་པའམ་གཞིག་པས་དེར་འཛིན་གྱི་བློ་མི་འདོར་བའི་ཆོས་ཡིན་ན། དོན་དམ་བདེན་པ་ཡིན་པས་མ་ཁྱབ་པར་ཁས་ལེན་པའི་ཕྱིར་རོ། །གཉིས་པ་མདོ་


DLL1004_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་ལུགས་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་པའི་རྒྱན་གྱི་འགྲེལ་བཤད་དུ་ཡ་མ་རིས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་བསྟན་པའི་ཕྱིར། ཞེས་བཤད་པའི་ཐེག་པ་ཐ་ཤལ་ནི་ཉན་ཐོས་ཀྱི་ཐེག་པ་ཡིན་ལ། དེའི་ནང་ནས་ཀྱང་འདིར་ཉན་ཐོས་མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་སྐབས་སུ་བབ་པས། འདི་ལ་གཉིས། མཚན་ཉིད་དང་། བདེན་གཉིས་ཀྱི་སྒྲ་དོན་ནོ། །དང་པོ་ནི། དོན་དམ་བདེན་པའི་མཚན་ཉིད། རྟོག་པས་སྒྲོ་མ་བཏགས་པར་དོན་བྱེད་ནུས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། རྟོག་པས་སྒྲོ་བཏགས་པའི་ཆོས། གཉིས་པ་ནི། ཅིའི་ཕྱིར་དོན་དམ་བདེན་པ་ཞེས་བྱ་ཞེ་ན། བློ་དོན་དམ་པ་སྣང་ཡུལ་ལ་མ་འཁྲུལ་བའི་ངོར་བདེན་པས་ན་དོན་དམ་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་ཀུན་རྫོབ་བདེན་པ་ཞེས་བྱ་ཞེ་ན། བློ་ཀུན་རྫོབ་པ་རྟོག་པའི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་བྱའོ། །འདི་ཡང་སྒྲ་བཤད་པའི་དབང་དུ་བྱས་པ་ཡིན་གྱིས་བློ་ཀུན་རྫོབ་པ་རྟོག་པའི་ངོར་བདེན་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་ནི་མེད་དོ། །དོན་དམ་བདེན་པ་ཡང་བློ་ཀུན་རྫོབ་པ་རྟོག་པའི་ངོར་བདེན་པའི་ཕྱིར་དང་། གང་ཟག་གི་བདག་དང་སྒྲ་རྟག་པ་ལྟ་བུ་ཡང་བློ་ཀུན་རྫོབ་པ་རྟོག་པའི་ངོར་བདེན་པ་ཡིན་ཡང་ཐ་སྙད་དུ་ཡང་མ་གྲུབ་པའི་ཕྱིར། འོ་ན་རྟོག་པ་ལ་ཅིའི་ཕྱིར་བློ་ཀུན་རྫོབ་པ་ཞེས་བྱ་ཞེ་ན། རང་མཚན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པའི་དོན་གྱིས་ན་ཀུན་རྫོབ་པ་ཞེས་བྱ་སྟེ། གང་གིས་རང་གི་ངོ་བོ་ཡི། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཀུན་རྫོབ་དེ་དག་ཐ་དད་ཀྱང་། །ཞེས་བཤད་པ་ལྟར་རོ། །འདི་ནི་གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་དང་། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་གསུངས་པ་དང་ཚུལ་མཚུངས་པ་ཡིན་ནོ། །དེ་ཡང་རྟོག་པ་དེ་དོན་སྤྱི་སྣང་


DLL1004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བྱས་པས་རང་མཚན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པས་སྒྲིབ་བྱེད་དང་ཀུན་རྫོབ་པ་ཞེས་བཤད་པ་ཡིན་གྱི། རྟོག་པ་དེ་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན་པ་ནི་མ་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། དོན་དམ་པར་དོན་བྱེད་ནུས་པ་ཡིན་པའི་ཕྱིར། དེ་ལྟར་ན། མདོ་སྡེ་པའི་ལུགས་ལ་རང་མཚན་ཡིན་ན་དོན་དམ་བདེན་པ་དང་། སྤྱི་མཚན་ཡིན་ན་ཀུན་རྫོབ་བདེན་པ་ཡིན་ནོ། །ཁ་ཅིག་ན་རེ། མདོ་སྡེ་པའི་ལུགས་ལ། དངོས་པོ་ཡིན་ན་དོན་དམ་བདེན་པ་ཡིན་པས་མ་ཁྱབ་སྟེ། དངོས་པོ་ལ་དོན་དམ་པའི་དངོས་པོ་དང་ཀུན་རྫོབ་པའི་དངོས་པོ་གཉིས་ཡོད་པའི་ཕྱིར་ཏེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་ཀྱི་དོན་དམ་པའི་དངོས་པོ་བསྟན། ཀུན་རྫོབ་པ་ཡི་དངོས་རྣམས་ལ། །ཞེས་པས་ཀུན་རྫོབ་པའི་དངོས་པོ་བསྟན་པའི་ཕྱིར། ཀུན་རྫོབ་པའི་དངོས་པོའི་དོན་ཡང་རྟོག་ངོར་དོན་བྱེད་ནུས་པ་ལ་བྱེད་དོ། །ཞེས་ཟེར། འོ་ན་རྟོག་པ་གང་ཡང་རུང་བའི་ངོར་དོན་བྱེད་ནུས་པས་རྟོག་ངོར་དོན་བྱེད་ནུས་པར་འཇོག་གམ། རྟོག་པ་དོན་མཐུན་ཞིག་གི་ངོར་དོན་བྱེད་ནུས་པས་རྟོག་ངོར་དོན་བྱེད་ནུས་པར་འཇོག །དང་པོ་ལྟར་ན། གང་ཟག་གི་བདག་ཆོས་ཅན། ཀུན་རྫོབ་པའི་དངོས་པོ་ཡིན་པར་ཐལ། རྟོག་ངོར་དོན་བྱེད་ནུས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། གཞི་མ་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། རྟོག་པ་དོན་མཐུན་ཞིག་གི་ངོར་དོན་བྱེད་ནུས་པའི་དོན། རྟོག་པ་དོན་མཐུན་ལ་དོན་བྱེད་ནུས་པར་སྣང་བ་ལ་བྱེད་དམ། རྟོག་པ་དོན་མཐུན་གྱིས་དོན་བྱེད་ནུས་པར་ཞེན་པ་ལ་བྱེད། དང་པོ་ལྟར་ན། བུམ་པའི་དོན་སྤྱི་ཆོས་ཅན། ཀུན་རྫོབ་པའི་དངོས་པོ་ཡིན་པར་ཐལ། རྟོག་པ་དོན་མཐུན་ལ་དོན་བྱེད་ནུས་པར་སྣང་བའི་ཕྱིར་ཏེ། བུམ་འཛིན་རྟོག་པ་ལ་དོན་བྱེད་ནུས་པར་སྣང་བའི་ཕྱིར་ཏེ། བུམ་འཛིན་རྟོག་


DLL1004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བུམ་པར་སྣང་བའི་ཕྱིར་རོ། །གཉིས་པ་ལྟར་ན། ཀུན་རྫོབ་པའི་དངོས་པོ་ཡིན་ན་དོན་དམ་པའི་དངོས་པོ་ཡིན་དགོས་པར་ཐལ། ཀུན་རྫོབ་པའི་དངོས་པོ་ཡིན་ན་རྟོག་པ་དོན་མཐུན་གྱིས་དོན་བྱེད་ནུས་པར་ཞེན་པ་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཐམས་ཅད་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་། ཞེས་པའི་རྩོད་ལན་འབྲེལ་མེད་དུ་ཐལ། མྱུ་གུ་སྐྱེད་ན་དོན་དམ་པར་དོན་བྱེད་ནུས་པས་མ་ཁྱབ་པའི་ཕྱིར། ཁ་ཅིག །དོན་བྱེད་ནུས་ན་དོན་དམ་པར་དོན་བྱེད་ནུས་པས་མ་ཁྱབ་སྟེ། ཀུན་རྫོབ་པའི་དངོས་པོ་ཡོད་པའི་ཕྱིར་ཏེ། སྤྱི་ཡིན་པར་གྱུར་པའི་དངོས་པོ་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། སྤྱི་ཡིན་པར་གྱུར་པའི་དངོས་པོ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་དགོས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་དགོས་ན། ཀུན་རྫོབ་པ་ཡི་དངོས་རྣམས་ལ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་བྱས་མི་རྟག་གི་ཐ་དད་ལྟ་བུ་བློ་ཀུན་རྫོབ་པ་རྟོག་པའི་ངོར་དངོས་པོར་སྣང་བ་ལ་ཀུན་རྫོབ་པའི་དངོས་པོ་ཞེས་བརྟགས་པ་ཡིན་གྱི། དངོས་པོ་ལ་ཀུན་རྫོབ་པ་དང་དོན་དམ་པ་གཉིས་སུ་ཡོད་པར་བསྟན་པར་ཡིན་པའི་ཕྱིར་རོ། །གསུམ་པ་སེམས་ཙམ་པའི་ལུགས་ལ་གསུམ། བདེན་གཉིས་ཀྱི་མཚན་ཉིད་དང་། ངོ་བོ་གསུམ་དུ་དབྱེ་བ་དང་། དེ་བདེན་པ་གཉིས་སུ་སྡུད་པའི་ཚུལ་ལོ། །དང་པོ་ནི། དོན་དམ་བདེན་པའི་མཚན་ཉིད། ཁྱོད་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག །ཀུན་རྫོབ་བདེན་པའི་མཚན་ཉིད། ལྷག་པར་དམིགས་ན་ཀུན་ནས་ཉོན་མོངས་འཕེལ་བར་འགྱུར་བའི་དམིགས་པའི་རིགས་སུ་གནས་པ། གཉིས་པ་ནི། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས་ལ་ཆོས་རྣམས་


DLL1004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་དང་། དེའི་དགོངས་པ་འགྲེལ་པ་ལ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་བཤད་པ་ལྟར་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་འདུས་པ་ལས། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པ་དགོངས་ནས། ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་པ་ཡིན་ཞེ་ན། མིང་དང་བརྡས་བཞག་པ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཞེ་ན། རང་གི་རྒྱུ་རྐྱེན་ལས་སྐྱེ་དགོས་ཀྱི་རང་གི་བདག་ཉིད་ལས་སྐྱེ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ཞེ་ན། དོན་དམ་པ་ཡང་ཡིན་ལ་བདག་གཉིས་ཀྱི་ངོ་བོ་ཉིད་མེད་པ་ཡང་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དགོངས་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་བཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཅེས་བྱའོ། །ཞེས་དང་། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་


DLL1004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱིས་སྟོབས་ཀྱིས་འབྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས། དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་དང་། གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ནི་དོན་དམ་པ་ཡང་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །འོ་ན་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་གང་ཞེ་ན། ཀུན་བརྟགས་ཀྱི་མཚན་ཉིད། རྫས་སུ་མེད་བཞིན་དུ་ཕྱིན་ཅི་ལོག་གི་རྟོག་པས་ཀུན་བརྟགས་པ། དེ་ལ་དབྱེ་ན། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང་། རྣམ་གྲངས་པའི་ཀུན་བརྟགས་གཉིས། དཔེར་བརྗོད་རིམ་པ་བཞིན་གང་ཟག་གི་བདག་ལྟ་བུ་དང་། བྱས་མི་རྟག་གི་ཐ་དད་ལྟ་བུའོ། །དེས་ན་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་རང་གི་མཚན་ཉིད་ཀྱིས་མེད་པ་ཡིན་གྱི་མཚན་ཉིད་གཏན་ནས་མེད་པ་ནི་མ་ཡིན་ཏེ། སྤྱི་མཚན་ཐམས་ཅད་ཀུན་བརྟགས་ཡིན་པའི་ཕྱིར་རོ། །གཞན་དབང་གི་མཚན་ཉིད། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ། དེ་ལ་དབྱེ་ན། མ་དག་གཞན་དབང་དང་། དག་པ་གཞན་དབང་གཉིས། དཔེར་བརྗོད་རིམ་པ་བཞིན། མ་དག་པའི་སྣོད་བཅུད་ལྟ་བུ་དང་།འཕགས་པའི་རྗེས་ཐོབ་ཡེ་ཤེས་ལྟ་བུའོ། །གཞན་དབང་ཡིན་ན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ཡིན་དགོས་པར་འདོད་པ་མི་འཐད་དེ།


DLL1004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ཐམས་ཅད་གཞན་དབང་ཡིན་པའི་ཕྱིར་རོ། །ཡོངས་གྲུབ་ཀྱི་མཚན་ཉིད། ཆོས་རྣམས་ཀྱི་གནས་ལུགས་སུ་གྱུར་པའི་ཆོས་ཉིད། དེ་ལ་དབྱེ་ན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། འགྱུར་མེད་ཡོངས་གྲུབ་གཉིས། དཔེར་བརྗོད་རིམ་པ་བཞིན། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུ་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལྟ་བུའོ། །གསུམ་པ་ནི། རྣམ་གྲངས་པའི་ཀུན་བརྟགས་དང་གཞན་དབང་གཉིས་ནི་ཀུན་རྫོབ་བདེན་པ་ཡིན་ལ། འགྱུར་མེད་ཡོངས་གྲུབ་ནི་དོན་དམ་བདེན་པ་ཡིན་ནོ། །འོ་ན་འཕགས་པའི་མཉམ་གཞག་ཡེ་ཤེས་དེ་དོན་དམ་བདེན་པ་ཡིན་ནམ་མིན། ཡིན་ན། དེ་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་ཡིན་པར་ཐལ། དེ་དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདུས་བྱས་ཡིན་པའི་ཕྱིར། ཡོངས་གྲུབ་ཏུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བློ་དོན་དམ་པ་སྣང་ཡུལ་ལ་མ་འཁྲུལ་བའི་ཡེ་ཤེས་པ་ཡིན་པས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་བསྟན་པ་ཡིན་གྱི་ཡོངས་གྲུབ་མཚན་ཉིད་པར་འདོད་པ་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་བདེན་པ་ཡིན་ནོ། །སེམས་ཙམ་པའི་ལུགས་དངོས་པོ་ཡིན་ན་རང་མཚན་ཡིན་པས་ཁྱབ་ཀྱང་། རང་མཚན་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་སྟེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད། དེ་ཡང་རང་མཚན་ཡིན་པའི་ཕྱིར་ཏེ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་ཏེ། དེ་བདེན་པར་གྲུབ་པའི་ཕྱིར་ཏེ། དེ་དོན་དམ་བདེན་པ་ཡིན་པའི་ཕྱིར། དེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་ཏེ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །


DLL1004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སོགས་པའི་དངོས་པོ་རྣམས་དོན་དམ་པར་གྲུབ་ཀྱང་དོན་དམ་བདེན་པ་མིན་ཏེ། མདོ་སྡེ་རྒྱན་ལས་དོན་དམ་བདེན་པ་སྐྱེ་འཇིག་དང་བྲལ་བར་གསུངས་ཤིང་། བསྡུ་བ་ལས། རྣམ་པར་རྟོག་པ་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའམ། དོན་དམ་དུ་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ། །ཞེས་རྣམ་རྟོག་ཀུན་རྫོབ་བདེན་པ་ཡིན་པར་གསུངས་པའི་ཕྱིར། ལུང་དེས་རྣམ་རྟོག་དོན་དམ་པར་མེད་པར་ཀུན་རྫོབ་ཙམ་དུ་ཡོད་པར་བསྟན་པ་ཡིན་ནོ་ཞེ་ན། མིན་ཏེ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པའི་འགྲེལ་པར། རང་བཞིན་གྱིས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ་ཞེས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རང་བཞིན་གྱིས་ཡོད་པར་གསུངས་ཤིང་། ཀུན་ལས་བཏུས་ལས། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་གཟུང་འཛིན་རྫས་གཞན་མེད་ཅིང་། དེའི་ལྷག་མ་གཞན་དབང་དང་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་བདེན་པར་ཡོད་པར་གསུངས་པའི་ཕྱིར་རོ། །འོ་ན་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དོན་དམ་བདེན་པ་ཡིན་ན། དེའི་སྟོང་ཉིད་དེ་ཤེས་པ་ཙམ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལ་བྱེད་དམ། རྟོག་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལ་བྱེད་དམ། དབང་ཤེས་ཙམ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལ་བྱེད་དམ། དབང་ཤེས་འཁྲུལ་བ་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལ་བྱེེད། དང་པོ་མི་འཐད་དེ་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་ཏེ། ཤེས་པ་ཙམ་ལ་ལྟོས་པའི་གཟུང་བ་


DLL1004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སུ་མ་གྲུབ་པར་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། རྟོག་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་ཏེ། རྟོག་པ་ལ་ལྟོས་པའི་གཟུང་བ་རྫས་སུ་མ་གྲུབ་པ་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་རོ། །གསུམ་པའང་མི་འཐད་དེ། དབང་ཤེས་ཙམ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་དང་དེའི་གཟུང་བ་རྫས་གཞན་གྱི་སྟོང་པར་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་རོ། །བཞི་པའང་མི་འཐད་དེ། དབང་ཤེས་མ་འཁྲུལ་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་ཏེ། དབང་ཤེས་མ་འཁྲུལ་པ་མ་གྲུབ་པའི་ཕྱིར་ཏེ། དབང་ཤེས་རྣམས་འཁྲུལ་ཤེས་ཡིན་པའི་ཕྱིར་ཏེ། དབང་ཤེས་རྣམས་ཕྱི་རོལ་གྱི་དོན་མེད་བཞིན་དུ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་རོ་ཞེ་ན། གློ་བུར་བའི་འཁྲུལ་རྒྱུས་མ་བསླད་པའི་དབང་དང་དེའི་གཟུང་བ་རྫས་གཞན་དུ་མངོན་པར་ཞེན་པའི་བློ་ནི་ཤེས་སྒྲིབ་དང་། དེའི་ཞེན་ཡུལ་གྲུབ་ན་ཆོས་ཀྱི་བདག་དང་། བློ་དེའི་ཞེན་ཡུལ་བཀག་པའི་སྟོང་ཉིད་ནི་ཆོས་ཀྱི་བདག་མེད་འགྱུར་བ་མེད་པའི་ཡོངས་གྲུབ་ཡིན་ལ། སྟོང་ཉིད་དེ་སྒྲུབ་པའི་རིགས་པ་ནི་སྔར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་བདེན་གཉིས་ཉམས་སུ་ལེན་པའི་རིམ་པ་ནི། ཉམས་སུ་ལེན་པའི་ཚུལ་རྒྱས་པར་རིགས་པའི་གཞུང་ལུགས་དང་སྦྱར་ནས་བདག་གིས་གཞན་དུ་བཤད་པར་བྱ་ལ། འདིར་ནི་མདོར་བསྡུས་པ་ཙམ་ཞིག་བརྗོད་པར་བྱ་སྟེ། དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླང་བར་བྱ་བའི་ཕྱིར་དུ་དང་པོར་རྣམ་པར་མི་གཡེང་བའི་རྒྱུར་སོ་སོར་ཐར་པ་


DLL1004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདུན་གྱི་ཚུལ་ཁྲིམས་གང་ཡང་རུང་བ་ཡང་དག་པར་བླངས་ནས་དེ་ལ་གནས་ཤིང་། དེ་ནས་མི་རྨོངས་པའི་རྒྱུར་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ཆོས་ཉན་ནས་ཐོས་པའི་ཤེས་རབ་བསྐྱེད་པར་བྱ་ལ། དེའི་རྗེས་སུ་ཐོས་པའི་དོན་གཏན་ལ་འབེབས་པའི་རྒྱུར་ཐོས་པའི་དོན་རྣམས་རིགས་པས་ཡང་དང་ཡང་དུ་བསམས་ནས་བསམ་པའི་ཤེས་རབ་སྐྱེད། དེའི་རྗེས་སུ་ཉོན་མོངས་པ་དང་འབྲལ་བའི་རྒྱུར་བསམས་པའི་དོན་ལེགས་པར་བསྒོམས་ནས་བདེན་པ་མངོན་པར་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་བསྐྱེད་དེ་ཉོན་མོངས་པ་དང་བྲལ་བའི་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ཏེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རང་ཉིད་འབའ་ཞིག་ཞི་བདེ་དོན་གཉེར་གྱི་བསམ་པ་དང་ལྡན་པས་གོམས་པར་བྱས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་ལ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་དང་། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །ཞེས་གསུངས་པ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐབས་མཁས་ཁྱད་པར་ཅན་གྱི་གྲོགས་དང་བཅས་ཏེ། བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་པ་ལས་སྐྱོན་ཐམས་ཅད་སྤངས་ཤིང་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་ཐོབ་ནས། གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་གསུངས་པ་ལྟར། གཞན་དོན་དུ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ཏེ། འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་ཆད་པའི་སྒོ་ནས་གདུལ་བྱ་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ཡིན་ནོ། །གང་གི་ཐབས་ལ་མཁས་པའི་གྲུ་བོ་ཆེར། རྣམ་དཀར་སྤོོབས་


DLL1004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བ་དན་ལེགས་བཙུགས་ནས། །འདོད་དགུ་འབྱུང་བའི་བརྩོན་པའི་རླུང་དང་བཅས། །འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་། །མཁྱེན་རབ་ནོར་བུའི་གླིང་ལ་དབང་བསྒྱུར་བའི། །དེད་དཔོན་བླ་མ་མཆོག་དེའི་བཀའ་དྲིན་ལས། །ལེགས་པར་ཐོབ་པའི་ལེགས་བཤད་ནོར་བུའི་ཚོགས། །གཅིག་ཏུ་བསྡུས་ནས་རིགས་པའི་རྒྱན་འདི་བསྒྲུབས། །ལེགས་བཤད་འཛུམ་དཀར་སྟོན་པའི་བཞིན་རས་ཀྱི། །རྣམ་དཔྱོད་ཟུར་མིག་གཡོ་བའི་དཔལ་ཡོན་ཅན། །མཁས་པའི་དོ་ར་འགྲིམ་པའི་མཛེས་མ་དག །བསྟན་བཅོས་རིགས་པའི་རྒྱན་འདི་བླང་བར་མཛོད། །མང་དུ་ཐོས་པའི་སྒྲོན་མེ་མ་བསྟན་ན། །རྨོངས་པའི་མུན་པ་སེལ་བར་མི་ནུས་ཤིང་། །ཡང་ཡང་བསམ་པའི་དྲན་པས་མ་བསྐྱངས་ན། །ཐོས་པའི་ནོར་མཆོག་བསྲུང་བར་ནུས་མ་ཡིན། །བསམས་པའི་དོན་ལ་རྩེ་གཅིག་མ་བསྒོམས་ན། །སྲིད་པའི་ས་བོན་སྤོང་བར་ག་ལ་ནུས། །དེ་ཕྱིར་ཐོས་བསམས་སྒོམ་པས་རྒྱུད་སྤྱངས་ནས། །དལ་བའི་རྟེན་ལ་སྙིང་པོ་ལེན་པ་གཅེས། །གཞན་དང་རྩོད་པ་ཙམ་ལ་མི་ཆགས་ཤིང་། །ཚིག་གི་ལྦུ་བས་ནམ་ཡང་མི་ངོམས་པར། །ཐོས་པའི་དོན་རྣམས་ཉམས་སུ་བླངས་པ་ལས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་འགྱུར། །དགེ་བ་འདི་ཡིས་ཚོགས་གཉིས་ར་བར་རྣམ་དག་རིགས་ཀྱི་ས་བོན་སྙིང་རྗེའི་ཆུ་ཡིས་ལན་ཅིག་མིན་པར་སིམ་བྱས་བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་མཁྱེན་རབ་ཡལ་གའི་ཁྱོན་ཡངས་ཤིང་། །ཕྱོགས་ཀུན་སྙན་པའི་དྲི་བཟང་གིས་འགེངས་ཡོན་ཏན་སྦྲང་རྩིའི་འབྱུང་གནས་ལེགས་བཤད་མེ་ཏོག་དཀར་པོར་རབ་རྒྱས་མཁས་པའི་བུང་བས་ནམ་ཡང་གཏོང་བར་མི་ཕོད་འཕུར་ལྡིང་རོལ་བས་རྣམ་པར་མཛེས། །གསུང་སྐྱེས་རང་རྒྱལ་རྒྱལ་སྲས་འཁྲི་ཤིང་གཞོན་ནུའི་ཚོགས་ཀྱིས་རབ་འཁྱུད་སྲིད་པའི་རྩེ་ལ་རྩེ་མོར་སོན་གྱུར་མཚན་དཔེའི་རིན་ཆེན་རྒྱན་འཆང་སྐུ་གསུམ་འབྲས་བུ་མཆོག་གི་གོ་འཕང་མངོན་པར་མཐོ། །ཕྱོགས་བཅུའི་ཕྲིན་ལས་


DLL1004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞིའི་གྲིབ་བསིལ་བབ་པས་ལུས་ཅན་ཀུན་གྱི་སྲིད་ཞིའི་གདུང་བ་ཀུན་སེལ་འདོད་དགུ་འགྱུར་པའི་ཀུན་མཁྱེན་དཔག་བསམ་དབང་པོ་ཀུན་གྱིས་བདེ་བླག་ཐོབ་གྱུར་ཅིག །གནས་སྐབས་སུ་ཡང་དལ་དང་འབྱོར་པའི་རྟེན། །མཐོ་རིས་ཡོན་ཏན་ཀུན་གྱིས་རབ་བརྒྱན་ཅིང་། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག །རིག་གྲོལ་ཕུན་ཚོགས་དགེ་འདུན་གྲུབ་པར་ཤོག །ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ཅེས་བྱ་བ་འདི་ནི་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོ་དང་དེའི་རྒྱལ་ཚབ་དམ་པ་དར་མ་རིན་ཆེན་དང་། སེམས་དཔའ་ཆེན་པོ་ཀུན་དགའ་བཟང་པོ་དང་། ཡོངས་སུ་འཛིན་པ་ཆེན་པོ་ཨ་བྷ་ཡ་ཀཱིརྟི་དང་། ཆོས་ཀྱི་རྗེ་ཤེས་རབ་སེང་གེ་ལ་སོགས་པས་མཁས་གྲུབ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྤྱི་བོས་གཏུགས་པའི་བཀའ་དྲིན་ལ་བརྟེན་ནས། རང་གི་སློབ་མ་བློ་གསལ་ཞིང་དོན་དུ་གཉེར་བ་དུ་མས་ཡང་ནས་ཡང་དུ་ནན་གྱིས་བསྐུལ་བའི་ངོར་རིགས་པ་སྨྲ་བའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་པོ་ཏ་ལ་དང་ཁྱད་པར་མ་མཆིས་ཤིང་། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་མང་པོ་རྒྱུན་དུ་བཞུགས་པ་དཔལ་བྱང་ཆུབ་ཆེན་པོ་འདི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་དམར་སེར་ཅན་གྱི་ལོ་སྨིན་དྲུག་གི་ཟླ་བའི་ཡར་ངོའི་ཚེས་བཟང་པོ་ལ་སྦྱར་བ་རྫོགས་སོ། །འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་སྭ་སྟི། སྟོན་པ་ཚད་མ་རྣམ་འདྲེན་ཉི་མའི་གཉེན། །དམ་ཆོས་ཚད་མ་འགོག་ལམ་བདེན་པ་དང་། །སྐྱེས་བུ་ཚད་མ་འཕགས་ཚོགས་དགེ་འདུན་ཏེ། །སྐྱབས་ཡུལ་ཚད་མ་མཆོག་གསུམ་གཙུག་ན་རྒྱལ། །ཚད་མིན་སྟོན་དང་བསྟན་པ་དེར་ཞུགས་བཅས། །ལོག་སྨྲའི་སྡེ་སོགས་འཛོམས་མཛད་དཔལ་ཡོན་ཅན། །རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་


DLL1004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛམ་གླིང་མཛེས་པའི་རྒྱན། །ལམ་དང་ལམ་མིན་འབྱེད་པའི་རིགས་པའི་མཛོད། །ཚད་མ་སྡེ་བདུན་དགོངས་འགྲེལ་དང་བཅས་པའི། །གནད་ཀུན་བསྡུས་ནས་སྟོན་མཛད་དགེ་འདུན་གྲུབ། །དེས་གསུངས་རིགས་པའི་རྒྱན་བཅས་བསྔགས་འོས་མཆོག །བླང་དང་དོར་བྱའི་གནད་ཀུན་མ་འདྲེས་པར། །ལེགས་ཕྱེ་ཞི་སྒོར་འཇུག་དང་འགྲོ་བྱེད་པའི། །བློ་གསལ་སྐྱེས་བུའི་ཚོགས་ལ་སྨན་སླད་དུ། །རིགས་པའི་རྒྱན་འདི་སླར་ཡང་པར་དུ་བསྐྲུན། །ཚུལ་འདིས་རྣམ་དཔྱོད་མཁའ་ལྟར་རབ་ཡངས་པའི། །སྐྱེ་བོས་ནོར་འཛིན་ཁྱོན་རྣམས་ཡོངས་གང་ཞིང་། །འགྲོ་བའི་རྨོངས་མུན་སེལ་ཏེ་ལུང་རྟོགས་ཀྱི། །ཆོས་ཚུལ་ཡར་ཟླའི་འཕེལ་བར་འགྲན་གྱུར་ཅིག །རྒྱལ་དབང་དགེ་འདུན་གྲུབ་ཀྱི་གསུང་ཚད་མ་རིགས་རྒྱན་འདི་རྣམ་འགྲེལ་དོན་གཉེར་པ་རྣམས་ལ་མཁོ་ཤིན་ཏུ་ཆེ་ཡང་དབུས་ཕྱོགས་སུ་འདིའི་པར་མེད་གཤིས། འདིར་དཔེ་རྒྱུན་ཡང་དཀོན་པར་སྣང་བས་ཆོས་སྦྱིན་མཛད་མེད་སྤེལ་ཕྱིར་ཤིང་རྟ་ལོ་ནང་པར་གསར་བསྐྲུན་བགྱིས་པའི་འབྲས་བུ་དོན་ལྡན་དུ་འགྱུར་ཕྱིར་སྨོན་པའི་ཚོགས་འདི་ཡང་རྒྱལ་བའི་ཆོས་ཚུལ་འཛིན་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་སྦྱར་བའོ། །སརྦ་མངྒ་ལཾ།། །


previousཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན།no next