དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ།
དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཆོས་དབྱིངས་ནམ་མཁར་ཆོས་དང་ཆོས་མིན་རྣམ་འབྱེད་དམ་ཆོས་ཚ་ཟེར་ཅི་ཡང་འཕྲོ། །ཤེས་བྱ་ཀུན་ཤེས་དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་འགྲོ་ཀུན་ཐབས་ཤེས་པདྨོའི་གཉེན། །སྲིད་པ་ཇི་སྲིད་སྲིད་པ་གསུམ་གྱི་སྒྲོན་མེ་མཆོག་ཁྱོད་སྲིད་པའི་ཚང་ཚིང་ངེས་པར་སྲེག །སོམ་ཉིའི་མུན་སེལ་ཉི་མ་ལས་ལྷག་ཉི་མའི་གཉེན་གྱུར་སྨྲ་བའི་ཉི་མ་རྒྱལ་གྱུར་ཅིག །ཆགས་དང་བྲལ་ཡང་ཡིད་འོང་རྒྱན་གྱིས་སྤྲས། །ཁྲོ་བོ་སྤངས་ཀྱང་རྣོ་བའི་རལ་གྲི་འཛིན། །རྨོངས་པ་སངས་ཀྱང་ད་དུང་གླེགས་བམ་བསྣམས། །རྒྱལ་བ་བརྙེས་ཀྱང་གཞོན་ནུར་གྱུར་ལ་འདུད། །གང་སྐུ་རིན་ཆེན་རྒྱན་གྱིས་སྤྲས་པ་ནི། །མརྒད་རི་ལ་རྒྱུ་སྐར་བཀྲམ་པ་བཞིན། །བལྟ་བས་མི་ངོམས་ཀུན་གྱི་ཡིད་འཕྲོག་མ། །ལྷག་པའི་ལྷ་མོ་ཨུཏྤལ་བསྣམས་ལ་འདུད། །གངས་རིའི་མདངས་འཕྲོག་ཁྱོད་སྐུ་མ་ལགས་འགྲོ་བའི་མིག་གི་བདུད་རྩིའོ། །ཚངས་དབྱངས་ལྟར་སྙན་ཁྱོད་གསུང་མ་ལགས་གཞན་ཡིད་འགུགས་པའི་ལྕགས་ཀྱུ་ཡིན། །ཆོས་ཀུན་གསལ་བ་ཁྱོད་ཐུགས་མ་ལགས་བྱམས་དང་བརྩེ་བའི་གཏེར་ཆེན་མ། །གང་དེ་མངའ་བ་དབྱངས་ཅན་མ་ལགས་རྒྱལ་བའི་ཡུམ་གཅིག་ཁྱོད་ལ་འདུད། །
ལེགས་བཤད་ཆུ་ཀླུང་རྟག་ཏུ་འདུ་ལ་ཁེངས་པའི་སྐྱོན་གྱི་གོ་སྐབས་མེད། །མཚན་མའི་ཀླུང་གིས་གཡོ་བ་མེད་ཀྱང་ཕྲིན་ལས་རླབས་ཕྲེང་ཆལ་ཆིལ་གཡོ། །བློ་ཆུང་ཁྭ་ཏས་རིང་དུ་སྤངས་ཀྱང་བློ་གསལ་ངང་པའི་ཚོགས་ཀྱིས་བསྟེན། །མཁས་མང་ཀླུ་ཡི་བཞེད་དོན་སྒྲུབ་ཀྱང་མི་རྟོག་མཚོ་ཆེན་ཁྱོད་ལ་འདུད། །ཐུབ་པའི་གསུང་རབ་ཡན་ལག་བརྒྱད་ལྡན་ཆུས། །ཀླུ་སྒྲུབ་བློ་མཚོ་རྒྱས་པ་ལས་འཁྲུངས་པའི། །དབུ་མ་རྩ་བའི་ལེགས་བཤད་ཀུནྡའི་ཚལ། །རབ་ཏུ་རྒྱས་མཛད་ཟླ་བའི་ཞབས་ལ་འདུད། །དེ་ཉིད་གཟིགས་པའི་བློ་བཟང་ཉི་འོད་ཀྱིས། །སྒྲིབ་མུན་ཀུན་སེལ་ཐུབ་བསྟན་པདྨོའི་ཚལ། །ཆེས་ཆེར་རྒྱས་མཛད་མཚུངས་མེད་ཙོང་ཁ་པ། །དྲན་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོས། །དེ་ཡི་ལེགས་བཤད་རིགས་པའི་རྒྱ་མཚོ་ལས། །ངག་དོན་རིན་ཆེན་ཕྲེང་བ་འདིར་བླངས་ཏེ། །སྡེབ་ལེགས་གསེར་གྱི་སྐུད་པས་རབ་བརྒྱུས་ནས། །བློ་གསལ་བློ་ཡི་མགྲིན་པ་བརྒྱན་པར་བགྱི། །དབུ་མ་རྩ་བ་ཤེས་རབ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་དུ། པྲཛྙཱ་ནི། བོད་སྐད་དུ་ཤེས་རབ། ན་མ་ནི། ཞེས་བྱ་བ། མཱུ་ལ་ནི། རྩ་བ། མ་དྷྱཱ་མ་ཀ་ནི། དབུ་མ། ཀཱ་རི་
ཀ་ནི། ཚིག་ལེའུར་བྱས་པའོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གསུམ་པ་ལ་གསུམ། སྟོན་པ་ལ་རྟེན་འབྱུང་མཐའ་བྲལ་དུ་གསུང་བའི་སྒོ་ནས་བསྟོད་པ། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བར་འགྲེལ་པའི་ཚུལ་དེ་ལྟར་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་བྱ་བའོ། །དང་པོ་ནི། ཕྱག་འཚལ་ལོ། །གང་ལ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་རྫོགས་པའི་སངས་རྒྱས་སྨྲ་བ་རྣམས་ཀྱི་དམ་པ་དེ་ལའོ། །ཇི་ལྟར་བསྟན་ན། འཕགས་པའི་མཉམ་བཞག་གི་གཟིགས་ངོར་སྐད་ཅིག་གིས་འཇིག་པའི་འགག་པ་མེད་པ་དང་། དངོས་པོར་རེད་པའི་སྐྱེ་བ་མེད་པ་དང་། སྔ་མ་རྒྱུན་ཆད་པ་མེད་པ་དང་རྒྱུན་དུ་རྟག་པ་མེད་པ་དང་། ཡུལ་རིང་བ་ནས་འོང་བ་མེད་པ་དང་། ཉེ་བ་ནས་འགྲོ་བ་མེད་པ་དང་དོན་ཐ་དད་མིན་པ་དང་། དོན་གཅིག་མིན་པས་དེ་བཞིན་ཉིད་བརྗོད་བྱ་རྗོད་བྱེད་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་ཞིང་འཁོར་བའི་ཉེར་འཚེ་མ་ལུས་པ་ཞི་བའི་མྱ་ངན་ལས་འདས་པ་བསྟན་པ། གང་ཟག་གི་ཀླུ་སྒྲུབ་ཀྱིས་སོ། །དུས་ནི་བསྟན་བཅོས་རྩོམ་པའི་ཐོག་མར་རོ། །དགོས་པ་ནི་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང་། གདུལ་བྱ་སྟོན་པ་ལ་དང་བ་སྐྱེད་པའི་ཆེད་དུའོ། །ཀླུ་སྒྲུབ་ཀྱིས་བསྟན་བཅོས་རྩོམ་པའི་ཐོག་མར་རྟེན་འབྱུང་མཐའ་བྲལ་དུ་གསུང་བའི་སྒོ་ནས་བསྟོད་པ་ཆོས་ཅན། དགོས་པ་ཡོད་དེ། སྟོན་པ་སྨྲ་བ་པོ་གཞན་ལས་ཁྱད་དུ་ཞུགས་པར་རྟོགས་ནས་དེ་ལ་དང་བ་སྐྱེད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རྟེན་འབྱུང་རང་བཞིན་གྱིས་སྟོང་པར་བསྟན་པ། དེ་རྟོགས་མ་
རྟོགས་ལས་འཁོར་བར་འཇུག་ལྡོག་བྱེད་ཚུལ། རྟེན་འབྱུང་རྟོགས་ན་ལྟ་བ་ངན་ པ་ལྡོག་ཚུལ་ལོ། །དང་པོ་ལ་གཉིས་དངོས་དང་། རྩོད་སྤང་ངོ་། །དང་པོ་ལ་གཉིས། བདག་མེད ་གཉིས་མདོར་བསྟན། རྒྱས་བཤད་དོ། །དང་པོ་ལ་གཉིས། རྒྱུ་འབྲས་ཀྱི་བྱ་བྱེད་ལ་བརྟགས་ནས་ཆོས་ལ་རང་བཞིན་དགག །འགྲོ་འོང་གི་བྱ་བྱེད་ལ་བརྟགས་ནས་གང་ཟག་ལ་རང་བཞིན་དགག་པའོ། །དང་པོ་ལ་གཉིས། འབྲས་བུ་ལ་སྐྱེ་བའི་རང་བཞིན་དགག །སྐྱེ་བྱེད་ལ་རྐྱེན་གྱི་རང་བཞིན་དགག་པའོ། །དང་པོ་ལ་གཉིས། མཐའ་བཞིའི་སྐྱེ་བ་དགག་པ། གཞན་སྐྱེ་བ་བཀག་པ་ལ་ལུང་འགལ་སྤང་བའོ། །དང་པོ་ནི། སྔར་འགག་པ་མེད་པ་སྐྱེ་མེད་པ། ཞེས་བསྟན་ན། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བའི་རྒྱུ་མཚན་ཅི་ཞེ་ན། རང་བཞིན་གྱིས་སྐྱེ་བ་བཀག་པས་གཞན་རྣམས་ཁེགས་སླ་བས་དེ་འགོག་པ་ནི། ཕྱི་ནང་གི་དངོས་པོ་གང་དག་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་གཞན་ཡང་གཞན་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །ཆོས་ཅན། བདག་གཞན་གཉིས་ཀ་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། བདག་གཞན་རེ་རེ་བ་ལས་སྐྱེ་བ་ཁེགས་པའི་ཕྱིར་རོ། །ཆོས་ཅན། རྒྱུ་མེད་ལས་སྐྱེ་བ་ནམ་ཡང་ཡོད་པ ་མ་ཡིན་ཏེ། རྩོམ་པ་ཐམས་ཅད་དོན་མེད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རྩོད་ལན་ནོ། །
དང་པོ་ནི། རང་སྡེ་དངོས་སྨྲ་བ་རྣམས་ན་རེ། བདག་སྐྱེ་མེད་པས་གཉིས་ཀ་ལས་སྐྱེ་བ་མི་རིགས་ཤིང་རྒྱུ་མེད་ལས་སྐྱེ་བ་ནི་ཤིན་ཏུ་ཐ་ཆད་པས་མི་རིགས་མོད། གཞན་ལས་མིན། ཞེས་གཞན་སྐྱེ་བཀག་པ་ནི་མ་ལེགས་ཏེ། བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པའི་རྐྱེན་བཞི་ལས་སྐྱེ་བར་གསུངས་པའི་ཕྱིར། རྐྱེན་རྣམ་པ་བཞི་སྟེ། རྒྱུའི་རྐྱེན་དང་ནི་དམིགས་པའི་རྐྱེན་དང་ནི་དེ་མ་ཐག་རྐྱེན་དང་བདག་པོའི་རྐྱེན་ཡང་ནི་དེ་བཞིན་ཏེ་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་གཞན་སྐྱེ་བཀག་པ་ལུང་དང་འགལ་ལོ་ཞེ་ན། གཉིས་པ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཆོས་ཅན། རྐྱེན་ལ་སོགས་པ་ལ་རང་མ་སྐྱེས་པའི་དུས་ན་ཡོད་པ་མ་ཡིན་པར་ཐལ། དེའི་དུས་ན་སྣང་རུང་མ་དམིགས་པའི་ཕྱིར། འདོད་ན། གཞན་འབྱུང་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། རྐྱེན་ལ་སོགས་པ་ལ་རང་མ་སྐྱེས་པའི་དུས་ན་བདག་གི་དངོས་པོ་ཡོད་པ་མིན་པའི་ཕྱིར། ཡང་ཆོས་ཅན། རྐྱེན་མི་འགྱུར་བའི་དུས་ན་རྐྱེན་ལ་སོགས་པ་མ་ཡིན་པར་ཐལ། དེར་ཡོད་ན་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །འདོད་ན། རྐྱེན་ལས་རང་བཞིན་གྱིས་གཞན་པའི་དངོས་པོར་ཡོད་པ་མ་ཡིན་པར་ཐལ། རྐྱེན་སོགས་རྣམ་པར་མི་འགྱུར་བའི་དུས་ན་བདག་གི་དངོས་པོ་མིན་པའི་ཕྱིར། དེས་ན་གཞན་སྐྱེ་བཀག་པ་ལ་ལུང་གིས་མི་གནོད་དེ། གཞན་སྐྱེ་ལ་རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གསུམ། རྐྱེན་གྱིས་རང་བཞིན་ཐུན་མོང་དུ་དགག །སོ་སོར་དགག །ཐུན་མོང་དུ་འགོག་ཚུལ་གཞན་བསྟན་པའོ། །དང་པོ་ལ་གཉིས། བྱེད་པའི་སྒོ་ནས་རྐྱེན་དུ་རྟོག་པ་དགག་པའོ། །ལས་ཀྱི་སྒོ་ནས་རྐྱེན་དུ་རྟོག་པ་དགག་པའོ། །དང་པོ་ལ་གཉིས། སྐྱེ་བའི་བྱ་བ་བསྒྲུབས་པའི་རྒྱུ་མཚན་གྱིས་རྐྱེན་དུ་རྟོགས་པ་དགག །འབྲས་བུ་སྐྱེ་བའི་རྒྱུ་མཚན་གྱིས་
རྐྱེན་དུ་རྟོག་པ་དགག་པའོ། །དང་པོ་ནི། བརྡ་སྤྲོད་པ་ན་རེ། རྐྱེན་གྱིས་བྱ་བ་བསྒྲུབ་བྱ་བས་རྣམ་ཤེས་དངོས་སུ་སྐྱེད་པ་ཡིན་ནོ་ཞེ་ན། བྱ་བ་བདེན་གྲུབ་རྐྱེན་དང་ལྡན་པ་མ་ཡིན་པར་ཐལ། བྱ་བ་བདེན་གྲུབ་མེད་པའི་ཕྱིར། རྐྱེན་དང་མི་ལྡན་པའི་བྱ་བ་མེད་པར་ཐལ། དེ་ལྟ་ན་འབྲས་བུ་རྒྱུ་མེད་དུ་འབྱུང་བར་ཐལ་བའི་ཕྱིར། དེས་ན་བྱ་བ་བདེན་གྲུབ་ཀྱིས་རྣམ་ཤེས་བསྐྱེད་པ་མ་ཡིན་ནོ། །འོན་ཏེ་རྐྱེན་ཉིད་ཀྱིས་རྣམ་ཤེས་སྐྱེད་དོ་ཞེ་ན། མིག་སོགས་ཆོས་ཅན། དོན་དམ་པར་རྐྱེན་མ་ཡིན་པར་ཐལ། བྱ་བ་མི་ལྡན་པའི་ཕྱིར། འོན་ཏེ། བྱ་བ་དང་དོན་དམ་པར་ལྡན་ནོ་ཞེ་ན། བྱ་བ་དང་དོན་དམ་པར་ལྡན་པ་ཡོད་པ་མ་ཡིན་པར་ཐལ། དོན་དམ་པར་བྱ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱ་བ་དང་ལྡན་མ་ལྡན་གྱི་དཔྱད་པས་ཅི་ཞིག་བྱ་མིག་སོགས་འདི་དག་ལ་བརྟེན་ནས་རྣམ་ཤེས་སྐྱེ་བས་ན་དེའི་ཕྱིར་མིག་སོགས་འདི་དག་རྐྱེན་ཞེས་གྲག་གོ །མིག་སོགས་འདི་དག་ཆོས་ཅན། ཇི་སྲིད་རྣམ་ཤེས་མི་སྐྱེ་བ་དེ་སྲིད་དུ་རྐྱེན་མིན་ཇི་ལྟར་མིན་ཏེ་ཡིན་པར་ཐལ། རྣམ་ཤེས་སྐྱེ་བའི་བྱ་བ་དང་ལྡན་པས་རྐྱེན་དུ་འཇོག་པའི་ཕྱིར། གཉིས་པ་ནི། ས་བོན་མྱུ་གུའི་རྐྱེན་ཡིན་ཏེ། ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བའི་ཕྱིར་ཞེ་ན། རང་རྒྱུའི་དུས་ན་མེད་པར་རང་བཞིན་གྱིས་གྲུབ་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་ཏེ། མེད་ན་གང་གི་རྐྱེན་དུ་འགྱུར་བ་དེ་མེད་པའི་ཕྱིར། རང་རྒྱུའི་དུས་ན་ཡོད་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་ཏེ། རང་རྒྱུའི་དུས་ན་ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་སྟེ་དོན་མེད་པའི་ཕྱིར་རོ། །གཉིས་པ་ལ་བཞི། རྒྱུ་རྐྱེན་གྱི་མཚན་ཉིད་དགག །དམིགས་རྐྱེན་གྱི་མཚན་ཉིད་དགག །དེ་མ་ཐག་རྐྱེན་གྱི་མཚན་ཉིད་དགག །བདག་རྐྱེན་གྱི་མཚན་ཉིད་དགག་པའོ། །དང་པོ་
ནི། རྒྱུ་རྐྱེན་རང་བཞིན་གྱིས་ཡོད་དེ། དེའི་མཚན་ཉིད་ཡོད་པའི་ཕྱིར་ཏེ། འབྲས་བུ་སྒྲུབ་པར་བྱེད་པ་རྒྱུ་རྐྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། འབྲས་བུ་སྒྲུབ་པར་བྱེད་པ་རྒྱུ་རྐྱེན་གྱི་མཚན་ཉིད་དུ་རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡིན་ཞེས་བྱ་སྟེ་མ་ཡིན་པར་ཐལ། གང་གི་ཚེ་འབྲས་བུའི་ཆོས་ནི་རྒྱུ་དུས་ན་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀ་རང་བཞིན་གྱིས་མི་འགྲུབ་པའི་ཕྱིར། འདོད་པ་དེ་ལྟ་ཡིན་ན་རྒྱུ་རྐྱེན་གྱི་མཚན་ཉིད་རང་བཞིན་གྱིས་གྲུབ་པའི་རྒྱུ་མཚན་གྱིས་རྒྱུ་རྐྱེན་རང་བཞིན་གྱིས་གྲུབ་པ་མི་རིགས་པར་ཐལ་ལོ། །གཉིས་པ་ནི། དམིགས་རྐྱེན་རང་བཞིན་གྱིས་ཡོད་དེ། རྣམ་ཤེས་སྐྱེ་བའི་གནས་ཡིན་པའི་ཕྱིར་ཞེ་ན། དམིགས་བྱ་དམིགས་པའི་སྔ་རོལ་ན་ཡོད་པའམ་མེད་པའི་རྣམ་ཤེས་ལ་དམིགས་རྐྱེན་རྟོག །དང་པོ་ལྟར་ན། རྣམ་པར་ཤེས་པའི་ཆོས་འདི་ཆོས་ཅན། དམིགས་པ་ནི་མེད་པར་ཁོ་ནར་ཉེ་བར་བསྟན་པར་ཐལ། དམིགས་བྱ་དམིགས་པའི་སྔ་རོལ་ན་ཡོད་པའི་ཕྱིར། ཅི་སྟེ་གཉིས་པ་ལྟར་ན། རྣམ་པར་ཤེས་པའི་ཆོས་ནི་ཆོས་ཅན། དམིགས་པ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། དམིགས་བྱ་དམིགས་པའི་སྔ་རོལ་ན་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་མ་ཐག་རྐྱེན་རང་བཞིན་གྱིས་ཡོད་དེ། ས་བོན་འགགས་མ་ཐག་པ་མྱུ་གུའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར་ཞེ་ན། ས་བོན་འགགས་མ་ཐག་པ་མྱུ་གུའི་དེ་མ་ཐག་རྐྱེན་དུ་མི་རིགས་པར་ཐལ། མྱུ་གུའི་ཆོས་རྣམས་སྐྱེས་པ་མ་ཡིན་པའི་སྔ་རོལ་ན་ས་བོན་འགགས་པ་འཐད་པར་མི་འགྱུར་བ་དེའི་ཕྱིར། འགགས་སོ་ཞེ་ན། མྱུ་གུའི་དེ་མ་ཐག་རྐྱེན་ཡང་གང་ཞིག་ཡོད་པ་ཡིན་ཏེ་མ་ཡིན་པར་ཐལ་ལོ། །བཞི་པ་ནི། བདག་རྐྱེན་རང་བཞིན་གྱིས་ཡོད་དེ། རྒྱུ་གང་ཡོད་ན་འབྲས་བུ་འབྱུང་བ་དེ་ནི་དེའི་བདག་རྐྱེན་ཡིན་པའི་ཕྱིར་ཞེ་ན། དངོས་པོ་རྣམས་ཆོས་ཅན།
རྒྱུ་དེ་ཡོད་པས་ན་འབྲས་བུ་འདི་འབྱུང་ཞེས་བྱ་བ་འདི་ནི་རང་བཞིན་གྱིས་འཐད་པ་མ་ཡིན་ཏེ། གང་གིས་ཕྱིར་ཁྱོད་ཀྱི་ཡོད་པ་རང་བཞིན་གྱི་ཡོད་པ་མིན་པའི་ཕྱིར་ཏེ། རང་བཞིན་གྱིས་མེད་པའི་ཕྱིར་རོ། །གསུམ་པ་ནི། རྐྱེན་རང་བཞིན་གྱིས་ཡོད་དེ། སྣལ་མ་ལས་སྣམ་བུ་སྐྱེ་བར་མཐོང་བའི་ཕྱིར་ཞེ་ན། འབྲས་བུ་སྣམ་བུ་དེ་ནི་ཆོས་ཅན། རྐྱེན་སྣལ་མ་ལས་རང་བཞིན་གྱིས་ཇི་ལྟར་སྐྱེ་སྟེ་མི་སྐྱེ་བར་ཐལ། རྐྱེན་སྣལ་མ་རྣམས་ལ་ནི་མེད་པའི་ཕྱིར་ཏེ། རྐྱེན་སྣལ་མ་རྣམས་སོ་སོ་བ་དང་འདུས་པ་ལ་མེད་པ་ཉིད་ཡིན་པའི་ཕྱིར། ཅི་སྟེ་འབྲས་བུ་དེ་ནི་རྐྱེན་ལ་མེད་པར་ཡང་རྐྱེན་དེ་དག་ལས་རང་བཞིན་གྱིས་སྐྱེ་བར་འགྱུར་རོ་ཞེ་ན། ཆོས་ཅན། རྐྱེན་མ་ཡིན་པ་དག་ལས་ཀྱང་ཅིའི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ་འགྱུར་བར་ཐལ་ལོ། །གལ་ཏེ་རྐྱེན་དང་འབྲས་བུ་གཞན་ཡིན་ན་བདེན་ཡང་འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པས་སྐྱོན་མེད་དོ་ཞེ་ན། རྐྱེན་རྣམས་ཆོས་ཅན། བདག་གི་ངོ་བོ་རང་བཞིན་གྱིས་ཡོད་པ་མིན་པར་ཐལ། རང་གི་ཆ་ཤས་དུ་མ་ལ་བཏགས་ནས་བཞག་པའི་ཕྱིར། འདོད་ན། འབྲས་བུ་གང་ཡིན་པ་དེ་ནི་ཆོས་ཅན། ཇི་ལྟར་རྐྱེན་གྱིས་རང་བཞིན་དུ་ངོ་བོས་མ་གྲུབ་པར་ཐལ། རྐྱེན་རྣམས་བདག་གི་དངོས་པོ་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར། འདོད་ན། དེའི་ཕྱིར་རྐྱེན་གྱི་རང་བཞིན་གྱི་འབྲས་བུ་ཡོད་པ་མིན་ནོ། །འོ་ན་འབྲས་བུ་རྐྱེན་མ་ཡིན་གྱི་རང་བཞིན་ཡིན་ནོ་ཞེ་ན། འབྲས་བུ་ནི་ཆོས་ཅན། རྐྱེན་གྱི་རང་བཞིན་མ་ཡིན་པས་རྐྱེན་མིན་གྱི་རང་བཞིན་དུ་ཡོད་པ་མིན་པར་ཐལ། སྣལ་མའི་རང་བཞིན་མ་ཡིན་པས་འཇག་མའི་རང་བཞིན་ཡིན་མོད་དགོས་པའི་ཕྱིར། འབྲས་བུ་རྐྱེན་དང་རྐྱེན་མ་ཡིན་གྱི་རང་བཞིན་མ་ཡིན་ཀྱང་རྐྱེན་དང་
རྐྱེན་མ་ཡིན་གཉིས་རང་བཞིན་གྱིས་སོ་སོར་ངེས་པ་ཡིན་ཏེ། ཏིལ་ལས་ཏིལ་མར་འབྱུང་གི་མར་མི་འབྱུང་། ཞོ་ལས་མར་འབྱུང་གི་ཏིལ་མར་མི་འབྱུང་། བྱེ་མ་ལས་དེ་གཉིས་ཀ་མི་འབྱུང་བའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། རྐྱེན་མིན་དང་རྐྱེན་དུ་རང་བཞིན་གྱིས་སོ་སོར་ངེས་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། རྐྱེན་དང་རྐྱེན་མ་ཡིན་གྱི་འབྲས་བུ་རང་བཞིན་གྱིས་མེད་པས་ནའོ། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་འགྲོ་འོང་གི་བྱ་བྱེད་ལ་བརྟགས་ནས་གང་ཟག་ལ་རང་བཞིན་དགག་པ་ལ་གཉིས། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ལ་གཉིས། ལས་དང་བྱེད་པ་པོ་ལ་བྱ་བ་སོ་སོར་དགག །ཐུན་མོང་དུ་དགག་པའོ། །དང་པོ་ལ་བཞི། ལས་ལ། བྱེད་པ་པོ་ལ་བརྟགས་ནས་དགག །བྱ་བ་ཡོད་པའི་སྒྲུབ་བྱེད་དགག །བྱ་བ་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས། ལམ་གསུམ་ལ་བྱ་བ་སྤྱིར་དགག །བགོམ་པ་ད་ལྟར་བ་ལ་བྱ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་དགག་པས་འགག་སོགས་མེད་པར་འགྲུབ་མོད། རྟེན་འབྱུང་ལ་འགྲོ་འོང་འགོག་པའི་རིགས་པ་ཐུན་མོང་མ་ཡིན་པ་བསྟན་དགོས་སོ་ཞེ་ན། འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་ན། ལམ་གསུམ་གང་རུང་ལ་ཡོད་དགོས་པས་རེ་ཞིག་སོང་བའི་ལམ་ལ་མི་འགྲོ་སྟེ། འགྲོ་བའི་བྱ་བ་ནི་ད་ལྟར་བ་ཡིན་ལ། སོང་ཟིན་པའི་ལམ་ལ་འགྲོ་བའི་བྱ་བ་འགགས་ཟིན་པའི་ཕྱིར། མ་སོང་བའི་ལམ་ལའང་འགྲོ་བའི་བྱ་བ་ཡོད་པ་མིན་ཏེ། འགྲོ་བའི་བྱ་བ་ནི་ད་ལྟར་བ་ཡིན་ལ། མ་སོང་སའི་ལམ་ལ་འགྲོ་བའི་བྱ་བ་མ་སྐྱེས་པའི་ཕྱིར། བགོམ་པ་ད་ལྟར་བའི་ལམ་ལ་འགྲོ་བའི་བྱ་བ་རང་བཞིན་གྱིས་མེད་དེ། སོང་དང་མ་སོང་མ་གཏོགས་པར་བགོམ་པ་ད་ལྟར་བའི་ལམ་རང་བཞིན་
གྱིས་ཤེས་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རྩོད་ལན་ནོ། །དང་པོ་ནི། གལ་ཏེ་བགོམ་པ་ད་ལྟར་བ་ལ་འགྲོ་བ་ཡོད་དེ། ཡུལ་གང་ན་རྐང་པ་འདེགས་འཇོག་གི་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་ལ། གཡོ་བ་དེ་ཡང་གང་གི་བགོམ་པ་ད་ལྟར་བ་ལ་ཡོད་ཀྱི་སོང་བ་ལ་ཡོད་པ་མིན་མ་སོང་བ་ལ་ཡོད་པ་མིན་པ་དེའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། ལས་ཚིག་དང་བྱ་ཚིག་གཅིག་དོན་དང་བཅས་ན་ཅིག་ཤོས་དོན་གྱིས་སྟོང་། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བགོམ་པ་ད་ལྟར་བ་ལ་འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་པ་ཡིན་པར་ནི་ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་འགྲོ་བའི་བྱ་བ་གཅིག་ལས་མེད་ཅིང་གཅིག་པོ་དེ་བགོམ་ཞེས་པའི་ཚིག་གི་དོན་དུ་ཡོད་པ་གང་ཞིག །འགྲོ་བའི་བྱ་བ་མེད་པའི་བགོམ་པ་འཐད་པ་མེད་པའི་ཕྱིར་རོ། །གལ་ཏེ་འགྲོ་ཞེས་པའི་ཚིག་ཕྱི་མའི་དོན་དུ་འགྲོ་བའི་བྱ་བ་ཡོད་དོ་ཞེ་ན། གང་གིས་ལྟར་ན་བགོམ་པ་ལ་འགྲོ་ཞེས་པའི་ཚིག་ཕྱི་མའི་དོན་དུ་འགྲོ་བའི་བྱ་བ་ཡོད་པར་འདོད་པ་དེའི་ལུགས་ལ་ཆོས་ཅན། བགོམ་པ་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གཅིག་ལས་མེད་ཅིང་། གཅིག་པོ་དེ་བགོམ་ལ་འགྲོ་ཞེས་པའི་ཚིག་ཕྱི་མའི་དོན་དུ་ཡོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བགོམ་པ་ལ་འགྲོ་ཞེས་ཚིག་སྔ་ཕྱི་གཉིས་ཀའི་དོན་དུ་འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་ན་ནི་རྐང་གཉིས་པའི་ལྷས་བྱིན་ཅིག་ཆོས་ཅན། རྐང་པ་གཡས་པ་འཇོག་པའི་འགྲོ་བའི་བྱ་བ་རྫས་ཐ་དད་པ་གཉིས་ཅིག་ཅར་ཡོད་པར་ཐལ་བར་འགྱུར་ཏེ། གང་གིས་ལམ་དེ་བགོམ་པར་འཇོག་པར་འགྱུར་བ་དང་། ལམ་དེ་ལ་འགྲོ་བ་གང་ཡིན་པའི་འགྲོ་བའི་བྱ་བ་
རང་བཞིན་གྱིས་གྲུབ་པ་གཉིས་ཡོད་པའི་ཕྱིར་རོ། །འདོད་ན། ཆོས་ཅན། འགྲོ་བ་པོ་ཡང་གཉིས་སུ་འགྱུར་ཏེ། རྐང་གཉིས་པའི་གང་ཟག་གི་རྐང་པ་གཡས་པ་འགྲོ་བའི་བྱ་བ་རྫས་ཐ་དད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་འགྲོ་པོ་མེད་པར་ནི་འགྲོ་བ་འཐད་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་དེ། རྟེན་འགྲོ་བ་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། འགྲོ་བའི་རྟེན་འགྲོ་བ་པོ་རང་བཞིན་གྱིས་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ། འགྲོ་བ་པོ་ལས་རྫས་ཐ་དད་པའི་འགྲོ་བ་མེད་པའི་ཕྱིར་ཏེ། གལ་ཏེ་དེ་ཡོད་ན་འགྲོ་བའི་བྱ་བ་འགྲོ་བ་པོ་ལ་མི་ལྟོས་དགོས་ལ། འགྲོ་པོ་མེད་པར་གྱུར་ན་འགྲོ་བ་འཐད་པར་མི་འགྱུར་བའི་ཕྱིར། རེ་ཞིག་འགྲོ་བ་པོ་ཆོས་ཅན། རང་བཞིན་གྱིས་མི་འགྲོ་སྟེ། འོག་གི་རིགས་པས་གནོད་པའི་ཕྱིར། འགྲོ་བ་པོ་མིན་པ་ཆོས་ཅན། འགྲོ་བ་མིན་ཏེ། འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར། འགྲོ་བ་དང་། འགྲོ་བ་མིན་པ་ལས་གཞན་གསུམ་པ་གང་ཞིག་འགྲོ་བར་འགྱུར་བ་མ་ཡིན་པར་ཐལ། དེ་འདྲ་མི་སྲིད་པའི་ཕྱིར། གལ་ཏེ་གཞན་གཉིས་མི་འགྲོ་ཡང་འགྲོ་བ་པོ་རང་བཞིན་གྱིས་འགྲོའོ་ཞེ་ན། རེ་ཞིག་འགྲོ་བ་རང་བཞིན་གྱིས་འགྲོའོ་ཞེས་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ། གང་གི་ཚེ་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོ་འཐད་པར་མི་འགྱུར་བའི་ཕྱིར། གལ་ཏེ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་ཡོད་དོ་ཞེ་ན། གང་གི་ཕྱོགས་ལ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་ཡོད་པར་འདོད་པ་དེའི་ལུགས་ལ་ཆོས་ཅན། འགྲོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་འགྲོ་བ་ཡིན་པར་འགྱུར་བར་ཐལ། འགྲོ་བའི་བྱ་བ་གཅིག་ལས་མེད་ཅིང་གཅིག་པུ་
དེ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་ཡོད་པའི་སྒོ་ནས་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་དང་འགྲོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་འགྲོ་བའི་བྱ་བ་ཡོད་པར་གྱུར་ན། རྐང་གཉིས་པའི་ལྷས་བྱིན་ཆོས་ཅན། རྐང་པ་གཡས་པ་འཇོག་པའི་འགྲོ་བའི་བྱ་བ་རྫས་ཐ་དད་པ་གཉིས་སུ་འགྱུར་བར་ཐལ། བྱ་བ་གང་གིས་འགྲོ་བ་པོར་མངོན་པ་དང་འགྲོ་བ་པོར་གྱུར་ནས་གང་འགྲོ་བའི་བྱ་བ་གཉིས་ཡོད་པའི་ཕྱིར་རོ། །གསུམ་པ་ལ་ལྔ། དང་པོའི་རྩོམ་པ་དགག །འགྲོ་བའི་ལམ་དགག །འགྲོ་བའི་གཉེན་པོ་དགག །ཐ་མའི་ལྡོག་པ་དགག །གནས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། གལ་ཏེ་འགྲོ་བ་ཡོད་དེ། སྡོད་པ་བཏང་ནས་འགྲོ་བ་རྩོམ་པའི་ཕྱིར་ཞེ་ན། ལམ་གང་དུ་འགྲོ་བ་རྩོམ་པར་བྱེད་པ་རང་བཞིན་གྱིས་མ་གྲུབ་པར་ཐལ། སོང་བའི་ལམ་ལ་འགྲོ་བའི་རྩོམ་པ་མེད། མ་སོང་བ་ལའང་འགྲོ་བའི་རྩོམ་པ་ནི། བགོམ་པ་ད་ལྟར་བ་ལ་འགྲོ་བའི་རྩོམ་པ་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར། འགྲོ་བ་རྩོམ་པའི་ལམ་རང་བཞིན་གྱིས་གྲུབ་པ་མེད་དེ། འགྲོ་བ་རྩོམ་པར་འགྱུར་བ་བགོམ་པའི་ལམ་མེད་ཅིང་སོང་བའི་ལམ་མེད། མ་སོང་བའི་ལམ་ལ་འགྲོ་བའི་རྩོམ་པ་ག་ལ་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། ལམ་གསུམ་ལ་འགྲོ་བའི་རྩོམ་པ་མེད་ཀྱང་ལམ་གསུམ་ཡོད་དོ་ཞེ་ན། སོང་བ་ཅི་ཞིག་བགོམ་པ་ཅི་མ་སོང་བའི་ལམ་ཅི་ཞིག་རང་བཞིན་གྱིས་གྲུབ་པ་རྣམ་པར་བརྟག་ཏུ་མེད་དེ། ལམ་གསུམ་ལ་འགྲོ་བའི་རྩོམ་པ་རང་བཞིན་གྱིས་གྲུབ་པ་ཐམས་ཅད་དུ་སྣང་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འགྲོ་བ་ཡོད་དེ། འགྲོ་བའི་གཉེན་པོ་སྡོད་པ་ཡོད་པའི་ཕྱིར་ཞེ་ན། སྡོད་པ་
རང་བཞིན་གྱིས་མེད་དེ། རེ་ཞིག་འགྲོ་བ་པོ་མི་སྡོད། འགྲོ་བ་པོ་མིན་པ་རང་བཞིན་གྱིས་སྡོད་པ་མིན། འགྲོ་པོ་དང་འགྲོ་པོ་མིན་པ་ལས་གཞན་པའི་གསུམ་པ་གང་ཞིག་སྡོད་པར་འགྱུར་བ་མི་སྲིད་པའི་ཕྱིར། རྟགས་དང་པོ་མ་གྲུབ་བོ་ཞེ་ན། རེ་ཞིག་འགྲོ་བ་རང་བཞིན་གྱིས་སྡོད་དེ་ཞེས་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་འགྲོ་བ་མེད་པར་ནི་འགྲོ་བ་པོ་འཐད་པར་མི་འགྱུར་ཞིང་། འགྲོ་བ་དང་སྡོད་པའི་བྱ་བ་གཉིས་གཞི་གཅིག་ལ་མི་འདུ་བའི་ཕྱིར་རོ། །བཞི་པ་ནི། འགྲོ་བ་ཡོད་དེ། འགྲོ་བ་ལས་ལྡོག་པ་ཡོད་པའི་ཕྱིར་ཞེ་ན། བགོམ་པ་ལས་རང་བཞིན་གྱིས་ལྡོག་པར་མི་འགྱུར་ཏེ། བགོམ་པ་རང་བཞིན་གྱིས་མེད་པའི་ཕྱིར། སོང་བ་དང་མ་སོང་བ་ལས་ཀྱང་ལྡོག་པ་མ་ཡིན་ཏེ། དེ་གཉིས་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར། དེའི་ཕྱིར་ལྡོག་པ་ངོ་བོ་ཉིད་ཀྱིས་མེད་དོ། །ལྔ་པ་ནི། གནས་པ་ངོ་བོ་ཉིད་ཀྱིས་ཡོད་དེ། གནས་པའི་གཉེན་པོ་འགྲོ་བ་ཡོད་པའི་ཕྱིར་དང་། གནས་པ་ལ་འཇུག་པ་ཡོད་པའི་ཕྱིར་དང་། གནས་པ་ལས་ལྡོག་པ་ཡོད་པའི་ཕྱིར་ཞེ་ན། འགྲོ་བ་དང་ནི་གནས་པ་ལ་འཇུག་པ་དང་། གནས་པ་ལས་ལྡོག་པ་ཡང་ནི་ཆོས་ཅན། གནས་པ་ངོ་བོ་ཉིད་ཀྱིས་ཡོད་པའི་སྒྲུབ་བྱེད་མ་ཡིན་ཏེ། འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་པའི་སྒྲུབ་བྱེད་དུ་གནས་པ་དང་། འགྲོ་བར་རྩོམ་པ་དང་། འགྲོ་བ་ལས་ལྡོག་པ་བཀོད་པ་དང་ཉེས་པ་མཚུངས་པའི་ཕྱིར་རོ། །བཞི་པ་ལ་གཉིས། གཅིག་དང་ཐ་དད་བརྟགས་ནས་དགག །བྱ་བ་གཉིས་པ་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། འགྲོ་བ་པོ་དང་འགྲོ་བ་རང་བཞིན་གྱིས་ཡོད་དེ། ལྷས་བྱིན་གོམ་པ་འདོར་བ་མཐོང་བའི་ཕྱིར་ཞེ་ན། འགྲོ་བ་དེ་དང་འགྲོ་བ་པོ་རང་བཞིན་གྱིས་དེ་ཉིད་གཅིག་ཅེས་ཀྱང་བྱར་མི་རུང་། འགྲོ་བ་དང་ནི་འགྲོ་བ་པོ་རང་བཞིན་གྱིས་གཞན་ཉིད་ཅེས་ཀྱང་བྱར་མི་རུང་ངོ་། །
ཇི་ལྟར་མི་རུང་ཞེ་ན། བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། གལ་ཏེ་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་ཡིན་པར་འགྱུར་བའི་ཕྱིར། འགྲོ་པོ་མེད་པའི་འགྲོ་བ་དང་འགྲོ་བ་མེད་པའི་འགྲོ་པོར་འགྱུར་བར་ཐལ། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་རང་བཞིན་གྱིས་གཞན་པ་ཉིད་དུ་རྣམ་པར་བརྟག་པའི་ཕྱིར། འགྲོ་བ་དང་འགྲོ་བ་པོ་དེ་གཉིས་ཆོས་ཅན། རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ་མེད་པར་ཐལ། ཁྱོད་གང་དག་རང་བཞིན་གྱིས་དངོས་པོ་གཅིག་པ་དང་རང་བཞིན་གྱིས་དངོས་པོ་གཞན་པ་ཉིད་དུ་ནི་གྲུབ་པར་གྱུར་པ་ཡོད་པ་མིན་པའི་ཕྱིར་རོ། །གཉིས་པ་ནི། སྔར་གྱི་སྐྱོན་དེ་མེད་དེ། འགྲོ་བ་པོར་འཇོག་པའི་བྱ་བ་དེ་ཉིད་ཀྱིས་འགྲོ་བར་འཇོག་པའི་ཕྱིར་ཞེ་ན། འགྲོ་བ་གང་གིས་འགྲོ་བ་པོར་མངོན་པར་འཇོག་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མིན་ཏེ། གང་གི་ཕྱིར་ལྷས་བྱིན་གང་ཞིག་ཡུལ་གང་དུ་འགྲོ་བར་འགྱུར་བའི་འགྲོ་བའི་བྱ་བའི་སྔ་རོལ་ན་འགྲོ་བ་པོ་མེད་པའི་ཕྱིར། འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དེ་ལས་གཞན་པས་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མིན་ཏེ། གང་གི་ཕྱིར་འགྲོ་བ་པོ་གཅིག་པུ་ལ་འགྲོ་བ་གཉིས་སུ་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་པོ་ཡིན་པར་གྱུར་པ་ནི་ཆོས་ཅན། རང་བཞིན་གྱིས་མི་འགྲོ་སྟེ། འགྲོ་བའི་ལམ་རྣམ་པ་གསུམ་དུ་རང་བཞིན་གྱིས་འགྲོ་བར་མི་བྱེད་པའི་ཕྱིར། འགྲོ་བ་པོ་མ་ཡིན་པར་ནི་གྱུར་པ་དེ་ཡང་ཆོས་ཅན། མི་འགྲོ་སྟེ། འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པའི་ཕྱིར། འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། དེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དཔྱད་ན་མི་རྙེད་པ་དེའི་ཕྱིར། འགྲོ་འོང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།གཉིས་ པ་བདག་མེད ་གཉིས་རྒྱས་པར་བཤད་པ་ལ་ལྔ། ཆོས་དང་
གང་ཟག་སོ་སོར་ཕྱེ་སྟེ་བཤད། དངོས་པོ་ཙམ་རང་བཞིན་གྱིས་སྟོང་པ། དེ་ཁོ་ན་ཉིད་ལ་འཇུག་ཚུལ། དུས་རང་བཞིན་གྱིས་སྟོང་ པ། སྲིད་རྒྱུན་རང་བཞིན་གྱིས་སྟོང་པའོ། །དང་པོ་ལ་གཉིས། ཆོས་ཀྱི་བདག་མེད ། གང་ཟག་གི་བདག་མེད་དོ། །དང་པོ་ལ་གཉིས། ཆོས་གསུམ་བདག་དགག །བདག་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། སྐྱེ་མཆེད་ལ། ཕུང་པོ་ལ། ཁམས་ལ། ཆོས་ བདག་དགག་པའོ། །དང་པོ་ལ་རྩོད་ལན་གཉིས། དང་པོ་ནི། གལ་ཏེ་འགྲོ་བ་ལ་སོགས་པ་མེད ་མོད། ལྟ་བ་ལ་སོགས་པ་རང་བཞིན་གྱིས་ཡོད་དེ། ཆོས་མངོན་པའི་མདོ་ལས། ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་དང་རིག་བྱེད་དང་ཡིད་དང་དབང་པོ་དྲུག་སྟེ་དེ་དག་གི་སྤྱོད་ཡུལ་བལྟ་བར་བྱ་བ་ལ་སོགས་པ་དྲུག་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། ལྟ་བའི་ཆོས་གསུམ་དགག །རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། ལྟ་བའི་བྱེད་པ་པོ་དགག །ལྟ་བའི་ལས་དང་བྱ་བ་དགག་པའོ། །དང་པོ་ལ་གཉིས། མིག་ལྟ་བའི་བྱེད་པ་པོ་ཡིན་པ་དགག །བདག་གམ་རྣམ་ཤེས་བྱེད་པ་པོ་ཡིན་པ་དགག་པའོ། །དང་པོ་ནི། གཟུགས་ལ་ལྟ་བའི་མིག་དེ་ཆོས་ཅན། རང་གི་བདག་ཉིད་ནི་དེ་ལ་ལྟ་བ་མ་ཡིན་པ་ཉིད་དེ། རང་ཉིད་རང་ལ་བྱ་བྱེད་འགལ་བའི་ཕྱིར། དེ་ཆོས་ཅན། གཞན་དག་ལ་ཇི་ལྟར་རང་བཞིན་གྱིས་ལྟ་བ་མ་ཡིན་པར་ཐལ། གང་ཞིག་བདག་ལ་མི་ལྟ་བ་ཡིན་པའི་ཕྱིར། རང་ལ་མི་ལྟ་ཡང་གཞན་ལ་ལྟ་སྟེ། དཔེར་ན་མེས་རང་མི་སྲེག་ཀྱང་གཞན་སྲེག་པ་བཞིན་ཞེ་ན། མེའི་དཔེས་ནི་ལྟ་བ་རང་བཞིན་གྱིས་གྲུབ་པར་རབ་ཏུ་སྒྲུབ་པར་ནུས་པ་མ་ཡིན་པར་ཐལ། སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པ་ཡིས་དཔེ་དེ་ནི་ལྟ་བ་དང་བཅས་པ་ལ་ལན་བཏབ་ནས་བཀག་པའི་ཕྱིར། མིག་ཆོས་ཅན། རང་བཞིན་གྱིས་ལྟ་བར་
བྱེད་པ་མ་ཡིན་ཏེ། གང་གི་ཚེ་རང་གཞན་ལ་ཅུང་ཟད་ཀྱང་རང་བཞིན་གྱིས་མི་ལྟ་བའི་ཕྱིར། ཆོས་ཅན། གཟུགས་ལ་ལྟ་བས་རང་བཞིན་གྱིས་ལྟ་བར་བྱེད་ཅེས་བྱ་བ་དེ་ནི་ཇི་ལྟར་རིགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་གྱིས་ལྟ་བྱེད་མ་ཡིན་པའི་ཕྱིར། མིག་ལྟ་བྱེད་ཡིན་ན། ལྟ་བའི་རང་བཞིན་ཡིན་མིན་གྱི་མིག་གང་ལྟ། དང་པོ་ལྟར་ན། ལྟ་བའི་རང་བཞིན་གྱི་མིག་ཆོས་ཅན། རང་བཞིན་གྱིས་ལྟ་བ་ཉིད་མ་ཡིན་ཏེ། ལྟ་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ལྟ་བའི་རང་བཞིན་མིན་པའི་མིག་ཆོས་ཅན། མི་ལྟ་བ་ཉིད་དེ། ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར། གཉིས་པ་ནི། མིག་ལྟ་བའི་བྱེད་པ་པོ་མ་ཡིན་གྱི་བདག་གམ་རྣམ་ཤེས་ལྟ་བའི་བྱེད་པ་པོ་ཡིན་ནོ་ཞེ་ན། བདག་གམ་རྣམ་ཤེས་ཆོས་ཅན། ལྟ་བའི་བྱེད་པ་པོ་རང་བཞིན་གྱིས་མ་གྲུབ་སྟེ། ལྟ་བ་རང་བཞིན་གྱིས་མེད་པར་སྒྲུབ་པའི་རིགས་པ་ཉིད་ཀྱིས་ལྟ་བ་པོའང་རང་བཞིན་གྱིས་མེད་པར་རྣམ་པར་བཤད་པར་བྱ་བའི་ཕྱིར། ལྟ་བ་པོ་ཆོས་ཅན། ལྟ་བ་མ་སྤངས་པར་ཁྱོད་རང་བཞིན་གྱིས་ཡོད་པ་མིན་ཏེ། ཁྱོད་གྲུབ་མ་གྲུབ་གང་ཡང་ལྟ་བ་ལ་རང་བཞིན་གྱིས་མི་ལྟོས་པའི་ཕྱིར། ཁྱོད་ལྟ་བ་སྤངས་པར་གྱུར་ཀྱང་ཡོད་པ་མ་ཡིན་ཏེ། ཁྱོད་ལྟ་བ་ལ་ལྟོས་པའི་ཕྱིར། གཉིས་པ་ནི། ལྟ་བ་པོ་མེད་ཀྱང་བལྟ་བྱ་དང་ལྟ་བ་ཡོད་དོ་ཞེ་ན། བལྟ་བྱ་དང་ལྟ་བ་དེ་དག་རང་བཞིན་གྱིས་ག་ལ་ཡོད་དེ་མེད་པར་ཐལ། ལྟ་པོ་རང་བཞིན་གྱིས་མེད་པའི་ཕྱིར། བལྟ་བྱ་དང་ལྟ་བ་རང་བཞིན་གྱིས་ཡོད་དེ། ཇི་ལྟར་ཕ་དང་མ་དག་ལ་བརྟེན་ནས་བུ་ནི་འབྱུང་བར་བཤད་པ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བར་བཤད་པའི་ཕྱིར་ཞེ་ན། འདི་རྩ་བའི་གཞུང་མ་ཡིན་
ཞེས་གསུང་ངོ་། །རྣམ་པར་ཤེས་པ་ལ་སོགས་པ་བཞི་རང་བཞིན་གྱིས་ཡོད་པ་མིན་པར་ཐལ། བལྟ་བྱ་དང་ལྟ་བ་རང་བཞིན་གྱིས་མེད་པའི་ཕྱིར། འདོད་ན། ཉེ་བར་ལེན་པ་ལ་སོགས་པ་ཇི་ལྟ་བུ་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ལ་ནི་ལྟ་བ་རང་བཞིན་གྱིས་མེད་ཀྱང་ཉན་པ་ལ་སོགས་པར་རང་བཞིན་གྱིས་ཡོད་དོ་ཞེས་མཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་དང་རེག་བྱེད་དང་ཡིད་དང་ཉན་པོ་དང་མཉན་བྱ་ལ་སོགས་པ་ཆོས་ཅན། རང་བཞིན་གྱིས་མེད་དེ། ལྟ་བ་རང་བཞིན་མེད་པར་སྒྲུབ་པའི་རིགས་པས་རྣམ་པར་བཤད་པར་ཤེས་པར་བྱ་བའི་ཕྱིར། དབང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།གཉིས་པ་ཕུང་པོ་ལ་ཆོས་བདག་དགག་པ་ལ་གསུམ། གཟུགས་ཕུང་རང་བཞིན་གྱིས་ཡོད་པར་དགག །རིགས་པ་དེ་གཞན་ལའང་སྦྱར། རྩོད་པ་དང་འཆད་པའི་ཚེ་ལན་གདབ་ཚུལ་ལོ། །དང་པོ་ལ་གཉིས། དོན་གཞན་ལ་རྒྱུ་འབྲས་དགག །ཡོད་མེད་དང་འདྲ་མི་འདྲ་ལ་རྒྱུ་འབྲས་དགག་པའོ། །དང་པོ་ནི། གལ་ཏེ་དབང་པོ་རྣམས་བཀག་ཀྱང་ཕུང་པོ་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར་སྙམ་ན། འབྲས་གཟུགས་ཀྱི་རྒྱུ་འབྱུང་བཞི་མ་གཏོགས་པར་འབྲས་གཟུགས་ནི་རང་བཞིན་གྱིས་དམིགས་པར་མི་འགྱུར་ཏེ། འབྲས་གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་འབྲས་གཟུགས་རང་བཞིན་གྱིས་ཡོད་ན། འབྲས་གཟུགས་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ། གཟུགས་ཀྱི་དོན་གང་ཡང་རྒྱུ་མེད་པ་ནི་གང་ནའང་མེད་པའི་ཕྱིར། འབྲས་གཟུགས་ཞེས་བྱ་བ་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཡང་རང་བཞིན་གྱིས་མི་སྣང་སྟེ། གལ་ཏེ་འབྲས་གཟུགས་ནི་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། འབྲས་བུ་མེད་པའི་རྒྱུ་འགྱུར་ལ། འབྲས་བུ་མེད་པའི་རྒྱུ་མེད་པའི་ཕྱིར་རོ། །གཉིས་
པ་ནི། འབྱུང་བ་ལ་འབྲས་གཟུགས་ཡོད་དམ་མེད། དང་པོ་ལྟར་ན། འབྱུང་བ་ཆོས་ཅན། འབྲས་གཟུགས་ཀྱི་ནི་རྒྱུར་ཡང་འཐད་པར་མི་འགྱུར་བར་ཐལ། ཁྱོད་ལ་འབྲས་གཟུགས་ཡོད་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། འབྲས་གཟུགས་ཀྱི་ནི་རྒྱུར་ཡང་རང་བཞིན་གྱིས་འཐད་པར་མི་འགྱུར་བར་ཐལ། ཁྱོད་ལ་འབྲས་གཟུགས་མེད་པའི་ཕྱིར། གལ་ཏེ་གཟུགས་ཀྱི་རྒྱུ་མེད་ཀྱང་འབྲས་གཟུགས་ཡོད་དོ་ཞེ་ན། མིག་ཆོས་ཅན། འབྲས་གཟུགས་དག་ནི་འཐད་པར་མི་རུང་བར་ཐལ། རྒྱུ་མེད་པའི་ཕྱིར། རྒྱུ་མེད་པས་སྐྱེ་བ་འགོག་པ་ལ་འཐད་པར་མི་རུང་རུང་མིན་ཉིད་ཅེས་དགག་པ་གཉིས་སྨོས་པ་ཆོས་ཅན། དོན་ཡོད་དེ། རྒྱུ་མེད་ལས་སྐྱེ་བའི་ཕྱོགས་ཤིན་ཏུ་ཐ་ཆད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཐོགས་བཅས་ཐོགས་མེད་སོགས་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་སྟེ། གཟུགས་རང་བཞིན་གྱིས་མེད་པ་དེའི་ཕྱིར། འབྲས་བུའི་གཟུགས་ཆོས་ཅན། རྒྱུ་འབྱུང་བ་དང་རང་བཞིན་གྱིས་འདྲ་བ་ཞེས་བྱ་བ་འཐད་པའི་མ་ཡིན་ཏེ། དེ་དང་མཚན་ཉིད་མི་མཐུན་པའི་ཕྱིར། འབྲས་བུའི་གཟུགས་ཆོས་ཅན། རྒྱུ་འབྱུང་བ་དང་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ནི། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་སེམས་དང་དངོས་པོ་ཐམས་ཅད་ཀྱང་ཆོས་ཅན། རང་བཞིན་གྱིས་མེད་དེ། རྣམ་པ་དག་ནི་ཐམས་ཅད་དུ་གཟུགས་རང་བཞིན་མེད་པར་སྒྲུབ་པ་ཉིད་ཀྱིས་ན་རིམ་པ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། དབུ་མ་པས་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་གཟུགས་རང་བཞིན་གྱིས་མེད་དོ་ཞེས་བརྩད་པར་བྱས་པའི་ཚེ། གཟུགས་རང་བཞིན་གྱིས་ཡོད་དེ། ཚོར་བ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེས་དངོས་སྨྲ་བ་གང་
ཞིག་ལན་འདེབས་སྨྲ་བར་བྱེད་པ་དེ་ཡིན་ཐམས་ཅད་དུ་ཡང་དག་པའི་ལན་བཏབ་པ་མིན་ཏེ། སྒྲུབ་བྱེད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར། ཡང་སྟོང་པ་ཉིད་ཀྱིས་བཤད་པ་བྱས་པའི་ཚེ་སློབ་མ་གང་ཞིག་སྐྱོན་འདོགས་སྨྲ་བར་བྱེད་པ་དེ་ཡི་རྒོལ་བ་ཐམས་ཅད་ཡང་དག་པར་སྐྱོན་བཏགས་པ་མིན་ཏེ། སྒྲུབ་བྱེད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར། ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།གསུམ་པ་ཁམས་ལ་ཆོས་བདག་དགག་པ་ལ་གསུམ། ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་དགག །རིགས་པ་དེ་གཞན་ལའང་སྦྱར། ཡོད་མེད་ཀྱི་མཐར་ལྟ་བ་སྨད་པར་བསྟན་པའོ། །དང་པོ་ལ་གསུམ། ནམ་མཁའི་ཁམས་ལ་མཚན་མཚོན་དགག །དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག །མཇུག་བསྡུ་བའོ། །དང་པོ་ནི། གལ་ཏེ་ཁམས་རང་བཞིན་གྱིས་ཡོད་དེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ། །ཞེས་གསུངས་པའི་ཕྱིར་ཞེ་ན། མདོ་ལས་སའི་ཁམས་དང་པོར་གསུངས་ཀྱང་། འདིར་དང་པོར་ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་དགག་པ་ནི། འཇིག་རྟེན་ན་ནམ་མཁའ་སྟོང་པར་གྲགས་ཤིང་ཁམས་གཞན་རྣམས་སྟོང་པར་མ་གྲགས་པས། གྲགས་པའི་དོན་གྱིས་མ་གྲགས་པ་སྒྲུབ་པའི་ཕྱིར་དུ་ནམ་མཁའི་མཚན་ཉིད་སྔ་རོལ་ན་ཞེས་གསུངས་སོ། །ནམ་མཁའ་ལ་མཚན་ཉིད་སྒྲིབ་ཐོགས་མེད་པ་རང་བཞིན་གྱིས་མི་འཇུག་སྟེ། ནམ་མཁའི་མཚན་ཉིད་སྒྲིབ་ཐོགས་མེད་པའི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་མཚན་ཉིད་སྒྲིབ་མེད་ལས་སྔར་ནམ་མཁའ་ཡོད་པར་གྱུར་ན། ནམ་མཁའ་ལ་མཚན་ཉིད་མེད་པར་ཐལ་བར་འགྱུར་རོ། །འདོད་
མི་ནུས་ཏེ། མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་ནི་འགལ་ཡང་ཡོད་པ་མ་ཡིན་པའི་ཕྱིར། མཚན་ཉིད་སྒྲིབ་མེད་གང་དུ་འཇུག་པར་འགྱུར་བ་རང་བཞིན་གྱིས་མ་གྲུབ་པར་ཐལ། མཚན་ཉིད་མེད་པའི་སྔ་རོལ་ན་མཚན་གཞིའི་དངོས་པོ་མེད་པའི་ཕྱིར། མཚན་ཉིད་མེད་པ་ལ་མཚན་ཉིད་ནི་མི་འཇུག་སྟེ། མཚན་ཉིད་མེད་པའི་མཚན་གཞི་མི་སྲིད་པའི་ཕྱིར། མཚན་ཉིད་དང་བཅས་པ་ལ་མཚན་ཉིད་རང་བཞིན་གྱིས་འཇུག་པ་མིན་ཏེ། དེ་ལ་སླར་ཡང་མཚན་ཉིད་འཇུག་པ་དགོས་པ་མེད་པའི་ཕྱིར། མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་ལའང་མཚན་ཉིད་འཇུག་པར་མི་འགྱུར་ཏེ། དེ་མི་སྲིད་པའི་ཕྱིར། མཚན་གཞི་རང་བཞིན་གྱིས་འཐད་པར་མི་འགྱུར་ཏེ། མཚན་ཉིད་འཇུག་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། མཚན་ཉིད་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། མཚན་གཞི་རང་བཞིན་གྱིས་འཐད་པ་མ་ཡིན་པའི་ཕྱིར། མཚན་གཞི་རང་བཞིན་གྱིས་ཡོད་པ་མིན་པར་ཐལ། མཚན་ཉིད་འཇུག་པ་རང་བཞིན་གྱིས་མེད་པ་དེའི་ཕྱིར། འདོད་ན། མཚན་ཉིད་སྒྲིབ་མེད་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་པར་ཐལ་ལོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། ནམ་མཁའ་དངོས་པོར་ཡོད་དོ་ཞེ་ན། ནམ་མཁའ་ཆོས་ཅན། དངོས་པོར་རང་བཞིན་གྱིས་མེད་པར་ཐལ། མཚན་གཞི་དང་མཚན་ཉིད་རང་བཞིན་གྱིས་མེད་པའི་ཕྱིར། ཁྱབ་སྟེ། མཚན་གཞི་མཚན་ཉིད་མ་གཏོགས་པའི་དངོས་པོ་ཡང་ནི་ཡོད་པ་མ་ཡིན་པའི་ཕྱིར། མདོ་སྡེ་པ་ན་རེ། དངོས་མེད་དུ་རང་བཞིན་གྱིས་ཡོད་དོ་ཞེ་ན། ཆོས་ཅན། དངོས་མེད་གང་གི་རང་བཞིན་གྱིས་གྲུབ་པ་ཡིན་
པར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། དངོས་པོ་དང་དངོས་མེད་རང་བཞིན་གྱིས་ཡོད་དེ། དངོས་པོ་ཡོད་མེད་རྟོག་པ་པོ་ཡོད་པའི་ཕྱིར་ཞེ་ན། གང་གིས་དངོས་པོ་དང་དངོས་མེད་ཤེས་པའི་གང་ཟག་ཆོས་ཅན། རང་བཞིན་གྱིས་མེད་དེ། དངོས་པོ་དང་དངོས་མེད་དང་དེ་གཉིས་ཀར་ཡང་རང་བཞིན་གྱིས་མེད་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དངོས་པོ་དང་དངོས་མེད་ཆོས་མི་མཐུན་པའི་ཕྱིར། གསུམ་པ་ནི། ནམ་མཁའ་ཆོས་ཅན། དངོས་པོ་དང་དངོས་མེད་དང་མཚན་གཞི་དང་། མཚན་ཉིད་དུ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དེ་དག་སྔར་བཀག་ཟིན་པ་དེའི་ཕྱིར། གཉིས་པ་ནི། ཁམས་ལྔ་པོ་གཞན་གང་དག་ཀྱང་ཆོས་ཅན། རང་བཞིན་གྱིས་མེད་དེ། ནམ་མཁའ་རང་བཞིན་གྱིས་མེད་པར་སྒྲུབ་པའི་རིགས་པ་མཚུངས་པའི་ཕྱིར། གསུམ་པ་ནི། ལོག་པར་ལྟ་བའི་བློ་ཆུང་གང་དག་དེས་ནི་ཆོས་ཅན། རེ་ཤིག་ལྟ་བར་བྱ་བ་སྤྲོས་པ་ཉེ་བར་ཞི་ཞིང་ཞི་བའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་མཐོང་སྟེ། དངོས་པོ་རྣམས་ལ་རང་བཞིན་གྱིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་བལྟ་བའི་ཕྱིར། ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།༨༽ རབ་བྱེད་དྲུག་པ་འདོད་ཆགས་དང་ཆགས་པ་བརྟག་པ། གཉིས་པ་ལ་གསུམ། བརྟེན་པ་ཀུན་ནས་ཉོན་མོངས་དགག །མཚན་ཉིད་སྐྱེ་གནས་འཇིག་གསུམ་དགག །རྒྱུ་ལས་དང་བྱེད་པ་པོ་དགག་པའོ། །དང་པོ་ལ་གསུམ། འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་ཡོད་པར་དགག །མཇུག་བསྡུ་བ། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། སྔ་ཕྱིར་འབྱུང་བ་དགག །ལྷན་ཅིག་ཏུ་འབྱུང་བ་དགག་པའོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་དེ། བརྟེན་པ་ཀུན་ནས་ཉོན་མོངས་ཡོད་པའི་ཕྱིར་ཞེ་ན།
འདོད་ཆགས་རང་བཞིན་གྱིས་ཡོད་ན། ཚུལ་གསུམ་ལས་མི་འདའ་བས། ཆགས་པ་སྔར་ཡོད་པའི་འདོད་ཆགས་ཡོད་དམ། ཕྱིས་ཡོད་པའི་འདོད་ཆགས་ཡོད། དང་པོ་ལྟར་ན། ཆགས་པ་སྔར་ཡོད་ཀྱི་འདོད་ཆགས་མེད་པར་ཐལ། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཡོད་ན་དེ་ལ་བརྟེན་ནས་འདོད་ཆགས་ཡོད་ལ་དེ་ལྟ་ན་ཆགས་པ་སྔར་ཡོད་ཀྱི་འདོད་ཆགས་ཡོད་པར་འགྱུར་ན་ཡང་འདོད་ཆགས་དང་བྲལ་བའི་ཆགས་པ་མེད་པའི་ཕྱིར། གཉིས་པ་ལྟར་ན། ཆགས་པ་ཡོད་པར་མ་གྱུར་ན་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། རྟེན་མེད་ན་བརྟེན་པ་མི་སྲིད་པའི་ཕྱིར། གལ་ཏེ་ཆགས་པ་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར་ཞེ་ན། ཆགས་པ་རང་བཞིན་གྱིས་མེད་པར་ཐལ། ཆགས་པ་ལ་ཡང་འདོད་ཆགས་ནི་སྔར་ཡོད་དམ་མེད་ཀྱང་། ཆགས་པ་སྔར་ཡོད་མེད་ཀྱི་འདོད་ཆགས་འགོག་པའི་རིམ་པ་མཚུངས་པའི་ཕྱིར། གཉིས་པ་ནི། འདོད་ཆགས་དང་ཆགས་པ་ལྷན་ཅིག་ཏུ་ཡོད་དོ་ཞེ་ན། འདོད་ཆགས་དང་ནི་ཆགས་པ་དག་ལྷན་ཅིག་ཉིད་དུ་རང་བཞིན་གྱིས་སྐྱེ་མེད་རིགས་ཏེ། འདི་ལྟར་དེར་སྐྱེ་ན། འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་བའི་ཕྱིར། གཞན་ཡང་འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་གཅིག་གམ་ཐ་དད། དང་པོ་ལྟར་ན། གཅིག་ཉིད་ཡིན་ན། ལྷན་ཅིག་ཉིད་མེད་དེ། དེ་ཉིད་དེ་དང་ལྷན་ཅིག་མིན་པའི་ཕྱིར། ཅི་སྟེ་རང་བཞིན་གྱིས་ཐ་དད་ཉིད་ཡིན་ན་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །གལ་ཏེ་གཅིག་པུ་ཡིན་ཀྱང་ལྷན་ཅིག་ན། གྲོགས་མེད་པར་བ་ལང་གཅིག་པུ་དེ་ཡང་ལྷན་ཅིག་པ་དེར་འགྱུར་རོ། །གལ་ཏེ་རང་བཞིན་
གྱིས་ཐ་དད་ཡིན་ན་ཡང་ལྷན་ཅིག་ཡིན་ན་གྲོགས་མེད་པར་བ་ལང་སོ་སོ་བ་ཡང་ལྷན་ཅིག་དེར་འགྱུར་རོ། །གལ་ཏེ་རང་བཞིན་གྱིས་ཐ་དད་ལ་ལྷན་ཅིག་ཡོད་དོ་ཞེ་ན། ཅི་གོ་འདོད་ཆགས་དང་ཆགས་པ་དེ་གཉིས་ཆོས་ཅན། རང་བཞིན་གྱིས་ལྷན་ཅིག་མེད་པར་ཐལ། རང་བཞིན་གྱིས་ཐ་དད་ཉིད་དུ་གྲུབ་པར་འགྱུར་ན་ལྷན་ཅིག་ཏུ་འགྱུར་ནའང་། རང་བཞིན་གྱི་ཐ་དད་མ་ཡིན་པའི་ཕྱིར། གལ་ཏེ་འདོད་ཆགས་ཆགས་པ་དག་རང་བཞིན་གྱིས་ཐ་དད་ཉིད་དུ་གྲུབ་པར་འགྱུར་རོ་ཞེ་ན། དེ་དག་ཆོས་ཅན། ལྷན་ཅིག་ཉིད་དུ་ཅིའི་ཕྱིར་ན་ཡོངས་སུ་རྟོག་སྟེ་རྟོག་མི་རིགས་པར་ཐལ་ལོ། །ཐ་དད་རྐྱང་པ་ལ་འདིས་འདི་ཆགས་པ་གྲུབ་པར་མ་གྱུར་པས་དེ་སྒྲུབ་པའི་ཕྱིར་དུ་ལྷན་ཅིག་འདོད་པར་བྱེད་དོ་ཞེ་ན། ལྷན་ཅིག་རབ་ཏུ་སྒྲུབ་པའི་ཕྱིར་དུ་རང་བཞིན་གྱིས་ཐ་དད་ཉིད་དུ་ཡང་འདོད་དགོས་པར་ཐལ། གཅིག་རྐྱང་པ་ལ་འདིས་འདི་ཆགས་པ་མ་གྲུབ་པའི་ཕྱིར། ཆོས་ཅན། ལྷན་ཅིག་པའི་དངོས་པོ་རང་བཞིན་གྱིས་འགྲུབ་པར་མི་འགྱུར་བར་ཐལ། རང་བཞིན་གྱིས་ཐ་དད་པའི་དངོས་པོ་མ་གྲུབ་པས་སོ། །ཆོས་ཅན། རང་བཞིན་གྱིས་ཐ་དད་པའི་དངོས་པོ་གང་ཡོད་ན་ལྷན་ཅིག་པའི་དངོས་པོ་འདོད་པར་བྱེད་མི་རིགས་པར་ཐལ། རྟགས་འདྲ། གཉིས་པ་ནི། དེ་ལྟར་འདོད་ཆགས་ཆགས་པ་དག་ཆོས་ཅན། རང་བཞིན་གྱིས་མེད་དེ། ལྷན་ཅིག་དང་ལྷན་ཅིག་མིན་པར་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། གསུམ་པ་ནི། འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན་ཆོས་ཅན། ཆོས་འདྲ། ལྷན་ཅིག་དང་ལྷན་ཅིག་མིན་པར་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།གཉིས་པ་མཚན་ཉིད་སྐྱེ་གནས་འཇིག་
གསུམ་དགག་པ་ལ་གསུམ། འདུས་བྱས་རང་བཞིན་གྱིས་གྲུབ་པ་དགག །དེས་འདུས་མ་བྱས་རང་བཞིན་གྱིས་གྲུབ་པ་ཁེགས། ལུང་འགལ་སྤོང་བའོ། །དང་པོ་ལ་གཉིས། སྤྱིའི་མཚན་ཉིད་དགག །ཁྱད་པར་གྱི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས། ཐུན་མོང་དུ་དགག །སོ་སོར་དགག་པའོ། །དང་པོ་ལ་གསུམ། འདུས་བྱས་ཡིན་མིན་བརྟགས་ནས་དགག །རེ་རེ་བ་དང་ཚོགས་པ་གང་ཡིན་བརྟགས་ནས་དགག །མཚན་ཉིད་གཞན་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་འདུས་བྱས་རང་བཞིན་གྱིས་ཡོད་དེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་གསུམ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་སྐྱེ་བ་དེ་ལ་ཆོས་ཅན། སྐྱེ་སོགས་མཚན་ཉིད་གསུམ་ལྡན་དུ་འགྱུར་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ནོ་ཞེ་ན། ཆོས་ཅན། ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ་མ་ཡིན་པར་ཐལ་ལོ། །གཉིས་པ་ནི། སྐྱེ་བ་ལ་སོགས་པ་གསུམ་པོ་སོ་སོ་ཡིས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་ནི་ནུས་པ་མིན་པར་ཐལ། སྐྱེ་བ་མེད་པའི་གནས་འཇིག་མི་སྲིད་པའི་ཕྱིར། སྐྱེ་སོགས་གསུམ་དངོས་པོ་གཅིག་ལ་དུས་གཅིག་ཏུ་རང་བཞིན་གྱིས་འདུས་པ་ཡང་ནི་ཇི་ལྟར་རུང་སྟེ་མི་རུང་བར་ཐལ། རང་བཞིན་གྱིས་གནས་ནས་འཇིག་པ་འགལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས། ཐལ་བ་དགོད། སྐྱོན་སྤོང་དགག་པའོ། །དང་པོ་ནི། སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ནི་ཡོད་དམ་མེད། གལ་ཏེ་ཡོད་ན་སྐྱེ་སོགས་དེ་དག་ཆོས་ཅན། མཚན་ཉིད་ཐུག་མེད་དུ་འགྱུར་བར་ཐལ་
ལོ། །མེད་དོ་ཞེ་ན། ཆོས་ཅན། འདུས་བྱས་མིན་པར་ཐལ་ལོ། །གཉིས་པ་ལ་གཉིས། ཐལ་བ་དང་པོར་སྐྱོན་སྤོང་དགག །ཐལ་བ་གཉིས་པའི་སྐྱོན་སྤོང་དགག་པའོ། །དང་པོ་ནི། མང་བཀུར་བ་ན་རེ། སྐྱེ་བ་ལ་སོགས་པ་འདུས་མ་བྱས་སུ་མི་འགྱུར་ཏེ། སྐྱེ་བའི་སྐྱེ་བ་སོགས་ཡོད་པའི་ཕྱིར། ཐུག་མེད་དུ་མི་འགྱུར་ཏེ། རྩ་བའི་མཚན་ཉིད་དང་རྗེས་མཐུན་གྱི་མཚན་ཉིད་རྣམས་ཕན་ཚུན་སྒྲུབ་པར་བྱེད་པའི་ཕྱིར། དེ་ཡང་ཆོས་དགེ་བའམ་ཉོན་མོངས་པ་ཅན་ཅིག་སྐྱེ་བ་ན་རང་དང་བཅོ་ལྔ་སྐྱེ་སྟེ། ཆོས་དེ་དང་དེའི་སྐྱེ་བ་དང་ལྡན་པ་དང་གནས་པ་དང་རྒ་བ་དང་མི་རྟག་པ་དང་། ཉོན་མོངས་ཅན་ཡིན་ན། ལོག་པའི་རྣམ་གྲོལ་དང་། དགེ་བ་ཡིན་ན་ཡང་དག་པའི་རྣམ་གྲོལ་དང་། ངེས་འབྱུང་ཡིན་ན་དེའི་ངེས་འབྱུང་དང་། མ་ཡིན་ན། དེའི་ངེས་འབྱུང་མ་ཡིན་པའོ། །དེ་ལ་དགེ་བའམ་ཉོན་མོངས་པ་ཅན་དེ་གཙོ་བོ་དང་། དེའི་སྐྱེ་བ་ནས་ངེས་འབྱུང་གི་བར་ནི་འཁོར་དང་། སྐྱེ་བའི་སྐྱེ་བ་ནས་ངེས་འབྱུང་མ་ཡིན་པའི་ངེས་འབྱུང་མ་ཡིན་པའི་བར་ནི་འཁོར་གྱི་འཁོར་རོ། །དེའི་ནང་ནས་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བའང་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན་ཁྱོད་ཀྱི་རྩ་བའི་སྐྱེ་བས་མ་སྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་པ་མི་རིགས་པར་ཐལ། རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་སྐྱེད་དགོས་པའི་ཕྱིར། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས་སྐྱེད་པའི་སྐྱེ་བའི་སྐྱེ་བ་དེ་ཡིས་རྩ་བའི་སྐྱེ་བ་སྐྱེད་ན། སྐྱེ་བའི་སྐྱེ་བ་དེས་མ་སྐྱེད་པའི་རྩ་བའི་སྐྱེ་བ་དེས་སྐྱེ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་པ་མི་རིགས་པར་ཐལ། རྩ་བའི་སྐྱེ་བ་དེ་སྐྱེ་བའི་སྐྱེ་བས་སྐྱེད་དགོས་པའི་ཕྱིར། གལ་ཏེ་ཕན་ཚུན་སྐྱེ་
བཞིན་པས་སྐྱེད་དོ་ཞེ་ན། སྐྱེ་བའི་སྐྱེ་བ་ཆོས་ཅན། རྩ་བའི་སྐྱེ་བ་སྐྱེ་བཞིན་པས་སྐྱེད་པ་མ་ཡིན་པར་ཐལ། གལ་ཏེ་རྩ་བའི་སྐྱེ་བ་མ་སྐྱེས་པ་དེ་ཡིས་ཁྱོད་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་ཡིས་ཁྱོད་སྐྱེད་པར་ནི་འདོད་ལ་རག་ན། རྩ་བའི་སྐྱེ་བ་མ་སྐྱེས་པས་ཁྱོད་སྐྱེད་མི་ནུས་པའི་ཕྱིར། གཉིས་པ་ལ་གཉིས། སྐྱོན་སྤོང་དང་། དེ་དགག་པའོ། །དང་པོ་ནི། ཇི་ལྟར་མར་མེས་རང་དང་གཞན་གཉིས་ཀ་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བས་ཀྱང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྐྱེད་པར་བྱེད་པ་ཡིན་པས་འདུས་མ་བྱས་དང་ཐུག་མེད་ཀྱི་སྐྱོན་གཉིས་ཀ་མེད་དོ། །ཞེ་ན། གཉིས་པ་ལ་གཉིས། དཔེ་དགག །དོན་དགག་པའོ། །དང་པོ་ནི། མར་མེས་ཅི་ཞིག་རང་བཞིན་གྱིས་སྣང་བར་བྱེད་མི་རིགས་པར་ཐལ། མུན་པ་སེལ་བས་སྣང་བྱེད་ཡིན་དགོས་ན། མར་མེ་དང་ནི་ཡུལ་གང་དག་ན་མར་མེ་དེ་འདུག་པ་ན་མུན་པ་མེད་པའི་ཕྱིར། གལ་ཏེ་མར་མེ་སྐྱེ་བཞིན་པས་མུན་པ་སེལ་ལོ་ཞེ་ན། ཇི་ལྟར་མར་མེ་སྐྱེ་བཞིན་པས་མུན་པ་རང་བཞིན་གྱིས་སེལ་བར་བྱེད་པ་ཡིན་པར་མི་འཐད་པར་ཐལ། གང་གི་ཚེ་མར་མེ་སྐྱེ་བཞིན་པ་མུན་པ་དང་ནི་རང་བཞིན་གྱིས་ཕྲད་པ་མེད་པའི་ཕྱིར། གལ་ཏེ་མར་མེ་མུན་པ་དང་ཕྲད་པ་མེད་པར་ཡང་མུན་པ་སེལ་བྱེད་ཡིན་ནོ་ཞེ་ན། འཇིག་རྟེན་ཀུན་ན་གནས་པའི་མུན་པ་ཡུལ་དེ་ན་གནས་པ་དེས་སེལ་པར་འགྱུར་བར་ཐལ་ལོ། །གལ་ཏེ་མར་མེ་རང་དང་གཞན་གྱི་དངོས་པོ་སྣང་བར་བྱེད་པར་འགྱུར་ཏེ། སྣང་བྱེད་ཡིན་པའི་ཕྱིར་ཞེ་ན། མུན་པའང་རང་དང་གཞན་གྱི་དངོས་པོ་སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། སྒྲིབ་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བ་དེ་སྐྱེས་སམ་མ་སྐྱེས། མ་སྐྱེས་ན། སྐྱེ་བ་འདི་ནི་ཆོས་ཅན།
རང་གི་བདག་ཉིད་ཇི་ལྟར་སྐྱེད་མི་རིགས་པར་ཐལ། མ་སྐྱེས་པས་སོ། །ཅི་སྟེ་སྐྱེས་པས་བསྐྱེད་པར་བྱེད་ན། ཆོས་ཅན། རང་གིས་ཅི་ཞིག་སྐྱེད་དུ་ཡོད་དེ་མེད་པར་ཐལ། སྐྱེས་པའི་ཕྱིར། གཉིས་པ་ལ་གསུམ། སྐྱེ་བ། གནས་པ། འཇིག་པ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ། དུས་གསུམ་དུ་དཔྱད་ནས་དགག །ཡོད་མེད་གསུམ་དུ་དཔྱད་ནས་དགག །འགག་བཞིན་པ་ཡིན་མིན་དཔྱད་ནས་དགག་པའོ། །དང་པོ་ནི། སྐྱེ་བ་རང་བཞིན་གྱིས་མེད་དེ། སྐྱེས་པ་དང་མ་སྐྱེས་པ་དང་། སྐྱེ་བཞིན་པ་ཇི་ལྟ་བུར་ཡང་རང་བཞིན་གྱིས་མི་སྐྱེད་པ་དེ་ནི་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་བྱ་བ་རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པས་རྣམ་པར་བཤད་པ་ཡིན་པའི་ཕྱིར། གལ་ཏེ་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བཞིན་པ་སྐྱེའོ་ཞེ་ན། ཇི་ལྟར་སྐྱེ་བ་ལ་བརྟེན་ནས་ནི་སྐྱེ་བཞིན་པ་རང་བཞིན་གྱིས་ཡོད་ཅེས་ནི་བརྗོད་པར་བྱ་བ་མ་ཡིན་པར་ཐལ། གང་གི་ཚེ་སྐྱེ་བ་ཡོད་པ་ན་སྐྱེ་བཞིན་པ་འདི་འབྱུང་བ་མེད་པའི་ཕྱིར། རང་སྡེ་དངོས་སྨྲ་བ་ན་རེ། རྒྱལ་བའི་གསུང་རབ་འཆད་པའི་ཟོལ་གྱིས་རྟེན་འབྱུང་འཇིག་པར་བྱེད་པ་ཁྱོད་ལ་འཇིགས་ཏེ། རྒྱལ་བས་འདི་ཡོད་ན་འདི་འབྱུང་ཞེས་རྟེན་འབྱུང་གསལ་བར་མཛད་ལ། ཁྱོད་ཀྱིས་སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། ཞེས་དེ་འཇིག་པར་བྱེད་པའི་ཕྱིར་ཞེ་ན། སྐྱེ་བཞིན་ཉིད་དང་ནི་སྐྱེ་བ་ཡང་ནི་རང་བཞིན་གྱི་ཞི་བ་ཉིད་དེ། རྟེན་ཅིང་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བ་དེའི་ཕྱིར། གང་ཚེ་སྐྱེ་བ་ཡོད་པ་ན། ཞེས་པ་མི་རིགས་ཏེ། འབྱུང་འགྱུར་ལ་བསམས་ནས་སྐྱེ་བས་སྐྱེ་བཞིན་པ་སྐྱེད་དོ་ཞེ་ན། སྐྱེ་བཞིན་པ་ཅི་ཞིག་རང་བཞིན་གྱིས་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་དངོས་པོ་འགའ་ཞིག་མ་སྐྱེས་པའི་སྔ་རོལ་དུ་ཡུལ་གང་ན་ཡོད་པར་གྱུར་ན། སྐྱེ་བཞིན་པ་
དེ་ནི་སྐྱེ་བར་འགྱུར་ན་ཡང་དངོས་པོ་དེ་ནི་མ་སྐྱེས་པའི་སྔ་རོལ་དུ་མེད་པའི་ཕྱིར། གལ་ཏེ་སྐྱེ་བ་དེ་ཡིས་ནི་སྐྱེ་བཞིན་པ་ནི་སྐྱེད་པར་བྱེད་ན་སྐྱེ་བ་དེ་ནི་སྐྱེ་བ་ལྟ་གང་ཞིག་གིས་མི་སྐྱེད་པར་བྱེད་དེ་དྲིས་པས། གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བ་དེ་སྐྱེད་དོ་ཞེ་ན། སྐྱེ་བ་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་དེ་སྐྱེ་བ་དོན་གཞན་མེད་པར་སྐྱེའོ་ཞེ་ན། དངོས་པོ་ཐམས་ཅད་སྐྱེ་བ་དེ་བཞིན་དུ་སྐྱེ་བ་དོན་གཞན་མེད་པར་སྐྱེ་བར་འགྱུར་བར་ཐལ་ལོ། །གཉིས་པ་ནི། སྐྱེ་བ་ཆོས་ཅན། རང་བཞིན་གྱིས་མི་སྐྱེད་དེ། རེ་ཞིག་རང་དུས་ན་ཡོད་པ་དང་མེད་པ་ཡང་སྐྱེ་བ་རིགས་པ་མ་ཡིན་ཅིང་ཡོད་མེད་ཉིད་ཀྱང་སྐྱེ་བ་མ་ཡིན་ཅེས་གོང་དུ་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དངོས་པོ་འགག་བཞིན་ཉིད་ལ་ནི་ཆོས་ཅན། རང་བཞིན་གྱིས་སྐྱེ་བར་མི་འགྱུར་ཏེ། ཡོད་པའི་ཕྱིར། གང་ཞིག་འགག་བཞིན་མ་ཡིན་པ་དེ་ནི་ཆོས་ཅན། མི་སྐྱེ་བར་ཐལ། དངོས་པོར་མི་འཐད་པའི་ཕྱིར། གཉིས་པ་ནི། དངོས་པོ་གནས་ཟིན་པ་ཆོས་ཅན། མི་གནས་ཏེ། གནས་པའི་བྱ་བ་འགགས་པའི་ཕྱིར། དངོས་པོ་མི་གནས་པ་ཆོས་ཅན། གནས་པ་མིན་ཏེ། གནས་པའི་བྱ་བ་དང་བྲལ་བའི་ཕྱིར། གནས་བཞིན་པ་ཡང་རང་བཞིན་གྱིས་མི་གནས་ཏེ། གནས་པའི་བྱ་བ་གཉིས་མེད་པའི་ཕྱིར། དངོས་པོ་གང་ཞིག་ཆོས་ཅན། རང་བཞིན་གྱིས་གནས་པར་འགྱུར་བ་མ་ཡིན་པར་ཐལ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དངོས་པོ་འགག་བཞིན་ཉིད་ལ་རང་བཞིན་གྱིས་གནས་པ་འཐད་པར་མི་འགྱུར་ཏེ། གནས་པ་དང་འགག་པའི་བྱ་བ་གཉིས་མི་མཐུན་པའི་ཕྱིར། གང་ཞིག་འགག་བཞིན་མ་ཡིན་པ་དེ་ནི་ཆོས་ཅན། རང་བཞིན་གྱིས་མི་གནས་ཏེ། དངོས་པོར་མི་འཐད་པའི་ཕྱིར། གང་
དག་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་གང་ཞིག་ཡོད་པ་མ་ཡིན་པར་ཐལ། དངོས་པོ་ཐམས་ཅད་དུས་ཀུན་ཏུ་རྒ་བ་དང་འཆི་བའི་ཆོས་ཅན་ཡིན་པའི་ཕྱིར། གནས་པ་རང་བཞིན་གྱིས་མེད་དེ། གནས་བྱེད་གཞན་དག་དང་ནི་དེ་ཉིད་ཀྱིས་ཀྱང་གནས་པ་མི་རིགས་པའི་ཕྱིར། ཇི་ལྟར་སྐྱེ་བ་རང་དང་ནི་གཞན་གྱིས་སྐྱེད་པ་མ་ཡིན་པ་བཞིན་ནོ། །གསུམ་པ་ལ་ལྔ། དུས་གསུམ་ལ། གནས་པ་ཡིན་མིན་ལ། རང་གཞན་ལ། དངོས་པོ་ཡོད་མེད་ལ། འཇིག་བྱེད་གཞན་ཡོད་མེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། སྐྱེ་གནས་རང་བཞིན་གྱིས་ཡོད་དེ། འཇིག་པ་ཡོད་པའི་ཕྱིར་ཞེ་ན། འགག་པ་རང་བཞིན་གྱིས་ཡོད་ན་གསུམ་ལས་མི་འདའ་བས། འགགས་པ་འགག་པར་མི་འགྱུར་ཏེ། འདས་པ་དང་ད་ལྟར་བ་འགལ་བའི་ཕྱིར། མ་འགགས་པ་མ་འོངས་པ་ཡང་འགག་པར་མི་འགྱུར་ཏེ། འགག་པ་དང་བྲལ་བའི་ཕྱིར། འགག་བཞིན་པ་ཡང་དེ་བཞིན་དུ་རང་བཞིན་གྱིས་འགག་པ་མིན་ཏེ། འགག་བཞིན་པ་རང་བཞིན་གྱིས་མེད་པའི་ཕྱིར། དངོས་པོ་གང་ཞིག་ཆོས་ཅན། རང་བཞིན་གྱིས་འགག་པར་འགྱུར་བ་མ་ཡིན་པར་ཐལ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། གཉིས་པ་ནི། རེ་ཞིག་དངོས་པོ་གནས་པ་ལ་རང་བཞིན་གྱིས་འགག་པ་འཐད་པར་མི་འགྱུར་ཏེ། འགག་པ་དང་གནས་པའི་བྱ་བ་གཉིས་གཞི་གཅིག་ལ་འགལ་བའི་ཕྱིར། དངོས་པོ་རང་དུས་སུ་མི་གནས་པ་ལ་ཡང་འགག་པ་འཐད་པར་མི་འགྱུར་ཏེ། དེ་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། འགག་པ་རང་བཞིན་གྱིས་མེད་དེ། གནས་སྐབས་དེ་ཡིས་གནས་སྐབས་ནི་དེ་ཉིད་འགག་པ་ཉིད་དུ་མི་འགྱུར་ཞིང་། གནས་སྐབས་གཞན་གྱིས་གནས་སྐབས་ནི་གཞན་ཡང་འགག་པ་
ཉིད་དུ་མི་འགྱུར་བའི་ཕྱིར། ཆོས་རྣམས་ཐམས་ཅད་ཀྱི་འགག་པ་རང་བཞིན་གྱིས་འཐད་པར་མི་འགྱུར་ཏེ། གང་གི་ཚེ་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རང་བཞིན་གྱིས་འཐད་པར་མི་འགྱུར་བའི་ཕྱིར། བཞི་པ་ནི། རེ་ཞིག་དངོས་པོ་ཡོད་པ་ལ་རང་བཞིན་གྱིས་འགག་པ་འཐད་པར་མི་འགྱུར་ཏེ། གཞི་གཅིག་ཉིད་ན་ནི་དངོས་པོ་དང་དངོས་པོ་མེད་པ་འཐད་པ་མེད་པའི་ཕྱིར། དངོས་པོ་མེད་པར་གྱུར་པ་ལའང་འགག་པའི་འཐད་པར་མི་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར། དཔེར་ན། མགོ་གཉིས་མེད་པ་ལ་ཇི་ལྟར་ནི་མགོ་གཉིས་བཅད་དུ་མེད་པ་དེ་བཞིན་ནོ། །ལྔ་པ་ནི། འགག་ པ་རང་བཞིན་གྱིས་མེད་དེ། རང་གི་བདག ་ཉིད་ཀྱིས་འགག་པ་ཡོད་པ་མིན་གཞན་གྱིས་འགག་པ་མིན་པའི་ཕྱིར། ཇི་ལྟར་སྐྱེ་བ་རང་དང་ནི་གཞན་གྱིས་སྐྱེད་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་འདུས་བྱས་སྤྱིའི་མཚན་ཉིད་བཀག་ཀྱང་། ཁྱད་པར་གྱི་མཚན་ཉིད་སྲ་བ་ལ་སོགས་པ་ཡོད་དོ། །ཞེ་ན། འདུས་བྱས་རང་བཞིན་གྱིས་མེད་དེ། སྐྱེ་བ་དང་གནས་པ་དང་འཇིག་པ་དག་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། དེའི་ཕྱིར་ཁྱད་པར་གྱི་མཚན་ཉིད་རང་བཞིན་གྱིས་མེད་དོ། །གཉིས་པ་ནི། འདུས་བྱས་རང་བཞིན་གྱིས་ཡོད་དེ། མི་མཐུན་ཕྱོགས་འདུས་མ་བྱས་ཡོད་པའི་ཕྱིར་ཞེ་ན། འདུས་མ་བྱས་ནི་ཇི་ལྟར་རང་བཞིན་གྱིས་མི་འགྲུབ་པར་ཐལ། འདུས་བྱས་རང་བཞིན་གྱིས་རབ་ཏུ་མ་གྲུབ་པས་སོ། །གསུམ་པ་ནི། སྐྱེ་འཇིག་རང་བཞིན་གྱིས་མེད་ན་འདུས་བྱས་སྐྱེས་བར་ཡང་མངོན། ཞེས་སོགས་གསུངས་པ་དང་འགལ་ལོ། །ཞེ་ན། མི་འགལ་ཏེ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་
བཞིན་དུ་སྐྱེ་བ་དང་དེ་བཞིན་དུ་གནས་པ་དང་དེ་བཞིན་དུ་ནི་འཇིག་པ་གསུངས་པའི་ཕྱིར་རོ། །སྐྱེ་བ་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།གསུམ་པ་རྒྱུ་ལས་དང་བྱེད་པ་པོ་དགག་པ་ལ་གསུམ། ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག །ཐ་སྙད་དུ་ལས་དང་བྱེད་པ་པོ་འཇོག་ཚུལ། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། ཕྱོགས་མཐུན་གྱི་བྱ་བྱེད་དགག །ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ནི། འདུས་བྱས་རང་བཞིན་གྱིས་ཡོད་དེ། རྒྱུ་ལས་དང་བྱེད་པ་པོ་ཡོད་པའི་ཕྱིར་ཞེ་ན། བྱེད་པ་པོ་ཡིན་པར་གྱུར་པ་ནི་ལས་སུ་གྱུར་པ་རང་བཞིན་གྱིས་མི་བྱེད་དེ། འོག་གི་རིགས་པས་གནོད་པའི་ཕྱིར། བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་སུ་མ་གྱུར་པ་མི་བྱེད་དེ། རྟགས་འདྲ། ཇི་ལྟར་གནོད་ན། བྱེད་པ་པོ་ལ་ལྟོས་པ་མེད་པའི་ལས་སུའང་འགྱུར་བར་ཐལ། བྱེད་པ་པོས་ལས་རང་བཞིན་གྱིས་བྱེད་པའི་ཕྱིར། ཁྱབ་སྟེ། དེ་ལྟ་ན་ལས་གཅིག་བྱེད་པའི་ཚེ་བྱ་བ་དོན་གཞན་གཉིས་ཡོད་དགོས་ཤིང་བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་གཉིས་པ་མེད་པའི་ཕྱིར། ལས་མེད་པའི་བྱེད་པ་པོར་ཡང་འགྱུར་བར་ཐལ། ལས་དེ་བྱེད་པ་པོས་རང་བཞིན་གྱིས་བྱེད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན། ལས་གཅིག་བྱེད་པའི་ཚེ་བྱ་བ་དོན་གཞན་གཉིས་ཡོད་དགོས་ཤིང་ལས་ཡིན་པར་གྱུར་པ་ལ་བྱ་བ་གཉིས་པ་མེད་པའི་ཕྱིར། གལ་ཏེ་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་ན་ནི། ལས་ལ་རྒྱུ་ནི་མེད་པར་འགྱུར་ཞིང་བྱེད་པ་པོ་ཡང་རྒྱུ་མེད་དུ་འགྱུར་བར་ཐལ་ལོ། །འདོད་ན། འབྲས་བུ་དང་རྒྱུ་ཡང་འཐད་པར་མི་འགྱུར་བར་ཐལ། ལས་དང་བྱེད་པ་པོ་ལ་རྒྱུ་མེད་པའི་ཕྱིར། འདོད་ན། བྱ་བ་དང་བྱེད་པ་པོ་དང་། བྱེད་པ་མི་
རིགས་པར་ཐལ། རྒྱུ་འབྲས་དེ་མེད་པའི་ཕྱིར། འདོད་ན། ཆོས་དང་ཆོས་མིན་ཡོད་པ་མ་ཡིན་པར་ཐལ། བྱ་བ་ལ་སོགས་པ་མི་རིགས་པའི་ཕྱིར། འདོད་ན། ཆོས་དང་ཆོས་མིན་དེ་ཆོས་ཅན། ཁྱོད་ལས་བྱུང་བའི་འབྲས་བུ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། འདོད་ན། ཐར་པ་དང་མཐོ་རིས་སུ་འགྱུར་བའི་ལམ་མི་འཐད་ཅིང་། བྱ་བ་དག་ནི་ཐམས་ཅད་ཀྱང་དོན་མེད་ཉིད་དུ་འགྱུར་བར་ཐལ། འབྲས་བུ་མེད་པའི་ཕྱིར། བྱེད་པ་པོར་གྱུར་མ་གྱུར་གཉིས་ཀས་ལས་སུ་གྱུར་མ་གྱུར་དེ་མི་བྱེད་དེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་གཞི་གཅིག་ལ་ཕན་ཚུན་འགལ་བས་ག་ལ་ཡོད་དེ་མེད་པའི་ཕྱིར། གཉིས་པ་ནི། བྱེད་པ་པོར་ནི་གྱུར་པ་ཡིས་ལས་ནི་མ་གྱུར་པ་མི་བྱེད་དེ། འདིར་ཡང་བྱེད་པ་པོ་མེད་པའི་ལས་སུ་འགྱུར་ཞིང་ལས་ལ་རྒྱུ་ནི་མེད་པའི་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར། བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ། འདིར་ཡང་བྱེད་པ་པོ་ཡང་རྒྱུ་མེད་འགྱུར་ཞིང་ལས་མེད་བྱེད་པ་པོར་ཡང་འགྱུར་བའི་ཕྱིར། བྱེད་པ་པོར་ནི་གྱུར་པ་དང་བཅས་པས་ལས་ནི་མ་གྱུར་པ་དང་གྱུར་མ་གྱུར་གཉིས་ཀ་མི་བྱེད་དེ། བྱེད་པ་པོ་མེད་པའི་ལས་སུ་འགྱུར་ཞིང་ལས་ལ་རྒྱུ་ནི་མེད་པ་དང་ཡིན་དང་མ་ཡིན་གྱུར་ཅིག་ལ་ཞེས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པས་ལས་ནི་གྱུར་པ་དང་བཅས་པ་དང་གྱུར་མ་གྱུར་གཉིས་ཀ་མི་བྱེད་དེ། བྱེད་པ་པོ་ཡང་རྒྱུ་མེད་དང་ལས་མེད་བྱེད་པ་པོར་ཡང་འགྱུར་ཞིང་ཡིན་དང་མ་ཡིན་གྱུར་ཅིག་ལ་ཞེས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི་ལས་སུ་གྱུར་པ་དང་མ་གྱུར་པ་མི་བྱེད་དེ། འདིར་ཡང་ཡིན་དང་མ་ཡིན་གྱུར་ཅིག་ལ་ཞེས་པ་དང་། ལས་མེད་བྱེད་པ་པོར་ཡང་འགྱུར་ཞིང་ལས་ལ་རྒྱུ་ནི་མེད་པར་
འགྱུར་ཞེས་གཏན་ཚིགས་གོང་དུ་བསྟན་པར་ཤེས་པར་བྱ་བའི་ཕྱིར། གཉིས་པ་ནི། བྱ་བྱེད་རང་བཞིན་གྱིས་མེད་ན་བྱ་བྱེད་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བྱེད་པ་པོ་ལས་ལ་བརྟེན་བྱས་ཤིང་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་མ་གཏོགས་པ་འགྲུབ་པའི་རྒྱུ་ནི་མ་མཐོང་བའི་ཕྱིར། གསུམ་པ་ནི། དེ་བཞིན་དུ་ཉེར་ལེན་སོགས་རང་བཞིན་གྱིས་མེད་པར་ཤེས་པར་བྱ་སྟེ། ལས་དང་བྱེད་པ་པོ་རང་བཞིན་གྱིས་བསལ་བའི་ཕྱིར་རོ། །དངོས་པོ་ལྷག་མ་ཆོས་ཅན། རང་བཞིན་གྱིས་མེད་པར་ཤེས་པར་བྱ་སྟེ། བྱེད་པ་པོ་དང་ལས་དག་གི་རིགས་པ་མཚུངས་པའི་ཕྱིར། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།གཉིས་པ་གང་ཟག་གི་ བདག་མེད་བཤད་པ ་ལ་གཉིས། དངོས་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ལ། རྩོད་ལན་ནོ། །དང་པོ་ནི། དེ་བཞིན་ཉེར་ལེན་ཤེས་པར་བྱ་ཞེས་བཤད་པ་མི་འཐད་དེ། ལྟ་བ་དང་ཉན་པ་ལ་སོགས་དང་ཚོར་སོགས་ཀྱི་དབང་དུ་བྱས་པ་ལེན་པ་པོ་གང་གི་བླང་བྱ་ཡིན་པ་དེ་དག་གི་སྔ་རོལ་ན་ལེན་པ་པོ་དེ་ཡོད་ཅེས་ཉན་ཐོས་སྡེ་པ་ཁ་ཅིག་སྨྲ་སྟེ། བླང་བྱ་དེ་དག་གི་སྔ་རོལ་ན་ལེན་པ་པོའི་དངོས་པོ་གནས་པ་དེ་ཡོད་དེ། ལེན་པ་པོའི་དངོས་པོ་སྔར་ཡོད་པ་མ་ཡིན་པ་ལྟ་བ་ལ་སོགས་པ་བླང་བྱར་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་དེའི་ཕྱིར། སོགས་སྔ་མས་དབང་པོ་ལྷག་མ་དང་ཕྱི་མས་སེམས་བྱུང་ལྷག་མ་རྣམས་བསྡུས་ཡང་ནི་ལྷག་མ་རྣམས་ཀྱང་འདིར་གཏོགས་པར་ཡིད་ཆེས་པའི་དོན་ནོ་ཞེ་ན། གཉིས་པ་ལ་གསུམ། ཉེ་བར་ལེན་པ་པོ་དགག །དེས་ཉེ་བར་བླང་བྱའང་ཁེགས། རྩོད་པ་སྤང་བའོ། །དང་པོ་ལ་གསུམ། ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་དགག །བླང་བྱ་རེ་རེའི་སྔ་རོལ་ན་ཡོད་པ་དགག །བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་
པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ལེན་པ་པོའི་དངོས་པོ་གང་ཟག་དེ་ཆོས་ཅན། གང་གིས་གདགས་པར་བྱ་བའི་རྒྱུ་མེད་པར་ཐལ། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ཉིད་ཀྱི་སྔ་རོལ་ན་གནས་པའི་ཕྱིར། གང་ཟག་དེ་མེད་པར་ཡང་ལྟ་སོགས་དེ་དག་ནི་ཡོད་པར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། གལ་ཏེ་ལྟ་བ་ལ་སོགས་མེད་པར་ཡང་གང་ཟག་དེ་ནི་གནས་པར་འགྱུར་བའི་ཕྱིར། འདོད་མི་ནུས་ཏེ། བླང་བྱ་ཅི་ཡང་མེད་པར་ལེན་པོ་གང་ཞིག་ག་ལ་ཡོད་དེ་མེད་པར་ཐལ། བླང་བྱ་ཅི་ཡིས་ལེན་པོ་གང་ཞིག་གསལ་བར་བྱེད་པའི་ཕྱིར། ལེན་པོ་གང་མེད་པར་བླང་བྱ་ཅི་ཞིག་ག་ལ་ཡོད་དེ་མེད་པར་ཐལ། ལེན་པོ་གང་མེད་པར་བླང་བྱ་ཅི་ཞིག་གསལ་བར་བྱེད་པའི་ཕྱིར། གཉིས་པ་ནི། ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གང་ཟག་གང་ཞིག་ཡོད་མིན་གྱི་རེ་རེའི་སྔ་རོལ་ན་ཡོད་ལ། ལྟ་སོགས་ཀྱི་ནང་ནས་ལྟ་བས་གང་ཟག་གསལ་བའི་ཚེ་དབང་པོ་གཞན་ཞིག་གིས་གསལ་བར་མི་བྱེད་པར་གཞན་གྱི་ཚེ་ན་གསལ་བར་བྱེད་པས་གདགས་གཞི་མེད་པའི་སྐྱོན་མེད་དོ་ཞེ་ན། གང་ཟག་དེ་ནི་ཆོས་ཅན། ལྟ་བ་ལ་སོགས་པ་རེ་རེ་སྔ་རོལ་ན་ཇི་ལྟར་ཡོད་དེ་མེད་པར་ཐལ། ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། ཆོས་འདྲ། གལ་ཏེ་ལྟ་པོ་དེ་ཉིད་ཉན་པ་པོ་དེ་ཚོར་བ་པོའང་དེ་ཉིད་ཡིན་ན་རེ་རེའི་སྔ་རོལ་ན་ཡོད་པར་འགྱུར་ནའང་དེ་ལྟར་མི་རིགས་པའི་ཕྱིར། གལ་ཏེ་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་རང་བཞིན་གྱིས་གཞན་ཡིན་ནོ་ཞེ་ན། ལྟ་པོ་ཡོད་ཚེ་ཉན་པོ་ཡོད་པར་འགྱུར་ཞིང་། གང་ཟག་གཅིག་ལ་བདག་ཀྱང་མང་པོ་ཉིད་དུ་འགྱུར་བར་ཐལ་ལོ། །གསུམ་པ་ནི། བདག་དེ་ལྟ་བ་ལ་སོགས་
པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ཀྱང་གདགས་གཞི་མེད་པའི་སྐྱོན་མེད་དེ། ལྟ་བ་ལ་སོགས་པའི་རྒྱུ་འབྱུང་བ་བཞི་ཡོད་པའི་ཕྱིར་ཞེ་ན། བདག་དེ་ནི་ཆོས་ཅན། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་གང་ལས་སྐྱེ་བར་འགྱུར་བའི་འབྱུང་བཞི་དེ་ལའང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། སྔ་ཕྱི་དང་ལྷན་ཅིག་ལ་བཀོད་པའི་ཉེས་པ་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ལེན་པོ་བཀག་ཀྱང་བླང་བྱ་རང་བཞིན་གྱིས་ཡོད་དོ་ཞེ་ན། ལྟ་བ་ལ་སོགས་པ་དེ་དག་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གལ་ཏེ་ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་གང་གི་ཡིན་པའི་ བདག་རང་བཞིན་གྱིས་མེད་པའི་ཕྱིར། གསུམ་པ ་ནི། བདག་གང་ཞིག་ཆོས་ཅན། ཁྱོད་ལ་རང་བཞིན་གྱིས་ཡོད་དོ་ཞེས་རྟོག་པ་དག་ནི་ལྡོག་པར་འགྱུར་ཏེ། ལྟ་བ་ལ་སོགས་པའི་སྔ་རོལ་དང་ད་ལྟ་དང་ཕྱི་ན་རང་བཞིན་གྱིས་མེད་པའི་ཕྱིར། མེད་དོ་ཞེས་རྟོག་པ་དག་ནི་ལྡོག་པར་འགྱུར་ཏེ། བླང་བྱ་གསལ་བར་བྱེད་པའི་ཕྱིར། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། དཔེ་དགག །གཏན་ཚིགས་དགག་པའོ། །དང་པོ་ལ་གསུམ། མེ་ཤིང་རང་བཞིན་གྱིས་ཡོད་པ་དགག །རིགས་པ་དེ་གཞན་ལའང་སྦྱར། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ། སྔར་མ་བཤད་པའི་རིགས་པས་དགག །སྔར་བཤད་པའི་རིགས་པས་དགག །མཇུག་བསྡུ་བའོ། །དང་པོ་ལ་གཉིས། རང་བཞིན་གཅིག་པ་དགག །རང་བཞིན་ཐ་དད་པ་དགག་པའོ། །དང་པོ་ནི། ལེན་པ་པོ་དང་བླང་བྱ་ལྟོས་པས་རང་བཞིན་གྱིས་མེད་པ་མི་འཐད་དེ། མེ་ཤིང་ལྟོས་
ཀྱང་རང་བཞིན་གྱིས་ཡོད་པ་བཞིན་ནོ། །ཞེ་ན། དེ་གཉིས་རང་བཞིན་གྱིས་ཡོད་ན། རང་བཞིན་གྱིས་གཅིག་གམ་ཐ་དད། དང་པོ་ལྟར་ན། བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བར་ཐལ། བུད་ཤིང་གང་དེ་མེ་དང་རང་བཞིན་གྱིས་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། བསྒྲུབ་བྱ་དགག །སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། མི་ལྟོས་པར་ཐལ་བ། མི་ཕྲད་པར་ཐལ་བའོ། །དང་པོ་ནི། གཉིས་པ་ལྟར་ན། མེ་ཆོས་ཅན། ཤིང་མེད་པར་ཡང་འབྱུང་བར་འགྱུར་ཞིང་རྟག་ཏུ་འབར་བ་ཉིད་དུ་འགྱུར་བ་དང་། འབར་བྱེད་ཀྱི་རྒྱུ་ལས་མི་འབྱུང་ཞིང་རྩོམ་པ་དོན་མེད་ཉིད་དུ་འགྱུར་ལ། དེ་ལྟ་ཡིན་ན་ལས་བུད་ཤིང་ཡང་མེད་པ་དང་། གཞན་ཤིང་ལ་ལྟོས་པ་མེད་པར་ཐལ། གལ་ཏེ་ཤིང་ལས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། འདོད་ན། དེའི་ཕྱིར་འབར་བར་བྱེད་པའི་རྒྱུ་ཤིང་ལས་མི་འབྱུང་བར་ཐལ་ལོ། །འདོད་ན། རྟག་ཏུ་འབར་བ་ཉིད་ཡིན་པར་ཐལ། འབར་བ་གང་ཞིག །འབར་བྱེད་ཀྱི་རྒྱུ་ལས་མི་འབྱུང་བའི་ཕྱིར། འདོད་ན། བུད་ཤིང་སྣོན་པོའི་རྩོམ་པ་དོན་མེད་ཉིད་དུ་འགྱུར་རོ། །དེ་ལ་གལ་ཏེ་འདི་སྙམ་དུ་སྲེག་བཞིན་པ་བུད་ཤིང་ཡིན་པས་ཤིང་མེད་པར་འབྱུང་བའི་སྐྱོན་མེད་པར་སེམས་ན། མེ་གང་གིས་བུད་ཤིང་དེ་རང་བཞིན་གྱིས་སྲེག་བྱེད་མ་ཡིན་པར་ཐལ། གང་གི་ཚེ་སྲེག་བཞིན་པ་དེ་ཙམ་དེ་བུད་ཤིང་ཡིན་པའི་ཕྱིར། གཉིས་པ་ནི། མེ་ཆོས་ཅན། ཤིང་དང་མི་ཕྲད་པར་ཐལ། ཤིང་ལས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཕྲད་པ་མེད་ན་ཤིང་སྲེག་པར་མི་འགྱུར་བར་ཐལ་ལོ། །མི་སྲེག་ན་འཆི་བར་མི་འགྱུར་བར་ཐལ་ལོ། །འདོད་ན། རང་རྟགས་འབར་བ་དང་ཡང་རྟག་ཏུ་ལྡན་པར་གནས་པར་ཐལ། འབར་བ་གང་ཞིག་མི་
འཆི་བའི་ཕྱིར། ཇི་ལྟར་བུད་མེད་སྐྱེས་པ་དང་སྐྱེས་པ་བུད་མེད་དང་ཕྲད་པ་བཞིན་ནོ། །གལ་ཏེ་ཤིང་ལས་མེ་གཞན་ཡིན་ཀྱང་ཤིང་དང་ཕྲད་པར་རུང་བར་འགྱུར་རོ། །ཞེ་ན། མེ་ཤིང་རང་བཞིན་གྱིས་གཞན་ཡིན་ཀྱང་ཕྲད་པ་མི་རིགས་པར་ཐལ། གལ་ཏེ་མེ་དང་ཤིང་དག་ནི་གཅིག་གིས་གཅིག་ནི་བསལ་བར་འགྱུར་ན་ཤིང་ལས་མེ་གཞན་ཉིད་ཡིན་ཀྱང་ཤིང་དང་ཕྲད་པར་འདོད་ལ་རག་ན། མེ་ཤིང་དེ་ལྟ་བུ་མི་སྲིད་པའི་ཕྱིར། གཉིས་པ་ནི། མེ་ཤིང་རང་བཞིན་གྱིས་ཡོད་དེ། ལྟོས་པའི་ཕྱིར་ཞེ་ན། གལ་ཏེ་ཤིང་ལ་ལྟོས་ནས་མི་འཇོག་པ་ཡིན་ལ། གལ་ཏེ་མེ་ལ་ལྟོས་ནས་ཤིང་འཇོག་པ་ཡིན་ན་གང་ལ་ལྟོས་ནས་མེ་དང་ཤིང་གྲུབ་པར་འགྱུར་བ་དང་པོར་གྲུབ་པ་གང་ཞིག་ཡིན། གལ་ཏེ་ཤིང་སྔར་གྲུབ་པ་ལ་ལྟོས་ནས་མེ་གྲུབ་པ་ཡིན་ན། མེ་གྲུབ་པ་ལ་སླར་ཡང་སྒྲུབ་པར་འགྱུར་ཞིང་བུད་པར་བྱ་བའི་ཤིང་ལ་ཡང་མེ་མེད་པར་ནི་འགྱུར་བ་ཡིན་པར་ཐལ། ཤིང་སྔར་རང་བཞིན་གྱིས་གྲུབ་པ་ལ། མེ་ལྟོས་པའི་ཕྱིར། གལ་ཏེ་མེ་ཤིང་དུས་གཅིག་ཏུ་གྲུབ་པས་སྐྱོན་མེད་དོ་ཞེ་ན། མེ་ཤིང་གཉིས་གང་ལ་ལྟོས་ནས་གང་ཞིག་འགྲུབ་པ་རང་བཞིན་གྱིས་མེད་པར་ཐལ། གལ་ཏེ་ཤིང་གི་དངོས་པོ་གང་ལ་ལྟོས་ནས་གྲུབ་པའི་མེ་དེ་ཉིད་ལ་ཡང་ལྟོས་ནས་ནི་ལྟོས་བྱ་ཤིང་གང་ཡིན་པ་དེ་གྲུབ་པའི་ཕྱིར། གཞན་ཡང་མེ་གྲུབ་བམ་མ་གྲུབ། མ་གྲུབ་ན་ཤིང་གི་དངོས་པོ་ལ་ལྟོས་ནས་གྲུབ་པའི་མེ་གང་ཡིན་པ་དེ་ཆོས་ཅན། ཤིང་ལ་ཇི་ལྟར་ལྟོས་ཏེ་མི་ལྟོས་པར་ཐལ། མ་གྲུབ་པའི་ཕྱིར། ཅི་སྟེ་གྲུབ་པ་ལྟོས་སོ་ཞེ་ན། དེ་ནི་ཆོས་ཅན། ཤིང་ལ་རང་བཞིན་གྱིས་ལྟོས་པ་མི་རིགས་པར་ཐལ། གྲུབ་པའི་ཕྱིར། མེ་ཤིང་རང་བཞིན་གྱིས་མེད་དེ། ཤིང་ལ་ལྟོས་པའི་མེ་རང་བཞིན་གྱིས་མེད་
ཤིང་ལ་མ་ལྟོས་པའི་མེ་ཡང་མེད། མེ་ལ་ལྟོས་པའི་ཤིང་རང་བཞིན་གྱིས་མེད། མེ་ལ་མ་ལྟོས་པའི་བུད་ཤིང་མེད་པའི་ཕྱིར། མེ་ཤིང་རང་བཞིན་གྱིས་ཡོད་དེ། མེས་བུད་ཤིང་སྲེག་པར་དམིགས་པའི་ཕྱིར་ཞེ་ན། མེ་ནི་ཤིང་མེད་པར་གཞན་ལས་མི་འོང་སྟེ། ཤིང་མེད་པར་འོང་བ་མ་མཐོང་བའི་ཕྱིར། ཤིང་ལའང་མེ་ནི་ཡོད་པ་མིན་ཏེ། དེ་ལ་མ་མཐོང་བའི་ཕྱིར། གཉིས་པ་ནི། དེ་བཞིན་དུ་མེ་དང་ཤིང་རང་བཞིན་གྱིས་མེད་པའི་རིགས་པ་ལྷག་མ་ནི་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་བྱ་བ་རང་བཞིན་གྱིས་མེད་པར་སྒྲུབ་པའི་རིགས་པས་བསྟན་ཏེ། རེ་ཤིག་བསྲེགས་ལ་མི་སྲེག་སྟེ། ཞེས་སོགས་འདོན་པ་བསྒྱུར་ནས་དགག་པར་བྱ་བའི་ཕྱིར་རོ། །གསུམ་པ་ནི། ཤིང་ཉིད་མེ་ནི་མ་ཡིན་ཏེ། བྱེད་པ་པོ་དང་ལས་གཅིག་མ་ཡིན་པའི་ཕྱིར། ཤིང་ལས་གཞན་ལ་མེ་ཡང་མེད་དེ། ཤིང་མེད་པར་མེ་མི་འབྱུང་བའི་ཕྱིར། མེ་ནི་ཤིང་དང་རང་བཞིན་གྱིས་ལྡན་པ་མ་ཡིན། མེ་ལ་ཤིང་དང་ཤིང་དེར་མེ་དེ་རང་བཞིན་གྱིས་བརྟེན་ པ་མེད་དེ། མེ་ཤིང་རང་བཞིན་གྱིས་གཅིག་དང་ཐ་དད་མ་ཡིན་པའི་ཕྱིར། གཉིས་པ་ནི། བདག ་དང་ནི་ཉེ་བར་ལེན་པའི་རིམ་པ་ཀུན་ཆོས་ཅན། བུམ་སྣམ་སོགས་དང་ལྷན་ཅིག་ཏུ་མ་ལུས་པར་ནི་རང་བཞིན་མེད་པར་རྣམ་པར་བཤད་དེ། མེ་དང་ཤིང་རང་བཞིན་མེད་པར་སྒྲུབ་པའི་རིགས་མཚུངས་པའི་ཕྱིར། གསུམ་པ་ནི། དངོས་སྨྲ་བ་གང་དག་ཆོས་ཅན། བསྟན་པའི་དོན་ལ་མཁས་སོ་སྙམ་དུ་ཀླུ་སྒྲུབ་མི་སེམས་ཏེ། བདག་དང་དངོས་པོ་རྣམས་དེ་བཅས་རང་བཞིན་གྱིས་གཅིག་པ་ཉིད་དང་ཐ་དད་པར་སྟོན་པ་ཡིན་པའི་ཕྱིར། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།
གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་རྟགས་དགག་པ་ལ་གཉིས། སྐྱེ་འཆིའི་བྱ་བ་ཡོད་པའི་རྟགས་དགག །སྡུག་བསྔལ་ཡོད་པའི་རྟགས་དགག་པའོ། །དང་པོ་ལ་གཉིས། འཁོར་བ་རང་བཞིན་གྱིས་ཡོད་པ་དགག །རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། འཁོར་བ་ལ་ཐོག་མཐའ་བར་གསུམ་གྱི་ཆ་དགག །སྐྱེ་འཆི་ལ་སྔ་ཕྱི་ལྷན་ཅིག་པའི་ཆ་དགག་པའོ། །དང་པོ་ནི་བདག་རང་བཞིན་གྱིས་ཡོད་དེ། འཁོར་བ་ཡོད་པའི་ཕྱིར་ཞེ་ན། འཁོར་བ་དེ་ཆོས་ཅན། སྔོན་དང་ཕྱི་མ་རང་བཞིན་གྱིས་མེད་དེ། ཐོག་མ་དང་ཐ་མ་རང་བཞིན་གྱིས་མེད་པའི་ཕྱིར་ཏེ། རྫོགས་བྱེད་ལ་སོགས་པས་འཁོར་བའི་སྔོན་གྱིས་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་མངོན་པ་མིན་ཞེས་གསུངས་པའི་ཕྱིར། ཞེ་ན་དབུས་ཡོད་དོ་ཞེ་ན། དེ་ལ་ཆོས་ཅན། དབུས་ནི་རང་བཞིན་གྱིས་ག་ལ་ཡོད་དེ་མེད་པར་ཐལ། ཁྱོད་གང་ལ་ཐོག་མ་དང་ཐ་མ་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་གསུམ། བསྟན་བཤད་བསྡུའོ། །དང་པོ་ནི། དེ་ལ་ཆོས་ཅན། སྐྱེ་འཆིའི་སྔ་ཕྱི་དང་ལྷན་ཅིག་གིས་རིམ་པ་རང་བཞིན་གྱིས་མི་འཐད་དེ། ཐོག་མཐའ་བར་གསུམ་རང་བཞིན་གྱིས་མེད་པ་དེའི་ཕྱིར། གཉིས་པ་ལ་གཉིས། སྔ་ཕྱི་བ་དགག །དུས་མཉམ་པ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་སྔ་གྱུར་ལ་རྒ་ཤི་ཕྱི་མ་ཡིན་ན་ནི་སྐྱེ་བའི་སྔོན་དུ་རྒ་ཤི་སོང་བ་མེད་པ་དང་ཚེ་སྔ་མ་མ་ཤི་བར་ཡང་འདིར་སྐྱེ་བར་འགྱུར་བར་ཐལ་ལོ། །གལ་ཏེ་སྐྱེ་བ་ཕྱི་བར་འགྱུར་ལ་རྒ་ཤི་སྔ་བ་ཡིན་ན་ནི། རྒ་ཤི་ནི་ཆོས་ཅན། རྒྱུ་མེད་པར་ཐལ། སྐྱེ་བ་སྔོན་དུ་སོང་བ་མེད་པའི་ཕྱིར། འདོད་ན། རྒྱུ་མེད་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྐྱེ་བའི་རྐྱེན་གྱིས་བྱུང་བའི་ཕྱིར། གཉིས་པ་ནི། སྐྱེ་བ་དང་ནི་རྒ་ཤི་དག་ལྷན་ཅིག་ཏུ་རང་བཞིན་
གྱིས་རུང་བ་མ་ཡིན་ཏེ། དེ་ལྟར་ན། སྐྱེ་བཞིན་པ་ནི་འཆི་བར་འགྱུར་ཞིང་སྐྱེ་འཆི་གཉིས་ཀ་རྒྱུ་མེད་དུ་འགྱུར་བའི་ཕྱིར། གསུམ་པ་ནི། སྐྱེ་བ་དེ་དང་རྒ་ཤི་དེ་ཆོས་ཅན། རང་བཞིན་གྱིས་ཡོད་པར་ཅིའི་ཕྱིར་ན་སྤྲོ་བར་བྱེད་མི་རིགས་པར་ཐལ། ཁྱོད་གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་རང་བཞིན་གྱིས་མི་སྲིད་པའི་ཕྱིར། གཉིས་པ་ནི། འཁོར་བ་འབའ་ཞིག་སྔོན་གྱི་མཐའ་ཡོད་པ་མ་ཡིན་པ་མ་ཟད་དེ། རྒྱུ་དང་འབྲས་བུ་ཉིད་དང་ནི་མཚན་ཉིད་དང་ནི་མཚན་གཞི་ཉིད་དང་ཚོར་དང་ཚོར་པོ་ཉིད་དང་ནི་དོན་ཡོད་གང་དག་ཅི་ཡང་རུང་དངོས་པོ་རྣམས་ཐམས་ཅད་ཉིད་ལ་ཡང་སྔོན་གྱི་མཐའ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།གཉིས་པ་སྡུག་བསྔལ་ཡོད་པའི་རྟགས་དགག་པ་ལ་གཉིས། དངོས་དང་། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། དམ་བཅའ་གཞག །སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། བདག་རང་བཞིན་གྱིས་ཡོད་དེ། དེ་དང་འབྲེལ་བའི་སྡུག་བསྔལ་ཡོད་པའི་ཕྱིར་ཞེ་ན། ཁ་ཅིག་སྡུག་བསྔལ་ བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་གཉིས་ཀས་བྱས་པ་དང་རྒྱུ་མེད་པ ་ལས་འབྱུང་བར་འདོད་པ་དེ་ནི་བྱ་བར་མི་རུང་ངོ་། །གཉིས་པ་ལ་གཉིས། རང་གཞན་རེ་རེས་བྱས་པ་དགག །གཉིས་ཀས་བྱས་ པ་དང་རྒྱུ་མེད་དུ་སྨྲ་བ་དགག་པའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་དེ་བདག ་གིས་བྱས་པར་གྱུར་ན། སྡུག་བསྔལ་ཆོས་ཅན། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་བར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གང་གི་ཕྱིར་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་ཀྱི་
ཕུང་པོ་དེ་དག་འབྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། སྡུག་བསྔལ་དེ་རང་བཞིན་གྱིས་གཞན་གྱིས་མ་བྱས་པར་ཐལ། གལ་ཏེ་འཆི་བའི་ཕུང་པོ་འདི་ལས་སྐྱེ་བའི་ཕུང་པོ་དེ་གཞན་ཡིན་ཞིང་གལ་ཏེ་སྐྱེ་བའི་ཕུང་པོ་དེ་ལས་འཆི་བའི་ཕུང་པོ་འདི་གཞན་ཡིན་ན་འཆི་བའི་ཕུང་པོ་གཞན་དེ་དག་གིས་སྐྱེ་བའི་ཕུང་པོ་དེ་བྱས་པར་འགྱུར་བས་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཡང་དེ་གཉིས་རང་བཞིན་གྱིས་གཞན་མ་ཡིན་པའི་ཕྱིར། གལ་ཏེ་གང་ཟག་བདག་གིས་ནི་སྡུག་བསྔལ་བྱས་ཀྱི་སྡུག་བསྔལ་རང་ཉིད་ཀྱིས་མ་བྱས་པས་སྐྱོན་མེད་དོ་ཞེ་ན། གང་བདག་གིས་སྡུག་བསྔལ་བྱས་པའི་གང་ཟག་དེ་ཆོས་ཅན། སྡུག་བསྔལ་རང་བཞིན་གྱིས་མ་བྱས་པར་ཐལ། སྡུག་བསྔལ་མ་གཏོགས་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར། གལ་ཏེ་མིའི་གང་ཟག་གཞན་ལས་ནི་ལྷའི་སྡུག་བསྔལ་འབྱུང་ན་མིས་ལྷ་ལ་སྡུག་བསྔལ་རང་བཞིན་གྱིས་སྟེར་བ་མ་ཡིན་པར་ཐལ། མི་གཞན་ཞིག་གིས་སྡུག་བསྔལ་དེ་བྱས་ནས། གང་མ་སྦྱིན་པའི་ལྷ་དེ་སྡུག་བསྔལ་མ་གཏོགས་པ་ཇི་ལྟར་རུང་བ་མ་ཡིན་པའི་ཕྱིར་དང་། གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་འབྱུང་ན་གང་གིས་སྡུག་བསྔལ་དེ་བྱས་ནས་གཞན་ལ་སྟེར་བའི་གང་ཟག་གཞན་མི་དེ་སྡུག་བསྔལ་མ་གཏོགས་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར། སྡུག་བསྔལ་ཆོས་ཅན། གཞན་གྱིས་ག་ལ་བྱས་ཏེ་མ་བྱས་པར་ཐལ། བདག་གིས་བྱས་པར་མ་གྲུབ་པས་སོ། །ཁྱབ་སྟེ། གཞན་གྱི་སྡུག་བསྔལ་གང་བྱེད་པ་དེ་ནི་གང་ཟག་དེའི་བདག་གིས་བྱས་པར་འགྱུར་བའི་ཕྱིར། རེ་ཞིག་སྡུག་བསྔལ་བདག་གིས་བྱས་པ་མིན་ཏེ། སྡུག་བསྔལ་དེ་ཉིད་ཀྱིས་ནི་དེ་མ་བྱས་པའི་ཕྱིར། སྡུག་བསྔལ་ཆོས་ཅན། རང་བཞིན་གྱིས་
གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ། གལ་ཏེ་གཞན་དེ་བདག་གིས་མ་བྱས་པའི་ཕྱིར། གཉིས་པ་ནི། སྡུག་བསྔལ་ཆོས་ཅན། བདག་གཞན་གཉིས་ཀས་མ་བྱས་ཏེ། གལ་ཏེ་བདག་གཞན་རེ་རེས་བྱས་པར་གྱུར་ན་གཉིས་ཀས་བྱས་པར་འགྱུར་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས་པའི་ཕྱིར། སྡུག་བསྔལ་ཆོས་ཅན། རྒྱུ་མེད་དུ་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། རེས་འགའ་སྐྱེ་བའི་ཕྱིར། གཉིས་པ་ནི། སེམས་ཅན་གྱི་སྡུག་བསྔལ་འབའ་ཞིག་རྣམ་པ་བཞི་ཡོད་པ་མ་ཡིན་པར་མ་ཟད་ཀྱི་ཕྱི་རོལ་དངོས་པོ་ཐམས་ཅད་དག་ལ་ཡང་ཆོས་ཅན། བདག་གཞན་རེ་རེ་བ་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་རྣམ་པ ་བཞི་པོ་ཡོད་པ་མ་ཡིན་ཏེ། དེ་དག་ལས་སྐྱེ་བ་སྔར་གྱི་རིགས་པས་ཁེགས་པའི་ཕྱིར། བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།གཉིས་པ་དངོས་པོ་ཙམ་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དངོས་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། གཞན་ལ་གྲགས་པའི་ལུང་གིས་སྒྲུབ། རྩོད་པ་སྤང་བ། ལུང་དོན་གཞན་དུ་འཆད་པ་དགག་པའོ། །དང་པོ་ནི། འདུ་བྱེད་དེ་དག་ཐམས་ཅད་ཆོས་ཅན། རྫུན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་གང་གིས་སླུ་བ་དེ་ནི་རྫུན་ཞེས་གསུངས་ལ་ཁྱོད་སླུ་བའི་ཆོས་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་འདུ་བྱེད་ཐམས་ཅད་རྫུན་པ་ཡིན་ན། དོན་བྱེད་ནུས་པ་མེད་པས་སྐུར་འདེབས་སུ་འགྱུར་རོ། །ཞེ་ན། ཆོས་གང་སླུ་བ་དེ་རྫུན་པར་བསྟན་པ་དེ་ལ་སྐུར་བ་བཏབ་ནས་ཅི་ཞིག་སླུ་སྟེ་མི་སླུ་བར་ཐལ། ཡོད་པ་གང་ཡང་མེད་
པར་མ་སྨྲས་པའི་ཕྱིར། འོ་ན། དངོས་པོ་མེད་པར་མ་བསྟན་ན་ཅི་སྟོན་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྫུན་པ་དེ་གསུངས་པ་ཆོས་ཅན། དངོས་པོ་མེད་པར་བསྟན་པ་མ་ཡིན་ཏེ། རང་བཞིན་གྱིས་སྟོང་ཉིད་ཡོངས་སུ་བསྟན་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། ལུང་དོན་གཞན་དུ་འཆད་ཚུལ་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཉན་ཐོས་སྡེ་པ་ན་རེ། ལུང་གི་དོན་ནི། དངོས་པོ་རྣམས་རྟག་པའི་ངོ་བོ་ཉིད་མེད་དེ། གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་པ་མེད་དེ། གང་གི་ཕྱིར་དངོས་པོ་རྣམས་ཀྱི་རྣམས་ཀྱི་སྟོང་པ་ཉིད་འདོད་དགོས་པའི་ཕྱིར། གལ་ཏེ་ངོ་བོ་ཉིད་མེད་ན་གཞན་དུ་འགྱུར་བ་གང་གི་ཡིན་ཞེས་ཟེར་ཏོ། །གཉིས་པ་ལ་གཉིས། གཞན་འགྱུར་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །སྟོང་ཉིད་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དངོས་པོ་ཆོས་ཅན། ཇི་ལྟ་བུར་ན་གཞན་དུ་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། སྔར་གྱིས་གནས་སྐབས་དེ་ཉིད་ལ་ནི་གཞན་འགྱུར་མེད་དེ། གང་གི་ཕྱིར་གཞོན་ནུ་རང་བཞིན་གྱིས་མི་རྒ་བའི་ཕྱིར། གཞན་ཉིད་ལ་ཡང་རྒས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རྒས་པའང་སླར་མི་རྒ་བའི་ཕྱིར། གལ་ཏེ་གཞོན་ནུ་དེ་ཉིད་གཞན་དུ་འགྱུར་ན་འོ་མ་ཉིད་ནི་ཞོར་འགྱུར་རོ། །འོ་མའི་གནས་སྐབས་བཏང་ནས་ཞོར་འགྱུར་རོ་ཞེ་ན། དེའང་མི་འཐད་དེ། འོ་མ་ལས་གཞན་གང་ཞིག་ནི་ཞོའི་དངོས་པོ་ཡིན་པར་འགྱུར་བ་མི་སྲིད་པའི་ཕྱིར། གཉིས་པ་ནི། སྟོང་པ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད་ན་སྟོང་པའང་ཅུང་ཟད་རང་བཞིན་གྱིས་ཡོད་པར་འགྱུར་ཡང་མི་སྟོང་ཅུང་ཟད་ཡོད་པ་མིན་པའི་ཕྱིར།
གལ་ཏེ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་གྲོལ་བའི་ཕྱིར་དུ་སྟོང་ཉིད་གསུངས་ལ་ཁྱོད་ཀྱིས་སྟོང་ཉིད་སྤངས་པས་ཁྱོད་དང་བརྩད་པས་ཆོག་གོ་ཞེ་ན། གང་དག་སྟོང་པ་ཉིད་རང་བཞིན་གྱིས་གྲུབ་པར་ལྟ་བ་དེ་དག་བསྒྲུབ་ཏུ་མེད་པར་གསུངས་ཏེ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བས་བདེན་འཛིན་ཀུན་ལས་ངེས་པར་འབྱུང་བར་གསུངས་པའི་ཕྱིར། འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།གཉིས་པ་དངོས་པོ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གསུམ། ཕྲད་པ་རང་བཞིན་གྱིས་ཡོད་པ་དགག །རྒྱུ་རྐྱེན་ཉེ་བར་ལེན་པ་རང་བཞིན་གྱིས་ཡོད་པ་དགག །བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་གཉིས། དངོས་དང་། དེས་ཕྲད་བཞིན་པའང་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། དམ་བཅའ་དང་། སྒྲུབ་བྱེད་དོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་དེ། ལྷན་ཅིག་ཏུ་ཕྲད་པ་ཡོད་པའི་ཕྱིར་ཞེ་ན། བལྟ་བྱ་དང་ལྟ་བ་དང་ལྟ་བ་པོ་གསུམ་པོ་དེ་དག་གཉིས་གཉིས་དང་ཐམས་ཅད་ཀྱང་ནི་ཕན་ཚུན་དུ་ཕྲད་པར་འགྱུར་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་ཆགས་པ་པོ་དང་ཆགས་པར་བྱ་བ་དང་། ཉོན་མོངས་པ་ལྷག་མ་རྣམས་དང་། སྐྱེ་མཆེད་ཀྱི་ལྷག་མའང་རྣམ་པ་གསུམ་གྱིས་ཕྲད་པ་རང་བཞིན་གྱིས་མེད་དོ། །གཉིས་པ་ལ་གཉིས། གཞན་རང་བཞིན་གྱིས་མེད་པས་ཕྲད་པ་དགག །གཅིག་དང་ཐ་དད་ལ་བརྟགས་ནས་ཕྲད་པ་དགག་པའོ། །དང་པོ་ནི། བལྟ་བྱ་ལ་སོགས་པ་ལ་ཆོས་ཅན། རང་བཞིན་གྱིས་ཕྲད་པར་མི་འགྱུར་ཏེ། རང་བཞིན་གྱིས་ཕྲད་པར་འགྱུར་ན་གཞན་དང་གཞན་དུ་ཡོད་པ་གང་ཞིག །གང་གི་ཕྱིར་རང་བཞིན་གྱིས་
གཞན་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར། བལྟ་བྱ་ལ་སོགས་པ་འབའ་ཞིག་ལ་གཞན་ཉིད་མེད་པར་མ་ཟད་ཀྱི་བུམ་སྣམ་གང་དང་གང་ཡང་ཆོས་ཅན། ལྷན་ཅིག་ཏུ་རང་བཞིན་གྱིས་ཕྲད་པ་མེད་དེ། རང་བཞིན་གྱིས་གཞན་པ་ཉིད་དུ་ནི་མི་འཐད་པའི་ཕྱིར། གང་ལ་བརྟེན་ཏེ་གང་ཡིན་པ་དེ་ནི་རྟེན་ས་དེ་ལས་རང་བཞིན་གྱིས་གཞན་དུ་མི་འཐད་དེ། གཞན་བུམ་པ་ནི་གཞན་སྣམ་བུ་ལ་བརྟེན་ཏེ་གཞན་ཡིན་གྱི་གཞན་སྣམ་བུ་མེད་པར་གཞན་བུམ་པ་སྣམ་བུ་ལས་གཞན་དུ་མི་འགྱུར་བའི་ཕྱིར། བུམ་སྣམ་རང་བཞིན་གྱིས་གཞན་དུ་མེད་དེ། གལ་ཏེ་གཞན་བུམ་པ་ནི་གཞན་སྣམ་བུ་ལས་རང་བཞིན་གྱིས་གཞན་པ་དེའི་ཚེ་གཞན་སྣམ་བུ་མེད་པར་སྣམ་བུ་ལས་གཞན་དུ་འགྱུར་ལ་གཞན་སྣམ་བུ་མེད་པར་ནི་སྣམ་བུ་ལས་གཞན་དུ་འགྱུར་བ་ཡོད་པ་མེད་པ་དེའི་ཕྱིར། གལ་ཏེ་གཞན་ཉིད་ཅེས་པའི་སྤྱི་ཡོད་པས་གཞན་དུ་རྗོད་པ་ཡིན་ནོ། །ཞེ་ན། གཞན་ཉིད་ཀྱི་སྤྱི་དེ་གསལ་བ་གཞན་ལ་ཡོད་པ་མ་ཡིན་ཏེ། དེ་ལ་གཞན་ཉིད་ཀྱི་སྤྱི་བཏགས་པ་དགོས་པ་མེད་པའི་ཕྱིར། དེ་གཞན་མ་ཡིན་པ་ལའང་ཡོད་པ་མ་ཡིན་ཏེ། དེ་ལ་གཅིག་ཉིད་ཡོད་པའི་ཕྱིར། རྟགས་ཁས། གཞན་ནམ་དེ་ཉིད་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གཞན་ཉིད་ཀྱི་སྤྱི་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཕྲད་པ་རང་བཞིན་གྱིས་མེད་དེ། ཆོས་དེ་ནི་དེ་དང་ཕྲད་པ་མེད་ཅིང་རང་བཞིན་གྱིས་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་བའི་ཕྱིར། གཉིས་པ་ནི། ཕྲད་པ་ཡོད་དེ། ཕྲད་བཞིན་པ་ཡོད་པའི་ཕྱིར་ཞེ་ན། ཕྲད་བཞིན་པ་དང་ཕྲད་པ་དང་ཕྲད་པ་པོ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཕྲད་པའི་བྱ་བ་རང་བཞིན་གྱིས་མེད་པའི་ཕྱིར་རོ། །ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།
གཉིས་པ་རྒྱུ་རྐྱེན་ཉེ་བར་ལེན་པ་རང་བཞིན་གྱིས་ཡོད་པ་དགག་པ་ལ་གཉིས། དངོས་པོ་རང་བཞིན་གྱིས་ཡོད་པ་དགག །རང་བཞིན་གྱིས་ཡོད་པར་སྨྲ་ན་མཐར་འཛིན་ལས་མ་འདས་པའོ། །དང་པོ་ལ་གཉིས། སྒྲུབ་བྱེད་དགག །གནོད་བྱེད་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང་། དེས་མཐའ་གཞན་གསུམ་ཡང་ཁེགས་པར་བསྟན་པ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་དེ། རྒྱུ་རྐྱེན་ཉེ་བར་ལེན་པ་ཡོད་པའི་ཕྱིར་ཞེ་ན། དངོས་པོ་ཆོས་ཅན། རྒྱུ་དང་རྐྱེན་ལས་ནི་འབྱུང་བར་རིགས་པ་མ་ཡིན་པར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། རང་བཞིན་རྒྱུ་རྐྱེན་ལས་འབྱུང་ངོ་ཞེ་ན། རང་བཞིན་ཆོས་ཅན། བྱས་པ་ཅན་དུ་འགྱུར་བར་ཐལ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། འདོད་མི་ནུས་ཏེ། རང་བཞིན་བྱས་པ་ཅན་ཞེས་བྱ་བར་ཇི་ལྟ་བུར་ན་རུང་བར་འགྱུར་བ་མ་ཡིན་པའི་ཕྱིར། རང་བཞིན་བྱས་པ་མ་ཡིན་ན་རང་བཞིན་ཇི་ལྟ་བུ་ཞེ་ན། བུམ་པ་བདེན་སྟོང་ཆོས་ཅན། རང་བཞིན་དག་ནི་ཡིན་ཏེ། བཅོས་མིན་དང་རིང་ཐུང་ལྟ་བུའི་གཞན་ལ་ལྟོས་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། རང་དངོས་བཀག་ཀྱང་གཞན་དངོས་རང་བཞིན་གྱིས་ཡོད་དོ་ཞེ་ན། གཞན་གྱི་དངོས་པོ་རང་བཞིན་གྱིས་ག་ལ་ཡོད་དེ་མེད་པར་ཐལ། དཔྱད་ན་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་གྱིས་དངོས་པོའི་རང་བཞིན་ནི་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་པའི་ཕྱིར། རང་དང་གཞན་དངོས་བཀག་ཀྱང་དངོས་པོ་རང་བཞིན་གྱིས་ཡོད་དོ་ཞེ་ན། དངོས་པོ་རང་བཞིན་གྱིས་འགྲུབ་པར་འགྱུར་ན་རང་བཞིན་དང་ནི་གཞན་དངོས་དག་ཡོད་དགོས་ཏེ། རང་བཞིན་དང་ནི་གཞན་དངོས་དག་མ་གཏོགས་དངོས་པོ་ག་ལ་ཡོད་དེ་མེད་པའི་ཕྱིར། དངོས་པོ་བཀག་
ཀྱང་དངོས་མེད་ཡོད་དོ་ཞེ་ན། གལ་ཏེ་དངོས་པོ་རང་བཞིན་གྱིས་མ་གྲུབ་ན་དངོས་མེད་རང་བཞིན་གྱིས་འགྲུབ་པར་མི་འགྱུར་ཏེ། དངོས་པོ་གཞན་དུ་གྱུར་པ་ནི་དངོས་མེད་ཡིན་པར་སྐྱེ་བོ་སྨྲ་བའི་ཕྱིར། གསུམ་པ་ནི། གང་དག་རང་བཞིན་དང་གཞན་དངོས་དང་དངོས་པོ་དང་དངོས་མེད་ཉིད་རང་བཞིན་གྱིས་ཡོད་པ་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དེ་ཉིད་མཐོང་བ་མ་ཡིན་ཏེ། དེ་དག་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་གཉིས། ལུང་གི་གནོད་བྱེད་དང་། རིགས་པའི་གནོད་བྱེད་དོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་མེད་དེ། བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པའི་དེ་ཉིད་མཁྱེན་པས་འཕགས་པ་ཀ་ཏ་ཡ་ནའི་གདམས་ངག་ལས་ནི་ཡོད་པ་དང་མེད་པའི་མཐའ་གཉིས་ཀའང་དགག་པ་མཛད་པའི་ཕྱིར། གཉིས་པ་ནི། དངོས་པོ་དེ་ནི་ཆོས་ཅན། ནམ་ཡང་མེད་པ་ཉིད་དུ་མི་འགྱུར་བར་ཐལ། གལ་ཏེ་རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར། ཆོས་ཅན། གཞན་དུ་འགྱུར་བ་གང་གི་ཡིན་ཏེ། རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། གཞན་དུ་འགྱུར་བ་ཇི་ལྟར་རུང་སྟེ་མི་རུང་བར་ཐལ། རང་བཞིན་གྱིས་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཡོད་པ་དང་མེད་པའི་མཐའ་ལ་མཁས་པས་གནས་པར་མི་བྱ་སྟེ། དངོས་པོ་རང་བཞིན་གྱིས་ཡོད་ཅེས་བྱ་བར་ཁས་བླངས་ན་རྟག་པར་འཛིན་པ་དང་དངོས་པོ་མེད་ཅེས་བྱ་བར་ཁས་བླངས་ན་ཆད་པར་ལྟ་བ་དེའི་ཕྱིར་ཏེ། གང་ཞིག་རང་བཞིན་གྱིས་ཡོད་པ་དེ་ནི་ནམ་ཡང་མེད་པ་མིན་པས་རྟག་པའི་ཕྱིར་དང་། སྔོན་བྱུང་རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་ད་ལྟ་མེད་ཅེས་པ་དེས་ན་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་
བཅོ་ལྔ་པའོ།། །།གསུམ་པ་བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པ་ལ་གཉིས། དངོས་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། འཁོར་འདས་རང་བཞིན་གྱིས་ཡོད་པ་དགག །བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག །རྩོམ་པ་དོན་མེད་དུ་ཐལ་བ་སྤངས་པའོ། །དང་པོ་ལ་གཉིས། འཁོར་བ་མྱང་འདས་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་དེ་འཁོར་བ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། འོ་ན་ཕུང་པོ་དང་སེམས་ཅན་གང་འཁོར། གལ་ཏེ་འདུ་བྱེད་ཕུང་པོ་འཁོར་རོ་ཞེ་ན། དེ་ཡང་རྟག་མི་རྟག་གང་རུང་དུ་ངེས་པས་དེ་དག་རྟག་ན་མི་འཁོར་ཏེ། འགྲོ་འོང་གི་བྱ་བ་དང་བྲལ་བའི་ཕྱིར། མི་རྟག་ན་ཡང་རང་བཞིན་གྱིས་འཁོར་བར་མི་འགྱུར་ཏེ། སྐད་ཅིག་དང་རྒྱུན་གང་ཡང་རང་བཞིན་གྱིས་མི་འཁོར་བའི་ཕྱིར། སེམས་ཅན་འཁོར་ཞེ་ན། སེམས་ཅན་ལ་ཡང་འདུ་བྱེད་ལ་བརྗོད་པའི་རིམ་པ་འདི་མཚུངས་ཏེ། རྟག་མི་རྟག་གང་ཡང་རང་བཞིན་གྱིས་མི་འཁོར་བའི་ཕྱིར། མང་བཀུར་བ་ན་རེ། གལ་ཏེ་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་གང་ཟག་འཁོར་རོ་ཞེ་ན། གང་ཟག་དེ་ནི་ཆོས་ཅན། ཁྱོད་གང་ཞིག་རང་བཞིན་གྱིས་འཁོར་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར། མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་ན་མིའི་ཉེར་ལེན་བཏང་ནས་འཁོར་རམ་མ་བཏང་བར་འཁོར། དང་པོ་ལྟར་ན། སྔ་ཕྱི་གཉིས་ཀྱི་བར་དུ་སྲིད་པ་ཕུང་པོ་མེད་པར་འགྱུར་བར་ཐལ། ཉེར་ལེན་སྔ་མ་བཏང་ནས་ཕྱི་མ་མ་བླངས་པ་ཡོད་པའི་ཕྱིར། འདོད་ན། གང་ཟག་དེ་གང་ཅི་ཞིག་འཁོར་བར་འགྱུར་ཏེ་མི་འགྱུར་བ་ཐལ།
སྲིད་པ་མེད་ཅིང་ཉེ་བར་ལེན་པ་མེད་པའི་ཕྱིར། གཉིས་པ་ལྟར་ན། གང་ཟག་གཅིག་ལྷ་མི་གཉིས་སུ་འགྱུར་བར་ཐལ། མིའི་ཉེར་ལེན་མ་བཏང་བར་ལྷའི་ཉེར་ལེན་དུ་འཁོར་བའི་ཕྱིར། གཉིས་པ་ནི། གལ་ཏེ་འཁོར་བ་ཡོད་དེ། མྱང་འདས་ཡོད་པའི་ཕྱིར་ཞེ་ན། མྱང་འདས་རང་བཞིན་གྱིས་མེད་དེ། འདུ་བྱེད་མྱ་ངན་འདའ་བར་ནི་ཇི་ལྟ་བུར་ཡང་བཞིན་གྱིས་མི་འཐད་ལ་སེམས་ཅན་མྱ་ངན་འདའ་བར་ཡང་ཇི་ལྟ་བུར་ནི་རང་བཞིན་གྱིས་མི་འཐད་པའི་ཕྱིར། གཉིས་པ་ལ་གཉིས། ཐུན་མོང་དུ་དགག །སོ་སོར་དགག་པའོ། །དང་པོ་ནི། དངོས་པོར་རང་བཞིན་གྱིས་ཡོད་དེ་བཅིངས་ཐར་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། སྐྱེ་འཇིག་ཆོས་ཅན་གྱི་འདུ་བྱེད་རྣམས་རང་བཞིན་གྱིས་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། སྐད་ཅིག་དང་རྒྱུན་གང་ཡང་བཅིངས་ཐར་རང་བཞིན་གྱིས་མེད་པའི་ཕྱིར། སྔ་མ་བཞིན་དུ་སེམས་ཅན་ཡང་རང་བཞིན་གྱིས་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། རྟགས་འདྲ། གཉིས་པ་ལ་གཉིས། བཅིངས་པ་དགག་ན། ཐར་པ་དགག་པའོ། །དང་པོ་ནི། གལ་ཏེ་བཅིངས་པ་རང་བཞིན་གྱིས་ཡོད་དེ། ཆགས་སོགས་ཉེ་བར་ལེན་པ་འཆིང་བྱེད་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། གནས་སྐབས་གང་ཞིག་འཆིང་བར་འགྱུར་བ་བཞིན་གྱིས་མེད་དེ། ཉེ་བར་ལེན་པ་དང་བཅས་པ་དང་། ཉེ་བར་ལེན་མེད་མི་འཆིང་བའི་ཕྱིར་དང་། གལ་ཏེ་བཅིངས་བྱའི་སྔ་རོལ་ན་འཆིང་བ་ཡོད་ན་འཆིང་ལ་རག་ན་དེ་ཡང་མེད་པའི་ཕྱིར། སུན་འབྱིན་ལྷག་མ་ནི་སོང་དང་མ་སོང་བགོམ་པས་བསྟན་ཏེ། རེ་ཤིག་བཅིངས་པ་མི་འཆིང་སྟེ་ཞེས་སོགས་འདོན་པ་བསྒྱུར་ནས་དགག་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི། བཅིངས་པ་ཡོད་དེ། ཐར་པ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། རེ་ཞིག་བཅིངས་པ་རང་བཞིན་གྱིས་མི་གྲོལ་མ་བཅིངས་པ་ཡང་གྲོལ་བ་བདེན་
པར་མི་འགྱུར་བའི་ཕྱིར། བཅིངས་པ་གྲོལ་བཞིན་པ་ཡིན་པར་རང་བཞིན་གྱིས་གྲུབ་པར་འགྱུར་རོ་ཞེ་ན། བཅིངས་པ་དང་གྲོལ་བ་དུས་གཅིག་ཏུ་འགྱུར་བར་ཐལ་ལོ། །གསུམ་པ་ནི། ཐར་པ་རང་བཞིན་གྱིས་མེད་ན་ཐར་པ་ཐོབ་པའི་ཕྱིར་དུ་རྩོམ་པ་དོན་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མྱང་འདས་བདེན་གྲུབ་ལ་དམིགས་ནས་ བདག་ནི་ཡང་སྲིད་ལེན་པ་མེད ་པར་མྱ་ངན་ལས་འདའོ་མྱང་འདས་བདག་གིར་འགྱུར་རོ་ཞེས་དེ་ལྟར་གང་དག་འཛིན་པ་དེ་ཉེར་ལེན་འཇིག་ཚོགས་ལ་ལྟ་བའི་འཛིན་པ་ཆེན་པོ་ཡིན་པའི་ཕྱིར། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པའང་ཅི་ཞིག་དོན་དམ་པར་བརྟག་ཏུ་མེད་དེ། གནས་ལུགས་གང་ལ་མྱ་ངན་ལས་འདས་པ་སྐྱེད་དུ་མེད་ཅིང་འཁོར་བ་བསལ་བའང་དོན་དམ་པར་ཡོད་པ་མིན་པའི་ཕྱིར། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།གཉིས་པ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། རྩོད་ལན་ནོ། །དང་པོ་ནི། འཁོར་བ་རང་བཞིན་གྱིས་ཡོད་དེ། ལས་འབྲས་ཀྱི་རྟེན་ཡིན་པའི་ཕྱིར། ལས་འབྲས་དེ་ཡང་གང་ཞེ་ན། འདི་ལ་གཉིས་དགེ་མི་དགེ་རྣམ་བཞག་དང་། རྟག་ཆད་སྤོང་ཚུལ་ལོ། །དང་པོ་ནི། བདག་ཉིད་ལེགས་པར་སྡོམ་པ་དང་གཞན་ལ་ཕན་འདོགས་པ་དང་བྱམས་པའི་སེམས་གང་ཡིན་པ་དེ་ནི་ཆོས་ཅན། ཆོས་ཡིན་ཏེ། ཚེ་འདི་དང་གཞན་དུ་འབྲས་བུ་ཡིད་དུ་འོང་བ་དག་གིས་ས་བོན་ཡིན་པའི་ཕྱིར། དྲང་སྲོང་མཆོག་གིས་ལས་རྣམས་ནི་སེམས་པ་དང་ནི་བསམ་པར་གསུངས་ལ། ལས་དེ་དག་བྱེ་བྲག་ནི་རྣམ་པ་དུ་མར་ཡོངས་སུ་བསྒྲགས་སོ། །དེ་ལ་ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱིར་འདོད་ཅིང་། བསམ་པ་ཞེས་ནི་གང་གསུངས་
པ་དེ་ནི་ལུས་དང་ངག་གིར་འདོད་དོ་དགེ་མི་དགེའི་ངག་དང་ལུས་སྒུལ་བསྐྱོད་དང་དེ་བཞིན་དུ་མི་སྤོང་བའི་རྣམ་པར་རིག་བྱེད་མིན་པ་ཞེས་བྱ་བ་གང་དང་། སྤོང་བའི་རྣམ་པར་རིག་བྱེད་མིན་པ་གཞན་དག་ཀྱང་ནི་ལས་སུ་འདོད་ལ། དེ་བཞིན་དུ་ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཚུལ་དང་། སེམས་པ་དང་ནི་ཆོས་དེ་བདུན་ལས་སུ་མངོན་པར་འདོད་པ་ཡིན་ནོ། །གཉིས་པ་ལ་གཉིས། དོགས་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ལས་དེ་རྣམ་སྨིན་ཕྱུང་བའི་དུས་ཀྱི་བར་དུ་གནས་ན་རྟག་པར་འགྱུར་ལ། གལ་ཏེ་སྐྱེས་མ་ཐག་འགགས་པར་གྱུར་པས་འབྲས་བུ་ཇི་ལྟར་སྐྱེས་པར་འགྱུར་ཏེ། འགག་པ་དངོས་མེད་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། རྒྱུན་ཁས་བླངས་ནས་རྟག་ཆད་སྤོང་བ། ཆུད་མི་ཟ་ཁས་བླངས་ནས་རྟག་ཆད་སྤོང་བའོ། །དང་པོ་ནི། མྱུ་གུ་ལ་སོགས་རྒྱུན་གང་ནི་ས་བོན་ལས་ནི་མངོན་པར་བྱུང་ཞིང་རྒྱུན་དེ་ལས་འབྲས་བུ་འབྱུང་ལ། ས་བོན་ནི་མེད་ན་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་ས་བོན་ལས་རྒྱུན་དང་རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་མིན་རྟག་པ་མ་ཡིན་པ་དེ་བཞིན་དུ། སེམས་ཀྱི་རྒྱུན་ནི་གང་ཡིན་པ་སེམས་ལས་མངོན་པར་འབྱུང་བར་འགྱུར་ལ། རྒྱུན་དེ་ལས་འབྲས་བུ་འབྱུང་ཞིང་སེམས་ལྟ་ཞིག་མེད་ན་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་སེམས་ལས་རྒྱུན་དང་ནི་རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་ལས་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་མིན་རྟག་པ་མ་ཡིན་ནོ། །དེ་ལྟར་ན། དཀར་པོའི་ལས་ཀྱི་ལམ་བཅུ་པོ་ཆོས་སྒྲུབ་པའི་ཐབས་ཡིན་ཏེ། ཆོས་ཀྱི་འབྲས་བུ་འདི་དང་གཞན་དུ་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ལོངས་
སྤྱོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞན་ལན་དགག །རང་ལན་གདབ་པའོ། །དང་པོ་ནི། རྒྱུན་ཁས་ལེན་པའི་བརྟག་པ་དེ་འདིར་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་ས་མྱུག་དང་ཆོས་མཐུན་པའི་སྒོ་ནས་རྟག་ཆད་སྤོང་བའི་བརྟག་པ་དེར་གྱུར་ན་ཉེས་པ་ཆེན་པོ་དང་མང་པོར་འགྱུར་བའི་ཕྱིར་ཏེ། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་དང་དེ་ལས་ནས་ཀྱི་འབྲས་བུ་ཁོ་ན་སྐྱེ་བ་བཞིན་དུ་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ལས་རིགས་མཐུན་ཁོ་ན་སྐྱེ་བ་དང་ལྷ་ནས་ལྷ་ཁོ་ནར་སྐྱེ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། སངས་རྒྱས་རྣམས་དང་རང་རྒྱལ་དང་ཉན་ཐོས་རྣམས་ཀྱིས་གང་གསུངས་པའི་བརྟག་པ་གང་ཞིག་འདིར་འཐད་པ་དེ་ནི་རབ་ཏུ་བརྗོད་པར་བྱ་སྟེ། ལས་བྱེད་པའི་ཚེ་བུ་ལོན་གྱི་དཔང་རྒྱ་ཇི་ལྟ་བ་དེ་བཞིན་དུ་ཆུད་མི་ཟ་སྐྱེ་ལ་ལས་ནི་བུ་ལོན་བཞིན་ནོ། །ཆུད་མི་ཟ་དེ་ནི་ཁམས་གསུམ་དང་ཟག་མེད་ཀྱི་དབྱེ་བ་ལས་རྣམ་པ་བཞི་ཡོད་ལ་དེ་ཡང་རང་བཞིན་ལུང་མ་བསྟན་ཡིན་གྱི་དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལ་ཡང་ཡོད་པའི་ཕྱིར། མི་དགེ་བ་མ་ཡིན་ཏེ་ཆགས་བྲལ་ལའང་ཡོད་པའི་ཕྱིར། གཉིས་པ་ནི། ཆུད་མི་ཟ་དེ་མཐོང་སྤང་སྤོང་བས་སྤོང་བ་མིན་ཏེ། སྒོམ་པས་སྤོང་བ་ཉིད་ཀྱང་ཡིན་ནོ། །ལས་འཇིག་ཀྱང་ཆུད་མི་ཟ་མི་འཇིག་པ་དེའི་ཕྱིར་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་སྐྱེད་པར་འགྱུར་རོ། །གལ་ཏེ་ལས་སྤོང་བས་ཆུད་མི་ཟ་སྤོང་བ་དང་ལས་འཕོ་བ་ཡིས་ཆུད་མི་ཟ་འཇིག་པར་འགྱུར་ན་སྐྱོན་ཅི་ཡིན་ཞེ་ན། དེ་ལ་ལས་འཇིག་པ་སྟེ་བྱས་པ་ཆུད་ཟོས་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་རོ། །ཉིང་མཚམས་སྦྱོར་བའི་ཚེ་ཁམས་མཚུངས་པའི་ལས་
ནི་ཆ་མཚུངས་པ་དང་ཆ་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་དེ་ནི་ཐ་དད་པ་རྣམས་ཞིག་ནས་གཅིག་པུ་ཁོ་ན་སྐྱེ་བར་འགྱུར་ཞིང་མཐོང་བའི་ཆོས་ལ་ཟག་བཅས་ཟག་མེད་རྣམ་པ་གཉིས་པོ་ཀུན་གྱི་ལས་དང་ལས་ཀྱི་མི་ཆུད་མི་ཟ་དེ་ཐ་དད་པ་ནི་སྐྱེ་བར་འགྱུར་ཞིང་འབྲས་བུ་རྣམ་པར་སྨིན་ཀྱང་གནས་པ་ཡིན་ནོ། །ཆུད་མི་ཟ་དེ་ནི་རྒྱུན་ཞུགས་སོགས་འབྲས་བུ་འཕོས་པ་དང་ཤི་བར་གྱུར་ན་འགག་པར་འགྱུར་ལ། དེའི་རྣམ་དབྱེ་ཟག་མེད་དང་ཟག་པ་དང་བཅས་པར་ཤེས་པར་བྱའོ། །གསུམ་པ་ནི། ལས་རྟག་པ་མིན་ཏེ། སྐྱེས་མ་ཐག་འཇིག་པའི་སྟོང་པ་ཉིད་ཡིན་པའི་ཕྱིར། ཆད་པ་མིན་ཏེ། ཆུད་མི་ཟ་བའི་དབང་གིས་འཁོར་བའི་ཕྱིར། ལས་རྣམས་ཆུད་མི་ཟ་བའི་ཆོས་སངས་རྒྱས་ཀྱིས་ནི་བསྟན་པ་ཡིན་པས་འདི་ཁོ་ན་ལྟར་ཁས་བླང་ངོ་ཞེས་ཟེར་ཏོ། །གཉིས་པ་ལ་གསུམ། ལས་རང་བཞིན་གྱིས་མེད་པས་རྟག་ཆད་མེད། ལས་རང་བཞིན་གྱིས་ཡོད་པ་དགག །རང་བཞིན་མེད་ཀྱང་བྱ་བ་བྱེད་པ་དཔེས་བསྟན་པའོ། །དང་པོ་ནི། ལས་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་ཆད་སྤོང་མི་ནུས་ཏེ། རྣམ་པར་སྨིན་པའི་བར་དུ་གནས་ན་རྟག་པ་དང་། མི་གནས་ན་ཆད་པར་འགྱུར་བའི་ཕྱིར། ལས་ནི་ཆོས་ཅན། རང་བཞིན་གྱིས་གནས་པའི་རྟག་པ་དང་། རང་བཞིན་གྱིས་འཇིག་པའི་ཆད་པ་མེད་དེ། གང་གི་ཕྱིར་རང་བཞིན་གྱིས་སྐྱེ་བ་མེད་པ་དེའི་ཕྱིར་ཏེ། འདི་ལྟར་རང་བཞིན་གྱིས་མེད་པ་དེའི་ཕྱིར། དེ་ནི་ཆོས་ཅན། ཆུད་ཟ་བར་མི་འགྱུར་ཏེ། གང་གི་ཕྱིར་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར། གཉིས་པ་ལ་གཉིས། གནོད་བྱེད་བསྟན། སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རྟག་ཅིང་མ་བྱས་པར་ཐལ་བ། རྣམ་སྨིན་ཐུག་མེད་དུ་འབྱིན་པར་ཐལ་བའོ། །དང་པོ་ནི། ལས་ནི་ཆོས་ཅན། རྟག་པར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། གལ་ཏེ་རང་
བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། བྱས་པ་མིན་པར་འགྱུར་བར་ཐལ་ལོ། །ཁྱབ་སྟེ། རྟག་པ་ལ་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་ནི་མ་བྱས་སོ་ཞེ་ན། ལས་མ་བྱས་པ་དང་ཕྲད་པའི་འཇིགས་པར་འགྱུར་བ་དང་། ལུགས་དེ་ལ་ཚངས་སྤྱོད་དག་པའང་ཚངས་སྤྱོད་ལ་གནས་པ་མ་ཡིན་པའི་སྐྱོན་དུ་འགྱུར་བར་ཐལ། ལས་མ་བྱས་པར་ཡོད་པའི་ཕྱིར། བུམ་པ་བྱོས་ཤིག་ཅེས་སོགས་ཀྱི་ཐ་སྙད་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། རྟགས་འདྲ། བསོད་ནམས་དང་ནི་སྡིག་བྱེད་པ་ཡི་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་བར་ཐལ། རྟགས་འདྲ། གཉིས་པ་ནི། ལས་དེའི་རྣམ་སྨིན་སྨིན་པར་གྱུར་པ་ཡང་དང་ཡང་དུ་རྣམ་སྨིན་འབྱིན་པར་འགྱུར་བར་ཐལ། ལས་རང་བཞིན་གྱིས་ཡོད་པའི་ཕྱིར་ཁྱབ་སྟེ། གང་གི་ཕྱིར་གལ་ཏེ་ལས་རང་བཞིན་གྱིས་ཡོད་ན་ནི་རྟག་ཏུ་གནས་པ་དེའི་ཕྱིར་རོ། །གཉིས་པ་ནི། ལས་རང་བཞིན་གྱིས་ཡོད་དེ། ལས་ཀྱི་རྒྱུ་ཉོན་མོངས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། ཉོན་མོངས་དེ་དག་ཆོས་ཅན། ཡང་དག་པར་ཡོད་པ་མིན་ཏེ། ཚུལ་མིན་ཡིད་བྱེད་ལས་བྱུང་བའི་ཕྱིར། ལས་ནི་ཡང་དག་པར་ཇི་ལྟར་ཡོད་པ་ཡིན་ཏེ་མ་ཡིན་པར་ཐལ། གལ་ཏེ་ཉོན་མོངས་ཡང་དག་པར་ཡོད་པ་མིན་པའི་ཕྱིར། ཁྱབ་སྟེ། ལས་འདི་ཉོན་མོངས་པའི་བདག་ཉིད་ལས་བྱུང་བའི་ཕྱིར། ལས་ཉོན་རང་བཞིན་གྱིས་ཡོད་དེ། དེའི་འབྲས་བུ་ལུས་ཡོད་པའི་ཕྱིར་ཞེ་ན། ལུས་ལ་ཇི་ལྟར་རང་བཞིན་གྱིས་ཡོད་པར་རྗོད་མི་རིགས་པར་ཐལ། གལ་ཏེ་ལས་དང་ཉོན་མོངས་པ་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་ཁྱབ་སྟེ། ལས་དང་ཉོན་མོངས་པ་དག་གི་ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན་པའི་ཕྱིར། ལས་རང་བཞིན་གྱིས་ཡོད་དེ། ལས་ཀྱི་
འབྲས་བུ་ཟ་བ་པོ་ཡོད་པའི་ཕྱིར། མ་རིག་པས་བསྒྲིབས་པའི་སྐྱེ་བོ་གང་སྲིད་ལྡན་དེ་ནི་ཟ་བ་པོ་ཡིན་ལ། དེ་ཡང་ལས་བྱེད་པ་པོ་ལས་གཞན་མིན་ཞིང་དེ་ཉིད་ལས་བྱེད་པ་པོ་དེ་ཡང་མ་ཡིན་ནོ། །ཞེ་ན། ལས་བྱེད་པ་པོ་ཡང་རང་བཞིན་གྱིས་མེད་དེ། གང་གི་ཕྱིར་ན་ལས་འདི་ནི་རྐྱེན་ལས་རང་བཞིན་གྱིས་བྱུང་བ་མ་ཡིན་ཞིང་རྐྱེན་མིན་པ་ལས་བྱུང་བ་ཡོད་པ་མིན་པ་དེའི་ཕྱིར། ལས་སྐྱེས་འབྲས་བུ་རང་བཞིན་གྱིས་ག་ལ་ཡོད་དེ། གལ་ཏེ་ལས་དང་བྱེད་པ་པོ་རང་བཞིན་གྱིས་མེད་པའི་ཕྱིར། ཟ་བ་པོ་ལྟ་རང་བཞིན་གྱིས་ག་ལ་ཡོད་དེ། ཅི་སྟེ་འབྲས་བུ་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར། གསུམ་པ་ནི། ལས་འབྲས་རང་བཞིན་གྱིས་མེད་ན། བྱ་བྱེད་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་མེད་དེ། ཇི་ལྟར་སྟོན་པས་སྤྲུལ་པ་ནི་རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་སྤྲུལ་པ་དེ་ཡང་སྤྲུལ་པ་ནི་སླར་ཡང་གཞན་ནི་སྤྲུལ་པ་ལྟར་དེ་བཞིན་དུ་བྱེད་པ་པོ་སྤྲུལ་པའི་རྣམ་པ་བཞིན་དེས་ལས་གང་བྱས་པའང་དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་བཞིན་དུ། ཉོན་མོངས་དང་ལས་དང་ལུས་རྣམས་དང་། བྱེད་པ་པོ་དང་འབྲས་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་འདྲ་བ་ཡིན་པའི་ཕྱིར། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའོ།། །།༢༠༽ རབ་བྱེད་བཅོ་བརྒྱད་པ་བདག་དང་ཆོས་བརྟག་པ། གསུམ་པ་དེ་ཁོ་ན་ཉིད་ལ་འཇུག་ཚུལ་ལ་ལྔ། དངོས་དང་། ལུང་འགལ་སྤང་བ། དེ་ཁོ་ན་ཉིད་ལ་བཀྲི་བའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དོན་དེ་ངེས་པར་གྲུབ་དགོས་པར་བསྟན་པའོ། །དང་པོ་ལ་གཉིས། ལྟ་བ་གཏན་ལ་དབབ་པ། སྒོམ་པས་ཉེས་སྐྱོན་ལྡོག་པའི་རིམ་པའོ། །དང་པོ་ནི། ལས་དང་ཉོན་མོངས་པ་དེ་ཁོ་ན་ཉིད་མ་ཡིན་ན། དེ་ཁོ་ན་ཉིད་གང་། དེ་ལ་འཇུག་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཕྱི་ནང་གི་དངོས་
པོ་ལ་བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་ནི་དེ་ཁོ་ན་ཉིད་ཡིན་ལ་དེ་ལ་འཇུག་ཚུལ་ནི། བདག་རང་བཞིན་གྱིས་ཡོད་ན། བདག་ཕུང་རང་བཞིན་གྱིས་གཅིག་གམ་ཐ་དད། གལ་ཏེ་ཕུང་པོ་དང་བདག་རང་བཞིན་གྱིས་གཅིག་ཡིན་ན། བདག་རང་བཞིན་གྱིས་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་རོ། །གལ་ཏེ་བདག་ཕུང་པོ་རྣམས་ལས་རང་བཞིན་གྱིས་གཞན་ཡིན་ནོ་ཞེ་ན། བདག་ཆོས་ཅན། ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་མེད་པར་འགྱུར་རོ། །བདག་གི་བ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། བདག་ཉིད་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ཉེས་སྐྱོན་ལྡོག་པའི་རིམ་པ། ཐར་པ་ཐོབ་ཚུལ་ལོ། །དང་པོ་ནི། བདག་དང་ བདག་གི་བ་རང་བཞིན་གྱིས་མེད་པར་བསྒོམ་པའི་རྣལ་འབྱོར་པ ་ཆོས་ཅན། ངར་འཛིན་དང་ང་ཡིར་འཛིན་ པ་མེད་པར་འགྱུར་ཏེ། བདག ་དང་བདག་གི་བའི་མཚན་མ་ཞི་བའི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། བདག་ཕུང་རང་བཞིན་གྱིས་ཡོད་པར་ཐལ། ང་དང་ང་ཡི་བར་འཛིན་པ་སྤོང་བའི་རྣལ་འབྱོར་པ་ཡོད་པའི་ཕྱིར་ཞེ་ན། ངར་འཛིན་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་རང་བཞིན་གྱིས་ཡོད་པ་གང་གིས་མཐོང་པས་དེ་ཉིད་མི་མཐོང་སྟེ། ངར་འཛིན་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་གང་དེ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། ནང་དང་ཕྱི་རོལ་ཉིད་དག་ལ་བདག་དང་བདག་གིའོ་སྙམ་པའི་འཇིག་ལྟ་ཟད་ན་ཉེ་བར་ལེན་པ་འགག་པར་འགྱུར་ཞིང་ཉེར་ལེན་དེ་ཟད་པས་ན། ལས་དབང་གིས་སྐྱེ་བ་ཟད་པར་འགྱུར་ཏེ། འཇིག་ལྟ་འཁོར་བའི་རྩ་བ་ཡིན་པའི་ཕྱིར། གཉིས་པ་ནི། ལས་དང་
ཉོན་མོངས་ཟད་པས་ཐར་པར་འགྱུར་ཏེ། དེ་ཟད་ན་སྐྱེ་བ་དང་རྒ་ཤི་ལྡོག་པའི་ཕྱིར། འོ་ན་གང་གིས་ལས་ཉོན་འཛད་ཅེ་ན། སྟོང་ཉིད་བསྒོམས་པས་ལས་ཉོན་ཟད་པར་འགྱུར་ཏེ། ལས་དང་ཉོན་མོངས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་འབྱུང་། བདེན་འཛིན་གྱི་སྤྲོས་པ་ནི་སྟོང་པ་ཉིད་བསྒོམས་པས་འགག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། འཇིག་ལྟ་ཟད་པ་དེ་ཁོ་ན་ཉིད་ཡིན་ན། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལས་འབྲས་ལ་བསྐུར་བ་འདེབས་པའི་གདུལ་བྱ་མི་དགེ་བ་ལས་ལྡོག་པའི་ཕྱིར་དུ་སངས་རྒྱས་རྣམས་ཀྱིས་བདག་གོ་ཞེས་ཀྱང་བཏགས་པར་གྱུར་ཅིང་། ལས་འབྲས་ལ་ཡིད་ཆེས་པའི་གདུལ་བྱ་ཐར་ པ་ལ་གཞུག་པའི་ཕྱིར་དུ་རང་དབང་བའི་བདག་མེད ་ཅེས་ཀྱང་བསྟན་པར་གྱུར། གདུལ་བྱ་མཆོག་ལ་སངས་རྒྱས་རྣམས་ཀྱིས་བདག་དང་ནི་བདག་མེད་འགའ་ཡང་རང་བཞིན་གྱིས་མེད་ཅེས་ཀྱང་བསྟན་པའི་ཕྱིར། སངས་རྒྱས་ཀྱིས་བདག་དང་བདག་མེད་གཉིས་ཀ་རང་བཞིན་མེད་པར་བསྟན་ན། ཅི་ཞིག་ཡོད་པར་བསྟན་ཞེ་ན། དོན་དམ་པར་བརྗོད་པར་བྱ་བ་ལྡོག་པ་སྟེ། དོན་དམ་པར་སེམས་ཀྱི་སྤྱོད་ཡུལ་ལྡོག་པའི་ཕྱིར་ཏེ། དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པའི་ཕྱིར། གསུམ་པ་ནི། དེ་ཁོ་ན་ཉིད་དོན་དམ་པར་བསྟན་མི་ནུས་ཀྱང་ཐ་སྙད་དུ་བསྟན་པའི་རིམ་པར་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བྱ་དགོས་ཏེ། ཐོག་མར་སྣོད་བཅུད་ཐམས་ཅད་ཡང་དག་པར་ཡོད་པ་དང་། དེ་
ནས་ཡང་དག་མིན་པ་གཞན་དུ་འགྱུར་བ་དང་། དེ་ནས་བྱིས་པ་ལ་ལྟོས་ནས་ཡང་དག་དང་འཕགས་པ་ལ་ལྟོས་ནས་ཡང་དག་མ་ཡིན་པ་ཉིད་དང་། དེ་ནས་ཡང་དག་མིན་པ་གཞན་འགྱུར་ཡང་རང་བཞིན་གྱིས་ཡོད་པ་མིན། ཡང་དག་པ་གཞན་འགྱུར་མེད་པ་ཡང་རང་བཞིན་གྱིས་ཡོད་པ་མིན་ཞེས་པ་དེ་ནི་སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་འཚམ་པར་རྗེས་སུ་བསྟན་པའི་ཕྱིར། བཞི་པ་ནི། འོ་ན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་གང་ཞེ་ན། བུམ་པ་བདེན་སྟོང་དེ་ནི་ཆོས་ཅན། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་ཡིན་ཏེ། གཞན་གྱི་ངག་ལས་མངོན་སུམ་དུ་ཤེས་བྱ་མིན་པ་དང་། རང་བཞིན་གྱིས་ཞི་བ་དང་། ངག་གི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དང་། ཁྱོད་མངོན་སུམ་དུ་རྟོགས་པའི་ཚེ་རྣམ་རྟོག་གི་རྒྱུ་བ་མེད་པ་དང་། དོན་ཐ་དད་མིན་པའི་ཆོས་ཉིད་ཡིན་པའི་ཕྱིར། རྒྱུ་རྒྱུན་ཆད་པ་མིན་ཞིང་རྟག་པ་མ་ཡིན་ཏེ། རྒྱུ་གང་ལ་བརྟེན་ཏེ་འབྱུང་བའི་འབྲས་བུ་གང་དེ་ཉིད་ནི་རེ་ཞིག་རྒྱུ་དང་དེ་ཉིད་མིན། རྒྱུ་དེ་ལས་རང་བཞིན་གྱིས་གཞན་པའང་མིན་པ་དེའི་ཕྱིར། ལྔ་པ་ནི། རང་བཞིན་གྱིས་དོན་གཅིག་མ་ཡིན་ཐ་དད་མ་ཡིན་ཆད་པ་མ་ཡིན་རྟག་པ་མ་ཡིན་པའི་དེ་ཁོ་ན་ཉིད་ཆོས་ཅན། འབད་པས་སྒོམ་དགོས་ཏེ། སངས་རྒྱས་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱི་བསྟན་པ་རྒ་ཤི་སེལ་བའི་བདུད་རྩིར་གྱུར་པ་ཡིན་པའི་ཕྱིར། ཆོས་ཅན། ཚེ་འདིར་མྱང་འདས་མ་ཐོབ་ཀྱང་ངེས་པར་སྒོམ་དགོས་ཏེ། ཁྱོད་བསྒོམས་པས་ཚེ་འདིར་མྱང་འདས་མ་ཐོབ་ཀྱང་རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ཞིང་ཉན་ཐོས་རྣམས་ནི་ཟད་པར་གྱུར་ཀྱང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་སློབ་དཔོན་ལ་བརྟེན་པ་ མེད་པ་ལས་རབ་ཏུ་སྐྱེ་བའི་ཕྱིར། བདག ་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ།
རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། །།བཞི་པ་དུས་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དངོས་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། དུས་རང་བཞིན་གྱིས་ཡོད་པའི་སྤྱིར་དགག །རང་གཞན་སྡེ་པའི་འདོད་པ་སོ་སོར་དགག་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་དེ། དུས་གསུམ་གདགས་པའི་གཞི་ཡིན་པའི་ཕྱིར་ཞེ་ན། ད་ལྟར་བ་དང་མ་འོངས་པ་རང་བཞིན་གྱིས་ཡོད་ན། གཉིས་ལས་མི་འདའ་བས། ད་ལྟར་བྱུང་བ་དང་མ་འོངས་པ་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། གལ་ཏེ་ད་ལྟར་བྱུང་བ་དང་མ་འོངས་པ་འདས་པ་ལ་རང་བཞིན་གྱིས་ལྟོས་པར་གྱུར་པའི་ཕྱིར། ད་ལྟར་བྱུང་བ་དང་མ་འོངས་པ་ཇི་ལྟར་འདས་པ་ལ་རང་བཞིན་གྱིས་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་ད་ལྟར་བྱུང་བ་དང་མ་འོངས་པ་འདས་པའི་དུས་དེ་ན་མེད་པར་གྱུར་པའི་ཕྱིར། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་རང་བཞིན་གྱིས་ཡོད་པ་མིན་ཏེ། འདས་པ་ལ་ནི་མ་ལྟོས་པར་དུས་དེ་གཉིས་གྲུབ་པ་ཡོད་པའི་ཕྱིར། རིགས་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་དུས་ལྷག་མ་གཉིས་པོ་སྣོར་བ་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །ཞེས་སྦྱར་ནས་དགག་པར་བྱ་བའི་ཕྱིར། དུས་གསུམ་ལ་དཔྱད་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་མཆོག་དང་ཐ་མ་འབྲིང་ལ་སོགས་པ་དང་། གཅིག་ལ་སོགས་པ་ལའང་ཤེས་པར་བྱའོ། །གཉིས་པ་ནི། གཞན་སྡེ་ན་རེ། དུས་རང་བཞིན་གྱིས་ཡོད་དེ། སྐད་ཅིག་དང་ཐང་ཅིག་ལ་སོགས་པའི་ཚད་དོན་གཞན་དང་ལྡན་པའི་ཕྱིར་ཞེ་ན། དུས་ནི་ཚད་གཞན་གྱིས་འཛིན་པར་མི་བྱེད་དེ། ཐེར་ཟུག་ཏུ་མི་གནས་པའི་ཕྱིར། གང་ཞིག་ཚད་དོན་གཞན་གྱིས་གཟུང་བར་བྱ་བའི་དུས་གནས་པ་ཡོད་པ་མ་ཡིན་ཏེ། དེ་སྣང་རུང་
མ་དམིགས་པའི་ཕྱིར། དེ་འདྲའི་དུས་ཚད་ཀྱིས་ཇི་ལྟར་གདགས་མི་ནུས་པར་ཐལ། ཚད་མས་མ་བཟུང་བའི་ཕྱིར། རང་སྡེ་དངོས་སྨྲ་བ་ན་རེ། དུས་རྟག་པ་མེད་ཀྱང་དངོས་པོ་ལ་བརྟེན་པའི་དུས་རང་བཞིན་གྱིས་ཡོད་དོ་ཞེ་ན། དངོས་པོ་འགའ་ཡང་ཡོད་པ་མིན་ན་དུས་ད་ལྟ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་དུས་ནི་དངོས་པོ་ལ་བརྟེན་ཏེ་འཇོག་པས་དངོས་མེད་དེ་དངོས་པོ་ལས་ངོ་བོ་ཐ་དད་པའི་དུས་ནི་ག་ལ་ཡོད་དེ་མེད་པའི་ཕྱིར། དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །།གཉིས་པ་དུས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། འབྲས་བུའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་དགག །འབྲས་བུ་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་པའོ། །དང་པོ་ལ་གསུམ། རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ་དགག །རྒྱུ་ཉིད་ལས་སྐྱེ་བ་དགག །རྒྱུ་རྐྱེན་ཚོགས་པ་ལས་སླར་ཡང་སྐྱེ་བ་དགག་པའོ། །དང་པོ་ལ་གསུམ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག །ཚོགས་པ་དུས་མཉམ་ལས་སྐྱེ་བ་འགག །ཚོགས་པ་ཕྱི་མ་ལ་སྐྱེ་བ་འགག་པའོ། །དང་པོ་ནི། དུས་རང་བཞིན་གྱིས་ཡོད་དེ། འབྲས་བུའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་ཞེ་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་ཡོད་ན་ནི། འབྲས་བུ་ཆོས་ཅན། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ཉིད་ལས་སྐྱེ་བ་མ་ཡིན་པར་ཐལ། དེ་ལ་ཡོད་པའི་ཕྱིར། འབྲས་བུ་ཆོས་ཅན། ཇི་ལྟར་ཚོགས་པ་ཉིད་ལས་རང་བཞིན་གྱིས་སྐྱེ་བ་མ་ཡིན་པར་ཐལ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར་ཞིང་རྒྱུ་རྐྱེན་ཚོགས་པ་ལ་མེད་པའི་ཕྱིར། འབྲས་བུ་ཆོས་ཅན། རྒྱུ་རྐྱེན་ཚོགས་པ་ལ་
མེད་དེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་ཡོད་ན་ནི་ཚོགས་པ་ལ་གཟུང་དུ་ཡོད་པར་རིགས་ན་ཚོགས་པ་ཉིད་ལ་གཟུང་དུ་མེད་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་མེད་ན་ནི། ཆོས་ཅན། རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་རྒྱུ་རྐྱེན་མ་ཡིན་པར་མཚུངས་པར་འགྱུར་བར་ཐལ། རྒྱུ་རྐྱེན་ལ་མེད་པར་རང་བཞིན་གྱིས་གྲུབ་པའི་ཕྱིར། གལ་ཏེ་ཚོགས་པས་དངོས་རྒྱུ་སྐྱེད་ལ་དངོས་རྒྱུས་ནི་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རོ་ཞེ་ན། གང་བྱིན་པ་དང་གང་འགགས་པའི་རྒྱུའི་བདག་ཉིད་གཉིས་སུ་འགྱུར་བར་ཐལ་ལོ། །གལ་ཏེ་རྒྱུ་ནི་འབྲས་བུ་ལ་རྒྱུ་མ་བྱིན་པར་འགག་པར་འགྱུར་ན། འབྲས་བུ་མྱུ་གུ་དེ་དག་ཆོས་ཅན། རྒྱུ་མེད་དུ་འགྱུར་བར་ཐལ། རང་གི་དངོས་རྒྱུ་འགགས་ནས་ནི། སྐྱེས་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུ་རྐྱེན་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་ན། སྐྱེད་པར་བྱེད་པ་དང་བསྐྱེད་བྱ་གང་དུས་གཅིག་པར་ནི་འགྱུར་བར་ཐལ་ལོ། །གསུམ་པ་ནི། གལ་ཏེ་བྱེ་བྲག་ཏུ་སྨྲ་བ་ན་རེ། རྒྱུ་རྐྱེན་ཚོགས་པའི་སྔ་རོལ་དུ་འབྲས་བུ་བསྐྱེད་པར་འགྱུར་རོ། །ཞེ་ན་ནི། འབྲས་བུ་ཆོས་ཅན། རྒྱུ་མེད་དུ་འབྱུར་བར་ཐལ། རང་གི་རྒྱུ་དང་རྐྱེན་རྣམས་མེད་པའི་སྔར་སྐྱེས་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་འབྲས་ངོ་བོ་གཅིག་པ་དགག །ངོ་བོ་ཐ་དད་པ་དགག་པའོ། །དང་པོ་ནི། འབྲས་བུ་ནི་རྒྱུ་ཁོ་ནས་སྐྱེད་ཀྱི་རྒྱུ་རྐྱེན་ཚོགས་པས་མ་ཡིན་ལ། འབྲས་བུ་ལ་རྒྱུ་བྱིན་མ་བྱིན་གྱི་ཉེས་པར་ཡང་མི་འགྱུར་ཏེ། གལ་ཏེ་རྒྱུ་འགགས་ནས་འབྲས་བུའི་བདག་ཉིད་དུ་གནས་པའི་ཕྱིར་ཞེ་ན། རྒྱུ་ནི་ཀུན་ཏུ་འཕོ་བ་ཙམ་དུ་འགྱུར་ལ། སྔོན་སྐྱེས་པའི་རྒྱུ་ཡང་ནི་ཡང་སྐྱེ་བར་འགྱུར་བར་ཐལ་ལོ། །གཉིས་
པ་ལ་གཉིས། རྒྱུས་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་དགག །རྒྱུ་ཉིད་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན། འབྲས་བུའི་སྔ་རོལ་དུ་འགག་པའམ་འགགས་པས་སྐྱེད། འབྲས་བུའང་སྐྱེས་པའམ་མ་སྐྱེས་པ་སྐྱེད། དང་པོ་ལྟར་ན། རྒྱུ་འགགས་པ་ནུབ་པར་གྱུར་པ་ཡིས་འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་དེ་མི་སྐྱེད་པར་ཐལ། རྒྱུ་འགགས་པ་ནི་རྒྱུ་དེ་མེད་པ་ཡིན་པའི་ཕྱིར་དང་། སྐྱེས་ཟིན་སླར་སྐྱེ་མི་དགོས་པའི་ཕྱིར། གཉིས་པ་ལྟར་ན། འབྲས་བུ་དང་ནི་འབྲེལ་བའི་རྒྱུ་ད་ལྟར་གནས་པས་ཀྱང་ནི་ཇི་ལྟར་འབྲས་བུ་རང་བཞིན་གྱིས་སྐྱེད་དེ་མི་སྐྱེད་པར་ཐལ། རྒྱུ་མི་འགྱུར་བར་འབྲས་བུ་མི་སྐྱེ་བའི་ཕྱིར། ཅི་སྟེ་རྒྱུ་དུས་ན་འབྲས་བུ་དང་མ་འབྲེལ་བ་སྐྱེད་དོ་ཞེ་ན། རྒྱུས་འབྲས་བུ་གང་ཞིག་རང་བཞིན་གྱིས་སྐྱེད་པར་བྱེད་མི་རིགས་པར་ཐལ། རྒྱུ་དུས་ན་འབྲས་བུ་མེད་པའི་ཕྱིར། རྒྱུས་འབྲས་བུ་རང་བཞིན་གྱིས་མི་བསྐྱེད་དེ། རྒྱུས་ནི་མཐོང་བ་དང་མི་མཐོང་བར་འབྲས་བུ་རང་བཞིན་གྱིས་སྐྱེད་པར་མི་བྱེད་པའི་ཕྱིར། རྒྱུས་ནི་ཇི་ལྟར་འབྲས་བུ་རང་བཞིན་གྱིས་མི་སྐྱེད་པར་ཐལ། རྒྱུ་འབྲས་ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། འབྲས་བུ་འདས་པ་རྒྱུ་འདས་པ་དང་མ་སྐྱེས་པ་དང་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང་། འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས་པ་དང་། འདས་པ་དག་ནི་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང་། འབྲས་བུ་མ་སྐྱེས་པ་རྒྱུ་སྐྱེས་པ་དང་མ་སྐྱེས་པ་དང་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་རང་བཞིན་གྱིས་ཕྲད་པ་ཡོད་པ་
ཡིན་ནོ་ཞེ་ན་ཡང་། རྒྱུས་ནི་ཇི་ལྟར་འབྲས་བུ་མི་སྐྱེད་པར་ཐལ་ལོ། །གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་ཇི་ལྟར་འབྲས་བུ་སྐྱེད་པར་བྱེད་མི་རིགས་པར་ཐལ། འབྲས་བུ་དང་བྲལ་བའི་ཕྱིར། གལ་ཏེ་འབྲས་བུས་མི་སྟོང་པའི་རྒྱུས་ཇི་ལྟར་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་མི་རིགས་པར་ཐལ། སླར་ཡང་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར། འབྲས་བུ་ཆོས་ཅན། སྐྱེ་བ་དང་འགག་པར་མི་འགྱུར་བར་ཐལ། རང་བཞིན་གྱིས་མི་སྟོང་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་མི་སྟོང་པར་དེ་ནི་མ་འགགས་དང་མ་སྐྱེས་པར་ཡང་འགྱུར་བ་ཡིན་པའི་ཕྱིར། ཆོས་ཅན། རང་བཞིན་གྱིས་ཇི་ལྟར་སྐྱེ་བར་འགྱུར་ཞིང་ཇི་ལྟར་འགག་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། ཁྱབ་སྟེ། སྟོང་པ་དེ་ཡང་རང་བཞིན་གྱིས་མ་འགགས་པ་དང་མ་སྐྱེས་པར་ནི་ཐལ་བར་འགྱུར་བའི་ཕྱིར། རྒྱུ་དང་འབྲས་བུ་གཅིག་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་གཅིག་ཉིད་ན་བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར་བའི་ཕྱིར། རྒྱུ་དང་འབྲས་བུ་རང་བཞིན་གྱིས་གཞན་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་རང་བཞིན་གྱིས་གཞན་ཉིད་ན་རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར་བའི་ཕྱིར། རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། རྒྱུས་ནི་ཅི་ཞིག་རང་བཞིན་གྱིས་སྐྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འབྲས་བུ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། གཉིས་པ་ནི། རྒྱུ་ཉིད་རང་བཞིན་གྱིས་འཐད་པར་མི་འགྱུར་ཏེ། སྐྱེད་པར་བྱེད་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། འབྲས་བུ་རྒྱུ་གང་གི་ཡིན་པར་འགྱུར་བ་རང་བཞིན་གྱིས་མེད་པར་ཐལ། རྒྱུ་ཉིད་རང་བཞིན་གྱིས་
འཐད་པར་ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། རྒྱུ་རྣམས་དང་ནི་རྐྱེན་དག་གི་ཚོགས་པ་གང་ཡིན་དེ་ཡིས་ནི་ཆོས་ཅན། འབྲས་བུ་ཇི་ལྟར་རང་བཞིན་གྱིས་སྐྱེད་པར་བྱེད་མི་རིགས་པར་ཐལ། བདག་གིས་བདག་ཉིད་མི་སྐྱེད་པའི་ཕྱིར། འདོད་ན། རྒྱུ་རྐྱེན་ཚོགས་པས་འབྲས་བུ་རང་བཞིན་གྱིས་བྱས་པ་མེད་པར་ཐལ། དེའི་ཕྱིར། རྒྱུ་རྐྱེན་ཚོགས་པས་བྱས་པའི་འབྲས་བུ་རང་བཞིན་གྱིས་མེད་ཀྱང་རྒྱུ་རྐྱེན་མ་ཚོགས་པས་བྱས་པའི་འབྲས་བུ་ཡོད་དོ་ཞེ་ན། རྒྱུ་རྐྱེན་ཚོགས་པས་བྱས་པའི་འབྲས་བུ་རང་བཞིན་གྱིས་མེད་པའི་ཕྱིར། འབྲས་བུ་རང་བཞིན་གྱིས་མེད་ཀྱང་རྒྱུ་རྐྱེན་ཚོགས་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། རྐྱེན་གྱི་ཚོགས་པ་རང་བཞིན་ག་ལ་ཡོད་དེ་མེད་པར་ཐལ། འབྲས་བུ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།གཉིས་པ་དུས་འབྲས་བུ་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་པ་ལ་གཉིས། སྐྱེ་འཇིག་རང་བཞིན་གྱིས་ཡོད་པ་དགག །སྐྱེ་འཇིག་རང་བཞིན་གྱིས་འདོད་ན་རྟག་ཆད་ཀྱི་སྐྱོན་བསྟན་པའོ། །དང་པོ་ལ་གཉིས། བསྒྲུབ་བྱ་དགག །སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། ལྷན་ཅིག་ཡིན་མིན་བརྟགས་ནས་དགག །རྟེན་གང་ལ་ཡོད་བརྟགས་ནས་དགག །གཅིག་དང་ཐ་དད་བརྟགས་ནས་དགག་པའོ། །དང་པོ་ནི། དུས་རང་བཞིན་གྱིས་ཡོད་དེ། འབྲས་བུ་འབྱུང་འཇིག་གི་རྒྱུ་ཡིན་པའི་ཕྱིར་ཞེ་ན། འཇིག་པ་འབྱུང་བ་མེད་པར་རམ་ལྷན་ཅིག་ཏུ་རང་བཞིན་གྱིས་ཡོད་པ་ཉིད་ནི་མ་ཡིན། འབྱུང་བ་འཇིག་པ་མེད་པར་རམ་ལྷན་ཅིག་ཏུ་
རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འོག་གི་རིགས་པས་གནོད་པའི་ཕྱིར་རོ། །ཇི་ལྟར་གནོད་ན། འཇིག་པ་འབྱུང་བ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་འཇིག་པའི་འབྱུང་བ་མེད་པར་མེད་དེ། སྐྱེ་བ་མེད་པར་འཆི་བར་འབྱུང་བ་མི་རུང་བའི་ཕྱིར། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། འཆི་བ་སྐྱེ་དང་དུས་གཅིག་ཏུ་རང་བཞིན་གྱིས་ཡོད་པ་ཉིད་ནི་མ་ཡིན་པའི་ཕྱིར། འབྱུང་བ་འཇིག་པ་མེད་པར་ནི་ཇི་ལྟ་བུར་ནི་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོ་རྣམས་ལ་མི་རྟག་ཉིད་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར། འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟ་བུར་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། སྐྱེ་བ་འཆི་བ་དང་དུས་གཅིག་ཏུ་རང་བཞིན་གྱིས་ཡོད་པ་ཉིད་ནི་མ་ཡིན་པའི་ཕྱིར། འབྱུང་འཇིག་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ་མེད་པར་ཐལ། ཁྱོད་གང་དག་ཕན་ཚུན་རང་བཞིན་གྱིས་ལྷན་ཅིག་གམ་ཕན་ཚུན་ལྷན་ཅིག་མ་ཡིན་པར་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཟད་པ་ལ་འབྱུང་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཟད་སྐྱེ་གཉིས་དུས་གཅིག་ཏུ་མེད་པའི་ཕྱིར། མ་ཟད་པ་ལའང་འབྱུང་བ་རང་བཞིན་གྱིས་མེད་དེ། མ་ཟད་པ་རང་བཞིན་གྱིས་ཡོད་ན་དངོས་པོའི་མཚན་ཉིད་དང་བྲལ་བའི་ཕྱིར། ཟད་པ་ལ་འཇིག་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དེ་ལ་འཇིག་པ་རང་བཞིན་གྱིས་མི་ལྡན་པའི་ཕྱིར། མ་ཟད་པ་ལའང་འཇིག་པ་རང་བཞིན་གྱིས་མེད་དེ། མ་ཟད་པ་རང་བཞིན་གྱིས་ཡོད་ན་འཇིག་པ་དང་བྲལ་བའི་ཕྱིར། འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། དངོས་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དངོས་པོ་
དང་འབྱུང་འཇིག་རང་བཞིན་གྱིས་མེད་དེ། དངོས་པོ་ཡོད་པ་མ་ཡིན་པར་འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན། འབྱུང་བ་དང་འཇིག་པ་མེད་པར་ནི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། ཆོས་འདྲ། སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་རང་བཞིན་གྱིས་འཐད་པ་ཉིད་ནི་མ་ཡིན། རང་བཞིན་གྱིས་མི་སྟོང་པ་ལ་འབྱུང་འཇིག་དག་འཐད་པ་ཉིད་ནི་མ་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་འདྲ། འབྱུང་བ་དང་ནི་འཇིག་པ་དག་གཅིག་པ་ཉིད་ནི་མི་འཐད། འབྱུང་བ་དང་ནི་འཇིག་པ་དག་རང་བཞིན་གྱིས་གཞན་ཉིད་དུའང་མི་འཐད་པའི་ཕྱིར། གཉིས་པ་ལ་གཉིས། མཐོང་བ་སྒྲུབ་བྱེད་མ་ཡིན་པ་དང་། དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། འབྱུང་བ་དང་ནི་འཇིག་པ་བདག་མཐོང་བའི་ཕྱིར་སྙམ་དུ་ཁྱོད་སེམས་ན། ཁྱབ་པ་མ་ངེས་ཏེ། འབྱུང་བ་དང་ནི་འཇིག་པ་དག་གཏི་མུག་ཉིད་ཀྱིས་བསླད་ནས་བདེན་པར་མཐོང་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། འབྱུང་འཇིག་རང་དང་རིགས་མཐུན་མི་མཐུན་ལས་སྐྱེ་བ་དགག །དངོས་པོ་རང་དང་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི། འབྱུང་འཇིག་བདེན་པར་སྣང་བ་གཏི་མུག་གིས་བསླད་པར་ཅིས་གྲུབ་ཅེ་ན། རིགས་པས་གྲུབ་སྟེ། འབྱུང་འཇིག་རང་བཞིན་གྱིས་མེད་པར་ཐལ། དངོས་པོ་དངོས་པོ་ལས་མི་སྐྱེ། དངོས་པོ་དངོས་མེད་ལས་མི་སྐྱེ། དངོས་མེད་དངོས་མེད་ལས་མི་སྐྱེ། དངོས་མེད་དངོས་པོ་ལས་མི་སྐྱེ་བའི་ཕྱིར། གཉིས་པ་ནི། དངོས་པོ་ཆོས་ཅན། ཇི་ལྟར་རང་བཞིན་གྱིས་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། བདག་ལས་མི་སྐྱེ་གཞན་ལས་སྐྱེ་བ་ཉིད་མ་ཡིན། བདག་དང་གཞན་གཉིས་ཀ་ལས་སྐྱེ་བ་ནི་ཡོད་པ་མིན་པའི་ཕྱིར། གཉིས་པ་ནི། དངོས་པོ་རང་བཞིན་
གྱིས་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཏེ། རང་བཞིན་གྱིས་ཡོད་པའི་དངོས་པོ་དེ་རྟག་པར་བལྟས་ན་རྟག་ལྟ་དང་། མི་རྟག་པར་བལྟས་ན་ཆད་ལྟར་འབྱུང་བའི་ཕྱིར། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ཀྱང་ཆད་པར་མི་འགྱུར་རྟག་པར་མི་འགྱུར་ཏེ། འབྲས་བུ་རྒྱུའི་འབྱུང་འཇིག་གི་རྒྱུན་དེ་སྲིད་པ་ཡིན་པའི་ཕྱིར་རོ། །ཞེ་ན། འབྲས་བུ་རྒྱུའི་འབྱུང་འཇིག་གི་རྒྱུན་དེ་སྲིད་པ་ཡིན་པར་འགྱུར་ན། རྒྱུ་རྒྱུན་ནི་ཆད་པར་འགྱུར་བར་ཐལ། རྒྱུ་འཇིག་པ་སྟེ་ཞིག་པ་སླར་ཡང་སྐྱེ་བ་མེད་པའི་ཕྱིར། དངོས་པོ་ཆོས་ཅན། ཕྱིས་དངོས་མེད་དུ་འགྱུར་བ་མི་རིགས་པར་ཐལ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དུས་ན་ཆད་པར་ཐལ། དེའི་དུས་ན་སྲིད་པ་ཕུང་པོའི་རྒྱུན་རབ་ཏུ་ཞི་བའི་ཕྱིར། རྟགས་ཁྱབ་ཁས་སོ། །སྲིད་རྒྱུན་རང་བཞིན་གྱིས་མེད་དེ། སྲིད་པ་ཐ་མ་འགགས་པར་གྱུར་པ་ན་སྲིད་པ་དང་པོ་སྐྱེ་བ་རིགས་པར་མི་འགྱུར་བའི་ཕྱིར་དང་། སྲིད་པ་ཐ་མ་འགགས་པར་མ་གྱུར་པའི་ཚེ་སྲིད་པ་དང་པོ་སྐྱེ་བ་རིགས་པར་མི་འགྱུར་བའི་ཕྱིར། གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་ན། སྲིད་པ་དང་པོ་རང་བཞིན་གྱིས་སྐྱེ་བར་འགྱུར་རོ་ཞེ་ན། སེམས་ཅན་གཅིག་ལ་སྲིད་པ་མི་མཐུན་པ་གཉིས་ཀ་ཅིག་ཅར་ཡོད་པར་ཐལ། འགག་བཞིན་པ་མིའི་སྲིད་པ་ནི་གཅིག་ཏུ་འགྱུར་ཞིང་སྐྱེ་བཞིན་པ་ལྷའི་སྲིད་པ་ཡང་གཞན་དུ་འགྱུར་ལ། རང་བཞིན་གྱིས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པའི་ཕྱིར། ཕུང་པོ་གང་ལ་གནས་ནས་འཆི་བར་འགྱུར་བ་དེ་ལ་རང་བཞིན་གྱིས་སྐྱེ་བ་དང་འབྱུང་བར་འགྱུར་རམ་མི་འགྱུར་བར་ཐལ། གལ་ཏེ་འགག་བཞིན་སྐྱེ་བཞིན་དག་ལྷན་ཅིག་ཏུ་རིགས་པ་མིན་པའི་ཕྱིར། སྲིད་རྒྱུན་རང་བཞིན་གྱིས་མེད་དེ། དེ་ལྟར་དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་ནི་རང་
བཞིན་གྱིས་མི་རིགས་པའི་ཕྱིར། ཁྱབ་སྟེ། དུས་གསུམ་དག་ཏུ་གང་མེད་པ་དེ་ནི་ཇི་ལྟར་སྲིད་པའི་རྒྱུན་དུ་མི་རིགས་པའི་ཕྱིར། འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །།ལྔ་པ་སྲིད་རྒྱུན་རང་བཞིན་གྱིས་སྟོང་པ་ལ་གཉིས། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པར་དགག །ཉོན་མོངས་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་བཞི། དངོས་དང་། དེ་ལ་ལོག་རྟོག་གཞན་གྱི་གནས་མེད་པ། ལོག་པར་བཟུང་བའི་ཉེས་དམིགས། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གསུམ། ལེན་པ་པོ་རང་བཞིན་གྱིས་ཡོད་པ་དགག །བླང་བྱ་རང་བཞིན་གྱིས་ཡོད་པ་དགག །མཇུག་བསྡུ་བའོ། །དང་པོ་ལ་གཉིས། དེ་བཞིན་གཤེགས་པ་རྫས་ཡོད་དགག །ཕུང་པོ་ལ་བརྟེན་པ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། སྲིན་རྒྱུན་རང་བཞིན་གྱིས་ཡོད་དེ། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཞིག་ཆོས་ཅན། རང་བཞིན་གྱིས་མེད་དེ། ཕུང་པོ་དང་གཅིག་མིན་ཕུང་པོ་ལས་རང་བཞིན་གྱིས་གཞན་མིན་ཁྱོད་ལ་ཕུང་པོ་དང་ཕུང་པོ་དེར་ཁྱོད་རང་བཞིན་གྱིས་བརྟེན་པ་མེད་ཕུང་པོ་དང་རང་བཞིན་གྱིས་ལྡན་པ་མིན་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། ལེན་པ་པོ་དང་བླང་བྱར་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། གལ་ཏེ་མང་བཀུར་བ་ན་རེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་སངས་རྒྱས་ཕུང་པོ་ལ་བརྟེན་ནས་འདོགས་སོ་ཞེ་ན། ཆོས་ཅན། རང་བཞིན་ཉིད་ལས་ཡོད་པ་མིན་པར་ཐལ། རྟེན་ནས་བཏགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞན་དངོས་ལས་ག་ལ་ཡོད་དེ་
མེད་པར་ཐལ། རང་བཞིན་ལས་ནི་གང་མེད་པའི་ཕྱིར། རང་དངོས་ལས་མེད་ཀྱང་གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་ཡོད་དོ་ཞེ་ན། དེ་བཞིན་གཤེགས་པ་ཆོས་ཅན། བདག་ཉིད་ཀྱི་རང་བཞིན་དུ་མི་འཐད་པར་ཐལ། གཞན་ལ་བརྟེན་ནས་བཞག་པའི་ཕྱིར། འདོད་ན། ཇི་ལྟར་བདེན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གང་ཞིག་བདག་ཉིད་ཀྱིས་མེད་པའི་ཕྱིར། ཆོས་ཅན། ཕུང་པོ་ལས་གཞན་དངོས་སུ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར། དེ་བཞིན་གཤེགས་པ་གང་དེ་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་བཞིན་དང་ནི་གཞན་དངོས་དག་མ་གཏོགས་པ་མེད་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པ་དང་ཕུང་པོ་ལེན་པ་པོ་དང་བླང་བྱར་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་མེད་པར་ཐལ། གལ་ཏེ་ཕུང་པོ་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡོད་ན་དེ་ནི་ད་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་བརྟེན་ནས་དེ་ནས་ཕུང་པོ་ལེན་པ་པོར་འགྱུར་ལ་རག་ན། ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡང་མེད་པའི་ཕྱིར། དེ་བཞིན་གཤེགས་པ་དེས་ནི་ཆོས་ཅན། ཇི་ལྟར་ཕུང་པོ་རང་བཞིན་གྱིས་ཉེར་ལེན་འགྱུར་ཏེ་མི་འགྱུར་བར་ཐལ། གང་ཞིག་ཕུང་པོ་ལ་མི་བརྟེན་པ་ཡོད་པ་མིན་པའི་ཕྱིར། ཆོས་ཅན། ཕུང་པོ་དེ་ཉེ་བར་ལེན་པར་ཅིས་ཀྱང་མི་འགྱུར་བར་ཐལ། ཕུང་པོ་ཉེ་བར་བླངས་པ་མ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཅི་ཡང་རང་བཞིན་གྱིས་མེད་དེ། ཉེ་བར་ལེན་པ་རང་བཞིན་གྱིས་མེད་པའི་ཕྱིར། དེ་བཞིན་གཤེགས་པ་དེ་ཆོས་ཅན། ཉེ་བར་ལེན་པས་ཇི་ལྟར་རང་བཞིན་གྱིས་གདགས་སུ་མི་རུང་བར་ཐལ། རྣམ་པ་ལྔས་ནི་བཙལ་བར་བྱས་ན་གང་ཞིག་དེ་ཉིད་དང་གཞན་
ཉིད་དུ་མེད་པའི་ཕྱིར། གཉིས་པ་ནི། གང་ཞིག་ཉེ་བར་བླངས་པ་ཕུང་པོ་དེ་ནི་ཆོས་ཅན། རང་བཞིན་ལས་ཡོད་པ་མིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། དེ་ཆོས་ཅན། གཞན་དངོས་ལས་དོན་དམ་པར་ཡོད་རེ་སྐན་ཏེ་མེད་པར་ཐལ། བདག་གི་དངོས་པོ་ལས་གང་མེད་པའི་ཕྱིར། གསུམ་པ ་ནི། ཕུང་པོ་སྟོང་པས་དེ་བཞིན་གཤེགས་པ་སྟོང་པ་ཇི་ལྟ་བུར་ནི་དོན་དམ་པར་འདོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ལྟར་ཉེ་བར་བླང་བྱ་དང་། ཉེ་བར་ལེན་པ་པོ་རྣམས་ཀུན་གྱིས་དོན་དམ་པར་སྟོང་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་ན་སྐུར་འདེབས་སུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་བཞིན་གཤེགས་པ་ཐ་སྙད་དུ་ཡོད་པས་སྟོང་ངོ་ཞེས་ཀྱང་མི་རྗོད། དོན་དམ་པར་མི་སྟོང་ཞེས་ཀྱང་མི་བྱ་ཞིང་ཡོད་མེད་གཉིས་ཀ་དང་གཉིས་ཀ་མིན་ཞེས་མི་བྱ་བར་གདགས་པའི་དོན་དུ་བརྗོད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་འདི་ལ་ཆོས་ཅན། རྟག་དང་མི་རྟག་ལ་སོགས་བཞི་དོན་དམ་པར་ག་ལ་ཡོད་དེ་མེད་པར་ཐལ། རང་བཞིན་གྱིས་ཞི་བའི་ཕྱིར། འདི་ལ་ཆོས་ཅན། མཐའ་དང་མཐའ་མེད་ལ་སོགས་བཞི་ག་ལ་ཡོད་དེ་མེད་པར་ཐལ། རང་བཞིན་གྱིས་ཞི་བའི་ཕྱིར། དངོས་སྨྲ་བ་དེ་ནི་ཆོས་ཅན། མྱ་ངན་ལས་འདས་པ་ལ་དེ་བཞིན་གཤེགས་པ་ཡོད་ཅེས་སམ་མེད་ཅེས་རྣམ་རྟོག་རྟོག་པར་བྱེད་དེ། ཁྱོད་གང་གི་བདེན་པར་འཛིན་པར་སྟུག་པོས་བཟུང་བར་གྱུར་པའི་ཕྱིར། སངས་རྒྱས་ཆོས་ཅན། མྱ་ངན་ལས་འདས་ནས་ནི་ཡོད་དོ་ཞེའམ་མེད་དོ་ཞེས་བསམ་པ་ལྟར་འཐད་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གྱིས་ནི་སྟོང་པའི་ཕྱིར། གསུམ་པ་ནི། གང་དག་དངོས་སྨྲ་བ་དེ་ཀུན་གྱི་ཆོས་ཅན། དེ་བཞིན་གཤེགས་
པའི་ཆོས་ཉིད་མཐོང་བར་མི་འགྱུར་ཏེ། སངས་རྒྱས་སྤྲོས་པ་འདས་ཤིང་རང་བཞིན་གྱིས་ཟད་པ་མེད་པ་སྤྲོས་པར་བྱེད་པའི་སྤྲོས་པས་བློ་མིག་ཉམས་པའི་ཕྱིར། བཞི་པ་ནི། དེ་བཞིན་གཤེགས་པར་རང་བཞིན་མེད་པ་ལྟར་འགྲོ་བ་འདི་ལ་རང་བཞིན་མེད་དེ། དེ་བཞིན་གཤེགས་པའི་རང་བཞིན་སྟོང་ཉིད་གང་དེ་ནི་འགྲོ་བ་འདིའི་རང་བཞིན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། །།གཉིས་པ་ཉོན་མོངས་རང་བཞིན་གྱིས་ཡོད་པ་དགག་པ་ལ་གཉིས། དངོས་དང་། དེ་སྤོང་བའི་ཐབས་དགག་པའོ། །དང་པོ་ལ་ལྔ། རྟེན་འབྲེལ་གྱི་རྟགས་ཀྱིས་དགག །རྟེན། རྒྱུ། དམིགས་པ་རང་བཞིན་མེད་པར་རྟགས་ཀྱིས་དགག །རྒྱུ་རང་བཞིན་མེད་པའི་རྟགས་གཞན་གྱིས་དགག་པའོ། །དང་པོ་ནི། སྲིད་རྒྱུན་རང་བཞིན་གྱིས་ཡོད་དེ། རྒྱུ་ཉོན་མོངས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། ཉོན་མོངས་ཡང་དག་པར་མེད་དེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་ཤིང་སྡུག་དང་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་བའི་ཕྱིར། ཁྱབ་སྟེ། གང་དག་སྡུག་དང་མི་སྡུག་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་དེ་དག་རང་བཞིན་ལས་མེད་པའི་ཕྱིར། གཉིས་པ་ནི། ཉོན་མོངས་རྣམས་ཀྱི་ཡོད་ཉིད་མེད་ཉིད་ནི་ཇི་ལྟ་བུར་རང་བཞིན་གྱིས་མི་འགྲུབ་པར་ཐལ། བདག་གི་ཡོད་ཉིད་མེད་ཉིད་ནི་ཇི་ལྟ་བུར་ཡང་རང་བཞིན་གྱིས་གྲུབ་པ ་མེད་པའི་ཕྱིར། ཁྱབ་སྟེ། ཉོན་མོངས་འདི་དག་གང་གི་ཡིན་པའི་རྟེན་དེ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་ཞིང་རྟེན་འགལ་མེད་པར་ནི་གང་གི་ཡང་ཉོན་མོངས་པ་དག་ཡོད་ པ་མ་ཡིན་པའི་ཕྱིར། ཉོན་མོངས་ལ་བརྟེན་བདག་མེད ་ཀྱང་སེམས་
རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་མི་འཐད་པར་ཐལ། རང་ལུས་ལ་ལྟ་བའི་འཇིག་ལྟའི་ཡུལ་ བདག་དེ་དཔྱད་ན་མེད་པ ་བཞིན་དུ་ཉོན་མོངས་རྣམས་ཉོན་མོངས་ཅན་གྱི་སེམས་ལ་རྣམ་ པ་ལྔར་དཔྱད་ན་མེད་ཅིང་རང་ལུས་ལ་ལྟ་བའི་འཇིག་ལྟའི་ཡུལ་བདག ་བཞིན་དུ་ཉོན་མོངས་ཅན་དེ་ཉོན་མོངས་པ་ལ་རྣམ་པ་ལྔར་དཔྱད་ན་མེད་པའི་ཕྱིར། གསུམ་པ་ནི། སྡུག་མི་སྡུག་དང་ཕྱིན་ཅི་ལོག་ལ་བརྟེན་ནས་ཉོན་མོངས་གང་དག་དོན་དམ་པར་ཡོད་པ་མ་ཡིན་པར་ཐལ། སྡུག་མི་སྡུག་དང་ཕྱིན་ཅི་ལོག་རང་བཞིན་ལས་ནི་ཡོད་པ་མིན་པའི་ཕྱིར། བཞི་པ་ནི། ཉོན་མོངས་རང་བཞིན་གྱིས་ཡོད་དེ། དེའི་དམིགས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་དྲི་དང་ཆོས་དག་རྣམ་པ་དྲུག་ནི་ཆོས་ཅན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གཞི་ཡིན་པར་བརྟགས་ཏེ། སྡུག་མི་སྡུག་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་དུག་གསུམ་སྐྱེ་བའི་ཕྱིར། གཟུགས་སྒྲ་རོ་དང་རེག་པ་དང་དྲི་དང་ཆོས་དག་ཆོས་ཅན། བཏགས་པ་འབའ་ཞིག་སྟེ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན་པའི་ཕྱིར། ལྔ་པ་ལ་གཉིས། ཆགས་སྡང་གི་རྒྱུ། གཏི་མུག་གི་རྒྱུ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། ཡུལ་དེ་དག་ལ་ཆོས་ཅན། སྡུག་པ་དང་ནི་མི་སྡུག་པ་དོན་དམ་པར་འབྱུང་བར་ཡང་ནི་ག་ལ་འགྱུར་ཏེ། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། གཟུགས་བརྙན་འདྲ་བའི་ཕྱིར། དོན་དམ་པར་སྡུག་པ་འཐད་པ་མ་ཡིན་ཏེ། གང་ལ་བརྟེན་ནས་སྡུག་པ་ཞེས་གདམས་པར་བྱ་བ་མི་སྡུག་པ་དེ་སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པ་དེའི་ཕྱིར། དོན་དམ་པར་མི་སྡུག་པ་འཐད་པ་མ་ཡིན་ཏེ། གང་ལ་བརྟེན་ནས་
མི་སྡུག་པར་གདགས་པར་བྱ་བ་སྡུག་པ་ནི་མི་སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པ་དེའི་ཕྱིར། དོན་དམ་པར་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། དོན་དམ་པར་སྡུག་པ་ཡོད་པ་མ་ཡིན་པའི་ཕྱིར། དོན་དམ་པ་ཞེ་སྡང་ཡོད་པར་ག་ལ་འགྱུར་ཏེ། དོན་དམ་པར་མི་སྡུག་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ཕྱིན་ཅི་ལོག་རང་བཞིན་གྱིས་ཡོད་པ་དགག །ཕྱིན་ཅི་ལོག་དང་ལྡན་པ་རང་བཞིན་གྱིས་ཡོད་པ་དགག །ཕྱིན་ཅི་ལོག་གི་ཡུལ་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། གལ་ཏེ་མི་རྟག་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ལོག་པ་ཡིན་ན། ཕུང་པོ་ཆོས་ཅན། རྟག་པར་འཛིན་པ་ཇི་ལྟར་དོན་དམ་པར་ལོག་པ་ཡིན་ཏེ་མ་ཡིན་པར་ཐལ། དོན་དམ་པར་མི་རྟག་པ་ཡོད་པ་མིན་པའི་ཕྱིར་ཏེ། དོན་དམ་པར་སྟོང་པའི་ཕྱིར། གལ་ཏེ་མི་རྟག་རྟག་གོ་ཞེས་དེ་ལྟར་འཛིན་པ་ལོག་པ་ཡིན་ན། ཆོས་ཅན། མི་རྟག་པའོ་ཞེས་དོན་དམ་པར་འཛིན་པའང་ཇི་ལྟར་ལོག་པ་མ་ཡིན་ཏེ། དོན་དམ་པར་སྟོང་པའི་ཕྱིར། རྟག་འཛིན་དོན་དམ་པར་མེད་ཀྱང་འཛིན་པ་ཙམ་དོན་དམ་པར་ཡོད་དོ་ཞེ་ན། འཛིན་པ་དོན་དམ་པར་ཡོད་པ་མ་ཡིན་ཏེ། གང་གིས་འཛིན་པ་དང་འཛིན་པའི་བྱ་བ་གང་དང་འཛིན་པ་པོ་དང་གང་བཟུངས་པ་ཐམས་ཅད་ཉེ་བར་ཞི་བ་སྟེ་མེད་པ་དེའི་ཕྱིར། གཉིས་པ་ནི། ཕྱིན་ཅི་ལོག་དོན་དམ་པར་ཡོད་དེ། ཕྱིན་ཅི་ལོག་དང་ལྡན་པའི་ལྷས་བྱིན་ཡོད་པའི་ཕྱིར་ཞེ་ན། གང་ཟག་གང་ལ་ཕྱིན་ཅི་ལོག་དང་། གང་ལ་ཕྱིན་ཅི་མ་ལོག་པ་དོན་དམ་པར་ཡོད་པ་མ་ཡིན་ཏེ། ལོག་པའམ་ཡང་དག་ཉིད་དུ་ནི་འཛིན་པ་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར། གང་ཟག་གང་ལ་ཕྱིན་ཅི་ལོག་སྲིད་ པ་བདག་ཉིད་ཀྱིས་ནི་རྣམ་པར་དཔྱད་ན་མེད ་དེ། ཕྱིན་
ཅི་ལོག་ཏུ་གྱུར་པ་ལ་དོན་དམ་པར་ཕྱིན་ཅི་ལོག་དེ་དག་མི་སྲིད། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལ་ཕྱིན་ཅི་ལོག་དག་མི་སྲིད། ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལ་དོན་དམ་པར་ཕྱིན་ཅི་ལོག་མི་སྲིད་པའི་ཕྱིར། ཕྱིན་ཅི་ལོག་རྣམས་ཆོས་ཅན། དོན་དམ་པར་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་དམ་པར་མ་སྐྱེས་པའི་ཕྱིར། དོན་དམ་པར་ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ་མེད་པར་ཐལ། དོན་དམ་པར་ཕྱིན་ཅི་ལོག་རྣམས་སྐྱེ་མེད་ཡིན་པའི་ཕྱིར། དོན་དམ་པར་ཕྱིན་ཅི་ལོག་ག་ལ་ཡོད་དེ་མེད་པར་ཐལ། དངོས་པོ་བདག་ལས་མི་སྐྱེ་གཞན་ལས་སྐྱེ་བ་ཉིད་མ་ཡིན་བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མིན་པའི་ཕྱིར། གསུམ་པ་ནི། བདག་དང་གཙང་བ་དང་རྟག་པ་དང་བདེ་བ་ཕྱིན་ཅི་ལོག་མ་ཡིན་པར་ཐལ། གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། བདག་མེད་དང་མི་གཙང་བ་དང་མི་རྟག་པ ་དང་སྡུག་བསྔལ་དོན་དམ་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་ བདག་དང་གཙང་བ་དང་རྟག་པ་དང་བདེ་བ་མེད ་པའི་ཕྱིར། ཕྱིན་ཅི་ལོག་དོན་དམ་པར་ཡོད་མེད་དཔྱོད་པ་དོན་ཆེན་པོ་དང་ལྡན་ཏེ། དེ་ལྟར་དཔྱད་ནས་བསྒོམས་པས་ཕྱིན་ཅི་ལོག་འགགས་པས་མ་རིག་པ་ནི་འགག་པར་འགྱུར། མ་རིག་པ་འགགས་པར་གྱུར་ན་ནི་འདུ་བྱེད་ལ་སོགས་འགག་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཉོན་མོངས་རང་བཞིན་གྱིས་ཡོད་དེ། དེའི་གཉེན་པོ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་ཆོས་ཅན། ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་ཡོད་པ་སུ་ཞིག་སྤོང་
བར་བྱེད་མི་ནུས་པའི་ཕྱིར། གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་མེད་ན། ཆོས་ཅན། ཇི་ལྟ་བུར་ན་སྤོང་བར་བྱེད་མི་དགོས་པར་ཐལ་ལོ། །ཁྱབ་སྟེ། མེད་པ་སུ་ཞིག་སྤོང་བར་བྱེད་མི་དགོས་པའི་ཕྱིར། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། །།གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། བདེན་པ་བརྟག་པ་དང་། མྱང་འདས་བརྟག་པའོ། །དང་པོ་ལ་རྩོད་ལན་གཉིས། དང་པོ་ནི། འབྱུང་བ་མེད་ཅིང་འཇིག་པ་མེད་པ་དང་། འཕགས་པའི་བདེན་པ་བཞི་པོ་དག །ཁྱོད་ལ་མེད་པར་འགྱུར་བར་ཐལ། གལ་ཏེ་འདི་དག་ཀུན་སྟོང་པའི་ཕྱིར། འདོད་ན། ཡོངས་སུ་ཤེས་པ་དང་སྤོང་བ་དང་སྒོམ་པ་དང་མངོན་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་པར་ཐལ། འཕགས་པའི་བདེན་པ་བཞི་མེད་པས་སོ། །འདོད་ན། འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་པར་ཐལ། ཡོངས་ཤེས་སོགས་དེ་དག་ཡོད་པ་མ་ཡིན་པས་སོ། །འདོད་ན། འབྲས་གནས་མེད་ཅིང་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་པར་ཐལ། འབྲས་བུ་བཞི་མེད་པའི་ཕྱིར། འདོད་ན། དགེ་འདུན་མེད་པར་ཐལ། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་པའི་ཕྱིར། དམ་པའི་ཆོས་ཀྱང་ཡོད་མ་ཡིན་པར་ཐལ། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར། འདོད་ན། སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ། ཆོས་དང་དགེ་འདུན་ཡོད་པ་མ་ཡིན་པའི་ཕྱིར། འདོད་ན། དཀོན་མཆོག་གསུམ་ལ་གནོད་པ་ནི་བྱེད་པར་ཐལ། རང་བཞིན་མེད་པ་དེ་སྐད་དུ་སྟོང་པ་ཉིད་སྨྲ་བའི་ཕྱིར། འབྲས་བུ་ཡོད་པ་དང་ཆོས་མ་ཡིན་པ་དང་ཆོས་ཉིད་དང་འཇིག་རྟེན་པའི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་པར་ཐལ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པའི་
ཕྱིར། གཉིས་པ་ལ་བཞི། རྟེན་འབྱུང་མ་རྟོགས་པའི་རྩོད་པར་བསྟན་པ། སྟོང་པ་རྟེན་འབྱུང་གི་དོན་དུ་བསྟན་པ། གཞན་ལ་རྣམ་གཞག་ཐམས་ཅད་མི་འཐད་པ། རྟེན་འབྱུང་གི་དེ་ཉིད་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་བའོ། །དང་པོ་ལ་གཉིས། དངོས་དང་། རང་གཞན་ལ་རྣམ་གཞག་རུང་མི་རུང་གི་ཁྱད་པར་རོ། །དང་པོ་ལ་གཉིས། དེ་ལྟར་རྩོད་པས་དོན་གསུམ་མ་རྟོགས་པར་བསྟན། བདེན་གཉིས་མ་རྟོགས་པར་བསྟན་པའོ། །དང་པོ་ནི། རྩོད་པ་དེ་ལ་ལན་བཤད་པ། དངོས་སྨྲ་བ་ཆོས་ཅན། བདེན་སྟོང་ཡིན་པས་མེད་པ་དེ་ལྟར་ན་ཁྱོད་ཉིད་ལ་གནོད་པ་བྱེད་པ་ཡིན་ཏེ། ཁྱོད་ཉིད་ཀྱིས་སྟོང་ཉིད་བསྟན་པའི་དགོས་པ་དང་སྟོད་ཉིད་ཀྱི་ངོ་བོ་དང་སྟོད་ཉིད་ཀྱིས་དོན་མ་རྟོགས་པ་དེའི་ཕྱིར། དགོས་པ་ནི་བདེན་འཛིན་བཟློག་པའོ། །ངོ་བོ་ནི། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་བསྟན་པ་ལྟར་རོ། །སྟོང་ཉིད་ཀྱི་དོན་ནི་རང་བཞིན་གྱིས་གྲུབ་པས་སྟོང་པའོ། །གཉིས་པ་ལ་ལྔ། བདེན་གཉིས་ཀྱི་ངོ་བོ། བདེན་གཉིས་མི་ཤེས་ན་གསུང་རབ་ཀྱི་དེ་ཉིད་མི་ཤེས། བདེན་གཉིས་བསྟན་པའི་དགོས་པ། བདེན་གཉིས་ལ་ལོག་པར་བཟུང་བའི་ཉེས་དམིགས། བདེན་གཉིས་རྟོགས་དཀའ་བས་དང་པོར་མ་གསུངས་པའི་ཚུལ་ལོ། །དང་པོ་ནི། སྟོད་ཉིད་ཀྱི་དགོས་པ་སོགས་མི་ཤེས་བཞིན་དུ་ཀླན་ཀ་ཚོལ་བ་དེ་སུ་ཞིག་ཡིན་ཞེ་ན། བདེན་གཉིས་ཀྱི་རྣམ་དབྱེ་མི་ཤེས་པ་རྣམས་ཡིན་ལ། དེ་བཟློག་པ་ལ་བདེན་གཉིས་ཀྱི་རྣམ་དབྱེ་དགོས་པས་བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཆོས་ཅན། བདེན་པ་གཉིས་ལ་ཡང་དག་པར་བརྟེན་ཏེ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་དམ་པའི་དོན་གྱི་བདེན་པ་ལ་བརྟེན་པའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་དེ་
དག་ཆོས་ཅན། སངས་རྒྱས་ཀྱི་བསྟན་པ་ནི་ཟབ་མོ་འདི་ཉིད་རྣམ་པར་མི་ཤེས་ཏེ། གང་དག་བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་རྣམ་པར་མི་ཤེས་པའི་ཕྱིར། གསུམ་པ་ནི། བདེན་གཉིས་བསྟན་པ་ལ་དོན་ཡོད་དེ། ཐ་སྙད་ལ་ནི་མ་བརྟེན་པར་དམ་པའི་དོན་ནི་བསྟན་མི་ནུས། དམ་པའི་དོན་ནི་མི་རྟོགས་པར་མྱ་ངན་འདས་པ་ཐོབ་མི་ནུས་པའི་ཕྱིར། བཞི་པ་ནི། དངོས་སྨྲ་བ་ཆོས་ཅན། ཤེས་རབ་ཆུང་བ་རྣམས་ཕུང་བར་བྱེད་དེ། སྟོད་པ་ཉིད་ལ་ལྟ་ཉེས་པའི་ཕྱིར། ཇི་ལྟར་སྦྲུལ་ལ་བཟུང་ཉེས་པ་དང་རིག་སྔགས་ཉེས་པར་བསྒྲུབས་པ་བཞིན་ནོ། །ལྔ་པ་ནི། ཤེས་བྱ་ཆོས་ཅན། བློ་གཞན་པས་ཆོས་འདིའི་གཏིང་དཔོགས་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པའི་ཐུགས་ནི་ཆོས་བསྟན་པ་ལས་རེ་ཞིག་རབ་ཏུ་ལོག་པར་གྱུར་པ་ཡིན་ཏེ། སྟོང་ཉིད་ལ་ལོག་པར་བཟུང་ན་ཉེས་དམིགས་ཆེ་བ་དེའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་ཁྱོད་ནི་སྟོང་ཉིད་སྤོང་བར་བྱེད་པའི་ཉེས་པ་གང་ཡིན་པ་དེ་དབུ་མ་པ་ལ་མི་འཐད་དེ། འབྱུང་འཇིག་མེད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བ་ནི་སྟོང་ཉིད་སྨྲ་བ་ལ་འཐད་པ་མ་ཡིན་པའི་ཕྱིར། དབུ་མ་པ་དེ་ལ་ཆོས་ཅན། རྣམ་གཞག་ཐམས་ཅད་རུང་བར་འགྱུར་ཏེ། ཁྱོད་གང་ལ་སྟོང་པ་ཉིད་རུང་བའི་ཕྱིར། དངོས་སྨྲ་བའི་ལུགས་དེ་ལ་ཆོས་ཅན། རྣམ་གཞག་ཐམས་ཅད་རུང་བར་མི་འགྱུར་བར་ཐལ། ཁྱོད་གང་ལ་སྟོང་ཉིད་མི་རུང་བའི་ཕྱིར། དངོས་སྨྲ་བ་ཁྱོད་ནི་རང་གི་སྐྱོན་རྣམས་ནི་ང་དབུ་པ་ལ་ཡོངས་སུ་སྒྱུར་བར་བྱེད་པ་ཡིན་ཏེ། རྟེན་འབྱུང་ཁས་བླངས་ནས་དེ་ལ་གནོད་བྱེད་བརྗོད་པའི་ཕྱིར། དཔེར་ན་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་ཉིད་བརྗེད་པར་གྱུར་པ་བཞིན་ནོ། །དངོས་སྨྲ་བ་ཆོས་ཅན། དངོས་པོ་རྣམས་རྒྱུ་རྐྱེན་མེད་པར་ཁྱོད་ལྟ་རིགས་པར་ཐལ། གལ་ཏེ་དངོས་པོ་རྣམས་རང་བཞིན་ལས་
ཡོད་པར་རྗེས་སུ་ལྟ་བར་བྱེད་ན་རིགས་པ་དེ་ལྟ་ཡིན་པའི་ཕྱིར། འབྲས་བུ་དང་ནི་རྒྱུ་ཉིད་དང་བྱེད་པ་པོ་དང་བྱེད་པ་དང་བྱ་བ་དང་། སྐྱེ་བ་དང་ནི་འགག་པ་དང་འབྲས་བུ་ལ་ཡང་གནོད་པ་བྱེད་པར་ཐལ། རྟགས་འདྲ། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྟོང་ཉིད་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་པ་དེའི་ཕྱིར། ཁྱབ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དུ་བཤད་ཅིང་། དེ་ནི་རྟེན་ནས་གདགས་པ་སྟེ་དེ་ཉིད་མཐའ་བྲལ་དབུ་མའི་ལམ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། བདེན་བཞི་དང་དེ་ཤེས་པ་སོགས་མི་རུང་བ། དཀོན་མཆོག་གསུམ་དང་བྱ་བྱེད་སོགས་མི་རུང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་རུང་བའོ། །དང་པོ་ནི། དངོས་སྨྲ་བ་ཆོས་ཅན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་ཐལ། གལ་ཏེ་དངོས་པོ་འདི་ཀུན་ནས་སྟོང་པའི་ཕྱིར། འདོད་ན། འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །ཁྱབ་སྟེ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན་སྡུག་བསྔལ་ཡོད་པར་ག་ལ་འགྱུར་ཏེ་མི་རྟག་སྡུག་བསྔལ་གསུངས་པ་དེ་རང་བཞིན་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར། སྟོང་ཉིད་ལ་གནོད་བྱེད་ལ་ཀུན་འབྱུང་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་རང་བཞིན་ལས་ནི་ཡོད་པ་ཡིན་ན་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་བ་དེའི་ཕྱིར། འགོག་པ་ཡོད་པ་མ་ཡིན་པར་ཐལ། སྡུག་བསྔལ་རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བཞིན་ཉིད་ནི་མི་འབྱུང་བ་ཡོངས་སུ་གནས་པས་འགོག་པ་ལ་གནོད་པ་བྱེད་པ་ཡིན་པའི་ཕྱིར། སྒོམ་པ་འཐད་
པར་མི་འགྱུར་བར་ཐལ། ལམ་ལ་རང་བཞིན་གྱིས་ཡོད་པའི་ཕྱིར། ཅི་སྟེ་ལམ་དེ་ཆོས་ཅན། ཁྱོད་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། བསྒོམ་བྱ་ཡིན་པའི་ཕྱིར། ལམ་གྱིས་སྡུག་བསྔལ་འགོག་པ་ནི་གང་ཞིག་ཐོབ་པར་འགྱུར་བར་འདོད་མི་རིགས་པར་ཐལ། གང་གི་ཚེ་སྡུག་བསྔལ་ཀུན་འབྱུང་དང་འགོག་པ་ཡོད་པ་མ་ཡིན་པའི་ཕྱིར། སྡུག་བསྔལ་དེ་ནི་ཆོས་ཅན། ཕྱིས་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་ཡོངས་སུ་ཤེས་པ་མ་ཡིན་པར་རང་བཞིན་ཉིད་ཀྱིས་ནི་གྲུབ་པའི་ཕྱིར། ཁྱབ་སྟེ། རང་བཞིན་ཀུན་ཏུ་གནས་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི་ཀུན་འབྱུང་སྤོང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་སྒོམ་པ་དང་འབྲས་བུ་བཞི་དག་ཀྱང་མི་རུང་བ་ཐལ། སྔར་ཀུན་འབྱུང་མ་སྤངས་པ་སོགས་རང་བཞིན་གྱིས་གྲུབ་པའི་ཕྱིར། སྡུག་བསྔལ་ཡོངས་སུ་ཤེས་པ་མི་རུང་བ་དེ་བཞིན་དུའོ། །འབྲས་བུ་བཞི་གང་ཡིན་པ་དེ་ཆོས་ཅན། ཕྱིས་ཇི་ལྟར་ཐོབ་པར་ནུས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་ཐོབ་པ་མེད་པར་རང་བཞིན་ཉིད་ཀྱིས་ནི་གྲུབ་པའི་ཕྱིར། ཁྱབ་སྟེ། རང་བཞིན་ཡོངས་སུ་འཛིན་པ་སྟེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འབྲས་གནས་མེད་ཅིང་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་པར་ཐལ། འབྲས་བུ་མེད་པའི་ཕྱིར། འདོད་ན། དགེ་འདུན་མེད་པར་ཐལ། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་པའི་ཕྱིར། དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་པར་ཐལ། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར། འདོད་ན། སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཆོས་དང་དགེ་འདུན་ཡོད་པ་མིན་པའི་ཕྱིར། ཁྱོད་ཀྱིས་སངས་
རྒྱས་བྱང་ཆུབ་ལ་མ་བརྟེན་པར་ཡང་འགྱུར་བར་ཐལ་བ་དང་། ཁྱོད་ཀྱིས་བྱང་ཆུབ་སངས་རྒྱས་ལ་མ་བརྟེན་པར་ཡང་འགྱུར་བར་ཐལ། སངས་རྒྱས་དང་བྱང་ཆུབ་རང་བཞིན་གྱིས་གྲུབ་པའི་ཕྱིར། སོ་སྐྱེ་གང་ཡིན་ཆོས་ཅན། ཁྱོད་ཀྱིས་བྱང་ཆུབ་ཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བརྩལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བར་ཐལ། སངས་རྒྱས་མིན་པར་རང་བཞིན་ཉིད་ཀྱིས་ནི་གྲུབ་པའི་ཕྱིར། འགའ་ཡང་ཆོས་དང་ཆོས་མིན་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། སྟོང་ཉིད་མ་གྲུབ་པའི་ཕྱིར། ཁྱབ་སྟེ། མི་སྟོང་པ་ལ་ཅི་ཞིག་བྱ་རང་བཞིན་ལ་ནི་བྱ་བ་མེད་པའི་ཕྱིར། ཆོས་དང་ཆོས་མིན་མེད་པར་ཡང་འབྲས་བུ་ཁྱོད་ལ་ཡོད་པར་འགྱུར་བ་དང་། ཆོས་དང་ཆོས་མིན་པའི་རྒྱུས་བྱུང་བའི་འབྲས་བུ་ཁྱོད་ལ་ཡོད་པ་མ་ཡིན་པར་ཐལ། འབྲས་བུ་རང་བཞིན་གྱིས་གྲུབ་པའི་ཕྱིར། ཆོས་དང་ཆོས་མིན་ལས་བྱུང་བའི་འབྲས་བུ་ཅིའི་ཕྱིར་སྟོང་པ་མ་ཡིན་ཏེ་ཡིན་པར་ཐལ། ཆོས་དང་ཆོས་མིན་པའི་རྒྱུས་བྱུང་བའི་འབྲས་བུ་གལ་ཏེ་ཁྱོད་ལ་ཡོད་པའི་ཕྱིར། གསུམ་པ་ནི། དངོས་སྨྲ་བ་ཆོས་ཅན། འཇིག་རྟེན་པའི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་པར་ཐལ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོང་པ་ཉིད་ལ་གནོད་བྱེད་ཡིན་པའི་ཕྱིར། བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་རྩོམ་པ་མེད་པ་བྱ་བར་འགྱུར་བ་དང་། མི་བྱེད་པ་ཡང་བྱེད་པོར་འགྱུར་བར་ཐལ། སྟོང་པ་ཉིད་ལ་གནོད་བྱེད་ཡིན་པའི་ཕྱིར། འགྲོ་བ་རྣམས་ཆོས་ཅན། མ་སྐྱེས་པ་དང་འགགས་པ་དང་ཐེར་ཟུག་ཏུ་ནི་གནས་པར་འགྱུར་ཞིང་གནས་སྐབས་སྣ་ཚོགས་བྲལ་བར་འགྱུར་བར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། མ་ཐོབ་པ་ཐོབ་པར་བྱ་བ་དང་སྡུག་བསྔལ་མཐར་བྱེད་དང་། ལས་
དང་ནི་ཉོན་མོངས་ཐམས་ཅད་སྤོང་བའང་མེད་པར་ཐལ། གལ་ཏེ་སྟོང་པ་ཡོད་པ་མིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་སྟོང་དུ་མཐོང་བ་དེས་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ནི་འགོག་པ་དང་ལམ་ཉིད་བཞི་པོ་དེ་དག་གི་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། དངོས་པོ་བདེན་གྲུབ་ཁས་ལེན་པ་ལ་རྣམ་གཞག་ཐམས་ཅད་མི་འཐད་པའི་ཕྱིར། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །།གཉིས་པ་མྱང་འདས་བརྟག་པ་ལ་རྩོད་ལན་ནོ། །དང་པོ་ནི། གལ་ཏེ་དངོས་པོ་འདི་དག་ཀུན་ཆོས་ཅན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། འདོད་ན། ཉོན་མོངས་གང་ཞིག་སྤོང་བ་དང་སྡུག་བསྔལ་འགགས་པ་ལས་མྱ་ངན་འདའ་བར་འགྱུར་བར་འདོད་མི་རིགས་པར་ཐལ་ལོ། །ཞེ་ན། གཉིས་པ་ལ་བཞི། གཞན་ལ་མྱང་འདས་མི་འཐད། རང་ལུགས་ཀྱི་མྱང་འདས་ངོས་གཟུང་། མྱང་འདས་བདེན་གྲུབ་འགག །བཀག་པ་ལ་རྩོད་པ་སྤང་པའོ། །དང་པོ་ནི། གལ་ཏེ་དངོས་པོ་འདི་ཀུན་ཆོས་ཅན། འབྱུང་བ་མེད་ཅིང་འཇིག་མེད་པར་ཐལ། རང་བཞིན་གྱིས་མི་སྟོང་པའི་ཕྱིར། འདོད་ན། ཉོན་མོངས་གང་ཞིག་སྤོང་བ་དང་སྡུག་བསྔལ་འགགས་པ་ལས་མྱ་ངན་འདའ་བར་འགྱུར་བར་འདོད་མི་རིགས་པར་ཐལ་ལོ། །གཉིས་པ་ནི། རང་ལ་མྱང་འདས་མི་རུང་བའི་སྐྱོན་མེད་དེ། དོན་དམ་པར་སྤངས་པ་མེད་པ་ཐོག་པ་མེད་པ་ཆད་པ་མེད་པ་རྟག་པ་མེད་པ་འགག་པ་མེད་པ་སྐྱེ་བ་མེད་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ནི་མྱ་ངན་ལས་འདས་པར་བརྗོད་པའི་ཕྱིར། གསུམ་པ་ལ་གསུམ། མྱང་འདས་མཐའ་བཞིར་གྲུབ་པ་དགག །མྱང་འདས་ཐུགས་སུ་ཆུད་པ་པོ་མཐའ་བཞིར་གྲུབ་པ་དགག །
དེས་གྲུབ་པའི་དོན་ནོ། །དང་པོ་ལ་བཞི། དངོས་པོའི་མཐར་འདོད་པ་དགག །དངོས་མེད་ཀྱི་མཐར་འདོད་པ་དགག །གཉིས་ཀའི་མཐའ་འདོད་པ་འགོག །གཉིས་ཀ་མ་ཡིན་པའི་མཐར་འདོད་པ་དགག་པའོ། །དང་པོ་ནི། བྱེ་བྲག་སྨྲ་བ་ན་རེ། མྱང་འདས་དངོས་པོ་ཡིན་ཏེ། ལས་ཉོན་གྱི་རྒྱུན་འགོག་བྱེད་ཡིན་པའི་ཕྱིར་ཞེ་ན། རེ་ཞིག་མྱ་ངན་འདས་པ་དངོས་པོ་མ་ཡིན་ཏེ། ཡིན་ན་རྒ་ཤིའི་མཚན་ཉིད་དུ་འགྱུར་བར་ཐལ་བའི་ཕྱིར་ཏེ། རྒ་བ་དང་འཆི་བ་མེད་པའི་དངོས་པོ་ཡང་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་མྱ་ངན་འདས་པ་དངོས་པོ་ཡིན་ན་མྱ་ངན་འདས་པ་འདུས་བྱས་སུ་འགྱུར་ཏེ། དངོས་པོ་འདུས་བྱས་མ་ཡིན་པ་འགའ་ཡང་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་མྱ་ངན་འདས་པ་དངོས་པོ་ཡིན་ན་ཇི་ལྟར་མྱང་འདས་དེ་རྒྱུ་རྐྱེན་དེ་ལ་བརྟེན་ནས་མིན་ཏེ་ཡིན་པར་ཐལ། དངོས་པོ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་མ་ཡིན་པ་འགའ་ཡང་ཡོད་པ་མིན་པའི་ཕྱིར། གཉིས་པ་ནི། མདོ་སྡེ་པ་ན་རེ། མྱང་འདས་དངོས་མེད་དུ་བདེན་ནོ་ཞེ་ན། གལ་ཏེ་མྱང་འདས་དངོས་པོ་མིན་ན་དངོས་མེད་དུ་རང་བཞིན་གྱིས་ཡོད་པ་ཇི་ལྟར་རུང་བར་འགྱུར་ཏེ། གང་ལ་མྱ་ངན་འདས་པ་དངོས་པོ་མིན་པ་དེ་ལ་དངོས་མེད་དུ་རང་བཞིན་གྱིས་ཡོད་པ་རིགས་པ་མ་ཡིན་པའི་ཕྱིར། གལ་ཏེ་མྱ་ངན་འདས་པ་དངོས་པོ་མིན་པར་རང་བཞིན་གྱིས་ཡོད་ན། ཇི་ལྟར་མྱང་འདས་དེ་རྒྱུ་རྐྱེན་ལ་བརྟེན་པ་མིན་ཏེ་ཡིན་པར་ཐལ། གང་ཞིག་བརྟེན་ནས་འབྱུང་བ་མ་ཡིན་པའི་དངོས་མེད་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་དངོས་པོ་དང་དངོས་མེད་དུ་རང་བཞིན་གྱིས་མེད་ན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བའི་དངོས་པོ་རྒྱུ་རྐྱེན་ལ་
བརྟེན་ནས་འདོགས་སམ་རྒྱུ་རྐྱེན་རྒྱུར་བྱས་པ་གང་ཡིན་པ་དེ་ནི་རྒྱུ་རྐྱེན་ལ་བརྟེན་པ་མིན་ཞིང་རྒྱུར་བྱས་པ་མིན་པར་སྤྲོས་པ་ཞི་བའི་འགོག་པ་དེ་མྱ་ངན་འདས་པ་ཡིན་པར་བསྟན་པའི་ཕྱིར། མྱང་འདས་པ་ནི་དངོས་པོ་དངོས་མེད་དུ་རང་བཞིན་གྱིས་ཡོད་པ་མིན་པར་རིགས་ཏེ། འབྱུང་བ་དང་ནི་འཇིག་པའི་སྲིད་པ་དག་སྤང་བར་སྟོན་པས་བཀའ་སྩལ་བ་དེའི་ཕྱིར། གསུམ་པ་ནི། མུ་སྟེགས་འོས་པ་བ་ན་རེ། མྱང་འདས་དངོས་པོ་དངོས་མེད་གཉིས་ཀ་ཡིན་ཏེ། ཉོན་མོངས་པ་དང་སྐྱེ་བའི་དངོས་མེད་དང་རང་ཉིད་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་ཞེ་ན། མྱང་འདས་དངོས་པོ་དངོས་མེད་གཉིས་ཀ་མ་ཡིན་པར་ཐལ། གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་ན་དངོས་པོ་དང་དངོས་པོ་མེད་པ་དག་ཐར་པར་འགྱུར་ན་དེ་མི་རིགས་པའི་ཕྱིར། གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་སུ་རང་བཞིན་གྱིས་ཡོད་པ་ཡིན་ན་མྱ་ངན་འདས་པ་རྒྱུ་རྐྱེན་ལ་མ་བརྟེན་པ་མིན་པར་ཐལ། དངོས་པོ་དང་དངོས་མེད་དེ་གཉིས་རང་བཞིན་གྱིས་ཡོད་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། ཇི་ལྟར་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཡིན་ཏེ་མ་ཡིན་པར་ཐལ། མྱ་ངན་འདས་པ་འདུས་མ་བྱས་ཡིན་ལ། དངོས་པོ་དང་དངོས་མེད་དེ་ཞིག་པ་གཉིས་འདུས་བྱས་ཡིན་པའི་ཕྱིར། ཇི་ལྟར་མྱ་ངན་འདས་པ་ལ་དངོས་པོ་དང་དངོས་མེད་གཉིས་ཡོད་དེ། དེ་གཉིས་གཞི་མཐུན་དུ་མེད་པར་ཐལ། དངོས་པོ་དང་དངོས་མེད་དེ་གཉིས་གཞི་གཅིག་ལ། གཞི་མཐུན་དུ་ཡོད་པ་མིན་པའི་ཕྱིར། སྣང་བ་དང་ནི་མུན་པ་བཞིན་ནོ། །བཞི་པ་ནི། མྱ་ངན་ལས་འདས་པ་དངོས་པོའང་
མིན་དངོས་མེད་ཀྱང་མིན་པར་རང་བཞིན་གྱིས་ཡོད་ཅེས་གང་སྟོན་པ་མི་རིགས་པར་ཐལ། དངོས་པོ་མེད་པ་དང་དངོས་པོ་དག་རང་བཞིན་གྱིས་གྲུབ་ན་གཉིས་ཀ་མ་ཡིན་པ་འདི་ནི་གྲུབ་པར་འགྱུར་ན་ཡང་དེ་གཉིས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། གལ་ཏེ་མྱ་ངན་འདས་པ་དེ་ཆོས་ཅན། དངོས་པོ་དང་དངོས་མེད་གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་མེད་པར་ཐལ། དངོས་པོའམ་མིན་དངོས་པོ་མེད་པའང་མིན་པར་རང་བཞིན་གྱིས་ཡོད་ན་དངོས་པོའང་མིན་དངོས་པོ་མེད་པའང་མིན་ཞེས་གང་ཞིག་གིས་ནི་དེ་མངོན་དུ་བྱེད་དགོས་ལ། དེ་མངོན་དུ་བྱེད་མཁན་མེད་པའི་ཕྱིར། གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། རང་བཞིན་གྱིས་མེད་དེ། མྱ་ངན་འདས་པར་འགྱུར་བ་དང་། བཞུགས་པར་གྱུར་ན་ཡང་ཡོད་པ་དང་། མེད་དོ་ཞེའམ་གཉིས་ཀ་དང་གཉིས་ཀ་མིན་ཞེས་ཀྱང་རང་བཞིན་གྱིས་མི་མངོན་པའི་ཕྱིར། གསུམ་པ་ནི། འཁོར་བ་མྱ་ངན་འདས་པ་ལས་བདེན་རྫུན་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་མྱ་ངནའདས་པའང་འཁོར་བ་ལས་བདེན་རྫུན་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ཏེ། མྱ་ངན་འདས་པའི་མཐའ་བདེན་སྟོང་གང་ཡིན་པ་དེ་ནི་འཁོར་བའི་མཐའ་བདེན་སྟོང་ཡིན་པའི་ཕྱིར་ཏེ། འཁོར་འདས་དེ་གཉིས་བདེན་སྟོང་དུ་ཁྱད་པར་ཅུང་ཟད་ནི་ཤིན་ཏུ་ཕྲ་བའང་ཡོད་པ་མ་ཡིན་པའི་ཕྱིར། ལུང་མ་བསྟན་གྱི་ལྟ་བ་ཆོས་ཅན། བཅུ་བཞི་ཡོད་དེ། དེ་བཞིན་གཤེགས་པ་འདས་ཕན་ཆད་འབྱུང་མི་འབྱུང་གཉིས་ཀ་གཉིས་ཀ་མ་ཡིན་པར་ལྟ་བ་མྱ་ངན་ལས་འདས་པའི་མཐའ་ལ་བརྟེན་པ་བཞི། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་
གཉིས་ཀ་མ་ཡིན་པར་ལྟ་བ་ཕྱི་མཐའ་ལ་བརྟེན་པ་བཞི། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་གཉིས་ཀ་མ་ཡིན་པར་ལྟ་བ་སྔོན་གྱི་མཐའ་ལ་བརྟེན་པ་བཞི། ལུས་སྲོག་གཅིག་དང་ཐ་དད་དུ་ལྟ་བ་གཉིས་རྣམས་སུ་ཡོད་པའི་ཕྱིར། དངོས་པོ་ཐམས་ཅད་ཆོས་ཅན། མཐའ་ཡོད་དང་། མཐའ་མེད་དང་། མཐའ་དང་མཐའ་མེད་གཉིས་ཀ་དང་། མཐའ་དང་མཐའ་མེད་གཉིས་ཀ་མིན་པ་དང་། དེ་ཉིད་དང་གཞན་ཉིད་དང་རྟག་པ་དང་མི་རྟག་པ་དང་། རྟག་མི་རྟག་གཉིས་ཀ་དང་གཉིས་ཀ་མིན་པའང་རང་བཞིན་གྱིས་མེད་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། བཞི་པ་ནི། མྱང་འདས་རང་བཞིན་གྱིས་མེད་ན་མྱང་འདས་ཐོབ་པའི་ཕྱིར་དུ་ཆོས་བསྟན་པ་དོན་མེད་དུ་འགྱུར་རོ་ཞེ་ན། སངས་རྒྱས་ཀྱིས་ནི་ཡུལ་གང་དུ་ཡང་གང་ཟག་སུ་ལའང་རང་བཞིན་གྱིས་ཡོད་པའི་ཆོས་འགའ་མ་བསྟན་ཏེ། སངས་རྒྱས་དེ་མཚན་འཛིན་གྱི་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་སྤྲོས་པ་ཉེ་བར་ཞི་ཞིང་ཞི་བ་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར། མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །།རབ་བྱེད་ཉེར་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ། གཉིས་པ་རྟེན་འབྱུང་རྟོགས་མ་རྟོགས་ལས་འཁོར་བར་འཇུག་ལྡོག་བྱེད་ཚུལ་ལ་གཉིས། ལུགས་འབྱུང་དང་ལུགས་བཟློག་གི་རྟེན་འབྲེལ་ལོ། །དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་པའི་རྟེན་འབྱུང་དེ་གང་ཞེ་ན། ཡང་སྲིད་འཕེན་བྱེད་ཀྱི་རྒྱུ་གསུམ་ཡོད་དེ། མ་རིག་པས་བསྒྲིབས་པས་ཡང་སྲིད་འགྲུབ་པའི་ཕྱིར་དུ་སྒོ་གསུམ་གྱི་འདུ་བྱེད་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་གང་ཡིན་
པའི་ལས་འདི་དག་གིས་འགྲོ་བར་འགྲོ་ཞིང་འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པ་འགྲོ་བ་རྣམས་སུ་འཇུག་པར་འགྱུར་བའི་ཕྱིར། འཕངས་པའི་འབྲས་བུ་ལ་བཞི་ཡོད་དེ། རྣམ་པར་ཤེས་པ་མངལ་དུ་ཞུགས་པར་གྱུར་ན་མིང་དང་གཟུགས་ནི་ཆགས་པར་འགྱུར། མིང་དང་གཟུགས་ནི་ཆགས་པར་གྱུར་ན་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི་རེག་པ་ཡང་དག་འབྱུང་བར་འགྱུར། རེག་པ་དེ་ལས་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་བའི་ཕྱིར། རེག་པ་ཆོས་ཅན། རྒྱུ་ཡོད་དེ། མིག་དང་གཟུགས་དང་དྲན་བྱེད་ལ་བརྟེན་ནས་སྐྱེ་བ་ཁོ་ན་ཡིན་པའི་ཕྱིར། དེ་ལྟར་མིང་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་གསུམ་ཡོད་དེ། ཚོར་བའི་རྐྱེན་གྱིས་སྲིད་པ་སྟེ་ཚོར་བའི་དོན་དུ་སྲེད་པར་འགྱུར་ལ། སྲེད་པར་གྱུར་ན་ཉེ་བར་ལེན་པ་རྣམ་པ་བཞི་པོ་ཉེ་བར་ལེན་པར་འགྱུར་ཞིང་ཉེར་ལེན་ཡོད་ན་ལེན་པ་པོའི་སྲིད་པ་རབ་ཏུ་འབྱུང་བར་འགྱུར་བའི་ཕྱིར། གལ་ཏེ་ཉེ་བར་ལེན་པ་མེད་ན་གྲོལ་བར་འགྱུར་ཏེ་སྲིད་པ་འགྲུབ་པར་མི་འགྱུར་བའི་ཕྱིར། སྲིད་པ་དེ་ཡང་ཕུང་པོ་ལྔས་བསྡུས་སོ། །གྲུབ་པའི་འབྲས་བུ་གཉིས་ཡོད་དེ། སྲིད་པ་ལས་ནི་སྐྱེ་བ་འབྱུང་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་དང་འཁྲུག་པ་དེ་དག་རྣམས་སྐྱེ་བ་ལས་རབ་ཏུ་འབྱུང་བའི་ཕྱིར། མ་རིག་པ་ལ་བརྟེན་ནས་སྡུག་བསྔལ་གྱི་ཕུང་པོ་ནི་འབའ་ཞིག་པ་འདི་འབྱུང་བར་འགྱུར་ཏེ། དེ་ལྟར་བཤད་ཟིན་པའི་ཕྱིར། གཉིས་
པ་ནི། མཁས་པ་འཕགས་པ་རྣམས་འཕེན་བྱེད་ཀྱི་ལས་གསར་དུ་འདུ་མི་བྱེད་པར་མི་མཁས་པ་ལས་བྱེད་པ་པོ་ཡིན་ཏེ། འཁོར་བའི་རྩ་བ་འདུ་བྱེད་ཡིན་པའི་ཕྱིར་དང་། མཁས་པ་འཕགས་པས་དེ་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །མ་རིག་པ་སྤངས་པས་གྲོལ་བར་འགྱུར་ཏེ། མ་རིག་པ་འགག་པར་འགྱུར་ན་ནི་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་བའི་ཕྱིར། འཕགས་པ་ཆོས་ཅན། མ་རིག་པ་འགག་པར་འགྱུར་བ་ནི་རྒྱུ་མཚན་ཡོད་དེ། ཤེས་པས་དེ་ཉིད་བསྒོམས་པས་སོ། །ཤེས་བྱ་ཆོས་ཅན། སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ནི་དེ་ལྟར་ཡང་དག་པར་འགག་སྟེ། མ་རིག་པ་སོགས་དང་དེ་དང་དེ་ནི་འགགས་པ་གྱུར་པས་འདུ་བྱེད་སོགས་དེ་དང་དེ་ནི་མངོན་པར་མི་འབྱུང་བའི་ཕྱིར། སྲིད་པའི་ཡན་ལག་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། །།གསུམ་པ་རྟེན་འབྱུང་རྟོགས་ན་ལྟ་བ་ངན་པ་ལྡོག་ཚུལ་ལ་གཉིས། ལྟ་ངན་བཅུ་དྲུག་ངོས་གཟུང་བ། རྟེན་འབྲེལ་རྟོགས་པས་དེ་ལ་མི་གནས་པའི་ཚུལ་ལོ། །དང་པོ་ནི། ལྟ་ངན་བཅུ་དྲུག་ཏུ་དབྱེར་ཡོད་དེ། བདག་འདས་པའི་དུས་སུ་བྱུང་མ་བྱུང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་གང་ཡིན་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན། བདག་མ་འོངས་པའི་དུས་གཞན་དུ་འབྱུང་འགྱུར་དང་མི་འཇུག་གཉིས་ཀ་གཉིས་པ་མ་ཡིན་པ་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་གཉིས་ཀ་མ་ཡིན་པར་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ཐ་
སྙད་དུ་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ཡིན་པས་ལྟ་བ་དེ་ལ་མི་གནས། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བས་ལྟ་བ་དེ་ལ་མི་གནས་པའོ། །དང་པོ་ལ་གསུམ། སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་དང་པོ་དགག །སྔོན་གྱི་མཐའ་ལ་བརྟེན་པའི་བཞི་ཚན་གཉིས་པ་དགག །ཕྱི་མའི་མཐའ་ལ་བརྟེན་པའི་བཞི་ཚན་གཉིས་པ་དགག་པའོ། །དང་པོ་ནི། བདག་འདས་པའི་དུས་ན་རང་བཞིན་གྱིས་བྱུང་བར་འགྱུར་ཅེས་བྱ་བ་དེ་ནི་མི་འཐད་དེ། སྔོན་ཚེ་རྣམས་སུ་གང་བྱུང་བའི་བདག་དེ་ཉིད་ད་ལྟའི་བདག་འདི་ནི་མ་ཡིན་པའི་ཕྱིར། སྔར་གྱི་བདག་དེ་ཉིད་ད་ལྟའི་བདག་ཏུ་འགྱུར་སྙམ་ན་མི་འཐད་དེ། སྔ་ཕྱིའི་ཉེ་བར་ལེན་པ་ཕུང་པོ་ཐ་དད་དུ་འགྱུར་བའི་ཕྱིར། ཁྱབ་སྟེ། ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡོད་པ་ཡིན་ཏེ་མ་ཡིན་པའི་ཕྱིར། ཉེ་བར་ལེན་པ་མ་གཏོགས་པ་བདག་ཡོད་པ་མ་ཡིན་བྱས་པའི་ཚེ་ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེ་ན། ཁྱོད་ཀྱི་ བདག་ནི་རང་བཞིན་གྱིས་མེད་པ ་ཡིན་པར་ཐལ། ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པའི་ཕྱིར། ཉེ་བར་ལེན་པ་ཉིད་དེ་ནི་ཆོས་ཅན། གང་ཟག་གི་བདག་མ་ཡིན་ཏེ། འབྱུང་བ་དང་ནི་འཇིག་པ་ཡིན་པའི་ཕྱིར། ཉེ་བར་བླང་བ་ཇི་ལྟ་བུར་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། བྱ་བྱེད་གཅིག་མ་ཡིན་པའི་ཕྱིར། བདག་ནི་ཆོས་ཅན། ཉེ་བར་ལེན་པ་ལས་རྫས་གཞན་དུ་འཐད་པ་མ་ཡིན་ཏེ། གལ་ཏེ་དེ་ལས་རྫས་གཞན་ཡིན་ན་ཉེར་ལེན་མེད་པར་གཟུང་དུ་ཡོད་རིགས་ན་དེ་ལྟར་གཟུང་དུ་མེད་པའི་ཕྱིར། བདག་དེ་ནི་ཆོས་ཅན། ཉེར་ལེན་ལས་རྫས་གཞན་མ་ཡིན་ཏེ། དེ་ལྟར་སྣང་རུང་མ་དམིགས་
པའི་ཕྱིར། ཉེར་ལེན་ཉིད་ཀྱང་མིན་ཉེ་བར་ལེན་མེད་མིན་ མེད་པ་ཉིད་དུའང་མ་ངེས་ཏེ། ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར། བདག ་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་ཡང་མི་འཐད་དེ། སྔོན་ཚེ་རྣམས་སུ་གང་བྱུང་བའི་བདག་དེ་ལས་ད་ལྟའི་བདག་འདི་རང་བཞིན་གྱིས་གཞན་མ་ཡིན་པའི་ཕྱིར། གལ་ཏེ་སྔ་ཕྱིའི་བདག་འདི་ནི་རང་བཞིན་གྱིས་གཞན་དུ་འགྱུར་རོ་ཞེ་ན། ད་ལྟའི་བདག་འདི་སྔར་གྱི་བདག་དེ་མེད་པར་ཡང་འབྱུང་བར་འགྱུར་བ་དང་སྔར་གྱི་བདག་དེ་ནི་སྔར་གྱི་དེ་བཞིན་དུ་ཕྱིས་གནས་པར་འགྱུར་ཞིང་ཚེ་སྔ་མ་དེར་མ་ཤི་བར་འདིར་སྐྱེ་བར་འགྱུར་བ་དང་སྔ་མའི་བདག་རྒྱུན་ཆད་པ་དང་ལས་རྣམས་ཆུད་ཟ་བ་དང་། གཞན་གྱིས་བྱས་པའི་ལས་རྣམས་ནི་གཞན་གྱིས་སོ་སོར་མྱོང་བ་དང་། ལས་མ་བྱས་པ་དང་ཕྲད་པ་དེ་ལ་སོགས་པར་ཐར་བར་འགྱུར་རོ། །བདག་དེ་སྔར་མ་བྱུང་བ་ལས་བྱུང་བ་མིན་ཏེ། འདི་ལ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གང་ཞིག་བདག་ནི་བྱས་པར་འགྱུར་བ་དང་རྒྱུ་མེད་ཅན་དུ་འབྱུང་བར་འགྱུར་བའི་ཕྱིར། དེ་ལྟར་བདག་བྱུང་མ་བྱུང་གཉིས་ཀ་གཉིས་ཀ་མ་ཡིན་པར་འདས་པ་ལ་ལྟ་བ་གང་ཡིན་པ་དེ་ནི་འཐད་པ་མ་ཡིན་ཏེ། བདག་བྱུང་མ་བྱུང་རེ་རེ་བ་ཁེགས་པའི་ཕྱིར། བདག་མ་འོངས་པའི་དུས་གཞན་དུ་འབྱུང་འགྱུར་དུ་དང་འབྱུང་བར་མི་འགྱུར་ཞེས་བྱ་བ་ལྟ་བ་གང་ཡིན་དེ་དག་ནི་རང་བཞིན་གྱིས་ མེད་པར་ཐལ། བདག་འདས་པའི་དུས་སུ་བྱུང་མ་བྱུང་འགོག་པ ་དང་མཚུངས་པའི་ཕྱིར། གཉིས་པ་ནི། མི་ནས་ལྷར་སྐྱེ་བའི་ཚེ་ལྷ་མི་གཉིས་རང་བཞིན་གྱིས་གཅིག་གམ་ཐ་དད། དང་པོ་ལྟར་ན། ལྷ་དེ་ནི་ཆོས་ཅན། རྟག་པར་འགྱུར་བར་ཐལ།
མི་དེ་དང་རང་བཞིན་གྱིས་གཅིག་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། མ་སྐྱེས་པ་ཉིད་དུ་འགྱུར་བར་ཐལ་ལོ། །ཁྱབ་སྟེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར། གལ་ཏེ་ལྷ་ལས་མི་རང་བཞིན་གྱིས་གཞན་ཡིན་ན། དེ་ལྟ་ན་ནི་མི་དེ་མི་རྟག་ཅིང་རྒྱུན་ཆད་པར་འགྱུར་བར་ཐལ་ལོ། །ཁྱབ་སྟེ། གལ་ཏེ་ལྷ་མི་རང་བཞིན་གྱིས་གཞན་ཉིད་ན་རྒྱུད་གཅིག་ནི་འཐད་པར་མི་འགྱུར་བའི་ཕྱིར། རིལ་པོ་རྟག་པ་དང་མི་རྟག་པའི་སྐྱོན་མེད་དེ། མིའི་ལུས་བཏང་ནས་ལྷའི་ལུས་ལེན་པའི་ཕྱིར་ཞེ་ན། མི་ནས་ལྷར་སྐྱེ་འགྱུར་གྱི་གང་ཟག་ཆོས་ཅན། རྟག་པ་དང་མི་རྟག་པར་འགྱུར་བ་ཡིན་པར་ཐལ། གལ་ཏེ་ཕྱོགས་གཅིག་བདག་གི་ངོས་ནས་ལྷ་ཡིན་ལ། ཕྱོགས་གཅིག་ལུས་ཀྱི་ངོས་ནས་མི་ཡིན་པར་འགྱུར་བའི་ཕྱིར། འདོད་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཆོས་ཅན་རྟག་མི་རྟག་གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་མ་གྲུབ་པར་ཐལ། གལ་ཏེ་རྟག་དང་མི་རྟག་པ་གཉིས་ཀ་གྲུབ་པར་འགྱུར་ན་ནི་རྟག་པ་མ་ཡིན་མི་རྟག་པའང་མ་ཡིན་པར་གྲུབ་པར་འགྱུར་བ་འདོད་ལ་རིག་ནའང་རྟག་མི་རྟག་ཏུ་མ་གྲུབ་པའི་ཕྱིར། བདག་རྟག་སྟེ། ཐོག་མ་མེད་པ ་ནས་འཁོར་བའི་ཕྱིར་ཞེ་ན། བདག་རྟག་པ་མེད ་པར་ཐལ། གལ་ཏེ་བདག་གང་ཞིག་གང་ནས་གར་འོངས་ཤིང་གང་དུའང་འགྲོ་བར་འགྱུར་བ་རང་བཞིན་གྱིས་ཡོད་ན་དེའི་ཕྱིར་འཁོར་བ་ཐོག་མ་ མེད་པར་འཁོར་བའི་བདག་ཡོད་པར་འགྱུར་ན་དེ་ནི་ཡོད་པ ་མ་ཡིན་པའི་ཕྱིར། མི་རྟག་པ་གང་ཞིག་རང་བཞིན་གྱིས་ཡོད་པ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་རྟག་པ་འགའ་རང་བཞིན་གྱིས་མེད་པའི་ཕྱིར།
རྟག་པ་དང་ནི་མི་རྟག་པ་གཉིས་ཀ་དང་དེ་གཉིས་བསལ་བར་གྱུར་པ་རང་བཞིན་གྱིས་མེད་དེ། རྟག་མི་རྟག་རེ་རེ་བ་རང་བཞིན་གྱིས་མེད་པའི་ཕྱིར། གསུམ་པ་ནི། འཇིག་རྟེན་ཕ་རོལ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་འཇིག་རྟེན་མཐའ་ཡོད་པའི་ཕྱིར། འཇིག་རྟེན་ཕ་རོལ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་འཇིག་རྟེན་མཐའ་སྟེ་འཇིག་པ་མེད་པའི་ཕྱིར། འཇིག་རྟེན་མཐའ་ཡོད་ཉིད་དང་ནི་མི་འཇིག་པར་མཐའ་མེད་ཉིད་ཀྱང་མི་རིགས་ཏེ། གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་དེ་ནི་མར་མེའི་འོད་དང་མཚུངས་པར་སྔ་མ་ཞིག་ནས་ཕྱི་མ་འབྱུང་བའི་ཕྱིར། འཇིག་རྟེན་མཐའ་ཡོད་མ་ཡིན་ཏེ། གལ་ཏེ་ཕུང་པོ་སྔ་མ་འཇིག་པར་འགྱུར་ཞིང་ཕུང་པོ་འདི་ལ་རྟེན་བྱས་ནས་ཕྱི་མའི་ཕུང་པོ་འདི་ནི་མི་འབྱུང་ན་དེས་ན་འཇིག་རྟེན་མཐའ་ཡོད་དུ་འགྱུར་ནའང་ཕུང་པོ་ཕྱི་མ་འབྱུང་བའི་ཕྱིར། འཇིག་རྟེན་མཐའ་མེད་དུ་རང་བཞིན་གྱིས་མེད་དེ། གལ་ཏེ་ཕུང་པོ་སྔ་མ་མི་འཇིག་ཅིང་ཕུང་པོ་འདི་ལ་རྟེན་བྱས་ནས་ཕྱི་མའི་ཕུང་པོ་འདི་ནི་མི་འབྱུང་ན་དེས་ན་འཇིག་རྟེན་མཐའ་མེད་དུ་རང་བཞིན་གྱིས་ཡོད་པར་འགྱུར་ནའང་ཕུང་པོ་སྔ་མ་ལས་ཕྱི་མ་འབྱུང་བའི་ཕྱིར། འཇིག་རྟེན་མཐའ་ཡོད་མེད་གཉིས་ཀར་མ་གྲུབ་པར་ཐལ། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ་ཕྱོགས་གཅིག་མཐའ་ནི་མེད་པར་གྱུར་ན་འཇིག་རྟེན་མཐའ་ཡོད་དང་མཐའ་མེད་དུ་འགྱུར་ནའང་དེ་ཡང་རིགས་པ་མ་ཡིན་པའི་ཕྱིར། ལེན་པ་པོའི་ཕྱོགས་གཅིག་འཇིག །ཕྱོགས་གཅིག་མི་འཇིག་པ་མི་རིགས་པར་ཐལ། ཇི་ལྟ་བུར་ན་ཉེ་བར་ལེན་པ་པོ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་
གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་དེ་ཡང་མི་རིགས་པའི་ཕྱིར། བླང་བྱ་ཕྱོགས་གཅིག་འཇིག་ཕྱོགས་གཅིག་མི་འཇིག་པ་མི་རིགས་པར་ཐལ། ཇི་ལྟ་བུར་ན་ཉེ་བར་བླང་བྱ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་དེ་ཡང་མི་རིགས་པའི་ཕྱིར། མཐའ་ཡོད་མེད་གཉིས་ཀ་མ་ཡིན་པ་རང་བཞིན་གྱིས་མེད་པར་ཐལ། གལ་ཏེ་མཐའ་ཡོད་མཐའ་མེད་གཉིས་ཀ་གྲུབ་པར་གྱུར་ན་ནི་མཐའ་ཡོད་མ་ཡིན་མཐའ་མིན་པ་རང་བཞིན་གྱིས་གྲུབ་པར་འགྱུར་བ་འདོད་ལ་རག་ནའང་དེ་གཉིས་མེད་པའི་ཕྱིར། གཉིས་པ་ནི། རྟེན་འབྲེལ་གཟུགས་བརྙན་ལྟ་བུར་བསྟན་ནས་སྐྱོན་སྤངས་པ་ལས། ཡང་ན་དངོས་པོ་ཐམས་ཅད་དག་ཆོས་ཅན། རྟག་པ་ལ་སོགས་པར་ལྟ་བ་གང་དག་ཡུལ་གང་དུ་རྒྱུད་གང་ལ་ནི་རྒྱུ་ཅི་ལས་ཀུན་ཏུ་འབྱུང་བར་འགྱུར་བ་རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་སྟེ་ཐ་མའོ།། །།གསུམ་པ་དེ་ལྟར་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་ནི། གང་གིས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་ནས་ལྟ་བ་ངན་པ་ཐམས་ཅད་སྤང་བའི་ཕྱིར་དུ་དམ་པའི་ཆོས་ནི་སྟོན་པར་མཛད་པའི་གོའུ་ཏ་མ་དེ་ལ་ཕྱག་འཚལ་ལོ། །མཇུག་གི་དོན་བཤད་པ། བཞི་པ་མཇུག་གི་དོན་ལ་གཉིས། སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་
མངོན་པ་རྣམ་པར་བཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་པོའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།། །། གཉིས་པ་ནི། དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ། ཛྙཱ་ན་གརྦྷ་དང་ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤོ་ལོ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ། ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པའོ།། །།སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང་། ལོཙྪ་བ་དེ་ཉིད་ཀྱིས་ཞུ་ཆེན་གྱིས་པའོ།། །། མཐའ་གཉིས་ལས་གྲོལ་ཐབས་ཤེས་དབུ་མའི་ལམ། །ཇི་བཞིན་སྒྲུབ་ལ་གཞན་དྲིང་མི་འཇོག་ཕྱིར། །དབུ་མའི་
བསྟན་བཅོས་ཀུན་གྱི་རྩ་བ་ནི། །ཤེས་རབ་ཅེས་བྱའི་རྣམ་པར་བཤད་པ་བྱས། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །དགེ་ལེགས་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །འདུན་པའི་གྲུ་བོ་ཆེ་ལ་རབ་བརྟེན་ནས། །གྲུབ་པས་དཔལ་འབྱོར་བཟང་པོ་ཐོབ་པར་ཤོག །རྒྱལ་བ་མཆོག་གི་གོ་འཕང་མ་ཐོབ་པར། །རྒྱལ་བས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཀུན། །རྒྱལ་པོའི་དགོངས་པ་ཇི་བཞིན་འཛིན་པ་ལ། །རྒྱལ་སྲས་འཇམ་པའི་དབྱངས་སུ་བདག་གྱུར་ཅིག །དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ལ་སོགས་པའི་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་བག་ཡོད་ཀྱི་ལོ་སྨིན་དྲུག་གི་ཟླ་བའི་ཡར་ངོའི་ཚེས་བཅུ་བཞི་ལ་དཔལ་ལྡན་སྣར་ཐང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་སྦྱར་བའོ།། །།འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།
ཤོག་སྟོང་།