Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་པ། ལ༽

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


collapse section
  
  
 
བསྟན་པ་དེ་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་ལེགས་པར་བཤད་པའི་སྐབས།
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousབསྟན་པ་དེ་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་ལེགས་པར་བཤད་པའི་སྐབས།next

བསྟན་པ་དེ་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་ལེགས་པར་བཤད་པའི་སྐབས།


DNG026_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱི རོ པཱ ཡ ཀ ལཱ ད ད ཀྵ མཱ། བི ཛྙི རྦོ དྷི མ ནཾ ག བི ཀྲ མ།
སྦྱིན་དང་བཟོད་སོགས་ཐབས་མཁས་སྒྱུ་རྩལ་ལ་གོམས་པས། །བྱང་ཆུབ་ཕྱོགས་སུ་མཛའ་བ་མ་ཡིན་རྣམ་གནོན་པས།།


DNG026_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཤི ཥྚིཾ བྲྀ ཐྱ བྷི མཱ ན ཏཱ བ ལཱ ཏྲ། ཨཱ ཙྪི དྱ དྷྲི ཡ ཏེ ནྲྀ བཻ རྦྷུ ཛཻ ཿ
བསྟན་མཆོག་ས་ཆེན་མངོན་རློམ་སྟོབས་ལྡན་ལས་བཅད་ནས། །མི་བདག་འདི་ཡི་ལེགས་བྱས་དཔུང་པས་རྣམ་པར་འཛིན།།


DNG026_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་འགའ་ཞིག་རྫས་ནི་དུ་མ་གླུ་དང་རོལ་མོའི་མངོན་སྦྱོར་ལ་ཡང་གོད་པར་འགྱུར། །འགའ་ཞིག་ཆུད་ཟོས་མི་བདག་རོ་ཡི་ཡུལ་ལ་སྲེད་པས་ཆོས་ཀྱི་བྱ་བ་ལ་མ་བྱིན། །རྫས་རྣམས་གང་ཞིག་སྡིག་པའི་སླད་དུ་ཟད་པར་བྱེད་པ་དེ་ནི་དེ་ཡི་སྡིག་པས་བཅིངས། །དེ་ཕྱིར་བློ་མཆོག་རྣམས་ཀྱིས་གཞན་གྱི་ཕྱིར་དུ་ནོར་རྣམས་མ་ལུས་པར་ནི་ཟད་པར་མཛད། །གང་གིས་སེམས་ནི་སྙིང་རྗེའི་ཆུས་བཀྲུས་པས། །དཔག་དཀའི་ཡོན་ཏན་དུ་མའི་གཟུགས་འཛིན་པ། །དེ་ལ་ཞི་བ་ཆེན་པོའི་ཕྱོགས་འཛེགས་པའི། །མངོན་མཐོའི་ལམ་ཡང་ཐེམ་སྐས་བཞིན་དུ་སྣང་། །གྲགས་པའི་མེ་ཏོག་དར་བའི་མཛེས་སྡུག་གིས། །འབྱུང་པོ་ཀུན་གྱི་བརྟན་པ་འཕྲོགས་པ་བཞིན། །ཆོས་ལྡན་རྒྱལ་སྲིད་ཀུན་གྱི་སྙིང་སྡུག་པས། །ཟླ་བ་བྱེ་བའི་ཁེངས་པ་ཚར་གཅོད་བཞིན། །བསོད་ནམས་གསེར་གྱི་ཁམས་ལས་གྲུབ་གྱུར་པའི། །སྡེ་བཞིའི་སྙིང་པོ་རབ་མཐོ་དགེ་བཅུའི་རྩིབས། །ཡང་དག་སྨོན་ལམ་བརྒྱ་ཡི་ཁོར་ཡུག་ཅན། །ལས་ཀྱི་བྱེད་པོས་ལྷ་འདིའི་སུག་པར་གཏད། །ཡོན་ཏན་དྲི་བཟངས་རྒྱས་པའི་གཏེར། །གཏོང་བའི་གེ་སར་འཁྲིགས་གྱུར་པའི། །མི་བདག་ངང་ཚུལ་པདྨ་ལ། །ཀུན་དགའི་སྦྲང་རྩི་རབ་ཏུ་མངར། །ཨེ་མ་རིན་ཆེན་དུ་མ་ཡི། །འབྱུང་གནས་གཏམ་གྱི་བདུད་རྩིའི་གཏེར། །ཆ་ཤས་ལྷུང་བའི་རྣ་བ་ཡང་། །ལེགས་བྱས་རོ་ཡིས་ལྕི་བར་བྱེད། །གང་དུའང་ཕྱོགས་སུ་མ་ལྷུང་བའི། །ཉི་མ་ལྟ་བུའི་རྒྱལ་བསྟན་ཡང་། །བསོད་ནམས་འབབ་སྟེགས་མངོན་མཐོ་བའི། །ས་སྐྱོང་འདི་དང་ཉེ་སྙམ་བགྱིད། །དམ་པའི་རང་བཞིན་བརྟན་ལྡན་ཅིང་། །སྤྱོད་ཚུལ་དག་པའི་ཤིང་གིས་འཁྲིལ། །སྦྱིན་པའི་གྲིབ་བསིལ་རྒྱ་ཆེ་བའི། །དཔག་བསམ་སར་པ་འདི་བྱུང་ངོ་།། གསུམ་པ་བསྟན་པ་དེ་ཉིད་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་དག་ཕྱི་མཐའི་བར་དུ་མི་ནུབ་ཅིང་འཕེལ་བའི་བཙས་སུ་མིའི་དབང་པོས་ཆོས་སྦྱིན་མི་ཟད་པའི་ཕྱི་མོར་བསྒྲུབས་པའི་ཚུལ་བཤད་པ་ལ་གསུམ་སྟེ། སྔོན་གྱི་དུས་སུ་བྱུང་བའི་ལོག་པར་བལྟས་པའི་ཕྱོགས་བསལ་བ་དང་། རྣམ་དཀར་བྱེད་པ་


DNG026_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལོ་རྒྱུས་འཆད་པ་དང་། དེ་དག་གི་བྱ་བ་དངོས་སོ།། དང་པོ་ནི། དེ་ལ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་གངས་ཅན་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་ཕུལ་དུ་བྱུང་བས་རི་ཁ་བ་ཅན་པའི་གདུལ་བྱ་རྣམས་ཀྱི་བསོད་ནམས་དམ་པའི་བགོ་སྐལ་དུ་བརྒྱུད་པ་གསུམ་ལས་བབས་པའི་གསང་སྔགས་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོ་ལ་སོགས་མཆོག་ཏུ་ཟབ་པའི་རྒྱུད་སྡེ་མཁའ་འགྲོ་དང་རིག་པ་འཛིན་པ་དུ་མའི་ཐུགས་བཅུད་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པ་མང་པོ་ཞིག་བོད་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་ཞབས་དང་། བི་མ་ལ་མི་ཏྲ་སོགས་ཀྱི་བྱིན་རླབས་ལས་བྱུང་མོད་ཀྱི། དེ་དག་ལ་རྗེས་སུ་ཡི་རང་བར་བྱེད་པ་དང་སྔོན་གྱི་ཆོས་རྒྱལ་དང་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ཏེ། འདི་ལྟར་བསྟན་པའི་གཟུགས་བརྙན་ཙམ་ཡང་མེད་པའི་གདོལ་སྤྱོད་མུན་པའི་གླིང་གནས་སྐབས་ཀྱི་བདེ་འབྲས་ཙམ་རེ་སྟེར་བའི་འཚེ་བ་ཆོས་སུ་སྨྲ་བ་ལ་གཏན་གྱི་སྐྱབས་སུ་རེ་ལྟོས་འཆའ་དགོས་པའི་སྐལ་བ་ངན་པས་ཉམས་ཉེས་པར་གྱུར་པ་ལ་སྤྲུལ་པའི་རྒྱལ་པོས་ཆོས་ཀྱི་སྒྲོན་མེ་སྦར་བར་བརྩམས་པའང་ནག་ཕྱོགས་ཀྱི་འབྱུང་པོ་མ་རུངས་པ་རྣམས་འཁྲུག་པའི་ཆོ་འཕྲུལ་འཐོར་རླུང་དྲག་པོ་མི་བཟད་པས་གཞན་དབང་དུ་གྱུར་པར་ཉེ་བའི་ཚེ་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་ཐུགས་རྗེས་ལྷ་སྲིན་གདུག་པ་ཅན་དུ་གྱུར་ཏོ་ཅོག་བཏུལ་ནས་བོད་རྣམས་ཆོས་ཅི་བདེར་བྱེད་ཆོག་པ་མཛད། གཙུག་ལག་ཁང་དང་ཆོས་འཁོར་བཞེངས། སྔོན་ཆད་མ་གྲགས་པས་ཆོས་སྐད་ཙམ་སློབ་པ་ལའང་བློ་མཐུ་ཆུང་བའི་བོད་རྣམས་ལ་འབད་པ་ཆེན་པོས་ཆོས་ཀྱི་སྲོལ་བཙུགས། རབ་ཏུ་བྱུང་བ་བཏུབ་བམ་མི་བཏུབ་ཐོག་མར་ཉམས་སད་པ་ནས་བརྩམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ལམ་གྱི་རྨང་གཞི་བཞེངས་སུ་བཏིང་། སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར། འཐོར་བ་བསྡུས། གཅུས་པ་བསྲངས། གཞི་གཏན་ལ་ཕབ་


DNG026_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཉམས་འོག་ཏུ་བཅུག །ཉན་བཤད་བསྒོམ་གསུམ་གྱིས་གཏན་ལ་ཕབས་ནས་རྒྱལ་ཁམས་དཀར་འཇམ་དུ་བཏང་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བག་ཡངས་སུ་སྤྱད་ཆོག་པ་འདི་སྔོན་བྱོན་པའི་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དེ་རྣམས་ཀྱི་བཀའ་དྲིན་ཡིན་པས་སོ། །དེའི་ཕྱིར་ཕྱིས་འགྱུར་བ་ལ་གྲུབ་མཐའ་འཛིན་པའི་མཁས་པ་དང་ལོ་ཙཱ་བ་རྣམས་ཀྱང་སྔོན་གྱི་ཆེན་པོ་དེ་དག་གིས་ལམ་སྲོལ་བཏོད་པའི་བཤུལ་དུ་དཀའ་བ་མེད་པར་འཇུག་ཏུ་ཡོད་པ་དང་། རང་གི་བློ་གྲོས་དེའི་སྣོན་མར་སོང་བ་ལ་ངོ་མཚར་དུ་མི་འཛིན་པའི་ཁར་སྔོན་གྱི་རྒྱུད་འགའ་ཞིག་རྒྱ་གར་ན་མེད་པས་བོད་དུ་བྱས་པར་བསྒྲགས་པ་སོགས་ཕྲག་དོག་གིས་དབྱེན་བཅོས་པ་ཤས་ཤིག་བྱུང་མོད་ཀྱི། རྒྱ་གར་ན་མེད་པ་ཙམ་གྱིས་རྒྱུད་ཡང་དག་མ་ཡིན་པར་མི་འགྲུབ་སྟེ། རྒྱ་གར་དུ་ཡོད་པའི་རྒྱུད་རྣམས་རྒྱ་གར་རང་ནས་བྱུང་བ་མ་ཡིན་ཅིང་ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི་གནས་དང་། འཛམ་བུ་གླིང་གི་ཆ་ཤས་ཟ་ཧོར་དང་། ཤམྦྷ་ལ་དང་། སིངྒ་ལའི་རི་མ་ལ་ཡ་དང་། ཨོ་རྒྱན་དང་། འགྲོ་ལྡིང་གི་ཡུལ་སོགས་གནས་ཆེན་པོ་གཞན་དང་གཞན་རྣམས་ནས་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ནས་དེར་བྱོན་པ་ཡིན་པས་རྒྱ་གར་ན་མི་བཞུགས་པ་ཙམ་གྱིས་རྒྱུད་ཡང་དག་མིན་པའི་ཁྱབ་པ་མེད་ལ། གལ་ཏེ་ཡུལ་དེར་བཞུགས་པ་འགའ་རེ་ཡོད་སྲིད་ཀྱང་ལན་རེ་ཙམ་ཕྱིན་པས་མཐོང་མི་ནུས་ཏེ་སྔོན་གྱི་སྤྲུལ་པའི་ལོ་པཎ་འཕགས་པའི་ས་ལ་བཞུགས་པ་རྣམས་ཡུལ་ཉེར་བཞི་ལ་སོགས་པར་རྫུ་འཕྲུལ་གྱིས་བྱོན་པ་ཡིན་ན་དེར་སོ་སྐྱེས་བགྲོད་པར་མི་ནུས་པའི་ཕྱིར་རོ། །རྒྱུ་མཚན་དེ་དག་གིས་ཇོ་བོ་ཆེན་པོ་ཨ་ཏི་ཤས་ཀྱང་ཆོས་ཀྱི་གཏམ་མི་ནུས་པར་གསུངས་པའི་མཁས་པ་ཆེན་པོ་རོང་ཟོམ་པས་གསང་སྔགས་སྔ་འགྱུར་ལ་ཕྱིས་འགྱུར་བ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་ཅེས་གསུངས་ཏེ། དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་བ་རྣམས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་


DNG026_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་བསྒྱུར་བཻ་རོ་ཙ་ན་དང་། སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་མི་ཏྲ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་བླུད་བུ་གང་དང་། དྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ། དག་པའི་ཞིང་ན་བཞུགས་པ་དང་། འཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་། བི་མ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་འཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམས་ལ་གོ་དཀའ། བྱིངས་འཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ལ།


DNG026_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་བསྟན་པ་ཕྱི་དར་གྱི་བར་སྐབས་དེར་རྣམ་རིག་སྒྲིན་ཞིང་གསེར་ཅུང་ཟད་ཡོད་པ་ཐམས་ཅད་རྒྱ་བལ་དུ་འགྲོ་བའི་སྲོལ་ཞིག་དར། མཐའ་གཅིག་ཏུ་བསྟན་པ་དང་སེམས་ཅན་གྱི་ཆེད་དུ་ཡིན་ན་རྗེས་སུ་ཡི་རང་བར་གྱུར་ལ། འདི་ལྟར་ཕྲག་དོག་གི་ཀུན་སློང་ཅན་ཕལ་ཆེར་ཞིག་ནི་མཁས་པར་འདོད་པ་དང་། གཞན་གྱི་རྙེད་བཀུར་ལ་ཆགས་པ་དང་། གྲགས་པ་དོན་དུ་གཉེར་བ་དང་། རང་གི་བླ་མ་དང་སྐལ་མཉམ་གྱི་བཤེས་གཉེན་ལ་འགྲན་སེམས་ཕྲག་དོག་གི་དབང་གིས་རྐང་པའི་འཁོར་ལོ་བསྐོར་བའང་མང་སྟེ་མར་པའི་ཕྱག་དཔེ་རྣམས་གྲོགས་ཀྱིས་ཆུ་ལ་དོར་བའི་རྣམ་ཐར་གྱིས་ཤེས་པར་ནུས་ལ། དེའི་ཕྱིར་ཀུན་མཁྱེན་རོང་པས་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ། སྤྲུལ་པའི་ལོ་ཙཱ་བས་བཀའ་འགྱུར་བ་མེད་པར་གཏན་ལ་ཕབ་ནས། ཤེས་བྱ་དངོས་པོའི་འདུག་ཚུལ་འབེབས་ཤིང་། དེ་རྫོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང་། དུས་ད་ལྟའི་ལོ་ཙཱ་རྫུན་པོ་ཆེ་སྔོན་གྱི་འགྱུར་ལ་བཅོས་མ་སྣ་ཚོགས་བྱས་ནས། འགྱུར་ང་བཟང་། ཁུངས་ང་བཙུན་ཟེར་ནས། སངས་རྒྱས་ཀྱི་བཀའ་དང་། བླ་མའི་གསུང་ལ་རས་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས། གཅིག་སྐྱོན་གཅིག་ལ་འགེལ། ཕའི་ཆོས་ལ་བུའི་དཔེ་མི་བཏུབ་པའི་ཆོས་དང་མི་འདྲ་ཞེས་གསུངས་པ་འདི་ཤིན་ཏུའང་མད། དངོས་གྲུབ་བརྙེས་པ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས། བོད་ཀྱི་ལོ་ཙཱ་བ་ཁ་ཅིག་རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མི་འདུག་ཟེར། དེ་ལ་ཆག་ལོ་ཙཱ་བ་བདག་རང་གི་དབང་ཞུས་ཀྱི་བླ་མ་ཡིན་ཡང་། རྒྱ་གར་ན་རྙིང་མའི་རྒྱུད་བསྒྱུར་རྒྱུ་མི་འདུག་ཟེར། དེ་འདྲ་ཁོང་རང་བློ་ཆུང་གི་གཏམ་ཡིན། ལོ་ཙཱ་བ་རྒྱ་གར་ཤར་ཕྱོགས་སུ་ཡུག་རེ་ལས་མ་ཕྱིན་པས་རྒྱ་གར་ན་གང་ཡོད་ཆ་ཅི་ཆོད། དེ་ལས་བོད་ན་གང་ཡོད་ཀྱི་ཆ་ཡང་མི་ཆོད། སྤྱིར་ཡང་རྒྱ་གར་ཚད་ཁུངས་ཆེ་བས། རྒྱ་གར་གྱི་དཔེ་རྣམས་རུལ་བ་མང་། སངས་རྒྱས་ཀྱི་བཀའ་ལ་ཚད་གཟུང་མེད་པ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རེས་ཁུངས་ཅི་ཆོད། ངས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ལ་ཕྱིན་པ་ཡང་། མུ་དང་མཐའ་མ་ཆོད། དེ་ཡང་དང་པོའི་རྒྱ་དཔེ་རྣམས་དུས་ཕྱིས་བལ་པོ་ན་མང་བ་ཡིན། དེ་བས་བལ་པོ་བྷེ་


DNG026_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་རའི་གཙུག་ལག་ཁང་གཅིག་ན། རྙིང་མའི་རྒྱུད་རྣམས་ཀྱི་རྣམ་གྲངས་རང་ཡང་བསམ་གྱིས་མི་ཁྱབ་པར་བཞུགས་འདུག །ངས་བོད་ཀྱི་རྙིང་མ་རྣམས་ལ་ངས་རྙིང་མའི་རྒྱ་དཔེ་དང་། པཎྜི་ཏ་ཚུར་དགུག །ཁྱེད་རང་རྣམས་མང་ཡུལ་སྐྱིད་གྲོང་དུ་འདོང་། ངས་ལོ་ཙཱ་བ་བྱས་བསྒྱུར་ཟེར་བ་བྱས་ཏེ་མ་གྲུབ། རྙིང་མའི་འགྱུར་ད་རུང་བྱ་རུ་ཡོད་པ་ལ། ཡང་བོད་ཀྱི་ཤེས་པར་འདོད་པ་འགའ་ཞིག་ན་རེ། རྙིང་མའི་དགོངས་པ་འདུས་པ་བོད་ཀྱི་སྔགས་རྒན་ཚོས་བཅོས་པ་ཡིན་མི་དག་ཟེར། དེ་འདྲ་ཡང་འོས་སུ་མི་འགྲོ་བའི་གཏམ་ཡིན། ཤེས་ན་དེ་འདྲ་བའི་ཆོས་རང་རེ་ཚོ་ཡང་འཆོས་དང་དེ་ལས་ལེགས་རྒྱུ་ནི་སངས་རྒྱས་ཀྱི་བཀའ་ལའང་མེད། ཅེས་པ་དང་། དེ་བཞིན་དུ་ཇོ་བོའི་རྣམ་ཐར་ན། ཡང་ཇོ་བོའི་ཐུགས་དགོངས་ལ། མི་ཡུལ་དུ་བཞུགས་པའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་བེ་ཧར་གླིང་གི་དཀོར་མཛོད་གཅིག་སྒོ་ཕྱེ་ནས་རྒྱ་དཔེ་གཟིགས་པས། ཇོ་བོས་དེ་གོང་དུ་མ་གསན་མ་གཟིགས་པ་མང་པོ་བཞུགས་འདུག་ནས། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ། ཌཱ་ཀི་མས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པ་བསྟན། རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ། འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་ཡོད་ཡོད་མི་འདྲ་གསུངས་ཐུགས་རྒྱལ་ཆགས། བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མང་པོ་ཕུལ། བོད་དུ་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདྲ་གསུངས། ཞེས་དང་། སློབ་དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལས་རྒྱ་གར་ན་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་མཛོད་མང་པོ་བསྒྱུར་ནས་བསམ་ཡས་པེ་ཧར་གྱི་དཀོར་མཛོད་ན་བཞུགས་སོ། །ཞེས་པ་འདི་དང་། རྗེ་བཙུན་ཏཱ་ར་ནཱ་ཐས། འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་


DNG026_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ག་དྷ་དང་། ཨུ་རྒྱན་དང་། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་མང་པོ་བྱོན་ཏེ། སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་སྦས་ཏེ། རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང་། ཨཽ་ཌི་ཡཱ་ན་ནས་སྤྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་ན་མེད་པ་མང་དུ་ཡོད། ཅེས་ལེགས་པར་བཤད་པས་ཐུགས་གཟུ་བོར་གནས་པ་རྣམས་ཀྱི་རྣམ་པར་དཔྱོད་པ་འདི་དག་གིས་འཕགས་ཡུལ་དུ་མི་འདུག་དང་མ་དག་ཟེར་བའི་རྫུན་གཏམ་དང་བཟང་བརྫུའི་མཚངས་ཐམས་ཅད་དུས་གཅིག་ལ་བརྟོལ་བར་སྣང་སྟེ་སྡང་ཞུགས་ཀྱིས་སྨྲས་པ་དེ་དག་གིས་རང་ཉིད་ཆོས་སྤང་བར་འགྱུར་བའི་ཞར་ལ་བློ་གྲོས་དམན་ཅིང་བསོད་ནམས་ཆུང་བའི་འགྲོ་བ་གཞན་དག་ཐེ་ཚོམ་བསྐྱེད་པའི་ཕྱིར་དགེ་སློང་ལྷ་ཆེན་པོའི་སྤྱོད་ཚུལ་གྱིས་བསྟན་པའི་དབྱེན་ཙམ་དུ་འགྱུར་བར་སྲིད་ཀྱི་དེ་ལས་བསམ་པ་མཐར་ཐུག་པའི་ལམ་དུ་མ་སོང་ངོ་། །ཡང་ཕྱིས་ཀྱི་མཁས་པ་བུས་སྔ་འགྱུར་གྱི་སྲོལ་འཛིན་པའི་རིགས་ཀྱི་ཐུགས་ཞེན་དང་། ཉང་གཏེར་མགོན་པོ་ཕྱག་བཞི་སོགས་ལ་ཉམས་བཞེས་དང་། གུ་རུ་མཚན་བརྒྱད་ཞལ་བསྟན་ནས་ལུང་བསྟན་ཐོབ་ཚུལ་སོགས་དངོས་བསྟན་ལྟར་ཡིན་ན་རྙིང་མའི་རྒྱུད་རྣམས་བཏང་སྙོམས་སུ་གསུངས་པའང་དུས་སྐབས་དེའི་གྲུབ་མཐའི་ཁ་འཛིན་གཞན་གྱི་ངོ་ལ་དགོངས་པར་མངོན་ཏེ་ཚལ་པ་སི་ཏུ་སྨོན་ལམ་རྡོ་རྗེས་གངས་ཅན་དུ་འགྱུར་རོ་ཅོག་གི་གསུང་རབ་རྣམས་བཞེངས་པའི་ཞུ་དག་ལ་ཁོང་ཉིད་ཀྱིས་བྱོན་པར་མཛད་པས། རྙིང་མ་མདོ་སྒྱུ་སེམས་གསུམ་དང་སྒྲུབ་སྡེའི་སྐོར་བཅས་བཀའ་འགྱུར་གྱི་རྒྱུད་འབུམ་ཁྲོད་དུ་བཞུགས་པར་མཛད་པའི་ཕྱིར་དང་། དེ་ཡང་གདོད་ནས་གྲུབ་པའི་རྒྱུད་གཞུང་དུ་ཚད་མས་གྲུབ་པའི་ཕྱིར་བཞག་པ་ཡིན་གྱི་གསར་མའི་ར་ལི་སོ་གཉིས་ཡོངས་རྫོགས་དང་། གཉིས་མེད་རྣམ་རྒྱལ་སོགས་མང་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བསྒྲུབས་ནས་དོར་བར་མཛད་པས་སོ། །པཎ་ཆེན་ཟི་ལུང་པ་ཤཱཀྱ་མཆོག་ལྡན་གྱིས་སྡོམ་གསུམ་རབ་དབྱེའི་དགོངས་པ་དངོས་བསྟན་དྲང་དོན་དུ་གསེར་གྱི་ཐུར་མས་འཆད་པ་ན་གང་ཟག་བློ་གྲོས་མ་བྱང་པ་རྣམས་ནེམ་ནུར་བསྐྱེད་ཅིང་། བླུན་པོ་ཕྱོགས་ལྷུང་ཅན་རྣམས་ཀྱིས་རྒྱབ་རྟེན་དུ་འཁྱེར་བ་ཞིག་བྱུང་


DNG026_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང་། པཎ་ཆེན་ཉིད་ཀྱིས་བཞེད་པ་ནི་འདི་སྐད་དུ། སྤྱིར་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དེའི་ཚེ་དེ་ལྟར་འདོད་པ་དེས་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་བའི་སྡེ་སྣོད་གསུམ་གྱི་ཆོས་རྣམས་དང་། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་སོགས་ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་པ་ཐམས་ཅད་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་རྒྱུད་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དཔལ་གསང་བ་འདུས་པ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་རྣམས་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གསུམ་རྙིང་མའི་ལུགས་ཀྱི་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དེའི་གཙོ་བོར་གྱུར་པ་དང་། རྩ་བ་དེ་གསུམ་ལ་བརྟེན་ནས་བོད་དུ་རྙིང་མར་གྲགས་པ་ཆོས་མང་དག་ཅིག་བྱུང་བར་སྔོན་གྱི་ཆེན་པོ་དག་གིས་འཆད་པའི་ཕྱིར་རོ། །བྱེ་བྲག་ཏུ་ཡང་ཕུར་ཆོས་མ་ཡིན་པར་ཁས་ལེན་པ་དག་ཡོད་ན། དེའི་རྒྱུད་ཀྱི་རྒྱ་དཔེ་དང་། ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་བ་སོགས་ཀྱི་གཏན་ཚིགས་ལས་རྣམ་དག་ཏུ་གྲུབ་ཟིན་པ་དང་། ཁྱད་པར་རྙིང་མའི་རྒྱུད་དུ་གྲགས་པ་གཞན་དང་གཞན་རྣམས་རྒྱུད་འབུམ་གྱི་དཀར་ཆག་ཏུ་འདེབས་པར་མི་མཛད་པའི་ཆེན་པོ་དེ་དག་གིས་ཀྱང་ཡང་དག་དང་ཕུར་པ་རྩོད་མེད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་རལ་གྲི་དང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས་བཤད་པ་བཞིན་ནོ། །ཞེས་གཞན་གྱི་འདོད་པ་ན་ཡམས་སུ་བཀོད་ནས་རང་གི་བཞེད་པའི་སྙིང་པོ་ནི་བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོས། ཆགས་བྲལ་གྱི་གཟུགས་སམ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་གསུངས་ཀྱང་རུང་སྟེ། སྟོན་པ་གཅིག་པུ་དེ་ཉིད་ཀྱི་ལྷ་དང་སྔགས་ཀྱི་རིམ་པ་ཁོ་ན་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་དང་། དེའི་སློབ་མ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་གྲུབ་པའི་ས་བརྙེས་པ་དེ་དག་གིས། བོད་དུ་དམ་པའི་ཆོས་དར་བ་ལ་གེགས་སུ་གྱུར་པའི་ལྷ་འདྲེ་གདུག་པ་ཅན་འདུལ་བ་དང་། རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་རྣམས་རིག་འཛིན་གྱི་ས་ལ་འགོད་


DNG026_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དུ། གང་དང་འཚམས་པའི་ལྷ་དང་སྔགས་དང་ལྟ་བའི་རིམ་པ་རྣམས་གསུངས་པ་དང་། དེའི་དོན་སློབ་མས་ཚུལ་བཞིན་ཉམས་སུ་བླངས་པ་དང་། དེ་ལས་གྲུབ་པའི་ས་བརྙེས་པའི་རིག་པ་འཛིན་པ་མང་དུ་བྱོན་པ་དང་། དེ་དང་མཐུན་པའི་སྙན་བརྒྱུད་དང་དགོངས་པ་ཡི་གེར་བཀོད་པ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་རྣམ་པར་དག་པ་འདི་ཉིད་བྱུང་བ་ཡིན་ལ། འདི་དག་ལའང་ཡང་དག་པར་ན་བསྟན་བཅོས་ཀྱི་མཚན་ཉིད་ཚང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཅེས་སོགས་ཀྱི་མཚན་ཉིད་དེ་ཚང་བའི་ཕྱིར། སློབ་དཔོན་པདྨས་གསུངས་པའི་བསྟན་བཅོས་ནི་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་ཡོད་པ་མ་ཡིན་ཏེ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས། །ཞེས་གསུངས་པའི་ཕྱིར། དཔེར་ན་རྗེ་བཙུན་བྱམས་པའི་ཆོས་ལྔ་དང་། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་བཞིན་ནོ། །ཡང་། རྫོགས་པ་ཆེན་པོའི་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟེན་པའི་སྐབས་དཀར་ནག་དང་རྒྱུ་འབྲས་འབད་རྩོལ་གྱི་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ་བོད་འགའ་ཞིག་གིས་སྤྱོད་པའི་ཕྱོགས་སྤངས་པས་ཧྭ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྐྱོན་མཐོང་ཧ་ལས་ལས་ཙམ་བྱེད་པ་བྱུང་མོད། ལར་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ་དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བར་སྟོན་པ་དེ་ཡང་འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་པ་དང་ཐ་མ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་གྱིས་མི་མཐུན་པ་མེད་ལ། ངེས་དོན་ཟབ་མོའི་གནས་ལུགས་སྟོན་པ་ལ་ཟབ་པ་དང་ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་སྒོ་ནས་འབྱེད་ཅིང་བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ཡིན་


DNG026_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟ་ཉིད་ཀྱིས་རེ་ཞིག་བཀའ་བར་པར་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་བླངས་ནས་དེ་ངེས་དོན་དུ་འཆད་པའི་སྐབས། གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བར་བྱ་བ་དང་། དོར་བར་བྱ་བའི་ཆོས་སུ་མི་དམིགས་པ་སྟེ་མདོར་ན་གཟུང་འཛིན་གྱི་ཆོས་རྣམས་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་རྣམ་པར་ཐར་པ་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར་རྫོགས་ཆེན་པས་གཞིའི་དུས་སུ་འཁོར་འདས་མཉམ་པ་ཉིད་དུ་བལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་དཔྱོད། འབྲས་བུའི་དུས་སུ་ཐོབ་བྱ་རེ་དོགས་དང་བྲལ་བའི་གདེང་ཆོས་ཀུན་ཟད་སར་འཁྱོལ་བ་ལ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོག་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི་གཉིས་སུ་མི་གསུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཁོ་ན་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ།


DNG026_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ལྟ་བ་ཁས་བླངས་དང་བྲལ་བ། བསྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅི་ཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ་འདི་ལ་ངོས་མ་བཟུང་ན་རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་ནི་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ་། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཀྱང་སྤྱོད་པའི་ཕྱོགས་དོར་བས་སོ་ཟེར་ན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་པའི་གནས་ལུགས་མཐོང་བ་ལ་བཞག་ནས་སེམས་དང་སེམས་བྱུང་གི་གོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་སོགས་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་གྲུབ་ཅིང་དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ། འཕགས་པ་དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པའི་མདོ་ལས། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་ལ་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད་མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་


DNG026_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད། གང་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་པ་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་ཡང་མེད་དོ། །ཞེས་པ་དང་། དགྱེས་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་ཀྱིས་བསྟན་པ་རྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧྭ་ཤང་གི་ལུགས་སུ་འགྱུར་རམ་སོམས་ཤིག །སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས་ཐབས་དེའི་ཡན་ལག་ཙམ་དུ་གྱུར་པ་ནི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཚུལ་ཁྲིམས་ལ་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ནས་སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་འཐོབ་པ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཆེན་པོ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ནི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལས་སྤྱོད་པ་ལ་ཆེད་འཛིན་གྱི་སྤྱོད་པས་མ་བསྒྲིབས་པར་ནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་བྱིན་གྱིས་སྨྲས་པ། འདོད་ཆགས་མ་སྤངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་


DNG026_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུང་ཞིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་རྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུའི་ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང་དེ་དང་གཅིག་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་མི་དབུལ་མཆོད་པ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུ་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུ་བྱས་དགེ་རྩ་སྤང་། །བྱས་པའི་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདེང་དུ་གྱུར་པའི་ལྟ་བས་ཟིན་པའི་ཚེ་འདུ་བྱས་པའི་དཀར་ནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་


DNG026_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་པར་བསྟན་པ་འདི་ཉིད་ཀྱི་རྒྱུད་དུ། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་སོ། །དེ་ཡང་གངས་ཅན་ན་ལུགས་དེ་ཐོས་པ་ན་ནན་གྱིས་འགོག་པར་བྱེད་པ་དག་མང་མོད་ཀྱི། དེ་དག་གི་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོངས་པ་ལ་ཁག་མེད་དེ་འདི་ལྟར་འཕགས་པ་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བར་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཆེན་པོ་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་པའི་མཐའ་ཆེན་པོ་འདི་ཡོད་བཞིན་ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་འཁྲུལ་པ་རང་གི་ངོ་བོ་མངོན་སུམ་རྟོགས་པའི་ཚེ་བདེན་གཉིས་རེས་འཇོག་ཕྱོགས་སུ་མ་ལྷུང་བར་ཕ་རོལ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས།


DNG026_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེ་དང་འཛིན་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལ་བསལ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་མཐའ། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོང་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བར་སྣང་ལ་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས་པ་བཞིན་དང་། དེ་དང་མཚུངས་པར། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མ་བསྲུངས་པ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་པ་དང་། དེ་བཞིན་དུ་ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །


DNG026_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ། །འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིང་གྲོལ་ལས་འདས་པའི་འདུས་བྱས་ཀྱི་ཁམས་སུ་མི་གནས་ན་ལས་དཀར་ནག་དང་རྒྱུ་འབྲས་མི་བསླུ་བའི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་རོ། །ཞེ་ན། རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་དཔེར་ན་རྨི་ལམ་གྱི་ཡུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཀྱང་། སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར་རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུ་ནི་བླང་དོར་ཀྱང་ཡོད་ལ་ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་པ་ཟད་ནས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ་དེ་དག་མི་སྣང་སྟེ་ཡུལ་ཅན་གཟུང་འཛིན་གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྒྲ་ཇི་བཞིན་པར་ངེས་ཤིང་། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར་ངེས་པའི་དོན་ཟབ་མོ་འགྲེལ་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་པ་དང་། དེ་བཞིན་དུ་འཇུག་པ་ལས་ཀྱང་། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །


DNG026_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས་ཀྱང་། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་ན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །གང་ཚེ་འཁྲུལ་པ་ཡོད་མིན་ན། །ཀུན་རྫོབ་གང་གི་དམིགས་པར་འགྱུར། །ཞེས་པ་ལ་སོགས་ཀྱིས་བཤད་པ་བཞིན་ནོ། །དེ་ལྟར་གྲུབ་པས་རྫོགས་པ་ཆེན་པོ་འདིར་ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བའི་དབང་དུ་བགྱིས་ན། གཞིའི་དུས་སུ་ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་ལ་བླང་དོར་ཡོད་པས་ཐབས་ལ་སྐུར་པ་མ་བཏབ། ལམ་གྱི་དུས་སུ་ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད། འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནས་འདི་བཀའ་འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུགས་མཐར་ཐུག་པ་འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་པ་གཟུང་བ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ནོ། །དེ་ལྟར་ཡིན་པས་རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆད་ཀྱི་ཀློག་པ་བ་མཁས་པ་རྣམས་དང་བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས་སངས་རྒྱས་ཀྱི་ཡེ་ཤེས་སུ་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས་འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང་། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལའང་ཡིད་ཆེས་དཀའ་ཞིང་། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཡང་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་བར་བྱེད་དོ། །མཉམ་གཞག་གི་ཚེ་ཅི་ཡང་ཡིད་ལ་


DNG026_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པས་ཧྭ་ཤང་གི་སྒོམ་དུ་འགྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མ་ལས། ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག །ཅི་ལ་ཡང་སེམས་པ་མེད་པ། ཞེས་དང་། འཕགས་པ་ཀླུའི་དགོངས་པ་ཇོ་བོས་བཀྲལ་བ་ལས། རྟོག་དཔྱོད་བྲལ་བའི་མཉམ་གཞག་གི་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཚེ་ཤིང་གཉིས་དྲག་ཏུ་དྲུད་པའི་མེའི་དཔེ་དང་བཅས་པས་བཤད་ཅིང་། ཤེས་པ་གང་ལའང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པས་རྒྱས་པར་བཤད་ཅིང་། དེ་དང་མཐུན་པར་ཀཱ་ཤིའི་སྒོམ་རིམ་གསུམ་ཀར་ཡང་བཤད་པས་དབུ་མ་རང་རྒྱུད་པ་རྣམས་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། དེ་ཧྭ་ཤང་དང་མཐུན་རུང་མི་མཐུན་རུང་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱིས་རང་བྱུང་གི་རིག་པ་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་ངེས་པས་དེ་ཉིད་སྒོམ་གྱི་རྟེན་དུ་བྱས་ནས་རྟོག་དཔྱོད་བྲལ་བའི་ཆོས་ཉིད་ལ་མཉམ་པར་གཞག་པས་རྣམ་པར་མི་རྟོག་པའི་ངང་དེར་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་ངོ་བོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་པས་ལྷག་མཐོང་གི་ཆོས་ཉིད་ལ་མ་རེག་ཅིང་སེམས་དང་སེམས་བྱུང་གི་ལྡོག་པས་བཞག་པའི་སྟོང་པ་འབའ་ཞིག་ལྟར་སྣང་བ་ལ་དམིགས་པའི་དེར་འཛིན་གྱི་བློ་དང་བཅས་པའི་འཛིན་སྟངས་ཀྱིས་བསྒྲིབས་པ་ནི་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་ཏེ། འོད་སྲུང་སྟོང་པ་ཉིད་དུ་དམིགས་པས་སྟོང་བ་ཉིད་ལ་རྟོན་པ་དེ་ནི་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དེ། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་


DNG026_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སླའི། མངོན་པའི་ང་རྒྱལ་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྟོན་པ་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུའི་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་དགག་སྒྲུབ་ཀྱི་རྣམ་དཔྱད་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། ལུང་དེའི་གོ་བ་ནི་དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པ་ཙམ་ལས་མཐའ་གཅིག་ཏུ་རྟོག་གེའི་རིག་པས་དཔྱད་ནས་རྟོགས་དགོས་པར་གསུངས་པ་མ་ཡིན་ཏེ། དེ་ཕྱིར་དེ་ནི་རྟོག་གེ་པ། །རོ་དང་འདྲ་བས་རྣམ་པར་བརྟགས། །ཞེས་རྣམ་གྲངས་དུ་མས་སྨད་པར་མཛད་པ་བཞིན་རྟོག་དཔྱོད་ཀྱི་འཕྲང་ལ་གཏུགས། དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་དཔྱད་པས་མཐའ་གཉིས་བསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབ་པ་ཤིན་ཏུ་དཀའ་སྟེ་ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་བཏགས་ཀྱི་ངོ་བོར་གནས་པ་སྟེ།དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར། འདིར་ནི་རང་བཞིན་རྫོགས་པ་ཆེན་པོའི་འདུག་སྟངས་གསུམ་གྱིས་གཟེར་བསྡམ། ལྟ་སྟངས་གསུམ་གྱིས་གནས་གཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ལྟ་བུར་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་


DNG026_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་རྣམས་ལ་དགོངས་ནས་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས་ལ། ལྟ་བ་ཟབ་མོའི་གནས་ལུགས་མ་འཁྲུལ་པར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང་། དེ་ཉིད་ཐེག་པར་མི་འཐད་པར་གསུངས་པ་ནི་དགོངས་པ་ཅན་ཏེ། ཉན་རང་བྱང་སེམས། སངས་རྒྱས་ཀྱིས་སས་བསྡུས་པའི་ཡེ་ཤེས་དེ་ཉིད་མ་རྫོགས་པ་དང་། ཅུང་ཟད་རྫོགས་པ་དང་། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་གཞག་དང་ཐེག་པའི་རིམ་པར་བཞག་པ། རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་སྒྲིབ་བྱེད་བྲལ་སྟོབས་ཆེ་ཆུང་གིས་ཡེ་ཤེས་མངོན་དུ་གྱུར་པར་བྱ་རྒྱུ་ཡོད་པ་ལ་དགོངས་པའི་ཕྱིར་ཐེག་པར་བཞག་པ་ལ་འགལ་བའི་གནས་ཆ་ཙམ་ཡང་མེད་དེ། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པར་མཐོང་བའི་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་གཞག་བྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་གདོད་ནས་གྲུབ་པའི་མཐའ་རྫོགས་པ་ཆེན་པོ་ལ་ཡིད་མི་ཆེས་བཞིན་དུ་བློས་གསར་དུ་བཞག་པའི་གྲུབ་མཐའ་ལ་མཆོག་ཏུ་བཟུང་བས་རྣམ་ཐར་སྒོ་གསུམ་གྱི་དོན་ཀྱང་གཞན་དུ་འཕུལ་བར་འགྱུར་ཏེ་གཟུགས་བརྙན་སྤངས་པའི་གྲིབ་མ་བཞིན་ནོ། །དེ་བཞིན་དུ་རྒྱུའི་ཐེག་པར་ཕྱག་རྒྱ་ཆེན་


DNG026_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མིང་ཙམ་ཡང་མ་བསྟན་པར་སྒམ་པོ་པ་ཁོ་ནས་བཅོས་པར་སྨྲ་བ་སོགས་ཀྱིས་བསྟན་པ་རིགས་པ་མ་ཡིན་པའི་ལམ་དུ་འདྲེན་པའི་སྐབས་ཀྱང་བྱུང་མོད། རྣམ་པར་འདུས་མ་བྱས་པའི་དབྱིངས་ལ་ཕྱག་རྒྱའི་མཚན་གྱིས་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་དགའ་བོ་ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ། །དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་བོ། གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན། རིགས་བཙུན་པ་ཡིན། མིའི་སེང་གེ་ཡིན། ཞེས་པ་ལ་སོགས་གསུངས་པ་དང་། སློབ་དཔོན་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་འཇུག་པར་ཡང་། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་པའི་ཕྱིར། མདོའི་དངོས་བསྟན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐབས་འགར་ཕྱག་རྒྱ་ཆེན་པོའི་སྒྲས་སྨོས་པར་མཛད་ཅིང་སྔགས་སུ་དེ་ཉིད་བདེ་བ་ཆེན་པོའི་ཐབས་ཀྱིས་བསྒྲུབས་པས་བདེ་སྟོང་ཕྱག་རྒྱ་ཆེན་པོར་འགྱུར་བའི་ཕྱིར་མདོ་སྔགས་ཀྱི་ཁྱད་པར་ཙམ་ལས་མདོའི་ཐེག་པར་ཕྱག་རྒྱ་ཆེན་པོ་གཏན་ནས་མ་བཤད་པར་སྨྲ་བའང་ཅུང་མི་ལེགས་ཏེ་བདེ་གཤེགས་སྙིང་པོ་སྤྱི་ཙམ་ཞིག་མདོའི་ལམ་དུ་བསྟན་ནས་ཤིན་ཏུ་རྒྱས་པའི་ཚུལ་རྣམས་སྔགས་སུ་བསྟན་པ་དང་མཚུངས་པའི་ཕྱིར་རོ། །དེ་བས་ན་དྲང་དོན་ཁོ་ནའི་ཕྱོགས་སུ་འཆེལ་བ་དང་། ཐ་སྙད་ཀྱི་རྣམ་གཞག་ཙམ་ལ་ཞེན་པ་དང་། ཚིག་གི་རྗེས་སུ་འབྲངས་པ་རྣམས་ཀྱིས་རང་འདོད་ཕྱོགས་ལྷུང་གི་ལུང་བསྒྲགས་པ་དེ་དག་གི་ཕུགས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དུ་མས་གཏིབས་ཤིང་། འོལ་ཚོད་ཀྱི་མུན་མདའ་རློམ་ཚོད་ཙམ་དུ་མ་སོང་བ་ཤིན་ཏུ་མང་བས་རིགས་དེ་ལ་ཚད་མས་འགོག་ནུས་པ་གང་ཡང་མེད་


DNG026_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདི་ཙམ་གྱིས་ཀྱང་མཚོན་ནུས་སོ། །ཡང་རྙིང་མ་བཀའ་ལ་མདོ་དབང་དུ་རྒྱུའི་ཐེག་པ་གསུམ་ལ་དབང་བསྐུར་གྱི་ཆོ་ག་གསུངས་པ་ཡང་། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱི་ཡི་རྡོ་རྗེ་བསྟན། །ཞེས་ཐེག་པ་རིམ་གྱིས་འཇུག་པ་དང་མཐུན་པར་བཤད་པ་བཞིན་འདིར་སྔགས་ལམ་དུ་ཐེག་པ་ཀུན་གྱི་གཞུང་ལམ་ཚང་བར་བསྟན་པས་ཐེག་དམན་སོ་ཐར་བསམ་སྦྱོར་བྱང་ཆུབ་སེམས་ཀྱིས་ཟིན་པ་ན་ཐེག་ཆེན་སོ་ཐར་དུ་གནས་འགྱུར་བས་ཡོན་ཏན་ཀྱང་འོག་མ་ལས་ཁྱད་པར་འཕགས་པ་བཞིན། རྒྱུའི་ཐེག་པ་གསུམ་སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས། རང་སའི་ཡོན་ཏན་ལས་ཁྱད་པར་དུ་འཕགས་པ་དང་མྱུར་ལམ་དུའང་འགྱུར་བའི་ཕྱིར་དོན་གྱི་འཐད་པ་ཁྱད་པར་ཅན་ཡོད་པར་མ་ཟད་དབང་བསྐུར་གྱི་ཐ་སྙད་དངོས་བསྟན་ཀྱང་སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་པ་དང་མེ་ཏོག་མདའ་ཅན་འཇོམས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དགེ་ཚུལ་གྱི་སྡོམ་པ་ལ་དབང་བསྐུར་གྱི་ཐ་སྙད་གསུངས་ཤིང་། སྤྱིར་དབང་གི་གོ་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་རྒྱལ་སྲིད་ལ་དབང་བསྐུར་བའི་ཚེ་རིན་པོ་ཆེའི་བུམ་པའི་ཆུས་ཁྲུས་བྱེད་ཅིང་བྲམ་ཟེ་རྣམས་ཀྱིས་ཤིས་པ་བརྗོད་ནས་རིན་ཆེན་བདུན་སོགས་རྒྱལ་སྲིད་དབང་དུ་བྱེད་འཇུག་པའི་སྲོལ་ཡོད་པ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས། མདོ་ལམ་དུ་ས་བཅུའི་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་འཚང་རྒྱ་ཀའི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ལས་འོད་ཟེར་སྤྲོས་པ་སེམས་དཔའ་དེའི་སྤྱི་བོར་ནུབ་པ་ལ་འོད་ཟེར་ཆེན་པོའི་དབང་ཞེས་ཐ་སྙད་མཛད་པ་ལྟར་


DNG026_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་ལམ་གང་དུ་འཇུག་པ་དེའི་ལྟ་སྒོམ་སྤྱོད་འབྲས་ལ་དབང་དུ་བྱེད་པའི་ཐབས་སངས་རྒྱས་ཀྱི་བྱིན་རླབ་ལ་དབང་གི་བརྡ་བཏགས་པ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་སྡེ་ལས། བློ་གྲོས་ཆེན་པོ་གཞན་ཡང་བྱིན་གྱིས་བརླབས་གཉིས་ཀྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞབས་ལ་གཏུག་ཅིང་འདྲི་བ་ཡོངས་སུ་འདྲིའོ། །བྱིན་གྱིས་བརླབས་གཉིས་པོ་གང་གིས་བྱིན་དུ་བརླབས་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བྱིན་གྱི་རླབས་ཀྱི་བྱིན་དུ་བརླབས་དང་། སྐུ་དང་། ཞལ་དང་། ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བའི་བྱིན་གྱིས་བརླབས་སོ། །དེ་ལ་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་དང་པོ་ལས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཏེ། སྐུ་དང་ཞལ་དང་གསུང་ཐམས་ཅད་ཡང་དག་པར་བསྟན་པས་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཡོན་ཏན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱི་རླབས་མཛད་དོ། །བློ་གྲོས་ཆེན་པོ་དེ་ལྟར་ས་དང་པོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱིན་གྱི་རླབས་རབ་ཏུ་འཐོབ་པོ། །བསྐལ་པ་བརྒྱ་སྟོང་ཀུན་ཏུ་བསགས་པའི་དགེ་བའི་རྩ་བ་དག་གིས་


DNG026_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གྱིས་སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་པདྨོ་ཆེན་པོའི་གཞལ་མེད་ཁང་དུ་སྟན་ལ་འདུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཅོད་པན་ཅན། དེ་དང་མཐུན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལ་རྒྱལ་བའི་ཕྱག་ཕྱོགས་བཅུའི་འཇིག་རྟེན་ནས་བྱུང་བ། བ་བླ་དང་། གསེར་དང་། མེ་ཏོག་ཙམ་པ་ཀ་དང་། ཟླ་བའི་འོད་ཟེར་དང་། པད་མོ་འདྲ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོ་ཆེན་པོའི་གཞལ་མེད་ཁང་ན་སྟན་ལ་འདུག་པ་དེ་ལ་དབང་བྱེད་པ་དང་། འཁོར་ལོས་སྒྱུར་བ་དང་། དབང་པོའི་རྒྱལ་པོ་ལྟར་སྤྱི་བོ་ནས་དབང་བསྐུར་རོ། །སྐུ་དང་ཞལ་དང་ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱག་གི་དབང་བསྐུར་བའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱིན་གྱི་རླབས་གཉིས་ཏེ། བྱིན་གྱི་རླབས་གཉིས་པོ་དེས་བྱིན་དུ་བརླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུ་བལྟའི། དེ་ལྟ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བར་མི་ནུས་སོ། །བློ་གྲོས་ཆེན་པོ་གཞན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་དང་། རྫུ་འཕྲུལ་དང་། བསྟན་པའི་རྣམ་པར་གང་ཅི་སྤོབས་ཀྱང་དེ་དག་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་གཉིས་ཀྱིས་བྱིན་གྱིས་བརླབས་པའོ། །བློ་གྲོས་ཆེན་པོ་གལ་ཏེ་ཡང་བྱིན་གྱི་རླབས་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤོབས་པ་འབྱུང་ན་ནི། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་སྤོབས་


DNG026_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་རྩྭ་དང་། ཤིང་གེལ་པ་དང་། ལྕུག་མ་དང་། ཤིང་དང་། རི་དང་། རོལ་མོའི་ཆ་སྤྱད་རྣམ་པ་སྣ་ཚོགས་དང་། གྲོང་ཁྱེར་དང་། ཁང་པ་དང་། ཁྱིམ་དང་། གཞལ་མེད་ཁང་གི་གནས་དག་ཀྱང་དེ་བཞིན་གཤེགས་པ་བྱོན་པའི་བྱིན་གྱི་རླབས་ཀྱིས་སྒྲ་འབྱིན་ན་བློ་གྲོས་ཆེན་པོ་སེམས་ཡོད་པ་དག་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་ལྐུགས་པ་དང་། འོན་པ་དང་། ལོང་བ་དག་ཀྱང་རང་གི་ཉེས་པ་ལས་རྣམ་པར་གྲོལ་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་དེ་ལྟར་ཡོན་ཏན་གྱི་བྱེ་བྲག་ཆེའོ། །བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གནས་པའི་དུས་དང་ཁྱད་པར་གྱི་ས་ལ་དབང་བསྐུར་བའི་བྱིན་གྱི་རླབས་ཅིའི་སླད་དུ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ལས་དང་ཉོན་མོངས་པས་མི་འཁྲུགས་པ་དང་། ཉན་ཐོས་ཀྱི་བསམ་གཏན་དང་སར་མི་ལྟུང་བ་དང་། དེ་བཞིན་གཤེགས་པའི་ས་སོ་སོ་རང་གིས་རིག་པར་བྱ་བ་དང་། འཐོབ་པའི་ཆོས་དང་། ཁོང་དུ་ཆུད་པ་རྣམ་པར་འཕེལ་བའི་ཕྱིར་བློ་གྲོས་ཆེན་པོ་རྒྱུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་བྱིན་གྱི་རླབས་ཀྱིས་བྱིན་དུ་རློབ་པར་མཛད་དོ། །བློ་གྲོས་ཆེན་པོ་བྱིན་གྱིས་མ་བརླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་མུ་སྟེགས་ཅན་དང་། ཉན་ཐོས་དང་། བདུད་ཀྱི་བསམ་པར་ལྟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་སྟེ། དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་བཞིན་


DNG026_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ཡི་དབང་པོའི་བྱིན་རླབས་ལས། །དབང་བསྐུར་ཏིང་འཛིན་དག་ལ་སོགས། །སྨོན་ལམ་དག་གིས་རྣམ་སྦྱངས་པ། །དང་པོ་དང་ནི་བཅུ་པར་འབྱུང་། །ཞེས་པ་སོགས་ཀྱིས་རྒྱས་པར་གསུངས་པ་བཞིན་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་དབང་ལ་བརྟེན་ནས་འཚང་རྒྱ་དགོས་པར་བཤད་པ་དེ་ལ་བསྙོན་དུ་མེད་པའི་ཕྱིར་ཉན་རང་བྱང་སེམས་གསུམ་གྱི་གནས་སྐབས་སུ་རང་ལམ་རྣམས་བསྒོམ་པར་དབང་བ་དང་། མཐར་ཐུག་ཏུ་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཕྱིར་ཉན་རང་གཉིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་མྱུར་ལམ་དུ་འགྱུར་བའི་གནད་ཁྱད་པར་ཅན་ཡོད་པའི་ཕྱིར་རྡོ་རྗེ་འཆང་ཐབས་ལ་མཁས་ཤིང་ཐམས་ཅད་མཁྱེན་པའི་ཕྱིར་དེ་སྐད་གསུངས་པ་ཡིན་ལ་བླ་མེད་ཀྱི་དབང་གོང་མ་གསུམ་ལ་མ་བརྟེན་པར་སྔགས་ཕྱི་པའི་རྒྱུད་ཀྱིས་རྡོ་རྗེ་འཆང་གི་གོ་འཕང་མི་འཐོབ་པར་བཤད་པའང་དོན་གྱིས་འདིར་མཐུན་ཅིང་མདོ་ལམ་དུ་སྦས་ཏེ་འོད་ཟེར་ཆེན་པོའི་དབང་ངམ་བྱིན་རླབ་ཙམ་དུ་གསུངས་པའི་ཕྱིར་རོ། །ཡང་། འགོས་ལྷས་བཙས་ཆོས་རྗེ་ཟུར་པའི་དྲུང་དུ་ཆོས་ཞུ་བར་ཕྱིན་པ་མ་ཐོབ་པའི་སྙིང་ནད་ལ་བརྟེན་ཁོང་རྒྱ་གར་དུ་ཕྱིན་པས་རྙིང་མའི་རྒྱུད་རྣམས་རྒྱ་གར་ན་མེད་པར་བསྒྲགས་ཤིང་། དཔལ་གསང་བའི་སྙིང་པོ་ལ་སྐྱོན་བཞི་སོགས་ཀྱི་ཀླན་ཀ་བཀོད་པར་བྱས་པ་ལ་བོད་འགའ་ཞིག་གིས་སྐྱོར་ཟློས་རེ་བྱེད་པའང་བྱུང་མོད། ཁོང་ཉིད་རྒྱ་གར་དུ་ཕྱིན་པས་ཡུལ་ཕྲན་ཤས་ཤིག་ལ་མ་གྲགས་པས་སྔ་འགྱུར་མེད་པར་མི་འགྲུབ་ཅིང་། རྫོགས་པ་ཆེན་པོ་སོགས་ཆེས་ཟབ་པའི་རྒྱུད་སྡེ་རྣམས་ཞལ་ནས་སྙན་དུ་བརྒྱུད་པ་ཆིག་བརྒྱུད་ཙམ་མ་གཏོགས་དཔེ་ཡང་མི་སྣང་བར་མཛད། གདམས་པ་ཤུལ་དུ་བཞག་པ་ཙམ་ཡང་མེད་ན་བོད་དུ་ཁྱི་དང་བྱི་ལ་ཡན་ཆད་ལ་གསང་སྔགས་ཁྲོམ་ཆོས་བྱེད་པའི་སྲོལ་འདི་ལྟ་བུ་རྒྱ་གར་དུ་མེད་པས་


DNG026_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་གིས་མ་མཐོང་ཞིང་མ་ཐོས་པ་བདེན་མོད་ཀྱི། འོན་ཀྱང་ཇོ་བོ་ལྷ་གཅིག་དཱི་བཾ་ཀ་ར་ལྟ་བུའི་འཕགས་ཡུལ་ཙམ་ན་སྔགས་སུ་མཁྱེན་པ་ཆེ་བར་གྲགས་པས་ཀྱང་བོད་དུ་བེ་ཧར་དཀོར་མཛོད་གླིང་གི་རྒྱ་དཔེ་རྣམས་གཟིགས་པས་ཁོང་ཉིད་ཀྱིས་སྔོན་ཆད་གསན་གཟིགས་མ་མྱོང་བའི་རྒྱུད་སྡེ་མང་པོ་བཞུགས་པས་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆགས་པའི་ལོ་རྒྱུས་ཇོ་བོ་ཉིད་ཀྱི་རྣམ་ཐར་དུ་གསལ་ན་ཁོང་ལྟ་བུའི་སོ་སྐྱེས་མ་མཐོང་བ་ལ་ཁག་མེད་ཅིང་དེར་མ་ཟད་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཚུན་ཚད་ཆུ་བཞིན་ཉུལ་བའི་གཞན་སྣང་ཟིལ་གྱིས་གནོན་པར་ནུས་པ་ཨོ་རྒྱན་པ་རིན་ཆེན་དཔལ་ལྟ་བུས་ཀྱང་མི་ཡུལ་དུ་བྱོན་པའི་སྔགས་ཀྱི་མཐའ་མ་གཟིགས་པར་གསུངས་པས་མཚོན་ནུས་ཤིང་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །དེ་བཞིན་དུ་གསང་བ་སྙིང་པོ་བོད་མར་བསྒྲགས་པའི་རྫུན་ཕུགས་བཅོམ་ལྡན་རལ་གྲི། པཎ་ཆེན་ཤཱཀྱ་ཤྲཱི། ཐར་པ་ལོ་ཙཱ་བ། འགོས་ལོ་གཞོན་ནུ་དཔལ་བ། ཤ་གད་ལོ་ཙཱ་སོགས་ཀྱི་ཕྱག་ཏུ་རྒྱ་དཔེ་དངོས་མ་སོན་པས་གཏིབས་ཤིང་ཁྱད་པར་ཕྱིས་འགྱུར་ཙམ་ལ་མཁས་པའི་མཆོག་བསྟན་པའི་བྱི་དོར་བ་ཆེན་པོ་རིག་པའི་རལ་གྲིས་གསང་སྙིང་སྒྲུབ་པ་ལས་འདི་ལྟར་གསུངས་ཏེ། འདི་རྒྱུད་ཡང་དག་པ་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་བྱ་བ་དང་། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཤེས་བྱ་བ་ཡིན། །ཞེས་པའི་འགྲེལ་པར། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་སོ་


DNG026_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སོ་མ་ཡིན། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ་ཞེས་བྱ་བ་དང་། རང་བཞིན་རང་བཞིན་མེད་པའི་རྒྱུ། ཞེས་པའི་འགྲེལ་པར། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་དང་། གསང་བའི་དོན་འཆད་པ་ན། གསང་སྙིང་ལས་རང་བཞིན་དང་། གབ་པ་དང་། སྦས་པ་དང་། མི་བསྟན་པའི་གསང་བ་ཞེས་འབྱུང་། བྱ་བ་དང་། གསང་སྙིང་ལས། དབང་ལྔ་འབྱུང་། ཞེས་བྱ་བ་དང་། མཐིང་ག་དཀར་པོ་སེར་ལེ་བརྒན། ཞེས་པ་དང་། མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། ཅེས་བྱ་བའི་བར་དང་། གསང་སྙིང་ལས། དེ་ཁོ་ན་ཉིད་གསུམ་དུ་འབྱུང་། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་གསང་སྙིང་གི་མཚན་སྨོས་ནས་དྲངས་སོ། །ལོག་པའི་སྐྱོན་བཞི་ལ་སོགས་པ་སྤང་བ་ནི། འདི་སྐད་བཤད་པ་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ས་བཅུ་པ་བས་ཀྱང་བསྡུ་བར་མི་ནུས་པས་སངས་རྒྱས་ཉིད་ཀྱིས་བསྡུས་པར་འདོད་པའི་ལུགས་ཡིན་ཏེ། གསང་འདུས་ཀྱི་འགྲེལ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་བསྡུས་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་བཤད་པ་བཞིན་གསུང་མཁན་ཉིད་ཀྱིས་བསྡུས་པའི་ལུགས་ཡིན། གཞི་ཚད་མེད་པ་ནི་ཆོས་མངོན་པ་ནས་ཀྱང་འོག་མིན་ལ་ཚད་མེད་པར་བཤད་པ་ཡོད་དོ། །དུས་བཞི་ནི་བི་ཤྭ་མི་ཏྲའི་འགྲེལ་ཆེན་ནས་ཀྱང་། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། ཞེས་


DNG026_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱིས། ཞེས་གསར་མ་ནས་ཀྱང་བཤད་ལ། སངས་རྒྱས་གསང་བས་བསྐལ་པ་བཞི་ལ་བཤད་དོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་འཕོ་བར་བྱ་བ་གསར་མ་ནས་ཀྱང་བཤད་དོ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པ་ནི་གསང་རྙིང་གི་རྒྱ་དཔེ་ལས། སཱུ་ཏྲི་པྲཛྙ་ཏིཀ་ཥྱ་ཏི་བྱ་བ་ཡོད་དེ། སཱུ་ཏྲི་ཐིག་གི་རྒྱ་སྐད་ཡིན། ཉི་འོད་སེང་གེའི་འགྲེལ་པ་ནས་ཀྱང་ཐིག་ལ་བཤད། ཏིག་གནའ་སྐད་ཡིན། རྒྱུད་གཞན་དུ་ཁ་འཕངས་པ་ནི། དགྱེས་པ་རྡོ་རྗེ་ལ་སོགས་པ་ཕྱིས་གསུངས་པ་ཐམས་ཅད་ཀྱང་དང་པོར་གསུངས་པའི་དེ་ཉིད་བསྡུས་པར་ཁ་འཕངས་ནས་ཡོད་དོ། །ཞེས་པ་ལ་སོགས་ཀྱིས་ལེགས་པར་བཤད་པ་ལྟར་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་པོར་རྒྱུད་འདི་ཉིད་ཀྱི་ལུང་དྲངས་ཤིང་སྔར་སྨོས་པའི་སློབ་དཔོན་དེ་དག་རྣམས་ཀྱིས་འགྲེལ་པའི་རྣམ་གྲངས་དུ་མ་དང་བཅས་པས་འཆད་ཉན་གྱིས་གཏན་ལ་ཕབ་པ་མངོན་སུམ་དུ་གྱུར་བཞིན་རང་གི་བློ་གྲོས་དང་གྲགས་པ་ཟོང་མར་གཏོང་བའི་སྨྱོན་ཧམ་གྱི་རྒྱ་བསྐྱེད་ལུགས་ལ་ལྟོས་ཤིག །འོན་ཀྱང་པཎ་ཆེན་ཤཱཀ་མཆོག་པས། རྙིང་མའི་ཆོས་རྣམས་འཕགས་ཡུལ་ནས། །བསྒྱུར་བར་འབད་པས་བསྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་གྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་བསྒྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཀྱང་། །མཆོག་དང་ཐུན་མོང་གྲུབ་པ་ལ། །མི་བསླུ་འགྲུབ་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་ཀྱང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་མིན། །རྡོ་རྗེ་སེམས་དཔས་གནང་ཐོབ་པའི། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པར་ཆོག་པར་གསུངས་པ་ཡིན། །རྙིང་མའི་ཆོས་ལུགས་འཕགས་ཡུལ་


DNG026_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསྒྱུར་བར་ངེས་རྣམས་གྲུབ་མི་དགོས། །མ་ངེས་པ་རྣམས་བསྟན་བཅོས་སུ། །བསྒྲུབས་ལས་གྲུབ་པར་འགྱུར་འདི་ཡང་། །གང་འདི་རྣམ་རྟོག་རང་བཟོའི་ལས། །རྙེད་ནས་འཕྱན་པར་གྱུར་མིན་གྱི། །བོད་ཀྱི་ཡུལ་དུ་སྔོན་བྱོན་པའི། །ཆེན་པོ་རྣམས་ཀྱིས་དེར་བཤད་པའོ། །ཞེས་རིགས་པར་སྨྲས་པ་འདི་ནི་དྲང་པོར་གནས་པའི་རྟོག་དཔྱོད་ཀྱིས་ཤེས་བྱ་རིག་པའི་གཏན་ཚིགས་སུ་སྣང་ཞིང་། སྤྱིར་རྒྱ་གར་ནས་བྱུང་བ་ཁོ་ནས་ཆོས་དེ་འགངས་ཆེ་རུ་མི་འགྲོ་སྟེ་བསྟན་བཅོས་རྣམས་ཀྱང་ཡུལ་གྱི་སྒོ་ནས་བཟང་ངན་འབྱེད་པར་མཁས་པ་རྣམས་ལ་མ་གྲགས་ཤིང་མཛད་པ་པོ་གང་དག་གྲུབ་པའི་ས་ལ་བཞུགས་པ་ཞིག་ཡིན་ན་དེས་མཛད་པའི་བསྟན་བཅོས་རྣམས་ཀྱང་ཚད་མར་བྱེད་དགོས་པའི་ཕྱིར་རྒྱ་བོད་གར་དུ་བྱུང་ཀྱང་ཁྱད་མེད་པར་གྲུབ་པས་སྐབས་འགར་རྒྱ་གར་བའི་བསྟན་བཅོས་ལས་བོད་ཀྱི་བསྟན་བཅོས་བཟང་བའང་ཡོད་དེ། རྒྱ་པཎ་སོ་སྐྱེས་སྒྲ་ཚད་ལ་བྱང་བ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་བརྩམས་པ་དང་བོད་ཀྱི་གྲུབ་བརྙེས་སྔ་མ་རྣམས་ཀྱིས་མཛད་པ་དེ་དག་ལས་ཕྱི་མ་བཙན་པར་བྱ་དགོས་པ་ཉིད་དེ། སྔ་འགྱུར་གྱི་རྒྱུད་དང་རིག་པ་འཛིན་པའི་ས་ཆེན་པོར་བཞུགས་པ་དེ་དག་གིས་མཛད་པའི་མན་ངག་ལ་བརྟེན་ནས་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མི་བསླུ་བར་འགྲུབ་པ་བོད་འདིར་ཡང་མངོན་སུམ་དུ་གྱུར་པ་རྫོགས་པ་ཆེན་པོ་ཀློང་སྡེའི་གདམས་པས་སྤང་མི་ཕམ་མགོན་པོའི་སློབ་བརྒྱུད་བདུན་གྱི་རིམ་པ་དང་། ཉང་ཏིང་འཛིན་བཟང་པོ་ནས་ལྡོང་མ་སོགས་བདུན་བརྒྱུད་དུ་འོད་གསལ་སྙིང་ཐིག་གི་ལམ་ནས་འཇའ་ལུས་འཕོ་བ་ཆེན་པོར་གཟུགས་སྐུ་དེངས་པ་སོགས་ཇི་སྙེད་བྱུང་བ་དང་། ཟུར་མེས་དབོན་གསུམ་སོགས་ཤི་བ་སློང་ནུས་པའི་བརྟུལ་ཞུགས་དང་། སྐུ་དེ་ཉིད་ཀྱིས་མཁའ་ལ་མི་སྣང་བར་གྱུར་པའང་དུ་མ་བྱུང་བ་དང་། འཕགས་པའི་བློ་གྲོས་ཀྱིས་བདེ་བར་གཤེགས་པའི་ཆོས་ཚུལ་ཟབ་མོའི་གནས་


DNG026_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བ་ལ་བསྙེངས་པ་མི་མངའ་བའི་འཛམ་གླིང་མཛེས་པའི་རྒྱན་མཆོག་ཀླུ་ཐོགས་རྣམ་གཉིས་ལྟ་བུའི་གོ་འཕང་ལ་ཞབས་སྟེགས་བཀོད་པ་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པ་སོགས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པའང་ཇི་སྙེད་བྱུང་བར་གྱུར་ལ། ཐུན་མོང་དུའང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའི་སྨན་གྱི་རྒྱུད་བཞིས་ཀྱང་འགྲོ་བ་མཐའ་ཡས་བ་ལ་དབུགས་འབྱིན་ཆེན་པོ་སྟེར་བ་དང་། གཞན་ཡང་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་སྟེ་ཕྲིན་ལས་བཞི་པོའི་སྒོ་ནས་ལས་འབྱམས་སྒྲུབ་པ་ལ་ཐབས་ཟབ་པས་གངས་ཅན་གྱི་ལྗོངས་འདི་ཙམ་དུའང་འཇིགས་པ་ཆེན་པོ་དག་གིས་ཉམ་ང་བར་གྱུར་པ་ན་སྔ་འགྱུར་རྗེས་འབྲངས་དང་བཅས་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་སྐྱབས་སུ་འཆོལ་དགོས་པར་བྱུང་བ་ས་པཎ་གྱིས་འཕྲོག་བྱེད་དགའ་བོ་རིག་པས་ཕམ་པར་ནུས་ཀྱང་ནམ་མཁའ་ལ་འཕུར་བར་བརྩམས་པ་ན་འདག་ཕྱར་བས་ཕུར་པའི་རིག་སྔགས་ཀྱིས་བཅིངས་པ་ལྟ་བུ་མངོན་སུམ་ཚད་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གཞན་ལ་སྨན་པ་འབའ་ཞིག་ཡིན་པས་མངོན་མཐོ་དང་ངེས་པར་ལེགས་པའི་ཕྲིན་ལས་ཅན་གྱི་བསྟན་པ་དེ་ཉིད་ཕྱོགས་གང་དུ་འཕུལ་བསམ་པར་བྱ་དགོས་སོ། །ཚུལ་དེ་ལ་དགོངས་ནས་མཁས་མཆོག་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས། སྤྱིར་ན་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ལྷག་ཅིག་གི་བར་དུ་དབུས་གཙང་ན་རབ་ཏུ་བྱུང་བ་ནི་གཅིག་ཀྱང་མེད། རྙིང་མ་པའི་སྔགས་འཆང་མང་དུ་ཡོད་པ་རྣམས་ཀྱིས་ཡུལ་སོ་སོར་སྒྲུབ་པ་ཁྱད་པར་ཅན་གྱིས་བཀྲ་ཤིས་པར་མཛད་ཅིང་། ཁྱིམ་པ་རྣམས་ཀྱིས་ཀྱང་དེ་དག་ལ་དད་ཅིང་ཟས་གོས་སོགས་ཀྱིས་མཉེས་པར་བྱས། བུམ་དབང་ཙམ་རེ་བླངས་ཤིང་། རྒྱུད་རིམ་གྱིས་སྨིན་པ་ལ་བརྟེན་ནས། ཀླུ་མེས་ལ་སོགས་པའི་དབུས་གཙང་གི་མི་དྲུག་གམ་བརྒྱད་དུ་གྲགས་པ་རྣམས་བྱོན་པའི་ཚེ། ཡུལ་དང་ཡུལ་ཕྲན་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་


DNG026_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡེ་གྲངས་མེད་པ་འཕེལ། སྔོན་རྒྱལ་བློན་གྱི་དུས་སུ་འགྱུར་བའི་བཀའ་བསྟན་བཅོས་རྣམས་ལ་མ་ཉམས་པར་ལོངས་སྤྱད་པས་ཆོག་པ་བྱུང་། མཁས་པ་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་ཕལ་ཆེར་ཡང་། རྙིང་མ་པའི་གྲུབ་ཐོབ་བརྒྱུད་པ་ལས་བྱུང་བ་ཡིན་ནོ། །ཞེས་བཤད་པ་ལྟར་འཕགས་ཡུལ་གྱི་སློབ་དཔོན་ཨིནྡྲ་བུ་དྷི་དང་། ཡེ་ཤེས་ཞབས་དང་། ནཱ་རོ་པ་སོགས་ཀྱིས་མཛད་པའི་རྫོགས་ཆེན་གྱི་མན་ངག་ཐར་ཐོར་བོད་དུ་བྱུང་བ་ཙམ་ལས་གྲུབ་ཐོབ་གཞན་གྱིས་མཛད་པའི་བསྟན་བཅོས་སོགས་ཆེ་བ་བོད་དུ་མ་འགྱུར་ཡང་སློབ་དཔོན་འདི་དག་གསང་བ་བསྲུང་བ་ལ་ཐུགས་བརྟན་པས་མཆོག་ཏུ་ཟབ་པའི་མན་ངག་རྣམས་ཤུལ་དུ་བཞག་པའང་མེད་ན་ཐུན་མོང་དུ་འཆད་པ་ལྟ་ཞོག་དཔེ་ཙམ་ཡང་མི་སྣང་བར་རྒྱས་བཏབ་པ་མང་བའི་ཕྱིར་མཆོག་སྐལ་བ་དང་ལྡན་པའི་སློབ་མ་གཅིག་ཙམ་ལ་ཤིན་ཏུ་གསང་ནས་བསྟན་པ་སྲིད་པ་ཙམ་སྟེ། དཔེར་ན་མར་པས་མིང་ཙམ་མ་ཐོས་པའི་ན་རོ་མཁའ་སྤྱོད་ཕམ་མཐིང་པ་ལ་གྲགས་པ་བཞིན་ནོ། །དེ་བཞིན་དུ་པཎ་ཆེན་ཤཱཀྱ་ཤྲཱིས་སློབ་དཔོན་ཆེན་པོ་དངོས་ལས་རྡོ་རྗེ་ཕུར་བུ་ཐོས་པ་དང་། ཕ་དམ་པས་རྫོགས་ཆེན་ལ་ཐུགས་དམ་གྱི་མཐིལ་དུ་བཟུང་བའི་ལོ་རྒྱུས་ཀྱང་ཡོད། དུས་ཕྱིས་གྲུབ་ཆེན་ཞི་བ་སྦས་པས་སློབ་དཔོན་པདྨ་དངོས་ལས་རྒྱུད་སྡེ་དུ་མའི་བཤད་བཀའ་དབང་བཀའ་མན་ངག་གི་བཀའ་སོགས་གསན་ནས་འགྲོ་ལྡིང་གི་ཡུལ་སོགས་གཞན་ལའང་སྤེལ་བའི་ལོ་རྒྱུས་སློབ་དཔོན་དེ་ཉིད་ཀྱི་སློབ་མ་བོད་དུ་བྱོན་པ་རྣམས་ཀྱིས་གསུངས་པ་དང་། ཞང་གཡུ་བྲག་པས་སློབ་དཔོན་ཆེན་པོ་དང་། བོ་དྷི་སཏྭ། བི་མ་ལ་རྣམས་ལས་དངོས་སུ་གསན་པའི་རྫོགས་ཆེན་ཡོད། རྗེ་བཙུན་མི་ལས་ཐོག་མར་གནུབས་ཁུ་ལུང་པ་ལས་རྫོགས་ཆེན་སེམས་སྡེ་གསན་པས་རིག་ཐོག་ཏུ་མཉམ་པར་མ་བཞག་པས་རེ་ཞིག་ཆོས་དང་གང་ཟག་སྣ་འཛོལ་བ་ལྟར་གྱུར་ཀྱང་མཐར་རྗེ་ལྷོ་བྲག་པའི་གཏུམ་མོའི་རྒྱུ་བྱས་ནས་རྫོགས་པ་ཆེན་པོ་བློ་ཟད་ཆོས་ཟད་ཀྱི་ལམ་ནས་གྲུབ་པ་བརྙེས་པ་ཡིན་ཏེ་རྡོ་རྗེའི་


DNG026_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་དུ་ཡང་། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །ཁ་ནས་གདམས་ངག་ཁྲག་ཏུ་སྐྱུགས། །ཞེས་སོགས་གསུངས་པས་མཚོན་ནུས། རྗེ་ཀརྨ་པ་པཀྵྀ་དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་བར་གྱུར་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཁོང་དུ་ཆུད་པའི་སྔོན་གནས་རྗེས་དྲན་ལས་དང་ཀཿཐོག་པ་བྱམས་པ་འབུམ་ལས་རྫོགས་ཆེན་གསན་པ་སོགས་ཀྱིས་གྲུབ་པ་ཐོབ། ཀུན་མཁྱེན་རང་བྱུང་རྡོ་རྗེས་བི་མ་ལའི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་སྙིང་ཐིག་གི་བསྟན་པའི་བདག་པོར་གྱུར་ནས་དགོངས་གཏེར་ཀྱང་བྱོན། གྲུབ་ཆེན་ཨོ་རྒྱན་པ་དང་། རྗེ་རྒོད་ཚང་པ། ཡང་དགོན་པ་སོགས་འཁོར་འདས་རོ་མཉམ་དུ་རྟོགས་པ་དེ་རྣམས་གནས་སྐབས་ལམ་གང་ལ་བརྟེན་ཀྱང་གྲུབ་པ་རྫོགས་པ་ཆེན་པོའི་ཀློང་དུ་ཐོབ་པ་ཡིན་ཏེ་སོ་སོའི་དགོངས་པའི་ཞེ་ཕུགས་ལ་ལྟོས། དཔལ་ལྡན་ས་སྐྱ་པ་སློབ་དཔོན་པདྨའི་དངོས་ཀྱི་སློབ་མ་རྦ་གསལ་སྣང་གི་རྒྱུད་ལས་སྔ་འགྱུར་གྱི་བཀའ་སྲོལ་ལས་གྲུབ་པ་བརྙེས་པ་ཤ་སྟག་བྱུང་ཞིང་ཡང་དག་དང་ཕུར་པ་གཉིས་ཀྱིས་ས་སྐྱ་པའི་ཡི་དམ་གྱི་སྲོག་བཟུང་བ་ན་དུས་སྐབས་དེར་བོད་ཀྱི་མཁས་རློམ་རྣམས་ཀྱིས་སྔ་འགྱུར་ལ་ཆུ་བུན་འབྱུག་པར་འདོད་པའི་ཚེ་ཡང་ཕུར་གཉིས་ཆོས་ཀྱི་བདག་པོའི་གཟི་བྱིན་གྱིས་བསྲུངས་པས་རྣམ་པར་དག་པའི་གནས་སུ་བཀུར་བས་རང་གིས་བྲིས་པ་རང་གིས་ཟུབ་པར་བྱེད་པའི་སྐབས་ཀ་བྱུང་། ཆོས་རྗེ་བླ་མ་དམ་པས་ཀྱང་རྡོ་རྗེ་ཕུར་པ་ལ་བརྟེན་ནས་མངོན་རྟགས་བརྙེས་ཤིང་ཡིག་ཆ་མཛད། ཁྱད་པར་བདག་ཆེན་བློ་གྲོས་རྒྱལ་མཚན་ནས། ཀུན་སྤངས་རྡོ་རིངས་པ་དང་། ཆོས་རྗེ་ཚར་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་ས་ལུགས་ཀྱི་བསྟན་འཛིན་མཆོག་རྣམས་སློབ་དཔོན་ཆེན་པོས་དངོས་སམ་བརྒྱུད་པས་རྗེས་སུ་བཟུང་བ་དང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྫོགས་ཆེན་སོགས་སྔ་འགྱུར་གྱི་ལམ་ནས་དངོས་གྲུབ་བརྙེས་པ་མང་བ་སོ་སོའི་རྣམ་ཐར་སོགས་ཀྱིས་ཤེས་པར་ནུས་ཤིང་འདིར་སྨོས་ཀྱིས་མི་ལང་ངོ་། །ཡང་བརྒྱུད་སྲོལ་དེ་ལས་བྱུང་བའི་གསུང་ངག་


DNG026_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འདི་ཡང་ཐོག་མར་སྟོན་པའི་སློབ་དཔོན་གྱིས་དཔེ་མཁྱུད་བྱས་པའམ་བསྟན་དུ་ཟིན་ཀྱང་གཞུང་དེའི་ཁུངས་སྔར་འགྱུར་བ་ལས་ཕྲག་པ་དོག་པས་སམ་གང་ལྟར་སྔོན་ཆད་བོད་འདིར་རྒྱུད་སྡེ་གཅིག་ཙམ་མ་ཡིན་པར་དུ་མའི་དགོངས་པ་བསྡུས་པ་ཡིན་ཚུལ་ཞིག་ནི་འཆད་ལ། དེ་ལས་རྒྱུད་འདི་དང་འདིའི་མན་ངག་ཡིན་རྩ་བ་འདི་ཡིན་ཞེས་ངོས་བཟུང་རྒྱུ་མ་བྱུང་ཞིང་བོད་དུ་ཕྱིས་འགྱུར་བའི་རྒྱུད་སྡེ་དག་གི་ཁྲོད་དུ་ནི་གདམས་ངག་འདིའི་ཚིག་ཟིན་ཙམ་ཡང་མི་འབྱུང་ལ། རྒྱུ་མཚན་དེས་རྗེ་འགོས་ཀྱིས་ཀྱང་། མི་ཐུབ་ཟླ་བའི་སློབ་མ་རྒྱ་གར་ཤར་ཕྱོགས་ཀྱི་དགེ་སློང་པྲཛྙ་ཨིནྡྲ་རུ་ཙིས་འབྲོག་མི་ལོ་ཙཱ་བར་གསང་སྔགས་ཀྱི་དབང་བསྐུར། རྒྱུད་བཤད། མན་ངག་རྣམས་རྒྱ་ཆེར་གནང་། རྩ་བ་མེད་པའི་ལམ་འབྲས་ཞིག་ཀྱང་གནང་། ཞེས་གསུངས་ལ། དོན་དུ་ནི་སྔ་འགྱུར་ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ལས་དངོས་སུ་བསྟན་པའི། དབང་བཞི། སྒྲིབ་པ་བཞི། ལམ་བཞི། གྲུབ་མཐའ་བཞི། འདའ་ཀ་བཞི། འགྲོས་བཞི། སྐུ་བཞི་ལ་སོགས་པའི་རྣམ་གཞག་རྣམས་ཀྱི་རྫོགས་རིམ་བཤད་པ་འདི་ཉིད་དུ་གྲུབ་པའི་ཕྱིར་རྒྱུད་འདི་ཉིད་ཀྱི་མན་ངག་ཏུ་ཚད་མས་གྲུབ་པ་ཡིན་ནོ། །ཡང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་ལས་ཀྱི་རྡོ་རྗེར་གྲགས་པ་གསང་བའི་བདག་པོ་ལས་དངོས་ཀྱིས་ལུང་ལེན་ནུས་པ་བྱ་བ་གང་ཡིན་ལུང་སྟོན་པ་ཞིག་ཡོད་ལ། དེ་ལ་ཕྱག་ན་རྡོ་རྗེས་སྙན་བརྒྱུད་དུ་བྱིན་པའི་རིམ་པ་གཉིས་ཀྱི་མན་ངག་རྣམས་རྫོགས་པ་ཆེན་པོའི་ལམ་དངོས་རྐང་ཚུགས་པར་ཡོད་དེ། རྗེ་བཙོང་ཁ་པས་ཡང་དག་པའི་ལྟ་བ་ཟབ་མོ་ལ་དོགས་པ་གཅོད་པར་གྲུབ་ཆེན་ལ་གསོལ་བ་བཏབ་པས། ཁོང་གིས་གསང་བདག་ལ་ཞུས་ཤིང་དེས་བསྩལ་བའི་ཞུས་ལན་བདུད་རྩི་སྨན་མཆོག་ལས། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག་ཐེག་


DNG026_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡང་རྩེ། སྨན་ཆེན་པོའི་སྒྲུབ་པ་ལ་སེམས་ཉིད་འོད་གསལ་རྩད་ཆོད་གསུངས་པ་དང་། ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི། སུས་ཀྱང་མ་བཅོས་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་གསུངས། འདི་ལ་བཅའ་བཅོས་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་དེ་ཀ་དག་གི་ཀློང་དུ་སངས་རྒྱ་བ་ཡིན་གསུངས། དེ་བཞིན་དུ་རང་བཞིན་འོད་གསལ་བ་འདི། ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་གསལ་ཐུགས་རྗེ་འགག་མེད། གང་ཤར་ཀྱང་རང་བཞིན་གྱིས་མ་གྲུབ་པ་གསུམ་ག་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང་། དབྱེར་མེད་དུ་སངས་རྒྱ་བ་ཡིན་གསུངས། ཞེས་པ་ལ་སོགས་དང་། ཕྱག་ན་རྡོ་རྗེའི་བསྐྱེད་རྫོགས་བདུད་རྩིའི་ཐིགས་པ་ལས། ཡེ་ཤེས་ལྷའི་ཞལ་ནས། སྐྱེ་མེད་བློ་འདས་ཆོས་ཀྱི་དབྱིངས། །འགག་མེད་སྤྲོས་བྲལ་ཅིར་ཡང་སྣང་། །འཁོར་འདས་གཉིས་མེད་ཀ་ནས་དག །རང་སྣང་སྐྱེ་མེད་དབྱིངས་སུ་ཐིམ། །ཞེས་གསུངས་པ་དང་། དངོས་འཛིན་འཁྲུལ་སྣང་མ་ཞིག་ན། །སྟོང་ཉིད་བསྒོམ་པ་གོལ་བའི་གནས། །སྟོང་ཉིད་བློ་དང་མ་བྲལ་ན། །གཉིས་སྣང་ཆོས་ཀྱིས་གྲོལ་མི་ནུས། །སྐུ་ལྔ་བསྒྲུབ་བྱར་འདོད་པ་དང་། །དུག་ལྔ་སྤང་བྱར་འདོད་པ་དང་། །སངས་རྒྱས་ཐོབ་བྱར་འདོད་པ་དང་། །འཁོར་བ་སྤང་བྱར་འདོད་པ་སོགས། །དགག་སྒྲུབ་དེར་འཛིན་མ་ཆོད་ན། །ཡང་དག་སྙིང་པོའི་དོན་མི་རྙེད། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །ནམ་ཡང་འཁོར་བའི་གནས་སུ་འཁྱམས། །བློ་འདས་ཙམ་ལ་བློ་ཞེན་ཀྱང་། །བློ་བྱས་ཆོས་ཀྱིས་གྲོལ་མི་ནུས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ཟད་ཆོས་ཟད་ཐེག་པའི་རྩེ། །རང་སེམས་ཆོས་སྐུ་དངོས་མེད་ལ། །རིག་པའི་མིང་འདོགས་མ་མཛད་ཅིག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་


DNG026_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག །བྱར་མེད་ངང་ལ་ལྷུག་པར་ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །ཞོག་དང་མ་ཞོག་ཐ་སྙད་མེད། །མིང་མེད་བརྗོད་མེད་རྟག་གཞི་བྲལ། །རྟག་སྣང་བློ་ནི་དབྱིངས་སུ་ཞི། །དགག་སྒྲུབ་སྤང་ལེན་ཀློང་དུ་ཡལ། །སྤྲིན་ཚོགས་མཁའ་ལ་དེངས་པ་འདྲ། །རྣམ་རྟོག་མ་སྤངས་རང་སར་དག །ལར་ནི་ལྟ་སྒོམ་སྤྱོད་འབྲས་བཞི། །ལྟ་བ་ཞེ་འདོད་མེད་པར་གྱིས། །སྒོམ་པ་བློ་སྒོམ་འཛིན་པ་ཞིག །སྤྱོད་པ་བྱར་མེད་ཞེན་མེད་སྐྱོང་། །འབྲས་བུ་ཆོས་སྐུ་རང་ཆས་ལ། །གཞན་ནས་བསྒྲུབ་འདོད་ཡིད་སྨོན་དོར། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ཆོས། །རྒྱུད་འགྲེལ་མན་ངག་བརྗོད་མི་ལང་། །དེ་དག་ཐམས་ཅད་འདུས་པའི་བཅུད། །མར་གྱི་ཡང་ཞུན་ལྟ་བུ་ཡི། །མན་ངག་བདུད་རྩི་ཐིག་པ་འདི། །བཅུད་མཆོག་སེང་གེའི་འོ་མ་འདྲ། །སྣོད་མཆོག་གསེར་བུམ་ལྟ་བུ་ཡི། །ལས་ཀྱི་རྡོ་རྗེ་ཁྱོད་ལ་བྱིན། །ཞེས་པ་ལ་སོགས་རྫོགས་ཆེན་གྱི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་ཡོད་པའི་ཕྱིར་ལམ་འདི་ཉིད་ཀྱིས་གྲུབ་པ་བརྙེས་པར་མ་ཟད། རྗེ་བཙོང་ཁ་པའང་དབུ་ཚད་ཀྱི་གྲུབ་མཐའ་འཇོག་སྐབས་མ་གཏོགས་ཉམས་བཞེས་ཕྱག་རྫོགས་དང་མཐུན་ཚུལ་རྗེ་གུང་རུ་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཤད་ཅིང་དོན་དུའང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལན་བདུད་རྩི་སྨན་མཆོག་ཏུ་བལྟས་པས་ཤེས་ནུས་སོ། །དེ་ལྟར་མིན་ན་བཙོང་ཁ་པ་ཐ་སྙད་ཀྱི་གནས་ལ་མཁྱེན་རབ་རྒྱ་ཆེ་བའི་ཕྱིར་གོ་ཡུལ་གྱི་ལྟ་བ་ཙམ་ལ་གྲུབ་ཆེན་བསྙེན་མི་དགོས་པའི་ཕྱིར་རོ། །དེ་བཞིན་དུ་པཎ་ཆེན་བློ་བཟང་རྒྱལ་མཚན་གྱིས་ཕྱག་ཆེན་གྱི་ཁྲིད་ཡིག་ཏུ། རྫོགས་ཆེན་ཕྱག་ཆེན་དབུ་མ་དང་། །ལམ་འབྲས་གཅོད་ཡུལ་ཞི་བྱེད་སོགས། །སོ་སོའི་མིང་འདོགས་མང་ན་ཡང་། །ཉམས་ལེན་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་འདིའང་


DNG026_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བཞེས་ཀྱིས་ལྡོག་པས་སྤྱི་ཙམ་དུ་དེ་ལྟར་གསུངས་པ་རྟོག་གེའི་རིག་པ་ལས་བླ་མའི་མན་ངག་ལ་ཐན་དུ་ལྟ་བ་རྣམས་ཀྱི་ཚོད་ལ་དཔག་ན་རྗེས་སུ་ཡི་རང་བ་བསྐྱེད་པའི་གནས་སོ། །རྗེ་ཕ་ཝང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ནི་རང་གི་ཡབ་རྗེ་རིག་འཛིན་ཚེ་དབང་ནོར་རྒྱས་དང་རང་གྲོལ་ཉི་ཟླ་སངས་རྒྱས་ལ་བརྟེན་ནས་རྫོགས་ཆེན་སྙིང་ཐིག་གི་ལམ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་ཅིང་ཕྱག་རྫོགས་དབུ་གསུམ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་སོགས་དང་། སྙིང་ཐིག་ལ་གསལ་བྱེད་ཀྱི་ཡི་གེ་ཁ་ཤས་ཀྱང་མཛད། རྗེ་འདི་ལས་གོང་མ་ལྔ་པ་ཆེན་པོས་རྫོགས་ཆེན་གྱི་མན་ངག་རྣམས་གསན། སྤྱིར་ལྔ་པ་ཆེན་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སླར་ཡང་བོད་འབངས་ཀྱི་བདེ་སྐྱིད་སྤེལ་ཕྱིར་ཐུགས་བསྐྱེད་སྨོན་ལམ་དུས་སུ་བབས་ནས་བྱོན་པ་སྟེ། གངས་ལྗོངས་འདིར་རིས་སུ་མ་ཆད་པའི་བསྟན་པ་དང་ཆོས་འཁོར་རྣམས་ལ་སྲི་ཞུ་བླ་ལྷག་ཏུ་མཛད་ཅིང་བྱེ་བྲག་གསང་སྔགས་སྔ་འགྱུར་གྱི་ཕྱོགས་སུ་རྒྱུ་མཚན་མཁྱེན་པའི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པས་བཀའ་གཏེར་གྱི་གསན་པ་ཁོ་ནའི་རྣམ་གྲངས་ཀྱང་པུ་སྡི་གསུམ་དུ་ལོངས་པར་བཞུགས་ཤིང་། ལོག་པར་སྨྲས་པ་དག་ཀྱང་ཚར་བཅད་པའི་རིག་ལམ་གྱི་དགག་སྒྲུབ་ལྷུར་བཞེས་པ་དག་ཀྱང་གསན་ཡིག་གངྒཱའི་ཆུ་རྒྱུན་གྱི་གླེགས་བམ་བཞི་པའི་རྙིང་རྒྱུད་སྐོར་དུ་གསལ་བ་བཞིན་ཡིན། དེ་བཞིན་དུ་རྙིང་མ་གཏེར་མའི་ཕྱོགས་ཀྱང་སྔོན་འཕགས་པའི་ཡུལ་དུ་གྲུབ་ཐོབ་ས་ར་ཧ་པ་དང་། དགའ་རབ་རྡོ་རྗེ། བི་རཱུ་པ། རྟ་མཆོག །ཀླུ་སྒྲུབ། པདྨ་འབྱུང་གནས། མཚོ་སྐྱེས། རོལ་པའི་རྡོ་རྗེ། སྤྱོད་འཆང་དབང་པོ་སོགས་ཀྱིས་སྤྱན་དྲངས་པར་བཤད་པའི་རྒྱུད་སྡེ་རྣམས་ཀྱང་དོན་དུ་གཏེར་གྱི་ཆོས་ཡིན་ཏེ་དེའི་གོ་བ་ཡང་རེ་ཞིག་དབང་པོའི་མངོན་སུམ་དུ་མི་སྣང་བའི་ལྐོག་གྱུར་ཞིག་ལ་བཤད་པའི་ཕྱིར་རོ། །དེའི་ཕྱིར་མཚོན་བྱེད་ཡི་གེའི་རྒྱུད་རྣམས་རེ་ཞིག་བསྟན་པའི་སྣོད་མ་གཟིགས་པས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་མཁའ་འགྲོ་མ་རྣམས་ཀྱིས་གཉེར་བྱེད་ཅིང་བསྲུངས་པ་ལ་གྲུབ་པའི་སྐྱེས་བུ་དེ་དག་ལ་ལྷག་པའི་ལྷས་ལུང་


DNG026_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་དུས་ལ་བབ་པ་ན་ཨོ་རྒྱན་གྱི་གནས་དྷརྨ་གཉྫི་སོགས་སྔགས་ཀྱི་ཕོ་བྲང་ཆེན་པོ་རྣམས་སུ་མཁའ་འགྲོ་མའི་ཚོགས་ཀྱིས་གནང་བ་བྱིན་ཅིང་དབང་བསྐུར། གཏད་རྒྱ་བཀྲོལ་ནས་རྒྱུད་ཀྱི་གླེགས་བམ་བྱིན་པ་ན་རང་གིས་ཉམས་སུ་བསྟར། སྣོད་ལྡན་གྱི་སློབ་མ་གཞན་ལའང་ཅུང་ཟད་རེ་བསྟན་པ་ཡིན། དེ་བཞིན་དུ་བོད་ཀྱི་དབང་དུ་བྱས་ན་སློབ་དཔོན་ཐམས་ཅད་གཟིགས་པས་ཕྱི་རབས་ཀྱི་གདུལ་བྱའི་སྣང་ཚུལ་ཇི་ལྟ་བར་མཁྱེན་ནས་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་སྡེ་རྣམས་ལས་སྒྲུབ་ཐབས་ལས་ཚོགས་མན་ངག་སོགས་ལམ་གྱི་ཆ་རྐྱེན་ཚང་བ་རེ་མཛད་ཅིང་ཤོག་སེར་ཚིག་རྒྱུད་དུ་བཀོལ་ནས་རིའི་སུལ། བྲག་གི་སྒྲོམ། གཡང་ཞག་གི་མཚོ་ལ་སོགས་པར་གཏེར་བདག་མི་མ་ཡིན་སོ་སོ་ལ་གཉེར་གཏད་ནས་མ་འོངས་པ་ན་ལས་སྐལ་དང་ལྡན་པའི་གང་ཟག་འདི་ཉིད་ལ་དབང་བ་དེས་ཐོབ་པར་ཤོག་ཅིག་པའི་སྨོན་ལམ་གྱི་གཏད་རྒྱ་དང་བཅས་པས་མི་སྣང་བར་སྦས་པ་དུས་ཕྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་ལ་སྨོན་ལམ་གྱི་མཐུ་སད། དུས་རྟགས་དང་ལུང་བསྟན་འཛོམ། སློབ་དཔོན་ཆེན་པོས་དངོས་སུ་ཞལ་བསྟན་ཅིང་དབང་བསྐུར། མཚོན་བྱ་དོན་གྱི་ཡེ་ཤེས་རྒྱས་བཏབ་ཅིང་གཏད་རྒྱ་ལུང་བསྟན་དང་བཅས་པས་དབུགས་དབྱུང་བ་ལ་བརྟེན་གཏེར་བདག་བཀའ་སྲུང་རྣམས་དམ་ཚིག་དང་བརྟུལ་ཞུགས་ཀྱིས་ཟིལ་གྱིས་མནན་ནས་ཆོས་དང་ནོར་གྱི་གཏེར་ཅི་རིགས་པ་གཏེར་སྟོན་གྱི་ཕྱག་ཏུ་སོན་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་རྒྱལ་བའི་ཕྲིན་ལས་རླབ་པོ་ཆེ་ཕྱོགས་གཅིག་ཡིན་ཏེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་


DNG026_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་། རིའི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དེ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ལྷའི་བྱིན་གྱི་རླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུའང་འཁོད་དོ། །ཞེས་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པས་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་རྫོགས་པའི་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་རྣམས་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་དང་། ཞེས་སོགས་དང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུག་


DNG026_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་པ་ལ་སོགས་ཀྱིས་བདེ་བར་གཤེགས་པས་སེང་གེའི་སྒྲ་བསྙོན་དུ་མེད་པར་བསྒྲགས་པས་ཕྲག་དོག་གི་གདོན་ཆེན་པོའི་གཞན་དབང་དུ་གྱུར་པས་གཏན་ཚིགས་མེད་པའི་དབང་ཡོད་དང་། སྨྱོན་ཧམ་ཁོ་ནས་ལུང་བསྒྲགས་པ་རྣམས་བག་ཡོད་པར་མཛོད་ཅིག །མདོར་ན་སངས་རྒྱས་ཀྱི་ཕྲིན་ལས་རླབ་པོ་ཆེའི་ཡུལ་ཐེག་པ་དང་གྲུབ་མཐའི་རྣམ་གཞག་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་ལ་ཤེས་བྱས་གཞལ་བའི་ཐོས་བསམ་གྱི་རྣམ་དཔྱོད་རྣོན་པོའི་རྟོག་དཔྱོད་ལྟར་སྣང་དང་མ་མཐུན་ཀྱང་བདེ་བར་གཤེགས་པ་ནི་ཐམས་ཅད་མཁྱེན་ཅིང་གསུང་བ་ཡིན་པའི་ཕྱིར་གང་ཞིག་འཁོར་བ་སྤོང་ཞིང་ཐར་པ་དང་མྱང་འདས་ཀྱི་ལམ་དུ་འཇུག་པའི་མཚན་ཉིད་གང་ལ་གནས་པ་དེ་ཉིད་སངས་རྒྱས་ཀྱི་གྲུབ་པའི་མཐའ་བཟང་པོ་མ་ནོར་བ་ཡིན་པར་ཤེས་དགོས་ཏེ། རྗེ་བཙུན་མ་ཕམ་པས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་པ་ལ་དྲན་པ་ཉེ་བར་མ་བཞག་ན་ཆོས་ཁམས་རྒྱ་མཚོའི་གཏིང་ཐུག་པ་ནི་སངས་རྒྱས་ཁོ་ནའི་ཡུལ་ལས་འཕགས་པ་རྣམས་ཀྱིས་ཀྱང་རྟོགས་པའི་སྐབས་མེད་ན་གངས་རིའི་ཁྲོད་ཀྱི་མཁས་སུ་རེ་བའི་ཕྱོགས་འཛིན་ཅན་དག་གིས་སྤྱོད་ཡུལ་དུ་གྱུར་པ་ལྟ་ག་ལ་ཡོད་དེ། ལེགས་པར་མ་རྟོགས་པ་དང་། དྲང་དོན་ཁོ་ནར་འཆེལ་བ་དང་། ཕྱོགས་འཛིན་གྱི་ལམ་དུ་ལྷུང་བ་དང་། རང་མཉམ་གྱིས་ཕྲག་པ་དོག་པ་དང་། རྙེད་བཀུར་དང་གྲགས་འདོད་ཁོ་ན་ཁོང་དུ་བཅུག་པའི་ཀུན་སློང་གིས་སྐུར་པ་བཏབ་པ་འདི་རིགས་བདེན་པའི་དོན་ལ་རེག་པ་རྡུལ་ཙམ་མེད་དེ། འདི་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐེག་ཆེན་བཤད་པས་ཉན་ཐོས་རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་ལུང་བསྟན་ངན་པ་བཅོས་ཤིང་གསུང་རབ་ཏུ་བཅུག །ཐེག་ཆེན་བཀའ་མ་ཡིན་པར་བསྒྲགས། འཕགས་པ་


DNG026_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་ཀྱིས་བཀའ་ཐ་མ་རྒྱལ་ཚབ་ཆེན་པོའི་དགོངས་པ་བཞིན་བཀྲལ་བས་རྗེས་འབྲངས་དང་བཅས་པ་ཐེག་ཆེན་གྱི་ནང་ནས་ཕུད། རྒྱལ་པོ་དྷརྨ་པཱ་ལའི་སྐབས་ཐེག་དམན་རྣམས་ཀྱིས་ཧེ་རུ་ཀའི་དངུལ་སྐུ་བཤིགས་ནས་རྙེད་པ་བྱས། སྔགས་ཀྱི་གླེགས་བམ་རྣམས་མེ་ལ་བསྲེགས། ཐེག་པ་ཆེན་པོ་དང་གསང་སྔགས་བདུད་ཀྱིས་བྱས་པར་བསྒྲགས་པས་རྒྱལ་པོའི་ཆད་པ་ཕོག་པར་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བསྐྱབས་པའི་ལོ་རྒྱུས་ཡོད། བོད་དུའང་རྗེ་ཟླ་འོད་གཞོན་ནུས་མདོ་ལས་བཤད་པའི་གནས་ལུགས་ཕྱག་ཆེན་བསྟན་པས་དག་པོའི་རྟོག་ཆོས་ཞེས་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ཙམ་དུ་བྱེད། ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་ཆོས་གྲགས་རྒྱ་མཚོས་བཀའ་ཐ་མའི་དགོངས་པ་ཚུལ་བཞིན་བཤད་ཀྱང་ཕྱིས་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་ལྟ་བ་དེ་མི་འཛིན། སློབ་དཔོན་དོལ་པོ་པས་དོན་དམ་བདེན་པ་རྟག་བརྟན་དུ་གསུངས་པས་བོད་རྣམས་ཀྱིས་མུ་སྟེགས་གྲངས་ཅན་ཙམ་དུ་བརྩི། རྗེ་བཙོང་ཁ་པས་ཀུན་རྫོབ་ཚད་གྲུབ་ཏུ་བཤད་པ་ལ་ཕྱིས་ཀྱི་མཁས་པ་རྣམས་ཧཱུཾ་རུབ་ཕཊ་རུབ་བརྒྱབ། པཎ་ཆེན་ཟི་ལུང་བས་རབ་དབྱེ་དྲང་པོར་བཤད་པས་ས་སྐྱ་པའི་ཁྲོད་ནས་བཞེངས་དགོས་པ་དེ་བྱུང་། ཀུན་མཁྱེན་ལྔ་པ་ཆེན་པོས་ཡང་དག་པའི་བསྟན་པ་ཕྱོགས་སུ་མ་ལྷུང་བར་གསན་བསམ་མཛད་པས་དགེ་ལྡན་པའི་ཁྲོད་དུ་མ་ཚུད་པ་ལྟ་བུས་མཚོན་ལོག་པའི་ངག་དེ་ལ་ཡིད་ཆེས་སུ་བཟུང་ནས་ལོག་པར་བལྟས་པས་ཆོས་སྤང་བར་འགྱུར་བའི་སྒྲིབ་པ་ནི་ཚད་མེད་དེ། བསྟན་པ་ལ་མ་ཞུགས་པའི་ཁྱིམ་པའི་སྐྱེ་བོས་སྡིག་པའི་ལས་མི་ཟད་པ་བགྱིས་པ་ཡང་ཟབ་མོའི་གནས་ལ་དམིགས་པ་ཙམ་གྱིས་ཞི་བར་འགྱུར་བའི་སྐབས་ཡོད་ན་དམ་པའི་ཆོས་ལ་སྐུར་པའམ་སྤངས་པས་དེ་ལྟར་མ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། འོད་སྲུང་འཇིག་རྟེན་ན་གང་ཟག་རྣམ་པ་གསུམ་གྱི་ནད་ནི་ཤིན་ཏུ་གསོ་དཀའོ། །གང་ཞེ་ན། ཐེག་པ་ཆེན་པོ་ལ་སྐུར་པ་དང་། མཚམས་མེད་པ་ལྔ་བྱས་པ་དང་། ལོག་སྲེད་ཅན་ཏེ་ནད་


DNG026_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་འདི་གསུམ་ནི་འཇིག་རྟེན་ན་ཤིན་ཏུ་གསོ་དཀའ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་ཀྱང་གསོ་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་།བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། འཇིག་རྟེན་ཆོས་རྣམས་མི་ཤེས་ཤིང་། །འདུ་ཤེས་གཉིས་ལ་གང་གནས་པ། །འདི་བདེན་འདི་ནི་རྫུན་ནོ་ཞེས། །མི་མཁས་དེ་དག་རྩོད་པར་འགྱུར། །འདི་ལྟར་འཇིག་རྟེན་ཆོས་རྣམས་ཀྱི། །ཡང་དག་ཆོས་ཉིད་ངས་ཤེས་པས། །ང་ནི་འཇིག་རྟེན་རྣམས་དང་ཡང་། །ནམས་ཀྱང་རྩོད་པར་མི་བྱེད་དོ། །རྩོད་པ་མེད་པའི་ཆོས་འདི་ནི། །སངས་རྒྱས་ཀུན་གྱིས་བཤད་པ་སྟེ། །འཇིག་རྟེན་མཉམ་པ་ཉིད་ཤེས་ན། །འདི་ལ་བདེན་པའམ་བརྫུན་པ་མེད། །བརྫུན་པའམ་ཡང་ན་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །མཐར་འཛིན་པར་ནི་ང་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །གང་ཕྱིར་ཆོས་རྣམས་ཡང་དག་མིན། །བདེན་པ་དང་ནི་བརྫུན་པ་མེད། །དེ་ཕྱིར་འཇིག་རྟེན་འདས་པའི་ཆོས། །ངས་འདི་གཉིས་སུ་མེད་པར་བཤད། །འཇིག་རྟེན་ཆོས་ཉིད་ཇི་ལྟ་བར། །གང་གིས་འཇིག་རྟེན་འདི་ཤེས་པ། །མཁས་པ་དེ་དག་བདེན་པ་འམ། །བརྫུན་པའི་ལྟ་བར་མི་འཛིན་ཏོ། །ནམ་མཁའ་ལྟ་བུར་རྣམ་དག་པ། །གང་གི་འཇིག་རྟེན་འདི་ཤེས་པ། །གྲགས་པ་ཆེན་པོ་འཇིག་རྟེན་གྱི། །སྣང་བ་ལྟ་བུར་འགྱུར་བ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་རྒྱལ་ཚབ་ཆེན་པོ་མ་ཕམ་པས་ཀྱང་། བློ་དམན་ཕྱིར་དང་དཀར་པོའི་ཆོས་བྲལ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་སྤོང་བའི་སྒྲིབ་པ་དག་ཕྱིར་དང་དོན་དེ་ཉིད་འཛིན་པའི་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟན་པའི་ཕྱིར། །ཆོས་འཛིན་པ་སྲིད་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཇི་ལྟར་


DNG026_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱང་མེ་དང་ནི། །མི་ཟད་སྦྲུལ་དུག་གཤེད་མ་དང་ནི་ཐོག་ལའང་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱིས་འགྲོ་བ་ཤིན་ཏུ་འཇིགས་སར་འགྲོ་མི་འགྱུར། །གང་ཞིག་གང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་གང་བྱ་བ་མི་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་བཞིན་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་སོགས་རྣམ་གྲངས་དུ་མས་གསུངས་པའི་དོན་ལ་བསམ་པར་བྱ་དགོས་ཏེ་ཆོས་དང་གང་ཟག་གི་གནས་ལ་བདེན་པ་མཐོང་བའི་ཆོས་ཀྱི་མིག་རྣམ་པར་དག་པ་མ་ཐོབ་པ་དེ་སྲིད་དུ་འདི་ནི་ལོག་པའོ། །འདི་ནི་མ་དག་པའོ། །འདི་ནི་བཅོས་མའོ། །ཞེས་སྒྲོ་སྐུར་གྱིས་ཤན་འབྱེད་པ་ནི་མི་ཟད་པའི་ལས་སོ། །སྨྲས་པ། སྣང་མཛད་ཆོས་ཀྱི་ཉི་མ་འོད་འབར་བ། །རྣམ་དཔྱོད་ཡངས་པའི་མཁའ་ལ་རྟག་འཆར་མོད། །ཕྱོགས་འཛིན་སྤྲིན་གྱིས་བསྒྲིབས་པའི་གངས་ཅན་པ། །མང་ཞིག་ཉིན་ཀྱང་མཚན་མོའི་ལམ་དུ་རྒྱུ། །ཞེས་སོ།། གཉིས་པ་ནི་ཡུལ་དང་རིགས་དང་ཡོན་ཏན་གསུམ་གྱི་སྒོ་ནས་བཤད་པ་ལ། དང་པོ་ནི། འཛམ་བུས་མཚན་པའི་གླིང་འདི་ཉིད་ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་འདི་ལྟར་སེམས་ཤིན་ཏུ་གཅུགས་པའི་མ་ནི་བུ་གཅིག་པུ་ལ་རྟག་ཏུ་མི་སེམས་པ་མ་ཡིན་པ་དེ་བཞིན་དུ་སྙིང་རྗེའི་དབང་དུ་གྱུར་པ། སྙིང་རྗེ་ཆེན་པོ་ནི་ཀུན་ནས་རྒྱས་པ། སྙིང་རྗེ་གཞན་གྱིས་ལྡོག་ཏུ་མེད་པའི་གོ་ཆ་ཆེན་པོ་བགོས་པ་ཉིད་ཀྱིས་འཁོར་བའི་རྒྱ་མཚོ་ཆེན་


DNG026_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་ཕ་རོལ་དུ་འགྲོ་བ་ནི་སུ་ཞིག་ཡོད། སུ་ནི་ཕ་རོལ་དུ་བཀྲི། སུ་ནི་ལེགས་པ་དང་བདེ་བའི་གནས་སུ་གཞག་པར་བྱ་སྙམ་དུ་དགོངས་ནས་སེམས་ཅན་རྣམས་བྱང་ཆུབ་ལ་གཞོལ། བྱང་ཆུབ་ལ་བབ། བྱང་ཆུབ་ལ་འབབ་པར་འགྱུར་བའི་ཕྱིར་བསྐལ་པ་བཟང་པོར་རྣམ་པར་འདྲེན་པ་སྟོང་གི་ཕྲེང་བ་བྱོན་དང་འབྱོན་པར་འགྱུར་བ་དག་གི་མཛད་པ་ཐམས་ཅད་ཀྱི་ནང་ནས། གཙོ་བོ་དང་། རབ་དང་། ཕུལ་དང་། མཆོག་དང་། གྱ་ནོམ་པར་གྱུར་པ་བླ་ན་མེད་པ་མཆོག་གི་བདུད་རྩི་མངོན་དུ་མཛད་པའི་གནས་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་གང་ཡིན་པ་དེ་འདིར་ཡོད་པའི་ཕྱིར་གླིང་གཞན་ལས་ཁྱད་པར་དུ་བསྔགས་པའི་མེ་ཏོག་གི་ཆར་ཆེན་པོ་འཇིག་རྟེན་ཀུན་ཏུ་བྱུང་བར་གྱུར་པ་ཡིན་ནོ། །དེ་ལའང་རྒྱ་གར། རྒྱ་ནག །བོད། ལི། ཤམྦྷ་ཀ །ཀཻ་ལཱ་ཤ་སྟེ་ཡུལ་ཆེན་པོ་དྲུག་ཡོད་པའི་གསུམ་པ་རི་ཁ་བ་ཅན་གྱི་ལྗོངས་འདི་ཐོག་མར་མཚོར་གྱུར་པ་རིམ་གྱིས་བྲི་ནས་ནགས་ཚལ་བྱུང་ཞིང་དེ་ནས་མིའི་འགྲོ་བ་རིམ་གྱིས་ཆགས་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་དང་། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས། གདོང་དམར་ཅན་གྱི་ཡུལ་ཞེས་གསུངས་པའི་ལྗོངས་འདིའི་འགྲོ་བ་རྣམས་འོ་སྐོལ་གྱི་སྟོན་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་བྱར་རྗེས་སུ་གནང་བ་བཞིན་འཕགས་པ་ཉིད་རྒྱལ་པོ་དང་། བློན་པོ་དང་། རབ་བྱུང་དང་། ཁྱིམ་པ་དང་། སེམས་ཅན་ཕལ་པ་དང་། བེམས་དངོས་ཡན་གྱི་རྣམ་པར་རོལ་པ་བཟུང་ནས་ཀྱེ་མ་མ་ལ་བདག་གིས་འདུལ་བར་བྱ་བའི་སེམས་ཅན་སུ་ཞིག་ལམ་གྱི་སྟེགས་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་བཀོད་པར་བྱས། དགོད་པར་བྱ། འགོད་པར་འགྱུར་སྙམ་དུ་དགོངས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་ཤིང་སྲུང་བར་མཛད་པའི་ཞིང་འདི་ཉིད་ས་ཆེན་པོ་ལ་


DNG026_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དང་གཞན་སྡེ་བཞིའི་དཔལ་འབྱོར་ཟད་མི་ཤེས་པའི་གོ་འཕང་མཆོག་ལ་རྐང་སྟེགས་བཀོད་པར་གྱུར་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ཚུལ་བཟུང་བ་རྣམས་དང་། མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བའི་སློབ་དཔོན་ཆེན་པོ་དུ་མ་དང་། བདེ་བར་གཤེགས་པ་དངོས་ཀྱི་ཞལ་སྐྱིན་འཕྲུལ་སྣང་ཤཱཀྱ་མུ་ནི་སོགས་བཟོ་སྤྲུལ་སྐུ་གྲངས་ཀྱིས་མི་ལང་བ་དག་གིས་བྱིན་གྱིས་བརླབས་ཤིང་ཕྱི་མའི་དུས་སུ་རྒྱལ་བའི་བསྟན་པ་བྱང་ནས་བྱང་གི་ཕྱོགས་སུ་རྒྱས་པར་འགྱུར་བ་སྟོན་པ་ཉིད་ཀྱིས་ལུང་བསྟན་པ་བཞིན་སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་བའི་དུས་འདིར། ཐུབ་པ་མཆོག་གི་བསྟན་པ་གནས་འཕོས་པ་ལྟ་བུས་འཕགས་པའི་ཡུལ་ལས་ཀྱང་ཁ་བ་ཅན་གྱི་ལྗོངས་འདི་ཉིད་ཁྱད་པར་དུ་མས་འཕགས་པར་ཤེས་དགོས་སོ། །དེ་ལ་བོད་དང་བོད་ཆེན་པོ་གཉིས་སུ་གྲགས་པ་ལས་ཕྱི་མ་འདིར་གནས་པའི་སྐྱེ་དགུ་རྣམས་རང་བཞིན་གྱིས་དྲང་ཞིང་གཡོ་དང་སྒྱུས་བསླུ་བ་ཤས་ཆུང་བ། དགེ་བ་ལ་དཀར་ཞིང་དཀོན་མཆོག་ལ་མོས་པ་བརྟན་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒྲུབ་པའི་ཕྱོགས་ཀྱིས་གསལ་བ་བྱེད་པ་སོགས་ཡོན་ཏན་གྱི་འབྱོར་པ་དུ་མ་དང་ལྡན་པ་མདོ་ཁམས་སྨད་དུ་གྲགས་པ་ལ་ཆུ་བཞི་དང་སྒང་དྲུག་གི་སའི་དཀྱིལ་འཁོར་གྱི་བྱེ་བྲག་ཤར་དང་ལྷོའི་མཐར་ཀླུང་ཆེན་པོ་གཉིས་གྱ་གྱུར་འབབ་པའི་བར་དུ་ཆུད་པ་ལ་གླིང་ཞེས་བྱ་བའི་ལྗོངས་ཆེན་པོ། ཡུལ་དང་། ཡུལ་འཁོར་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རི་འོར་བ་མང་པོ་དག་དང་། གཙུག་ལག་ཁང་དང་། ཆོས་ཀྱི་གཞི་དང་། རྒྱལ་པོའི་ཕོ་བྲང་དང་། ཚོང་འདུས་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། ནགས་ཚལ་དང་། སྨན་དང་། མེ་ཏོག་དང་། མཚོ་དང་། བཀོད་མ་དང་། ཆུ་ཀླུང་དང་། དགའ་བར་འགྱུར་བའི་ཀུན་དགའ་ར་བ་དང་། དགའ་བར་འགྱུར་བའི་ཚལ་དང་། དགའ་བར་འགྱུར་བའི་རྫིང་བུ་སོགས་ཡིད་དགའ་དགའ་


DNG026_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདུག་པ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང་། ཁྲག་ཁྲུག་དང་། ཕྱི་དགྲ་དང་། ནང་འཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་པ། སློ་མོ་བ་བརྒྱས་གང་བ། དབུས་པའི་སྐྱེ་བོས་བརྟེན་པ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། ནོར་དང་འབྲུ་ཕུན་སུམ་ཚོགས་པ། སྔོན་གྱི་དུས་སུ་གོ་འཕང་མཐོན་པོར་གཤེགས་པའི་རྒྱལ་བའི་སྲས་པོ་མང་པོ་བསམས་བཞིན་སྲིད་པ་ཉེ་བར་བཟུང་ཞིང་དེ་དག་གིས་བཤད་སྒྲུབ་ཀྱི་ཕྲིན་ལས་བཟང་པོས་རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པས་འབྱུང་པོ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱང་བགྱི་བ་དེ་དག་ལ་མགུ་བའི་སེམས་ཀྱིས་བསྲུང་ཞིང་བསྐྱབ་པ་ལྷུར་བྱེད་པ་སོགས་བསྔགས་པར་འོས་པའི་ཡོན་ཏན་དུ་མ་དང་ལྡན་པའི་ཡུལ་གྱིས་དབུས་སུ་ཆོས་དང་མཐུན་པའི་གཙུག་ལག་ཁང་དང་། དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། མཆོད་རྟེན་དང་། དཔོད་སའི་ཁང་པ་དང་། ཁང་པ་བརྩེགས་པ་དང་། བསིལ་ཁང་དང་། ཁྱམས་དང་། སྐར་ཁུང་དང་། མཐོངས་ཁུང་ལ་སོགས་པས་མཛེས་པ། བཟང་པོ། བལྟ་ན་སྡུག་པའི་ཁང་ཆུང་བརྒྱ་ཕྲག་དུ་མ་ཚར་དུ་དངར་བ། ཕྱི་ནང་ཀུན་ཏུ་རིག་པ་འཛིན་པའི་དགེ་སློང་གི་དགེ་འདུན་མང་པོས་རྡོ་རྗེ་ཐེག་པའི་སྡེ་སྣོད་གཙོ་བོར་གྱུར་པ་དག་ཀློག་པ་དང་། ཁ་ཏོན་དུ་བྱ་བ་དང་། རྣལ་འབྱོར་ལ་རྟག་ཏུ་གནས་པས་སྦྱིན་པ་དང་བསོད་ནམས་བྱ་བའི་ཡུལ་བླ་ན་མེད་པས་ཁྱད་པར་དུ་བྱས་པ་དཔལ་ལྷུན་གྲུབ་སྟེང་གི་ཆོས་ཀྱི་སྡེ་ཆེན་པོ་ཉིད་ཡོད་དེ། དེའང་སྙིགས་དུས་སུ་ཧེ་རུ་ཀ །ངུར་སྨྲིག་གར་རོལ་རྒྱལ་བ་ཀུན་དགའ་བཟང་པོའི་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བཀའ་སྲོལ་ཡང་དག་པར་འདོམས་པ་ལ་ཟླ་མེད་པའི་རྒྱལ་ཚབ་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པ་མཁན་ཆེན་ཀུན་དགའ་ཆོས་འཕེལ། རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས། རྗེ་བཙུན་མངྒ་


DNG026_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་མཚན་ཅན། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་། སེམས་དཔའ་ཆེན་པོ་མི་འགྱུར་རྒྱལ་མཚན་སོགས་ད་ལྟའི་བར་རྒྱལ་ཁབ་ཆེན་པོའི་མཆོད་གནས་དང་དགེ་འདུན་གྱི་སྡེ་ཆེན་པོ་འདི་དག་གི་མགོན་དུ་རིམ་པ་མ་ཆད་པར་བཞུགས་པ་ཡིན་ལ། དེ་དང་མི་རིང་བར་རྒྱལ་པོའི་ཕོ་བྲང་ཆེན་པོ་སྲིད་པའི་འབྱོར་བ་རྒྱ་ཆེན་པོའི་ཁབ་ཏུ་ཞི་བ་མཆོག་གི་གོ་འཕང་མངོན་པར་སྒྲུབ་པའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རིན་ཐང་གཞལ་དུ་མེད་པའི་ཚོགས་གྲངས་ཀྱིས་མི་སྤྱོད་པས་རྒྱས་པར་བལྟམས་ཤིང་ཆོས་དང་དོན་དང་འདོད་པ་དང་ཐར་པ་སྟེ་སྡེ་བཞི་དང་། མི་དགེ་བའི་ཕྱོགས་ཀུན་ཟིལ་གྱིས་གནོན་པའི་དགེ་བ་བཅུའི་འབྱོར་པ་དར་བའི་རྒྱུད་དུ་བྱུང་བ་ཆོས་ཀྱི་རྒྱལ་པོས་ཆོས་དང་ལྡན་པའི་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དོ།། གཉིས་པ། མིའི་དབང་པོ་འདིའི་རིགས་རྒྱུད་ཀྱི་ཁྱད་པར་ནི། མདོ་ཁམས་ཀྱི་ཕྱོགས་འདིར་མི་རིགས་ཆེན་པོ་ལྔ་ཡོད་པ་ལས་སྒོ་ལྷ་སྡེ་དཀར་པོའི་རིགས་སུ་ཆད་པ་ལ་རྔུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ཀྱི་ཡ་གྱལ་འགར་གྱི་རིགས་ལས་བྱུང་བ་འགར་ཆེན་ཡེ་ཤེས་བཟང་པོས་སླང་མདོ་དྲུག་གི་ས་ཆ་ལ་དབང་བསྒྱུར། གཅུང་དམ་པ་ཆོས་སྡིངས་པ་ནི་རྒྱལ་བ་འབྲི་གུང་བ་འཇིག་རྟེན་གསུམ་གྱི་མགོན་པོ་བརྟེན་ནས་གྲུབ་ཐོབ་ཆེན་པོར་གྱུར་པ་ཕྱིས་སྦུ་བོར་བྱོན་ཏེ་ཕུ་ལུང་དགོན་པ་རིན་ཆེན་གླིང་འདེབས་པར་མཛད། དེ་ཉིད་ཀྱི་དབོན་བརྒྱུད་ཁམས་ནས་ཡར་སོང་བ་རྣམས་ཀྱི་མི་བརྒྱུད་ལ་ཕུ་ལུང་སྡེ་པ་ཐོག་ཀ་བ་ཞེས་གྲགས་པ་བྱུང་། ཡེ་ཤེས་བཟང་པོའི་སྲས་གཉིས་ལས་བསོད་ནམས་རིན་ཆེན་གྱིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཞབས་ལ་ཐུག་སྟེ་གསོལ་དཔོན་གྱི་ལས་ཀ་བཟུང་། སེ་ཆེན་རྒྱལ་པོས་འཇའ་ས་སོགས་ཆེན་པོའི་ལས་ཀ་བྱིན། སྐུ་ཚེའི་མཐར་ས་དམར་ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་ཆོས་ཀྱིས་བསྐྱངས། དེའི་དབོན་པོ་རྔུ་རྒུ་རུ་ལ་སྲས་དགུ་འཁྲུངས་པའི་ནང་ནས་སྟོང་དཔོན་ཟླ་བ་བཟང་པོ་ལ་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱི་གོ་ས་གནང་། དེའི་སྲས་རྔུ་རྒྱལ་བ་བཟང་པོའི་སྲས་པདྨ་བསྟན་སྲུང་།


DNG026_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྲས་དཀར་ཆེན་བྱང་ཆུབ་འབུམ། དེའི་སྲས་རྔུ་ཆོས་ཀྱི་རྡོ་རྗེ་ནི་ཀཿཐོག་རྡོ་རྗེ་གདན་བྱོན་ཏེ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་བསྟེན་ནས་གསང་སྔགས་སྔ་འགྱུར་གྱི་རིང་ལུགས་ལ་ཐོས་བསམ་བསྒོམ་གསུམ་མཐར་ཕྱིན་པར་མཛད་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར། མཆེད་ཡ་བདེ་ཆེན་བསོད་ནམས་བཟང་པོ་ཡུམ་འདས་པའི་དགོངས་རྫོགས་སྒྲུབ་པར་ཀཿཐོག་ཏུ་བྱོན་ནས་ཕྱིར་མ་ཕེབས་པར། དགེ་འདུན་རྒྱལ་མཚན་སོགས་མཆེད་གཞན་རྣམས་ཀྱིས་ཕྱིར་འབོད་པར་མཛད་པ་ན། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རྔུ་ཆོས་ཀྱི་རྡོ་རྗེ་གཉིས་ནས་ལུང་བསྟན་པ་ལྟར་ཕྱིར་མ་ཕེབས་པར་རིམ་གྱིས་ལྕགས་རར་གླིང་ས་སྐྱོང་བདག་དྲུང་གི་གམ་དུ་ཕེབས་ནས་ལས་ཤུགས་ཀྱི་མངའ་ཐང་ཆེན་པོ་བདོ་བའི་འགོ་ཚུགས་ཤིང་སྡེ་དགེ་ཞེས་པའི་མཚན་ཡང་འདི་སྐབས་ཤེད་དུ་བྱུང་བར་མངོན། དེ་ལ་སྲས་བཞི་བྱུང་བའི་བོ་ཐར་དུ་གྲགས་པ་དེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྤྱན་དྲངས་སྟེ་ལྷུན་གྲུབ་སྟེང་དུ་གྲགས་པའི་ཆོས་ཀྱི་སྡེ་འདི་ཉིད་ཐོག་མར་ཚུགས། དེའི་སྲས་གཉིས་ཀྱི་བླ་མ་དཔལ་ལྡན་སེང་གེ་དང་། རྒྱལ་མཚན་འབུམ་གཉིས་ཏེ་ཕྱི་མ་འདིའི་སྲས་ཨ་སྔ་ཟེར་པ་ལ་སྲས་བདུན་ཙམ་བྱུང་བའི་ནང་ནས་རྒྱལ་འཕེལ་གྱི་སྲས་ནམ་མཁའ་རྡོ་རྗེ། དེའི་སྲས་ལྷུན་གྲུབ། དེ་ལ་སྲས་དྲུག་བྱུང་བའི། དང་པོ་ནི་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་སྟེ། གཏེར་སྟོན་འཇའ་ཚོན་སྙིང་པོའི་ཆོས་ཀྱི་བདག་པོར་ལུང་གིས་ཟིན། སྔགས་རྙིང་མ་བཀའ་གཏེར་ལ་བརྟེན་པའི་དངོས་གྲུབ་བརྙེས་ཤིང་། མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར། ཁྱབ་འཇུག་ཆེན་པོ་སོགས་སྡེ་བརྒྱད་རྣམས་བྲན་ལྟར་ཁོལ། འདི་ཉིད་ལ་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་སྐུ་ཆུང་ངུའི་དུས་སྐྱབས་འགྲོའི་སྡོམ་པ་སོགས་གསན་ཅིང་བསྟན་པའི་སྒོར་ཐོག་མར་འཇུག་པའི་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་འཛིན་པར་མཛད། གཉིས་པ་དཔོན་ཀླུ་འཕེལ་གཞིས་ཀར་བཞུགས་ཤིང་། གསུམ་པ་བླ་མ་བྱམས་པ་ཕུན་ཚོགས་


DNG026_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྟོབས་ཀྱི་དབང་ཕྱུག་ཆེན་པོའི་གནས་ལ་དབང་བྱེད་པའི་སྨོན་ལམ་གྱི་འབྲས་བུ་བདོ་བ་ཞིག་སྟེ་རྒྱལ་སྲིད་ཀྱི་བྱ་བ་གཙོ་བོར་མཛད་པས་དཀའ་བ་མེད་པར་རྫོང་སྒོ་དུ་མའི་བདག་པོར་གྱུར་པས་མངའ་རིས་རྒྱ་ཆེ་བ་ལ་རང་དབང་བརྙེས། བཞི་པའང་གཞིས་དཀར་བཞུགས། ལྔ་པ་བླ་མ་ལྷ་སྲུང་དང་། དྲུག་པ་བླ་མ་ཀརྨ་བསམ་འགྲུབ་གཉིས་ནི་ཆོས་ཀྱི་བྱ་བ་དང་ཐུགས་དམ་ཁོ་ནར་སྒྲིལ་བར་མཛད། དཔོན་ཀླུ་འཕེལ་གྱི་སྲས་རྣམས་ལས་དབོན་ཆེན་ཀུན་དགའ་ཕུན་ཚོགས་ཀྱིས་ཁུ་བོ་བླ་མ་ཕུན་ཚོགས་གཤེགས་ནས་རྒྱལ་སྲིད་ཀྱི་བྱ་བ་ཐོགས་ཤིག་མཛད། དེའི་སྲས་སུ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པར་གཏེར་ལུང་དུ་མ་ནས་ཟིན་པ་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པ་གདན་སར་ཕེབས་ནས་རིས་མེད་ཀྱི་བསྟན་པ་ཐམས་ཅད་ལ་རིམ་གྲོ་ཆེ་ཞིང་། ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོ་བཞེངས་པར་མཛད་པ་སོགས་རྣམ་དཀར་གྱི་ཕྱག་རྗེས་ཆེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཀློང་གསལ་སྙིང་པོ་དང་རིག་འཛིན་ཉི་མ་གྲགས་པ་སོགས་དང་མཆོད་ཡོན་དུ་གྱུར་ནས་བསྟན་སྲིད་ཡུན་རིང་དུ་བརྟན་པའི་ལེགས་ཚོགས་ལྷུན་གྲུབ་ཏུ་འགྲིགས། དེ་ཉིད་ཀྱི་རྗེས་སུ་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་གདན་ས་བསྐྱངས་ཤིང་། དེ་ཉིད་ཀྱི་མཆེད་ཡ་དཔོན་དབང་ཆེན་མགོན་པོའི་སྲས་མི་ཡི་དབང་པོ་བསྟན་པ་ཚེ་རིང་ནི་ཚེ་རབས་གྲངས་མེད་པར་བསགས་པའི་རྣམ་དཀར་གྱི་བགྱི་བ་རྒྱ་ཆེན་པོའི་འབྲས་བུ་དུས་སུ་སྨིན་པས་སྐྱེ་བ་འདིར་ཡང་བསོད་ནམས་ཀྱི་གནས་དཔག་པར་དཀའ་བ་མང་པོ་ཞིག་དཀའ་བ་མེད་པར་འགྲུབ་པའི་འཕགས་པའི་ཡུལ་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་དཔེ་ཟླར་འོས་པ་ཞིག་སྟེ། རྒྱལ་སྲིད་ཀྱི་ཁྲི་ལ་བཞུགས་ནས་བཟུང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རིན་པོ་ཆེའི་དངོས་པོ་འབའ་ཞིག་ལས་བསྒྲུབས་པར་མཛད་པའང་བགྲངས་ཀྱིས་མི་ལང་པ་ཁོ་ན་དང་། གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཆོས་སྦྱིན་མི་ཟད་པའི་ཕྱིར་པར་དུ་བསྒྲུབས་པ་དང་། རིས་སུ་མ་ཆད་པའི་ཆོས་གཞི་དུ་མ་རྟེན་བརྟེན་པ་དང་བཅས་པ་ངོ་མཚར་ཅན་མང་པོ་གསར་དུ་བསྐྲུན་པར་མཛད་པ་སོགས་


DNG026_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོར་གྲགས་པ་དོན་དང་ལྡན་པ་ཉིད་དུ་འཁུམས་ལ། དེ་ཉིད་ཀྱི་སྲས་གསུམ་ལ། དང་པོ་ས་སྐྱོང་བསོད་ནམས་མགོན་པོ་གཞིས་ཀར་བཞུགས། གཉིས་པ། ས་སྐྱོང་བླ་མ་ཕུན་ཚོགས་བསྟན་པ་ཁྲིར་བཞུགས་ཤིང་རྒྱལ་སྲིད་ཀྱི་བྱ་བ་མཛད་པས་བསྟན་བཅོས་འགྱུར་རོ་འཚལ་གྱི་པར་བཞེངས་པ་སོགས་ཆོས་སྲིད་གཉིས་ཀར་མཛད་པ་རྒྱ་ཆེ། དེའི་རྗེས་སུ་ས་སྐྱོང་བློ་གྲོས་རྒྱལ་མཚན་ལྕམ་དྲལ་གྱིས་རྒྱལ་སྲིད་མཛད་ཅིང་ཡབ་མེས་ཀྱི་དུས་བཞིན་ཆོས་སྲིད་གཉིས་ལྡན་གྱི་དཔལ་འབྱོར་གོང་འཕེལ་དུ་གྱུར། དེ་ཉིད་ཀྱི་སྲས་ས་སྐྱོང་ས་དབང་བཟང་པོ་ནི་རྒྱལ་ཐབ་ཀྱི་ཁྲིར་བཞུགས་ནས་བསྟན་སྲིད་སྔ་མ་རྣམས་བཞིན་བསྐྱང་བའི་མུར་སྐུ་ཚེ་རིང་པོར་མ་ལོན་པར་གཤེགས། དེ་ཉིད་ཀྱི་སྲས་མི་ཡི་དབང་པོ་ཚེ་དབང་རྡོ་རྗེ་རིག་འཛིན་དང་སྲས་མོ་རྟ་མགྲིན་ཕྲིན་ལས་དབང་མོ་ལྕམ་དྲལ་ད་ལྟ་ཕན་བདེའི་རྩ་ལག་དམ་པར་བཞུགས་བཞིན་པ་འདིའོ། །བྱེ་བྲག་རྣམ་དཀར་འདི་ཉིད་ཀྱི་བདག་པོའི་རྐྱེན་དུ་གྱུར་པའི་ཁུར་བཞེས་མཁན་ས་སྐྱོང་དབང་མོ་ཚེ་དབང་ལྷ་མོ་འདི་ཉིད་ནི་རུས་ཆེན་བཞིའི་ནང་ཚན་སྒ་ཞེས་བྱ་བ་ལས་མཐུ་སྟོབས་ཀྱི་དབང་ཕྱུག་ཨ་གཉན་པ་ཤི་ཞེས་པ་གོང་མ་སེ་ཆེན་རྒྱལ་པོའི་ལུང་གིས་བླ་མར་བཀུར་ཞིང་ནག་པོ་ཆེན་པོ་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་བྲན་ལྟར་ཁོལ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་རིགས་ལས་ཆད་པ་ཡུལ་འཕོས་པ་ལས་དེང་སང་སྒ་རྗེར་གྲགས་པའི་སྡེ་དཔོན་གྱི་བརྒྱུད་ལས་འཁྲུངས་ཤིང་། དེའང་དཔལ་ལྡན་ས་སྐྱ་པ་ཆེན་པོ་བདག་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་སྡེ་དགེ་ས་དབང་བཟང་པོ་དེ་ཉིད་སྐུ་ཚེ་རིང་པོར་མི་བཞུགས་པའི་མཚན་མ་གསལ་བས་དགུང་གྲངས་བཅུ་དྲུག་ལས་མི་འགྱང་བར་བཙུན་མོ་བཞེས་དགོས་པ་དང་དེའང་སྟོད་སྨད་རྒྱང་རིང་ནས་མི་འགབ་པར་མངའ་ཁུལ་འདི་ཉིད་རང་ནས་ཁབ་བཞེས་མཛད་ན་ལེགས་ཚུལ་གྱི་བཀའ་ཡང་ཡང་ཕེབས་པ་བཞིན་རིགས་རུས་ཕུན་སུམ་ཚོགས་པ་དུ་མའི་ནང་ནས་དུས་གསུམ་ལ་ཆགས་ཐོགས་དང་བྲལ་བའི་ཡེ་ཤེས་


DNG026_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ས་སྐྱོང་དབང་མོ་འདི་ཉིད་ལེགས་པར་གཟིགས་པ་ལྟར་རྒྱལ་ཐབ་ཆེན་པོའི་ཁབ་ཏུ་ཕེབས་པ་ཡིན་ལ། དེ་དང་མཚུངས་པར་སྤྱན་རས་གཟིགས་དབང་ཀརྨ་ཀ་བཅུ་གསུམ་པ་བདུད་ཚོགས་འདུལ་བའི་རྡོ་རྗེའི་མནལ་ལམ་དུ། བཙུན་མོ་ཉིད་ཀྱི་བཞུགས་གདན་གྱི་ཉེ་བའི་ཚོགས་སུ་ཞལ་ཐང་ཞིག་བཀྲམ་འདུག་པ་ཇི་སྐད་ཡིན་སྙམ་ཚེ། བྲམ་ཟེ་རྒན་པོ་ཞིག་གིས་འདི་ནི་སྒྲོལ་མ་བཀྲ་ཤིས་དོན་འགྲུབ་མ་ཡིན། འདི་མིའི་ཚུལ་བཟུང་བ་སྡེ་དགེ་རྒྱལ་པོའི་བཙུན་མོ་འདི་ཉིད་ཡིན། འདིའི་ཡོན་ཏན་སྤྱིར་འཛམ་གླིང་ཡོངས་ལ་ཕན་པ་དང་བདེ་བ་སྟེར། ཁྱད་པར་དུ་སྡེ་དགེ་རྒྱལ་པོའི་ཆབ་སྲིད་ཀྱི་ལེགས་ཚོགས་སྤེལ་བའི་ཞིང་མཆོག་མ་གཅིག་ཡིན་ཅེས་ཟེར། མཚུར་དུ་བྱོན་པའི་ཤར་རིའི་འཕྲག་ནས་ཉི་མ་ཤར་བཞིན་དམུ་རྒོད་ཀྱི་མུན་པ་རེ་ཞིག་ཞི་བའི་ལྟས་བཟང་མཐོང་བས་སྒྲོལ་མ་བཀྲ་ཤིས་དོན་འགྲུབ་མའི་ཆོག་ཁྲིགས་མཛད་པ་འདི་ཉིད་ཆགས་མེད་དུ་ཁ་ཐོན་དུ་བགྱིས་ན་ལེགས་པའི་བཀའ་མཆིད་ཕེབས་ཤིང་། གསུང་འབུམ་རྣམས་རྒྱལ་ཁབ་འདིར་པར་དུ་བཀོད་པར་མཛད་པའི་པར་བྱང་དུའང་། ཁྱད་པར་འཕགས་མའི་རྣམ་འཕྲུལ་བཙུན་མོ་མཆོག །གང་གི་སྐུ་ཡི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་དཔལ་ཡེ་ཤེས་འོད་སྣང་ཕྱོགས་བཅུར་རྒྱས། །ཐུགས་ཀྱི་བཞེད་དོན་ཇི་བཞིན་ཡོངས་འགྲུབ་ཤོག །ཅེས་སྨོན་ལམ་དུ་བསྩལ་པ་དང་། དེ་བཞིན་དུ་རྩོད་མེད་དུས་བབ་ཀྱི་མཁས་གྲུབ་གཉིས་ལྡན་ཐུགས་གཏེར་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་འཇིགས་མེད་གླིང་པའི་ཀློང་ཆེན་སྙིང་གི་ཐིག་ལེའི་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། ངང་ཚུལ་ཕོ་གྱོང་རྒྱལ་མོ་བཙུན༔ དབྱིངས་ཕྱུག་མཁའ་འགྲོ་ཨེ་ཀ་ཛས༔ ཆོས་སྲིད་བསྟན་པའི་ལེགས་ཚོགས་སྤེལ༔ ཅེས་གསུངས་པའི། དང་པོ་ལྷ་ལྕམ་ངང་ཚུལ་རྒྱལ་མོའི་སྤྲུལ་པར་ངོས་འཛིན་པར་མཛད་པ་ལྟར། མཛོད་བདུན་གྱི་དོན་བསྡུ་བའི་བསྟན་བཅོས་ཡོན་ཏན་མཛོད་རྩ་འགྲེལ་པར་ལ་འགོད་པ་དང་། རྗེ་བླ་མ་ཉིད་ཀྱི་བཀའ་སྲོལ་འཛིན་པའི་ཆོས་སྡེ་གསར་དུ་བསྐྲུན་


DNG026_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ་སོགས་རིམ་གྲོ་བླ་ལྷག་ཏུ་བསྐྱེད་པའང་ཡིན་ནོ། །དེ་ལྟ་བུས་མཚོན་སྙིགས་མའི་དུས་སུ་ཟླ་མེད་པའི་འདྲེན་མཆོག་དམ་པ་དུ་མའི་ལུང་གིས་ཟིན་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཚོགས་མང་པོ་ལ་དབང་བྱེད་པའོ།། གསུམ་པ། ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པའི་ཡོན་ཏན་བསྔགས་པར་འོས་པ་དག་ཀྱང་ངོ་བསྟོད་མེད་པར་བརྗོད་ན། བསྐལ་པ་མང་པོར་བསགས་པའི་ལེགས་བྱས་རྒྱ་ཆེན་པོ་ལ་གོམས་པས་གཞོན་ནུའི་དུས་ནས་བླ་མ་དང་ཕ་མ་སོགས་བཀུར་བར་འོས་པ་རྣམས་ལ་རིམ་གྲོ་དང་ཞེ་ས་ཆེ་བ་དང་། གཅིག་ཏུ་དགེ་བའི་ཕྱོགས་ལ་དགྱེས་ཤིང་། དཀོན་མཆོག་གསུམ་གྱི་རྟེན་ལ་གུས་ཤིང་ཞབས་ཏོག་ཆེ་བ་དང་། གནས་སྐབས་སུ་བདག་ཉིད་རིགས་གཟུགས་དཔལ་འབྱོར་གྱིས་མངོན་པར་རྒྱགས་པས་གཏན་གྱི་བདེ་བ་ལ་ཅི་མི་སྙམ་དུ་བྱེད་པའི་བྱིས་པ་རྣམས་དང་ནམ་ཡང་མཚུངས་པའི་སྐབས་མེད་པས་དབུས་གཙང་གི་གནས་ཆེན་རྣམས་སུ་དཀའ་བ་ཁྱད་དུ་བསད་ནས་ཕྱག་དང་བསྐོར་བ་སོགས་ལུས་ངག་གི་བཤགས་སྦྱང་དང་། ཟང་ཟིང་གི་མཆོད་པ་སོགས་ཚོགས་རྒྱ་ཆེར་བསགས་ཤིང་གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དགེ་སྦྱོང་དང་། བཀྲེས་པ་དང་། ཕོངས་པ་དང་། ནད་པ་དང་། ཉེ་དུ་དང་། གཉེན་བཤེས་དང་། ཞོ་ཤས་འཚོ་བ་རྣམས་ལ་ཟས་དང་། གོས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་སྟོབ་པ་ལ་དགའ་ཞིང་ཡོངས་སུ་མི་སྐྱོ་བ་དང་། དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་ལ་ཕན་པ་དང་། གཞན་ལ་ཕན་པར་ཞུགས་པ། སྙིང་རྗེའི་བདག་ཉིད་ཅན་ཆོས་འདོད་པ་དང་། སྐྱེ་དགུ་རྣམས་ལ་བྱམས་པ་སོགས་རིགས་ཁྱད་པར་ཅན་གྱི་ངང་ཚུལ་བཟང་པོ་མི་གཏང་བ་ཞིག་པས་རྒྱལ་ཐབས་འདིར་འཁོད་པ་ནའང་། འདི་ལྟར་མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་པོར་གྱུར་ཅིང་། དབང་ཕྱུག་ཆེན་པོ་ལ་དབང་


DNG026_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཐོབ་པ་དང་། ཆོས་རྗེས་སུ་བསྲུང་བ་དང་། གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཅིང་། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་བཟློག་པ་ལ་མཁས་པ་ཡིན། གཏོང་བ་ཆེན་པོ་རྩོམ་པ་ལ་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན་ནོ། །སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་ལས་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་གྱུར། ཕུལ་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་དང་། འཕགས་པའི་ཡུལ་དུ་རྒྱལ་པོ་མྱ་ངན་མེད་ཀྱིས་སའི་སྟེང་གི་དགེ་འདུན་རྣམས་ལ་གསེར་འབུམ་རེ་ཕུལ་པ་དང་། དགེ་འདུན་ལ་རྒྱལ་སྲིད་ལྟོས་པ་མེད་པར་ཕུལ་ཞིང་། གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་ཁྲི་རལ་པ་ཅན་གྱིས་བླ་སྒོ་དང་པོ་དགེ་འདུན་ལ་ཕུལ། གཉིས་པ་ནི་རྒྱལ་པོ། གསུམ་པ་ནི་བློན་པོ། ཞེས་གསུངས་པ་དང་། རབ་བྱུང་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་སོགས་སྲི་ཞུ་དང་བསྡི་སྟང་ཇི་ལྟར་མཛད་པའང་། རིགས་དང་། གཟུགས་དང་། ལང་ཚོ་དང་། དཔའ་བ་དང་། བརྟུལ་ཕོད་པ་དང་། སྟོབས་དང་དཔུང་པ་དང་། ནོར་དང་། གྲགས་པ་དང་། མངའ་ཐང་དང་། ལོངས་སྤྱོད་དང་། འཁོར་འབངས་ཕུན་སུམ་ཚོགས་པ་སོགས་སྲིད་པའི་དཔལ་འབྱོར་མཐའ་གཅིག་ཏུ་བདེ་བ་མ་ཡིན་པ། སྡུག་བསྔལ་གྱི་རྒྱུ་འབའ་ཞིག །རྣམ་པར་འགྱེས་པ། མི་རྟག་པ། འབྱོར་གུད་རེས་མོས་པ། སྐྱེ་འཆིའི་བར་ལག་ཅན། སྙིང་པོ་གང་ཡང་མེད་པར་བདག་ཅག་རྣམས་ཀྱི་སྟོན་པས་རྣམ་པ་ཀུན་ཏུ་བཀའ་སྩལ་པ་གཟིགས་ཤིང་རྟོགས་པའི་ངེས་


DNG026_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གིས་ཐུགས་རྒྱུད་བསྐུལ་བས་སེར་སྣའི་འཆིང་བ་མཐའ་དག་བཅད་ཅིང་བསོད་ནམས་མ་ཡིན་པའི་གནས་ལས་ལྡོག་སྟེ་མྱ་ངན་ལས་འདས་པའི་ཕྱོགས་སུ་ཡང་དག་པར་ཞུགས་པ་ལ་དགྱེས་པ་སྟེ། མཛའ་བཤེས་ལ་སྤྲིངས་པ་ལས། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བའི་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་སྔོན་གྱིས་བདག་བྱང་ཆུབ་སེམས་དཔའ་སྤྱོད་ཚུལ་ཡོངས་སུ་དག་པ་རྣམས་ཀྱི་རྗེས་སུ་ཐུགས་དང་བས་གོ་ས་མཐོན་པོ་ཐོབ་པར་གྱུར་ཀྱང་ཧ་ཅང་ཁེངས་པ་དང་དྲེགས་པར་གྱུར་པས་བཀུར་སྡི་འོས་པ་རྣམས་ལ་སྲི་ཞུ་མ་ཡིན་པ་མི་མཛད་ཅིང་ཐུགས་ཤིན་ཏུ་དུལ་བ་དང་ཉམས་སྨད་པ་ལྟ་བུར་གནས་པའི་དམ་པའི་སྤྱོད་ཚུལ་མ་སྨད་པར་གྱུར་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་དང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །ཅེས་དང་། སློབ་དཔོན་མ་ཏི་ཙི་ཏྲས། དགའ་བར་བགྱིད་པའི་ཡུལ་རྣམས་དང་། །རྒྱགས་པར་བགྱིད་པའི་ལང་ཚོ་དག །བདག་གི་རང་དགར་སྤྱོད་པ་དེ། །ཀུན་ཏུ་དོན་མེད་བགྱིད་པའི་སྒོ། །ཕུང་བར་བྱེད་པ་དེ་གསུམ་སྤངས། །མཁས་པས་དམ་པ་བརྟེན་པ་དང་། །དབང་པོ་དུལ་དང་ཤེས་རབ་ཀྱི། །སྟོབས་མཐུའི་ཉམས་ནི་སྨད་ནས་སྤྱད། །ཅེས་གསུངས་པ་ལྟར་རོ། །བདོག་པའི་ཚོགས་ཀྱིས་ཤིན་ཏུ་འབྱོར་ཞིང་བདོ་བར་གྱུར་པ་ལས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་རྒྱ་ཆེ་ལ་རྣམ་གྲངས་མང་བ་རྒྱུ་དངོས་གཙང་ཞིང་ཕུན་སུམ་ཚོགས་པ་ཤ་སྟག་དང་། གཙུག་ལག་ཁང་དང་། དགེ་འདུན་གྱི་ཆོས་གཞི་གསར་དུ་འཛུག་པ་དང་། དེ་དག་ཉམས་པ་གསོ་བ་དང་། དགེ་འདུན་གྱི་འདུ་སྒོ་དང་།


DNG026_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་མཆོད་པའི་རྒྱུ་ཁོ་ནར་འགྲོ་བར་མཛད་པ་དང་། ཚེ་རབས་དུ་མར་མ་བྱིན་ལེན་གྱིས་འཚོ་བ་དག་གི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུས་སེམས་ཅན་རྣམས་ཀྱི་ནོར་དང་སྲོག་ལ་ཆད་པ་སྦྱིན་པའི་སྲིན་པོ་མིའི་ཤ་ཚུགས་ཅན་ཕྱོགས་མཐའི་སྐྱེ་བོ་མི་སྲུན་པ་རྣམས་ལའང་མཁོ་བ་སྦྱིན་པ་དང་། གཏམ་སྙན་པར་སྨྲ་བ་སོགས་ཀྱིས་ཕན་པ་སྒྲུབ་པ་ལ་ཐབས་ཀྱིས་བཀོད་ཅིང་། ནད་པ་དང་། རྒས་པ་དང་། ཕོངས་པ་དང་། བཀྲེས་པའི་སྐྱེ་བོ་རྣམས་ལ་སྨན་དང་། ཟས་དང་། གོས་དང་། མལ་ཆ་དང་། ཉེ་བར་མཁོ་བ་སྦྱིན་པ་སོགས་རྣམ་སྨིན་དགེ་བའི་རྒྱུ་འབའ་ཞིག་པར་ཟད་དུ་འཇུག་པའི་གཏོང་བའི་ཕྱག་རིང་པོར་རྐྱོང་བ་ལ་གོམས་པ་ནི། འདུལ་བ་གཞིའི་རྒྱལ་པོ་ནོར་བཟང་གི་རབས་ལས། ལྷ་དང་མི་ཡི་ནང་དག་ཏུ། །བདག་གི་འབྱོར་པ་མཐོང་ནས་ནི། །གང་གིས་ཕུན་སུམ་ཐོབ་པ་ཡིས། །སྦྱིན་པ་སུ་ཞིག་སྦྱིན་མི་བྱེད། །གང་གིས་སྐྱེས་བུ་བརྒྱ་ཕྲག་ཐིབས་མནན་ཅིང་། །སེར་སྣ་དགྲ་བོར་གྱུར་པ་ཟིལ་མནན་ནས། །འཇིག་རྟེན་ཕ་རོལ་འཇིགས་པས་སྦྱིན་གཏོང་དེ། །བདག་ནི་དཔའ་བོའི་དཔའ་རབ་ཡིན་པར་སེམས། །གང་ཞིག་ལག་ན་མཚོན་ཐོགས་གཡུལ་ངོར་འཇུག །དེ་ནི་དཔའ་བོ་མིན་ཞེས་ཐུབ་རྣམས་གསུང་། །གང་ལ་འཇིགས་པ་མེད་པར་སྦྱིན་གཏོང་བ། །དེ་དག་དཔའ་བོ་ཡིན་ཞེས་ཀུན་མཁྱེན་གསུང་། །ཞེས་གསུངས་པ་དང་། རྒྱལ་པོ་ཟླ་བ་ལ་སྤྲིངས་པ་ལས། ས་བདག་ཇི་ལྟར་འབྱོར་པའི་དུས། །དེ་ཉིད་དུས་ནས་སྤྱད་བཏང་ཞིང་། །ཡོངས་སུ་བསྔོ་བས་གཏེར་དུ་སྦ། །ཚེ་འདིར་གཅིག་ལས་གཞན་དཔག་མེད། །གང་ཚེ་ཕྱི་ནས་སེར་སྣ་དང་། །ཕོངས་པས་བསྲེགས་ན་ཅི་བགྱིར་མཆིས། །ཞེས་བཤད་པ་བཞིན་གསོག་འཇོག་ལ་ཧ་ཅང་སྲེད་པར་མི་མཛད་དེ་ས་སྐྱོང་ཆེན་པོའི་གནའ་བོའི་དུས་ཀྱི་དུས་མཆོད་ཇི་ལྟར་མཆིས་སོ་ཅོག་རྣམས་གོང་འཕེལ་གྱི་སྟེང་དུ་གསར་པ་ཅི་རིགས་པ་དང་དེ་བཞིན་དུ་གསར་རྙིང་རིས་སུ་མ་ཆད་པའི་ཆོས་སྡེ་ཆེ་ཕྲ་ཐམས་ཅད་དུ་དུས་


DNG026_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ཁྱད་པར་ཅན་གྱི་སྒྲུབ་མཆོད་ཀྱི་ཐེབས་སྦྱོར་བ་དང་ལོ་སྟར་དུ་ཟབ་མོའི་རྣལ་འབྱོར་ལ་གོམས་པའི་དགེ་སློང་གཙོ་བོར་གྱུར་པའི་རྡོ་རྗེ་འཛིན་པ་དུ་མར་ཆོས་དང་མཐུན་པའི་ཡོན་བསྟབས་ནས་ལྷག་པའི་ལྷ་དུ་མའི་རྩ་སྔགས་དང་བསྙེན་པ་བན་རྒྱ་ཁོ་ནའི་ཁོངས་སུ་བསག་ཏུ་འཇུག་པ་དང་། རང་ཉིད་ཀྱིས་ཀྱང་གསར་རྙིང་རིས་མེད་བཀའ་གཏེར་གྱི་རྩ་བ་གསུམ་སོགས་ལྷག་པའི་ལྷ་མང་པོའི་བསྐྱེད་རྫོགས་ཉམས་ལེན་བཟླས་བརྗོད་འཆར་ཅན་རྣམས་དང་ཡར་ངོ་མར་ངོའི་ཚེས་བཅུ་བྱུང་རེས་ཀྱིས་ཚོགས་དང་གཏོར་མ་མ་མཆོད་སོགས་ཞལ་འདོན་དང་། ཚོགས་བསགས་ཀྱི་རིམ་པ་ལ་བརྩོན་པ་རྒྱལ་སྲིད་ཀྱི་བྱ་བས་མི་བཤོལ་ཞིང་། དུས་ཀུན་ཏུ་ངེས་འབྱུང་དང་བྱམས་སྙིང་རྗེ་ཟབ་མོའི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་གོམས་པར་མཛད་པ་སོགས་དང་མི་འབྲལ་ཞིང་མདོར་ན་ཕལ་པའི་སྤྱོད་ཡུལ་ལས་རིང་དུ་འདས་ཤིང་དམ་པའི་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན་པ་ཞིག་གོ། །གཞན་ཡང་སློབ་དཔོན་མ་ཏི་ཙི་ཏྲས། ཅི་སྟེ་རྒྱལ་པོ་བློན་པོ་དག །དཀྱེལ་ཆེ་སྙིང་རྗེའི་བདག་ཉིད་ནི། །རྟག་ཏུ་ཉོན་མོངས་མེད་པ་ཡི། །ལས་ཀྱིས་རྒྱལ་སྲིད་བྱ་བར་རུང་། །འཇིག་རྟེན་འདི་ན་བློ་གྲོས་ཀྱིས། །ཉམ་ཆུང་གྱུར་དང་མགོན་མེད་པ། །བྱ་བ་མ་ཡིན་བྱེད་པ་ལ། །གདོན་མི་ཟ་བར་འཇུག་པར་འགྱུར། །དེ་བས་ཇི་སྲིད་ས་དེ་ལས། །མྱུར་དུ་མ་བརྒལ་བར་དུ་ནི། །བློ་མཐུན་བསྐྱེད་ཕྱིར་མཁས་པ་དག །བསྡུ་བར་དགྱེས་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། རྒྱལ་སྲིད་ཀྱི་བྱ་བ་བྱེད་པའི་བློན་པོ་དང་། དམག་དཔོན་དང་། ཡི་གེ་པ་དང་། ཕོ་ཉ་སོགས་བསྟན་བཅོས་ནས་ཇི་ལྟར་བཤད་པ་བཞིན་གྱི་རྒྱལ་པོའི་ཡན་ལག་རྣམས་ཀྱང་མ་ཚང་བ་མེད་ཅིང་གཙོ་བོར་ཆབ་སྲིད་ནི་རྒྱལ་པོའི་མཛད་པའི་རྗེས་སུ་འགྲོ་བ་ཞིག་སྟེ་འདི་ནི་རང་བཞིན་གྱིས་དཀྱེལ་ཆེ་ཞིང་གཏིང་མི་རྟོགས་པ་དང་བློ་མྱུར་ཞིང་ཚིག་བཙུན་པ་དང་། བརྩེ་བའི་སེམས་ཀྱིས་མངའ་འབངས་ཆབ་མི་འཚལ་བར་བདེ་བར་སྐྱོང་ཞིང་། དྲང་པོར་སྲོང་བའི་


DNG026_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་ཕྱོགས་སུ་མ་ལྷུང་བར་སྐྱེ་བོ་ཀུན་ལ་སྙོམས་པའི་ཁྲིམས་ཀྱིས་གནོན་ཅིང་། མཉེས་ཤིང་གཤིན་པས་གྱ་གྱུའི་སྤྱོད་ཚུལ་མི་མངའ་བ། གཡོ་དང་སྒྱུས་གཞན་མི་བསླུ་ཞིང་། བྱ་བ་ཐམས་ཅད་ལ་ལེགས་པར་བརྟགས་ཏེ་བག་ཡོད་པས་ཉམས་མི་ང་བར་སྤྱོད་པ་སོགས་ས་གཞི་ལེགས་པར་སྐྱོང་བའི་ཚུལ་རྣམས་ཀྱང་ཚང་བར་མངའ་བ་སྟེ། རྒྱལ་པོ་ཀ་ནིཥྐ་ལ་སྤྲིངས་པ་ལས། ཕ་ཡིས་བུ་ལ་ཇི་ལྟ་བར། །ཁྱོད་ཀྱིས་འཁོར་ལ་བྱམས་བགྱིས་ན། །བུ་ཡིས་ཕ་ལ་ཇི་ལྟ་བར། །ཁྱོད་ཀྱི་ཞབས་འབྲིང་དགའ་བར་བགྱིད། །ཕལ་རྣམས་རང་བཞིན་བཟང་ན་ནི། །ཁྱོད་ཀྱི་དགོངས་པ་བཞིན་དུ་འགྱུར། །ཕལ་རྣམས་རང་བཞིན་ངན་ན་ནི། །ཁྱོད་ཀྱི་དགོངས་པ་བཞིན་མི་འགྱུར། །གལ་ཏེ་གཞུང་ལུགས་བཟང་བཞེས་ན། །གོང་ནས་གོང་དུ་འཕར་བར་འགྱུར། །ཅི་སྟེ་ངན་པའི་སྤྱོད་མཛད་ན། །འོག་ནས་འོག་ཏུ་ལྷུང་བར་འགྱུར། །དམ་པའི་ལས་ལ་གནས་ན་ནི། །ཁྱུ་མཆོག་དང་ནི་ཁྱུ་ལྟ་བུར། །རྗེས་སུ་འཚོ་བའི་སྐྱེ་བོའི་ཚོགས། །འདི་ཀུན་རྗེས་སུ་འབྲང་བར་འགྱུར། །ཁྱོད་ནི་གྱ་གྱུ་ལ་ཞུགས་ན། །གྱ་གྱུ་ཁོ་ནའི་རྗེས་འབྲངས་པས། །སྐྱེ་དགུ་ཁྱེད་མཛད་རྗེས་འབྲང་བའི། །སྐྱེ་དགུ་དེ་ནི་ཉམས་པར་འགྱུར། །དེ་བས་བདག་གཞན་བསྲུང་སླད་དུ། །ཐུགས་ཀྱིས་རབ་ཏུ་བསྒྲིམས་ནས་ནི། །གནའ་རྒྱལ་དྲང་སྲོང་རྣམས་ཀྱི་ལུགས། །ཉམས་པ་གསར་པར་བཅོས་སུ་གསོལ། །གནའ་ཡི་རྒྱལ་པོའི་སྤྱོད་པ་ལས། །གང་དག་བཟང་བ་དེ་མཛོད་ལ། །མི་རིགས་པ་ནི་གང་ལགས་དེ། །སྨད་པར་མཛོད་ལ་སྤང་དུ་གསོལ། །སྔོན་གྱི་བཀའ་ཁྲིམས་སྐྱོན་ཆགས་པ། །གནའ་ནས་མཆིས་ཀྱང་རྒྱུན་ཆོད་ལ། །རྒྱལ་པོ་ཀ་ནིཥྐས་མཚན་པའི། །ཁྲིམས་སུ་བཅའ་བ་གསར་པ་མཛོད། །ཅེས་བཤད་པ་བཞིན་ནོ། །ཆོས་ཉིད་ཀྱིས་གང་གི་ཚེ་ཆོས་དང་ལྡན་པས་ཆོས་ཀྱི་རྗེས་སུ་འབྲངས་ནས་རྒྱལ་སྲིད་བྱེད་པ་དག་ལ་ནི་འཇིག་རྟེན་པའི་དཔལ་དང་འབྱོར་པ་ཐམས་ཅད་ངང་གིས་ཕུན་སུམ་ཚོགས་ཤིང་འཇིག་


DNG026_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པའི་དགེ་ལེགས་རྣམས་ཀྱང་ཟད་མི་ཤེས་པར་གམ་ན་གནས་པ་དང་། མི་མ་ཡིན་པ་རྣམས་ཀྱང་དེ་ལ་དུས་རྟག་ཏུ་དགའ་ཞིང་མགུ་བའི་སེམས་ཀྱིས་མཐུན་པའི་རྐྱེན་ཇི་ལྟར་འདོད་པ་དག་སྦྱོར་ཞིང་མཛའ་བའི་གྲོགས་སུ་རང་བཞིན་གྱིས་འགྱུར་བས་འབད་རྩོལ་མི་དགོས་པར་ཡིད་ལ་བསམ་པ་མཐའ་དག་གེགས་མེད་པར་ལྷུན་གྱིས་འགྲུབ་པ་དང་། བཏུལ་བ་མེད་པར་ཕ་རོལ་གྱི་རྒོལ་བ་དང་། དགྲའི་ཕྱོགས་སུ་གཏོགས་པ་རྣམས་ཀྱང་མཐའ་དག་པར་ངང་གིས་ཉམས་པའམ་འདུད་པ་ལྷུར་བྱེད་ཅིང་མངའ་འབངས་རྣམས་ཀྱང་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པ་ཞིག་པས་གནའ་བོའི་དུས་སུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྒྱལ་པོའི་ཤ་ཚུགས་ཅན་རྣམས་ཀྱི་ཚུལ་ཇི་ལྟ་བའི་གོ་འཕང་མཆོག་གི་མཐར་འཛེགས་པར་འགྱུར་ལ། སྤྱོད་ཚུལ་དེ་ལས་ཕྱིར་ལྡོག་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་ནོར་བཟང་དུ་སྐྱེས་པའི་རབས་ལས། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་ལྔ་ལེན་པར་རྒྱལ་པོ་གཉིས་བྱུང་སྟེ། བྱང་ཕྱོགས་ཀྱི་ལྔ་ལེན་དང་། ལྷོ་ཕྱོགས་ཀྱི་ལྔ་ལེན་པའོ། །དེ་ལ་བྱང་ཕྱོགས་ཀྱི་ལྔ་ལེན་པ་ནོར་ཅན་ཞེས་བྱ་བ་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་བྱ་བ་ན་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། འཐབ་པ་དང་། ཁྲག་འཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་པ། ནད་རབ་ཏུ་ཞི་བར་གྱུར་པ། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་དང་། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དོ། །གྲོང་ཁྱེར་དེ་ན་ཡང་མཚོ་ཆེན་པོ་མེ་ཏོག་སྣ་ཚོགས་དང་བྱ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཡིད་དུ་འོང་བ་ཡོད་དོ། །མཚོ་དེ་ན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་བྱ་བ་གནས་ཏེ། དེས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ས་གཞི་ལྷག་པར་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར་ཏོ། །ཡུལ་ཡང་བཟའ་བ་དང་བཏུང་བ་ཤིན་ཏུ་མོད་ལ། འཇིག་རྟེན་ཡང་སྦྱིན་པ་དང་། མཆོད་པ་དང་བསྙེན་བཀུར་དང་ལྡན་པས་དགེ་


DNG026_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་ཕོངས་པ་རྣམས་ལ་ཁ་ཟས་སྦྱིན་པར་བྱེད་དོ། །ལྷོ་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་ནི་ཆོས་མ་ཡིན་པ་ལ་ལྷག་པར་གནས་པ། གཏུམ་པ། གཟུ་ལུམས་ཅན། སྤྲོ་ཐུང་བ་ཞིག་པས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ཅིང་ཆད་པ་དང་། རྡེག་པ་དང་། འཚོགས་པ་དང་། གསོད་པ་དང་། འཛིངས་པ་དང་། འཆིང་བ་དང་། སུ་མི་འདོད་དང་། ཁོང་སྒྲིལ་དང་། གནོད་པ་སྣ་ཚོགས་ཀྱིས་ཡུལ་ན་གནས་པའི་སྐྱེ་བོ་རྣམས་རྟག་ཏུ་སྐྲག་པར་བྱེད་དོ། །དེས་ཆོས་མ་ཡིན་པ་ལ་ལྷག་པར་གནས་པས་ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་སོ། །དེ་ནས་སྐྱེ་བོའི་ཚོགས་དེ་འཇིགས་པ་དང་ཡི་ཆད་པས་རང་གི་སྲོག་ལ་ཡང་མི་བལྟ་བར་ཡུལ་ཡོངས་སུ་སྤངས་ཏེ་བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོའི་ཡུལ་དུ་དོང་ནས་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་ལྷོ་ཕྱོགས་ལྔ་ལེན་གྱི་རྒྱལ་པོས་རང་གི་ཡུལ་སྟོངས་པར་གྱུར་པ་དག་མཐོང་ནས་བློན་པོ་རྣམས་ལ་རྒྱུ་ཅིས་ཞེས་དྲིས་སོ། །བློན་པོ་རྣམས་ཀྱིས་བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་མཆིས་སོ། །ཅིའི་ཕྱིར། སྨྲས་པ། ལྷ་བྱང་ཕྱོགས་ལྔ་ལེན་པའི་རྒྱལ་པོ་ནི་ཆོས་བཞིན་གྱིས་རྒྱལ་སྲིད་བགྱིད་པས། དེའི་ཡུལ་འབྱོར་པ་དང་། རྒྱས་པ་སོགས་སྔ་མ་བཞིན་དང་། ལྷ་ནི་གཏུམ་པ། གཟུ་ལུམས་ཅན་སོགས་ཇི་ལྟར་གྱུར་པ་སྔ་མ་བཞིན་བསྙད་པས། སྐྱེ་བོའི་ཚོགས་སླར་འོངས་ནས་གནས་པར་འགྱུར་བའི་ཐབས་ལྟ་ཡོད་དམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གལ་ཏེ་བྱང་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་བཞིན་དུ་ཆོས་བཞིན་གྱིས་རྒྱལ་སྲིད་མཛད་དེ། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། ཐུགས་བརྩེ་བའི་སེམས་ཀྱིས་ཡུལ་བསྐྱངས་ན་རིང་པོར་མི་ཐོགས་པར་སྐྱེ་བོའི་ཚོགས་དེ་སླར་མཆིས་ནས་གྲོང་རྡལ་དང་། གྲོང་ཁྱེར་འདི་རྣམས་སུ་གནས་པར་འགྱུར་ལགས་སོ། །རྒྱལ་པོས་ཀྱང་བྱང་ཕྱོགས་ལྔ་ལེན་པའི་རྒྱལ་པོས་ཇི་ལྟར་བྱེད་པ་བཞིན་དུ་བགྱི་བར་ཁས་བླངས་ཏེ། ཡུལ་དེ་སྔར་བཞིན་གནས་པའི་ཐབས་ལ་འབད་པར་བྱས་པའི་ལོ་རྒྱུས་ལྟ་བུས་གསལ་བར་


DNG026_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་མིའི་དབང་པོ་འདི་ཉིད་ཀྱི་ཕྱི་ནང་གི་བློན་པོ་དང་། ཡི་གེ་པ་དང་། སྨན་པ་དང་། དམག་དཔོན་དང་། མཛོད་སྲུང་བ་དང་། སྤྱན་མི་དང་། ཕྱག་ཚང་བ་དང་། གོ་རེ་ལོང་དང་། ཁྲོམ་གྱི་རུ་པ་དང་། གྲོང་མི་དང་ཡུལ་མི་རྣམས་ཀྱང་རྒྱལ་པོའི་བྱ་བ་ཆོས་དང་ལྡན་པའི་རྗེས་སུ་འབྲང་ཞིང་རྗེས་སུ་མཐུན་པར་ཆོས་ལ་སྤྱོད་ཅིང་། སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་པ་དང་། དགེ་བ་ལ་ཉེ་བར་གནས་པ། སྤྱོད་ཚུལ་ཡང་དག་པར་བླངས་པ་ཁོ་ན་མང་པོ་དག་གོ།། གསུམ་པ་རྣམ་དཀར་གྱི་བྱ་བ་དངོས་བཤད་པ་ལ་བཞི་སྟེ། བརྩམས་པའི་དགོས་ཆེད་དང་། བཞེངས་པའི་དུས་དང་། ཕྱི་མོ་བསགས་ཤིང་ཞུ་དག་བགྱིས་པའི་ཚུལ་དང་། བཞེངས་ཚུལ་དངོས་སོ།། དང་པོ་ནི། གངས་རིའི་ལྗོངས་འདིར་གནའ་བོའི་དུས་སུ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་ལས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་བྱོན་ཅིང་ས་ཆེན་པོ་ལ་བཞུགས་པའི་མཁན་སློབ་ལོ་ཙཱ་བ་ཆེན་པོ་དུ་མས་ལུས་དང་སྲོག་ལ་ཅི་མི་སྙམ་པས་འཕགས་པའི་ཡུལ་ནས་འབད་པ་ཆེན་པོས་བཙལ་ཞིང་བོད་ཀྱི་རྒྱལ་ཁམས་ཀྱི་སྐྱེ་དགུ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕྱིར་མདོ་དང་སྔགས་ཀྱི་སྡེ་སྣོད་བགྲངས་ཀྱིས་མི་ལང་བ་ཞིག་བསྒྱུར་བ་ལས་ནང་པ་བསྐྱེད་རྫོགས་གསུམ་ནི་འཕགས་པའི་ཡུལ་གྱི་སྔགས་པ་རྣམས་ཀྱིས་ཇི་ལྟར་ཉམས་སུ་བླངས་ནས་གསང་བ་བཞིན་དུ་སྤྲུལ་པའི་རྒྱལ་པོ་གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ལྐོག་ཆོས་ཁོ་ནར་མཛད་ནས་བསྒྱུར་ཅིང་གཏན་ལ་ཕབས་པས་གདུལ་བྱ་ཐུན་མོང་དུ་སྤྱོད་པ་ལྟ་ཅི་མཚན་ཙམ་ཤེས་པའང་དཀོན་པའི་ཕྱིར་སྐབས་དེར་དབང་བསྐུར་བ་ལའང་རིམ་པ་བྱེད་པ་ཞེས་གབ་ཚིག་མཛད་ཅིང་། གཞན་ཞང་ཞུང་དང་། མངའ་རིས། ཁམས་ཀོང་ལྷོ་མོན་སོགས་ཡུལ་ཕྲན་སོ་སོའི་ལོ་ཙཱ་བ་རྣམས་ཀྱིས་ལྷ་བཙན་པོའི་ལྐོག་ཏུ་བསྒྱུར་ཅིང་ཉན་བཤད་བྱས་པའང་ཅི་རིགས་སུ་ཡོད་པར་མངོན་ལ། དེ་སྐད་དུའང་སྒྲ་


DNG026_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བམ་པོ་གཉིས་པ་ལས། གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུའང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་པར་གནང་གིས་ཀྱང་། ལྡེམ་པོའི་ངག་ཏུ་བཤད་པ་མ་ཁྲོལ་ནས། སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་བཟླས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་། བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །ཞེས་བཤད་པ་བཞིན་དང་། སླར་ཡང་ཆོས་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་དང་། ལྷ་དབང་དང་། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་གི་གསུང་རབ་རྣམས་ཐེམ་བྱང་དུ་བཏབ་པ་ལས་དཀར་ཆག་འཕང་ཐང་མ་ཞེས་བོད་དུ་རྒྱལ་བའི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་སྒྲིགས་པའི་ཐོག་མ་དེ་ཡིན་ལ། དེའི་རྗེས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་ཀླུ་དབང་སྲུང་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པ་རྣམས་ལ་ཞུས་ཆེན་མཛད་ནས་དཀར་ཆག་ལྡན་དཀར་མར་གྲགས་པ་མཛད་མོད་ཀྱི། གསང་སྔགས་ནང་རྒྱུད་སྡེ་གསུམ་ནི་བཀའ་གཉན་པས་འདིར་མ་བཀོད་དོ། །ཞེས་ནང་པ་བསྐྱེད་རྫོགས་གསུམ་གྱི་རྒྱུད་སྡེ་རྣམས་ནི་གསང་སྟེ་མ་བཀོད་པར་སྣང་ལ། དེའི་རྗེས་སུ་བཙན་པོ་རལ་པ་ཅན་གྱི་སྐུ་རིང་ལ་ཕོ་བྲང་འོན་ཅང་རྡོ་དགུ་ཐོག་མར་ཉི་འོག་གི་མཁན་པོ་རྒྱལ་བའི་བཤེས་གཉེན་དང་། ལྷ་དབང་བྱང་ཆུབ་དང་། ཚུལ་ཁྲིམས་དབང་པོ་བྱང་ཆུབ་དང་། སྦྱིན་པ་ཚུལ་ཁྲིམས་དང་། བྱང་ཆུབ་བཤེས་གཉེན་ལ་སོགས་པ་དང་། བོད་ཀྱི་ལོ་ཙཱ་བ་རཏྣ་རཀྵྀ་ཏ་དང་། ཆོས་ཉིད་ཚུལ་ཁྲིམས་དང་། ཡེ་ཤེས་སྡེ་སོགས་ཀྱིས་སྔར་བསྒྱུར་བའི་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་སྔོན་གྱི་ཡབ་མེས་ཀྱི་དུས་ཆོས་སྐད་བོད་ལ་མ་གྲགས་པ་


DNG026_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་བཏགས་པ་རྣམས་སྒྲའི་གཞུང་དང་མི་མཐུན་པས་འཇལ་དཀའ་བ་རྣམས་སོ་སོར་ཕྲལ་ཏེ་བྲིས། རྐང་རྐྱང་པ་བཤད་མི་འཚལ་བ་རྣམས་སྒྲའི་ལུགས་བཙན་པར་བགྱིས་པར། དོན་གྱི་དབང་བཙན་པར་བགྱིས་ནས་དེ་བཞིན་དུ་བཏགས་ཤིང་གཏན་ལ་ཕབ་པའི་སྐབས་སུའང་ནང་རྒྱུད་སྡེ་གསུམ་གསང་ནས་སྤྱོད་པ་འབའ་ཞིག་ཡིན་པའི་ཕྱིར་ཁྱབ་གདལ་དུ་མི་སྒྲོག་པར་བཀས་བཅད་པས་སྐད་གསར་བཅད་ཀྱིས་བཅོས་ཀྱང་མ་ཕོག་ལ་གླེགས་བམ་དུ་མར་ཡང་མ་འཕེལ་བས་གདམས་ངག་གི་དཔེ་རྣམས་ཤིང་ལོ་རླུང་ཁྱེར་ལྟ་བུས་སྲང་ཁ་འགྲིམ་པ་དང་། གསང་བ་ཁྲོམ་དུ་གྱེར་བའི་སྐབས་མ་བྱུང་བས་རྒྱུ་དེ་དག་གིས་བྱིན་རླབ་དང་ནུས་པ་ལ་ཞུད་པ་དང་གཡེལ་བར་མ་གྱུར་པས་སྒྲུབ་པ་པོ་མཆོག་རྣམས་ཀྱིས་རང་རང་གི་སྒྲུབ་གནས་རྣམས་སུ་ཉམས་སུ་བླངས་ཤིང་དངོས་གྲུབ་བརྙེས་པའི་གསང་ཆོས་དུམ་བུ་དུམ་བུར་ཡུལ་ཕྲན་ཁོལ་བུ་རྣམས་སུ་མི་མངོན་པར་ཅི་རིགས་སུ་བཞུགས་པ་ལས་མཐའ་དག་པར་ཕྱོགས་གཅིག་ཏུ་འདྲིལ་བ་དང་། དཀར་ཆག་སོགས་འདེབས་པར་མ་བྱུང་ལ། ཕྱིས་སུ་བུ་སྟོན་རིན་པོ་ཆེས་ཚལ་པ་བཀའ་འགྱུར་དུ་ཡོ་ག་གསུམ་གྱི་རྒྱུད་སྡེ་གཙོ་བོ་གཙོ་བོ་དག་ངེས་པ་འདྲེན་པའི་སླད་དུ་བཀོད་པར་མཛད་པ་ལས་ཡོངས་སུ་རྫོགས་པར་ནི་བསྡུ་བའི་སྐབས་མ་བྱུང་ལ། ཟུར་འུག་བྱ་ལུང་དུ་རྒྱུད་རག་རིམ་ཙམ་བཞུགས་ཤིང་ཁམས་ཕྱོགས་འདིར་ཀཿཐོག་ཏུ་སྔོན་རྙིང་རྒྱུད་རྫོགས་པར་གསེར་ལས་བཞེངས་པ་བཞུགས་སྐད་འདུག་ཀྱང་དུས་ཀྱི་རྒུད་པས་ཟག་འཐོར་དུ་སོང་བས་དེང་སང་ཚང་བར་ནི་མེད་ཅིང་། བར་སྐབས་སུ་གཏེར་ཆེན་རཏྣ་གླིང་པ་ཡབ་སྲས་ཀྱིས་དཔེ་དང་བཀའ་ལུང་གཉིས་ཀའི་རྒྱུན་ཐུགས་རྩོལ་ཆེན་པོས་བཙལ་ནས་བཞེངས་པ་ལྷུན་གྲུབ་ཕོ་བྲང་དུ་བཞུགས་པ་དང་། ཕྱིས་སུ་གཙང་རོང་གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེས་བསྟན་པའི་བཙས་སུ་ཐུགས་བསྐྱེད་རྒྱ་ཆེན་པོས་ཇི་སྙེད་པ་ཚར་གསུམ་བཞེངས་ནས་དབུས་གཙང་དང་། ཁམས་ཀོང་རྣམས་སུ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་ཞིང་། རྒྱུན་དེ་ལས་ཁམས་ཕྱོགས་འདིར་རྒྱ་ཆེར་འཕེལ་


DNG026_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། དེར་མ་ཚང་བ་རྣམས་ཕྱིས་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱིས་ཐུགས་རྩོལ་ཆེན་པོས་ཕྱག་ཏུ་འབྱོར་བ་རྣམས་སྟག་བུའི་ཡུལ་གྱི་མཁས་གྲུབ་ཆེན་པོ་རྡོ་རྗེ་འཛིན་པ་ཀུན་བཟང་རྣམ་རྒྱལ་དང་། ཀུན་བཟང་བློ་གྲོས་རྣམ་གཉིས་ཀྱིས་མཁྱེན་བརྩོན་ཆེན་པོས་མདོ་ཁམས་སུ་སྤྱན་དྲངས་པས་ཕྱོགས་འདིར་རྒྱུད་འབུམ་རིན་པོ་ཆེ་དཔེ་དང་བཀའ་ལུང་གཉིས་ཀའི་རྒྱུན་ཧ་ལམ་ཚང་བར་གྱུར་པ་ཡིན་ནོ། །འོན་ཀྱང་སྙིགས་མའི་དུས་འདིར་བསྟན་པ་ལ་ཞུགས་པའི་གང་ཟག་རྣམས་ཀྱང་གལ་ཆུང་ཆོས་ལ་བྱེད་པའི་དབང་གིས་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ལྟར་སྣང་ཙམ་ལས་ཚུལ་བཞིན་སྤྱོད་པ་ནི་ཉི་མའི་ཟིལ་གྱིས་ནོན་པའི་རྒྱུ་སྐར་ལྟ་བུར་གྱུར་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བགས་ཀྱིས་འགྲིབ་ཅིང་རྙེད་དང་གྲགས་པ་ལ་སོགས་ཆོས་བརྒྱད་ལ་སྙིང་པོར་དྲིལ་བས་བསྟན་པ་ཟིན་པར་རློམ་པའི་ཆེན་པོར་ཁས་འཆེ་བ་རྣམས་ཀྱང་དོན་བཞིན་དུ་ཐོས་བསམ་བསྒོམ་པ་ལ་རང་ཉིད་འཇུག་པ་དང་གཞན་དག་དེ་ལ་སྦྱོར་བ་ལྟ་ཞོག །བཀླག་ལུང་ཙམ་གྱི་རྒྱུན་ལའང་ཅི་མི་སྙམ་པས་འབད་རྩོལ་དོར་བ་ཟང་ཟིང་གི་དངོས་པོ་ཕྲ་མོ་ཙམ་ལའང་དབང་ཤེས་རྩལ་སྤྲུགས་སུ་བསྒྲིམས་ནས་གཏན་གྱི་བདེ་ལེགས་མ་ལུས་པའི་རྩ་ལག་གསུང་རབ་དོན་དུ་གཉེར་བ་ལ་ཡིད་ལྷོད་པོར་བྱེད་ཅིང་བགྱི་བའི་ཐ་ཤལ་དུ་བརྩི་བའི་དུས་ཀྱི་འགྱུར་བའི་བག་ལ་བལྟར་མི་མངོན་པར་ཞ་བར་ཆ་བས་བདེ་བར་གཤེགས་པའི་ཕྲིན་ལས་ཚད་མེད་པའི་གནས་ཆུད་གསན་ཅིང་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་སྲོག་ནོར་གསུམ་ཕངས་པ་མེད་པར་ཐེད་ལ་བོར་ནས་དཀའ་བས་བཙལ། དཀོན་པས་བསྒྲུབས་པའི་མཛད་པ་རྨད་དུ་བྱུང་བའི་ཕྱག་རིས་དང་། ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་ཆུད་འཛའ་བ་ལ་རིང་པོར་མི་ཐོགས་པ་གཟིགས་ནས་བློ་ལ་ཁུར་དུ་མི་བཟོད་པའི་གདུང་བ་དང་ངལ་བ་ཆེན་པོ་སྐྱེས་པར་གྱུར་ཏེ་སྔོན་མེད་པའི་ལེགས་བྱས་འདི་ལྟ་བུ་ཞིག་གྲུབ་པར་གྱུར་ན་ཅི་མ་རུང་སྙམ་དུ་དུས་རིང་མོ་ནས་ཐུགས་


DNG026_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྣག་པར་མཛད་པ་ལ་འཕྲལ་གྱིས་སད་པའི་རྐྱེན་ནི། པཎ་ཆེན་བི་མ་ལའི་ཡེ་ཤེས་ཆེན་པོའི་རྣམ་རོལ་རྫོགས་པ་ཆེན་པོའི་ལམ་ནས་གྲུབ་པའི་མངོན་རྟགས་རིག་པ་ཚད་ཕེབས་མངོན་དུ་གྱུར་པས་ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་བསྔགས་པའི་མེ་ཏོག་ཆར་དུ་བསྙིལ་བ་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་ཐུགས་ཀྱི་སྲས་མཆོག་གསུམ་གྱི་ཡ་གྱལ། ཇི་སྐད་དུ། ཐང་ཡིག་ལས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོད༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་གསུངས་པ་ལྟར། རྟགས། གཏེར་གནས། གཏེར་སྟོན་གྱི་འཁྲུངས་ཡུལ་ཐམས་ཅད་མཐུན་པར་ཁམས་སྲིང་མོ་རྫོང་སོགས་ནས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་གཏེར་ཁ་ཆེན་པོ་ལྔའི་མཚོན་ཟབ་གཏེར་མང་དུ་གདན་དྲངས་པའི་གཏེར་སྟོན་ཉི་མ་གྲགས་པའི་སྤྲུལ་པའི་སྐུ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆེན་པོ་དེ་ཉིད་བྱོན། རྗེ་དེ་ཉིད་ཀྱིས་ཁམས་དབུས་ཀྱི་དགེ་བའི་བཤེས་གཉེན་ཉི་ཤུ་རྩ་ལྔ་ཙམ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིས་སུ་མ་ཆད་པ་ལ་ཐོས་བསམ་བསྒོམ་གསུམ་ཚིག་ཙམ་མ་ཡིན་པར་མཛད་པས་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན། ནང་བྱང་ཆུབ་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་གྲོལ། གསང་བ་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པས་སྐུ་བཞིའི་ས་བོན་ལེགས་པར་སྨིན། ལམ་རིམ་པ་གཉིས་ཀྱི་ཉམས་བཞེས་མཐར་ཕྱིན་པས་རྩ་བ་གསུམ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་བསྟན་ཅིང་གསུང་གི་གསང་བ་ཐོབ། མདོ་སྔགས་སྤྱི་དང་བྱེ་བྲག་རྙིང་མ་བཀའ་གཏེར་གྱི་གྲུབ་མཐའི་རྩ་བ་སློང་ངེས་པའི་གཞུང་ལུགས་ཆེན་པོ་རྣམས་འཆད་སྤེལ་གྱི་ཕྲིན་ལས་ཀྱང་རྒྱ་ཆེ། ཁམས་དབུས་ཀྱི་གདན་ས་གཉིས་ཀྱི་གཙོས་བསྟན་པ་དང་འགྲོ་བའི་དོན་ལ་དངོས་དང་བརྒྱུད་ནས་འགྱུར་བའི་བྱ་བ་ལས་ཀྱི་འཁོར་


DNG026_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐུ་གསུང་ཐུགས་ཀྱི་རྟེན་དང་། དེ་དག་མཆོད་པའི་ཁྱད་པར་གྱི་རྒྱུ་ཚོགས་ཀྱང་རླབ་ཆེ་བ་བསྒྲུབས། མདོར་ན་མཁས་བཙུན་བཟང་བའི་ཕ་རོལ་དུ་བྱོན་ཅིང་། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཆེན་པོ་དེ་ཉིད་ཀྱི་གསུང་གི་བདུད་རྩི་ལས་འཁྲུངས་པའི་དོན་གྱི་རྡོ་རྗེ་འཛིན་པ། ཨོ་རྒྱན་པ་སངས་རྒྱས་གཉིས་པའི་ཆོས་ཀྱི་ཕ་ཕོགས་ལ་རང་དབང་དུ་སྤྱོད་པའི་ཟབ་མོའི་གཏེར་གྱི་མངའ་བདག་རིག་རྩལ་ཐོགས་མེད་གླིང་པའམ། དཔའ་བོ་ལས་རབ་རྩལ་ཞེས་མཚན་གྱི་ཅོད་པན་དཔྱངས་པ་འདི་ཉིད་ངེས་པའི་དོན་དུ་གདོད་ནས་ཡོངས་སུ་གྲུབ་པ་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདས་པའི་འཁོར་འདས་སྤྱི་མཉམ་ཆེན་པོར་རོ་གཅིག་ཀྱང་དྲང་བའི་དོན་ཙམ་དུ་དག་པའི་རྣམ་རོལ་ཅིར་ཡང་འཆར་བ་ཆོས་ཉིད་ཀྱིས་བདག་ཅག་གི་སྟོན་པའི་དྲུང་དུ་ཤེས་རབ་ཅན་རྣམས་ཀྱི་མཆོག་སྟོན་ལྡན་མའི་བུ། འཇིག་རྟེན་དུ་ཐུབ་པའི་རྒྱལ་ཚབ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རིམ་གྲོ་བ་དགེ་བསྙེན་དྷརྨ་ཏཱ། རི་བོ་གྲུ་འཛིན་ནས་འཕགས་པ་ཁ་སཪྤ་ཎ་ལྷ་ལྔ་དང་། ཉི་ཁྲི་ལེ་བརྒྱད་མ་སྤྱན་དྲངས་པའི་རྒྱལ་པོ་ཤུ་བྷ་ས་རའི་ཕོ་ཉ་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ། སློབ་དཔོན་སངས་རྒྱས་གཉིས་པའི་ཐུགས་སྲས་ལང་གྲོ་དཀོན་མཆོག་འབྱུང་གནས། རྗེ་བཙུན་བཞད་པ་རྡོ་རྗེའི་ཐུགས་སྲས་ངན་རྫོང་རས་པ་བོ་དྷི་རཱ་ཛ། འགྲོ་བའི་མགོན་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མངའ་བདག་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་རིགས་སྲས་པདྨ་དབང་ཆེན། ཆོས་ཀྱི་རྗེ་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ། ཆོས་རྒྱལ་རཏྣ་གླིང་པ། ཨ་མཁར་རྟོགས་ལྡན་ཀརྨ་ཕྲིན་ལས་སོགས་བསྟན་པ་དང་གདུལ་བྱའི་དོན་དུ་བསམས་བཞིན་སྲིད་པ་ཉེ་བར་བཟུང་བའི་རྒྱལ་བའི་སྲས་པོ་དུ་མའི་རྣམ་རོལ་བརྒྱུད་མར་བཟུང་བས་སྐུ་ཚེ་འདི་ཉིད་དུའང་ཆུང་ངུའི་དུས་ནས་སྔོན་གནས་རྗེས་དྲན་དང་དམ་པའི་སྤྱོད་ཚུལ་འབའ་ཞིག་ལ་གོམས་པའི་རང་བཞིན་ཅན་ཏེ་དགུང་གྲངས་བཅུའི་ཐོག་རྗེ་ཉི་གྲགས་སྤྲུལ་པའི་


DNG026_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རིན་པོ་ཆེས་རྗེས་སུ་བཟུང་ནས་བརྩེ་བ་ཆེན་པོས་བསྐྱངས། བཀའ་གཏེར་དུ་མའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་དང་། གདམས་པ་དང་རྗེས་སུ་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་གྱིས་གནང་བ་སྐུ་ཉམས་སུ་བསྟར་བས་དྲོད་ཚད་ཐོབ། རྗེ་དེ་ཉིད་ཀྱིས་ཀྱང་དོན་གྱི་རྒྱལ་ཚབས་སུ་གཟེངས་བསྟོད་མཛད་ཅིང་ཆོས་སྐྱོང་རྣམས་ལ་ཕྲིན་ལས་སྒྲུབ་པའི་བཀའ་གཏད་ཕྲིན་འཆོལ་དང་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་ཕབ། ཉི་གྲགས་གཏེར་བྱོན་ཕག་མོའི་སྒྲུབ་པ་མཛད་པས་ལུང་བསྟན་ཐོབ། མཁར་ཆེན་བཟས་ཡེ་ཤེས་ཀྱི་དབང་བསྐུར་བ་བརྙེས། གཏེར་གྱི་ཁ་བྱང་ཡང་བབས། འགོང་པོ་གདུག་པ་ཅན་གྱི་ཚ་དབལ་འཇོམས་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་སྒྲུབ་སྐོར་སྤྱན་དྲངས། ཉེར་གཅིག་ལ་སླར་ཡང་བླ་མའི་གདན་སར་བྱོན། བླ་མ་དགོངས་པ་འདུས་པ་སོགས་གསན། དེ་ནས་བྱང་ཕྱོགས་མཚོ་སྔོན་པོའི་ས་ཆར་འཁོད་པའི་སྐྱེ་དགུ་རྣམས་ཀྱི་ཆེད་དུ་བྱོན་པའི་ལམ་བར་དུ་མི་དང་མི་མ་ཡིན་རྣམས་ཀྱིས་གུས་འདུད་ལྷུར་བླངས། ཕྱོགས་དེའི་སེམས་ཅན་རྣམས་ལ་དམ་པའི་ཆོས་ཀྱིས་ཕན་འདོགས་ཅི་རིགས་པར་མཛད། འོད་གསལ་གྱི་ངང་ལ་པདྨ་འོད་དུ་ཕེབས་ནས་བླ་མ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཆོས་སྡེ་རྣམས་ཀྱང་དག་སྣང་དུ་བྱུང་། མཚོ་ཁྲི་ཤོར་རྒྱལ་མོའི་ནང་ནས་ཡིད་བཞིན་གྱི་ནོར་བུ་ཞིག་བཏོན། སླར་རང་གནས་སུ་ཕེབས། བཛྲ་ཀཱི་ལ་ཡའི་སྒྲུབ་པ་མཛད་པའི་གཙོ་བོའི་ཕུར་པ་འབར་བ་དང་། འཁྲབ་པ་དང་། བཞད་པ་སོགས་ཆོ་འཕྲུལ་བསྟན་ཅིང་། འཁོར་གྱི་ཕུར་པ་ཕལ་ཆེར་ཕྱོགས་ཀྱི་རི་རྩེ་རྣམས་སུ་འཕུར་བ་སོགས་གྲུབ་པའི་མཚན་མ་ངོ་མཚར་བ་བྱུང་། སླར་ཡང་བོད་ལྗོངས་སུ་ཐེག །ཤཱཀྱ་མུ་ནིའི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་ཕྱག་ཏུ་བབས། བསམ་ཡས་མཆིམས་ཕུའི་ཀེ་ཚང་དུ་སྐུ་ཚབ་རིན་པོ་ཆེའི་དྲུང་


DNG026_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྩ་གསུམ་སྒྲུབ་པའི་གདམས་སྐོར་དགོངས་གཏེར་དུ་བབས། དཔལ་ས་སྐྱ་པ་ཆེན་པོས་ཀྱང་རྣམ་པར་དག་པའི་ལུང་གིས་བསྔགས་པ་བརྗོད་པའི་ཅོད་པན་དཔྱངས་པས་མིའི་དབང་པོས་ཀྱང་རྒྱལ་ཁབ་ཆེན་པོར་སྤྱན་དྲངས་ཏེ་མཆོད་པའི་ཞིང་དུ་བཀུར། འཆི་མེད་ཚེའི་སྒྲུབ་པ་ལས་སྦྱོར་རིལ་བུ་ལ་བརྟེན་པ་མཛད་པས་འཕེལ་བ་དང་དྲི་ཞིམ་པོ་འཐུལ་བ། ཁ་དོག་སྣ་ཚོགས་པའི་འཇའ་གུར་བྲིས་པ་སོགས་རྟགས་ཡ་མཚན་པ་དུ་མ་བྱུང་། དེ་ནས་བཟུང་མིའི་བདག་པོའི་བསྟན་སྲིད་ཀྱི་རིམ་གྲོ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གང་ལ་འཚམས་པར་དུས་ཀུན་ཏུ་སྒྲུབ་པར་མཛད་པས་ཐུབ་བསྟན་ནོར་བུ་གླིང་གི་ཆོས་གཞིས་རྟེན་བརྟེན་པ་དང་བཅས་པ་བསྐྲུན་པར་མཛད་པ་སོགས་བདག་རྐྱེན་ཚད་མེད་པས་བཀུར། ས་སྐྱོང་དབང་མོར་སྲིད་སྤེལ་གྱི་ཟ་ཡིག་བསྲེགས་ཐལ་ཕུལ་བར་བདུད་རྩིའི་བཅུད་དུ་འཁྱིལ་པའི་དགེ་མཚན་མངོན་དུ་གྱུར། སྔ་ཕྱི་ཀུན་ཏུ་ས་གནད་གསོ་བ་དང་ས་དམིགས་གཟེར་གང་ཆེ་རྣམས་སུ་དམ་སྲི་འགོང་པོ་མནན་པའི་ལས་ལ་སྦྱར་བའང་མང་དུ་མཛད་ཅིང་བསྟན་འགྲོའི་བདེ་ཐབས་མང་དུ་བསྒྲུབས། ས་སྤྲེལ་ལོར་ཕྱོགས་མཐའི་གནས་ཆེན་རྣམས་སུ་བསྐྱོད་ཅིང་སྲིང་མོ་རྫོང་གི་ ཕུག་ནག་བདེ་བ་ཆེན་པོ་ནས་ཨ་མྲྀ་ཏ་ཕྱག་ཏུ་སོན། ཏིལ་སྒྲོ་བྲག་ནས་ཆོསརྒྱལ ་རཏྣ་གླིང་པས་ཡང་གཏེར་དུ་སྦས་པའི་སྐུ་ཚབ་པདྨ་གུ་རུ་སྤྱན་དྲངས། འདམ་གྱི་རྒྱལ་ཆེན་བརྒྱད་སོགས་དམ་འོག་དུ་བཅུག་ནས་རང་གནས་སུ་ཕེབས། བར་སྐབས་སུ་གནས་དུས་ཀྱི་འགྱུར་བ་སྟོབས་སུ་གྱུར་པས་ཐུགས་འབྱུང་སྟེ་གཏེར་བྱོན་སྐོར་གྱི་འགྲོ་དོན་རྣམས་རེ་ཞིག་བརྟུལ་བར་དགོངས་པ་མངོན་དུ་ཕྱོགས་པ་ན་ངང་ཆུང་སྤྲུལ་པའི་རྣམ་རོལ་ས་སྐྱོང་དབང་མོ་དམ་པ་འདི་ཉིད་ཀྱིས་བསྙེན་བཀུར་རྒྱ་ཆེན་པོ་ཕུལ་ཞིང་ཐུགས་སྣ་བསྲིང་བའི་ཞུ་བ་ཡང་ཡང་མཛད་པས་ལེགས་ཚོགས་ཀྱི་སྒོ་འཕར་སླར་ཡང་དབྱེ་བར་མཛད་ལ། ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པར་གྲུབ།


DNG026_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཁྱད་པར་དུ་གྱུར་པ་ཡོ་ག་གསུམ་པོའི་རྒྱུད་སྡེ་རྣམས་ཏེ་དུས་ཀྱི་རྒུད་པས་རིམ་གྱིས་འཆད་ཉན་དང་དཔེའི་མཐའ་བརྟེན་པ་ཉག་ཕྲ་བ་ལྟར་གྱུར་པ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་མི་ནུབ་ཅིང་དུས་རིང་པོར་གནས་པའི་ཐབས་ནི་གང་ལ་བརྟེན་ནས་ཐོས་བསམ་བསྒོམ་པའི་གཞི་གླེགས་བམ་ཟད་མི་ཤེས་པ་འབྱུང་བའི་ཕྱི་མོ་གཅིག་ལ་བརྟེན་པའི་ཐབས་ལས་གཞན་མེད་པར་དགོངས། དེ་ནི་སྟོབས་ཀྱི་དབང་ཕྱུག་ས་སྐྱོང་ཆེན་པོའི་ཐུགས་རྗེ་བསྐུལ་བའི་མཐུ་ལས་གཞན་གྱིས་རྔོ་མི་ཐོགས་པར་གཟིགས་ཏེ། ཐུགས་བསྐྱེད་ལྷག་པའི་བསམ་པ་བཟང་པོས་དྲངས་པའི་དངོས་པོའི་འབྱོར་ཚོགས་ཡོད་དགུ་རྩལ་སྤྲུགས་ལྟ་བུས་དངུལ་སྲང་སྟོང་ཕྲག་གི་རིན་ཐང་དུ་བསྐོར་བ་ཞུ་རྟེན་དུ་ཕུལ་ནས་བསྐུལ་མ་ཞུས་པ་ལྟར་སྤྲོ་བ་ཆེན་པོས་ཞལ་གྱིས་བཞེས་ཏེ་བགྱི་བ་འདི་བརྩམས་པ་ཡིན་ནོ།། གཉིས་པ་དུས་ནི། བདེ་བར་གཤེགས་པས་བྱིས་པ་རྣམས་དྲང་བའི་ཕྱིར་མཛད་པ་བཅུ་གཉིས་བསྟན་པ་ལས་སྐུ་བལྟམས་པ་དང་། མྱ་ངན་ལས་འདས་པ་སོགས་ཀྱི་ལོ་ཚིགས་ལ་བོད་རྣམས་འདོད་པ་མི་མཐུན་པ་མང་ཞིག་མཆིས་པ་ལས་རེ་ཞིག་ཡོངས་སུ་གྲགས་པ་ཕུག་པ་བའི་བཞེད་པའི་རྗེས་སུ་འབྲངས་པས་བདག་ཅག་གི་སྟོན་མཆོག་བུ་རམ་ཤིང་པ་དྲག་པོ་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་གྱི་ཉིན་རྒྱུ་སྐར་རྒྱལ་ལ་བབ་པར་སྐུ་བལྟམས་ནས་ལོ་གྲངས་ཉིས་སྟོང་བདུན་བརྒྱ་ལྔ་བཅུ་ང་བཞི། རྒྱལ་བ་ཤིང་རྟ་ལ་བྱང་ཆུབ་སྙིང་པོའི་གནས་སུ་བདུད་དམག་བྱེ་བ་ཁྲག་ཁྲིག་ལྔ་བཅུ་བཟོད་པའི་སྟོབས་ཀྱིས་ཕམ་པར་བྱས་ནས་ནམ་གུང་མཐོང་སྒོམ་གྱི་ལམ་ལས་མངོན་ཤེས་ལྔ་བསྐྱེད་ཅིང་། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱ་བའི་མཛད་པ་བསྟན་ཅིང་ལོ་དེའི་ཆུ་སྟོད་ཅན་གྱི་ཉ་ལ་ལྔ་སྡེ་བཟང་པོར་རིམ་པ་དང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་གྲངས་ཉིས་སྟོང་བདུན་བརྒྱ་ཉི་ཤུ། དཔའ་བོ་ལྕགས་འབྲུག་ལོའི་ནག་པ་ཟླ་བའི་ཉ་ལ་ཟླ་བ་བཟང་པོའི་ངོར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་


DNG026_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་གཟུགས་སྐུའི་བཀོད་པ་བསྡུ་བའི་མཛད་པ་བསྟན་ནས་ཉིས་སྟོང་དྲུག་བརྒྱ་བདུན་ཅུ་དོན་བཞི། ཤིང་སྤྲེལ་སངས་རྒྱས་གཉིས་པ་པདྨ་སམ་བྷ་བའི་མཚན་དཔེའི་དཀྱིལ་འཁོར་ཞིང་འདིར་ཐོག་མར་གསལ་བའི་ཚུལ་བསྟན་ནས་ཉིས་སྟོང་དྲུག་བརྒྱ་བདུན་ཅུ། ས་སྤྲེལ་མ་ལ་ཡའི་རི་བོ་གནམ་ལྕགས་འབར་བའི་རྩེར་གསང་བའི་བདག་པོས་རིགས་ཅན་དྲ་མ་ལྔ་ལ་རིག་པ་འཛིན་པའི་སྔགས་ཀྱི་སྡེ་སྣོད་སྟོན་པ་དང་། ས་ཧོ་རའི་རྒྱལ་པོ་ཨིནྡྲ་བུ་དྷིའི་ཁང་པར་སྡེ་སྣོད་ཆེན་པོ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ནས་ཉིས་སྟོང་དྲུག་བརྒྱ་བཞི་བཅུ་རྩ་དྲུག །ཤིང་གླང་ལྷ་བུ་སེམས་ལྷག་ཅན་སླར་ཡང་མིའི་ཡུལ་དུ་ཐེག་མཆོག་རྫོགས་པ་ཆེན་པོ་སྤེལ་བའི་སླད་དུ་སྤྲུལ་པའི་སྐུར་སྣང་བ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་བལྟམས་ནས་ཉིས་སྟོང་སུམ་བརྒྱ་སུམ་ཅུ། ལྕགས་སྟག་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་ཆིག་སྟོང་བཞི་བཅུ་རྩ་གཅིག་རྣམས་སྔོན་དུ་འདས་ཤིང་། བདེ་བར་གཤེགས་པའི་བསྟན་པ་འབྲས་བུའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་དང་། ལུང་གི་དུས་གསུམ་ལས། མངོན་པའི་དུས་ཏེ་ལྔ་བརྒྱ་ཕྲག་གསུམ་དང་། མདོ་སྡེའི་དུས་ཀྱི་བཞི་བརྒྱ་ཉེར་བདུན་རྫོགས་ཤིང་འབྱུང་འགྱུར་རྟགས་ཙམ་འཛིན་པ་ལྔ་བརྒྱ་མི་ཐེ་བའི་བསྟན་པ་རྣལ་མ་མདོ་སྡེའི་དུས་ཀྱི་གཤམ་དང་། འདུལ་བའི་དུས་གཉིས་བསྡོམས་པས་ལྔ་བརྒྱ་དང་བདུན་ཅུ་དོན་གསུམ་ཡོད་པ། སྔོན་གྱི་དྲང་སྲོང་ཆེན་པོ་དག་གིས་ཨཱ་ནནྡ་ཞེས་བརྗོད་ཅིང་། ལྗོངས་འདིར་ཀུན་དགའ་ར་འབོད་པ། རྒྱ་ནག་པོའི་ཡུལ་དུ་གྱི་ཡིན་ཏེ་ཤིང་ཕོ་སྟག་གི་ལོ། ཧོར་ལུགས་ཀྱི་ཟླ་བ་གཉིས་པ། རྒྱ་ནག་པོའི་དཔྱིད་ཟླ་འབྲིང་པོ་སྟེ་ཡོས་ཀྱི་ཟླ་བ། འཕགས་ཡུལ་བའི་དབོ་ཟླ་བ། དཀར་ཕྱོགས་བཟང་པོ་གསུམ་པའི་ཚེས། རེས་གཟའ་ལྷའི་བླ་མ་རྒྱུ་སྐར་རྒྱལ་གྱི་ལྷ་མོར་རྩེ་བ། འཆི་མེད་གྲུབ་པའི་སྦྱོར་བ།


DNG026_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་ཆེན་མདུང་། སྦྱོར་བ་སྐལ་བཟང་། རྟེན་འདྲེལ་འདུ་བྱེད། ཉི་མ་ལྕགས་སྦྲུལ། སྤར་ཁ་ཁོན། སྨེ་བ་གཅིག་དཀར་སོགས་རྒྱ་དཀར་ནག་གི་འཕྲོད་སྦྱོར་ཉི་དུས་ཕུན་སུམ་ཚོགས་པའི་ཉིན་ཇི་སྐད་དུ་སློབ་དཔོན་ཀླུས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། མིའི་དབང་མོ་འདི་ཉིད་ཀྱི་ཚེ་རབས་གཞན་རྣམས་སུ་ལེགས་པར་གོམས་པའི་བསོད་ནམས་ཀྱི་མཐུ་མི་དམན་པར་བདོ་བས་ལེགས་བྱས་འདི་ལྟ་བུ་སྒྲུབ་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་། མི་དགྱེས་པ་མེད་པའི་སྤྲོ་བ་དང་། དམ་བཅས་པ་བརྟན་ཅིང་འགྱུར་ལྡོག་མེད་པའི་བློ་གྲོས་སོགས་ཀྱིས་ཐོག་མར་ཡི་གེ་འབྲི་བ་སོགས་ཀྱིས་ལས་གྲ་འཛུགས་པར་མཛད་དོ།། གསུམ་པ་ཕྱི་མོ་བསགས་ཤིང་དག་པར་བགྱིས་པའི་ཚུལ་ནི། སྤྱིར་ཡུལ་སྣ་ཚོགས་སུ་བསྒྱུར་བའི་རྒྱུད་ཀྱི་རྣམ་གྲངས་དང་གཏེར་མ་སོགས་རྒྱུད་ཀྱི་མཚན་ཐོགས་སོ་ཅོག་ནི་མཐའ་དག་པར་ཕྱོགས་གཅིག་ཏུ་བསྡུ་བར་ནམ་ཡང་རྔོ་མི་ཐོགས་ཤིང་། སྔར་སྨོས་པའི་གླེགས་བམ་གྱི་རྒྱུན་ཚང་བར་འདྲིལ་བའི་རྩིས་རྣམས་ཀྱང་གསན་ཡིག་དང་སྒོ་བསྟུན་དུས་གཅིག་ལ་མེད་པ། གཅིག་ལ་ཡོད་པ་དང་། རྒྱུད་ཀྱི་མཚན་མི་འདྲ་བ་དང་། གཞུང་འདྲ་ལ་ཁད་ལ་མི་འདྲ་བ་དུ་མ་དང་སྔོན་ལྷ་བཙན་པོའི་ལྐོག་ཏུ་བསྒྱུར་བའི་རྒྱུད་ཀྱང་མཐའ་མི་མངོན་པ་ཙམ་བཞུགས་ཚོད་ཀྱིས་ཕྱོགས་མཐའ་མ་ངེས་པ་ནས་ཐོན་པ་སོགས་ཤིན་ཏུ་མཐའ་ཆོད་དཀའ་བར་མངོན་ལ། ཀུན་མཁྱེན་ཕྱག་ན་པདྨ་ལྔ་པ་ཆེན་པོའི་གསན་ཡིག་ཏུ་བཞུགས་པ་ནི་གཙོ་བོར་བཀའ་ནས་བཀར་བརྒྱུད་པའི་ལུང་གི་རྒྱུན་གང་ཡོད་དང་། གྲགས་ཆེ་ཞིང་ཟབ་གནད་དུ་གྱུར་པའི་གཙོ་ཆེ་ཤོས་ཐམས་ཅད་ཀྱང་ཚང་བར་མཐོང་བས་དེ་ཉིད་གཞིར་བྱས་ཏེ་འདྲི་བར་བརྩམ་པ་ལ། སྔར་སྨོས་པའི་སྨིན་གླིང་དང་གོང་རའི་དཔེ་རྒྱུན་དེ་ལས་རྫོགས་


DNG026_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྤྲུལ་པའི་སྐུ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བཞེངས་པར་མཛད་པ་དང་། ཀཿཐོག་ཏུ་ཕྱིས་བཞུགས་པའི་དཔེ་ཚང་བ་གཅིག་དང་། སྟག་བུ་བྲག་དམར་དགོན་ཞེས་བཀའ་གཏེར་བསྟན་པའི་གསལ་བྱེད་དུ་མ་བྱོན་པའི་གདན་ས་ཆེན་པོ་དེར། རྗེ་བླ་མ་ཀུན་བཟང་རྣམ་རྒྱལ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་དཔའ་བོས་བཞེངས་པའི་རྒྱུད་རག་རིམ་དང་། དཔལ་སྤུངས་སུ་བཞུགས་པའི་རག་རིམ་རྣམས་དང་། གོ་འཇོ་ཇས་སང་བསོད་ལུས་བཞེངས་པའི་རྒྱུད་ཀྱི་དཔེ་ཆ་ཚང་སོགས་ཕྱོགས་འདིར་བཞུགས་པ་ཕལ་ཆེར་སྤྱན་དྲངས། དེ་རྣམས་སུ་མི་བཞུགས་པའི་སེམས་སྡེ་དང་མ་ཧཱ་ཡོ་གའི་སྐོར་གྱི་རྒྱུད་འགའ་ཞིག་རྗེ་བླ་མ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས་ཀྱིས་བཞེངས་པར་མཛད་པའི་རྒྱུད་འབུམ་ནས་ཞུས། ཡང་མཚོ་སྔོན་པོའི་ཕྱོགས་སུ་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་སྣང་བྱེད་གཅིག་པུ་པར་གྱུར་པ་ད་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་དབུས་སུ་བཞེངས་པར་མཛད་པའི་རྙིང་རྒྱུད་སྐྱ་ཆོས་པོད་སུམ་ཅུ་སྐོར་ཕྱོགས་དེའི་སྐྱེ་དགུ་རྣམས་བསོད་ནམས་མངོན་པར་འཕེལ་བའི་སླད་དུ་སྤྱན་དྲངས་ཏེ་བཞུགས་པ་རང་ལུགས་བསྟན་པའི་ཉིན་བྱེད་ཟེ་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་ལྷན་རྒྱས་ཀྱི་ཐུགས་བརྩོན་ཆེན་པོས་བཀའ་གནང་བཞིན་ཨ་མདོ་སྒོ་མེའི་ས་ཆར་འཁྲུངས་ཤིང་། བསླབ་པ་གསུམ་དང་བསྐྱེད་རྫོགས་ལམ་རིམ་པ་གཉིས་ཀྱིས་ཐུགས་རྒྱུད་གྲོལ་བ་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་སྨན་པའི་ལེགས་སྨོན་གྱི་མཐུ་བརྟས་པ། གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་བཟང་སྙན་གྲགས་རྒྱ་མཚོས་འབད་པ་དུ་མའི་ཐབས་ཀྱིས་སྤྱན་དྲངས་ནས་འདིར་འབྱོར་པ་རྣམས་སྒོ་བསྟུན་ཏེ་ཞུ་ཆེན་མཛད་པ་པོ་ནི། སྒྲ་དང་། སྙན་དངགས་དང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། རྩིས་ཀྱི་གཙུག་ལག་དང་། ཡི་གེའི་རྣམ་གྲངས་དུ་མ་སོགས་ཐུན་མོང་གི་རིག་པ་དུ་མ་ལ་མཁས་པའི་ཕ་རོལ་དུ་སོན་ཅིང་། སྡོམ་པ་གསུམ་དང་། བསྐྱེད་


DNG026_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཟབ་མོས་ཐུགས་རྒྱུད་ལེགས་པར་གཏམས་པའི་ཡང་དག་པའི་ལམ་གྱི་བཤེས་གཉེན་དམ་པ། རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་མིག་གྲུང་པོར་གྱུར་ཅིང་། བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པའི་ལེགས་བཤད་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་སུ་དབང་བསྐུར་བ་བརྙེས་པ། ཐུན་མོང་གི་སྤྱོད་ཡུལ་དུ་ས་སྐྱོང་ཆེན་པོའི་རྒྱལ་སྲིད་ཀྱི་ཡི་གེ་པ་དཀྱུས་མའི་ཚུལ་གྱིས་འཁོད་པ་སྔ་འགྱུར་རིང་ལུགས་སུ་ཞུགས་པའི་མཚན་པདྨ་རྣམ་དག་ཅེས་བླ་དྭགས་སུ་འབོད་པ་གང་གིས་དཔྱད་པ་གསུམ་གྱིས་ལེགས་པར་དཔྱད་པ་ལ་ཞུགས་པ་དང་། རིགས་པར་སྨྲ་བའི་བློ་གསལ་གཞན་དག་གིས་ཀྱང་འབད་པ་ཆེན་པོས་མི་བཅོས་སུ་མི་རུང་བ་འགའ་ཞིག་ལེགས་པར་བཅོས་ཤིང་དག་པར་བགྱིད་པའི་བར་སྐབས་སུ་ཁོ་བོ་ཅག་ལའང་ས་སྐྱོང་དབང་མོས་བཀའ་ནན་ཆེས་ལྕི་བ་བསྩལ་བ་ལྡོག་མ་ནུས་པར་ཤིང་ཡོས་ཀྱི་ལོར་སྣྲོན་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མའི་ཚོགས་ལ་གཏོར་མ་དང་ཚོགས་ཀྱིས་དགྱེས་པ་བསྐྱེད་ཅིང་གནང་བ་ཞུས་ནས་ཞུས་དག་གི་ཁུར་བླངས་པ་ཡིན་ནོ། །དེ་ཡང་སྤྱིར་རྣམ་ཤེས་ལས་ལྐོག་ཏུ་གྱུར་ཅིང་རྒྱུ་འབྲས་ལ་ཟློ་བའི་རྡོ་རྗེའི་གསང་ཚིག་ཆེན་པོ་རྣམས་ནི་མཐའ་དྲུག་དང་ཚུལ་བཞིས་དཔྱད་པའི་གནས་སུ་གྱུར་པ་ལས་ཆོས་ཉིད་ཀྱི་དོན་ལ་རྣལ་དུ་མ་འབྱོར་པའི་རྟོག་གེའི་རིག་པ་ལྟར་སྣང་དང་ཚིག་གི་ཆ་ལ་རེ་ཞིག་དཔྱད་བཟོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་རྡོ་རྗེའི་གནས་ཆེན་པོ་རྣམས་ལ་དོན་མ་ངེས་བཞིན་དུ་རྟོག་དཔྱོད་ཀྱིས་བཟོ་འཆོས་པ་ནི་ཤིན་ཏུ་ཡང་ཡ་ང་བའི་གནས་སུ་མཐོང་སྟེ། དོན་གྱི་བྱིན་རླབས་ཀྱང་ཞུད་པའི་ཕྱིར་རོ། །དེ་ལྟ་ནའང་སྔ་འགྱུར་གྱི་རྒྱུད་རྣམས་སྔོན་བསྒྱུར་བའི་སྐབས་ཐོག་སྔས་པས་བོད་རྣམས་ཆོས་ཀྱི་བརྡ་ལ་བློ་གྲོས་ཀྱི་སྒོ་ཧ་ཅང་དོག་པ་དང་། ལོ་པཎ་སྐད་བརྡ་འཕྲོད་དཀའ་བ་དང་། སྔོན་མ་གྲགས་པའི་བརྡ་གསར་དུ་བཏགས་དགོས་པ་ཁོ་ནའང་ཤིན་ཏུ་མང་བས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་འཕགས་པའི་ས་ལ་བཞུགས་པ་འབའ་ཞིག་པས་གསུང་རབ་ཀྱི་བྱིངས་


DNG026_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འཇལ་བ་ལ་འཕགས་པའི་མཁྱེན་པ་རླབ་ཆེ་བས་ཚིག་འཇེབས་མི་འཇེབ་སོགས་ཀྱི་སྤྲོས་པ་མ་ལུས་པ་དོར་ནས་གོ་སླ་བ་གཙོ་བོར་མཛད་ནས་ཡུལ་སྐད་སོ་སོ་དང་སྔར་འདྲིས་ཤིང་རྒྱུས་ཡོད་པའི་མིང་དང་བརྡ་སོགས་སུ་བསྒྱུར་བ་དཔེར་ན་རྟག་པའི་དོན་ལ། གཡུང་དྲུང་དང་། གཞའ་གསང་ལྟ་བུ་བོན་གྱི་བརྡ་ཡང་སྐབས་འགར་མཛད་པ་ལྟ་བུས་མཚོན་པས་དོན་འགྱུར་འབའ་ཞིག་མཛད་པ་ཡིན་ནོ། །དེར་མ་ཟད་བོད་ཡུལ་ལས་རྒྱ་ནག་ཏུ་ཆོས་དར་བ་སྔ་བས་དུས་སྐབས་དེའི་སྔ་རོལ་དུའང་རྒྱའི་མཁན་པོ་མ་ཧཱ་ཡ་ན་ལ་སོགས་པ་ལྷ་བཙན་པོས་སྤྱན་དྲངས་ཤིང་བོད་དུ་ཆོས་འགའ་ཞིག་བསྒྱུར་བས་རྒྱ་ནག་གི་སྐད་ལ་བྱང་བ་ཡོད་ཚོད་ནས་སྐད་ཤན་སྦྱར་གྱི་སྐབས་འགར་ཧྭ་ཤང་འབར་ནའི་སྐད་དུ་སོགས་རྒྱ་ནག་གི་སྐད་དང་ཤན་སྦྱར་བའང་འབྱུང་བ་ནི་སྐད་རིགས་ལ་མ་རྨོངས་པའི་ཆེ་བ་དང་དགོས་པ་གཞན་ཡང་ཡོད་ལ། དེ་ལྟར་བསྒྱུར་བའི་ཡོ་ག་སྡེ་གསུམ་ནི་ཤིན་ཏུ་གསང་ནས་རིང་དུ་སྦས་པའི་ངང་ལ་སྒྲ་སྦྱོར་བམ་པོ་གཉིས་པས་སྐབས་དབྱེ་བའི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱི་དག་ཐེར་ཀྱང་མ་ཕོག །དོན་གྱི་ལྡོག་པ་ལ་དྲི་མ་མི་མངའ་བས་རྗོད་བྱེད་མཛེས་མི་མཛེས་དང་། ཚིག་གྲིམས་མི་གྲིམས་ལ་ལྟོས་མི་དགོས་པར་རྒྱལ་བའི་དགོངས་པ་ནི་དོན་ལ་རྟོན་པ་ཉིད་དུ་གནས་པའི་ཕྱིར་གསང་སྔགས་མོས་པ་དང་དོན་ལ་སེམས་པ་ཉིད་ཀྱིས་འགྲུབ་པ་ནི་ས་པཎ་དང་འདར་ཕྱར་བའི་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་ནུས་ལ། རྒྱུ་དེ་དག་གིས་སྔ་འགྱུར་གྱི་རྒྱུད་སྡེའི་ལམ་ལ་བརྟེན་ནས་དངོས་གྲུབ་གཉིས་ཚེགས་མེད་དུ་ཐོབ་པ་མང་དུ་བྱོན་པའི་བྱིན་རླབ་ཀྱི་ཆུ་བོ་མ་འབྲི་བའི་རྒྱུན་ཉམས་པ་མེད་པར་ཡུལ་དང་ཡུལ་ཕྲན་རྣམས་སུ་བཞུགས་པ་ལ་ཚིག་གི་ཆ་ནས་སྔོན་གྱི་བརྡ་དང་ཆོས་སྐད་ཕལ་ཆེར་དེང་སང་གྲགས་ཆུང་བའི་དབང་གིས་གནའ་སྐད་དང་ཡུལ་སྐད་སྣ་ཚོགས་གང་ལ་འཇུག་མི་འཇུག་ན་ངེས་པའི་དོན་བླང་དཀའ་བ་མང་པོ་དང་། ཕྱིས་ཀྱི་ཡི་གེའི་རྒྱུན་རྣམས་ཀྱང་སོ་སྐྱེའི་རྣམ་ཤེས་ལས་སུ་མི་རུང་བ་ཆོས་ཉིད་ཡིན་པས་གཟུ་ལུམས་ཅན་གྱིས་ཡི་གེ་བྲི་ཉེས་དང་བརྡ་དག་གྱ་ཙོམ་དུ་གྱུར་པ་དུ་མའི་སོ་ན་གནས་ཀྱི་སྟེང་དུ་སླར་ཡང་ཁ་འགེངས་སུ་གྱུར་པ་མང་པོ་རིམ་གྱིས་བསབས་པས་ཆེས་མ་


DNG026_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྒྱུན་ལ་སྔོན་གྱི་མཁས་པ་དག་གིས་ཚིག་དོན་གྱི་ཆ་ལ་དཔྱད་ཞུས་དང་དཀར་ཆག་འདེབས་པ་སོགས་གང་ཡང་མ་བྱུང་བའི་སྐྱོན་གྱིས་ཡི་གེ་པས་བསླད་སྐྱོན་ཤིན་ཏུ་མང་བས་བྲི་ནོར་རྒྱུན་འབྱམས་དང་། ཧོལ་ཤོར་རམ་གང་ཡིན་དཔྱད་དཀའ་བའི་ཚིག་ཆད་དང་ཕྲེང་ཆད་མང་པོ་དང་། ཚིགས་བཅད་དང་སྡེ་ཚན་གོང་འོག་འཁྲུགས་པ་དུ་མ་དང་། ཡུལ་སྐད་ཤན་ཤོར་སོགས་དཔྱད་བཟོད་པ་དང་མི་བཟོད་པ་བརྗོད་ཀྱིས་མི་ལང་བ་ལྟ་བུར་གྱུར་པས་ཕྱོགས་འདིའི་རྒྱུད་ཀྱི་དཔེ་རྣམས་ཕལ་ཆེར་རྒྱུན་གཅིག་ཏུ་སོང་བས་ཡིད་བརྟན་འཕལ་བའི་སྐྱོན་སེལ་ནུས་པ་ཤིན་ཏུ་དཀའ་ཞིང་། ད་ལའི་ཧུ་ཐོག་ཐུའི་ཕྱག་དཔེ་དེ་སྐབས་འགར་ཅུང་ཟད་དག་པ་བྱུང་བས་ཕན་ཐོགས་རེ་ཆེ་བྱུང་ཞིང་། ཚིག་རྐང་གཅིག་ནས་ལྔ་དྲུག་གི་བར་ཆད་པ་དང་། འཕྲེང་ཆད་སོགས་ཕལ་ཆེར་འདི་ཉིད་ནས་བསབས། དེར་མེད་པ་རྣམས་གོང་འོག་གི་བབ་ལ་དཔྱད་ནས་བཟོས་པ་དང་ཆ་མཐུན་གྱི་རྒྱུད་གཞན་ནས་ཀྱང་བླངས་ཏེ་བསབས། ཚིགས་བཅད་ལྷུག་གོང་འོག་འཁྲུགས་པ་རྣམས་མ་འཁྲུགས་པར་བཀོད། ལེའུ་གྲངས་དང་རྟོག་པ་སོགས་འཁྲུགས་པ་དང་ཆད་པ་རྣམས་ཀྱང་དེ་དང་དེའི་འགྲོས་ལ་དཔྱད་ནས་བཅོས། སྤྱིའི་ས་བཅད་དང་བྱེ་བྲག་མི་མཚུངས་པ་རྣམས་ཀྱང་མི་འགལ་བར་བསྒྲིགས། གསང་བ་འདུས་པ་དང་། མཉམ་སྦྱོར་དང་། དཔལ་མཆོག་དང་པོ་སོགས་སློབ་དཔོན་བི་ཤྭ་མི་ཏྲ་དང་། བརྒྱ་བྱིན་སྡོང་པོ་དང་། ཀུན་དགའ་སྙིང་པོ་སོགས་ཀྱི་འགྲེལ་པ་སྔ་འགྱུར་དང་ཤིན་ཏུ་མཐུན་པས་དེ་ཉིད་ཀྱིས་བཅོས་ཏེ་གཏན་ལ་ཕབ། རྒྱུད་བཅུ་བདུན་གྱི་སྐོར་རྣམས་དོན་འགྲེལ་དུ་གྱུར་པ་ཐེག་མཆོག་མཛོད་དང་བསྟུན་ནས་ཞུས་དག་བགྱིས། གཤིན་རྗེ་མེ་རླུང་སྐྱིན་འདང་འཁྲུག་པ་དང་། ཡང་དག་ཞི་ཁྲོ་འབུམ་རྒྱུད། བདུད་རྩི་འཁྱིལ་པའི་རྒྱུད། བདུད་རྩི་སྐྱེ་འཁྲུངས་ཀྱི་རྒྱུད་སོགས་རང་རང་གི་གཤམ་དུ་གསལ་བ་ལྟར་དཔེ་རེ་རེ་ལས་མ་འབྱོར་པས་དོན་བསྟུན་རྒྱུ་མེད་པ་དང་གཞི་ནས་མི་དག་པ་ཚན་ཆེ་ཡང་རང་ཉིད་ཀྱི་བློས་གང་དཔོག་ཙམ་ཞིག་ཞུས་དག་བགྱིས་ཤིང་དཔེ་ལུང་གཉིས་ཀའི་རྒྱུན་ལ་བསམས་ནས་བཀོད།


DNG026_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་རྙིང་ངམ་ཡུལ་སྐད་དང་ཟུར་ཆག་པ་སོགས་གང་ཡིན་མ་ངེས་པའི། ཀུན་གཞི་ལ་ཀུན་ཀི་དང་། འགྲན་ཟླ་མེད་པ་ལ་བསྐྱད་དུ་མེད་པ་དང་། ཚར་བཅད་པའི་དོན་ལ་ཚར་དུ་བཏོན་དང་། གནས་འགྱུར་བ་ལ་ཇ་ལོག་དང་། ཕྲིན་ལ་ཐན། མཐར་ཐུག་གམ་སྙིང་པོའི་དོན་ལ་ཐུས་ཀ །སྐྱེ་དགུ་ལ་སྐྱེ་འགུལ། ཁུར་བཟོད་པ་ལ་རྒྱ་ཐེག །བསྡིམ་པ་ལ་གཏེམས་པ། འོ་བསྐོལ་ལ་འོལ་གོམ། ཆད་པ་བཅད་པ་ལ་ཆབ་བརྩལ་བ། གཟའ་གཏད་ཀྱི་དོན་ལ། ཡུལ་ལ་གཟའ་དང་། ཆོས་ལ་གཟའ། ཞེས་པ་དང་། གཞུང་གི་དོན་ལ་ཀླུངས། ཟོར་ལ་གཟོར། ཞེས་སྐུལ་ཚིག་ལྟ་བུའི་མཚོན་སྨོས་ཀྱིས་མི་ལང་བར་ཡོད་པའི་དོན་ངེས་ཤིང་བློས་དཔོག་པར་ནུས་པ་རྣམས་གོ་དཀའ་བ་འགའ་ཞིག་བཅོས། གོ་སླ་བ་རྣམས་སོར་བཞག་བགྱིས། བློས་མི་དཔོག་པའི་གོ་བ་བླངས་མི་ཤེས་པ་རྣམས་ལ་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས་ཏེ་དཔྱད་གཞིར་བཞག་ནས་བཀོད། གསང་སྔགས་རྣམས་ནི་སྔགས་བཏུ་ཡོད་པའི་རིགས་ལ་དེ་ཉིད་དང་བསྟུན་ཏེ། དེ་ཡང་བིགྷྣཱན་ལ་བི་གྣན། ཀྲོ་དྷ་ལ་ཀྲོ་ཏ། ཛ་ཊི་ལ་ཙ་ཏི་བཏུས་པ་སོགས་ལེགས་སྦྱར་དང་མཐུན་མི་མཐུན་ཅི་རིགས་བྱུང་བ་དེ་ནི་ཕྱིས་འགྱུར་བའི་གསར་མའི་རྒྱུད་རྣམས་ལས་ཀྱང་ཡོད་དེ་བདེ་མཆོག་ཉུང་ངུ་དང་མཁའ་འགྲོ་རྒྱ་མཚོ་སོགས་ལས་ཀྱང་གྲྀཧྞ་ལ་གྲྀཧྣ་བཏུས་པ། ཙ་ར་མཱ་མྦར་ལ་ཙ་རྨམྦྷ་ར་བཏུས་པ་ལྟ་བུ་དང་། སྔགས་བཏུ་དངོས་ལ་བར་མཚམས་ནས་ཆད་པ་རྣམས་ཀྱང་གོང་འོག་གི་བབ་ལ་དཔྱད་ནས་བསབས། ལེགས་སྦྱར་ཡིན་ངེས་རྣམས་ནི་སྒྲ་གཞུང་དང་མཐུན་པར་བཅོས། གཞན་བློས་མི་དཔོག་པའི་རིགས་སཾ་སྐྲི་ཏའི་སྐད་ཁོ་ནར་ངོས་བཟུང་མི་བཏུབ་པ་ཟུར་ཆག་དང་། པི་ཤཱ་ཙིའི་སྐད་དང་། པྲ་ཀྲྀ་ཏ་དང་། འགྲོ་ལྡིང་བའི་སྐད་དང་། མཁའ་འགྲོའི་བརྡ་སྐད་དང་བྲུ་ཤའི་སྐད་དང་། ཀླ་ཀློའི་སྐད་ལ་སོགས་པ་འདྲེས་མའི་སྡེ་རྣམས་ནི་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས། སྤྱིར་ཡང་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་གསང་སྔགས་སུ་གྱུར་ཏོ་ཅོག་


DNG026_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་སྐྲི་ཏའི་སྐད་ཁོ་ན་ཡིན་པས་ཁྱབ་པ་མེད་དེ། འཕགས་པ་སྤྱན་རས་གཟིགས་ཀྱིས་དྲི་མ་མེད་པའི་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་གཞན་ལ། །ལུང་སྟོན་དག་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས་རྩོད་པ་དོན་གཉེར་རྣམས་ཀྱི་གཞན། །ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམ་དག་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ལ། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། །གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་པ་དང་། སཾ་སྐྲི་ཏའི་སྐད་ལྟ་བུར་གནས་པ་རྣམས་ཀྱང་སྒྲ་ཚད་ལ་རྟོག་དཔྱོད་གྲིམས་པ་དག་གིས་བྱས་པའི་ཐུན་མོང་གི་རིག་ལམ་གྱི་བསྟན་བཅོས་བཞིན་དུ་བྱིངས་དང་རྟགས་དང་རྐྱེན་དང་རྣམ་དབྱེའི་སྦྱོར་བ་མ་འཆོལ་མ་འདྲེས་པའི་རྣམ་དཔྱོད་གཙང་གཙང་མོར་ཡོད་དགོས་པར་རློམ་པའི་རྒྱུད་ཟབ་མོ་ལ་དཔྱད་པས་ཤེས་པར་འདོད་པ་སོགས་ཀྱང་རྒྱལ་བའི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པའི་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་ཏེ། དྲི་མ་མེད་པའི་འོད་ལས། སྒྲ་བཟང་པོ་སྨྲ་བ་དེ་དག་རྣམས་ཀྱི་སྒྲ་བཟང་པོ་ལ་ཞེན་པ་སྤང་བའི་སླད་དུ་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ་ཚིགས་སུ་བཅད་པ་ཁ་ཅིག་ཏུ་ཟུར་ཆག་གི་སྒྲ་དང་། ཚིགས་སུ་བཅད་པ་ཁ་ཅིག་ཏུ་གཅོད་མཚམས་ཉམས་པ་དང་། ཁ་ཅིག་ཏུ་རྣམ་དབྱེ་མེད་པའི་ཚིག་དང་། ཁ་ཅིག་ཏུ་དབྱངས་དང་གསལ་བྱེད་ཕྱིས་པ་དང་། ཚིགས་བཅད་ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང་ཐུང་ངུ་ལ་རིང་པོ་དང་། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང་། བཞི་པའི་དོན་ལ་


DNG026_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་དང་། ཁ་ཅིག་ཏུ་གཞན་གྱི་ཚིག་ཅན་གྱི་བྱིངས་ལ་བདག་ཉིད་ཀྱི་ཚིག་ཅན་དང་། བདག་ཉིད་ཀྱི་ཚིག་ཅན་ལ་གཞན་གྱི་ཚིག་ཅན་དང་ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་དང་། མང་པོའི་ཚིག་ལ་གཅིག་གི་ཚིག་དང་། ཁ་ཅིག་ཏུ་ཕོའི་རྟགས་ལ་མ་ནིང་གི་རྟགས་དང་མ་ནིང་གི་རྟགས་ལ་ཕོའི་རྟགས་དང་། ཁ་ཅིག་ཏུ་རྐན་ལས་བྱུང་བ་ཤ་ཡིག་ལ་སོ་དང་སྤྱི་བོ་ལས་བྱུང་བ་དང་། ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་ལ་སོ་དང་རྐན་ལས་བྱུང་བ་དང་། ཁ་ཅིག་ཏུ་སོ་ལས་བྱུང་བ་ལ་རྐན་དང་སྤྱི་བོ་ལས་བྱུང་བ་སྟེ། དེ་ལྟ་བུ་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲང་བར་བྱའོ། །ཞེས་དང་། ཡང་ཕྱག་རྒྱ་ཐིག་ལེ་ལས། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཤེས། །བླ་མས་མཛད་པའི་བསྟན་བཅོས་གང་། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །སྙན་དངགས་ཟློས་གར་བསྟན་བཅོས་ལས། །སྒྲ་དང་སྒྲ་ངན་བརྟག་བྱ་ཡི། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ། །ཅི་ཡི་ཕྱིར་ན་བརྟག་པར་བྱ། །བརྟག་པར་བྱེད་པས་གཏི་མུག་བྱེད། །རྩ་བའི་དོན་ནི་ཟད་པར་འོང་། །དེ་ཕྱིར་སྒྲ་དང་རྟོག་གེ་ཤེས། །དེ་ལ་དེ་ཉིད་བཤད་མི་བྱ། །དེ་ཀུན་ལ་ནི་དབང་མི་བསྐུར། །ཕྱི་ཡི་དོན་ལ་མོས་པའི་ཕྱིར། །ཞེས་སོ། །དེ་བཞིན་དུ་ཡུལ་དང་སྐད་སོ་སོའི་བརྡས་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་སྒྲ་སྙན་གྱི་གདངས་ཉན་པ་པོ་སོ་སོའི་བསམ་པ་བཞིན་གོ་བ་ལྟར་སྐད་གཞན་དང་སྔགས་དེ་གཞན་དང་ཆོ་ག་འདི་རྣམས་གཞན་དང་གཞན་གྱིས་སེམས་ཅན་དེ་དང་དེའི་ཁམས་དང་དབང་པོ་ལ་གོ་བར་མཛད་པའི་རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་གོ་བ་ཕྱོགས་ཙམ་ཡང་མ་ཤར་བས་གསུང་རབ་ཐམས་ཅད་ལྷའི་སྐད་ཁོ་ན་ཡིན་དགོས་པའི་གོ་བ་ཞིག་ལ་ཞེན་ནས་ཀླ་ཀློ་དང་པི་ཤཱ་ཙི་དང་བོད་ཀྱི་སྐད་སོགས་ཡུལ་གྱི་བརྡའ་དང་ལེགས་སྦྱར་འདྲེས་མར་འབྱུང་བ་རྣམས་ལ་རྒྱ་མིན་བོད་མིན་སོགས་ཀྱིས་གཞུང་བརྟག་པ་དག་བྱུང་སྲིད་ཀྱང་དེ་དག་རང་གི་བློ་གྲོས་ཀྱི་མིག་བུ་དོག་པའི་མཚངས་བརྟོལ་བ་ལ་མཁས་པ་ཡིན་ཏེ།


DNG026_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་ཡུལ་གཞན་གྱི་སྐད་དང་བརྡས་གསུང་བ་ཆོས་ཡིན་ན། བོད་ཀྱི་སྐད་དུ་གསུངས་པས་ཆོས་མ་ཡིན་པར་མི་འགྱུར་ཏེ། སྔ་མ་ལས། འདིར་དང་པོར་རེ་ཞིག་ཉན་ཐོས་ཀྱི་ཚུལ་སྡེ་སྣོད་གསུམ་ལ་སོགས་པ་མ་ག་དྷཱའི་སྐད་ཀྱིས་ཆོས་སྟོན་པ་འདི་ལྟ་སྟེ། ཨ་ཧྱ་བི་སོ་བྷ་ག་པཱཾ་སམྱཀྶཾ་བུདྡྷོ་བིདྱཱ་ཙ་ར་ཎ་སཾ་པནྣཿསུ་ག་ཏོ་ལོ་ཀ་བི་དུ་ཨ་ནུཏྟ་རོ་ཞེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་བཞིན་དུ་ཆུ་བོ་ཤཱི་ཏའི་བྱང་ཙམ་པ་ཀའི་ཡུལ་དུ་གྲོང་བྱེ་བའི་སྐད་ཀྱིས་ཆོས་སྟོན་པ་འདི་ལྟ་སྟེ། ཨ་ཀརཥྚུ་བུཥྞུ་ཀ་ག་ག་ཎ་ཀུ། ཛི་ཎ་མ་ཀ་བི་ཛི་རི་ཊ་ཀུ། དུ་དུ་རུ་པ་ཀ་ཅེས་པ་ལ་སོགས་པས་ཆོས་བསྟན་ཏོ། དེ་བཞིན་དུ་རུ་ཀ་མའི་བྱང་སུ་རམྨའི་ཡུལ་དུ་གྲོང་བྱེ་བའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨ་ཀ་མ་ཡ་སད། བ་ལ་ད་ད་ཏ་ཏ་བི་ར་ཊ། མི་ནི་ཀ་ཨ་ཀུ་ཊ་པ་ར་དང་། ཛི་གི་ཏི་པ་ར་ད་ཏ། ཅེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ཡུལ་དུ་མའི་ཡུལ་གྱི་སྐད་ཀྱིས་ཐེག་པ་གསུམ་སྟོན་པར་བྱེད་པའི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་ལེགས་པར་སྦྱར་བའི་སྐད་གཅིག་པུས་མ་ཡིན་ནོ། །ཞེས་པ་དང་། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་དག་ནི་ལེགས་པར་སྦྱར་བའི་སྐད་དང་ཐ་མལ་བའི་སྐད་དང་ཟུར་ཆག་གི་སྐད་དང་ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་


DNG026_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པར་སི་ཀའི་ཡུལ་དུ་པར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏའི་བྱང་དུ་ཙམྤ་ཀའི་ཡུལ་གྱི་སྐད་དང་། སྤྲེའུའི་ཡུལ་གྱི་སྐད་དང་། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་པོའི་བྱང་དུ་རུག་མ་ཞེས་བྱ་བའི་ཡུལ་གྱི་སྐད་དང་། པུ་རཾ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བ་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །ཞེས་སོགས་གསུངས་ཤིང་། འདུལ་བར་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་ཆོས་གསུངས་པའི་སྐད་ཀྱང་ཐ་དད་པར་དེ་དང་མཚུངས་པར་བསྒྱུར་མི་བཏུབ་པར་འབྱུང་ངོ་། །དེ་ཙམ་དུ་མ་ཟད་སངས་རྒྱས་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་སྒྲ་སྐད་དང་བརྡའི་ཁྱད་པར་དུ་མས་ཀྱང་ཆོས་སྟོན་པར་མཛད་པའི་ཕྱིར་ཕྱོགས་རེར་ཞེན་ཅིང་། མཐའ་གཞན་ལ་རྨོངས་པའི་གཏམ་གཞུང་བ་མེད་པར་རང་ཉིད་ཀྱིས་ཤུགས་འབྱུང་དུ་སྨྲས་པ་འདི་ལྟ་བུ་སླན་ཆད་དཔྱོད་ལྡན་རྣམས་ཀྱིས་སྤྲོ་བར་མི་བྱའོ། །ཡིག་སྡེབ་ཀྱི་སྦྱོར་བ་རྣམས་ཀྱང་བརྡ་དག་གི་བསྟན་བཅོས་རྣམས་སུ་གཅིག་མི་གཅིག་སྣ་ཚོགས་བྱུང་བས་མཐའ་གཅིག་ཏུ་ངེས་པ་མི་འདུག་ནའང་སྔོན་རྗེས་ཀྱི་འཇུག་པ་དག་དགོས་པ་གང་གི་ཆེད་དང་། ཚུལ་ཅི་ལྟར་འཇུག་པ། རྟགས་ཀྱི་དབྱེ་བ་དང་། དུས་གསུམ་གྱི་སྒྲུབ་པ་དང་། དེ་ལའང་སྤྱིར་བཏང་དམིགས་བསལ། སྔ་ཕྱིའི་ཚིག་སྦྲེལ་བའི་མཚམས་སྦྱོར། རྣམ་དབྱེ་དང་། ཚིག་ཕྲད་ལ་སོགས་པ་སྔོན་གྱི་མཁས་པ་རྣམས་ཀྱིས་བརྡ་ལེགས་པར་སྦྱོར་བའི་ལེགས་བཤད་རྣམས་དང་རང་བློ་ལ་ངེས་པའི་བྱཱ་ཀ་ར་ཎའི་བསྟན་བཅོས་ཆེན་པོ་རྩ་འགྲེལ་རྣམས་ཀྱི་གོ་བ་དང་ཡང་བསྟུན་ནས་བཅོས། བརྡ་རྙིང་པ་ཡིན་ངེས་ཀྱི་མིང་རྣམས་སོར་བཞག་དང་ཡུལ་ཕྲན་སོ་སོར་བསྒྱུར་སྟབས་ཀྱིས་སམ། རྒྱུད་ཚན་པ་རེ་ལ་ཆོས་སྐད་དང་རང་གི་ཐུན་མོང་མིན་པའི་བརྡ་རེ་ཡོད་པ་ལྟ་བུར་སྣང་བས་དེ་རྣམས་སོར་བཞག་བྱས་ཤིང་ཡུལ་སྐད་ཤན་ཤོར་བ་ལྟ་བུའི་མ་དག་ངེས་པ་རྣམས་དོར། དཔྱད་མི་བཟོད་པའི་རིགས་ནི་དོན་གང་ཡིན་མ་ངེས་བཞིན་དུ་འོལ་ཚོད་ཀྱིས་བཟོ་བཅོས་བགྱིས་ན་རྒྱལ་བའི་བཀའ་ཡང་དག་པའི་གནས་ལ་དབང་ཟ་བར་འགྱུར་ཞིང་། དོན་ཇི་བཞིན་


DNG026_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་གྱུར་ན་བདུད་ཀྱི་ལས་སུ་འགྱུར་བའི་ཕྱིར་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས་པ་ཉིད་ཉེས་ཆུང་བར་རྟོགས་ནས་དེ་བཞིན་དུ་བཞག་ཅིང་། ཕལ་ཆེར་ལ་ཕྱིས་སུ་རྒྱུད་སྡེ་གཟིགས་པའི་མཁྱེན་པ་ཅན་འབྱུང་དུ་རེ་བའི་དཔྱད་གཞིར་རྟགས་ཀྱིས་གསལ་བར་བྱས་པ་སོགས་སྔ་ཕྱི་ཀུན་ཏུ་བརྡ་སྦྱོར་ལ་བལྟ་བའི་མིག་གྲུང་པོར་གྱུར་པ་སྔགས་པ་ཨ་རྒྱལ་དང་། ཨ་སྲུང་སོགས་བློ་གསལ་གཞན་གྱིས་ཀྱང་ལན་མང་དུ་བསྒྲགས་ནས་ནན་ལྕགས་ཐར་གསུམ་གྱིས་ཞུ་དག་བགྱིས་ཤིང་རང་ཉིད་ཀྱིས་ཀྱང་ལན་གྲངས་དུ་མར་ནན་ཏན་གྱིས་དཔྱད་ཞུས་ཀྱིས་གཏན་ལ་ཕབ་པའི་རྩིས་ཡིན་ཀྱང་རྒྱུད་རྣམ་གྲངས་མང་བས་རྡོ་རྗེ་ཚིག་བརླིང་ཞིང་རྟོགས་དཀའ་བ་དང་། གསར་མའི་རྒྱུད་རྣམས་དང་མི་འདྲ་བར་སྔོན་ནས་བཟུང་ད་ལྟའི་བར་དག་ཐེར་གྱིས་མ་ཕོག་པས་ཞུས་དག་ཏུ་བཏབ་ཀྱང་དོན་ལ་གཞི་བསྒྲིགས་ལྟ་བུར་དགོས་པས་མ་མོའི་རྒྱུད་སྲིད་པའི་རྫོང་ལུང་དང་ཨེ་ཀ་ཛ་ཊིའི་རྒྱུད་སོགས་ལ་ལན་གྲངས་བཅོ་ལྔ་ཉི་ཤུ་རེ་བསྐྱར་ཞུས་བྱེད་དགོས་བྱུང་བ་ལྟ་བུས་མཚོན་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཀྱང་མདོར་ན་གསུང་རབ་ཀྱི་དོན་ནི་ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ལྷོངས་སུ་མ་གྱུར་ན་སྒྲ་དང་རྟོག་གེའི་རིག་པ་ནི་ཆོས་ཉིད་དང་འགལ་བའི་ཆོས་ཅན་ཏེ། གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པས་བལྟ་བར་བྱའོ། །གང་ལ་ལ་དག་ཆོས་ཐམས་ཅད་ལ་མུ་དང་གཏིང་དང་། མཐའ་དང་དབུས་འཚོལ་བ་ཡོད་ན་དེ་དག་ནི་བློ་ཟབ་པ་དང་ཆེས་ཟབ་པ་ཞེས་མི་བྱའི། ཐུག་པ་ཉིད་དུ་ཐུག་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཐོག་མར་སྒྲ་ཚད་ལ་སོགས་པའི་རིག་པས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ཞིབ་པ་དང་ཆེས་ཞིབ་པར་བརྟགས་ནས། མཐར་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ནི་དོན་གྱི་ཆོས་ཉིད་དང་མི་འགལ་བར་ཆོས་སུ་བཟུང་བར་རྗེས་སུ་འདོམས་པ་ཡིན་པས་ཇི་ལྟར་དཔྱད་ཀྱང་མི་འགལ་བའི་ཤིན་ཏུ་ཟབ་བའི་ཕྱོགས་ཀྱང་ཅུང་ཟད་མཐོང་མོད་ཀྱི་སྐྱེ་བོ་དྲང་དོན་ཙམ་དང་ཚིག་ལ་རྟོག་དཔྱོད་འཇུག་པ་གཙོ་བོར་བྱེད་པ་དག་གི་དབང་


DNG026_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལའང་རྒྱུད་ཀྱི་ཚིག་དོན་བརླིང་བ་དང་དཔྱད་ཞུས་མཁན་པོའི་བློ་གྲོས་ཀྱིས་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་ཧོལ་ཤོར་སོགས་གཏན་མེད་དོ་ཞེས་སྨྲ་བར་མི་ནུས་ཀྱང་སྔོན་ཆད་གངས་ཅན་འདིར་དཔེ་རྒྱུན་ཡོད་པ་རྣམས་ལས་ཁྱད་པར་དུ་འཕགས་ཤིང་ཡང་དག་པར་བགྱིས་པས་རྣམ་པར་དག་པའི་བསྟན་པ་ལ་མོས་པ་རྣམས་ཀྱིས་ཡིད་རྟོན་པའི་གནས་སུ་རུང་བར་ཡོད་དམ་སྙམ་མོ།། བཞི་པ་བཞེངས་ཚུལ་དངོས་ནི། དེའང་ཡི་གེ་འདུས་པ་ལ་མིང་། མིང་འདུས་པ་ཚིག །ཚིག་འདུས་པ་ལ་ཚིགས་སུ་བཅད་པ་དང་ལྷུག་པ་སོགས་གཞུང་ཚོགས་ཡི་གེའི་རྒྱུད་དུ་གྲུབ་པ་སྟེ། དེ་ལ་ཡི་གེ་ནི་མིང་དང་ཚིག་གང་ཡང་རུང་བ་གསལ་བར་བྱེད་པའི་ཕྱིར་རྗོད་བྱེད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ལ། གངས་ཅན་གྱི་ལྗོངས་སུ་འཇམ་དཔལ་གྱི་སྤྲུལ་པ་ཐོན་མི་སཾ་བྷོ་ཊའི་མཁྱེན་དཔྱོད་ཀྱི་འཕྲུལ་ལས་ལེགས་པར་ཐོན་པས་བོད་ཡུལ་གྱི་ཡི་གེ་གསར་དུ་འཁྲུངས་པ་ནས་བཟུང་ཁྱུང་པོ་གཡུ་ཁྲིས་ཐིག་གི་ལམ་དུ་གཅུར་ཞིང་མཁས་པ་གཞན་གྱིས་ལྷན་ཐབས་ཀྱང་མཛད་པའི་རྒྱུན་ལས་གདོན་པ་བཅུ་དང་། གཅེས་སོ་བརྒྱད་དང་། ཆོས་ཉི་ཤུའི་མཚན་ཉིད་རྣམ་པར་བཤད་པའི་ལག་ཁྲིད་ཀྱི་རྒྱུན་ཇི་ལྟ་བར་སྦྱང་བདར་གྱིས་ཁོང་དུ་ཆུད་པས་ས་སྐྱོང་ཆེན་པོའི་གསུང་རབ་རིན་པོ་ཆེ་འབའ་ཞིག་ལས་བཞེངས་པ་མང་པོ་དག་སྔར་ཕན་བཞུགས་པ་རྣམས་བློ་དང་ལྡན་པའི་མིག་གི་བདུད་རྩིར་གྱུར་པ་ཁོ་ནར་བས་པས་ཡི་གེའི་ལུས་མ་རྫོགས་པ་དང་། འགྱེལ་བ་དང་། བུབ་པ་དང་། མིག་ཟུམ་པ་དང་། འབུ་སྲིན་གྱི་རྗེས་ལྟ་བུར་གྱུར་པ་སོགས་སྐྱོན་གྱི་རྣམ་པ་ལན་བརྒྱར་དཔྱད་ཀྱང་དམིགས་པར་དཀའ་བའི་ཡིག་མཁན་མཁས་པ་དག་གི་རྒྱུན་ལས་བྱུང་བའི་དཔོན་ཡིག་པ་སུམ་ཅུ་སྐོར་གྱི་ལྷུན་གྲུབ་སྟེང་གི་བླ་བྲང་ཆེན་པོའི་བྲིས་ཁང་དུ་པར་ཡིག་འདྲི་བའི་གྲ་ཚུགས་པ་དང་། དེ་བཞིན་དུ་པར་བརྐོས་བརྒྱད་ཅུ་ལྷག་དང་། ཞུས་དག་པ་བཅུ་སྐོར་དང་། ཤིང་བཟོ་མཁན། ཤོག་ལས་པ། སྣག་ལས་པ་སོགས་ལས་ཀ་མཁན་གྱི་རྣམ་གྲངས་ཤིན་ཏུ་མང་བ་བར་མཚམས་མ་ཆད་པར་བསགས་ཤིང་། དེ་དག་གིས་ཞུས་དག་བགྱིས་ཟིན་པ་དང་པར་ཡིག་འདྲི། དེ་ཟིན་ནས་པར་ཡིག་


DNG026_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིག་མཁན་སོ་སོས་ཞུ་དག་ལན་གྲངས་གཉིས་རེ་དང་། ཞུས་དག་བྱེད་མཁན་རྣམས་ཀྱིས་ལན་གཉིས་རེ་སྟེ་བཞི་བཞིར་ཞུས་དག་བྱས་ཟིན་ནས་པར་བརྐོས་པ་རྣམས་ལ་སོ་སོར་སྤྲོད་པ་སོགས་ལས་སྤྱིའི་དོ་དམ་དང་འགོ་ལུང་ནི་མིའི་དབང་པོའི་ཞབས་རིམ་པ་བློ་གཞུང་ལ་ཚུགས་ཐུབ་པ། ཁོག་ཡངས་ལ་དཀྱེལ་ཆེ་བ། དྲང་ཞིང་གཡོ་སྒྱུ་དང་བྲལ་བས་ཆོས་སྦྱིན་མི་ཟད་པའི་འབྱུང་གནས་པར་ཁང་ཆེན་མོའི་ཕྱག་མཛོད་འགུ་རུ་ཚེ་བརྟན་གྱིས་བཀོད་པས་ཁྱབ་པ་བཞིན། གཉེར་བྱེད་པ་ཡེ་ཤེས་དཔལ་ལྡན་དང་། ངག་དབང་འོད་ཟེར་སོགས་དང་། པར་དངོས་གཞི་ཕར་སྤྲོད་ཅིང་ཚུར་ལེན་པ་དང་བསྐྱར་བཟོ་དགོས་པ་དང་། ལེགས་ཉེས་བལྟ་རྟོགས་སོགས་པར་དཔོན་གྱི་བཀོད་པ་བཞིན་ཞུས་དག་པ་ཨ་སྲུང་གིས་ལྷག་བསམ་གང་ཆེའི་ངོས་ནས་བྱས་ཤིང་། ཤིང་སྟག་ནས་ས་རྟའི་བར་བགྲང་བྱ་ལྔའི་ངོ་མཐོང་བར་གུས་སྦྱོར་དང་རྟག་སྦྱོར་གྱིས་བརྩོན་པ་ཆེན་པོས་བསྒྲུབས་པ་ཡིན་ནོ། །དེ་ལ་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་བརྗོད་བྱ་དང་རྗོད་བྱེད་ལ་དེ་ལྟ་བུའི་ཁྱད་པར་ཡོད་ན་གང་བདུད་དམ་བདུད་ཀྱི་རིས་སུ་གྱུར་པའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། ལྷ་མ་ཡིན་དང་། མ་མོ་ལ་སོགས་པའི་མི་མ་ཡིན་དང་མིར་གྱུར་པའང་རུང་ལེགས་པའི་བགྱི་བ་རྒྱ་ཆེན་པོ་སྔ་ན་མེད་པ་འདི་ལྟ་བུའི་གནས་ལ་སྡང་བ་དང་། རྣམ་པར་སྡང་བའི་སེམས་དང་། གདུག་ཅིང་ཤིན་ཏུ་གདུག་པའི་སེམས་དང་ལྡན་པ་རྣམས་ཀྱིས་ཕྲག་པ་དོག་པས་ཀུན་ཏུ་འཁྲུག་པའི་སྦྱོར་བ་དྲག་ཤུལ་གྱི་ཆོ་ག་དང་། རྩུབ་མོ་མ་ཡིན་པའི་འཇམ་པོའི་སྦྱོར་བའི་བསླུ་བྲིད་ཀྱིས་བཤོལ་ཐབས་སོགས་ལེགས་བྱས་རྒྱ་ཆེན་པོའི་གེགས་སུ་གྱུར་པའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེའི་སྤྱན་གྱིས་དབྱིངས་ནས་གཟིགས་པ་དུས་ལས་མི་ཡོལ་བའི་མཐུ་དང་བྱིན་གྱིས་ཉེ་བར་ཞི། རབ་ཏུ་ཞི། རྨེག་མེད་པར་བཅོམས་པས་དུས་མ་ཡིན་པར་འཆི་


DNG026_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། འཐབ་མོ་དང་། འགྱེད་པ་དང་། ནད་ཀྱི་རིགས་རྣམས་དང་། དེའི་འཁོར་ན་གནས་པ་དང་། ཉེ་བར་འཚེ་བ་དང་། གདོན་ཐམས་ཅད་ཀྱང་སྔགས་བདག་མོ་དང་ཁྱབ་འཇུག་ཆེན་པོ་སོགས་སྲུང་མ་ཆེན་པོ་རྣམས་ཀྱིས་བསྲུངས་ཤིང་བསྐྱབས་པ་དང་། རབ་ཏུ་སྦ་བར་བྱས་པས་ལེགས་བྱས་རྒྱ་ཆེན་པོ་འདི་ཉིད་མཐུ་དང་བྱིན་རླབ་ཀྱི་ཚན་ཀ་མ་ཉམས་པའི་ཕྱིར་སྔར་པར་སོགས་སུ་བཀོད་པ་ལྟ་ཅི་གླེགས་བམ་དུ་བཞེངས་པ་ནའང་བཀའ་གཉན་ཅིང་འཚུབ་ཆེ་བ་སོགས་སྒོ་དུ་མ་ནས་ཡིད་རྟབ་རྟབ་པོར་གྱུར་ཀྱང་འཚུབ་ལྷོངས་སོགས་སུ་མངོན་པ་ཆ་ཙམ་ཡང་མ་བྱུང་བ་དང་། སྙིགས་མའི་དུས་ཀྱི་མཐའི་འབྱུང་པོ་མ་རུངས་པའི་ཁ་རླངས་རྡོ་རྗེའི་ཚེར་མས་མིའི་འགྲོ་བ་ཇི་སྙེད་ཅིག་གི་སྲོག་ལ་དུས་ཀྱི་ཆད་པ་འབབ་པར་བྱེད་པའང་ཟུག་རྔུ་དང་བྲལ་བའི་དངོས་པོར་བསྒྱུར་ནས་ཕྱོགས་འདི་དག་གིས་མཚོན་པའི་འགྲོ་བ་མང་པོ་ཞིག་ལ་སླན་ཆད་བྲོ་འཚལ་བ་དེ་དག་གིས་མི་འཇིགས་པའི་སྲོག་བྱིན་པའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པའི་འབྱུང་གནས་དམ་པའི་ཆོས་ཏེ་དེ་དག་གི་ནང་ནས་ཁྱད་པར་དུ་མས་འཕགས་པ་རྡོ་རྗེ་ཐེག་པའི་སྡེ་སྣོད་རིན་པོ་ཆེ་ཆོས་སྦྱིན་ཟད་པ་མེད་པའི་ཕྱི་མོ་གསར་དུ་བསྐྲུན་པ་འདི་ཉིད་ཀྱི་མཐུར་ཤེས་པར་བྱའོ། །དེ་ལྟར་སྒྲུབ་བྱེད་ཀྱི་བྲིས་བརྐོས་ལས་ཚན་རྣམས་ལ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་ཕྱིར་ཡོན་འབུལ་གྱིས་ཚིམ་པར་བྱ་བ་ནི། རབ་ཏུ་གནས་པའི་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་གསུངས་པ་ལྟར། ནར་མའི་བཟའ་བཏུང་གི་ཕོགས་དང་། ལས་ཚན་སོ་སོའི་ཡོན་དང་པར་ཤིང་གི་རིན་བཅས་གསོལ་རས་དམར་ཟོར་འདྲེས་མ་སྔོན་གྱི་རྩིས་གཞི་དང་བསྟུན་པའི་ལག་འབབ་སྔ་ཕྱི་ཀུན་ཏུ་བསྡོམས་པར་བཟང་ཇ་སྤོབ་རྩི་སྟོང་ཕྲག་གསུམ་དང་བརྒྱ་ཉེར་ལྔས་མཚོན་གཏོང་བའི་ཕྱག་རིང་པོར་བརྐྱངས་པས་རབ་ཏུ་མགུ་བར་བྱས་སོ། །དེ་ལྟར་པར་དུ་བསྒྲུབས་


DNG026_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ནས་ཀྱང་ཞུས་དག་ལན་གྲངས་ཁ་ཡར་བགྱིས་ཏེ་ཡིད་རྟོན་དུ་རུང་བར་གྱུར་པ་དང་བདེ་བར་གཤེགས་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་རོ་མཉམ་པ་ཉིད་དུ་ཁྱབ་ཅིང་རྟག་པ་ཉིད་ཀྱིས་གདོད་ནས་རང་བཞིན་དུ་གྲུབ་པའི་དམ་ཚིག་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་དོན་དམ་པར་གང་ལ་རབ་ཏུ་གནས་པ་དང་། གང་གིས་གནས་བྱེད། གང་གནས་པར་བྱ་བ་གསུམ་ཀ་རྣམ་པར་མི་རྟོག་པའི་གནས་ལུགས་རྗེས་སུ་དྲན་པ་ཙམ་གྱིས་དེ་ཁོ་ན་ཉིད་ཀྱིས་རབ་ཏུ་གནས་པར་འགྱུར་ལ། གཞན་དུ་འཇིག་རྟེན་པའི་རྣམ་ཤེས་དང་རྗེས་སུ་མཐུན་པའི་ཀུན་རྫོབ་ཀྱི་ཆོ་གར་ཡང་རབ་ཏུ་གནས་པའི་དབྱིངས་ཟབ་མོ་ལ་དོན་གྱིས་འཇལ་ནས་དཀྱིལ་འཁོར་གྱི་ཡེ་ཤེས་དང་། གང་ཟག་གི་ཤེས་རྒྱུད་གཉིས་རྫས་མི་འགལ་བའི་ཤེས་རབ་ལྷོངས་སུ་གྱུར་ཅིང་དེ་ཉིད་བཅུ་ལ་སོགས་པར་མ་རྨོངས་པའི་སློབ་དཔོན་དག་གིས་ཆོ་གའི་ཡན་ལག་རྣམས་ཀྱང་སངས་རྒྱས་ཀྱིས་ཇི་ལྟར་གསུངས་ཤིང་མཁས་པའི་གཞུང་ནས་བཤད་པ་ལྟར་ཚང་ལ། མ་འཁྲུལ། མ་འཁྲུགས་མ་འཛིངས་པར་རྣམ་པར་དག་པའི་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་རྟེན་དམ་ཚིག་སེམས་དཔའི་ངོ་བོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ལ་རང་བཞིན་གྱི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་དབབ་ཅིང་བསྡིམས་ནས་བརྟན་པར་བྱས་པས་དགེ་ཞིང་བཀྲ་ཤིས་པས་སྐྱེ་དགུ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་གནས་ལ་བཀྲི་བར་བྱེད་པའི་ཐབས་ལ་མཁས་པའི་ཕྲིན་ལས་སུ་རྒྱལ་བས་ཐམས་ཅད་མཁྱེན་ནས་གསུངས་པའི་ཕྱིར། སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ངོར་ཆེན་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཐར་རྩེ་ཞལ་སྔ་ནས་ཀྱིས་དཔལ་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་སྤྱན་དབྱེ་བའི་ཆོ་ག་བཟང་པོ་དྲུག་དང་ལྡན་པ་ལེགས་པར་བསྒྲུབས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་འབྱོར་བ་བཀྲ་ཤིས་པ་ཐམས་ཅད་ཀྱི་འབྱུང་གནས། ས་གསུམ་


DNG026_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐྱེ་དགུ་ཐམས་ཅད་ཀྱི་མཆོད་སྡོང་། རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་གྱུར་པ་འདི་ཉིད་ལེགས་པར་གྲུབ་པ་ཡིན་ནོ།། སྨྲས་པ། བདེ་བར་གཤེགས་མཐུའི་ལྕིད་ཀྱིས་བརླིང་བྱས་སྙིང་སྟོབས་རབ་ཏུ་དར་བའི་གྲུས། །ཀུན་ཏུ་རྒལ་དཀའི་ལེགས་སྤྱོད་རྒྱ་མཚོའི་ཕ་མཐའ་ཉིད་དུ་རབ་སོན་པས། །ཞི་བསིལ་ནོར་གྱིས་ཕོངས་པར་གྱུར་རྣམས་བདེ་དང་འབྱོར་བས་ཕྱུག་སླད་དུ། །བསམ་རྫོགས་ནོར་བུའི་རེག་བྱ་སར་པས་ཀུན་དགའི་དགའ་སྟོན་རྒྱས་པར་གྱུར། །ལེགས་པ་རྣམས་ཀྱིས་ལེགས་བྱས་པས། །གང་གི་གྲགས་པ་མངོན་མཆོད་པ། །སྡེ་བཞི་དགེ་བཅུའི་རྒྱལ་ཐབ་ནི། །འདིར་ནི་ས་ཡི་ཐིག་ལེར་གྱུར། །སྙན་པའི་མེ་ཏོག་དོག་པ་ནི། །ཡོན་ཏན་དྲི་བཟངས་ཚོགས་འཛིན་པ། །ཕྱོགས་བྲལ་རི་དྭགས་མིག་ཅན་གྱི། །རྣ་བའི་རྒྱན་དུ་ཅི་ཡང་དར། །བཀའ་རྟགས་གསེར་གྱི་ཅོད་པན་ནི། །ས་སྐྱོང་རྣམས་ཀྱི་སྤྱི་བོ་རུ། །ཕྲེང་བ་ཇི་བཞིན་འཛིན་བྱེད་ན། །དེ་ནི་དེ་ཡི་དཔལ་གྱིས་མཛེས། །ཞུམ་པ་མེད་པའི་སྙིང་སྟོབས་འཁོར་ལོ་ཡིས། །ཆོས་ལས་བྱུང་བའི་རིག་པའི་དཔུང་ཁྱེར་བས། །རྩོད་པའི་ཕྱོགས་སུ་གྱུར་རྣམས་ཟིལ་མནན་ཏེ། །རྫོགས་ལྡན་དང་པོའི་སྐལ་བཟང་དྲངས་པར་གྱུར། །སེམས་ནི་རྫོགས་པའི་བྱང་ཆུབ་ལ་རངས་པས། །སྲིད་པའི་ཕུན་ཚོགས་གཡོན་མའི་འཇོ་སྒེག་གི། །ཚོར་བ་བདེ་བའི་གར་ཕྱིར་མི་འབྲངས་པར། །བསིལ་བའི་ཁམས་སུ་ཏེ་པོར་སྤྱོད་ལ་ཞུགས། །དགེ་ལེགས་ཀུན་འབྱུང་ཡོན་ཏན་བྱེ་བ་ཡི། །འབྱུང་གནས་དེས་ཀྱང་ཕུན་ཚོགས་བྱེ་བའི་


DNG026_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆར། །སྤྲོ་བྱེད་ཟད་པ་མེད་པའི་རིན་ཆེན་གྱིས། །བཀང་བའི་བསོད་ནམས་གྲུ་བོ་ཤིན་ཏུ་ལེགས། །གང་གི་ངོ་བོས་སྐྱོན་རྣམས་རིང་བཏང་ནས། །ཡོན་ཏན་འབུམ་གྱི་སྣང་བ་བཀྱེ་བའི་མཛོད། །བདེན་གསུང་ཉི་མ་འཆར་ནུབ་སྤངས་པའི་མཁར། །རྟག་པ་འདི་ཀོ་བསྔགས་པས་ཅི་ཞིག་ལོང་། །དེ་ལ་རྒྱལ་རྣམས་དགྱེས་པའི་འཛུམ་མུལ་བའི། །སྣང་བ་བསིལ་བར་འབབ་པའི་རེག་བྱ་ཡིས། །འཁོར་བའི་གདུང་བ་ཀུན་འཕྲོགས་གེགས་ཀྱི་ཤུགས། །ཞུགས་ཀྱི་ཕུང་པོ་འབར་བས་རྩྭ་རྣམས་བཞིན། །རབ་རིབ་ཅན་ལ་སྒྲོན་མེ་ཕོངས་ལ་ནོར་དང་གཡང་སར་ལག་པའི་འཆེལ་བ་སྟེ། །སློང་ལ་དཔག་བསམ་ལོང་བ་རྣམས་ཀྱི་དམིག་བུ་ལམ་གཞན་དག་ལ་ལམ་གྱི་རྒྱགས། །སྡུག་བསྔལ་ནད་ལ་སྨན་ཆེན་གདུང་བ་དག་ལ་བསིལ་སྟེར་འཇིགས་སྐྱོབ་ར་བ་སྟེ། །མྱ་ངམ་ཐང་ལ་མི་བསླུའི་སྐྱེལ་མ་ཆོས་དང་འདྲ་བའི་མཛའ་བཤེས་གཞན་ཡོད་མིན། །བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་ཐེག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས་བསྟན་པ་དེ་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་ལེགས་པར་བཤད་པའི་སྐབས་ཏེ་གསུམ་པའོ།། །།


previousབསྟན་པ་དེ་ལས་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་ལེགས་པར་བཤད་པའི་སྐབས།next