Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of བྱས་པ་གང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
དཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་།
  
  
  
  
  
  
  
  
  
  
  


1 occurrence of བྱས་པ་གང་
[Clear Hits]

 
previousདཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་།next

དཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་།

དཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་བཞུགས་སོ། །

ང་དེ་ལོ་སྟབས་ཞིག་བསང་ལ་སོང་། །ཟོ་དོར་གྱི་མདུན་ན་ཟླ་གཅིག་གནས། །དེ་ཙ་ན་ཉིན་རེ་གཟུགས་རེ་བསྟན། །གྲངས་དེ་ཡིས་ཕྲིན་ལས་རེ་རེ་བསྒྲུབ། །སེམས་སྤྲོ་ནས་མཐོང་ཕྱག་འཚལ་འདོད་ཀྱང་། །སྐྱབས་མཆོག་གསུམ་ལ་བཅོལ་བས་དེ་མ་བྱས། །སླར་ཉིན་གཅིག་ཧལ་གྱིས་དངངས་ཡེད་བྱུང་། །བལྟས་ཙ་ན་མི་མདའ་དགུ་ཡང་སླེབས། །ཞྭ་སྐྱ་ལེབ་གསེར་ལ་བྱས་པ་ཞིག ། གླུ་སྙན་པའི་ཚིག་གི་རྒྱུད་མང་བཀྲོལ། །མི་ཁྱོད་ཀྱིས་ང་ངོ་ཨེ་ཤེས་ཏེ། །ང་དགེ་བསྙེན་རྡོ་རྗེ་ལས་དབང་ཡིན། །སྔོན་ཨོ་རྒྱན་པདྨའི་སློབ་མ་ཡིན། །གྲོགས་པདྨ་འདུས་རྩལ་རྗེས་ན་ཡོད། ཁྱོད་ད་ཤེས་ལྡན་མ་རྩེ་མང་རེད། །ཡང་ལྷ་ལྕམ་སྐུ་ལུས་ཕྲན་ཏེ་ཀོ །ངས་ཁྱོད་ཀྱིས་དེ་ཚོ་བསླུ་མིན་ན། །ཆོས་ཀ་དར་བསྒྲོ་གླེང་གྱིས་དང་ཟེར། ཁྱོད་གཏི་མུག་མངལ་ངན་དེ་མི་གོ །ད་འདིར་ལྟོས་ཟེར་ནས་མཆོད་ཁང་ཁྲིད། །ངས་ཀྱང་སེངྒེ་ཁྱེར་སྣང་ཤར། །ཕར་བལྟས་པས་ནམ་མཁའ་ཁྲ་ཆེམ་འདུག །འདི་རྟོགས་པའི་རྒྱུད་ཀྱི་གླེགས་བམ་སྟེ། །ངེད་ལྷ་གཉེར་བ་རུ་བསྐོས་སོ་ཟེར། ཁྱོད་ཆོས་སྐལ་ཡོད་ན་རྙོལ་དང་སྐད། །ངས་བླང་བས་པོ་ཏི་གསུམ་ཞིག་ལོན། ཁ་ཕྱེས་དུས་རླུང་གིས་ཕྱོགས་སུ་འཐོར། །ཅིང་མ་ལོན་ཁོང་ལ་ཞུ་བ་གསོལ། ཁྱེད་བསྒྲུབ་ན་ཆ་ལུགས་ཇི་འདྲ་ཡིན། །སྔགས་གང་བཟླས་ཚོགས་གཏོར་གང་ཞིག་དགོས། །རྟགས་ཅི་ཡོད་ཉི་མ་དུ་ཡིས་འགྲུབ། །ལས་གང་སྐལ་ང་ལ་གྲོགས་མཛད་དམ། །ཞེས་སྨྲས་པས་ཞ་ཕུད་ཀིའོ་བསྭོ། །ལར་ཆ་ལུགས་སྐོར་གཅིག་མཐོང་སྣང་ཡིན། །དེ་མི་འདྲ་མི་ཡི་རྒྱན་གོས་དང་། །ཡང་བཞོན་པ་ལ་སོགས་ཅི་བཞིན་ལ། ཁྱེད་མི་འདི་ཨ་འཐས་ཕྱོགས་གཅིག་རེད། །བརྐྱང་བསྐུམ་དང་བཞུགས་ཚུལ་སྐབས་གཞན་དུ། །འགུལ་མེད་ཀྱི་བེམ་རྒོག་ཨེ་མ་ཧོ། །ཕྲིན་ལས་ཀྱང་བྱ་བྱེད་གློ་བུར་བ། །སྒྲ་རྩོལ་བྱུང་ཐ་དད་དེ་དང་འདྲ། །ཨཻ་ཨེ། མང་ལ་ཡངས་བ་རྟོགས་པ་ཆེན་པོ། །ལྟ་བ་ཡོད་ན་རྫོགས་ཆེན་མ་ཡིན། །ལྟ་བ་སེམས་ཀྱི་དྲི་མ་དེ་ཀོ །དེ་ཕྱིར་ལྟ་བ་མེད་པ་བསྟན་ཡོད། །ལྟ་བ་མེད་ན་རྫོགས་ཆེན་མ་ཡིན། །སོ་སོའི་སྐྱེ་བོ་ཐ་མལ་དེ་འདྲ། །ཐེག་པ་དགུ་ཡི་ཡ་གྱལ་ཅི་ཡིན། །བསྒོམ་པ་མེད་ན་རྫོགས་ཆེན་མ་ཡིན། །དམིགས་གཏད་བློ་ཡིས་སྔ་ཕྱིར་འཆིང་ཡང་། །དམུའི་རྒྱུ་མེད་ན་བན་རྒན་སེ་རིས། །ད་རུང་འཁོར་བར་ཡུན་རིང་བཞུགས་གམ། །བསྒོམ་པ་མེད་ན་རྫོགས་ཆེན་མ་ཡིན། །གཏི་མུག་བཏང་སྙོམས་གཟུགས་མེད་གཡང་ས། །ཁ་བོ་ཆེ་སྟེ་འཆི་ཁ་ཐ་མལ། །ཇི་ལྟར་གནས་ཀྱང་སྲིད་པའི་ར་བ། །སྤྱོད་པ་ཡོད་ན་རྫོགས་ཆེན་མ་ཡིན། །ཉན་ཐོས་བྱི་ལ་འདྲ་བའི་དག་གྲོལ། །བྱང་སེམས་བྱེའུ་མ་འདྲ་བའི་རྩོལ་བ། །གསང་སྔགས་ཁྱི་ཕག་ལྟ་བུའི་ཐོ་ཅོ། །སྤྱོད་པ་མེད་ན་རྫོགས་ཆེན་མ་ཡིན། །ངན་ཞེན་མི་དགེ་སོགས་པའི་ལས་སྤྱོད། །བག་མེད་སྤྲེའུ་འདྲ་བའི་གང་ཟག །ཇི་ལྟར་བཟང་ཡང་ཚེ་གཡོག་མནའ་མ། །དམིགས་པ་ཡོད་ན་རྫོགས་ཆེན་མ་ཡིན། །གཞི་ནས་འཁྲུལ་པའི་བདུད་ཀྱི་ལོག་ཚིག །དེ་ལ་བསམ་པའི་སྒོམ་ཆེན་བཟང་འཁྲུལ། །དེས་ནི་ནམ་ཡང་དམིགས་མེད་མི་འབྱོངས། །དམིགས་པ་ཡོད་ན་རྫོགས་ཆེན་མ་ཡིན། །བྱི་བ་དང་ནི་སེམས་མེད་གནས་སྐབས། །ངོ་བོའི་དོན་ཅན་རྣམ་པར་མི་རྟོག །མདོ་ལས་ཀྱང་ནི་བསྔགས་པ་མ་བརྗོད། །སྒྲུབ་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །འདུས་བྱས་རྒྱུ་རྐྱེན་ཁ་ན་གཡོ་བའི། །རྩལ་སྤྲུག་འབྲས་བུས་སྤྱི་བཅིང་མི་སྲིད། །ཚིག་དོན་འགལ་བའི་ལྟག་ཆོད་གཟུགས་པོ། །བསྒྲུབ་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །རྒྱུད་ཀྱི་ཚིག་དོན་རྣལ་འབྱོར་ཐམས་ཅད། །མ་ལུས་ངལ་རྒྱུ་ཡུག་པ་རྐྱང་བར། །འདྲེན་པ་དཔལ་འཛིན་སླར་ཡང་བྱོན་ནམ། །ཧེ་ཧེ། སྟོང་བ་ཡིན་ན་རྫོགས་ཆེན་མ་ཡིན། །ནམ་མཁའ་རི་བོང་རྭ་དང་བཅས་པས། །སྟོང་རྐྱང་ཡོད་དོན་ཅོག་གི་ལྟ་བ། །དེ་ཚོ་མུ་སྟེགས་པས་ཀྱང་ཁྲེལ་ཡོང་། །སྟོང་པ་མིན་ན་རྫོགས་ཆེན་མ་ཡིན། །རྟག་གཅིག་རང་དབང་དངོས་པོ་ཅན་དང་། །དངོས་འཛིན་ཐ་མལ་འགྲོ་བ་ཐམས་ཅད། །རྟོགས་ནས་ཇི་ཕྱིར་འཁོར་བར་གནས་འདུག །ཡོད་པ་ཡིན་ན་རྫོགས་ཆེན་མ་ཡིན། །ས་རྡོ་རི་བྲག་སྣང་སྲིད་ཐམས་ཅད། །ཡིན་བཞིན་མཐོང་བ་ངོ་སྤྲོད་མི་དགོས། །དེ་བཞིན་མན་ངག་དགོས་པ་ཅི་ཡོད། །ཡོད་པ་མིན་ན་རྫོགས་ཆེན་མ་ཡིན། །འདུས་མ་བྱས་ཀྱི་སྐུ་དང་ཡེ་ཤེས། །སླད་ནས་འབྱུང་བའི་སྐྱེ་བའི་མཐའ་ཅན། །སངས་རྒྱས་དེ་ཡང་ཆུ་ཤིང་འདྲ་བ། །འཇོག་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །ཡེ་རྫོགས་ཡིན་ན་ད་ནི་ཅི་འཇོག ། འཇོག་རྒྱུ་དགོས་དུས་རྫོགས་ཆེན་གར་ཡིན། །སྟོང་བ་ཉིད་ལ་སུ་འཇོག་གར་འཇོག །འཇོག་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །མཉམ་བཞག་བཞག་ཐབས་དེ་ཚོའི་ཅི་དགོས། །ཅི་བྱ་གཏོལ་མེད་དེ་ལ་གནས་ཀྱང་། །གནད་གསུམ་ལྡན་པའི་འཁོར་ལོ་དེ་མིན། །གྲོལ་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །བུང་བ་གསེར་དུ་འགྱུར་བ་མེད་བཞིན། །གཏན་དུ་རྟོགས་པ་རང་ག་ཡིན་ན། །དེ་ལས་འཁོར་བའི་ས་བོན་མེད་དོ། །གྲོལ་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །ཅི་ཡང་མ་གྲོལ་གྲོལ་བྱེད་གདམས་པ། །རང་གྲོལ་ལ་སོགས་ཚིག་གི་ཐ་སྙད། །དེ་ཡང་སྒྲོ་བཏགས་ཙམ་དུ་བས་སོ། །སེམས་དེ་མིན་ན་རྫོགས་ཆེན་མ་ཡིན། །སེམས་ལས་གཞན་པའི་སངས་རྒྱས་བྱ་བ། །སྔ་ཕྱིར་རྒྱལ་བས་བཙལ་ཀྱང་མི་རྙེད། །དེ་ལ་བ་དེད་བྱེད་པས་ཅི་ཕན། །སེམས་དེ་ཡིན་ན་རྫོགས་ཆེན་མ་ཡིན། །ཁམས་གསུམ་རྣམ་རྟོག་སྒྲོ་བཏགས་གཞན་དབང་། །དེ་ནི་སེམས་ཅན་ཀུན་ལ་ཡོད་གསལ། །འབད་མེད་གྲོལ་བས་བརྩོན་འགྲུས་མི་དགོས། །དེ་ཚོ་ངའི་ཁྱོད་ལ་ཞུ་གཏུག་ཡིན། །རྟོགས་བསྡུར་འདི་ལ་འགལ་བ་ཡོད་ན་བཤགས། །ཆ་ལུགས་ཕྱོགས་ལྷུང་ང་ལ་མེད་ན་ཡང་། ཁྱོད་རང་སྒྲོ་བཏགས་བསམ་ན་འདས་ཀྱང་ཆོག །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཐུབ་དྲུག་དེའི། །ཕྱག་རྒྱའི་དམ་ཚིག་བསེགས་སྦོར་སོགས་ཡིན་དུ། །ཕྱོགས་ལྷུང་གདོན་གྱིས་ཟིན་ཁྱོད་འཐས་པར་གྱིས། །ཆོས་རྣམས་ཐམས་ཅད་སྒྱུ་མ་ཡིན་གསུངས་ན། །སྒྱུ་མའང་གཅིག་ལས་མི་འཆར་སེམས་རྒྱ་རུབ། །འོན་ཀྱང་ཡར་སོང་ཇ་བཟང་སྐྱེམས་མཆོད་གསོལ། །ངས་ཀྱང་གཟབ་ནས་མཚན་དཔེ་ཞིག་བསྒྲུབ་ཟེར། །དེ་ནས་སྐབས་ཤིག་ཚུར་ལ་འབོད་པ་སླེབས། །སྒོ་ནས་བལྟས་པས་གླང་ཆེན་རི་ཙམ་ཁྱེར། །ལུས་པོ་ཀུན་ལ་གསེར་ཁྲབ་རཏྣའི་ཕྲ། །ཕྱོགས་བཞིའི་གསལ་བྱེད་ཉི་ཟླ་ནོར་བུ་དང་། །ལྷ་ཡི་རང་འོད་ཟེར་བའི་ཐག་ཤར་དཀྲིས། །ཕྱག་གཡས་ན་ནི་གཟི་ཡི་ལྕག་ཚན་བསྣམས། །གཡོན་པས་གཞོང་པ་གཏེར་སྒྲོམ་བརྒྱའི་བཀང་བཟུང་། །འཁོར་དུ་ནམ་མཁའ་གང་བའི་ལྷ་དམག་ཡོད། །མིག་གི་མི་བཟོད་ལྟ་བའི་ངོ་མཚར་འབར། །དེ་ལ་བདག་གིས་ནོ་པི་ཀ་འདི་བྱས། །ཨོཾ༔ ཆོས་བཟང་འདུན་སའི་བྱད་ལས་ཉེར་འཕོས་པའི༔ དགའ་སྐྱིད་ལྷ་ཡི་ཁང་བཟང་ཡངས་པ་རུ༔ བཻཌཱུར་པད་རག་གསེར་གཡུའི་གཏམས་པའི་ཁྲིར༔ གཉིས་འཐུང་སྟོབས་ཆེན་ཁོ་ལག་ཡངས་བའི་སྟེང་༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལས་དབང་རྩལ༔ སྐུ་མདོག་དཀར་པོ་ཞོ་གསར་སྤུང་བ་ལ༔ པཉྩ་ལི་ཀ་བཀྲག་བའི་ལྭ་བ་ལྔ༔ དེ་སྟེང་རིན་ཆེན་གསེར་གྱི་ཁྲབ་བྱང་གདབ༔ འཇའ་ཚོན་སྐ་རགས་རྨོག་དཀར་དུང་རུ་བཙུག༔ སྟེང་ན་རྡོ་རྗེ་རིན་ཆེན་ཚེམ་ཚེམ་གསོལ༔ ཕྱག་གཡས་གཟི་ལྕག་ཁམས་གསུམ་དགྲ་བགེགས་འདུལ༔ གཡོན་པས་གཏེར་གཞོང་སྒྲུབ་ལ་དངོས་གྲུབ་སྩོལ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཞབས་ལ་འཇའ་རིས་དགུ་སྐོར་ལྷྭམ་ཆ་གསོལ༔ གནས་ལྔར་ཕྱག་རྒྱ་ལྔ་ཡི་དབང་རྟགས་བཀྲ༔ འདིར་གཤེགས་འདིར་བཞུགས་རྣལ་འབྱོར་མཐུ་དཔུང་མཛོད༔ བཛྲ་ཀརྨ་ཤྭ་རི་ཛ་ཛ༔ པདྨ་སུརྱ་ཡ་སྟྭཾ༔ ན་མོ་ན་མ༔ ཧཱུྃ༔ ཁྱོད་ལ་དགྱེས་པའི་མཆོད་པ་ནི༔ ལོག་འཚོ་སྡིག་དང་མ་འདྲེས་པའི༔ སྤྱན་གཟིགས་ཡིད་འོང་དངོས་པོ་འབུལ༔ རོལ་མོ་དབྱངས་སྙན་བསྟོད་པའི་གླུ༔ ཤངས་ལ་དྲི་བཟང་བྱུག་རྩི་དངད༼ དང་དཔྱད། ༽༔ ཞལ་ཟས་བཟའ་བཏུང་ཞིམ་མངར་གཙང་༔ མཉེན་འཇམ་རེག་བདེའི་ན་བཟའ་འབུལ༔ འབྱུང་པོའི་ཤ་ཁྲག་དམར་གཏོར་བཅས༔ བདུད་རྩི་དྲི་བསང་རྨུག་གྲིབ་སེལ༔ དམ་རྫས་གྲུབ་པ་བཞི་ལྡན་འབུལ༔ བདག་ཅག་གཞི་བྱེས་ལམ་ཀུན་ནས༔ ཁ་མགོན་རྒྱབ་རྟེན་མ་ཆུང་ཞིག༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ དོན་ལ་ཉེ་ཞོ་མ་བཏང་ཞིག༔ ལས་ལ་གཉེན་པོ་མ་བཏང་ཞིག༔ ཟས་ལ་ཁ་ཕུང་མ་བཏང་ཞིག༔ གྲོགས་ལ་ཁ་འགོང་མ་བཏང་ཞིག༔ ཆོས་ལ་བར་ཆད་མ་བཏང་ཞིག༔ ངན་དགུའི་སྣ་དང་གདོང་བསྣོལ་དེ༔ བཟང་དགུའི་ལེགས་དང་ངོས་སྤྲོད་ལ༔ བསམ་པ་ཐམས་ཅད་ལྷུན་གྱི་གྲུབ༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ དཔའ་བརྟུལ་འཕན་ཕྱག་རུ་དར་ཕྱོར༔ ཉེ་བར་གྱུར་པའི་དམ་ཚིག་སྲོག༔ ཨོ་རྒྱན་པདྨའི་དབང་སྲོག་འབྲེལ༔ བསྟན་དང་བསྟན་སྐྱོངས་ཐ་ཚིག་འབྲེལ༔ སྐྱེ་བ་ལས་ཀྱི་ལྷ་གཉན་འབྲེལ༔ མི་དང་ལྷ་རུ་འབྲེལ་བའི་མཐུའི༔ གང་བཅོལ་ལས་ཀྱི་བདག་པོར་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ དེ་ནས་ངས་ནི་བསམ་པ་ལ༔ འདི་ནི་ས་སྦྱོངས་སེམས་དཔར་ངེས༔ སངས་རྒྱས་པདྨའི་སློབ་མར་འདྲ༔ ཉམས་ལེན་རྫོགས་ ་ཆེན་པོར་འདུག༔ གང་ལྟར་བྱས ་ཀྱང་དགེ་འདུན་ཞིག༔ མིན་ཀྱང་དཀོན་མཆོག་ཕྲིན་ལས་སུ༔ གདོད་མི་ཟ་བས་རུང་ངོ་སྙམ༔ ཕྱག་འཚལ་བསྟོད་པ་འདི་ཡང་བྱས༔ ཧོ༔ ཁྱོད་ནི་རྒྱལ་བའི་ཕྲིན་ལས་མཛད༔ བཀའ་སྲུང་ཆོས་སྐྱོངས་གཉན་པོར་བསྟོད༔ ཁྱོད་ནི་ནང་དོན་རང་བྱན་ཚུད༔ བསྟན་པའི་དགེ་འདུན་ཆེན་པོར་བསྟོད༔ ཁྱོད་ནི་མཐུ་རྩལ་འགྲན་ཟླ་མེད༔ དགྲ་འདུལ་རྡོ་རྗེའི་མཚོན་ལ་བསྟོད༔ ཁྱོད་ནི་ཀླ་ཀློའི་རྒྱུ་སྲང་གཅོད༔ བཀའ་སྡོད་དྲེགས་པའི་དབང་བོར་བསྟོད༔ ཁྱོད་ནི་ཐ་ཚིག་དམ་ལ་གནས༔ གྲུབ་པའི་རྒྱལ་བོར་མངའ་གསོལ་བསྟོད༔ ཁྱོད་འདྲ་འཇིག་རྟེན་ཁམས་ན་དཀོན༔ ཡོན་ཏན་བང་མཛོད་མཆོག་ལ་བསྟོད༔ འགྲོ་བའི་དབུལ་ཕོངས་འབྱོར་རྒུད་སྐྱོབས༔ ནམ་མཁའི་མཛོད་མངའ་ཁྱོད་ལ་བསྟོད༔ བདག་ཅག་མ་རིག་མ་ལྡན་དང་༔ མ་ཤེས་བག་མེད་ཐུགས་འགལ་ལས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ འཁོན་སྡུམ་འཁྲུགས་བཅོས་རྨུག་མནོལ་བསངས༔ མཐུ་རྩལ་ཆེ་བའི་རང་རྟགས་སུ༔ རྣལ་འབྱོར་དབུ་འཕང་དགུང་ལ་བསྟོད༔ ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོ༔ བསྐུལ་བ་རྟ་མགྲིན་སྐྱབས་ཀྱིས་བསྐུལ། །མཁོ་བ་ཨ་རིག་ཟ་ལ་མཁོ། །བྲིས་པ་ནམ་མཁའི་རྒྱལ་པོས་བྲིས། །བོར་བ་ཉབ་ཉོབ་ཁྲོད་དུ་བོར། །གལ་ཏེ་དེ་ལྟར་མ་གྱུར་ན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། མངྒལཾ། །ཛ༔ ཨོ་རྒྱན་པདྨའི་བཀའ་སྡོད་པ༔ དགེ་བསྙེན་ནོར་བུ་དགྲ་འདུལ་རྩལ༔ གསོལ་ལོ་མཆོད་དོ་དབུ་འཕང་བསྟོད༔ མ་གཡེལ་མ་འགྱང་བསྲུང་སྐྱོབས་མཛོད༔ སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི༔ ག་གཱས་སོ། །ཨུ་འདུས་བསང་བསྡུས་ནི༔ ཀྱཻ༔ ཡུལ་ལྷ་རྡོ་རྗེ་དགྲ་འཇོམས་རྩལ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བདག་ཅག་ཡུལ་ཕྱོགས་དགེ་བར་སྐྱོངས༔ གནོད་བྱེད་དགྲ་བགེགས་ཚར་ཆོད་ལ༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཅེས་ཀྱང་ག་གཱས་སོ། །


previousདཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་།next