Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།

3 occurrences of གཙང་
[Clear Hits]


collapse section
  
  
  
  
  
  
  
  
  
 
ཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་པའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ།
  
 
  
  
  
  
  
 
  


3 occurrences of གཙང་
[Clear Hits]

 
previousཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་པའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ།next

ཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་པའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ།

ངེས་ཚིག་དེ་ལྡན་གྱི་ངོ་བོ་ཉིད་དུ་ཐམས་ཅད་ཐག་བཅད་པ་ལ། ཡེ་ཤེས་རྫོགས་པ་ཆེན་པོར་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་ཐོས་དོན་གནད་དུ་ཕབ་པས་ཐག་གཅིག་ཐོག་ཏུ་བཅད་པ། ཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་པའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ། ཟུང་འཇུག་རྫོགས་པ་ཆེན་པོར་རང་གནས་མ་བཅོས་པའི་བཞག་ཐབས་ཀྱིས་བསྒོམ་པས་ཤེས་རབ་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ། ལ་བཟླ་བའི་སྒོ་ནས་མཇུག་སྡུད་པ་དགོས་པ་དང་བཅས་པའོ། །ལ་ཟློ་གསང་བའི་འཁོར་ལོ་ལས། ཐོས་པའི་སྟོན་པས་ལྡེ་མིག་དང་། །བསམ་པས་གྲོལ་བའི་ལྡེ་མིག་དང་། །བསྒོམ་པས་འབྱིན་པའི་ལྡེ་མིག་གི །ངེས་པར་གཏན་ལ་ཕབ་པས་ན། །སེམས་དཔའི་ལེགས་པར་ཐག་ཆོད་ཅིག །ཅེས་པས་དང་པོ་ལ། གཞི་རྫོགས་པ་ཆེན་པོ་འཁོར་འདས་ལྷུན་གྲུབ་གཅིག་ཏུ་རྫོགས་པར་ཐག་བཅད་པ། ལམ་རྫོགས་པ་ཆེན་པོར་ཐབས་ཤེས་སྒྱུ་འཕྲུལ་གཅིག་དུ་འདྲིལ་བར་ཐག་བཅད་པ། འབྲས་བུ་རྫོགས་པ་ཆེན་པོ་སྐུ་གསུམ་དགོངས་ཀློང་གཅིག་དུ་འཁྱིལ་བར་ཐག་བཅད་པ་གསུམ་ལས།

དང་པོ་ནི། གཞི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལ་རྩལ་དང་རོལ་བ་ཡོན་ཏན་གྱི་ཚུལ་དུ་ལྷུན་གྱིས་གྲུབ་པར་རྫོགས་པ་སྟེ། དེ་ཡང་འཁོར་བའི་ཆོས་ཐམས་ཅད་རིག་པའི་རྩལ་ལས་སེམས། སེམས་ཀྱི་འཁྲུལ་སྣང་ངམ་རོལ་བ་ལས་ཤར་བའི་ཆོས་སུ་ཉི་མཁའ་ལ་བརྟེན་པ་མེད་པར་སྤྲིན་དང་འདྲ་བ་ལ། མྱ་ངན་ལས་འདས་པའི་ཆོས་དོན་དམ་རང་བཞིན་གནས་རིགས་སྤྲོས་བྲལ་དབྱིངས་ཀྱི་ངོ་བོ་ནམ་མཁའ་ལྟ་བུ་དང་། ཀུན་རྫོབ་རང་བཞིན་གནས་རིག་གམ་རྒྱས་འགྱུར་ཆེན་པོ་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཉི་མ་དང་འོད་ལྟར་འདུ་འབྲལ་མེད་པ་ཡོན་ཏན་གྱི་ཚུལ་དུ་མ་བཙལ་ཡེ་ཤེས་ཀྱི་རྒྱན་དུ་ཡོངས་སུ་རྫོགས་པ་དེ་ནི་དཔེར་བྱ་ན་དུང་ལ་དཀར་པོ་མ་བཙལ་གྲུབ་པ་དང་སེར་པོ་བརྟེན་ནས་འབྱུང་བ་ལྟར་གནས་པས་སྟེ། རྒྱུད་བླ་མར། ཕུང་པོ་ཁམས་དབང་སྐྱེ་མཆེད་རྣམས། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་དུ་བྱེད། །ཚུལ་མིན་ཡིད་བྱེད་སེམས་ཉིད་ཀྱི། །རང་བཞིན་དག་པ་ལ་རབ་གནས། །རང་བཞིན་ཐམས་ཅད་ལ་མི་གནས། །ཞེས་དང་། རྣམ་དབྱེར་བཅས་པའི་སོགས་ནས། སྟོང་མ་ཡིན། ཞེས་དང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་དང་། རྨད་བྱུང་ལས། ངོ་མཚར་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །སངས་རྒྱས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཞེས་སོ། །དེ་ཡང་རང་གདངས་ལ་བདག་ཏུ་བཟུང་མ་བཟུང་གིས་འཁོར་འདས་སུ་སྣང་ཡང་རིག་པའི་ངང་ན་བཟང་ངན་སྒྲུབ་བསལ་མེད་པར་ཡེ་ནས་མཉམ་པ་ཉིད་པས་ཁམས་གསུམ་ཡོངས་གྲོལ་ཆེན་པོའི་བཞུགས་ཚུལ་ཏེ། སྔར་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྐབས་སུ་བཤད་པ་ལྟར་ཐམས་ཅད་གཞི་ལ་རྫོགས་པ་ནི། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། དེ་ཕྱིར་གཞིར་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །ཞེས་སོགས་འཁོར་འདས་ཐམས་ཅད་རིག་པ་ལྷུན་གྲུབ་ཀྱི་སྒོ་ལ་རྫོགས་པས་ཀྱང་གཞི་རྫོགས་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་འབྱུང་བས་ཀྱང་རྫོགས་པ་སྟེ། མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་འབྱུང་བའོ། །ཞེས་སོ། །དེ་ཡང་གཞི་ལ་མ་རྫོགས་ན་འབྲས་བུ་མི་འབྱུང་བས་སོ། །ཡང་ཆོས་ཐམས་ཅད་ཀྱི་རྒྱུའམ་རྩ་བར་གྱུར་བས་ཀྱང་རྫོགས་པ་སྟེ། དེ་ཉིད་ལས། ང་ཉིད་སངས་རྒྱས་དགོངས་པ་ལས། །འཁོར་བ་ང་ཡིན་མྱང་འདས་ང་། ཞེས་སོགས་གསུངས་ལ། ཡང་ཉི་ཟླ་འོད་འབར་ལས། སྣང་སྲིད་འཁོར་འདས་ཐམས་ཅད་རྫོགས། །ངག་གིས་བརྗོད་ཚད་སེམས་ཀྱིས་བརྟགས་ཚད་རྫོགས། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་མ་ལུས་རྫོགས། །ཡོད་མཐའ་མེད་མཐའ་རྟག་ཆད་གཉིས་ཀ་རྫོགས། །དགག་སྒྲུབ་སྤང་ལེན་སྣང་སྲིད་འཁོར་འདས་རྫོགས། །ཡོངས་རྫོགས་བླ་མེད་ཐོད་རྒལ་ཐིག་ལེ་རུ། །བརྟགས་སྣང་ཆོས་རྣམས་མ་ལུས་ཡོངས་སུ་རྫོགས། །ཞེས་གསུངས་སོ། །དེ་ལྟ་ནའང་རང་བྱུང་གི་ཡེ་ཤེས་གང་ལའང་མི་ལྟོས་གང་གི་ཕྱོགས་སུ་ཡང་མ་ལྟུང་བས། དེ་ཉིད་རྩལ་རྫོགས་ལས། གཞན་འབྱུང་སྣང་བ་ལྟོས་འགྱུར་མིན། །སྟོང་དང་མི་སྟོང་དབུ་མའི་ལམ། །དངོས་པོ་ཡོད་མེད་གཉིས་དང་བྲལ། །ཞེས་དང་། ཁྱུང་ཆེན་ལས། ཡེ་ནས་ཕྱོགས་སུ་མེད་པའི་སེམས། །ཞེས་སོ། །དེ་དག་ཀྱང་གསང་འཁོར་ལས། སྣང་བ་རང་སེམས་ཡིན་པར་སེམས་དཔའི་བློ་ཐག་བཅད། །ཞེས་པའི་དོན་ཏོ། །

གཉིས་པ་ལམ་རྫོགས་ཆེན་ཐབས་ཤེས་སྒྱུ་འཕྲུལ་གཅིག་དུ་འདྲིལ་བར་ཐག་བཅད་པ་ལ། སྡེ་སྣོད་རིན་པོ་ཆེ་གསུམ་དང་བདེན་པ་བཞི་ལྷུན་གྱིས་གྲུབ་པར་ཐག་བཅད་པས་སྤྱིར་བསྟན། ཐེག་པ་རིམ་པ་དགུའི་ཐབས་ཤེས་རྫོགས་པ་ཆེན་པོར་འདུས་པར་ཐག་བཅད་པས་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི། ལར་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་འདུལ་བས་ཚུལ་ཁྲིམས་ཀྱི་བསླབས་པས་ཉེས་སྤྱོད་འདུལ་ཞིང་དེ་ལ་བརྟེན་མཐར་འདོད་ཆགས་དང་བྲལ་བར་བྱེད་པ་ལ། འདིར་རང་གི་ལུས་ངག་ཡིད་གསུམ་གྱི་འཁྲུལ་སྣང་ཐམས་ཅད་དག་མཉམ་རང་གྲོལ་ཆེན་པོར་འདུལ་བ་དང་། མདོ་སྡེའི་ཆོས་ཉིད་ཟབ་མོ་ཏིང་འཛིན་གཙོ་བོར་སྟོན་པས་ཞེ་སྡང་འདུལ་བས་སེམས་ཀྱི་བསླབས་པ་ལ་འཇུག་པ་ལྟར། འདིར་ཡང་ཟབ་མོ་མཐར་ཐུག་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་བྱ་བ་དང་ཐབས་ཀྱི་ཆར་བཅས་པས་མདོར་བསྡུས་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབས་པ་སྟོན་པའི་སྒོ་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་མཁྱེན་པས་གཏི་མུག་གཙོ་བོར་འདུལ་བས་མངོན་པ་ནི་ཐ་སྙད་དང་ཆོས་ཉིད་གཉིས་འདིར་ནི་རང་བྱུང་ཡེ་ཤེས་ཀྱི་ཀ་དག་ལྷུན་གྲུབ་ཀྱི་རང་བཞིན་དུ་དག་པ་རྟོགས་བྱེད་མངོན་པའི་ཆོས་ཉིད་དུ་བཞུགས་པ་སྟེ། ཕྲེང་བ་ལས། མདོ་སྡེ་ཆོས་ཉིད་ཟབ་མོ་རྟོགས། །འདུལ་བ་རང་གི་འཁྲུལ་སྣང་འདུལ། །མངོན་པ་སེམས་ཀྱི་རྟོགས་པར་མངོན། །ཞེས་སོ། །དེ་ཡང་རྡོ་རྗེ་ཐེག་པ་ནི་མངོན་པ་ལ་སོགས་སྡེ་སྣོད་གསུམ་གྱིམཐར་ཐུག་སྟོན་པ་སྟེ། ཁྱད་པར་དུ་རྫོགས་པ་ཆེན་པོ་ནི་སྡེ་སྣོད་ཐམས་ཅད་ཀྱི་མཐར་ཐུག་པས་ཀྱང་དགོངས་མིན་མངོན་སུམ་རྗེན་ཅེར་དུ་གསལ་བར་བྱེད་པ་ཡིན་ནོ། །ཡང་དེ་བཞིན་དུ་བདེན་པ་བཞི་ཡང་ལྷུན་གྱིས་གྲུབ་པར་རྫོགས་པ་སྟེ། གཞི་སྡུག་བསྔལ་གྱི་བདེན་པ་དེའི་ཆོས་ཉིད་བདེ་བ་ཆེན་པོ་བསྐྱེད་པས་སྡུག་བསྔལ་བདེན་པ་རྫོགས། འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་འབྱུང་བས་ཀུན་འབྱུང་བདེན་པ། སེམས་ཅན་ཐམས་ཅད་བར་དོའི་ལམ་གྱི་གྲོལ་བ་ལས་འགྱུར་བ་མེད་པར་གནས་པའི་ལམ་གྱི་བདེན་པ། རིག་པ་གང་ལའང་རག་མ་ལུས་པར་ཡེ་ནས་གྲོལ་བས་རྐྱེན་སྡུག་བསྔལ་ཀུན་འབྱུང་དང་བཅས་པ་དང་བྲལ་བའི་འགོགས་པའི་བདེན་པ་སྟེ། དེ་ཉིད་ལས། བདེ་བ་བསྐྱེད་ཕྱིར་སྡུག་བསྔལ་བ། །མ་ལུས་རྫོགས་པའི་ཀུན་འབྱུང་ཉིད། །འགྱུར་བ་མེད་པའི་ལམ་ཞེས་བྱ། །རྐྱེན་དང་བྲལ་བའི་འགོགས་པ་ཉིད། །ཅེས་སོ། །དེ་ཡང་མཚན་ཉིད་ཐེག་པར་སྡུག་བསྔལ་ཤེས་བྱ་སོགས་ཡིན་པ་ལ། སྔགས་སུ་སྡུག་བསྔལ་འགོགས་བདེན་སྐུ་དང་ཡེ་ཤེས། ཀུན་འབྱུང་ལམ་བདེན་ཡེ་ཤེས་ཆེན་པོར་ཤར་བ་འདིར་ཡང་དེ་ལྟར་རྫོགས་པ་སྤྱིར་བཏང་ལ། ཁྱད་པར་གོང་དུ་བསྟན་པ་བཞིན་ནོ། །འདི་ཡང་མདོ་ལས་བདེན་བཞི་སྤོངས་ལེན་གྱི་འབྲས་བུ་འབྱུང་བར་འདོད། སྔགས་སུ་ཀུན་བྱང་རྒྱུ་འབྲས་སྙོམས་འཇུག་ཙམ་དུ་ཤེས་ཀྱང་ཤེས་རབ་ཀྱི་དབང་པོ་ལ་ལྟ་བའི་ཕུག་བཅོལ་ཞིང་སྦྱོངས་བས་ལམ་ལ་གནས་ཤིང་གཉིས་ཀའི་མཐར་ཐུག་ཐོབ་བྱར་རེ་བས་རྒྱུ་འབྲས་ཐ་དད་ལ། བླ་ན་མེད་པ་འདིར་མངོན་སུམ་གྱི་དབང་པོ་སོ་སོ་རང་རིག་པའི་འགོགས་ལམ་གྱི་ངོ་བོ་སྣང་སྟོང་ཟུང་འཇུག་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱན་དང་བཅས་པ་ཉམས་སུ་ལོངས་བར་གྱུར་བའི་ཁྱད་པར་འཕགས་པ་ཉིད་དུ་ཐག་བཅད་པའོ། །

གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ལ་ཚན་པ་གསུམ་ནང་གསེས་ཀྱི་དགུར་གྱུར་བ་ལས། དང་པོ་ཀུན་འབྱུང་འདྲེན་པ་གསུམ་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའོ། །གཉིས་པ་དཀའ་ཐུབ་རིག་བྱེད་གསུམ་ནི། ཀྲི་ཡ་ཨུ་པ་ཡོ་ག་དང་། གསུམ་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་ནི། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་དང་གསུམ་མོ། །དེ་དག་དབང་པོ་རབ་འབྲིང་ཐ་གསུམ་ལ་དགོངས་ཏེ་ཐེག་དགུར་བསྟན་པ་སྟེ། བདུད་རྩི་རྒྱ་མཚོ་འཁྱིལ་བ་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཐ་མའི་རབ་འབྲིང་གསུམ་ལ་བསྟན། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །འབྲིང་གི་རབ་འབྲིང་གསུམ་ལ་བསྟན། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །རབ་ཀྱི་རབ་འབྲིང་གསུམ་ལ་བསྟན། །ཡང་རབ་ཡང་ཏི་ཡོ་ག་ཏེ། །ཐོད་རྒལ་སྤྱི་ཏི་ཡོ་གའོ། །དབང་པོ་གཅིག་ཆོད་སྐལ་ལྡན་ལའོ། །ཞེས་སོ། །ཤེས་རབ་དང་ཐབས་གཉིས་ཀྱི་ལྡོག་ཆ་དགུ་བོ་ཐམས་ཅད་ལ་ཡོད་པས་ན་དེ་དག་རྫོགས་པ་ཆེན་པོར་འདུས་པའོ། །སྣང་གསལ་སྤུ་གྲིའི་རྒྱུད་ལས། ང་ཡི་སྤྱི་ཏི་ཡོ་ག་འདིར། །ཐེག་པ་མ་ལུས་ཡོངས་སུ་རྫོགས། །ཞེས་སོ། །

གཉིས་པ་རྒྱས་པར་བཤད་པ་ལ། ཤེས་རབ་རྫོགས་པ་ཆེན་པོར་དགོངས་ཀློང་འདུས་པར་ཐག་བཅད་པ་དང་། ཐབས་རྫོགས་པ་ཆེན་པོར་རྫུ་འཕྲུལ་འདུས་པར་ཐག་བཅད་པ། དེ་ལྟ་ན་ཐེག་པ་གཅིག་ཏུ་གྲུབ་པར་ཐག་བཅད་དོ། །

དང་པོ་ལ། ཡོན་ཏན་གྱི་ངོས་ནས་ཡར་ལྡན་དུ་འདུས་པར་ཐག་བཅད། སྐྱོན་གྱི་སྒོ་ནས་རྣམ་པར་དག་པར་ཐག་བཅད་དོ། །དང་པོ་ལ་ལྟ་བའི་རྣམ་བཞག་དང་། དེ་ཉིད་རྫོགས་པར་ཐག་བཅད་པའོ། །

དང་པོ་ནི། འདི་ལྟར་ཉན་ཐོས་པས་གང་ཟག་གི་བདག་རང་མཚན་པ་སྟོང་པར་ཤེས་པའི་ཤེས་རབ་ཀྱིས་གཟུགས་དང་ཤེས་པ་གཉིས་ཆ་མེད་དུ་གཏན་ལ་ཕེབས་ཀྱང་ཆ་མེད་དོན་དམ་དུ་འདོད་པས་ཆོས་བདག་ཕྲ་བ་མ་རྟོགས་ལ། རང་སངས་རྒྱས་ཀྱི་དེའི་སྟེང་དུ་གཟུགས་རང་བཞིན་མེད་པ་ཆ་མེད་དུའང་མ་གྲུབ་པར་རྟོགས་པས་བདག་མེད་ཕྱེད་གཉིས་ལ། སེམས་ཙམ་གྱི་རང་རིག་དོན་དམ་གཟུང་འཛིན་གཉིས་སྟོང་དུ་རྟོགས་པ་དང་། དབུ་མས་རང་རིག་ཙམ་དུའང་གྲུབ་པ་མེད་པའི་སྤྲོས་བྲལ་རྩལ་དུ་འདོད་༼ འདོན་དཔྱད། ༽ནས་སྟོབས་ཞུགས་ཀྱི་རིག་པས་འདོད་ཞེན་གྱི་ལྟ་རི་ཐམས་ཅད་འཇོམས་པ་ལ། མདོ་སྔགས་ཀྱི་ཁྱད་པར་བས་མཚམས་སྦྱོར་བཀའ་ཐ་མའི་སངས་རྒྱས་ཀྱི་རིག་ཁམས་སྟོན་པའི་ཤེས་རབ་དང་། བར་ཐ་ཟུང་དུ་འཇུག་པའི་ཀྲི་ཡོག་གཉིས་ཀྱང་། དོན་དམ་སྤྲོས་བྲལ་དབུ་མ་ཆེན་པོའི་རྫོགས་རིམ་ལ། ཀུན་རྫོབ་དབྱིངས་ཀྱི་ཡེ་ཤེས་པ་སོགས་ལ་རྗེ་ཁོལ་དང་སྤུན་གྱི་ཚུལ་དུ་བལྟས་ནས་བསྒྲུབས་པས། མཐར་ཐུག་གནས་འགྱུར་ལྕགས་ལ་གསེར་རྩི་ལྟར་དམིགས་པས་ལྟ་བ་ལ། རྣལ་འབྱོར་རྒྱུད་ཀྱིས་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་སུ་བསྒོམས་པས་འགྱུར་རུང་བར་མཐོང་བས་ན། རྒྱུ་འབྲས་ལྷུན་གྲུབ་ཏུ་ལྟ་བ་ནང་རྒྱུད་སྡེ་གསུམ་གྱི་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཟོད་མ་ནས་ལྷུན་གྱིས་གྲུབ་པར་མཐོང་བས་ལྟ་བ་དང་། དོན་དམ་མཉམ་པ་ཆེན་པོར་ཡེ་ནས་རྣམ་པར་གྲོལ་བས་ལྟ་བ། བསྐྱེད་རྫོགས་སྣང་སྟོང་དག་མཉམ་ཟུང་འཇུག་སླད་ཀྱི་རྒྱས་འདེབས་སུ་མ་ལུས་པས་བདག་ཉིད་ཆེན་པོ་ཉིད་དེ་རང་བྱུང་གི་ཡེ་ཤེས་སུ་གྲུབ་ཟིན་པའི་ཚུལ། ཡོངས་ཤེས་ཀྱི་རང་བཞིན་སྐུ་གཉིས་འདུས་བྱས་སུ་ལྟ་བ་ལས་འདས་ཀྱང་དེ་ཐམས་ཅད་ཀྱི་ཤེས་རབ་རྣམ་པར་གྲོལ་བའི་ཆ་ཐམས་ཅད་གོང་ནས་གོང་དུ་ཁྱད་པར་ཞུགས་པ་སྟེ། ཅིའི་ཕྱིར་ན་ཀུན་རྫོབ་ལ་ཅི་ཙམ་དག་པར་མཐོང་བ་ཡང་དག་པའི་བདེན་གཉིས་ཟུང་འཇུག་མཐོང་བ་ཡིན་ལ། ཅི་ཙམ་དུ་སྤངས་སྦྱང་གནས་འགྱུར་དུ་རྩོགས་པར་ལྟ་བ་ཡོད་རིང་ལ་ཟུང་འཇུག་གི་དོན་ལ་རྨོངས་པ་དོན་ལས་ཞུགས་པས་ན། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས་ལྷག་པའི་ལྟ་བ་མེད་པར་འདོད་པའང་ལྟ་དང་བལྟ་ཡུལ་མ་ཕྱེད་པར་ཆོས་ཀྱི་དབྱིངས་གཙོ་བོར་བཟུང་བས་དགོངས་པར་ངེས་སོ། །ཡང་ཉན་རང་གི་ཆོས་བདག་མེད་རྟོགས་པར་སྒྲུབ་པ་ནི་མི་རུང་སྟེ། དེ་ལྟ་ན་ཀླུ་སྒྲུབ་ཆེན་པོ་སོགས་ཀྱི་རྩོད་ལ་ཆགས་པར་མཛད་པ་ལས་མ་མཐོང་བས། རགས་པ་རང་བཞིན་མེད་པར་རྟོགས་པས་རྟོགས་བྱས་ཀྱང་རུང་ཙམ། ཕྲ་བ་མ་རྟོགས་པས་མ་རྟོགས་བྱས་པ་ལས། དོན་དུ་རྩོམ་གཞི་དེ་མ་རྟོགས་ན་དེས་བརྩོམས་པ་ལ་གནོད་ཀྱང་མེད་དེ་མ་འཕྲོད་ཙམ་ལས་ཚངས་བར་ཡོད་པས་རྟོགས་ལ། དཔེར་ན་རྩིད་པ་ཡོད་ཀྱང་རེ་ལྡེར་མ་ཚོགས་ཙམ་གྱི་ཆོས་བདག་མེད་མ་རྟོགས་པར་ཤེས་སོ། །ཡང་དུས་གསུམ་རྫས་གྲུབ་དང་ཐོབ་རྫས་ལ་སོགས་པ་དེ་དག་ཀྱང་དོན་དུ་ཆོས་བདག་ལས་ཀྱང་གདགས་གཞི་མེད་པ་ལ་འཛིན་པ་གཞིག་ཏུ་མེད་པའི་བཏགས་འཛིན་ཞིག་ལ་བློ་ཆགས་པས་དེ་ཡང་རང་བཞིན་མེད་པར་མ་རྟོགས་པས་ཕྲ་བའི་དངོས་འཛིན་ཡོད་པར་ཐེ་མི་ཚོམ། ཡང་རྡུལ་ཕྲན་དེ་འདྲ་ཡོད་མི་སྲིད་པས་ན་ཆོས་བདག་དོན་གྱིས་རྟོགས་སོ་ཞེས་ཐེག་ཆེན་ན་འབེབ་ཆུང་ངུ་ཁྲི་ཁར་འདོན་ཀྱང་གང་ཟག་མི་སྐྲག་པར་བྱེད་པའི་ཐབས་མཁས་ལས་དོན་དུ་གནས་པ་མིན་ཏེ། གལ་ཏེ་དེ་བདེན་ན་འཁོར་བའི་ཆོས་ཐམས་ཅད་དོན་ལ་མེད་པར་ཡེ་ནས་གནས་པའི་མཐའ་བྲལ་དབུ་མ་ཆེན་པོར་བས་ན། སེམས་ཅན་གྱིས་ཡོད་པར་བཟུང་ཡང་དཔྱད་ན་གཅིག་དུ་མར་ཡོད་མི་སྲིད་པས་ན་ཡང་བདག་མེད་རྟོགས་པ་དང་འདྲ་བར་ཐལ་ལོ། །དེ་ཡང་གྲུབ་ཏེ་རྡུལ་ཕྲན་ཡོད་པར་བཟུང་ཡང་ཡོད་མི་སྲིད་པའི་གོ་ཆོད་ན། རགས་པ་ཡོད་པར་བཟུང་ཡང་ཡོད་མི་སྲིད་པས་ཀྱང་ཅིའི་ཕྱིར་མ་ཡིན་ནོ། །རྒྱུ་མཚན་དུ་ཐབས་ཙམ་ཐེག་ཆེན་གྱི་འཕགས་ཆོས་སུ་བཀོད་པའང་བདག་ཉིད་ཆེན་པོའི་རྩ་བ་སོགས་ལས་ཀྱང་དེ་འབའ་ཞིག་ལས་གཞན་ཁྱད་པར་མེད་ན། སྤྱོད་པའི་སྒོ་མ་གཏོགས་པས་ལྟ་བའི་ཕྱོགས་ནས་ཀྱང་རྩོད་པ་ཅི་ལ་མཛད། ཡང་ང་ལ་ཁས་ལེན་མེད་པའི་ཕྱིར། །ང་ནི་སྐྱོན་མེད་ཁོ་ནའོ། །ཞེས་སོགས་བསམ་གྱིས་མི་ཁྱབ་པའི་དབུ་མའི་འཕགས་ཆོས་ཀྱང་ངག་འཁྱལ་ཙམ་ལས་ཀུན་ལ་ཡོད་པས་མཉམ་མོ། །དེ་ལྟ་བུའི་ཁས་ལེན་ཀུན་བྲལ་ཆེན་པོའི་རྟོགས་རིགས་མཉམ་ན། སྐད་ཅིག་དང་རྡུལ་ཕྲན་དུ་འཛིན་དོན་མེད་པས་དེ་ཡང་བྱེ་མདོ་སོགས་ཀྱི་ཅི་ཡང་མ་ཉེས་བཞིན་དབུ་སེམས་ཀྱི་རིག་པ་ཐམས་ཅད་གལ་འཛུག་འབའ་ཞིག་གི་ཆོས་སྤངས་ནི་སུས་ཀྱང་བསྐྱུར་འཚལ། ནས་དང་འབྲས་ཀྱི་འབྲུ་བཟུང་བ་དང་ཕྱེ་དང་རྩམ་པ་བཟུང་བ་ལ་ཡང་བདག་འཛིན་ཆེ་ཆུང་ཡོད་པར་ཐལ་ཏེ་ཕྲ་བས་སོ། །ཁྱད་པར་དུ་རྫོགས་ཆེན་གྱི་རྒྱུད་རྣམས་ལས་ཀྱང་མ་རྟོགས་པས་གསུངས་ཏེ་གསང་སྔགས་རྙིང་མ་ཞིག་ཡིན་ཕྱིན་ཆད་འདི་ལས་འགོང་བར་མི་རིག་པ་ཞིག་ནའང་དེང་སྐབས་བུ་ཚ་ངན་པས་ཕ་ཆུས་བཤིགས་པ་དག་ནི་དམ་ལ་འཁུ་བའི་དམ་དགྲ་བསྒྲལ་ཞིང་དུ་གྱུར་པའོ། །ཧ་ཧ། འདི་རང་ཕྲ་ཞིབ་ཚད་མས་མ་ཡིན་བཞིན། །ཅུང་ཟད་གྱིས་ནི་འཐད་པར་མ་མཐོང་བས། །རྒྱ་ཆེར་སྤྱོད་པ་ཙམ་དེ་སངས་རྒྱས་ཀྱི། །འགྲོ་བ་བོར་ནས་བཏང་སྙོམས་བཞག་གོ་སྐད། །

གཉིས་པ་ནི། དེ་དག་གི་བདག་མེད་ཕྱེད་དམ་གཉིས་སོགས་རྟོགས་པས་ཤེས་རབ་ཐམས་ཅད་རྫོགས་པ་ཆེན་པོའི་ཀ་དག་ཏུ་ཡར་ལྡན་དུ་འདུས་སོ། །དེ་ཡང་ཀ་དག་གི་རང་བཞིན་ལ་བདག་གཉིས་དང་སྤྲོས་པའི་དྲྭ་བ་ཐམས་ཅད་བྲལ་བ་དང་། རྡོ་རྗེ་ཐེག་པས་སྣང་བ་ལྷར་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་འདོད་པ་ཐམས་ཅད་ཀྱང་འདི་ལ་འདུས་པར་ཐག་བཅད་པ་སྟེ་ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་ལྔ་ཚན་ལྔ་ལ་སོགས་པས་ཡོན་ཏན་རང་བྱུང་རྫོགས་པ་ཆེན་པོར་མངོན་སུམ་དུ་སྟོན་པས་སོ། །དེ་སྐད་དུ་ཡང་ཀུན་བྱེད་ལས། ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་དང་། རང་ཤར་ལས། དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་ཕྲན་ཐམས་ཅད་འདུས་པ་བཞིན། །ཐེག་པ་རིམ་དགུར་བསྟན་པ་རྣམས། །རྫོགས་པ་ཆེན་པོ་ཉིད་དུའོ། །ཞེས་སོ། །

གཉིས་པ་ནི། དེ་ལྟ་བུའི་ཐེག་པ་དགུ་ལས་མཚན་ཉིད་པས་བདག་མེད་གཅིག་དང་། ཕྱེད་དང་། ཀུན་རྫོབ་ལྷའི་དཀྱིལ་འཁོར་དག་པ་ལ་རྨོངས་པ་དང་། ཕྱི་བས་ཀྱང་གནས་འགྱུར་འདོད་པས་ད་ལྟ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པ་ལ་རྨོངས་པ་དང་། ནང་པས་གཞི་དཀྱིལ་ལ་ངེས་པ་ཙམ་ཞིག་མཉམ་ཀྱང་སེམས་དང་བྲལ་བའི་སངས་རྒྱས་འབྲས་ཆོས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་རྗེན་ཅེར་དུ་ངོ་སྤྲད་མ་ནུས་པ་དང་། བདེན་གཉིས་ཀྱི་འཛིན་ཆ་ཕྲ་བ་ཡོད་པའི་རྫོགས་ཆེན་སེམས་ཀློང་གཉིས་དང་གསང་སྐོར་མན་ཆད་ཀྱང་འོད་གསལ་མངོན་སུམ་གྱི་དོན་ལ་རྨོངས་པ་སྟེ། འདིར་དེ་དག་ཐམས་ཅད་ཀྱི་བློ་སྐྱོན་ཆ་དང་བཅས་ཀ་ནས་དག་པས་སྤྲོས་བྲལ་ཚིག་ཕྱིར་ཤོར་བའི་ནེ་ཙོ་དང་འདྲ་བས་ཐེག་པ་གཞན་ལ་ཡོངས་སུ་རྫོགས་པའི་མཐར་ཐུག་གི་དོན་ཇི་བཞིན་པ་ནི་མེད་པར་ཤེས་ཏེ། རྩལ་རྫོགས་ལས་ཀྱང་རིམ་རྩོལ་བློ་ཡི་ཐེག་པ་རྣམས། །དཔྱད་ཀྱང་དོན་མེད་ནེ་ཙོ་འདྲ། །བཏང་སྙོམས་ལྟེང་བོའི་མུན་པར་འཁྱམས། །བལྟས་ཀྱང་ཕྱམ་ཆད་ཡལ་བར་འགྱུར། །ཞེས་དང་། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་ཁྱེར་སོ་དགུ །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡི་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་ཀུན་རྫོབ་རྣམ་པ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་ཤར་ཡང་། །ཐམས་ཅད་ཡེ་ཤེས་རོལ་བ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །ཞེས་སོ། །དེ་ལྟར་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། བློ་སྐྱོན་ཀ་ནས་དག་ཏུ་རྫོགས་པའང་སོ་སོར་རྒྱུད་ཀྱི་ངེས་པའི་སྟོན་ཚུལ་བསམ་མི་ཁྱབ་ཀྱང་ཟུར་དངོས་ཤུགས་ཀྱིས་སྟོན་པ་གཞུང་གཅིག་ཏུ་ཡི་གེ་ལ་འཇིགས་འབྲས་ཀྱིས་བསྡུས་ནས་བསྟན་པ། ཡེ་དག་བྱ་བྲལ་ཆོས་ཀྱི་སྐུར། །རྫོགས་ཆེན་ལྟ་བ་མ་ལུས་རྫོགས། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཨ་ནུའི་ལྟ་བ་མ་འདྲེས་རྫོགས། །སྣང་སྟོང་ཐབས་དང་ཤེས་རབ་གཉིས་སུ་མེད། །མ་ཧཱའི་ལྟ་བ་མ་འདྲེས་རྫོགས། །རིགས་ལྔའི་ལྷ་སུམ་ཅུ་རྩ་བདུན་སྐྱེ་འགགས་གཉིས་སུ་མེད་ཅིང་། །ཡང་ཀྲི་ཡོག་ལྟར་སྤུན་དང་གྲོགས་པོ་གཉིས་སུ་མེད་པས་ཀྱང་ཡོ་གའི་ལྟ་བ་མ་འདྲེས་རྫོགས། །མར་སྤྱོད་ཡར་ལྟའི་རྩེ་གཉིས་མེད། །ཀྱི་ལྟ་སྤྱོད་ཡ་ཆར་དུ་འགལ་བ་མེད་པས། ཨུ་པའི་ལྟ་བ་མ་འདྲེས་རྫོགས། །དག་གསུམ་རིགས་གསུམ་མགོན་གྱི་ལྷ་མེད་པས། །གདོད་མ་ནས་ཕྱི་དག་ནང་དག་ཐམས་ཅད་དག་པས་ཀྲ་ཡའི་ལྟ་བ་མ་འདྲེས་རྫོགས། །ཀུན་རྫོབ་དང་དོན་དམ་གྱི། བདེན་པ་གཉིས་སུ་ཐ་དད་དུ་ཡེ་ནས་མེད་པ་ལ་རྣལ་འབྱོར་བློའི་ཀྱང་གཉིས་སུ་མི་བལྟ་བས། །དབུ་མའི་ལྟ་བ་མ་འདྲེས་རྫོགས། །ཡེ་ནས་མ་གྲུབ་པས་ཡུལ་སེམས་གཉིས་སུ་མི་བལྟ་བས། །སེམས་ཙམ་ལྟ་བ་མ་འདྲེས་རྫོགས། །རྟེན་འབྲེལ་བཅུ་གཉིས་དང་རྣམ་པར་རིག་བྱེད་ཀྱི་འཛིན་པ་ཕྲ་བའང་ཡེ་ནས་མ་གྲུབ་པས་བློའི་གྲུབ་པར་མི་བལྟ་བས། རང་རྒྱལ་ལྟ་བ་མ་འདྲེས་རྫོགས། བདག་མེད་པའི་ཡུལ་རྡུལ་གྱི་གཟུང་འཛིན་ཕྲ་བ་སྟོང་ཉིད་དུ་མ་རྟོགས་ཤིང་གང་ཟག་གི་ཕྱོགས་ཆ་མི་འདོད་པས། །ཉན་ཐོས་ལྟ་བ་མ་འདྲེས་རྫོགས། །རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ་བའི་གཉིས་སུ་མ་ལྷུང་བས། །མུ་སྟེགས་ལྟ་བ་མ་འདྲེས་རྫོགས། །དེ་ལྟར་ཐེག་པ་གཞན་གྱི་བློ་སྐྱོན་ཡོད་པ་རྣམས་འདིས་བཅད་པས་གང་དུའང་མི་བལྟ་ལ། །དེ་དག་གི་རྟོགས་རིག་ཡོན་ཏན་གྱི་ཆ་རྣམས་གང་ཡང་མ་འདྲེས་པར་ཡར་ལྡན་གྱི་ཚུལ་དུ་འདིར་རྫོགས་ཤིང་། །འདྲེས་དང་མ་འདྲེས་རྫོགས་མ་རྫོགས། །གཉིས་ཀ་གཉིས་མེད་རང་གྲོལ་བས། །ཆོས་རྣམས་མ་འདྲེས་སྤྱི་ཏིར་རྫོགས། །ཞེས་སྒྲོན་མ་བརྩེགས་པ་དང་། སྣང་གསལ་སྤུ་གྲི་དང་། ཉི་ཟླ་འོད་འབར་སོགས་ལས་གསུངས། དེ་ལྟ་བུའི་བསྐྱེད་རྫོགས་སྣང་སྟོང་ཐབས་ཤེས་འདུ་འབྲལ་མེད་པར་མཐར་ཐུག་པའི་ཐོག་ཏུ་ལ་བཟླ་བར་བྱ་སྟེ། ཀུན་བྱེད་ལས། ཡོད་ན་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་རིམ་དགུར་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །ཞེས་སོ། །

གཉིས་པ་ཐབས་རྫོགས་པ་ཆེན་པོར་དེ་དག་གི་རྫུ་འཕྲུལ་འདུས་པར་ཐག་བཅད་པ་ལ། ལྷུན་གྲུབ་ཀྱི་ངོས་ནས་ཡོན་ཏན་རྫོགས་པར་དང་། ཀ་དག་གི་ངོས་ནས་ངོ་བོ་ལ་གྲུབ་པ་མེད་པར་ཐག་བཅད་པ་གཉིས། དང་པོ་ལ། ཕར་ཕྱིན་དང་རྡོ་རྗེའི་ཐེག་པའི་ཚུལ་གཉིས་ལས། དང་པོ་ལ། གང་རྫོགས་པས་རྫུ་འཕྲུལ་གྱི་ངོ་བོ་དང་། ཇི་ལྟར་རྫོགས་པའི་དབྱིངས་འཇལ་བ་གཉིས།

དང་པོ་ནི། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་སྡོམ་དང་དགེ་ཆོས་སྡུད་པ་ལ་འདུ་བ་ལྟར་བྱས་ནས་བྱང་ཆུབ་བསྒྲུབ་པའི་ཐབས་ཐམས་ཅད་ཕར་ཕྱིན་དྲུག་ཏུ་དབྱིངས་གཅིག་པས་དེ་དག་གཞི་སེམས་ཉིད་རང་གི་གནས་ལུགས་ཀྱི་ངོ་བོ་དང་། ལམ་རྣལ་འབྱོར་བ་མཉམ་བཞག་རྗེས་ཐོབ་ཀྱི་དགོངས་པ་ལ་ཡར་ལྡན་དུ་རྫོགས་པའོ། །

གཉིས་པ་ཇི་ལྟར་རྫོགས་པའི་ཚུལ་ནི། གཞི་ནས་རྫོགས་པ་སེམས་ཉིད་རྫུ་འཕྲུལ་ལྷུན་གྲུབ། ལམ་དུ་རྫོགས་པའི་ཏིང་འཛིན་རྫུ་འཕྲུལ་རྣམ་དག་གོ །

དང་པོ་ནི། རང་བྱུང་གི་ཡེ་ཤེས་ལ་དམིགས་འཛིན་གྱི་མཚན་མ་མེད་པར་ཡེ་ནས་གྲུབ་པས་སྦྱིན་པ། ཀ་ནས་དག་པས་རྣམ་རྟོག་ཉོན་མོངས་དྲི་བྲལ་གྱི་ཚུལ་ཁྲིམས། ཆོས་སྐུ་གདངས་དང་བྲལ་བས་རང་དུ་མ་གྲོལ་བ་མི་སྲིད་དེ། དེ་སླད་གཏད་འཛིན་གྱི་བསྒོམ་པས་རྒྱུ་མེད་པར་བཟོད་པ་རང་ལ་རྫོགས་པ་དང་། མི་བཟོད་པས་ཡུལ་འཆིང་བྱེད་རྣམ་པར་དག་པས་སླད་ནས་བཟློག་མི་དགོས་པས་སོ། །འབྲལ་མེད་བྱ་བྱེད་འབད་འདས་ཀྱི་རིག་པ་འགྱུར་བ་མི་གནས་པས་བརྩོན་འགྲུས། རིག་ཅིང་བསམ་དུ་བྲལ་བས་ཡོན་ཏན་རང་རྫོགས་པའི་བསམ་གཏན། ཤེས་རབ་ལུ་གུ་རྒྱུད་ཀྱི་ངོ་བོ་མངོན་སུམ་དུ་ཡོད་ཅིང་རང་བྱུང་གི་ཡེ་ཤེས་རྩལ་ཤེས་རབ་བཞི་ལ་སོགས་པ་ཆགས་ཐོགས་མེད་པར་རྫོགས་པས་ན་ཤེར་ཕྱིན། ཆོས་སྐུ་རང་རྫོགས་ཉོན་མོངས་པས་ཟིལ་གྱིས་མི་གནོན་པར་སླར་འཇོམས་པས་སྟོབས། སྐུ་གསུམ་འབྲས་བུའི་ངོ་བོར་གདོད་ནས་གྱུར་ཅིང་སླད་ནས་ཐོབ་ཏུ་རེ་བའི་མྱང་འདས་མཚན་ཞེན་མེད་པས་སྨོན་ལམ། རང་གནས་སྟོང་གསལ་འཛིན་པ་བྲལ་ཞིང་བྱིན་རླབས་ཁ་སྦྱོར་འདུ་འབྲལ་མེད་པས་ཡེ་ཤེས། སྣང་བ་རིག་པའི་དབང་དུ་འདུས་པས་ཐབས་ཀྱི་ཕར་ཕྱིན་འཇིག་རྟེན་ལས་འདས་པས་དགེ་བཅུ་དེ། བྱ་བྱེད་ཐབས་ཀྱི་སྒོ་ཐམས་ཅད་རྫོགས་པ་ནི། ཕྲེང་བ་རིན་པོ་ཆེ་ལས། །རིག་པའི་ངོ་བོ་དམིགས་མེད་པས། །བཏང་བཞག་མེད་པའི་སྦྱིན་པ་རྫོགས། །རང་རིག་རྣམ་རྟོག་དྲི་མེད་པས། །མ་སྒྲིབ་ཚུལ་ཁྲིམས་རང་ལུས་ཡིན། །ཆོས་སྐུ་གདངས་དང་བྲལ་བའི་ཕྱིར། །བསྒོམས་པས་རྒྱུ་མེད་བཟོད་པ་ཉིད། །འབྲལ་མ་མྱོང་བས་རིག་པ་ལ། །འགྱུར་བ་མེད་པའི་བརྩོན་འགྲུས་སོ། །ཡེ་ནས་རིག་ཅིང་བསམ་བྲལ་བས། །ཡོན་ཏན་རང་རྫོགས་བསམ་གཏན་ཉིད། །ལུ་གུ་རྒྱུད་དུ་ཐོག་མེད་པས། །ཐོག་མེད་གསལ་བའི་རིག་པ་ཉིད། །ཟིལ་གྱིས་མི་ནོན་རིག་པ་ལ། །ཆོས་སྐུ་རང་རྫོགས་སྟོབས་དང་ལྡན། །ཡེ་ནས་རང་བཞིན་ལྷུན་གྲུབ་པས། །མ་བཏབ་རང་རྫོགས་སྨོན་ལམ་ཉིད། །སྟོང་བའི་ཡེ་ཤེས་རང་གནས་པས། །འཛིན་མེད་གསལ་བའི་ཡེ་ཤེས་རང་། །རིག་པའི་ཡེ་ཤེས་དབང་བསྒྱུར་བས། །སེམས་ཉིད་སྟོང་པའི་ཐབས་དང་ལྡན། །ཞེས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་གཞི་ལྷུན་གྱིས་གྲུབ་པ་ལ་རྫོགས་པར་ཐག་ཆོད་པའི་ངང་དུ་མཉམ་པར་བཞག་གོ །འདི་མན་ལྡིང་མ་སྙིང་ཐིག་གི་རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས་སོ། །

གཉིས་པ་ལམ་དུ་རྫོགས་པ་ཏིང་འཛིན་རྫུ་འཕྲུལ་རྣམ་དག་ལ༔ གཙོ་ཆེར་མཉམ་བཞག་ཏུ་ལ་བཟླ་བ་དང་༔ མཉམ་རྗེས་ཟུང་འཇུག་ཏུ་ཐོག་གཏོད་པའི་ཚུལ་ལོ༔ དང་པོ་ནི༔ རྣལ་འབྱོར་བས་མཉམ་བཞག་ཡེངས་མེད་ཀྱི་དགོངས་པའི་ངོ་བོ་ལ་བརྩི་བ་སྟེ༔ རྟེན་དང་དམིགས་པ་གང་ལའང་འཛིན་ཆགས་མེད་པ་སྦྱིན་པ༔ ཉོན་མོངས་རྣམ་རྟོག་ལས་དང་བཅས་གྲོལ་བས་ཚུལ་ཁྲིམས༔ སྣང་བ་མ་འགགས་པར་མཁྱེན་ཀྱང་རྟོག་ཞེན་མེད་པར་ཡུལ་གྱི་མི་གཡོ་བས་བཟོད་པ༔ བླ་མས་ངོ་སྤྲད་ཅིང་རང་གི་རྟོགས་པས་ཡེ་ཤེས་དེའི་དོན་ལ་ཡིན་ནམ་མ་ཡིན་སྙམ་དུ་སོམ་ཉི་སྤངས་བས་བརྩོན་འགྲུས༔ ཐུན་མཚམས་མེད་པའི་བསམ་གཏན་ནི་རྟོག་པས་བར་མ་ཆོད་པའི་དོན་རང་བྱུང་སྒྲོན་མའི་སྐུ་ལྷག་མཐོང་གི་ཤེས་རབ་མངོན་པར་སྣང་བ༔ ཡུལ་སེམས་རང་རྒྱས་ཐེབས་པས་ཐབས༔ རྒྱས་འདེབས་ཏིང་འཛིན་གྱི་ཆེད་དུ་མ་བཀག་ཀྱང་བློའི་མདུན་ན་མི་གནས་པར་ཞི་བས་ཞེ་འདོད་བྲལ་བའི་སྨོན་ལམ༔ ཡིན་སྙམ་དང་ཡིད་དཔྱོད་ཀྱི་དམིགས་པ་མེད་པའི་ཡེ་ཤེས༔ མེད་དོ་སྙམ་པ་ལྟ་བུའི་སོགས་བཟའ་གཏད་མེད་པའི་སྟོབས་ཀྱི་སངས་རྒྱས་ཀྱི་སྐུ་ལ་འཇུག་པ་སྟེ༔ རང་བྱུང་གི་ཆོས་སྐུ་ལྷུན་གྲུབ་ཆེན་པོར་འབྱམས་ཀླས་པའི་དོན་དུ༔ དེ་ཉིད་རྩལ་རྫོགས་ལས༔ འཛིན་ཆགས་མེད་པའི་སྦྱིན་པ་ཡུལ་ལས་འདས༔ དྲི་མ་མེད་པའི་ཚུལ་ཁྲིམས་རྣམ་པར་དག༔ རྟོག་ཞེན་མེད་པའི་བཟོད་པ་ཡུལ་ལས་འདས༔ སོམས་༼ སོམ་དཔྱད། ༽ཉི་སྤངས་བས་བརྩོན་འགྲུས་ངང་ལས་འབྱུང་༔ ཐུན་མཚམས་མེད་པས་བསམ་བཏན་སྣང་མཐའ་ཡས༔ མངོན་སྣང་སྐུ་ཡིན་ཤེས་རབ་ཕ་རོལ་ཕྱིན༔ ཡུལ་དང་སེམས་མེད་ཐབས་ཀྱི་ངང་ལ་གནས༔ ཞེ་འདོད་བྲལ་བའི་སྨོན་ལམ་རང་ལ་རྙེད༔ དམིགས་པ་མེད་པའི་ཡེ་ཤེས་ཕ་རོལ་ཕྱིན༔ བཟའ་གཏད་མེད་པའི་སྟོབས་ལ་རྣམ་པར་གནས༔ བྱ་བྲལ་རྫོགས་པས་ས་ལ་ཀུན་ཏུ་ཆུབ༔ ཞེས་སོ༔

གཉིས་པ་མཉམ་རྗེས་ཟུང་འཇུག་ཏུ་ཐོག་གཏོད་པའི་འགགས་བསྡམ་པ་ནི༔ འཁོར་བའི་ཞེན་ཆགས་ཐོང་བ༔ གྲོགས་མེད་གཅིག་པུར་འདུག་པ༔ སྣང་བ་ཐད་ཀར་རང་གྲོལ་དུ་ཆོད་པ༔ རྟོག་མེད་རང་བྱུང་ཆེན་པོར་ཅི་གནས་སུ་བཞག་པས་མཉམ་རྗེས་ཀྱི་ཉམས་ལེན་བསྲེ་བ་དང་༔ སྣང་བ་ཅོག་བཞག་མཉམ་པའི་ངོ་བོ་ལ་གནས་པ༔ རིག་གསལ་ཆོས་སྐུ་སྣང་སྟོང་དབྱིངས་ཡེ་མཉམ་གདལ་དུ་དག་པ༔ སྣང་བ་རེས་འཇོག་སྤངས་ལེན་བྲལ་དུ་དང་༔ རིག་པ་ཅོག་བཞག་ཆེན་པོ༔ ཏིང་འཛིན་རྒྱས་འདེབས༔ རྐྱེན་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་གསལ་སྟོང་ཆེན་པོ་འགགས་བཅིང་བ་སྟེ༔ དེ་ལྟར་ཡང་༔ དེ་ཉིད་ལས༔ ཤེས་རབ་ཕ་རོལ་ཕྱིན་པའི་མཐའ༔ རིག་གསལ་ཆོས་ཀྱི་སྐུ་ལ་འདུས༔ བསམ་གཏན་ཕ་རོལ་ཕྱིན་པའི་མཐའ༔ སྒྲོན་མ་ཅོག་བཞག་ཉིད་ལ་འདུས༔ བརྩོན་འགྲུས་ཕ་རོལ་ཕྱིན་པའི་མཐའ༔ རྟོག་མེད་རང་བྱུང་དོན་ལ་འདུས༔ བཟོད་པས་ཕ་རོལ་ཕྱིན་པའི་མཐའ༔ སྣང་བ་ཐད་ཀར་ཆོད་ལ་འདུས༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ༔ གྲོགས་མེད་གཅིག་པུར་འདུག་ལ་འདུས༔ སྦྱིན་པས་ཕ་རོལ་ཕྱིན་པའི་མཐའ༔ འཁོར་བའི་འཛིན་ཆགས་ཆོད་ལ་འདུས༔ སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ༔ སྣང་བ་རེས་འཇོག་མེད་ལ་འདུས༔ ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ༔ རིག་པ་ཅོག་བཞག་ཉིད་ལ་འདུས༔ སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ༔ འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས༔ ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ༔ རྐྱེན་དང་བྲལ་བས་སྣང་བར་འདུས༔ ཞེས་སོ༔ དེ་ལྟར་ཕར་ཕྱིན་གསུམ་པོ་དེ་ཡང་མཉམ་བཞག་རྗེས་ཐོབ་ཟུང་འཇུག་ཏུའམ༔ ཡང་གཞི་ལམ་འབྲས་གསུམ་དང་༔ ལྟ་བསྒོམ་སྤྱོད་གསུམ་དབང་བཙན་གྱི་སྦྱར་ཚུལ་སྣ་ཚོགས་ཡོད་པར་གསུངས་ཀྱང་༔ འདིར་སྔ་ཕྱི་གཉིས་ལྟར་སྦྱོར་བའོ༔ ཡང་གཞི་རྐྱང་བས་ངོ་བོ་རང་བཞིན་ཐུགས་རྗེ་ལ་སྦྱར་ཚུལ་ཀྱང་མཐོང་ངོ་༔ རྩལ་རྫོགས་ཆེན་པོ་ལས༔ དེ་ལྟར་ཕ་རོལ་ཕྱིན་པའི་དོན༔ རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ༔ ཞེས་དང་༔ ཕྲེང་བ་ལས༔ འདི་ལྟ་བ་ཡི་སྣང་བ་ནི༔ ཆོས་ཉིད་རྣམ་པར་བརྟགས་པར་བྱ༔ ཞེས་སོ༔

གཉིས་པ༔ རྡོ་རྗེ་ཐེག་པའི་རྫུ་འཕྲུལ་གྱི་སྤྱོད་པ་རྫོགས་ཚུལ་ལ༔ སྤྱོད་པས་མཐའ་བཅུའི་དང་༔ དེ་ཉིད་ཀྱི་ནོ་པི་ཀའི་དང་༔ དེའི་ཤེས་ཤིང་རྒྱས་ཐོབ་ཀྱི་རྒྱུད་གསུམ་དང་༔ ཞར་ལ་འཇིག་རྟེན་པའི་ལམ་རྫོགས་ཚུལ་ལོ༔ དང་པོ་ལ༔ བསྡུས་ཏེ་སྤྱིར༔ རྒྱས་པར་བྱེ་བྲག་ཏུ་འཆད་པའོ༔

དང་པོ་ནི༔ སྤྱིར་ཕར་ཐེག་གྱི་གཞི་ལམ་འབྲས་གསུམ་ཐམས་ཅད་རྡོ་རྗེ་ཐེག་པར་ཡར་ལྡན་དུ་རྣམ་པར་དག་ཅིང་འུབ་ཆུབ་པ་ལ༔ ཁྱད་པར་སྤྱོད་པ་ཕྱིན་དྲུག་གིས་བསྡུས་པའི་རང་བཞིན་ཐམས་ཅད་པ་སྔགས་ཀྱི་བསླབས་པའི་མཐའ་བཅུར་རྫོགས་པ་སྟེ༔ དེའི་ཚུལ་ཡེ་ཤེས་རྔམས་གློག་དང་༔ མདོ་ཆེན་པོ་བདུན་དུ་ཞིབ་པར་གསལ་བས་ན༔ ད་ལྟ་བཤད་སྲོལ་མ་ནུབ་པར་ཁྱབ་བརྡལ་དུ་གྲགས་ཆེ་བ་གསང་བའི་སྙིང་པོ་ལས་དགོངས་པ་གཅིག་པར་རྒྱུད་ཀྱི་ལྡང་ཚད་བཅུར་གསུངས་པ༔ ལྟ་བ༔ ཏིང་འཛིན༔ སྤྱོད་པ༔ དཀྱིལ་འཁོར༔ དབང་༔ དམ་ཚིག༔ བསྒྲུབ་པ༔ མཆོད་པ༔ ཕྲིན་ལས༔ ཕྱག་རྒྱ་སྔགས་ཟུང་གཅིག་ཏུ་སྡེབ་པས་གྲུབ་པར་བསླབས་པ་དེ་དང་༔ ངོ་བོ་མི་གཞན་དུ་ནི༔ ཤེས་རབ༔ བསམ་གཏན༔ བཟོད་པ༔ ཡེ་ཤེས༔ སྟོབས༔ ཚུལ་ཁྲིམས༔ བརྩོན་འགྲུས༔ སྦྱིན་པ༔ སྨོན་ལམ༔ ཐབས་ཀྱི་ཕ་རོལ་ཕྱིན་པ་རབ་ཏུ་ཡོངས་སུ་སྟོབས་ཤུགས་རྣམ་པས་མི་དམན་པར་ལྷུན་གྱིས་གྲུབ་པའོ༔ དེ་ལྟར་རྡོ་རྗེའི་ཐེག་པའི་རྫུ་འཕྲུལ་དེ་དག་ཀྱང་རང་བཞིན་ཐེག་མཆོག་རྒྱལ་པོ་འདིར་མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བར་ཡེ་བདེ་ཆོས་ཉིད་ཀྱི་ཀློང་ན་བློ་བདེ་གུ་ཡངས་ཡན་པའི་རྣལ་འབྱོར་གྱི་སྐལ་བར་ཆོས་ཀྱི་རྒྱུན་ལ་གནས་པ་དང་༔ ཆོས་ཟད་ཆོས་བོར༔ ཆོས་ལས་འདས་པ་བཞིའི་རིམ་པས་ཐོབ་པའི་ཚུལ་སྤྲོས་ན་མཐའ་ཡས་ཀྱང་དོན་དུ་གཞི་ལམ་འབྲས་བུ་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་ཟླུམ་ཟིན་པར་འགག་བསྡམ་མོ༔ དེ་སྐད་དུ་ཡང་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས༔ དེ་ཉིད་རྟོགས་པའི་ཡོན་ཏན་ནི༔ སེམས་བསྐྱེད་གོང་འོག་རྣམ་པ་དང་༔ ཞི་གནས་ལྷག་མཐོང་རྫོགས་པ་ཡི༔ ཕ་རོལ་ཕྱིན་བཅུ་དབང་ལ་སོགས༔ སྔགས་ཀྱི་མཛད་སྤྱོད་ཐམས་ཅད་རྫོགས༔ ཞེས་དང་༔ ནམ་མཁའ་ཀློང་ཡང་ལས༔ དེ་བཞིན་དོན་འདི་རྟོགས་པ་ཡི༔ ཕ་རོལ་ཕྱིན་བཅུ་དབང་རྣམས་ཀྱང༔ རང་བཞིན་མ་བཅོས་ལྷུན་གྱིས་གྲུབ༔ ཅེས་སོ༔

གཉིས་པ་རྒྱས་པར་བྱེ་བྲག་ཏུ་བཤད་པ་ལ་རྣམ་གྲངས་བཅུ་ལས༔ དང་པོ་ལྟ་བ་ནི༔ འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ངོ་བོ་རྣམ་དག་སྟོང་མཉམ་ལྷག་པའི་དོན་དམ་༔ དེའི་རང་མདངས་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་མ་བཙལ་ཡེ་ནས་སངས་རྒྱས་པ་སྟོན་པའི་ཡང་དག་གི་ཚད་མ་མཁྱེན་གཉིས་ཟུང་འཇུག་གི་རྙེད་དོན་བདེན་པ་ཐ་དད་དབྱེར་མེད་ཆོས་སྐུ་ཆེན་པོ་ཉིད༔ སྔགས་ཕྱི་ནང་ལ་ངེས་པར་དད་པའི་རྗེས་སུ་འབྲང་ཙམ་དུ་མོས་སྤྱོད་ལ་གནས་ཤིང་སྨོན་ལམ་དེ་ལ་བྱས་ནས༔ ཐབས་ཀྱི་རྣམ་པ་འབད་རྩོལ་སྦྱངས་བསྒྱུར་གྱི་ས་ལས་དཔག་མ་ནུས་ཀྱང༔ འདིར་བླ་མས་དུས་ཐབས་བསྟན་པས་དཔྱད་ལས་འདས་པའི་ཡེ་ཤེས་རང་རིག་གི་ཚུལ་དུ་མངོན་སུམ་གྱུར་བའི་ངང་སྨོན་ལམ་གྲུབ་པས་མོས་སྤྱོད་ལས་འདས་པ་ལ་མཐར་ཐུག་གོ༔ ཕྲེང་བ་ལས༔ འཁོར་འདས་གཉིས་ནི་གཞིར་རྫོགས་ནས༔ རིག་སྟོང་རང་གྲོལ་ལྟ་བ་ཆེ༔ ཞེས་སོ༔ གཉིས་པ་ཏིང་ངེ་འཛིན་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཡེ་ཤེས་ཟིན་པའི༔ སྐུ་གསུམ་མ་བསྐྱེད་ཡེ་རྫོགས་ཆེན་པོ་ལ༔ བསམ་པའི་བློས་འཛིན་སྟངས་རང་སངས་སྟོང་ཉིད་དུ་ཡེ་འབྱམས་པས་རྫོགས་པའི་ཏིང་འཛིན་ཏེ༔ དེ་ཉིད་ལས༔ སྐུ་གསུམ་མ་བསྐྱེད་ཡེ་རྫོགས་པས༔ བསྐྱེད་པའི་རིམ་པ་རང་བྱུང་བའོ༔ ཞེས་དང་༔ བསམ་པས་ཆོས་ཉིད་སྟོང་སངས་པས༔ རྫོགས་པའི་ཏིང་འཛིན་བསྒོམ་དུ་མེད༔ ཅེས་སོ༔ དེ་བས་ན་ཏིང་ངེ་འཛིན་རང་རྫོགས་ཆེན་པོའི་རྣལ་འབྱོར་དུ་བྱེད་པར་འགགས་བསྡམ་མོ༔ གསུམ་པ་ཚུལ་ཁྲིམས་སྤྱོད་པའི་ཕར་ཕྱིན་ནི་འོག་ཏུ་རྒྱས་པར་འཆད་ཀྱང་འདིར་མཉམ་བཞག་རང་སོའི་ངང་ལ་མ་ཡེངས་བས་སྣང་བ་ལ་དགགས་སྒྲུབ་སྤངས་བླང་མེད་པར་མ་བཅོས་རང་བྱུང་གི་སྤྱོད་པའི་སྣང་སྤྱོད་ཆོས་ཉིད་དུ་ལ་དོར་བས་གྲོགས་སུ་རྗེས་ཐོབ་ཀུན་ཏུ་བཟང་པོར་རང་ཤར་བ་ལ་ཐབས་གྲོལ་གྱི་སྤྱོད་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་མཐར་ཐུག་པ་སྟེ༔ དེ་ཉིད་ལས༔ སྣང་བ་རྣམས་ནི་ཅེར་བཞག་པས༔ མ་བཅོས་རང་བྱུང་སྤྱོད་པ་ཆེ༔ ཞེས་སོ༔ གཞན་དུ་མཚན་མའི་སྤྱོད་པ་ཐམས་ཅད་སྒོ་གསུམ་བཟང་འཁྲུལ་ངན་འཁྲུལ་གྱི་གཡེང་བའི་རྗེས་ལ་དག་གྲོལ་ངེས་འབྱིན་དུ་ལྟ་བར་སོང་བས་མཐར་ཐུག་གི་གདེངས་མེད་པར་བུད་དོ༔ དེའི་ཕྱིར་ཚུལ་ཁྲིམས་ནི་བདུད་ཀྱི་ལས་སོ༔ ཞེས་སོ༔ དེ་ཡང་རང་བཞིན་གྱི་དཀྱིལ་འཁོར་རང་ལ་ཡོད་པ་ལ་གཞན་དུ་རྩོལ་བས་སྒྲུབ་པ་ནི༔ རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ༔ བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན༔ ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད༔ ཅེས་པས་ལྟ་སྤྱོད་འཛོལ་བས་མི་འགྲུབ་པས་སྔགས་ནང་བ་རྣམས་ཀྱི་དག་མཉམ་གྱི་དགོངས་སྤྱོད་ཟབ་མོའི་ཉམས་དང་བསྟུན་པས་ཤ་ལྔ་བདུད་རྩི་སོགས་ལོངས་སྤྱོད་པ་དག་ཀྱང་གནས་ལུགས་མཐར་ཐུག་གི་དོན་དང་༔ བྱ་རྩོལ་ཐོག་འགེལ་གྱི་མཐའ་ལ་གནས་པས་ཅུང་ཟད་འཛོལ་བས་ན་རྩོལ་མེད་རང་བཞག་གི་དགོངས་ཀློང་ཆེན་པོ་ལས་མི་འདའ་བ་ནི་མཆོག་ཏུ་གྱུར་པ་སྟེ༔ འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལས༔ རྩོལ་བས་སྡུག་བསྔལ་ཆོས་ཡིན་ཀྱང་༔ ཆོས་ལ་གནས་པར་མི་བྱའོ༔ བདེ་བ་ཆེན་པོའི་སྐུ་མངའ་བས༔ མ་བརྩལ་བཞག་ན་རྡོ་རྗེའི་སྐུ༔ འགྱུར་བ་མེད་པའི་སྐུ་མངའ་བས༔ བྱ་བཙལ་མེད་ན་ཡེ་ཤེས་སྐུ༔ སྣ་ཚོགས་དག་པའི་སྐུ་མངའ་བས༔ མ་བཀག་བཞག་ན་རང་བྱུང་སྐུ༔ ཞེས་སོ༔ ཆོས་ཉིད་བྱ་རྩོལ་ལས་འདས་པས་གནད་དུ་ཟིན་པའོ༔ དཀྱིལ་འཁོར་ལ་ཕྱི་ནང་གསང་བ་གསུམ་དུ་མཚོན་པར་བརྡའ༔ དམ་ཚིག །ཏིང་འཛིན༔ རང་བཞིན་གྲུབ་པའི་དཀྱིལ་འཁོར་གསུམ་ལས༔ འདི་ཕྱི་མ་སྟེ་ཆོས་ལོངས་སྤྲུལ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི༔ རི་བོ་བརྩེགས་པར༔ གདོད་ནས་ཀུན་སྣང་ཡེ་ཤེས་འདི༔ སུས་ཀྱང་མ་བྱས་རང་བྱུང་སྟེ༔ ཐམས་ཅད་འབྱུང་བའི་རྩ་བ་ནི༔ རང་ལས་བྱུང་བས་དཀྱིལ་འཁོར་རྫོགས༔ ཞེས་དང་༔ རང་ཤར་ལས༔ སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི༔ ཀ་དག་ཆེན་པོའི་དཀྱིལ་འཁོར་རོ༔ ཞེས་དང་༔ ཐིག་ལེ་ཀུན་གསལ་ལས༔ རང་བཞིན་གྲུབ་པས་དཀྱིལ་འཁོར་ནི༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན༔ རིག་པ་དཀྱིལ་ལ་ཡེ་ཤེས་འཁོར༔ ཆོས་སྐུའི་ངོ་བོ་ངེས་ཚིག་གོ༔ ཞེས་པ་སྟེ༔ དེ་སླད་དཀྱིལ་འཁོར་ཐམས་ཅད་ཆོས་སྐུའི་ཡེ་ཤེས་ཀྱི་ངོ་བོ་དང་རྩལ་དང་རོལ་པས་འགགས་བསྡམ་ནས་ཐག་བཅད་དེ་ངང་ལས་མི་གཡོ་བར་འདུས་ཏེ༔ གཞི་དཀྱིལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ༔ ལམ་དཀྱིལ་མི་གཡོ་མཉམ་བཞག་གི་མི་བསྒོམ་ལ་མ་ཡེངས་པས༔ རླུང་སེམས་མཐའ་དག་གི་དག་པ་འབྲས་བུའི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོའོ༔ འཕགས་ཆོས་ནི་འདྲ་བ་དང་དངོས་ལམ་བྱེད་ཀྱི་ཁྱད་པར་ཡིན་པས་ནོར་བུ་ཐོབ་ཏུ་རེ་ནས་རང་ལ་ཡོད་པར་གསོལ་བ་མི་འདེབས་ཤིང་བསྒོམ་པ་དང་མི་འདྲ་བའོ༔ དབང་ནི་རྣམ་པས་བཞི་སོགས་མང་དུ་ཡོད་ཀྱང་བསྡུ་ན་རང་བཞིན་གཞི་ལ་རྫོགས་ཚུལ་ནི་རང་བྱུང་གི་རིག་པ་འཁོར་འདས་ཀུན་ལ་དབང་བསྒྱུར་བ་དང་༔ ལམ་རྣལ་འབྱོར་བས་ཉམས་སུ་བླངས་བས་ཚད་ལ་ཕེབས་པའི་སྟོབས་ཀྱིས་དེ་ལྟར་མངོན་དུ་གྱུར་བས་དངོས་ནུས་ཆོམ་པ་དང་༔ གཞན་ཡང་དགོངས་བརྡའ་སྙན་ཁུང་རིམ་པས་བབས་པ་དང་༔ དབང་གི་དངོས་པོ་ལ་སོགས་རྒྱུད་ལས་གསུངས་པ་ནི༔ ཐིག་ལེ་ཀུན་གསལ་ལས༔ དབང་གི་ངེས་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མངའ་མཛད་ཅིང་དབང་བསྒྱུར་བས་ནའོ་གསུངས༔ ཡང་༔ དབང་ལ་རྣམ་པ་གསུམ་དུ་བསྟན༔ གཞི་ལ་རྫོགས་ཚུལ་བསྟན་པ་དང་༔ རིམ་པས་བབས་ལུགས་བསྟན་པ་དང་༔ དབང་གི་དངོས་པོས་བསྟན་པའོ༔ ཞེས་དང་༔ ཕྲེང་བ་ལས༔ རིག་པའི་རྩལ་དབང་གཞིར་གནས་པས༔ རྫས་ནི་མི་དགོས་དབང་བསྐུར་རྫོགས༔ ཞེས་སོ༔ དེ་ལྟར་ཉིད་ལས་མི་གཞན་པ༔ ཐུགས་རྗེ་རང་བྱུང་བ༔ ཡེ་གནས་ཆེན་པོའི་དཔའ་བོ་འབྲུ་ལྔ་སྟེ་ཆུ་བོ་ཐམས་ཅད་རྫོགས་པར་ཐག་བཅད་དོ༔ དེ་སྐད་དུ་ཉི་ཟླའི་སྙིང་པོ་ལས༔ བྱ་རྩོལ་ཞེ་འདོད་དབང་བསྐུར་མ་བྱས་པར༔ སྙིང་པོ་ཀློང་ཡངས་ཆོས་ཉིད་དཀྱིལ་འཁོར་ནི༔ སྔོན་ཐོག་སྤྱི་ཕུད་ལྷ་ཆེན་ཀ་དག་བཞུགས༔བུམ་སོགས་རྫས་ཀྱི་དབང་རྣམས་མ་བསྐུར་བར༔ རང་དབང་རང་གིས་ཐོབ་པའི་དབང་གི་མཆོག༔ དངོས་མེད་དངོས་གྲུབ་ཐོབ་པ་ངོ་མཚར་ཆེ༔ ཐོག་མའི་སོ་མ་སྙིང་པོའི་དོན་རྟོགས་ནས༔ ཞེ་འདོད་དབང་བསྐུར་མ་བྱས་ཆོས་སྐུ་ཐོབ༔ ཞེས་སོ༔ དམ་ཚིག་ལ་བསྲུང་དུ་ཡོད་མེད་ལས་ཁྱད་པར་བ་བསྲུང་མེད་མཉམ་བཞག་དུ་གཙོ་བོར་སྟོན་པས་དམ་ཚིག་གི་རྒྱལ་པོ༔ ཐེག་བརྒྱད་བཅོས་མའི་དམ་ཚིག་བསྲུང་བྲལ་ལས་འདས་པའི་མེད་པ༔ སྒོ་གསུམ་ཡན་པ་བསྒྱུར་བཀོད་མི་གནས་པར་ཆམ་གདལ་བའི་ཕྱལ་བ༔ རང་རིག་གཅིག་པ་སྤྲོས་འདས་ཆེན་པོའི་ཕྱག་རྒྱས་མ་ཐེབས་པ་མེད་པའི་ཡེ་བསྲུང་གཅིག་པའི་དམ་ཚིག༔ བྱར་མེད་མི་སྲུང་ཡེ་གྲོལ་དུ་གནས་པས་ལྷུན་གྱིས་གྲུབ་པ་སྟེ༔ གཞན་གྱི་དམ་ཚིག་བསྲུང་ཞིང་རྩོལ་བས་འཆར་བ་ལ༔ འདིར་ཡེ་ནས་ལྷུན་གྲུབ་འདའ་ཉམས་བྲལ་བའི་གདེང་གིས་འགྲོ་བས་ཡར་ལྡན་དུ་རྣམ་པར་དག་སྟེ༔ དེ་ཉིད་ལས༔ ཐེག་བརྒྱད་བཅོས་མའི་དམ་ཚིག་གྲངས༔ མི་བསྲུང་བས་ན་མེད་ཅེས་བྱ༔ རང་གི་སྒོ་གསུམ་ཡངས་བས་ན༔ ཕྱལ་བ་ཞེས་སུ་བཏགས་པ་ཡིན༔ བསྲུང་དུ་མེད་པའི་དམ་ཚིག་ལ༔ འདའ་མི་སྲིད་པའི་བསྲུང་ཐབས་ནི༔ རང་རིག་ཡེ་ཤེས་གཅིག་པུ་བས༔ གཅིག་པུ་ཞེས་སུ་བསྟན་པ་ཡིན༔ བྱ་བཙལ་མེད་པར་ཡེ་བསྲུང་བས༔ ལྷུན་གྲུབ་ཞེས་སུ་བཏགས་པ་ཡིན༔ ཞེས་སོ༔ སྒྲུབ་པ་ལ་ཐུན་མཆོག་གཉིས་ལས༔ འདིར་གཉིས་ཀ་ངོ་བོ་དང་རང་རྩལ་གྱི་ཚུལ་དུ་གྲུབ་པོ༔ སྒྲུབ་ཚུལ་ནི་བསྙེན་སྒྲུབ་ཡན་ལག་བཞི་སྟེ༔ བླ་མས་ངོ་སྤྲད་དེ་རང་རིག་པའི་ཡེ་ཤེས་གཏན་ལ་ཕེབ་ནས་ཉམས་སུ་མྱོང་བ་བསྙེན་པ༔ ལམ་བསྒོམ་པ་ལ་གནས་པ་ཉེ་བསྙེན༔ ལམ་དེ་གདེངས་སུ་ཐོབ་པས་རང་གྲོལ་ཚད་དུ་ཕེབ་པ་བསྒྲུབ་པ༔ ལམ་འབྲས་མཐར་ཕྱིན་སྒྲིབ་པ་ཆེན་པོ༔ དེ་ལྟ་བུ་ལ་སྒྲུབ་པ་ཐམས་ཅད་འདུས་ཏེ་ཆོས་ཉིད་དོན་གྱི་ལྷ་སྒྲུབ་པ་དང་༔ སྣང་བ་དབང་བསྒྱུར་གྱི་ནུས་པ་ཐོབ་པས་སོ༔ སྔ་མ་ལས༔ ལྟ་བ་རང་རིག་ཡེ་ཤེས་ཏེ༔ ངོ་སྤྲོད་བཞི་ཡི་གཏན་ལ་ཕེབས༔ རང་གི་མཚན་ཉིད་ཉམས་སུ་མྱོང་༔ དེ་ནི་བསྙེན་པའི་དོན་དུ་བསྟན༔ ལམ་ལ་གནས་པ་ཉེ་བསྙེན་པའོ༔ ལམ་གྲོལ་གྱུར་པ་སྒྲུབ་པའོ༔ ལམ་གྱི་འབྲས་བུ་མཐར་ཕྱིནཔ༔ སྒྲུབ་པ་ཆེན་པོར་གྱུར་པའོ༔ ཞེས་སོ༔ མཆོད་པ་ནི༔ དབྱིངས་ལ་ཡེ་ཤེས་ཤར་ཏེ་དབྱིངས་ཡེ་གཉིས་མེད་དུ་མངོན་དུ་གྱུར་བས་འོད་གསལ་མ་བུ་འདྲེས་པ་དང་གཟོད་ནས་དབྱིངས་ཡེ་གཉིས་མེད་ཆེན་པོ་ནི་གཉིས་མེད་ཡེ་ཤེས་ཀྱི་མཆོད་པ༔ རང་བཞིན་གསལ་བའི་ཡེ་ཤེས་སུ་ཞི་བ་བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ་པ་ཡེ་ཤེས་ལྔའི་ཐུགས་སུ་མཉམ་པར་རོལ་བ༔ མ་འགགས་གཉིས་མེད་ཀྱི་མཆོད་པ༔ ཡུལ་ལྔ་ཡུམ་དུ་རྫོགས་པ་ཉིད་ཚོགས་བརྒྱད་ཡེ་ཤེས་ལྔའི་སེམས་དཔའི་དཀྱིལ་འཁོར་དུ་རྫོགས་པའི་རང་བྱུང་ཡེ་ཤེས་ཀྱི་རང་རྩལ་ལྔས་བླངས་ནས་རྣལ་འབྱོར་པའི་ངོར་གང་ཤར་ཐམས་ཅད་མ་འདྲེས་སོ་སོར་རིག་བྱ་རིག་བྱེད་གཉིས་མེད་དུ་ཐིམ་ཞིང་རང་གྲོལ་བ་སྤྲུལ་སྐུའི་མཆོད་པ་སྟེ་ལྷ་ལ་ལྷ་རོལ་བ་དཀྱིལ་འཁོར་ལ་དཀྱིལ་འཁོར་ཐིམ་པའི་ཚུལ་ཐམས་ཅད་འདི་ལ་བྱང་ཆུབ་བོ༔ དེ་ཉིད་ལས༔ རང་རིག་ཡེ་ཤེས་མ་འགགས་ཤར༔ ཡེ་ཤེས་དབྱིངས་ལས་ཤར་བ་ཡི༔ དབྱིངས་དང་ཡེ་ཤེས་གཉིས་མེད་གྱུར༔ ཡེ་ཤེས་གཉིས་མེད་མཆོད་པ་ཡིན༔ མཚན་རྫོགས་རྡོ་རྗེ་འཆང་གི་སར༔ ཡབ་ཡུམ་བཞི་བཅུ་རྩ་གཉིས་འཕྲོ༔ ཡེ་ཤེས་ལྔ་ཡི་ངང་ལ་རོལ༔ མ་འགགས་གཉིས་མེད་མཆོད་པ་ཡིན༔ སྤྲུལ་སྐུ་མཆོད་པ་རྣམ་པ་ལྔ༔ མཆོད་རྫས་གཟུགས་སྒྲ་དྲི་རོ་རེག༔ སེམས་དཔའི་ཁྱེའུ་ལྔས་བླངས་ནས༔ རིག་བྱེད་གཉིས་མེད་ངང་དུ་ཐིམ༔ རྒྱ་མཚོ་ཆུ་པོའི༼ བོའི་དཔྱད། ༽འཕྲོ་འདུ་བཞིན༔ མཆོད་པ་རྒྱུན་མི་འཆད་པའོ༔ ཞེས་སོ༔ དེས་ན་འདིར་མ་དག་པའི་མཚན་རྟོག་ཆེད་དུ་སྡོམ་མི་དགོས་པར་དག་པ་ཉག་གཅིག་གི་མཆོད་པ་ཁྱད་པར་འཕགས་པའོ༔ ཕྲིན་ལས་ནི༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པ་ཕྲིན་ལས་སུ་ཤར་བ་རྣམ་པ་བཞིའི་བསྡུས་པའི་ལས་བྱེད་པ་སྟེ༔ འདིར་གཞིའམ་ལམ་གྱི་རིག་པ་ལ་རྫོགས་ཚུལ་ནི༔ གཉིས་ཀའང་ནི་སེམས་ཀྱི་ཆོས་ཉིད་ལ་རྣམ་རྟོག་གི་སྤྲོས་པ་ཞི་བ་དང་༔ འཁོར་འདས་དང་སྤྱན་དང་མངོན་ཤེས་ཀྱི་ཡོན་ཏན་སོགས་རྫོགས་ཤིང་འབྱུང་བས་རྒྱས་པ་དང་༔ རྩལ་སྣང་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་ཏེ་འབྱུང་བས་མི་གནོད་པའི་རྟགས་བཅུ་སོགས་མངའ་བས་དབང་༔གང་ལའང་ཐོགས་པ་མེད་པ་ཡེ་ཤེས་ཟང་ཐལ་དུ་རང་འཆར་བ་དང་༔ རང་སྒོའི་འཁོར་འདས་ཐམས་ཅད་ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་དྲག་པོ་སྟེ༔ ལམ་གཞན་ཆེད་དུ་རྩོལ་བ་དང་འདིར་མཆོག་གི་ཞར་ལས་འབད་པ་མེད་པས་གྲུབ་ལ༔ ལར་ཕྲིན་ལས་ཀྱང་གཞི་ལ་མ་རྫོགས་ན་ལམ་དུ་འབྱུང་བ་མི་སྲིད་པས་བྱེ་མ་ལ་མར་བཞིན་གནད་འདིར་ཐུག་ཅིང་མཐར་ཕྱིན་པ་ནི༔ ཀུན་གསལ་ལས༔ རྩོལ་བྲལ་ཕྲིན་ལས་རྣམ་པ་བཞི༔ ཆོས་སྐུ་དངོས་མེད་སྤྲོས་དང་བྲལ༔ རྟོག་པའི་སྤྲོས་པ་ཐམས་ཅད་ཞི༔ ཞི་བའི་ཕྲིན་ལས་ཞེས་སུ་བཤད༔ ཡོན་ཏན་འབྱུང་བས་ནོར་བ་བཞིན༔ རྒྱས་པའི་ཕྲིན་ལས་ཞེས་སུ་བཤད༔ ཐམས་ཅད་མངའ་མཛད་དབང་བསྒྱུར་བས༔ དབང་གི་ཕྲིན་ལས་ཞེས་སུ་བཤད༔ ཕྱོགས་མེད་གང་ལ་ཐོགས་པ་མེད་པར་འཆར༔ ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་ན༔ དྲག་པོའི་ཕྲིན་ལས་ཞེས་སུ་གསུངས་པ་ཡིན༔ ཞེས་སོ༔ སྔགས་ལ་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་ལས༔ ཤེས་རབ་དང་སྙིང་རྗེ༔ ཤེས་རབ་དང་ཡེ་ཤེས༔ ཤེས་རབ་དང་ཏིང་འཛིན་སྔགས་སུ་ཤར་བ་ནི༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཏེ༔ ཐབས་ཤེས་གཉིས་མེད་ཀྱི་རང་བཞིན་ནམ་སྟོང་རིག་ཟུང་འཇུག་གི་དོན་ཅན་ནོ༔ དེ་ལྟ་བུའི་སྔགས་གསུམ་གྱི་དེ་ཁོ་ན་ཉིད་སྣང་སྟོང་ཐབས་ཤེས་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོར་བཞུགས་པས་རྒྱུ་རྐྱེན་ལས་ཀྱི་སྔགས་སོགས་ཐམས་ཅད་ཀྱང་འདི་གཅིག་པུའི་ཚར་ཕྱིན་ཏེ༔ གཞིའི་སྔགས་དོན་ལ་མཉམ་པར་བཞག་པས༔ ངག་གི་དབྱངས་དང་ཤུབ་བུ་ཡིད་བཟླས་འགོག་བཟླས༔ རྡོར་བཟླས་སོགས་ལས་ཁྱད་པར་དུ་ཡེ་ཤེས་ཀྱི་བཟླས་པ་གསུང་རྡོ་རྗེ་དངོས་སུ་གསལ་བའི་རང་བཞིན་དུ་སོང་བ་ནི་མྱུར་དུ་གྲུབ་པ་འབྲས་བུ་དངོས་ལམ་དུ་བྱེད་པ་ལ༔ གཞན་ནི་ལུས་ངག་ཡིད་ཀྱི་འབྲས་བུ་དང་ཆ་འདྲ་ལམ་བྱེད་ཙམ་མོ༔ འཇམ་དཔལ་རྩ་བའི་རྟོགས་པ་ལས༔ གཉིས་སུ་མེད་པའི་ཡེ་ཤེས་ནི༔ ཐུབ་པས་སྔགས་ཞེས་གསུངས་པའོ༔ ཞེས་དང་༔ སྔ་མ་ལས༔ གསང་སྔགས་དག་གི་ངོ་བོ་ནི༔ ཤེས་རབ་སྙིང་རྗེ་གཉིས་སུ་བསྟན༔ རིག་སྔགས་དག་གི་ངོ་བོ་ནི༔ ཤེས་རབ་དང་ནི་ཡེ་ཤེས་ཡིན༔ གཟུངས་སྔགས་དག་གི་ངོ་བོ་ནི༔ ཤེས་རབ་དང་ནི་ཏིང་འཛིན་ཡིན༔ སྔགས་གསུམ་དག་གི་ངེས་ཚིག་ནི༔ ཤེས་སྐྱོབས་ཕྱིར་ན་དེར་བརྗོད་པའོ༔ སྔགས་གསུམ་དག་གི་ཕྲིན་ལས་ནི༔ གཞི་ནས་བག་ཆགས་སེལ་དང་མ་རིག་ལོག་རྟོག་སེལ༔ འཕྲལ་བྱུང་བག་ཆགས་སེལ་བར་བྱེད་པ་ཡིན༔ ཞེས་དང་༔ ཕྲ་བཀོད་ལས༔ གསང་བའི་གསང་སྔགས་གབ་པའི་གནས༔ རིག་སྔགས་གཟུངས་སྔགས་གཏན་ཚིག་རྣམས༔ རྫོགས་པའི་གསང་དོན་འདི་ལ་འདུས༔ དེ་ཡང་ངོ་བོ་རང་གནས་པས༔ བྱ་བྱེད་མེད་པར་རང་སར་དང་༔ འཛིན་ཆགས་མེད་པར་ཅིག་ཆར་རྫོགས༔ ཞེས་སོ༔ ཕྱག་རྒྱ་ནི༔ གཞི་སེམས་ཉིད་གདོད་ནས་དག་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གནས་པ་ལ་ཕྱག་རྒྱ་གཉིས་མེད་ལྷའི་ངོ་བོས་རྒྱས་བཏབས་པས་གཞི་གནས་སད་པའི་ཉེ་རྒྱུར་འདོད་པ་ལ༔ འདིར་ཕྱག་རྒྱ་མཐར་ཐུག་ཡེ་ཤེས་ཆེན་པོའི་སྣང་བ་རྣམ་དག་གི་རྩིར་རྒྱས་གདབ་པ་སྟེ༔ ཇི་ལྟར་ན་གཞི་ཕྱག་རྒྱ་ཆེན་པོས་འཁོར་འདས་ཀུན་ལ་རྒྱས་བཏབ་ཟིན་ཀྱང་མ་རྟོགས་པས་འཁོར་བར་སྣང་བ་ལ༔ ལམ་མ་ནོར་ཅོག་བཞག་གིས་རང་ཞལ་མངོན་དུ་བྱས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྩི་ཡིས་བཏབ་པས་འབྲས་བུ་གློ་བུར་གྱི་དྲི་མ་གཞི་གྲོལ་མཉམ་པ་ཆེན་པོའི་རང་རྒྱས་ཆོད་པ་ནི་ཕྱག་རྒྱ་མཐར་ཐུག་གི་རང་བཞིན་སད་བྱེད་པའོ༔ ཡང་ཕྱག་རྒྱ་བཞིར་བཤད་དེ༔ སྤྲོས་པའི་མཐའ་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུའི་ཆོས་སྐུ་ནི་སྐུ་ཐམས་ཅད་ཀྱི་འཆར་གཞིའམ་རྟེན་གྱི་མཐར་ཐུག་པའི་ངོ་བོ་སྐུར་གནས་པ་ཕྱག་རྒྱ་ཆེན་པོ༔ དབྱིངས་རིག་དབྱེར་མེད་དམ་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་ནི་ཐུགས་ཀྱི་མཐར་ཐུག༔ ཐུགས་ཡེ་ཤེས་ལྔ་དང་༔ ཇི་ལྟ་ཇི་སྙེད་ཐམས་ཅད་ཀྱི་འཆར་གཞི་དམ་ཚིག་གི་ཕྱག་རྒྱ་རང་བྱུང་གི་ཡེ་ཤེས་འགགས་པ་མེད་པ་ནི་བརྡའ་སྤྲོད་པའི་གསུང་གི་མཐར་ཐུག་པའི་ཆོས་ཀྱི་ཕྱག་རྒྱ༔ ཐུགས་རྗེ་ཆེན་པོ་རྟོགས་པ་ཆོད་པ་ནི་འཁོར་འདས་འབྲེལ་བའི་འཇུག་པ་རྒྱུན་མི་འཆད་པའི་གང་འདུལ་རང་སྣང་གི་སྟོན་པས་ལོངས་སྤྲུལ་གཉིས་ཀྱི་དོན་མཛད་པའི་ཕྲིན་ལས་ཀྱི་ལས་ཀྱིས་ཕྱག་རྒྱར་བཤད་དེ༔ ཐིག་ལེ་ཀུན་གསལ་ཆེན་པོ་ལས༔ ཆོས་དང་བྲལ་བ་ཆོས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོ་ཡིན་པར་བཤད༔ རང་རིག་ཡེ་ཤེས་དབྱིངས་ལས་ཤར༔ དབྱིངས་ཉིད་རིག་པ་དང་ལྡན་པས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ནི༔ དམ་ཚིག་ཕྱག་རྒྱ་ཡིན་པར་བཤད༔ རང་བྱུང་ཡེ་ཤེས་མ་འགགས་བར༔ གསལ་བས་ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད༔ ཐུགས་རྗེའི་སྐུ་གཉིས་མ་འགགས་བས༔ རྟོག་མེད་ཐུགས་རྗེའི་དོན་མཛད་པས༔ ལས་ཀྱི་ཕྱག་རྒྱར་བསྟན་པའོ༔ ཕྱག་རྒྱའི་དཔེ་ནི་ནམ་མཁའ་དང་༔ རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལ༔ དེ་ལས་འདའ་བར་མི་ནུས་བཞིན༔ ཞེས་སོ༔

གཉིས་པ་ནོ་པའི་ཁྲིགས་སུ་བཀོད་པའི་རྫོགས་ཚུལ་ནི༔ ཡེ་ཤེས་མཁའ་མཉམ་ཀྱི་རྒྱུད་ལས༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ མི་བསྐུར་མི་ཡེངས་མི་རྩོལ་བ༔ རྣལ་འབྱོར་པ་ཡི་སྐྱབས་འགྲོ་ཡིན༔ ཞེས་དང་ལྟ་བའི་སྙིང་པོ་ལས༔ ཆོས་རྣམས་ལྷུན་གྱིས་གྲུབ་པར་ནི༔ རྣལ་འབྱོར་ཆེན་པོ་སྐལ་ལྡན་དེ༔ སྙིང་རྗེའི་རླན་དང་མ་བྲལ་བས༔ སེམས་བསྐྱེད་རྣམ་གཉིས་དེ་ལ་རྫོགས༔ མི་རྟོག་ཡེ་ཤེས་བགེགས་བསལ་ཕྱིར༔ ཕྱི་ནང་མཚམས་གཅོད་དེ་ལ་རྫོགས༔ མ་རིག་རྣམ་རྟོག་སྒྲིབ་མེད་པས༔ དོན་གྱི་བཤགས་པ་དེ་ལ་རྫོགས༔ གཉིས་མེད་དོན་ལ་རང་གནས་པས༔ བྱིན་ཆེན་ཕབ་པ་དེ་ལ་རྫོགས༔ ཉོན་མོངས་བདུད་རྩི་ཆེན་པོ་ལ༔ ཡེ་ཤེས་བྱིན་རླབས་དེ་ལ་རྫོགས༔འབྱུང་བ་ལྔ་ཡིས་ཀུན་ཁྱབ་པས༔ དབང་ཆེན་རིག་པ་དོན་གྱིས་རྫོགས༔ ཕྱོགས་བཞིར་རང་བཞིན་ལྷུན་གྲུབ་པས༔ གཞལ་ཡས་ཁང་ཆེན་དེ་ལ་རྫོགས༔ རིག་ཚོལ་དོན་གྱི་ལྷ་ཡིན་པས༔ ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས༔ སངས་རྒྱས་སེམས་ཅན་དབྱེར་མེད་པས༔ སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས༔ ཆོས་ཉིད་དོན་ལས་མི་འགྱུར་བས༔ བརྟན་པར་བཞུགས་པ་དེ་ལ་རྫོགས༔ ཐམས་ཅད་འདྲེས་པ་ཆེན་པོ་ལ༔ ནན་ཏན་ཕྱག་རྒྱ་དེ་ལ་རྫོགས༔ སྒྲུབ་སྤྱོད་ཐམས་ཅད་ཡེ་ཤེས་པས༔ ཕྱག་རྒྱའི་མཆོད་པ་དེ་ལ་རྫོགས༔ སེམས་ཅན་ཆོས་ཉིད་དོན་འབྱོར་བས༔ སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས༔ ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས༔ མཐར་ཕྱིན་སྨོན་ལམ་དེ་ལ་རྫོགས༔ སྐུ་གསུང་ཐུགས་ཀྱི་དོན་རྟོགས་པས༔ བཟླས་བརྗོད་འཕྲོ་འདུ་དེ་ལ་རྫོགས༔ ཚོགས་རྣམས་སྣོད་བཅུད་ཡིན་པའི་ཕྱིར༔ ཚོགས་ཀྱི་མཆོད་པ་དེ་ལ་རྫོགས༔ བདེ་ཆེན་གཉིས་མེད་ངོ་བོ་ལ༔ ལྷག་མའི་མཆོད་པ་དེ་ལ་རྫོགས༔ མི་བཟུང་ཡེ་ཤེས་ཆེན་པོ་ལ༔ གཏོར་མ་མཆོད་པ་དེ་ལ་རྫོགས༔ ཐིག་ལེ་གཅིག་ཏུ་འདུས་པ་ལ༔ དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས༔ གཉིས་མེད་དོན་དུ་སངས་རྒྱས་པས༔ དགེ་བ་བསྔོ་བ་དེ་ལ་རྫོགས༔ མཚན་དང་དཔེ་བྱད་ཐམས་ཅད་ཀྱི༔ བཀྲ་ཤིས་ལྷུན་གྲུབ་དེ་ལ་རྫོགས༔ ཞེས་པས་ན་རྫོགས་པ་ཆེན་པོ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ངོ་བོ་ལ་གནས་པས༔ རྗེས་སུ་ཐོབ་པར་རྫུ་འཕྲུལ་མ་ལུས་པ་ལྷུན་གྱིས་གྲུབ་པའི་དོན་ལ་དཀའ་སྤྱད་རྩོལ་བའི་སྤྲོས་པ་མེད་ན༔ ཡེངས་མ་ལམ་དུ་འཕྱན་པ་དང་༔ སྤྱོད་ཕྱོགས་སྤངས་བས་ཧ་ཤང་གི་ལུགས་དང་ཉེ་བའི་རྟོག་སྒྲིབ་སེལ་ཕྱིར་བསྐྱར་ནས་བཟློས་པའོ༔ འདི་ལའང་གཞི་ནས་རྫོགས་པ་ལམ་ལ་རྫོགས་པའི་ཚུལ་དབྱེར་ཡོད་དོ༔

གསུམ་པ་དེའི་ཤེས་ཤིང་རྒྱས་ཐོབ་ཀྱི་རྒྱུད་གསུམ་རྫོགས་པ་ནི༔ གཞི་ལམ་འབྲས་བུ་གསུམ་ལས༔ དངོས་བཅུ་དེའི་ལྟ་བས་གཞི་རྒྱུད་གཏན་ལ་ཕབས་ནས་ཤེས༵་པར་བྱེད་པ་གཞིར་བཟུང་ལ༔ བསྒོམ་སྤྱོད་ཀྱི་མཐོང་བ་དག་པས་མཐར་ཐུག་གི་འབྲས་བུ་ཐོབ༵་པར་བྱེད་པས་དང་༔ ལྟ་བས་གཞི་བཟུང་བ་དང་མངོན་རྟོགས་པའི་ལག་ལེན་དུ་སྡེབ་པའི༔ ལམ་ཉམས་སུ་ལེན་པའི་ཐབས་གྲོལ་བསྐྱེད་རྫོགས་ཐམས་ཅད་ཀྱང་ཡང་དག་པར་དངོས་བཅུའི་ཡན་ལག་གི་རྒྱས༵་པར་བྱེད་པའོ༔ དང་པོ་ཤེས་བྱ་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱུད་ནི༔ སེམས་ཉིད་སྐུ་གསུམ་དང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་སྟེ༔ ཀུན་བྱེད་རྒྱལ་པོ་ལས༔ ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ༔རྡུལ་ཙམ་སུས་ཀྱང་དམིགས་སུ་མེད༔ ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས༔ རྡུལ་ཙམ་སུས་ཀྱང་དམིགས་སུ་མེད༔ སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ལས་སྤྲུལ་པའི་སྐུ༔ རྡུལ་ཙམ་སུས་ཀྱང་དམིགས་སུ་མེད༔ ཅེས་དང་༔ སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་སྟེ༔ ཞེས་སོགས་གསུངས་པས་སོ༔ སྒྱུ་འཕྲུལ་ལས༔ དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་༔ རྫོགས་པའི་སངས་རྒྱས་རྙེད་མི་འགྱུར༔ སེམས་ཉིད་རྫོགས་པའི་སངས་རྒྱས་པས༔ སངས་རྒྱས་གཞན་དུ་མ་ཚོལ་ཞིག༔ ཅེས་དང་༔ ཚོགས་དྲུག་རང་གྲོལ་ལས༔ དུས་གསུམ་སངས་རྒྱས་རིག་པ་ཡེ་ཤེས་དབྱིངས༔ ཞེས་སོ༔ སེམས་ཉིད་འགྱུར་བ་མེད་པས་སྐུའི་དཀྱིལ་འཁོར༔ འགགས་པ་མེད་པས་གསུང་གི་དཀྱིལ་འཁོར༔ རྟོགས་༼ རྟོག་དཔྱད། ༽པ་མེད་པས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་རང་བྱུང་ནི༔ ངོ་སྤྲོད་སྤྲས་པ་ལས༔ རྡོ་རྗེ་སྐུ་ཡི་རང་བཞིན་ལས༔ མི་འགྱུར་མི་ཤིགས་ངང་དུ་གནས༔ པདྨ་གསུང་གི་རང་བཞིན་ལས༔ མ་འགགས་འགགས་མེད་ཆེན་པོར་གནས༔ འཁོར་ལོ་ཐུགས་ཀྱི་རང་བཞིན་པས༔ མི་རྟོག་བསམ་གཏན་ཆེན་པོར་གནས༔ ཞེས་སོ༔ ལམ་ཐབས་ཤེས་འདུ་འབྲལ་མེད་པའི་རྒྱུད་ནི་ཐབས་གྲོལ་ལམ་ཐམས་ཅད་དེ༔ གྲོལ་ལམ་བསྐྱེད་རྫོགས་གཉིས་ཀྱི་ལམ་རྫོགས་ཚུལ་སྔར་བཤད་པ་ལྟར་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ཐབས་ལམ་སྟེང་འོག་གཉིས་ཀྱི་སྙིང་རྡོ་ངེས་པས་སྒྲུབ་ཚུལ་གྱི་ཁྱད་ཙམ་ལས་མེད་ལ༔ ཁྱད་པར་འདིར་ནི༔ དཔེར་ན་ཆུ་དྭངས་བའི་གཟུགས་བརྙན་དཀྲུགས་པས་མཐོང་བའི་ཚི་ཆད་རྒྱང་དུ་དོར་བས་ངང་དྭངས་རང་བཞག་ཆེན་པོའི་འཕགས་ཆོས་བླ་ན་མེད་པར་གྱུར་ཏེ༔ ལྷུན་གྲུབ་འདུས་མ་བྱས་པ་ལ་རྒྱུ་རྐྱེན་གྱིས་བསྐྱེད་དུ་མེད་པར་ཤེས་པའི་ལྟ་བའི་གདེང་ཀྱིས་འགྲོ་བའོ༔ ཕྲ་བཀོད་ལས༔ གསང་སྔགས་ཐབས་མཁས་ངེས་རྫོགས་འདི༔ རྫོགས་དང་མ་རྫོགས་གཉིས་ལས་འདས༔ ཞེས་སོ༔ འབྲས་བུའི་སྐུ་གསུང་ཐུགས་དང་སྐུ་གསུམ་མངོན་དུ་གྱུར་བའི་རྒྱུད་ཀྱི་དོན་ལ༔ ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི༔ མཐར་ཐུག་གི་འབྲས་བུ་ལྔ་ཚན་ལྔ་སྟེ༔ རིག་འཛིན་བཞིའི་ནང་དུ་ས་བཅུ་ལམ་ལྔ་འདུས་པ་ཡིན༔ ས་བཅུ་ལམ་ལྔའི་ནང་དུའང་ཕར་བསྡུས་རུང་ཙམ་མཐར་ཐུག་ཐེག་གཅིག་ཏུ་གྲུབ་པའི་ཚུལ་ལས་བརྩམས་ཏེ་ཤེས་པར་བྱ་སྟེ༔ དེ་ཡང་ཚོགས་ལམ་ཆེན་པོར་སྔགས་ལ་ཞུགས་པའི་དགོངས་པ་ལྟར་རོ༔ འདིར་ས་བཅུ་ལམ་ལྔ་ཐམས་ཅད་ལམ་འདི་ལ་རྫོགས་པས་རིག་འཛིན་བཞི་སྣང་བཞིའི་སྦུབས་ནས་རྣམ་པར་དག་པས་ཁྱད་ཆོས་སོ༔ ལམ་ལྔའི་ཚུལ་ནི༔ བླ་མ་བསྙེན་བཀུར་གྱིས་བརྟེན་ནས་ཟང་ཟིང་དངོས་པོ་བསྟབ་པ་ཚོགས་ལམ༔ བླ་མའི་གདངས་ངག་རྒྱུད་ལ་སྦྱོར་བ་སྦྱོར་ལམ༔ ངེས་པའི་བདེན་པ་མཐོང་ལམ༔ བསྒོམ་དུ་མེད་པའི་གནས་ལུགས་ལས་འདའ་བ་མེད་པ་བསྒོམ་ལམ༔ གདེངས་བཞི་མཐར་ཕྱིན་ནས་སངས་རྒྱས་ཀྱི་ས་ཐོབ་མ་རག་པ་མཐར་ཕྱིན་ལམ་སྟེ༔ ཀུན་གསལ་ལས༔སྒྲ་མཐུན་དོན་དཔག་ལམ་ལྔ་བཤད༔ བླ་མ་བསྙེན་བཀུར་ཡོངས་རྫོགས་ནས༔ དམ་པའི་དྲུང་ན་གནས་པ་ནི༔ ཚོགས་ཀྱི་ལམ་ཞེས་དེ་ལ་བྱ༔ བླ་མས་གདམས་པའི་དོན་བཤད་དེ༔ གདམས་ངག་རྣམ་གཉིས་རྒྱུད་ལ་སྦྱོར༔ སྦྱོར་བའི་ལམ་ཞེས་ང་ཡིས་བསྟན༔ ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས༔ ཚེ་འདིར་ངེས་པའི་བདེན་པ་མཐོང་༔ མཐོང་བའི་ལམ་དུ་བཤད་པ་ཡིན༔ བསྒོམ་དུ་མེད་པས་བསྒོམ་པ་དང་༔ བསྒོམ་དུ་ཡོད་པས་མེད་པ་ཡི༔ བསྒོམ་པའི་ལམ་དུ་ང་ཡིས་བཤད༔ སངས་རྒྱས་དགོངས་པ་གདེངས་ཆེན་བཞི༔ མི་གནས་ཚུལ་གྱིས་མཐར་ཕྱིན་པ༔ མཐར་ཕྱིན་ལམ་དུ་བཤད་པ་ཡིན༔ ཞེས་སོ༔ དེ་དག་ཀྱང་རྫོགས་པ་ཆེན་པོ་ས་གཅིག་པ་ལ་ཡོན་ཏན་གྱི་ལྡོག་ཆས་དབྱེ་བས་ཕྱེ་བ་སྟེ༔ དོན་དུ་ན་སྐུ་གསུམ་ལམ་སྣང་གི་ཚུལ་དུ་སྣང་སྟོང་གི་ཆོས་ཉིད་ཟད་པའི་རིམ་པ་སྣང་བཞི་རིམ་མིན་གཉིས་ཆར་ཡང་༔ མངོན་སུམ་དང་ཟད་ས་ཚོགས་སྦྱོར་མཐར་ཐུག་གི་ས་བ་རྣམ་པར་སྨིན་པ༔ གོང་འཕེལ་དང་ཚད་ཕེབས་གཉིས་མཐོང་བསྒོམ་ཚེ་རྒྱའི་རིག་འཛིན༔ ཟད་ས་དང་མངོན་སུམ་མི་སློབ་པའི་ས་ལྷུན་གྱི་གྲུབ་པའི་རིག་འཛིན་སྟེ་མུ་ཚོད་ཙམ་མཉམ་ཀྱང་༔ ལྟ་བས་ས་ལམ་གཞི་རྫོགས་ཆེན་པོར་གཏན་ལ་ཕེབས་མི་ཕེབས་དང་༔ དགོངས་པར་མྱུར་དུ་མངོན་དུ་འགྱུར་མི་འགྱུར་འབྲས་བུ་ལ་ཡིད་སྨོན་འདེབས་མིན་གྱི་ཁྱད་ཆེ་བ་དཔེར་ན་འཇིག་རྟེན་མང་པོ་ཁྱབ་པར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཡེ་ཤེས་ཀྱིས་འགྲོ་བ་དང་༔ ལྷ་དང་ཚངས་པའི་སྟོབས་དང་རྫུ་འཕྲུལ་གྱིས་འགྲོ་བ་དང་༔ ཉི་ཟླའི་འགྲོས་ཀྱི་དང་༔ རྟ་མཆོག་གི་ཤུགས་ལས་དང་༔ རྐང་འཁྱམས་སུ་བསྒྲོད་པའི་ཁྱད་པར་ཙམ་དུ་ཁོ་བོ་སྨྲ་སྟེ༔ ཁྱབ་བདག་དེ་བཞིན་ཉིད་དུ་མཁྱེན་སྟོབས་ཀྱིས༔ གྲངས་མེད་ཞིང་མང་ཐུགས་རྗེའི་ཅིག་ཆར་འཇུག༔ མིག་སྟོང་ཚངས་བཅས་རྫུ་འཕྲུལ་གྱི་ནར་ཟད༔ ཉི་ཟླ་ཅང་ཤེས་ཡུལ་མིན་རྐང་འཁྱམས་ལྟ༔ དེ་བཞིན་ཨ་ཏི་བླ་མེད་ཕ་དང་མ༔ ཐུབ་པ་རྒྱུད་བཅས་སྙིང་རྗེ་ཅན་གྱི་དང་༔ འདོད་ཆེན་གྲུབ་མཐའི་སྨོན་ལམ་དགེ་བ་ཙམ༔ འདི་དང་མ་འཕྲད་སངས་རྒྱས་ཡོད་རེ་ཀན༔ ཞེས་ཀྱང་གྲུབ་པའི་མཐའ་ལ་ངོ་མཚར་བས་ཤུགས་ཕྱག་ཏུ་ཐལ་ལོ༔ ཀུན་གསལ་ལས༔ རྫོགས་ཆེན་ཆོས་ཉིད་ས་གཅིག་ལ༔ ཡོན་ཏན་རྫོགས་ཚུལ་བཅོ་ལྔ་རྩི༔ཞེས་དང་༔ ཀུན་བྱེད་ལས༔ དེ་བས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཡེ་ཤེས་ཀྱི་ངོ་བོ་གཅིག་ལས་མེད་དོ༔ ས་དང་ལམ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ༔ ས་དང་ལམ་ལ་སྦྱངས་ཤིང་བསྒྲོད་དུ་མེད་པར་ཤེས་པར་བྱའོ༔ ཞེས་དང་༔ ཡོན་ཏན་ཀུན་འབྱུང་ལས༔ དེ་དག་ས་བཅུའི་རྟེན་ལ་སོགས༔ ངོ་བོ་རང་བྱུང་ཆོས་སྐུར་འདུས༔ གདུལ་བྱའི་རིམ་པས་བཅུར་བསྟན་ཡང་༔ ཡང་དག་ཡེ་ཤེས་ངོ་བོ་ཉིད༔ ཅེས་དང་༔ཀུན་བྱེད་ལས༔ མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་ས༔ ཞེས་པ་བཞིན་ནོ༔ གཞན་ས་ལམ་མངོན་རྟོགས་ཀྱི་རིམ་པ་དང་བཅས་པ་རྫོགས་པ་ཆེན་པོ་རྒྱས་པར་ཀུན་གསལ་རང་ཤར་ཀུན་བྱེད་སོགས་ནས་གསུངས་པ་བཞིན་བླ་མའི་རྒྱངས་འབོད་འགྲེལ་དུའང་རྒྱུ་དང་ལམ་དུ་གཙོ་བོར་བསྟན་ཅིང་༔ མཐར་འབྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ས་དྲུག་དང་བཅུ་གཉིས་འབྲས་བུ་ཆོས་ཉེར་ལྔ་དང་བཅས་པ་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་ཚུལ་ཤེས་པའི་ཐོག་ཏུ་ཐག་བཅད་དོ༔ འོན་ཀྱང་སྣང་བཞི་དང་རིག་འཛིན་བཞི་ལམ་ལྔ་དགོངས་སྤྱོད་གོང་ནས་གོང་དུ་ཁྱད་ཞུགས་པ་ནི༔ ལམ་ཆུང་ལས༔ དེ་ཡང་དང་པོ་དང་པོ་དང་༔ སྐལ་མཉམ་གཉིས་པས་རིག་མཆོག་དེ༔ བརྒྱད་པའི་སེམས་དཔར་སྐལ་པ་མཉམ༔ གསུམ་ལ་བཅུ་དང་སྐལ་མཉམ་མོད༔ དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས༔ ཞེས་པ་སྟེ༔ འདིར་ཡང་༔ བིདྱཱ་དྷ་ར་རྣམ་བཞི་དང་༔ སྐལ་པ་མུ་ཚོད་བསྟུན་ནས་གསུངས༔ འོན་ཀྱང་དགོངས་སྤྱོད་གོང་འོག་དཔག༔ དཔེར་ན་ཕྱག་རྒྱའི་རིག་འཛིན་བཞིན༔ ཞེས་པའོ༔

གཉིས་པ་༼ བཞི་པ་དཔྱད། ༽ཞར་ལ་འཇིག་རྟེན་པའི་ལམ་ཀྱང་བསྡུས་པར་ཐག་བཅད་པ་ནི༔ དགེ་བ་བཅུ་དང་དུ་བླངས་ནས་མི་དགེ་བཅུ་སྤོངས་བ་ལྷ་མིའི་ཐེག་པ་དང་༔ བྱམས་སོགས་ཚངས་གནས་བཞི་དང་བསམ་གཟུགས་ཀྱི་ཏིང་འཛིན་བསྒོམ་པ་ཚངས་ཐེག་གཉིས་སུ་འཇིག་རྟེན་པའི་ལམ་ཡང་དག་ཐམས་ཅད་འདུས་པར་བཤད་དེ༔ ལང་ཀར་གཤེགས་པ་ལས༔ ལྷ་ཡི་ཐེག་དང་ཚངས་པའི་ཐེག༔ ཅེས་དང་༔ ལེ་ལག་ལས༔ དགེ་བཅུ་སྤྱོད་ཅིང་མི་དགེ་སྤོངས་བྱེད་པ༔ འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ༔ ཚད་མེད་བཞི་སྤྱོད་མི་གཡོ་གོམས་བྱེད་པ༔ ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ༔ ཞེས་སོ༔ དེ་ཡང་མི་དགེ་བཅུ་སྤོངས་བ་དགེ་བཅུ་བསྒྲུབ་པ་ཆེད་དུ་བྱ་མི་དགོས་པར་མཉམ་རྗེས་གཉིས་ཆར་དུ་རྫོགས་པ་སྟེ༔ མཉམ་བཞག་གི་དུས་སུ་བྱ་བ་དགུ་སྤྲུགས་སུ་བཏང་བ་དང་༔ རྗེས་ཐོབ་ཀྱི་དུས་སུ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བསླབ་པས་སོ༔ ཡང་གཞི་རང་གི་ངོ་བོ་སྐྱོན་གྱིས་མ་གོས་ཤིང་མི་དགེ་བ་ཀ་ནས་དག་པའི་དགེ་བཅུ་ལྷུན་གྲུབ་ཏུ་རྫོགས་ཟིན་ལ༔ སྡིག་བཅུ་ཆེད་དུ་སྤངས་མི་དགོས་པར་གྲོལ་བ་དང་༔ དགེ་བཅུ་སྤྱོད་མི་དགོས་པར་གྲོལ་བ་གཉིས་ནི་ཆོས་ཉིད་ཀྱི་དོན་རྟོགས་ནས་གཞི་མ་གྲུབ་པ་དང་ཡེ་ནས་ཡོད་པའི་དགེ་བ་དམ་པ་ཡིན་ནོ༔ དེ་སྐད་དུ་བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས༔ རིག་པ་མཐའ་གྲོལ་དོན་རྟོགས་ན༔ སྡིག་བཅུ་མ་སྤངས་གྲོལ་བར་གསུངས༔ དེ་ཡང་ཇི་ལྟར་གྲོལ་ཞེ་ན༔ བློ་ཡི་རྟོགས་པས་མ་སྤངས་བས༔ ཐར་པ་ཆེན་པོ་ཐོབ་པར་གསུངས༔ ཞེས་དང་༔ དགེ་བཅུ་མ་སྤྱད་བྱང་ཆུབ་ཐོབ༔ ཞེས་སོ༔ དེ་བཞིན་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་རྩལ་ཚད་མེད་བཞིར་འབར་བས་ཚངས་གནས་བཞི་དང་༔ རང་བཞིན་གྱི་བསམ་གཏན་བར་མེད་ཆེན་པོ་ལ་རྩེ་གཅིག་ལས་སུ་རུང་བས་ཉེར་བསྡོག་གི་འདོད་སེམས་ཀྱི་དྲངས་བས་རིམ་པར་རྣམ་རྟོག་འགགས་རིམ་ལས༔ རྟོག་དཔྱོད་གཉིས་དང་དཔྱོད་པ་ཙམ་གྱི་དྲན་རྩི་རེས་འགའ་བ་མ་བྲལ་བས་གསལ་ལ་མི་རྟོག་པ་དང་༔ གཉིས་མེད་དགའ་བ་སྡུད་པ་སྟེ་འགྱུར་བའི་མི་བདེ་བ་ཐམས་ཅད་རྣམ་པར་དག་པའི་བསམ་གཏན་ཡེ་ནས་རྫོགས་པ་རྣལ་འབྱོར་བས་རིམ་པར་མངོན་དུ་གྱུར་བས་དང་༔ ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་རྫོགས་པ་སྟེ༔ དེ་བཞིན་ཆོས་ཐམས་ཅད་དྲི་མེད་ནམ་མཁའ་ལྟར་དག་པ་དང་༔ ཆོས་ཀུན་སེམས་ཉིད་སྤྲོས་བྲལ་དུ་དག་པ་དང་༔ སེམས་ཡུལ་མི་དམིགས་སྟོང་ཉིད་དུ་དག་པ༔ སྟོང་ཉིད་ཕྱོགས་བྲལ་སྤྲོས་འདས་སུ་དག་པ་སྟེ་རིམ་པར་ནམ་མཁའ་མཐའ་ཡས༔ རྣམ་ཤེས་མཐའ་ཡས༔ ཅི་ཡང་མེད་པ༔ ཡོད་མིན་མེད་མིན་ནོ༔ ཡང་ལྷུན་གྲུབ་ཀྱི་ཆ་ནས་ཡན་ལག་ཀུན་རྫོགས་ཀྱི་བསམ་གཏན་བཞི༔ ཀ་དག་གི་ཆ་ནས་སྒྲོ་འདོགས་ཀུན་བྲལ་གྱི་གཟུགས་མེད་བཞིར་རང་གྲོལ་བའི་དགོངས་པ་མངོན་དུ་གྱུར་རིམ་རྟོག་པའི་རྙོགས་མ་ཞི་རིམ་གཉིས་ཀྱིས་ཀྱང་ཡར་ལྡན་དུ་གྲུབ་པོ༔ གཞན་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ཀྱི་སྤྲོས་པ་མཐའ་དག་འགགས་པའི་འགོགས་པ་དམ་པ་ཆེན་པོ་དང་བཅས་པའང་རྫོགས་པ་ཆེན་པོའོ༔ དེའི་ཕྱིར་མཚན་བཅས་ཀྱི་ཆོས་སྤྱོད་ཆེད་དུ་མི་སྤྱོད་པར་རང་རྫོགས་ཆེན་པོར་ཐག་བཅད་དོ༔ བདུད་རྩི་རྒྱ་མཚོ་ལས༔ ཆོས་ཉིད་གཏིང་ཡངས་སྙིང་པོའི་ཀློང་དཀྱིལ་ནས༔ མཚན་བཅས་ཆོས་སྤྱོད་དང་དུ་མི་ལེན་ཏེ༔ བྱམས་པ་ཕྱོགས་མེད་སྙིང་རྗེ་ཀུན་ལ་ཁྱབ༔ ཀ་དག་མུ་མཐའ་ཡོངས་གྲོལ་དོན་རྟོགས་ན༔ དེ་དག་དགེ་བཅུ་མ་སྤྱད་བྱང་ཆུབ་ཐོབ༔ ཞེས་དང་༔ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ན༔ ཚོགས་གཉིས་མ་བསགས་དུས་གཅིག་རྫོགས༔ སྒྲིབ་གཉིས་མ་སྦྱངས་ཀ་ནས་དག༔ སྨོན་ལམ་མ་བཏབ་རང་ལ་གྲུབ༔ སྙིང་པོ་ཆོས་སྐུར་རང་སངས་རྒྱས༔ ཐེག་པ་འོག་མའི་ཆོས་བཞིན་དུ༔ བྱ་རྩོལ་ཚོགས་བསགས་སྨོན་མེད་པར༔ ཡང་དག་དོན་གྱི་སངས་རྒྱས་ཐོབ༔ ཅེས་སོ༔ དེ་ལས་རྟག་ཆད་ཀྱི་གྲུབ་མཐའ་འང་རྫོགས་པར༔ རང་ཤར་ལས༔ རྫོགས་པ་ཆེན་པོའི་གྲུབ་མཐའ་ལས༔ གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས༔ ཡོད་མཐའ་རྫོགས་ལ་མེད་མཐའ་རྫོགས༔ རྟག་མཐའ་རྫོགས་ལ་ཆད་མཐའ་རྫོགས༔ ཡིན་པ་རྫོགས་ལ་མིན་པ་རྫོགས༔ དེ་ཕྱིར་རྫོགས་པ་ཞེས་བྱའོ༔ ཞེས་སོ༔

གཉིས་པ་ངོ་བོ་ལ་གྲུབ་པ་མེད་པར་ཐག་བཅད་པ་ནི༔ དེ་ལྟར་ཕར་ཕྱིན་བཅུ་དང་དངོས་བཅུ་ཡང་དག་པའི་དོན་དེ༔ དག་པ་གཞི་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལ་དང་༔ ལམ་རྣལ་འབྱོར་པའི་མཉམ་རྗེས་ལ་རྫོགས་ཀྱང་ཀ་དག་ཉིད་ཀྱི་ལྡོག་པ་ནས་སྐྱོན་ཡོན་གང་གིས་ཀྱང་སླད་མི་ཞུགས་པའི་ཕྱལ་བ༔ གང་དུའང་མ་གྲུབ་པས་མེད་པ་སྟེ༔ མུ་ཏིག་ཕྲེང་བ་ལས༔ མདོར་ན་ཇི་ལྟར་སྣང་བ་ཡི༔ ཆོས་རྣམས་དེ་ལས་འབྱུང་བའོ༔ ཆེ་ཆུང་རིམ་པའི་ཐེག་པ་ཡང་༔ དེ་ཉིད་ལས་ནི་བྱུང་བའོ༔ ལྷ་དང་སྔགས་དང་ཕྱག་རྒྱར་སྣང་༔ དགེ་དང་དེ་ཡི་འབྲས་བུ་དང་༔ ཕ་རོལ་ཕྱིན་པས་བཅུ་ཡང་དེ༔ ས་དང་ཡོན་ཏན་དེ་ལས་བྱུང་༔ ངོ་བོ་ཉིད་ནས་ཀ་དག་པས༔ ས་དང་ཕྱོགས་དང་རིས་ལས་འདས༔ ཡོད་དང་མེད་པ་ལྟར་སྣང་མེད༔ སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡི༔ དེ་ཉིད་གནོད་དང་ཕན་འབྲས་བྲལ༔ ཐོས་དང་བསམ་དང་བསྒོམ་པས་ནི༔ མཆོག་དུ་བརྟགས་ཀྱང་དེ་མི་མཐོང་༔ ལྟ་དང་བསྒོམ་དང་སྤྱོད་པས་ནི༔ དེ་ཡི་དོན་རྣམས་ཤེས་མི་འགྱུར༔ དེ་ལ་དཀྱིལ་འཁོར་ཡོད་མ་ཡིན༔ལྷ་མེད་བསྐྱེད་པའི་ས་བོན་མེད༔ སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ༔ མཆོད་པ་ལ་སོགས་སྤྲོ་མི་དགོས༔ དབང་དང་དམ་ཚིག་ག་ལ་ཡོད༔ བསྙེན་པ་དང་ནི་སྒྲུབ་པ་མེད༔ འཁོར་ལོ་སྤྲོ་བ་ཡོད་མ་ཡིན༔ བསྲུང་བ་མེད་ཅིང་བསྲུང་ཡུལ་མེད༔ གདོན་དང་གནོད་པའི་ཡུལ་ལས་འདས༔ ཞེས་སོ༔ ཡང་ཐབས་མེད་ཤེས་རབ་ཉིད་ཀྱང་མེད༔ ལྷ་མེད་མཆོད་པའི་ཡུལ་ཡང་མེད༔ ཅེས་སོགས་རྒྱ་ཆེར་གསུངས་སོ༔ དེ་བས་ན་ངོ་བོ་ལ་ས་ལམ་གྲུབ་མཐའ་སྣང་སྟོང་གང་དུའང་མ་གྲུབ་པར་ཐག་བཅད་པར་བྱའོ༔

གསུམ་པ་དེ་ལྟར་ན་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཐག་བཅད་པ་ལ༔ ཐེག་པ་གཅིག་ཏུ་གྲུབ་ཚུལ་དང་༔ ཀུན་ལས་ཁྱད་པར་འཕགས་ཚུལ་དང་གཉིས་ཀྱི༔

དང་པོ་ནི༔ ཐེག་པ་སྤྱི་སྐད་དུ་ཉན་ཐོས་བྱང་ཆུབ་ཏུ་ལུང་བསྟན་ཅིང་སེམས་བསྐྱེད་པར་བཤད་པ་དང་༔ བྱང་སེམས་ཆོས་རྒྱུན་ནས་སྔགས་ཀྱི་ཡེ་ཤེས་ཡངས་པ་ཐོབ་པར་བཤད་པ་དང་༔ མགོན་པོ་བྱམས་པས་ཀྱང་༔ ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར༔ རིགས་ནི་ཐ་དད་རུང་མ་ཡིན༔ ཞེས་སོགས་མཐར་ཐུག་ཐེག་གཅིག་དུ་གྲུབ་པར་བཤད་པ་དེ་དག་ཀྱང་༔ བཀའ་བར་བས་སྟོང་ཉིད་སྤྲོས་པ་བྲལ་བའི་རང་བཞིན་རྩལ་དུ་བཏོན༔ ཐ་མས་སྣང་ཆ་སྐུ་དང་ཡེ་ཤེས་གཙོ་བོར་བཟུང་ཞིང་༔ སྔགས་ཀྱི་ཟུང་འཇུག་གཞི་རྒྱུད་རྡོ་རྗེ་སྙིང་པོར་གཅིག་ཏུ་དྲིལ་ཀྱང་འབྲས་བུ་ཕྱི་དུས་སྨིན་བྲལ་དུ་ཞེན་པས་ཞུགས་མིན་གྱི་ཕྱི་ནང་གཉིས་སུ་རྒྱུད་དྲུག་གི་རྣམ་དབྱེ་ལ་ཡ་གྱལ་ཨ་ཏི་ཡོ་ག་རྡོ་རྗེ་རྒྱལ་པོ་གཅིག་ཉིད་ཀྱི་ཕྱོགས་རེ་གསལ་བར་བྱེད་པའི་མིག་ཏུའང་འགྱུར་ལ༔ འདི་བསྟན་པས་ཀུན་གྱི་དགོངས་དོན་དུས་གཅིག་མཐོང་བས་ཀྱང་དེ་དག་གི་གསལ་བྱེད་དུ་གྱུར་བས་མིག་ཏུ་གྱུར༔ ཐམས་ཅད་ཀྱི་རང་རང་གི་བློ་སྐྱོན་གྱིས་ཡང་དག་པའི་ལམ་མི་མཐོང་བས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ངོགས་མི་ཤེས་ལྟ་བུས་ཀྱང་མིག་ཏུ་གྱུར་བ་ནི༔ དགོངས་འདུས་ལས༔ ཐམས་ཅད་ཐམས་ཅད་ཤེས་འདོད་པས༔ དམ་པས་ལམ་འདི་ཤེས་པར་བྱ༔ སེམས་ཉིད་དམ་པའི་ལམ་ཡིན་པས༔ མཁའ་ལ་བྱ་ལམ་རྗེས་མེད་བཞིན༔ ཉམས་ང་ལོག་མེད་དམ་པའི་ལམ༔ ཞེས་དང་༔ ཡེ་ཤེས་གསལ་སྟོན་ལས༔ འདི་ནི་ལམ་མཆོག་དམ་པ་སྟེ༔ རི་ཕྲན་ཐམས་ཅད་བལྟ་འདོད་ན༔ རི་རྒྱལ་རྩེ་ལ་འཛེགས་པ་ལྟར༔ ཐེག་པ་འོག་མ་ཤེས་འདོད་ན༔ ཨ་ཏི་ཡོ་གའི་དོན་ལ་བལྟ༔ ཞེས་དང་༔ སྡུད་པ་ལས༔ ཤེས་རབ་མེད་ན་མིག་མེད་ཕ་རོལ་ལྔ༔ ཞེས་དང་༔ ཇི་སྐད་དུ༔ འཇུག་པ་ལས༔ འདིར་ཡང་བློས༔ མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ༔ ཞེས་པ་ལྟར་རོ༔ ཁྱད་པར་དུ་ཡང་བསྟན་པ་ཀུན་གྱི་གསང་ཆེན་དུ་གྱུར་ཅིང་ཐེག་པ་ཐམས་ཅད་ཀྱི་གྲོལ་བ་མཐར་ཐུག་གི་ཆོས་ཉིད་དུ་སྨིན་པར་བྱེད་པ་སྟེ༔ ཇི་སྐད་དུ་སྤྱི་མདོར༔ ཇི་ལྟར་མཐོན་རིའི་རྩེ་དག་ལས༔ ཐམས་ཅད་ཀུན་སྣང་ལམ་ལ་མཁས༔ དེ་བཞིན་ཤེས་རབ་མཐོན་རི་ལས༔ ཀུན་གྱི་ཕུལ་དུ་ཤེས་རབ་ཕྱིན༔ དོན་ལས་མཁས་པར་བྱ་བ་ནི༔ ཕུལ་དུ་བྱུང་བས་བསླབས་པ་སྟེ༔ དགོངས་པ་དམ་པ་དེ་ཉིད་ལ༔ མཁས་པར་བྱ་བ་རབ་ཏུ་གཅེས༔ ཞེས་དང་༔རྩལ་རྫོགས་ལས༔ སངས་རྒྱས་ཀུན་གྱི་བསྟན་པ་ནི༔ རབ་ཏུ་གསང་བ་འདི་ཉིད་དེ༔ སེམས་ཅན་བློ་ཡི་ཐེག་པ་རྣམས༔ འདི་བསྟན་པ་ཡི་མིག་ཏུ་འགྱུར༔ མ་གྲོལ་པ་རྣམས་གྲོལ་བར་འགྱུར༔ མ་སྨིན་པ་རྣམས་སྨིན་པར་འགྱུར༔ ཞེས་སོ༔ དེ་བས་ན་མཐར་ཐུག་ཐེག་གཅིག་ཏུ་གྲུབ་སྟེ༔ འདུས་མདོར༔ ཐེག་པ་སྣ་ཚོགས་པར་བསྟན་པ༔ ཇི་ལྟར་མོས་པ་ཐ་དད་པས༔ ཁྲིད་པར་བྱ་བའི་ཐབས་སུ་ཟད༔ རྡོ་རྗེ་ཐེག་པ་ཉིད་ལས་མེད༔ ཅེས་དང་༔ མཚན་བརྗོད་ལས༔ སངས་རྒྱས་ཀུན་གྱི་བསྟན་པ་གཅིག༔ ཞེས་དང་༔ ཐེག་པ་གསུམ་གྱི་ངེས་འབྱུང་ལ༔ ཐེག་པ་གཅིག་གི་འབྲས་བུར་གནས༔ ཞེས་དཔེར་ཆུ་བོའི་ཕ་རོལ་དུ་བརྒལ་བར་འདོད་པས་གྲུ་ལ་བརྟེན་ནས་འགྲོ་བ་ལྟར༔ ཐེག་པ་གཅིག་ལ་ཟུར་རེ་རེ་ནས་རྣམ་གཅོད་དུ་རྟོགས་བྱེད་ཐེག་པ་མཐའ་ཡས་པ་རྣམས་ཀྱིས་བཤད་པས་ཡོངས་གཅོད་དུ་མཐར་ཐུག་འདི་རྟོགས་པ་མཐར་ཐུག་གི་ལྟ་བ་དང་༔ ཕྱོགས་རེ་ནས་ཕྲ་མོར་བསྒྲུབ་པས་གྲུ་དོན་ཀྱང་འདིར་མཐར་ཕྱིན་ལ་སེམས་ཅན་རེ་རེའི་རྟོག་འདུལ་དུ་གྲངས་མཉམ་པར་མོས་པས་གོ་འབྱེད་བསྟན་པའི་ཕྱོགས་རྣམས་ཀྱང་ཀུན་རྫོབ་རྩོལ་བཅས་ཀྱི་ཆོས་སུ་གནས་སྐབས་ལས་མཐའ་ཡས་པར་ཡོད་ཀྱང་གྲུབ་དོན་མཐར་ཐུག་འདི་ལ་ཐུག་པ་དང་༔ ཆུ་བོ་བརྒལ་བའི་གྲུ་བཞིན་དོར་བར་བྱ་བས་ན༔ གཞི་ལ་ཐེག་གཅིག་རིག་པ་རང་བྱུང་གི་ཡེ་ཤེས་ལས་མེད་བཞིན་དུ་གྱེས་པའང་ཡིན་ཏེ༔ སྤྱིར་མདོར༔ དེ་ཡང་ཇི་ལྟར་ལ་ལ་ཞིག༔ ཆུ་བོའི་ཕ་མཐར་བསྒྲོད་འདོད་པ༔ གྲུ་བ་དག་ལ་བརྟེན་ནས་འགྲོ༔ མཐར་སོན་པས་ན་བོར་བ་བཞིན༔ ཐབས་སམ་ཐེག་པའི་བྱེ་བྲག་རྣམས༔ བརྟེན་ནས་དྲངས་པས་ཐབས་ཡིན་ཡང་༔ དོན་གྱི་ངེས་པ་རྙེད་མ་ཐག༔ ཆུ་བོ་བརྒལ་བས་གྲུ་བཞིན་འདོར༔ དེས་ན་དེ་བཞིན་ཉིད་ཤེས་ན༔ དམ་པའི་ལམ་དུ་ངེས་པས་ན༔ ལམ་གྱི་ནང་ནས་ཉེ་ལམ་ཡིན༔ ཞེས་དང་༔ ཐིག་ལེ་བཀོད་པ་ལས༔ ང་ཡི་དོན་གྱི་ཕྱོགས་རེ་ནས༔ ཐེག་བརྒྱད་འདོད་པ་ཕྱོགས་རེ་བརྗོད༔ ཐམས་ཅད་ང་ཡི་ངང་དུ་འདུས༔ ང་ཡི་དོན་ལ་གཡོ་བ་མེད༔ ཅེས་དང་༔ ཕྲ་བཀོད་ཆེན་པོའི་རྒྱུད་ལས༔ ཐེག་པ་གཅིག་ལ་དོན་བརྗོད་པས༔ སོ་སོའི་བཤད་གཞུང་བསམ་མི་ཁྱབ༔ སེམས་ཅན་མོས་པ་གོ་འབྱེད་ཕྱིར༔ རང་རང་འདོད་གཞུང་བསྟན་པའོ༔ དེ་ཡང་ཐེག་ཆེན་གསང་བ་ལས༔ ཡང་དག་ངེས་པའི་ལུང་བསྟན་པས༔ ཨ་ནུ་མན་ཆད་ཐེག་པ་རྣམས༔ རྩོལ་སེམས་བློ་ཡི་ཆོས་སུ་བསྟན༔ རང་གི་དོན་ལ་མཐའ་ཡས་ཀྱང་༔ གཞི་ལ་གཅིག་ལས་མེད་པར་བསྟན༔ ཐེག་པ་ཐེག་པ་ཞེས་བྱ་བ༔ གུད་ན་ཡོད་པ་མ་ཡིན་ཏེ༔ རིག་པ་སྟོབས་དང་ལྡན་པ་ན༔ ཐེག་པ་ཞེས་ནི་དེ་ལ་བྱ༔ རིག་པ་སྟོབས་དང་མི་ལྡན་ན༔ སྣ་ཚོགས་ཐེག་པ་བསམ་ཡས་འགྱུར༔ ཞེས་དང་༔ རྩལ་རྫོགས་ལས༔ སེམས་ཅན་བློ་ཡི་ནད་མང་ཡང་༔ ཐེག་པ་གཅིག་ལས་མེད་པར་གསུང་༔ ཐེག་པ་གཅིག་གི་ངོ་བོ་ནི༔ རང་རིག་གཅིག་ལ་འབེབས་པར་བྱེད༔ གསང་བའི་ཡེ་ཤེས་དོན་གྱི་སྐུ༔ དོན་དམ་ཡེ་ཤེས་ལྷུན་གྱིས་གྲུབ༔ གསང་དོན་སྐུ་ལ་ཕྲ་རགས་གསལ༔ ཐེག་པའི་མཐའ་ནི་གཅིག་གམ་གཉིས༔ དུ་མ་མེད་པར་རྒྱལ་བས་གསུངས༔ ཡི་གེ་གཅིག་དང་ཐེག་པ་གཅིག༔ རིག་པ་གཅིག་ཏུ་ཐམས་ཅད་འདུས༔ ཞེས་དང་༔ རང་ཤར་ལས༔ ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་༔ ཡེ་ཤེས་རྟོགས་ན་གཅིག་ལས་མེད༔ ཅེས་སོགས་གསུང་པ་དང་༔ སྤྱིར་ཐེག་གཅིག་ཏུ་བསྟན་པ་དང་༔ ཡང་རིམ་འཇུག་གི་དཔང་པོར་ལུང་ཚད་མས་ཀྱང་གོང་དུ་མས་བརྟན་གྱི་གོ་བ་དང་རྟོགས་པ་རྒྱུད་ལ་ཆགས་གྱིན་རྟོགས་པར་བྱ་ཡི༔ ཐག་རིང་གི་གཏམ་བཞིན་རང་ས་དེར་མ་གྲགས་པ་ཙམ་གྱིས་ནི་མེད་པར་མི་བལྟ་སྟེ༔ ཉན་རང་གི་ཐེག་པར་གསང་བདེ་སོགས་ཀྱི་མིང་མེད་པར་དེ་ལས་སྔགས་ལ་ཉེ་བ་དག་གིས་མ་འོངས་འབྱུང་འགྱུར་དུ་ལུང་བསྟན་པར་གྲགས་ལ༔ གསང་བདེ་སོགས་ན་ཨ་ཏི་ལ་སོགས་པའི་སྒོས་ཆོས་མེད་ཀྱང་༔ རིམ་འགྲེལ་དག་ལས་སྙིང་པོའི་ལུང་གི་མང་དུ་དཔང་ལ༔ སྙིང་པོ་སོགས་ལས་རྫོགས་ཆེན་གྱི་མཚན་ཙམ་བྱུང་ཡང་༔ སྒོས་ཆོས་གསལ་རྫོགས་སུ་མེད་ལ༔ རང་ས་ན་ཡོད་དེ༔ འདིར་བསྐལ་བས་མི་མཐོང་བ་སྒྲ་མི་སྙན་གྱི་ལྗོན་པ་མེད་པར་བལྟ་བའམ༔ མངོན་སུམ་མ་མཐོང་བ་མེད་པར་རྒྱང་འཕེན་དང་༔ ཟབ་པས་མ་རྟོགས་པ་མེད་པར་ཀ་དག་མིང་བྲལ་ལ་བློས་གཞལ༔ ལྷུན་གྲུབ་རང་བཞིན་དག་ལ་ཐེ་ཚོམ་ཟ་བས་རྩ་ལྟུང་གི་ཁ་ཚར་དུ་གྲུབ་མཐའ་སྨོད་པ་སུམ་ཆར་དུ་འབབས་པ་ནི༔ ཉི་ཟླ་བཀོད་པ་སྙིང་པོ་ལས༔ ཇི་སྲིད་སེམས་ཅན་བློ་ཡོད་པར༔ ཐེག་པ་སྣ་ཚོགས་གྲུབ་མཐའ་ཡོད༔ སངས་རྒྱས་དགོངས་པའི་ཀློང་གནས་ན༔ ཐེག་ཆོས་གྲུབ་པའི་བློ་ཡང་མེད༔ ཅེས་དང་༔ ཇི་སྐད་དུ༔ ཇི་སྲིད་སེམས་ནི་རྣམ་འཇུག་པར༔ ཐེག་པའི་མཐའ་ལ་ཐུག་པ་མེད༔ ཅེས་པའང་མ་མཐོང་བས་ཆོས་ཉིད་མངོན་སུམ་དུ་སྟོན་ཏོ༔ དེ་བས་ན་ཐེག་པ་གཅིག་ཏུ་གྲུབ་པར་ཐག་བཅད་དོ༔

གཉིས་པ་དེ་ཀུན་ལས་འཕགས་པའི་ཚུལ་ནི༔ གཞན་དག་ནས་ཚིག་སྤྱི་སྦས་པའི་མཐས་བཅིངས་པ་ལ་འདིར་མཐར་ཐུག་ཅིང་དེ་ལས་བོགས་དབྱུང་དུ་མེད་པར་རྒྱལ་བས་ཐད་ཀར་བཞག་པས་སོ༔

སྤྱི་དོན་གསུམ་པ་འབྲས་བུ་རྫོགས་པ་ཆེན་པོར་སྐུ་གསུམ་དགོངས་ཀློང་གཅིག་ཏུ་འཁྱིལ་བར་ཐག་བཅད་པ་ལ༔ རྟེན༔ བརྟེན་པ༔ མཛད་པ་གསུམ༔ དང་པོ་ནི༔ གཞི་སྐུ་གསུམ་རང་བྱུང་གི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པར་རྫོགས་ཚུལ་ཐག་བཅད་པ༔ ལམ་སྐུ་གསུམ་རང་བྱུང་ཡེ་ཤེས་ཀྱི་སྣང་ཚུལ་དུ་ཐག་བཅད་པ༔ འབྲས་བུ་སྐུ་གསུམ་རང་བྱུང་གི་ཡེ་ཤེས་སུ་གྲོལ་བར་ཐག་བཅད་པ༔ ཉམས་སྐུ་གསུམ་རང་བྱུང་གི་ཡེ་ཤེས་ལ་མཐོང་བ་དག་པར་ཐག་བཅད་པ༔ དེ་དག་གི་མཐའ་བསྡུ་བ་དང་ལྔ་ལས༔

དང་པོ་ནི༔ གཞི་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པར་བཞུགས་ཚུལ་སྔར་གཞི་དང་གཞི་རྒྱུད་ཀྱི་དུས་སུ་བཤད་པ་བཞིན་ལ༔ ལུང་སྦྱོར་གྱིས་ཅུང་ཟད་སྤྲོས་ན༔ ད་ལྟ་སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ༔ རང་བཞིན་གསལ་བ་ལོངས་སྐུ་ཐུགས་རྗེ་ཀུན་ཁྱབ་གདལ་བ་སྤྲུལ་སྐུ་གསུམ་མ་བརྩལ་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་སངས་རྒྱས་དང་སེམས་ཅན་ཀུན་ལ་བྲི་གང་མེད་པར་ཁྱབ་པར་གནས་པའི་རྒྱུད་དེ༔ སྙིང་གི་མེ་ལོང་ལས༔ བརྗོད་མེད་བསམ་བྲལ་རིག་པ་ཆོས་ཀྱི་སྐུ༔ དཔག་ཏུ་མེད་པ་ཡུལ་ལས་འདས་པས་རིག་པ་ཆོས་ཀྱི་སྐུ༔ གསལ་ལ་མ་འདྲེས་སོ་སོའི་མཚན་ཉིད་ལྡན་པས་རིག་པ་ལོངས་སྤྱོད་སྐུ༔ མ་འགགས་ཡོངས་ལ་ཁྱབ་པས་རིག་པ་སྤྲུལ་པའི་སྐུ༔ ཞེས་དང་༔ ཐུན་མོང་གི་འཇམ་དཔལ་ལས༔ སོ་སོ་རང་རིག་མི་གཡོ་བ༔ མཆོག་གི་དང་པོ་སྐུ་གསུམ་འཆང་༔ ཞེས་དང་ཀུན་བྱེད་ལས༔ ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལ༔ མ་བརྩལ་རང་བཞིན་ལྷུན་གྱིས་གྲུབ་པ་སྟེ༔ རྒྱལ་བ་ཀུན་གྱི་ངོ་བོ་སྐུ་གསུམ་པོ༔ ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ༔ ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས༔ ང་ཡི་ཐུགས་རྗེ་མ་བཅོས་སྤྲུལ་སྐུ་གསུམ༔ བརྩལ་ནས་གྲུབ་པའི་འབྲས་བུར་བསྟན་པ་མིན༔ ཞེས་དང་༔ སྔ་མ་ལས༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སེམས་ཅན་ཀུན་གྱི་ཡིད་ནང་གནས༔ ཀུན་དོན་ཡོན་ཏན་གསུམ་གྱི་བདག༔ ཞེས་སོ༔ སྔར་མ་འཐུས་པ་གཞན་ཡང་སྐུ་གསུམ་གྱི་ཆོས་ཉིད་བདེ་ཆེན་འཕོ་འགྱུར་མེད་པའི་ངོ་བོ་ཉིད་སྐུ༔ དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་གདལ་བའི་ཆ་ནས་རྡོ་རྗེ་སྟེ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་བཞུགས་པ་སྟེ༔ མེ་ལོང་ལས༔ བདེ་ཆེན་ཀློང་དུ་འགྱུར་མེད་གནས་པས་ངོ་བོ་ཉིད་ཀྱི་སྐུ༔ འགྲོ་བ་ཀུན་ལ་གནས་པས་རིག་པ་རྡོ་རྗེ་འཛིན་པའི་སྐུ༔ ཞེས་སོ༔ དེ་དག་ཀྱང་འཇམ་དཔལ་མཚན་བརྗོད་དུ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན༔ ཞེས་དང་༔ ཕྲེང་བ་ལས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ནི༔ སོགས་ལྟར་དང་༔ ཉི་ཟླ་ཁ་སྦྱོར་ལས༔ རང་བཞིན་གནས་པའི་བར་དོའི་སེམས་ཅན་ལུས་ཀྱིས་བསྡུས་པ་ཐམས་ཅད་ལ་མྱ་ངན་ལས་འདས་པའི་རྒྱུ་ནི་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པར་གནས་པ་ཡིན་ནོ༔ དེ་ཡང་སྐུ་རྣམས་ཀྱི་བདག་ཉིད་དང་༔ ཞེས་སོ༔

གཉིས་པ་ནི་གཞི་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ལམ་གཞི་སྣང་གི་འཆར་ཚུལ་གདངས་གསུམ་སྐུ་གསུམ་གྱི་རོལ་བར་མ་འགགས་པ་ལས་རིག་པ་འོད་ཀྱི་ཁང་བ་ན་བཞུགས་པའི་དུས་ཐམས་ཅད་པར་ཡང་མཚུངས་ཆོས་ཀུན་གྱིས་འདུ་འབྲལ་མེད་པར་འཁོར་བའི་ལ༵མ་དུ་ཡང་༔ སྣང་ཕྱེད་སྣང་སྣང་མིན་སྐུ་གསུམ་དང་སྐུ་གསུང་ཐུགས་ལ་སོགས་ཐམས་ཅད་ཀྱང་བཞིན་དང་བརྙན་ལྟར་དང་༔ དབྱིངས་ལྔའི་རང་བཞིན་ནང་འབྱུང་ཡུམ་ལྔའི་གཟུགས་བརྙན་འབྱུང་གཟུགས་དང་༔ ཡབ་ལྔ་ཕུང་ལྔར༔ རྡོ་རྗེའི་ཚོགས་རྒྱུད་རྣམ་ཤེས་གསུམ་སྣང༵་བ་དང་༔ སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་ལ་བདག་ཏུ་བཟུང་བས་སྣང་བར་བཅས་པའང་ལམ་སྣང་ཡིན་ཏེ༔ རང་ཤར་ལས༔ སངས་རྒྱས་ཀུན་གྱི་དགོངས་པ་ནི༔ སེམས་ཅན་ཀུན་གྱི་ལམ་ལ་གནས༔ ཞེས་གསུངས་ལ༔ གཞི་སྣང་རང་ངོ་ཤེས་པས་སངས་རྒྱས་རང་སྣང་སྐུ་དང་ཡེ་ཤེས་རྒྱན་སྟུག་པོ་བཀོད་པའི་ཆུ་ཟླ་ཕྱེད་སྤྲུལ་སོགས་ཀྱང་དག་པ་མྱང་འདས་ཀྱི་ལམ་སྣང་ཡིན་ཏེ༔ ནང་དབྱིངས་ཀ་དག་གི་ཀློང་ལས་ཐུགས་རྗེ་ཕྱི་གསལ་དུ་འཕོས་པས་སོ༔ འོ་ན་མི་འཐད་དེ༔ སྣང་གསུམ་གཅིག་ཏུ་གྱུར་པའི་སྐྱོན་དམིགས་སོ་ན༔ དེ་ནི་སྦུབས་གསུམ་གཅིག་ཏུ་འདྲིལ་བའི་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཉིད་དབྱིངས་སུ་འཁྱིལ་བ་དང་དེ་ཉིད་ཀྱི་རྒྱན་བཀྲམ་པ་དང་༔ གཡོན་པོར་བལྟས་པའི་ཁྱད་པར་ཙམ་དུ་ཕྱེ་ཞིང་གནས་ལུགས་ལ་ཡེ་ཤེས་ཀྱི་དབྱིངས་སུ་ཚུལ་གཅིག་པས་ཀྱང་སྐྱོན་མེད་དོ༔ ཡང་ལམ་རྣམ་འབྱོར་བས་མཉམ་རྗེས་སྤྲོས་བྲལ་ལམ་གྱི་རིག་པ་ལའང་སྐུ་གསུམ་དང་ལྔ་སྟེ༔ མཉམ་བཞག་གི་དུས་ཆོས་སྐུ༔ རྗེས་ཐོབ་སྤྲུལ་སྐུ༔ གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ་སྟེ༔ རང་ཤར་ལས༔ རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ༔ རིག་པ་འགགས་མེད་གསལ་བ་ལོངས་སྤྱོད་དོ༔ རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ ཞེས་སོ༔ ཡང་སྐུ་ལྔ་ལྷུན་གྱིས་གྲུབ་པར་སྣང་བའང་༔ ཀུན་མཁྱེན་གྱིས་གྲུབ་མཐའ་རིན་པོ་ཆེར༔ རྩེ་གཅིག་སྤྲོས་པ་དང་བྲལ་བའི་ཆོས་སྐུ༔ རང་གསལ་འཛིན་པ་མེད་པས་ལོངས་སྐུ༔ སྣ་ཚོགས་ཡུལ་ལ་ཤར་བས་སྤྲུལ་སྐུ༔ ཚོགས་བརྒྱད་རྣམ་ཤེས་ལོགས་པའི་བྱང་ཆུབ༔ དབྱིངས་ལ་འཕོ་འགྱུར་མེད་པས་རྡོ་རྗེར་བཞག་པར་མཛད་པ་ཡང་རང་བྱུང་གི་ཡེ་ཤེས་ཀྱི་སྣང་ཚུལ་དེ་ལྟར་འཁོར་བ་སེམས་དང་༔ མྱང་འདས་རིག་པའི་དག་སྣང་ལས༔ འཁོར་བ་མེད་སྣང་དུ་ཐག་བཅད་པར་བྱའོ༔ གཞན་གནས་པ་ཆོས་སྐུ༔ འགྱུར་བ་ལོངས་སྐུ༔ རིག་པ་སྤྲུལ་སྐུར་བཞག་པའང་ཡིན་མིན་ཆ་རེར་བཞག་ཏུ་ཡོད་ཀྱང་ལམ་སྣང་དུ་བཞག་གོ༔

གསུམ་པ་འབྲས་བུ་སྐུ་གསུམ་རང་བྱུང་གི་ཡེ་ཤེས་སུ་གྲོལ་བར་ཐག་བཅད་པ་ནི༔ དེ་ལྟར་གཞིར་གནས་ཀྱི་སྐུ་གསུམ་པོ་དེ་དག་གི་རང་བཞིན་ད་ལྟ་ལམ་གྱི་དུས་སུ་ལྟ་བས་གཏན་ལ་ཕེབ་ནས་བསྒོམ་པས་ཉམས་སུ་བླངས་ཏེ་བཏང་བཞག་མེད་པར་མངོན་དུ་གྱུར་བ་ལས་བྱང་ཆུབ་མཆོག་གི་སྐུ་གསུམ་ཡེ་ཤེས་ལྔ་མཛད་པ་དང་བཅས་པ་ལྷུན་གྱིས་རྫོགས་པ་ནི་གྲོལ་བར་ཐ་སྙད་གདགས་ཀྱང་དོན་དུ་ཡེ་གནས་བདེ་བར་གཤེགས་པའི་རང་བཞིན་སྣང་སྟོང་གི་ཁྱབ་པ་གཉིས་ཀའི་གཤིས་དེར་ཕྱིན་ཅི་མ་ལོག་པར་ཤར་བའི་ཤེས་རབ་ཀྱི་རྩལ་གྱིས་འཕགས་པ་ཁྱད་ཆོས་དྲུག་གི་ཚུལ་དུ་སྐུར་སྨིན་པ་ཅན་དུ་གྱུར་པས་ཡེ་ཤེས་དབྱིངས་སུ་འཁྱིལ་པའོ༔ ས་གཞན་ནས་ལམ་གྱིས་རྙེད་ཅིང་སྨིན་པ་མིན་པས་ན༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ནི་སྨིན་པ་དང་མ་སྨིན་པ་མི་མངའ་འོ༔ དེའི་ཕྱིར་ན་བསྒོམ་པས་འབྲས་བུ་མི་རྙེད་པར་མན་ངག་གོ༔ ཞེས་སོ༔ དེ་ལྟར་ན་འབྲས་བུ་སྐུ་གསུམ་རང་ལ་གནས་པར་ཐག་བཅད་དེ༔ རྒྱལ་ཚབ་པས༔ རྫོགས་སངས་རྐུ་ནི་འཕྲོ་ཕྱིར་དང་༔ ཞེས་ཀྱང་ཤེས་པར་བྱ་ལ༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཞེས་རྒྱུ་ལས་མ་བྱུང་བའི་འབྲས་བུ་བསྟན་ཏོ༔ རྫོགས་ཆེན་ལས༔ དེ་ལྟར་སྐུ་ལྔ་པོ་སེམས་ཅན་ཐམས་ཅད་ཀྱི་རང་རྒྱུད་ལ་གནས་པས་དེའི་དོན་ཐུགས་སུ་ཆུགས་ཅིག༔ ཅེས་སོ༔ དེ་ལ་ཁ་ཅིག་གིས༔ གལ་ཏེ་གཤེགས་སྙིང་སོགས་རྟག་པར་ངེས་ནས་རྒྱུན་ཆགས་པའི་རྒྱུད་ན་དེ་བདག་ལྟ་དང་ཁྱད་མེད་དོ་ཟེར༔ ཡང་སྟོང་པས་ཁྱབ་པ་ལ་ཟེར་རོ་སྙམ་དུ་འདུག་སྟེ༔ གལ་ཏེ་མི་རྟག་པའི་སངས་རྒྱས་ཆོས་སྐུའམ་ལོངས་སྐུ་ནི་འདུས་བྱས་འགྱུར་བའི་ཟུག་རྔུ་མ་སྤངས་བས་སྡུག་བསྔལ་གྱིས་ཁྱབ་པ་གང་དེ་ནི་ལོག་པར་ལྟ་བ་རྔམས་པོ་ཆེ་ཞིག་ཡིན་པར་ཐ་མའི་མདོར་གསུངས་ལ༔ ཚད་མས་དཔྱད་ཀྱང་གྲུབ་པ་དང་༔ འདུས་བྱས་མི་རྟག་པའི་རྣམ་མཁྱེན་སྡུག་བསྔལ་མིན་པ་ཞིག་ཡོད་པར་བཤད་པའང་བཀའ་རྟགས་ཀྱི་ཕྱག་རྒྱ་རྣམས་ལ་ངེས་སོ་མེད་པའི་མཚང་ཅན་དུ་རང་ཚིག་གིས་བསྟན་པ་ལ་རྨ་འབྱིན་ཉེན་པས་གཟོབ་པ་ལྷུར་བླངས་འཚལ༔ ཡང་སྟོང་ཉིད་ཆོས་སྐུ་ཁྱབ་པའང་༔ སྣང་ཆ་ཀུན་རྫོབ་དག་ཆེན་རྒྱན་ཀུན་ཏུ་བཟང་པོར་མེད་ན་ཆོས་སྐུ་སྤྲོས་བྲལ་ཞེས་པ་དངོས་པོ་མེད་རྐྱང་སྒྲ་བློ་ཙམ་དུ་བས་ཏེ༔ ཟུང་འཇུག་གི་ཆོས་སྐད་ཀྱང་སྟོང་བའི་དབྱིངས་ན་མི་གནས་པས་མཚར་ཞིག་གི་རི་རྭ་ལ་ཡོད་པའང་མེད༔ མེད་པའང་མེད་ཙམ་དུ་སྨྲས་པས༔ གང་ལ་སྟོང་པ་ཉིད་རུང་བ༔ དེ་ལ་ཐམས་ཅད་རུང་བའི་ཐ་ཚིག་ལ་དཔེ་ཉེར་འཇལ་ལ་སོགས་པའང་མེད་ལ༔ འདུས་བྱས་ཀྱི་རྒྱུ་རྐྱེན་ཀྱང་༔ ནས་ལས་འབྲས་མི་འབྱུང་བ་བཞིན་མིན་པས་མིན་པ་མི་བསྐྱེད་པས་འཁོར་བའི་རྒྱུ་ལས་མྱང་འདས་ཀྱི་འབྲས་བུ་མི་འབྱུང་ལ༔ མེད་དགག་གི་རི་རྭའི་འབྲས་བུ་སངས་རྒྱས་སྐུ་གསུམ་འབྱུང་བ་མེད་པར་ཤེས་པར་བྱ་དགོས༔ གལ་ཏེ་བྱུང་ཡང་འདུས་མ་བྱས་སྟོང་ཉིད་འགྱུར་ནས༔ འདུས་བྱས་འཁོར་འདས་སུ་གྱུར་བ་ཅིའི་མིན༔ མེད་པ་ནས་ཡོད་པར་འབྱུང་ན་ཕྱོགས་མཐའི་གཏུག་པར་རྒྱུ་རྐྱེན་མེད་པའི་མ་ཡིན་དགུ་སྲིད་ཅིག་གེགས་མེད་པར་འབྱུང་ཞིང་༔ དེ་སོགས་བསམ་ཡས་པའི་གནོད་པ་འབད་མེད་དུ་གྲུབ་པ་རིག་པ་ལས་འབྱུང་ཞིང་རྒྱུ་མེད་དགག་པ་དོན་མེད་པར་འགྱུར་རོ༔ དེ་ལྟར་ན་འབྲས་བུ་སངས་རྒྱས་ཀྱི་ལོངས་སྐུ་དང་ཆོས་སྐུ་མི་རྟག་པར་ལྟ་བ་ནི་ཐེག་པ་ཆེན་པོ་པ་མིན་པར་ཤེས་སོ༔ འདུས་མ་བྱས་ལ་མི་རྟག་སོགས་ཀྱིས་ཁྱབ་པའི་སྨིན་འབྲས་རྒྱུ་རྐྱེན་འདུས་བྱས་ཅན་ནི་དེ་ལྟར་ངེས་པ་འགྱུར་རོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ ཞེས་པའང་དགོངས་པ་དེ་འགྲེལ་པ་ཡིན་པར་འགྱུར་རོ༔

གསུམ་པ་༼ བཞི་པ་དཔྱད ༽ཉམས་སྐུ་གསུམ་རང་བྱུང་གི་ཡེ་ཤེས་སུ་མཐོང་བ་དག་པར་ཐག་བཅད་པ་ནི༔ གང་ཟག་བརྩོན་འགྲུས་ཅན་ཐོད་རྒལ་གྱི་ལམ་ཐོག་ནས་གྲོལ་བ་ལ་སྐུ་གསུམ་ལུགས་ལྡོག་ཏུ་བྱང་ཆུབ་པ་དང༔ ལེ་ལོ་ཅན་ཁྲེགས་ཆོད་ཀྱི་གཞི་ཐོག་ཏུ་གྲོལ་བར་གྱུར་པ་ལ་སྐུ་གསུམ་ལུགས་འབྱུང་དུ་འཆར་བ་དག་ནི༔ སྣང་ཉམས་མངོན་སུམ་གྱི་རྟོགས་པ་ཀུན་ཏུ་བཟང་པོར་མཐོང་བ་དག་རིམ་ལས་རང་སྣང་ཡེ་ཤེས་ཀྱི་ལམ་དུ་སྐུ་གསུམ་ལུགས་ལྡོག་གི་ནང་གསེས་ཀྱི་འཆར་ཚུལ་ཟད་པ་བཞིར་དག་པའི་བར་གྱི་ཉམས་སུ་ཐག་བཅད་པར་བྱའོ༔ ཤེས་ཉམས་བདེ་གསལ་མི་རྟོག་པའི་ཉམས་དང་འབྱུང་བཞིའི་རླུང་བཅུ་དག་པའི་རྟགས་བཅུ་བདུད་བཞིའི་གནས་འཕོ་ཁའི་བུ་ལོན་ལྡང་བ་ལྟར་སློང་རིམ་སྣ་ཚོགས་པ་དག་ཀྱང་༔ མ་རིག་པའི་རྒྱུ་འབྲས་འགགས་རིམ་ཉིད༔ རང་རིག་པའི་རང་བྱན་ཚུད་སྟོབས་ཀྱིས་འཕེལ་འགྲིབ་སྣང་སྟོང་གི་ཉམས་གཉིས་གཉིས་དུས་གཅིག་ཏུ་ཉི་མའི་སྣང་བ་ཉེ་རིམ་མུན་པའི་སྐྱོན་དག་རིམ་ཅིག་ཆར་བ་བཞིན་པས་རང་ཤར་ལས༔ འཁྲུལ་སྣང་འགགས་ན་དག་སྣང་སྐྱེ༔ ཞེས་པས༔ དེ་བས་ན་རང་བྱུང་ཡེ་ཤེས་ཀྱི་མཐོང་བ་དག་པར་བཞག་གོ༔ དོན་ལ་སྣང་ཉམས་སྐུ་གསུམ་གྱི་མཐོང་བ་དག་པའི་འཆར་ཚུལ་དངོས༔ ཤེས་ཉམས་ནི་དེའི་སྟོབས་ལས་བསླང་བ་ཡིན་པས༔ དེ་སྐུ་གསུམ་གྱི་རང་བཞིན་དུ་ཐག་བཅད་དེ་ཞེན་ནས་དག་གྲོལ་གྱིས་འཁོར་བའི་སྙི་ལ་ཐོགས་པ་དང་༔ ངོ་བོ་མི་རྟོགས་པ༔ རྩལ་ཤར་གྲོལ་དུ་སྐྱོང་ཟེར་བ་དག་དང་༔ གཞན་ཡང་གོལ་སར་བཤད་པས་རྣམ་པར་འགྲོ་བ་ཡིན་པས༔ འདིར་བསྒོམ་ཆེན་པའི་ལམ་རྟགས་སུ་གྱུར་བའི་མཐོང་བ་དག་པར་ཡང་བཞག་པ་ཡིན་ལ༔ གཞན་དུ་མི་འཆར་བའང་མིན་པས་དབང་བཙན་ལས་བཞག་ཚུལ་ཙམ་དུ་ཤེས་པར་བྱ་ལ༔ བདེ་གསལ་མི་རྟོག་དེ་དག་སྐུ་གསུམ་དངོས་ཡིན་ན་དེ་མཐོང་བས་སངས་རྒྱས་སུ་མི་འགྱུར་མི་སྲིད་པའི་ཕྱོགས་ལས་གཞལ་མི་བདེ་བས་ན་རང་བྱུང་ཡེ་ཤེས་ཀྱི་མཐོང་བ་དག་པར་གཉིས་ཀའང་བཤད་དོ༔ ཚུལ་དེ་དང་མཐུན་པར་བྱམས་པས༔ མ་དག་མ་དག་དག་པ་དང་༔ ཤིན་ཏུ་རྣམ་དག་གོ་རིམ་བཞིན༔ ཞེས་པ་ཀུན་བཟང་ཐུགས་མེ་ལས༔ སྐུ་ཡི་དཀྱིལ་འཁོར་གསུངས་ལ་རོལ༔ ཞེས་པས་སྣང་བ་སུམ་ཆར་དུ་བཤད་དོ༔

དེ་དག་གི་མཇུག་བསྡུ་བ་ནི༔ གོང་དུ་བཤད་པའི་སྐུ་གསུམ་གཞི་ལམ་འབྲས་བུ་ཉམས་ཀྱི་རྣམ་པ་བཞི་པོ་ཡང་རང་བྱུང་གི་ཡེ་ཤེས་དོན་དམ་གྱི་ངོས་ནས་གཞལ་ན་དབྱེར་མེད་པས་རྫོགས་པ་ཆེན་པོ་ས་གཅིག་པ་ལ་སྤྲོས་པ་ཟད་ཅིང་སྦུབས་གསུམ་ཐིག་ལེ་ཉག་གཅིག་ཏུ་འདྲིལ་བ་སྤྲིན་འོག་གི་ཉི་མ་དང་ཅུང་ཟད་དང་ཅུང་ཟད་ཤིན་ཏུ་སྤྲིན་བྲལ་དག་པའི་ངོ་བ་ལ་ཁྱད་པར་མེད་པར་གནས་པ་ལྟ་བུར་ཐག་ནང་ནས་ཆོད་པར་བྱེད་དགོས་ཏེ༔ དེ་ཡང་མཐར་ཐུག་ཆོས་སྐུ་འདུས་མ་བྱས་པའི་རྒྱུ་རྐྱེན་ལ་རག་མ་ལུས་པ་དང་༔ དེ་ཐོབ་ཏུ་ཡོད་པར་སུས་ཀྱང་འདོད་པའི་ཕྱིར་ད་ལྟ་ནས་ཡོད་དགོས་པར་གྲུབ་པས་འོད་ཟེར་ཉིན་མོའི་མགོན་པོའི་སྟོང་ཐུན་འདི་ཉིད་ཀྱང་འབྱོར་ཏེ༔ གཞི་འབྲས་བདག་གཅིག་གི་བདེ་གཤེགས་སྙིང་པོ་ལས་རང་གདངས་དང་ལོག་གདངས་ཀྱི་ལམ་དུ་སྣང་བ༔ འཁོར་འདས་ཉམས་གསུམ་གྱི་ལྡོག་པར་ཐ་དད་དུ་བྱས་པ་ངོ་བོ་ཉིད་དུ་རོ་མཉམ་པས་སོ༔ དེ་སྐད་དུའང་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ སེམས་ཀྱི་མུན་གསེབ་རིག་པ་སྟེ༔ སྤྲིན་གསེབ་ཉི་མའི་སྙིང་པོ་འདྲ༔ ངོ་བོ་གཞི་ཡི་ཆོས་སྐུ་དང་༔ རྟོགས་པའི་ཡེ་ཤེས་ཆོས་སྐུ་གཉིས༔ ངོ་བོ་གཞི་ལ་ཐ་དད་མེད༔ ཉི་མ་རང་གི་ངོ་བོ་ལ༔ མུན་སྒྲིབ་གྲང་བ་ཡང་ཡང་མེད༔ གློ་བུར་སྤྲིན་གྱིས་སྒྲིབ་པའི་ཚེ༔ཉི་འོད་མེད་པ་མ་ཡིན་ཏེ༔ ངོ་བོ་འཕེལ་འགྲིབ་གང་ཡང་མེད༔ རྟོགས་དང་མ་རྟོགས་ཁྱད་པར་ལས༔ སངས་རྒྱས་སེམས་ཅན་གཅིག་པའི་ཕྱིར༔ གཞི་ལ་དུས་གསུམ་འགྱུར་མེད་ཡིན༔ ནམ་མཁའི་ངང་དུ་སྤྲིན་དེངས་ལྟར༔ ང་ཡི་ཆོས་སྐུ་ངོས་ཟིན་ན༔ ཐོག་མ་མེད་ནས་བསགས་པ་ཡི༔ རྣམ་རྟོག་སྤྲིན་ནི་དཔག་ཏུ་མེད༔ རྣམ་དག་སྟོང་པའི་ངང་དུ་སངས༔ ཞེས་པའི་ཚུལ་ལོ༔ ཡང་དབྱེ་བསྡུས་དབང་དུ་སྐུ་ལྔ་ཡང་སྐུ་གསུམ་དུ་འདུས་ཏེ༔ རྡོ་རྗེ་མངོན་བྱང་གཉིས་ཆོས་སྐུར་འདུས་ཤིང་༔ ལོངས་སྐུ་རང་ལའང་སྐུ་ལྔ་ཡོད་པས་དབྱེ་བ་དང་རིགས་ལྔ་ཆོས་ལྔ་སོགས་ལྔ་ཚན་གྱི་དབྱེ་བ་རང་བཞིན་གྱི་སྣང་བར་བཤད་པ་དང་༔ སྤྲུལ་སྐུའི་དབྱེ་བ་མཛད་ཕྲིན་དང་བཅས་པ་ཐམས་ཅད་ཀྱང་གཞི་ལམ་འབྲས་བུ་ཉམས་བྱུང་གི་བཞི་པོ་ལ་ཆོས་ཚུལ་བརྩིར་ཡོད་ཅིང་༔ གཞན་ཐམས་ཅད་ཀྱི་དབྱེ་བ་འདིར་གསུམ་པོ་ལ་འདུས་པར་སོ་སོའི་དོན་སྦྱོར་སྔར་ཡོད་རྣམས་སྤྲོས་པ་བསྐྱུང་བའོ༔

དོན་གཉིས་པ་བརྟེན་པ་ཡེ་ཤེས་ལྔ་དོན་སྦྱོར་དང་བཅས་པ་ལ༔ གཞི་ལམ་འབྲས་བུའི་རྣམ་གྲངས་གསུམ་ལས༔ དང་པོ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འཆར་བའི་གཞིར་གྱུར་བས་གཞིར་གནས་ཀྱི་ཡེ་ཤེས་ཆེན་པོར་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་བར་གནས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ སྟོང་པ་དེ་རིག་པ་འགགས་པ་མེད་པར་འདུག་པས་མེ་ལོང་༔ སྟོང་པ་དེ་ཉིད་རིག་པ་ཡིན་ལ་རིག་པ་ཉིད་སྟོང་པ་ཡིན་ཏེ༔ སྟོང་རིག་དབྱེར་མི་ཕྱེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ སྟོང་རིག་གཉིས་སུ་མེད་པས་ཐམས་ཅད་མཁྱེན་པས་སོར་རྟོག༔ དངོས་མེད་ཀྱི་ཡེ་ཤེས་དེ་རྡོས་ཅན་གྱི་ཆོས་མ་ཡིན་པར་ཡོན་ཏན་གྱི་སྒོ་ཡངས་པ་སྟེ༔ རྩལ་ཕྱོགས་མེད་དུ་གང་ལའང་མ་ཐོགས་པར་འབྱུང་བས་བྱ་གྲུབ་ཡེ་ཤེས་ཏེ༔ དེ་ལྟ་བུའི་ཡེ་ཤེས་ལྔ་པོ་གཞི་ལ་ལྷུན་གྱིས་གྲུབ་པས་རྩོལ་སྒྲུབ་རྒྱུ་རྐྱེན་ལ་རག་མ་ལས་པར་ངོ་ཤེས་པའི་ཐོག་ཏུ་མ་བཅོས་རང་སར་བཞག་པས་ཆོག་པར་ཐག་གཅིག་ཐོག་ཏུ་བཅད་དེ༔ སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས༔ རིག་པའི་ངོ་བོ་སྟོང་པར་འདུག་པ་ཡི༔ སྟོང་པ་ཉིད་དེ་ཆོས་དབྱིངས་ཡེ་ཤེས་ཡིན༔ དེ་ཉིད་མ་འགགས་ངང་གིས་གསལ་བ་ཡི༔ མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ རིག་པ་སྟོང་གསལ་གཉིས་མེད་མཉམ་པ་ཡི༔ གཉིས་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ རིག་པ་དེ་ཡི་ངོ་བོ་ལ༔ སྟོང་གསལ་མཉམ་པའི་ཕྱོགས་གསུམ་པོ༔ གང་ནས་བལྟས་ཀྱང་དེ་ལྟར་འདུག༔ དེ་ལྟར་སོ་སོར་མ་འགགས་ཆ་ནས་ནི༔ སོ་སོར་རྟོགས་པའི་ཡེ་ཤེས་སོ༔ དོན་དེ་རྫོགས་པའི་རྩལ་གྱིས་ནི༔ བྱ་བ་ཐམས་ཅད་ཐོགས་པ་མེད་པར་འདུག༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ སྐུ་གསུམ་ཡེ་ཤེས་ལྔ་པོ་སྟེ༔ ཆོས་སྐུ་རང་ལ་ལྷུན་གྱིས་གྲུབ༔ ཅེས་དང་༔ ཁོ་ན་ཉིད་ཀྱི་རྒྱུད་ལས༔ ངོ་བོ་སྟོང་པའི་ངང་གནས་པས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ འགགས་པ་མེད་པར་འོད་གསལ་བ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ དེ་དང་མ་བྲལ་མཉམ་པ་ཉིད༔ ཤེས་རབ་མ་འགགས་མཉམ་པ་ཉིད༔ སོར་རྟོག་བྱ་གྲུབ་ཡེ་ཤེས་སོ༔ ཞེས་སོ༔

གཉིས་པ་ལམ་དུ་ནི༔ རྣལ་འབྱོར་པའི་མཉམ་རྗེས་དབྱེར་མེད་ཀྱི་ཡེ་ཤེས་ལ་བརྩི་བ་སྟེ༔ དེ་ཡང་སེམས་དང་སེམས་བྱུང་གི་རྣམ་པར་རྟོག་པ་ཕྲ་རགས་ཉེ་བར་ཞི་ཞིང་རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་དབྱིངས་ཡེ་ཤེས༔ ཡེ་ཤེས་ཀྱི་རང་མདངས་མ་འགགས་རང་གསལ་བས་མེ་ལོང་ཡེ་ཤེས༔ ཡུལ་རྐྱེན་གྱིས་མི་གཡོ་བ་དང་༔ ངོ་བོ་སྣང་སྟོང་མཉམ་ཉིད་གཅིག་རྫོགས་ཀྱི་ལྡོག་ཆ་མ་འདྲེས་ཡོངས་སུ་རྫོགས་པས་མཉམ་ཉིད༔ འབྱེད་པ་མེད་པས་ལུང་མ་བསྟན་དུ་མ་སོང་བར་སྣང་སྟོང་ཟུང་འཇུག་རང་རིག་པའི་ཚུལ་དུ་ཉམས་སུ་མྱོང་བ་མེད་ལ་མྱོང་བའི་ཐ་སྙད་ཤེས་རབ་ཀྱི་རྩལ་མ་འགགས་པས་འབྱེད་པས་སོ་སོར་རྟོག་པའི་ཡེ་ཤེས༔ དག་གྲོལ་གཉིས་ལྡན་གྱི་ཡེ་ཤེས་ཆེན་པོའི་ཡོན་ཏན་གྱི་ཆོས་རྣམས་ཡོངས་སུ་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སྟེ༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་དབྱིངས་ཡེ་ཤེས་དང་༔ རིག་པ་གསལ་ལ་དྭངས་བས་མེ་ལོང་ཡེ་ཤེས་ངང་༔ རིག་པ་མི་གཡོ་མཉམ་པར་གནས་པའི་མཉམ་ཉིད་ཡེ་ཤེས་ངང་༔ རིག་པ་དུ་མར་སྣ་ཚོགས་རྟོག་པའི་སོར་རྟོག་ཡེ་ཤེས་ངང་༔ རིག་པ་འཛིན་རྟོག་དབྱིངས་སུ་ནུབ་པའི་བྱ་གྲུབ་ཡེ་ཤེས་ཡིན༔ ཞེས་དང་༔ རང་ཤར་ལས༔ ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང་༔ མེ་ལོང་ཡེ་ཤེས་མ་འགགས་གསལ༔ མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས༔ སོར་རྟོག་ཡེ་ཤེས་གོ་ཞིང་རྟོགས༔ བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས༔ ཞེས་དང་དགོངས་འདུས་ལས༔ མི་རྟོག་ཆོས་དབྱིངས་མེ་ལོང་གསལ༔ གཉིས་སུ་མེད་པས་ཐམས་ཅད་མཉམ༔ སྣ་ཚོགས་མཚན་ཉིད་མ་འདྲེས་མཁྱེན༔ ནན་ཏན་ཆེན་པོ་ལྷུན་གྲུབ་མཛད༔ ཅེས་པ་ལྟར་རོ༔

གསུམ་པ་འབྲས་བུ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་དུ་གྱུར་བ་ནི༔ འབྲས་བུ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་བོ་ཡང་ད་ལྟ་གཞི་རིག་ལ་ལྷུན་གྱིས་གྲུབ་པས་མའི་འོད་གསལ་ཉིད་ལ་རྣལ་འབྱོར་བའི་ལམ་གྱི་རིག་པ་བུའི་འོད་གསལ་གྱིས་མཉམ་པར་བཞག་པས༔ ཅི་ཞིག་ན་ལས་ཉོན་ཤེས་བྱ་མཐའ་དག་གི་སྒྲིབ་པ་ལས་གྲོལ་ནས་མངོན་དུ་གྱུར་ཏེ༔ གཤིས་ཅི་བཞིན་པ་ལ་ཡེ་ཤེས་ཤར་བ་ལས་གཞན་ནས་སྨིན་འབྲས་ལྟར་མིན་པའི་ཕྱིར་ན༔ ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་ལྡན་ཡོན་ཏན་ཆ་ནས་ལྡན༔ དེ་ཉིད་རང་གི་སེམས་ཉིད་དེ༔ ལོགས་ནས་འབྱུང་བ་མ་ཡིན་ནོ༔ ཞེས་སོ༔ ༔

གསུམ་པ་མཛད་པ་ཕྲིན་ལས་ནི༔ ཞི་རྒྱས་དབང་དྲག་བཞི་གཞི་དང་ལམ་ལ་རྫོགས་ཚུལ་སྔར་བཤད་པ་ལྟར༔ རང་ཤར་ལས༔ ཕྲིན་ལས་རྣམ་པ་བཞི་ཡི་དོན༔ དེ་བཞིན་གཞི་ལ་རྫོགས་པའོ༔ ཞེས་དང་༔ ཡང་གཞི་སེམས་ཅན་གྱི་དུས་སུ་རྣམ་སྨིན་གྱི་ལུས་ལ་བརྟེན་ཚུལ་ལས་སྙིང་ཀའི་རྩ་ཆེན་བཞིའི་འོད་གདངས་ལ་བཤད་པ་དང་༔ ཡང་སྙིང་ཀ་ན་འོད་དཀར་པོ་ཞི་བའི་འོད་དང་༔ སྐུར་རྒྱས་པས་རྒྱས་པའི༔ མིག་གི་རྒྱང་ཞགས་ལས་སྒྲོན་མ་བཞིའི་སྣང་བཞི་དབང་དུ་སྡུད་པ་དང་༔ རིག་གདངས་དབང་སྒོ་ནས་ཐོན་ཏེ་རྟོག་ཚོགས་སེམས་ཀྱི་འཕྲོ་འདུས་མ་རྟོགས་ན་འཁྲུལ་སྣང་དང་༔ རྟོགས་པས་རྩལ་སྣང་གཞི་ཐིམ་ལ་གྲོལ་བའི་ལས་བྱེད་པ་བཞིར༔ དེ་ཉིད་ལས༔ དེ་བཞིན་ཕྲིན་ལས་རྣམ་པ་བཞི༔ རང་རང་ལུས་ལ་རྫོགས་པར་གསུངས༔ ཞེས་དང་༔ ལམ་བར་དོར་འོད་དང་ཚོམ་བུ་ཞི་བ༔ གཉིས་པ་བཞི་སྦྱོར་གྱི་སྣང་བ་རྒྱས་པ༔ ལྷུན་གྲུབ་སྒོ་བརྒྱད་དབང་༔ རང་སྣང་དུ་གྲོལ་ཏེ་ཀ་དག་གི་ས་ལ་གཏན་སྲིད་ཟིན་པ་དྲག་པོ་སྟེ་ལམ་ལ་རྣལ་འབྱོར་བའི་གྲོལ་ཚུལ་ལོ༔ ཡང་ལམ་རྣལ་འབྱོར་བས་གཞི་ལམ་འབྲས་བུ་གསུམ་དང་མཉམ་རྗེས་གང་རུང་ལ་བརྩི་ན༔ རིག་པ་བྱང་ཆུབ་ཀྱི་སེམས་བླ་མས་ངོ་སྤྲད་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་གོམས་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པའི་མཛད་པ་ཕྲིན་ལས་ལྷུན་གྱིས་གྲུབ་པ་སྟེ༔ ནམ་མཁའ་འབར་བའི་རྒྱུད་ལས༔ མ་རིག་མུན་པ་སེལ་བའི་ཕྲིན་ལས་མཛད༔ གཏི་མུག་བག་ཆགས་དག་པའི་ཕྲིན་ལས་མཛད༔ སྒྲིབ་གཡོགས་མུན་པ་འཇོམས་པའི་ཕྲིན་ལས་མཛད༔ དུག་ལྔ་རང་སར་གྲོལ་བའི་ཕྲིན་ལས་མཛད༔ སེམས་ཅན་སངས་རྒྱས་བསྒྱུར་བའི་ཕྲིན་ལས་མཛད༔ འཁྲུལ་གཞི་རྩད་ནས་ཆོད་པའི་ཕྲིན་ལས་མཛད༔ འཁྲུལ་སྣང་རང་སར་གྲོལ་བའི་ཕྲིན་ལས་མཛད༔ སྣང་བའི་དངོས་གཞི་གྲོལ་བའི་ཕྲིན་ལས་མཛད༔ འཁོར་བའི་གནས་ནས་འདྲེན་པའི་ཕྲིན་ལས་མཛད༔སྡུག་བསྔལ་བདེ་བར་བྱེད་པའི་ཕྲིན་ལས་མཛད༔ ཐམས་ཅད་སངས་རྒྱས་ཡིན་པའི་ཕྲིན་ལས་ཆེན་པོ་མཛད༔ ཞི་རྒྱས་དབང་དྲག་ལྟ་བུ་ཡིན༔ ཞེས་སོ༔ ཐོག་མའི་རྒྱུད་ལྡན་གྱི་གཞི་རྒྱུ་ལས་མ་བྱུང་བའི་འབྲས་བུ་རང་ལ་ཡོད་པའི་གནད་ཀྱིས༔ དེ་རྟོགས་སུ་རུང་བར་གནས་པའི་ལུང་མ་བྱུང་བའི་མན་ངག་ཉིད༔ བླ་མས་ངོ་སྤྲད་པས་སེམས་ལས་མ་བྱུང་བའི་སངས་རྒྱས་མོས་སྤྱིའམ་མངོན་སུམ་གང་རུང་མཐོང་བའི་ངང་ལ༔ གཉིས་སུ་འཛིན་པ་མེད་པར་མཉམ་པར་བཞག་པས་སྐད་ཅིག་ལ་དུས་གསུམ་གྱི་འཁྲུལ་བ་མ་རིག་པའི་མུན་པ་དབྱིངས་སུ་སེལ་ཞིང་ཞི་བ་དང་༔ དེ་དུས་ཤེས་རབ་ཡེ་ཤེས་ཀྱི་མཁྱེན་ཆ་མ་འགགས་པས་གཏི་མུག་ལུང་མ་བསྟན་སྦྱོར་བ་དོན་གྱི་ཀུན་གཞི་དང་བག་ཆགས་ལུས་ཀྱི་ཚོགས་པ་སྡུད་པའི་ཀུན་གཞི་རྣམས་རང་སར་དག་ཅིང་གྲོལ་བར་བྱེད་པས་ཞི་བའི་ཕྲིན་ལས་མཛད་པ་དང་༔ རིག་པའི་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་ལ་སེམས་ཅན་གྱི་སྒོ་གསུམ་དང་༔ སྐུ་གསུམ་གྱི་ཡེ་ཤེས་ལ་ཁམས་གསུམ་གྱི་ལས་དང་སེམས་གསུམ་གྱི་སྒྲིབ་གཡོགས་ཀྱི་མུན་པའི་ནོངས་པས་ཡེ་ཤེས་ཟང་ཐལ་གཅེར་བུར་ཚད་དུ་མ་ཕེབ་པ་དང་༔ དེའི་ཕྱིར་ཇི་བཞིན་པར་མ་རྟོགས་པ་ལ་བཞག་ཐབས་ཀྱིས་གདམས་པའི་སྟོབས་ཀྱིས་མུན་པའི་འཁོར་སྒོ་བཅོམ་ནས་ཡེ་ཤེས་ཀྱི་རང་མདངས་རྒྱས་པའི་ཕྱིར་དང་༔ དུག་ལྔ་ཡེ་ཤེས་ལྔའི་དབྱིངས་སུ་གྲོལ་ཞིང་ཡེ་ཤེས་ཀྱི་ངོ་བོ་ལྔ་དང་རང་རྩལ་ཇི་བཞིན་པར་རྒྱས་པའི་ཕྱིར་དང་༔ སེམས་ཅན་སངས་རྒྱས་སུ་བསྒྱུར་ནས་ད་ལྟ་ཉིད་ནས་ཡེ་ཤེས་བླ་མའི་སའི་ཡོན་ཏན་ཆ་མཐུན་སྟོབས་སུ་གྱུར་བས་རྒྱས་པའི་ཕྲིན་ལས་མཛད༔ འཁྲུལ་གཞི་རྒྱུ་རྐྱེན་བློ་བུར་བ་སྤྲིན་དང་འདྲ་བ་ཡོད་མ་མྱོང་བའི་རྩ་བ་གཞི་ལ་རང་དྭངས་བས་ཆོད་དེ་རྒྱུ་རྐྱེན་འོད་གསལ་གྱི་འཆར་སྒོ་ཐག་ཆོད་ཡེ་ཤེས་ཀྱི་རང་དབང་དུ་འདུས་པའི་ཕྱིར་དང་༔ འཁྲུལ་སྣང་ཡུལ་ལུས་ཀྱི་མཚན་མ་དྭངས་པའི་འོད་ལ་བདག་ཏུ་རྟོག་པའི་རོལ་བ་ལ་ལོག་སྣང་དུ་ཤེས་པའི་ལྟ་བས་སྟོངས་ཐེབས་ནས་མ་སྤངས་རྣམ་པར་དག་པའི་ཞིང་ཁམས་རྒྱན་གྱི་འཁོར་ལོར་དབང་དུ་འདུས་པ་དང་༔ འཁྲུལ་འཛིན་སྣང་བའི་དངོས་པོ་གཞི་མེད་སྟོང་པའི་རང་འགྲོས་སུ་ཤེས་པས་གདེང་གིས་རང་གྲོལ་རྡོ་རྗེ་སྙིང་པོའི་རང་དབང་དུ་འདུས་པས་དབང་གི་ཕྲིན་ལས་མཛད༔ རྣམ་རྟོག་ལུ་གུ་རྒྱུད་དུ་ཡུལ་ཕྱིར་འཁོར་ཞིང་དེའི་མཐུ་བརྟས་པས་ཐོག་མཐའ་མེད་ཀྱི་བག་ཆགས་དང་རྣམ་པར་སྨིན་པའི་སྲོག་གཅོད་པ་དང་༔ གྲོང་ཁྱེར་བཞིའི་སྡུག་བསྔལ་གྱི་སྲོག་བདེ་བ་ཆེན་པོའི་ཡེ་ཤེས་སུ་གཅོད་པ་དང་༔ སྣང་སྲིད་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྲོག༔ སྣང་བ་ཆོས་དབྱིངས་༔ ཡེ་ཤེས་ཆོས་སྐུའི་ལྟ་བ་ལ་བློས་རྣལ་དུ་འབྱོར་ཞིང་སྙིང་རྗེ་མེད་པའི་རླུང་གི་བྱེད་པ་སྟོབས་སུ་གྱུར་པས་བཅད་དེ༔ ཐམས་ཅད་སངས་རྒྱས་ཡིན་པའི་བདེན་དོན་མངོན་དུ་འབྱིན་ནས་དྲག་པོའི་ཕྲིན་ལས་མཛད་པའོ༔ དེ་དག་ཀྱང་རིག་པ་བདག་ཉིད་ཆེན་པོ་ཆོས་སྐུའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རླུང་ལྔའི་ངོ་བོར་གདངས་ཀྱི་སྲོག་ཆེན་པོའི་བདག་ཉིད་ཆོས་དབྱིངས་ཡེ་ཤེས་ཁྱབ་བྱེད་ཀྱི་ཤེས་རབ་བམ་རླུང་དུ་བཞུགས་པའི་ཐུགས་ཀྱི་ཡེ་ཤེས་བཞིའི་རྩལ་ལས་འབྱེད་པའི་ཤེས་རབ་དང༔ རླུང་གི་ཞི་བའི་བསྡུད་པའི་ཤེས་རབ་དང་༔ གཟི་མདངས་བསྐྱེད་པའི་རླུང་གི་རྒྱས་པ་བསྐྱོད་པའི་ཤེས་རབ་དང་༔ རླུང་མེ་མཉམ་གྱིས་དབང་གི་ཤེས་རབ་ལྔར་དབྱེ་ན་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་སམ་རྩལ་སྒྲོ་འདོགས་ཡོངས་སུ་གཅོད་པས་གཅོད་པའི་ཤེས་རབ་དང་༔ དེའི་འཁོར་འདས་རིག་པ་ཡེ་ཤེས་སུ་སྒྲོལ་བས་སྒྲོལ་བྱེད་ཀྱི་ཤེས་རབ་སྟེ༔ རྣམ་པར་གཅོད་སྒྲོལ་གཉིས་དང་སྙིང་རྗེ་མེད་པའི་རླུང་གིས་དྲག་པོའི་ཕྲིན་ལས་མཛད་པ་སྟེ༔ སྲོག་རླུང་ཡན་ལག་བཞི་ལྡན་དང་༔ རིག་རྩལ་ཤེས་རབ་བཞིའི་ཡོན་ཏན་དང་ལྡན་པ་ཡིན་པས༔ ལས་རླུང་གི་བྱེད་པ་དབྱིངས་སུ་དག་པ་དང་༔ ཡེ་རླུང་གི་ཡོན་ཏན་སྟོབས་སུ་གྱུར་པ་རིག་རྩལ་ལ་ཕྲིན་ལས་བཞིའི་མཛད་པ་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་བ་ཡིན་ནོ༔ དེ་ཉིད་འགག་བསྡུ་ན༔ འདུལ་ཡུལ་ཕྱི་སྣ་ཚོགས་པའི་རྐྱེན་ལ༔ འདུལ་བྱེད་ནང་གི་རིག་པ་ཤར་དུས་སྔོན་བསུ་རྗེས་གཅོད་ངང་བསྒོམ་ཡིད་དཔྱོད་ཐམས་ཅད་སྤངས་ཏེ་ཅོག་གིས་བཞག་པས༔ བར་མེད་ཀྱི་ཤེས་པ་ཟང་ཐལ་གྲོལ་ས་ཅེར་མཐོང་དུ་ཟིན་ཏེ་རྗེན་སང་སྤྲོས་བྲལ་གྱི་རིག་པ་དེ་ཀ་འདི་དང་བར་དོའི་ཤེས་པ་ལས་ངོས་བཟུང་བས༔ ཀ་དག་ཐུགས་རྗེའི་རིག་པ་ཟིན་ནས་གྲོལ་བ་ནི་མཛད་པའི་ཕྲིན་ལས་ཏེ༔ ཐལ་འགྱུར་ལས༔ གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད༔ གདུལ་བྱའི་ཡུལ་ནི་སྣ་ཚོགས་ལ༔ འདུལ་བྱེད་སྐུ་ཡང་དེ་ཙམ་མོ༔ རིག་དང་དབང་པོའི་རྣམ་སྤྲུལ་ལས༔ འཁོར་འདས་རྟོག་པ་ཐ་དད་དེ༔ དེ་ཉིད་སོ་སོའི་ཡུལ་བཞག་ན༔ མ་བཅོས་དོན་གྱི་དགོངས་པའོ༔ ཞེས་སོ༔

སྤྱི་དོན་གཉིས་པ་ཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་བའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབས་ནས་ཐག་གཅིག་ཐོག་ཏུ་བཅད་པ་ལ༔ དོན་རྟོགས་ཀྱི་རྣལ་འབྱོར་ལ་གོལ་སྒྲིབ་འཁྲུལ་བ་མེད་པར་བསྟན༔ དེ་ལྟར་མ་རྟོགས་པ་ལ་གོལ་སྒྲིབ་འཁྲུལ་གསུམ་བྱུང་བའི་ཚུལ་གཉིས་ལས༔

དང་པོ་ནི༔ ལར་གོལ་སྒྲིབ་ལ་སོགས་པ་ཆོས་སྐུ་སྤྲོས་བྲལ་ཀ་དག་གི་ངོ་བོ་ལ་གྲུབ་པ་མེད་པའི་གནད་ཀྱིས་གང་ཟག་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་རིག་པ་རང་སྣང་གི་བློ་ཅན་ལ་ཡོད་པ་མ་ཡིན་ཀྱང་༔ དེ་ལས་གཞན་ལ་ཚོགས་སྦྱོར་མཐོང་སྒོམ་གྱི་རིམ་པས་གོ་མྱོང་རྟོགས་གསུམ་དུ་བྱུང་བས་རྟོགས་པའི་རིམ་སྐྱེས་པ་ལའང་གོལ་སྒྲིབ་འཁྲུལ་པ་ཅི་རིགས་པར་མེད་དེ༔ ནམ་མཁའ་འབྲུག་སྒྲོགས་ཐོག་འབབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལས༔ སྟོང་གསལ་ཀ་དག་དོན་རྟོགས་ན༔ བག་ཆགས་མ་རིག་སྒྲིབ་གཡོགས་མེད༔ ལས་འཕྲོ་རྣམ་སྨིན་བསྒྲིབ་མི་སྲིད༔ ཅི་སྟེ་ལས་ཀྱི་དབང་བསྒྱུར་ན༔ རང་བྱུང་ཡེ་ཤེས་ཡོད་མ་ཡིན༔ ཞེས་དང་༔ འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ ངེས་པའི་དོན་མཐོང་ཡང་དག་ལམ༔ ཐག་ཆོད་གདེངས་ལྡན་རེ་དོགས་མེད༔ སྙིང་པོའི་དོན་རྟོགས་གོ་སྒྲིབ་མེད༔ མཉམ་པའི་དོན་རྟོགས་འཁྲུལ་བ་མེད༔ ཅེས་དང་༔ རི་བོ་བརྩེགས་པ་ལས༔ སྤྱི་རྗེ་བློ་འདས་འདི་རྟོགས་ན༔ གོལ་སྒྲིབ་འཁྲུལ་བ་གང་ཡང་མེད༔ སྟོང་གསལ་ཀ་དག་གསལ་དག་སྟོང་༔ ཡེ་མེད་གདོད་ནས་དངོས་གཞི་མེད༔ གོལ་སྒྲིབ་འཁྲུལ་གསུམ་ཀ་ནས་དག༔ ཅེས་དང་༔ བདུད་རྩི་རྒྱ་མཚོ་འཁྱིལ་བ་ལས༔ ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ན༔ གོལ་ས་སྒྲིབ་པ་འཁྲུལ་བ་མེད༔ ཅེས་སོ༔

གཉིས་པ་དེ་ལྟར་མ་རྟོགས་པའི་གོ་མྱོང་ཅན་གྱི་གང་ཟག་ལ་གོལ་སྒྲིབ་འཁྲུལ་གསུམ་བྱུང་བ་ལ༔ གོལ་སྒྲིབ་འཁྲུལ་གསུམ་དབྱེ་བའི་སྒོ་ནས་རྒྱས་པར་བཤད༔ དེའི་དོན་བསྡུས་ཏེ་བཤད་པ༔ དེ་ཇི་ལྟར་བཅད་ཅིང་བསལ་ཚུལ་གྱིས་ལ་བཟླ་དང་བཅས་པའོ༔ དང་པོ་ལ༔ ལྟ་བསྒོམ་སྤྱོད་འབྲས་རྒྱུན་བྱེད་ཀྱི་རྣལ་འབྱོར་བཞི་ལས༔ དང་པོ་ལྟ་བ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ༔ གོལ་ས་དང་ནོར་ས་ཤོར་ས་གསུམ་དུ་ཡོད་པ་ལས༔

དང་པོ་ནི༔ ལྟ་བའི་གཞི་མ་ལུ་གུ་རྒྱུད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་སྟོང་གསལ་ཟང་ཐལ་བའི་རིག་པ་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ༔ དེ་ཉིད་རྒྱ་མཚོ་རླབས་དང་བྲལ་བ་ལྟར་རྣམ་རྟོག་གི་རླུང་གིས་གཡོ་བ་མེད་པར་བཞག་པས་ལྟ་བ་རྒྱུན་གྱི་རྣལ་འབྱོར་ཞེས་བྱ་ལ༔ ལྟ་ཡུལ་རིག་པ་སྤྲོས་བྲལ་གྱི་འོད་གསལ་ཚུལ་བཞིན་གཏན་ལ་མ་ཕེབས་པས་སྤྱི་དང་བྱེ་བྲག་གི་གོལ་ཤོར་ནོར་བའམ་གོལ་སྒྲིབ་འཁྲུལ་གསུམ་བྱུང་བ་སྟེ༔

དེ་ལ་སྤྱིའི་གོལ་ཤོར་ནི༔ སྔར་གྱི་ཐེག་པ་རིམ་པ་དགུའི་ལྟ་བ་དང་འདྲ་གཞི་ལས་གོལ་ཞིང་ནོར་ནས་འགྲོ་བ་ལ༔ ཐེག་པའི་ལྟ་བ་རྫོགས་པར་གཏན་ལ་ཕབ་པའི་ཤུགས་ཀྱིས་དེ་དག་ཏུ་མི་གོལ་བས་དེའི་དགོས་ཆེད་དུ་རྒྱས་པར་བཤད་པ་ཡིན་ཏེ༔ རིན་པོ་ཆེ་སྣང་གསལ་སྤུ་གྲིའི་རྒྱུད་ལས༔ མཚོན་མེད་ཀུན་ཏུ་བཟང་པོས་བཀའ་སྩལ་པ༔ རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང་༔ མ་རྟོགས་གོལ་སྒྲིབ་འཁྲུལ་བར་སྣང་༔ ངེས་པ་ཐོབ་པའི་ཐེག་པ་དྲུག༔ རྫོགས་པ་ཆེན་པོའི་གོལ་ས་སྟེ༔ རྫོགས་ཆེན་ངེས་ཐོབ་སྒྲིབ་པ་བཤད༔ མདོ་སྡེ་དང་ནི་ཀྲི་ཡ་དང་༔ ཨུ་པ་དང་ནི་ཡོ་ག་དང་༔ མ་ཧཱ་ཨ་ནུ་ཡོ་ག་དྲུག༔ རྫོགས་པ་ཆེན་པོའི་གོལ་སྒྲིབ་སྟེ༔ མདོ་སྡེ་བྱང་ཆུབ་སེམས་དཔའ་ནི༔ ཀུན་ཏུ་འོད་ཀྱིས་ས་འདོད་པས༔ བདེན་པ་གཉིས་ཀྱི་རྟོགས་དཔྱོད་ཀྱིས༔ ཆོས་ཉིད་སྟོང་ལ་རྣམ་པར་རྟོག༔ ཨ་ཏི་སྟོང་པ་བདེ་ཆེན་ལ༔ རྟོག་དཔྱོད་རྩིས་གདབ་མེད་པའི་དོན༔ རྩིས་གདབ་མེད་ལ་མདོ་སྡེས་བསྒྲིབས༔ རྟོག་དཔྱོད་རྩིས་གདབ་བྱེད་པ་ནི༔ མདོ་སྡེ་དག་ཏུ་གོལ་བར་བཤད༔ རྟོག་དཔྱོད་འཁྲུལ་བ་རྩད་ནས་མ་ཆོད་པས༔ རྟོག་ཆེན་གཏི་མུག་དག་ཏུ་འཁྲུལ༔ ཀྲི་ཡ་རྡོ་རྗེ་འཛིན་འདོད་པས༔ དག་པ་རྣམ་གསུམ་སྒོར་ཞུགས་པས༔ ཆོས་ཉིད་དག་པ་འཛིན་པ་སྟེ༔ གཟུང་འཛིན་དག་གི་ཡུལ་ལ་གནས༔ གཟུང་འཛིན་འཁྲུལ་བ་མེད་པའི་དོན༔ གཟུང་འཛིན་མེད་ལ་ཀྲི་ཡས་བསྒྲིབ༔ རྫོགས་ཆེན་གཟུང་འཛིན་བྱེད་པ་ནི༔ ཀྲི་ཡ་དག་ཏུ་གོལ་བར་བཤད༔ གཟུང་འཛིན་འཁྲུལ་རྩད་མ་ཆོད་པས༔ རྫོགས་ཆེན་ཀྲི་ཡ་དག་ཏུ་འཁྲུལ༔ ཨུ་པ་ཡ་ཡི་ལྟ་བ་ནི༔ ཀྲི་ཡ་སྤྱོད་ལ་ཡོ་ག་བསྒྲུབ༔ ལྟ་སྤྱོད་འབྲེལ་བའི་དོན་མེད་པས༔ ཨ་ཏི་ཡོ་གའི་སྙིང་པོ་ནི༔ ལྟ་སྤྱོད་གཉིས་པོ་བྱང་ཆུབ་སེམས༔ གཉིས་སུ་མེད་པ་ཨུ་པ་ཡ་ཡིས་བསྒྲིབ༔ རྫོགས་ཆེན་གཉིས་སུ་འདོད་པ་ནི༔ ཨུ་པ་ཡ་རུ་གོལ་བར་བཤད༔ གཉིས་མེད་ཡེ་ཤེས་མ་ཤེས་པར༔ རྫོགས་ཆེན་ཡ་བྲལ་དག་ཏུ་འཁྲུལ༔ ཡོ་ག་སྟུག་པོ་བཀོད་འདོད་པས༔ མཚན་མ་ཡོད་མེད་སྒོར་ཞུགས་ནས༔ ཕྱག་རྒྱ་བཞི་ལ་གཙོར་བྱེད་པ༔ དབྱེ་བསལ་མེད་ལ་འཇུག་མ་ནུས༔ ཨ་ཏི་ཡོ་གའི་སྙིང་པོ་ནི༔ དབྱེ་བསལ་མེད་པའི་བྱང་ཆུབ་སེམས༔ དབྱེ་བསལ་མེད་ལ་ཡོ་གས་བསྒྲིབ༔ རྫོགས་ཆེན་དབྱེ་བསལ་བྱེད་པ་ནི༔ ཡོ་ག་དག་ཏུ་གོལ་བར་བཤད༔ དབྱེ་བསལ་མེད་པར་མ་གོ་བས༔ རྫོགས་ཆེན་གཉིས་སྣང་དག་ཏུ་འཁྲུལ༔ མ་ཧཱ་རྡོ་རྗེ་འཆང་འདོད་པས༔ ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས༔ རང་རྒྱུད་དག་པའི་དཀྱིལ་འཁོར་ལ༔ བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད༔ ཨ་ཏི་ཡོ་གའི་སྙིང་པོ་ནི༔ རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས༔ རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབ༔ རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི༔ མ་ཧཱ་ཡོ་གར་གོལ་བར་བཤད༔ ལུས་ངག་འཁྲུལ་བ་མ་ཞིག་པས༔ རྫོགས་ཆེན་བྱ་བཙལ་དག་ཏུ་འཁྲུལ༔ ཨ་ནུ་དབྱེ་མེད་དུ་འདོད་པས༔ དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས༔ རྒྱུ་ནི་དག་པའི་དབྱིངས་སུ་བལྟ༔ འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ༔ ཨ་ཏི་ཡོ་གའི་སྙིང་པོ་ནི༔ རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས༔ རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས༔ རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན༔ ཨ་ནུ་ཡོ་གར་གོལ་བར་བཤད༔ རྒྱུ་འབྲས་འཁྲུལ་རྩ་མ་ཆོད་པས༔ རྫོགས་ཆེན་བྱ་བཙལ་དག་ཏུ་འཁྲུལ་༔ ཞེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ ཐེག་པའི་རིམ་པའི་གོལ་ས་རྣམས༔ རང་གི་མཚན་ཉིད་མཐོང་ན་གོལ་མི་སྲིད༔ ཅེས་སོ༔

ཁྱད་པར་དུ་ལྟ་བའི་གོལ་ས་དང་༔ ནོར་ས༔ ཤོར་ས་གསུམ་ལས༔ དང་པོ་ལྟ་བའི་གོལ་ས་ནི༔ ཆོས་སྤྱི་ལ་ཁྱབ་པའི་སྟོང་ཉིད་ལ་བློ་ཞེན་པའམ༔ ཀ་དག་ཉག་གཅིག་གི་དབྱིངས་སུ་གཏོད་པས་གཞི་སྟོང་ཉིད་དུ་བལྟས་པས་སྐྱེ་མཆེད་མུ་བཞིར་གོལ་བ་སྟེ༔ བདུད་རྩི་བཅུད་ཐིག་ལས༔ དབུ་མ་སེམས་ཉིད་དངོས་མེད་ལ༔ གཏན་ཚིག་གིས་དཔྱད་སྟོང་པར་མཐོང་༔ ཅི་ཡང་མེད་པའི་སྐྱེ་མཆེད་གོལ༔ ཞེས་སོ༔ ནོར་ས་དང་ཤོར་ས་ནི་ལྟ་བའི་མ་གཞི་རིག་པ་ཅོག་བཞག་རང་གནས་ཉིད་སྤྲོས་བྲལ་དུ་གནས་པའི་དོན་མ་ཤེས་པར༔ ཆོས་ཅན་སྤྱི་ལ་ཁྱབ་པའི་བདེ་བ༔ སྟོང་པ་གསལ་བ་སོགས་མཚན་ཉིད་པས་ལྟོས་དགག་གི་ཆ་དེ་ལྟ་བུ་དང་ལྟ་བའི་ཕྱོགས་ནས་སྤྲོས་བྲལ་ཙམ་དུ་འདྲ་བས་གཅིག་པར་བཟུང་ཞིང་མཚན་ཉིད་པའི་གྲུབ་མཐའ་དང་ནོར་ནས་ངས་ལྟ་བ་རྟོགས་སོ་ཞེས་མངོན་པར་རློམ་པ་དོན་སྤྱི་ཡུལ་དུ་བྱེད་པའི་མཉམ་བཞག་ཀྱང་༔ གཤིས༵་ཤོར༵་སྟོང༵་ལྟ༵འི་གཟེབ༵ས་བམ་སྟོང༵་ཉིད༵་གཤིས༵་ལ༵་ཤོར༵་བ༵་ཞེས་བྱ་བ་སྟེ་ཡང་དག་པ་མ་ཡིན་ཏེ༔ རིན་པོ་ཆེ་སྤུངས་པ་ལས༔ ཅོག་བཞག་རང་གྲོལ་མ་ཤེས་པར༔ ལྟ་བ་རྟོགས་པར་ཁས་ལེན་པ༔ ནལ་བུ་རྒྱལ་པོར་བརྫུས་པ་འདྲ༔ ཞེས་དང༔ ཀུན་ཏུ་བཟང་པོ་ཀློང་དྲུག་གི་རྒྱུད་ལས༔ ཐེག་པ་རྣམས་ཀྱི་ཡིད་དཔྱོད་དང་༔ རིག་པ་མངོན་སུམ་ལྟ་བ་གཉིས༔ ལྟ་བའི་ཕྱོགས་ནས་འདྲ་གཉིས་པ༔ འདྲའོ་འདྲའོ་ནོར་ར་རེ༔ ཞེས་སོ༔ གཞན་ཡང་རིག་པ་ཀ་དག་སྟོང་ཉིད་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་ལ་སྣང་སྟོང་བདེན་པ་དབྱེར་མེད་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་མ་ཤེས་པར་གོ་ཡུལ་གྱི་ལྷན་པ་འདེབས་པ་ནི་སྟོང༵་ཉིད༵་རྒྱས༵་འདེབ༵ས་སུ༵་ཤོར༵་བ༵འོ༔ འདི་ནི་ཐ༵་སྙད༵་ཚིག༵་ལ༵་ཞེ༵ན་པ༵ས་གཟེབ༵་ཡིན་ཏེ༔ རིན་པོ་ཆེ་སྤུངས་པ་ལས༔ ཆོས་ཀུན་རོ་གཅིག་མ་ཤེས་པས༔ ཐ་སྙད་ཚིག་ལ་བདེན་འཛིན་པ༔ ལུས་ཀྱིས་མི་ཐེག་ཁུར་ཁུར་འདྲ༔ ཞེས་དང་༔ རྡོ་རྗེ་སྲིན་པོའི་རྣོ་བ་མཆུ་ཅན་གྱི་རྒྱུད་ལས༔ རྣལ་འབྱོར་སྟོང་པའི་ལམ་གནས་པས༔ མུ་སྟེགས་འཁྲུལ་བའི་ལམ་དང་འདྲ༔ སངས་རྒྱས་ལུས་ཀྱི་རྒྱན་བཟང་བ༔ ང་ལ་འདུན་ན་ཡེ་སངས་རྒྱས༔ ཡེ་ཤེས་ལུས་ཅན་དྲི་མ་མེད༔ ཅེས་སོ༔ འདི་དག་ཐམས་ཅད་ལྟ་བ་རྒྱུན་གྱི་རྣལ་འབྱོར་སྟོང་ཉིད་དུ་ལྟ་ཚུལ་ཙམ་གྱི་ཐ་དད་ལས་མེད་པས་ན་གཅིག་ཏུ་བྱས་ཏེ་བཤད་པའོ༔ སྟོང་པ་ལས་གཞན་ལྟ་བ་རྒྱུན་གྱི་རྣལ་འབྱོར་ལ་དངོས་པོ་ཉིད་དུ་ལྟ་བ་སྟེ༔ ཡོད་ཡོད་པོ་ཞིག་ཏུ་བཟུང་ནས་རྣམ་པ་ཀུན་ཏུ་སེམས་རིག་ཕྱེད་པ་སོགས་ཀྱིས་ཞེན་ནས་གསལ་བ་རིས་ཆད་དུ་རློམས་ཤིང་དེ་ལ་རྒྱུན་དུ་བྱས་ནས་བལྟས་པ་ན་གཟུགས་ཁམས་གནས་རིས་བཅུ་བདུན་ནམ༔ ཡང་ན་ཆོས་ཉིད་འགྱུར་མེད་ལ་གཞི་བྱས་ནས་རྟག་འཛིན་འདི་གྲངས་ཅན་སོགས་མུ་སྟེགས་པ་ལ་བྱུང་ནས་གོལ་བ་ཡིན་པས་བེམ་པོ་གཙོ་བོ་རུ་གོལ་བར་འགྱུར་ཉེ་བས་ནའོ༔ ཡང་དེ་ལའང་༔ སེམས་ཀུན་གཞིའི་རྣམ་ཤེས་རང་གསལ་འདི་དང་ནོར་ས་ཡོད་པས༔ ཇི་སྐད་དུ༔ རྟོག་པ་མེད་པའི་རང་སེམས་དང་༔ རྙོགས་པ་མེད་པའི་རང་རིག་གཉིས༔ འདྲའོ་འདྲའོ་ནོར་ར་རེ༔ ཀུན་གཞི་སེམས་ཀྱི་རྩ་བ་དང་༔ རང་རིག་ཡུལ་གྱི་རྩ་བ་གཉིས༔ འདྲའོ་འདྲའོ་ནོར་ར་རེ༔ ཞེས་དང་ཀུན་གཞི་ཆོས་སྐུར་འདོད་པ་ང་ལ་གོལ་བ་ཡིན༔ ཞེས་ཀུན་བཟང་ཐུགས་མེ་ལས་གསུངས་པ་དང་༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་འདུས་ལས༔ མུ་སྟེགས་རྟག་པར་ལྟ་བ་ནི༔ གཞི་ཡི་དངོས་པོ་འགྱུར་མེད་ལས༔ བརྟགས་པས་ཁ་དོག་དབྱིབས་སུ་མཐོང་༔ སྒྲོ་འདོགས་ལོག་པའི་ལམ་ལ་སྤྱོད༔ ཅེས་སོ༔ འདི་ནི་སྟོང༵་གཟུག༵ས་མཚ༵ན་འཛི༵ན་གྱི༵་གཟེ༵བས་ཀྱང་ཡིན་ཏེ༔ སྟོང་བའི་ཡེ་ཤེས་ཀྱི་རང་གདངས༔ རིག་རྩལ་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ལ་རིག་པར་བཟུང་ནས་སྙིང་པོ་རང་ངོ་མ་ཤེས་པས་ཆོས་ཉིད་དངོས་པོར་ཞེན་པ་ཡིན་པས་གཟུང་འཛིན་གྱི་སེམས་ལ་ལམ་དུ་བྱས་ཀྱང་འཁོར་བ་ལས་མི་གྲོལ་བ་མཁའ་འགྲོ་སྙི་ལ་ཟིན་པ་དང་འདྲ་སྟེ༔ རིན་པོ་ཆེ་སྤུངས་པ་ལས༔ སྙིང་པོའི་བཅུད་ཐིག་མ་ཤེས་པར༔ རིག་པའི་རང་གདངས་སྟོན་པ་ནི༔ མཁའ་འགྲོ་སྙི་ལ་ཟིན་པ་འདྲ༔ ཞེས་སོ༔ དེ་ལྟའི་སེམས་ཀྱི་ངང་དུ་བཞག་ནས་ཇི་ལྟར་བསྡད་ཀྱང་ཐ་མལ་འཇིག་རྟེནཔའི་བསམ་གཏན་གྱི་ཕྱོགས་སུ་ཤོར་བས་འཁོར་བ་ལས་མི་འཕགས་ཤིང་ཆོས་ཉིད་ཀྱི་དོན་ལ་སྔར་འདྲེས་ཅིག་གིས་མི་ཉེ་བས༔ ཇི་སྐད་དུ༔ བསམ་གཏན་བསྒོམ་པས་ཆོས་ཉིད་དོན་མི་མཐོང་༔ ཞེས་སོགས་གསུངས་པ་ལྟ་བུའོ༔ ཡང་ལྟ་བ་རྒྱུན་བྱེད་ལ༔ ལུ་གུ་རྒྱུད་ཀྱི་རང་སྣང་མེད་པ་གསལ་སྣང་གི་སྟོང་གཟུགས་ཕྱི་ནང་གི་སྣང་སེམས་ཐམས་ཅད་དང་༔ ངོ་བོ་རང་བྱུང་གི་ཡེ་ཤེས་རྟག་པ་ཐེར་ཟུག་ཡུལ་གདུལ་བྱ་ལ༔ སེམས་རང་རྒྱུད་པར་ཤར་བའི་ཡིད་ཤེས་འདུལ་བྱེད་ཐུགས་རྗེའི་ཡེ་ཤེས་སུ་སྙེམས་ཤིང་དགག་སྒྲུབ་རྣམ་ཤེས་ལ་བལྟས་ནས་ལྟ་བའི་ཀུན་སྤྱོད་དམ་པོས་བཅིངས་ན་སྣང༵་བ༵་བདེ༵ན་འཛི༵ན་གྱི༵་གཟེ༵བ་ཡིན་པས༔ འགྲོ་དྲུག་འཁོར་བའི་གནས་སུ་གོལ་བར་འགྱུར་བ་སྟེ༔ རྒྱུ་མཚན་དེ་ཡི༔ མུ་ཏིག་ཕྲེང་བ་ལས་ཡེ་ཤེས་མེད་པར་ལ་བཟླས་པ་དང་༔ ཀློང་དྲུག་པ་ལས༔ ཤུགས་འབྱུང་རང་གནས་མ་ཤེས་པར༔ སྣང་བ་བདེན་གཅིག་ངེས་འཇོག་པ༔ ལྗོན་ཤིང་སྲོག་དང་བྲལ་བ་འདྲ༔ ཞེས་དང་༔ ཀུན་བཟང་ཐུགས་ཀྱི་མེ་ལོང་ལས༔ སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན༔ ཞེས་སོ༔ དེ་དག་ཀྱང༔ ནོར་བུ་ཕྲ་བཀོད་ལས༔ ལྟ་བ་རྒྱུན་གྱི་རྣལ་འབྱོར་ལ༔ གོལ་ས་རྣམ་པ་གསུམ་ཡོད་དེ༔ སྟོང་པ་ཉིད་ལ་བལྟས་པ་ན༔ གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ༔ དངོས་པོ་ཉིད་དུ་བལྟས་པ་ན༔ གཟུགས་ཁམས་གནས་རིགས་བཅུ་བདུན་དང་༔ བེམ་པོ་ཉིད་དུ་གོལ་བར་འགྱུར༔ ལུ་གུ་རྒྱུད་ཀྱི་སྣང་བ་ལ༔ རྟག་པ་ཉིད་དུ་རབ་བལྟས་ན༔ ཆགས་པ་ཆེན་པོས་བཅིངས་གྱུར་ནས༔ འགྲོ་དྲུག་གནས་སུ་གོལ་བར་འགྱུར༔ ཞེས་པའི་དོན་ཏོ༔ དེ་ལྟ་བུའི་ལྟ་བའི་གོལ་སྒྲིབ་འཁྲུལ་བ་རྣམས་ཀྱང་ལྟ་བ་བསྒོམ་མེད་ཀྱི་རང་བཞིན་མ་རྟོགས་པའི་ཆ་ནས་སྒྲིབ་པ་ཡིན་ཏེ༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ སྒྲིབ་པ་སྒྲིབ་པ་ཞེས་བྱ་བ༔ མ་རིག་མ་རྟོགས་སྒྲིབ་པ་ཡིན༔ ཞེས་སོ༔ ཡང་དག་པའི་ལམ་ལས་ལོག་པར་འཁྱོག་ནས་ལྟ་བ་བསྒོམས་ནས་རྟོགས་པར་བལྟ་བ་གོལ་བ་ཡིན༔ ཡེ་ཤེས་བླ་མ་ལས༔ ཡང་དག་དོན་ལས་གོལ་བ་ཡིན༔ ཞེས་པ་བཞིན་ནོ༔ ཞེ་འདོད་ཀྱིས་བདེན་གཉིས་རེས་འཇོག་གི་ཉམས་སུ་ལེན་པའི་རྩིས་གདབ་བྱེད་པ་ནི་མཚན་ཉིད་པའི་ལྟ་བ་དང་འདྲ་ཕྱོགས་ནས་འཁྲུལ་ནས་ནོར་ཏེ༔ དེས་གཞན་གྱི་ཕྱོགས་སུ་ཤོར་བ་ཡིན་པས༔ ཀློང་དྲུག་ལས༔ འདྲའོ་འདྲའོ་ནོར་ར་རེ༔ ཞེས་གོལ་ཤོར་ནོར་སྒྲིབ་ཀྱི་ངོ་བོ་ངོས་བཟུང་བ་སྤྱི་དང་བྱེ་བྲག་སྦྲེལ་ཏེ་བཤད་པ་ཡིན་ལ༔ གོལ་སྒྲིབ་འཁྲུལ་གསུམ་གྱི་འཇོག་ཚུལ་གཞན་ཡང་སྣང་གསལ་སྤུ་གྲི་ལས༔ ཞེ་འདོད་མེད་པའི་དོན་འདོད་པས༔ ཞེ་འདོད་ཆེན་པོའི་ལམ་དུ་ཞུགས༔ གོལ་ས་ཞེས་སུ་དེ་ལ་བཤད༔ སྒྲོ་བསྐུར་བྲལ་བའི་རང་བཞིན་ལ༔ བརྗོད་ཡོད་རྟོགས་པའི་སྒྲིབ་པ་ཡིན༔ ཚིག་གི་སྒྲོ་འདོགས་མ་ཆོད་འཁྲུལ༔ ཞེས་སོ༔ དེ་ལྟ་ན་ནོར་ནས་ཕྱོགས་སུ་ཤོར་བའང་ཡོད་པས་འཁྲུལ་བའི་གཞི་ལས་ནོར་ཤོར་བྱུང་བ་ཡིན༔ ཡང་སྒྲིབ་པའི་དབང་གིས་གོལ་འཁྲུལ་འབྱུང་བ་ཡིན་ནོ༔ དེ་ཡང་སྣང་གསལ་སྤུ་གྲིའི་རྒྱུད་ལས༔ ལྟ་བ་དག་གི་རང་བཞིན་ནི༔ བསྒོམ་མེད་རང་བཞིན་དོན་ལ་བལྟ༔ བསྒོམ་མེད་རང་བཞིན་མ་ཤེས་ན༔ ལྟ་བ་དག་གི་སྒྲིབ་པ་ཡིན༔ ཡེ་ནས་མཉམ་པའི་རང་བཞིན་ལ༔ ཞེ་འདོད་མེད་པས་མི་བལྟ་སྟེ༔ བསྒོམས་ནས་རྟོགས་པར་བལྟ་བ་ནི༔ ལྟ་བ་དག་གི་གོལ་ས་ཡིན༔ ཞེ་འདོད་རྩིས་གདབ་བྱེད་པ་ནི༔ ལྟ་བའི་འཁྲུལ་པ་ཡིན་པར་བཤད༔ ཅེས་སོ༔ མདོ་ཧྲིལ་གྱིས་དྲིལ་ན༔ ལྟ་བ་ནི་རྒྱ་ཆད་ཕྱོགས་ལྷུང་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཇི་བཞིན་པའི་བཞུགས་ཚུལ་མ་མཐོང་བའི་མཐོང་བ་ཆེན་པོའི་རྗེས་སུ་ངེས་པའི་ཐེ་ཚོམ་དང་བྲལ་བའི་བློ་མཉམ་པར་བཞག་པ་ཡིན་པས་གཉིས་འཛིན་ཞིག་པ་ཞིག་དགོས་ཀྱི་གཞན་དུ་རྣམ་པར་འཁྱམ་མོ༔

གཉིས་པ་བསྒོམ་པ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ༔ སྤྱི་སྒོས་ཚན་གཉིས་ལས༔ དང་པོ་ནི༔ ཐེག་པ་གཞན་དགུའི་བསྒོམ་པ་ཐམས་ཅད་གནས་ལུགས་བྱ་རྩོལ་དང་བྲལ་བའི་དོན་དང་འགལ་བ་སྟེ༔ འབྲས་བུ་ལྷུན་གྲུབ་ཆེན་པོ་ལ་རྒྱུ་རྐྱེན་གྱི་བསྒྲུབ་མི་དགོས་པར་མ་ཤེས་ཤིང་བསྒྲུབ་པས་གོལ་བ་དང་༔ མ་སྒྲུབ་ཡེ་གྲུབ་ཀྱི་དགོངས་པའི་གནད་མ་ཤེས་པས་བསྒྲིབ་པ་དང་༔ བསྒོམ་པ་གཞན་གྱི་ཕྱོགས་སུ་ནོར་ཞིང་ཤོར་བས་འདྲ་གཞི་ལས་འཁྲུལ་བ་ཡིན་པས་དེ་དག་གི་བསྒོམ་པ་ཤེས་ན་མི་གོལ་བས༔ དེ་ཤེས་པ་ནི་སྤོང་བའི་ཐབས་སུ་འོག་ཏུ་འཆད་པར་འགྱུར་རོ༔

གཉིས་པ་རྫོགས་ཆེན་སྒོམ་ཡོད་ཀྱི་དབང་དུ་བྱས་ན༔ ཞི་གནས་ལྷག་མཐོང་དེ་ཉིད་སྤྱིའི་གོལ་ས་གསུམ་ལས་དང་པོ༔ ཞི་གནས་སྟོང་པའི་ཕྱོགས་ལས་བསྒྲིབས་པས་སྒྲིབ་ཏེ་མ་ཡིན་པ་ལ་ཡིན་པར་འཁྲུལ་བས་གོལ་ས་ལྔ་ཡོད་དེ༔ རྣམ་རྟོག་ཞི་ན་སེམས་རང་གནས་པ་ལ་ཞི་གནས་ཧད་པོ་ཞེས་བྱ་སྟེ༔ དེ་ཉིད་སྒོམ་དམ་པར་འཛིན་པ་ནི་གོལ་ས་ཡིན་ནོ༔ བཏང་སྙོམས་ལྟེང་བོའི་གོལ་ས་ནི༔ སེམས་ནང་དུ་བྱིང་ནས་རང་གནས་ལྷག་མཐོང་མེད་པའི་རྟོག་མེད་རྩེ་གཅིག་པ་ནི་མི༷་རྟོག༷་ལྟེང༷་བོའི༷་གཟེ༷བ་ཡིན་ལ༔ སེམས་སྔ་ཕྱི་རྒྱུན་ཆད་ཀྱི་བར་ལས་དྭངས་འཚོལ་བའམ་མཐོང་དུ་མེད་པའི་གཞི་བྲལ་ལ་སྒོམ་དུ་རེ་བས་ངང་བསྒོམ་པ་ན་སྟོང༷་བསྒོམ༷་མུན༷་རྡོའི༷་གཟེ༷བ་སྟེ་སྟོང༵་བ༵་ཆད༵་པོའི༵་གོལ་ས་དང་༔ དྲན་པ་གཞན་རྒྱུན་ཆད་པའི་གསལ་ཆ་མ་འགགས་ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་གནས་པ་ནི་མི་རྟོག་འཐོམ་པོའི་གོལ་ས༔ ཡུལ་གྱི་རྣམ་པར་སྣང་བར་གྱུར་པ་གང་ཡང་གཏན་ལ་མ་ཕེབས་པས༔ རང་ངོ་མ་ཤེས་ཤིང་འཛིན་པ་མེད་ལ་གསལ་ཆ་མེད་པ་ནི་འཛིན་མེད་ཧད་པོའི་གོལ་ས་སྟེ༔ དེ་དག་ནི་ཞི་གནས་ཡང་དག་པ་མ་ཡིན་ཏེ༔ ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་འགགས་ཤིང་དྭངས་སང་རང་རིག་རང་གསལ་རང་བཞིན་གྱི་བསམ་གཏན་ཆེན་པོ་ནི་རྩོལ་བའི་རྐྱེན་ཁ་ན་མེད་པ་དང་དྲན་མེད་ཧད་པོ་ལ་སོགས་པ་འདི་དག་ཏུ་གོལ་ཉེས་ལ༔ གོལ་ནས་དེ་དམ་པར་བཟུང་ན་ནོར་བ་ཡིན་ཏེ༔ ཡེ་ཤེས་མཁའ་མཉམ་ལས༔ ཞི་གནས་བྱིང་རྒོད་བྲལ་བ་དང་༔ རྫོགས་ཆེན་སྔ་ཕྱི་བྲལ་བ་གཉིས༔ འདྲ་དང་ནོར་ཏེ་གོལ་ནས་འགྲོ༔ དེ་ཕྱིར་ཆོས་སྐུ་ཆེན་པོ་དགོས༔ ཞེས་སོ༔ མི་རྟོག་པ་དང་སྟོང་ཉིད་ཧད་པོ༔ བཏང་སྙོམས་བདག་མེད་གོམས་པ་གསུམ་པོ་དེ་དག་སྒོམ་པའི་གོལ་ས་ཕྲ་བཀོད་ལས་གསུངས་པ་དག་གོ༔

གཉིས་པ་ལྷག་མཐོང་ལ་གསལ་བའི་གོལ་ས་ལྔ་ལྡང་བ་ནི༔ བསྐྱེད་རིམ་པས་ཀུན་བཏགས་ཀྱི་ལྷར་བསྒོམ་པ་དང་༔ རླུང་གདངས་ལས་འོད་ཀྱི་སྣང་བ་རྟགས་བཅུའི་སྟོང་གཟུགས་སོགས་ཤར་བ་དང་༔ ཐབས་ལྡན་གཉིས་ཀྱི་སྐྱེས་པའི་འགྱུར་བདེ་སྟོང་བ་ཙམ་དང་༔ ཆོས་ཐམས་ཅད་སེམས་དག་མ་དག་གི་རྩལ་ལས་རོལ་བར་འདི་ནི་ཆ་ལུགས་གསལ་བའི་འཛིན་ཆ་སྟེ་ཕྱིའི་དངོས་པོ་ལ་འདི་དང་འདིའོ་ཞེས་འཛིན་པའོ། །ཤར་བ་མ་ཤེས་པར་དངོས་པོ་རང་རྒྱུད་པར་གོལ་ནས་ལྟ་བའི་གདེངས་མ་རྙེད་པ་དང་༔ སྡུག་བསྔལ་གྱི་མཚན་གཞི་དབྱིངས་ཀྱི་དངོས་པོ་ཐམས་ཅད་རང་གར་བཟུང་ནས༔ དེ་ལས་ཀ་བུམ་རྡུལ་ཤིང་སོགས་མ་གཞི་གཅིག་ལ་སེམས་འཛིན་པས་ཡུལ་དེ་ལས་གནས་འགྱུ་ཤེས་མཐོང་གི་ཐུན་བསྒོམ་པ་རྣམ་པ་ལྔ་པོ་ནི་འདི་ནི་ཁ་དོག་ཡིག་འབྲུར་བསྒྱུར་བྱེད་སྟེ་ནང་གི་སེམས་གནས་ལ་རྟོག་དཔྱོད་འཛིན་པའོ། །ལྷག་མཐོང་གསལ་བའི་གོལ་ས་སྟེ༔ ལྷ་དང་སྟོང་གཟུགས་བདེ་སྟོང་ཡུལ་དང་རྣལ་འབྱོར་གྱི་རང་བཞིན་གཏན་ལ་ཕེབས་པའི་ཡུལ་གྱི་ཁྱད་པར་ཙམ་ལས་གཟུང་འཛིན་ལ་ཁྱད་པར་མེད་པ་ཡིན་ནོ༔ ལྷག་མཐོང་ནི་གནས་འགྱུ་གཉིས་ཀའི་ངོ་བོ་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རང་རིག་པའི་ཚུལ་གྱིས་གཉིས་འཛིན་མེད་པར་མངོན་དུ་གྱུར་པ་འདི་ལ་བྱ་ཡི༔ ཡིན་སྙམ་ཡིད་དཔྱོད་ཀྱི་གནས་འགྱུ་ལ་བརྟགས་དཔྱད་བྱེད་པ་སོགས་མཐའ་གང་ལ་བརྟེན་ཀྱང་ཡང་དག་པ་མ་ཡིན་པ་དང་༔ མཐར་འཛིན་ཐམས་ཅད་ལྷག་མཐོང་ཡང་དག་ལས་འཁྱོགས་པོར་གཟུང་འཛིན་ཅན་དུ་གོལ་བའི་ས་བ་སྟེ༔ མུ་སྟེགས་སོགས་གཞན་གྱི་ལམ་དང་ནོར་ཞིང་འཁྲུལ་བའི་རྣམ་པར་འགྲོ་བའམ་དེའི་ཕྱོགས་སུ་ཤོར་བའི་ལྟ་སྒྲིབ་རྔམས་པོ་ཆེ་ཡིན་ནོ༔ ཡེ་ཤེས་མཁའ་མཉམ་ལས༔ བསམ་གཏན་ཤེས་བཞིན་དབྱེར་མེད་དང་༔ རྫོགས་ཆེན་ལྷག་མཐོང་རིག་པ་གཉིས༔ འདྲ་དང་ནོར་བས་གོལ་ཏེ་འགྲོ༔ ཞེས་སོ༔ དེ་ཡང་ལྷག་མཐོང་གི་རིག་པ་ཆོས་ཟད་རྗེན་པའི་ཡེ་ཤེས་རང་ངོ་མ་ཤེས་པས་གནད་མེད་སྡུག་སྒུར་གྱི་གཟེབ་དུ་འཕྱན་ཏེ་ཐེ་ཚོམ་ཆོད་དུས་མི་འོང་བའང་༔ རིན་ཆེན་སྤུངས་པ་ལས༔ བླ་མེད་རྒྱུད་འདི་མ་ཤེས་པར༔ ཉམས་སུ་ལེན་པར་འདོད་པ་དེ༔ ཁ་བྲག་ལམ་དུ་ཞུགས་པ་འདྲ༔ ཞེས་པ་སྟེ༔ འདིས་ཁ་དོག་ཡིག་འབྲུར་བསྒྱུར་བ་སོགས་ལྔ་པོ་འདི་ཏིང་འཛིན་ཡིག་འབྲུར་བསྒོམ་པ་ཟེར་དེ་གསལ་བདེ་གཉིས་ཆར་གོལ་བ་ལ་གཅིག་ཏུ་བྱས་པའོ༔

ཡང་གནས་མཐོང་གཉིས་ལ་ཆེད་དུ་བྱས་པའི་གོལ་ས་ནི༔ ཆེད་དུ་རྩོལ་བས་གཅུན་ཏེ་སྒོ་ལྔ་དགག་པ་ཉན་ཐོས་དང་ཧ་ཤང་ལྟར་མ་ཚོར་ཡིད་ལ་བྱེད་པ་དང་༔ ཡང་མ་བསྒོམས་འཁྲུལ་བའི་གོལ་ས་ནི༔ སྐྱེ་བོ་རང་གར་འཛིན་པ་འདི་དང་བསྒོམས་མེད་གཉིས་ནོར་པར་འགྱུར་བས་ཁྱད་འབྱེད་དུ་སྒོམ་མེད་ནི༔ གནས་ལུགས་ཀྱི་ལྷུམས་སུ་ཞུགས་ནས་བསྒོམ་བཞག་གི་སྤྲོས་པ་དག་པའི་ཁྱབ་བརྡལ་གྱི་དྲན་པའི་མཁར་ཚུག་པ་ལ་བྱ་ཡི༔ བློས་བཏང་བའི་བཏང་སྙོམས་ཐ་མལ་བ་ལ་མི་བྱ་སྟེ༔ ཡེ་ཤེས་མཁའ་མཉམ་ལས༔ སོ་སོའི་སྐྱེ་བོ་ཐ་མལ་དང་༔ རྫོགས་ཆེན་བསྒོམ་དུ་མེད་པ་གཉིས༔ འདྲ་དང་ནོར་བས་གོལ་ཏེ་འགྲོ༔ དེ་ཕྱིར་གྲུབ་མཐའི་བློ་བསྒྱུར་དགོས༔ ཞེས་སོ༔ དེ་དག་ཀྱང་སྤྲོས་བྲལ་དོན་གསལ་ལས༔ སྤྱི་ཡི་གོལ་ས་གསལ་བར་བཤད༔ ཞི་གནས་སྟོང་པའི་གོལ་ས་ལྔ༔ ལྷག་མཐོང་གསལ་བའི་གོལ་ས་ལྔ༔ དེ་ཉིད་སྤྱི་ཡི་གོལ་ས་གཉིས༔ གོལ་ས་བཅུ་གཉིས་དག་ཏུ་བཤད༔ ཅེས་སོ༔ འདིར་སྒོམ་པའི་གོལ་ས་བདེ་གསལ་མི་རྟོག་གསུམ་གྱི་ཕྱི་མ་ཞི་གནས་དང་སྔ་མ་གཉིས་འདིར་བཤད་པའི་ངོས་འཛིན་ནི༔ བདེ་བ་དེ་འདོད་བདེ་ཟག་བཅས་དང་༔ ཡུལ་རྐྱེན་གྱི་བསྒྱུར་བའི་དགའ་བདེ་སྐྱིད་སྣང་ལྟ་བུ་ལ་མི་བྱ་སྟེ༔ རྩ་བའི་སྡུག་བསྔལ་གསུམ་གྱིས་མ་བསླད་པའི་གནས་ལུགས་དེའི་ངང་ལ་འབྲལ་མི་ཕོད་པ་ལ་བྱའོ་གསུངས་ཏེ་འདིར་ཐབས་ལྡན་རྩ་རླུང་གི་བདེ་བ་བཅད་པས་འཐུས༔ གསལ་བ་ནི་ཐ་མལ་འཁྲུལ་སྣང་གི་རང་གཟུགས་ལ་མིན་ཏེ༔ བྱིང་རྨུགས་འཐིབ་གསུམ་གྱིས་མ་བསླད་པའི་རིག་པའི་ངར་ཆའི་འཆར་སྒོ་འགགས་པ་མེད་པའོ་སྟེ་འདིར་རླུང་གི་ཟབ་གསལ་དང་དེའི་འཆར་ཆ་རྟགས་བཅུའི་དང༔ ཐ་མལ་སྐྱེ་བོ་རང་གར་འཛིན་པ་བཅད་པས་འཐུས༔ མི་རྟོག་པ་ནི༔ དྲན་མེད་གཉིད་འཐུག་གི་མུན་པ་ལྟ་བུ་ལ་མི་བྱ་སྟེ༔ འཁྲུལ་རྟོག་གཡོ་བའི་རྣམ་པ་བྲལ་བའི་རྟོག་མེད་ནམ་མཁའ་ལྟ་བུ་ལ་ཟེར་ཏེ༔ འདིར་བསམ་གཏན་ཞི་གནས་དང་ཆེད་དུ་ཕྱེས་པའི་གོལ་ས་བཅད་པས་དེ་དག་ཏུ་མི་གོལ་བར་ཡང་དག་གི་ལམ་སྲོལ་དུ་འཛུད་པ་ཡིན་ནོ༔ ཚུལ་དེ་རྣམས་བསྡུས་ཏེ་ཕྲ་བཀོད་ལས༔ བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ༔ གོལ་ས་རྣམ་པ་གསུམ་ཡོད་དེ༔ བཏང་སྙོམས་བདག་མེད་བསྒོམས་བྱས་ནས༔ ལྟེང་ནས་མུན་སྣང་ཉིད་དུ་གོལ༔ ཏིང་འཛིན་ཡིག་འབྲུར་གོམས་བྱས་ན༔ ཆགས་པས་འཁོར་བའི་གནས་སུ་ལྟུང་༔ མི་རྟོག་སྟོང་བར་གོམས་བྱས་ན༔ ཆད་པ་མི་མེད་ཉིད་དུ་གོལ༔ ཞེས་པའོ༔

གསུམ་པ་སྤྱོད་པ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་གོལ་ས་རྣམ་པ་གསུམ་ཡོད་དེ༔ འདི་ལྟར་སྣང་བའི་ཆོས་ལ་དགག་སྒྲུབ་གང་ཡང་མེད་པར་སྤྱོད་པ་འཆོལ་ན༔ ལྷ་མ་ཡིན་དུ་གོལ༔ བརྟུལ་ཞུགས་གཙོ་བོར་བཟུང་ནས་ལྟ་བ་དང་མ་འབྲེལ་བའི་དོན་མེད་ལྷུར་ལེན་པ་ནི་འཇིག་ལྟ་མུ་སྟེགས་པའི་ལམ་གྱི་སྤྱོད་པར་གོལ༔ བཏང་སྙོམས་ལུང་མ་བསྟན་གཏན་ལ་མ་ཕེབས་པས་བུ་ཆུང་ལྟ་སྤྱོད་ན་ལུང་མ་བསྟན་དུ་གོལ་ཏེ༔ དེ་ཡང་མཉམ་རྗེས་གཉིས་ལས༔ མཉམ་བཞག་གི་དུས་སུ་གང་ཤར་གྱི་དབང་པོའི་སྣང་ཡུལ་གཉིས་སྣང་གི་ཆ་ཐམས་ཅད་ལ༔ གཉིས་འཛིན་ཐ་མལ་དུ་ཞུགས་ན་སྤྱོད་པ་འཆོལ་སྙོགས་སུ་གྱུར་བས་འཁྲུགས་པ་ཞེས་བྱ་སྟེ༔ ལྷ་མ་ཡིན་དུ་གོལ་བར་བཞག༔ གཉེན་པོ་དང་སྤངས་བྱ་གཡུལ་སྤྲོད་དེ་སྤངས་བའི་རྟོགས་པ་དང་ཆོས་ཀྱི་སྤྱོད་པ་ལུས་ངག་ཡིད་ཀྱི་གནད་ཀྱི་སྒོམ་ལ་གནས་སུ་རེ་ནས་དག་གྲོལ་དུ་བྱེད་པ་ལ༔ འཇིག་ཚོགས་མུ་སྟེགས་པའི་སྤྱོད་པར་བཞག༔ དེ་དུས་རིག་པ་ཅར་ཕོག་ཏུ་ངོས་མ་ཟིན་པར་ལྟ་བའི་རྩ་དང་བྲལ་བའི་ཡུལ་ལ་མ་བཟུང་ཙམ་གྱི་བཏང་སྙོམས་ལ་བུ་ཆུང་སྒྲ་དོན་འདྲེས་འཛིན་མེད་པའི་མཐོང་བ་དང་འདྲ་བར་བཞག་ནས་ལུང་མ་བསྟན་དུ་གོལ་བར་བཤད༔ རྗེས་ཐོབ་ནི་སྔ་མ་ལྟར་ལས་ཁྱད་པར་དུ་དེ་ལས་ཕྱེ་བས་ལྷ་མ་ཡིན་དུ་གོལ་བའི་རྒྱུ་ནི༔ ཐ་མལ་དུ་གོལ་བའམ་གཞན་དུ་ཉོན་མོངས་པའི་དབང་གིས་ལོ༵ངས་སྤྱོད༵་སྒྲུབ་པའི་ཆེད་དུ་གཡེ༵ངས་བ༵འི་བདུད༵་ནི་མཉམ་རྗེས་གང་ལའང་རང་བབས་ཀྱི་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་གོལ་སར་ལྡང་༔ ཤེས་བྱ་ཡོན་ཏན་གྱི་བདུད་ནི་རྗེས་ཐོབ་ཏུ་རྗེས་ཐོབ་ཀུན་བཟང་གི་སྤྱོད་པ་ལ་ལྡང་སྟེ༔ གསང་བ་སྒྲོགས་ཉེས་པ་དང་༔ ཐོ་ཅོ་བག་མེད་དང་༔ ངག་འཆལ་སྒྲོ་སྐུར་གཞན་ལ་རང་གི་ལྟ་ལ་ཆགས་པས་བྱས་པའོ༔ བདུད་གཉིས་པོ་དེ་ལ་ལོངས་སྤྱོད་དང་འདུ་འཛི་ཡོན་ཏན་འགྲུབ་མ་འགྲུབ་རེ་དོགས་གཉིས་རེ་ཕྱེ་བས་གོལ་བའི་བདུད་བཞི༔ ཉོན་མོངས་རང་གའི་བདུད་ཀྱི་སྤྱོད་པ་ནི༔ ཉོན་མོངས་དྲུག་གིས་བསླུས་པ་དང་གསུམ་ནི་འཆོལ་སྙོགས་ཀྱི་སྤྱོད་པ་སྟེ༔ འདི་དག་རྒྱལ་པོ་ས་འཛིན་གྱི་གོལ་སར་ལྡང་སྟེ༔ ངེས་དོན་འདུས་པ་ལས༔ སྤྱོད་རྩིང་ཉེས་དམིགས་བཀའ་སྩལ་བ༔ གསང་སྔགས་སྒོར་ནི་རབ་ཞུགས་ནས༔ རང་གིས་མ་རྟོགས་གཞན་ལ་འཆད༔ མཁས་ལ་སྨོད་ཅིང་མཉམ་ལ་འགྲན༔ དྲེགས་ཤིང་ང་རྒྱལ་མཁས་འདོད་ནས༔ ཚིག་ཙམ་ཆོས་ལ་ཁུངས་ཕྱུང་སྟེ༔ རྩལ་བཤད་ཐེ་ཚོམ་གཞུང་ཉམས་བྱེད༔ ཕྱི་མ་དམྱལ་བ་ཆེན་པོར་ལྟུང་༔ ད་ཡང་རྡོ་རྗེ་སེམས་དཔའ་ཉོན༔ རྩལ་དང་སྟོབས་ནི་ཡོད་གྱུར་ཀྱང་༔ ལུས་ཀྱི་སྤྱོད་པ་མ་བསྲུངས་བས༔ ཐོ་ཅོ་སྤྱོད་པའི་ལས་བྱས་ན༔ འབྲས་བུ་སྡུག་བསྔལ་རྐྱེན་དུ་འགྱུར༔ ཡིད་ཀྱི་དྲན་པས་མ་བཟུང་བས༔ ངག་གི་འཆལ་བ་སྨྲས་གྱུར་པས༔ གཞན་གྱི་ཆོས་ལ་སྒྲོ་སྐུར་འབྱུང་༔ ཕྱི་མར་ཚ་བའི་དམྱལ་བར་སྐྱེ༔ ཞེས་སོ༔ དོན་མེད་ཚིག་རང་གི་སྤྱོད་པ་ནི་ཚུལ་འཆོས་ཕྱི་ཡི་བདུད་ཀྱང་ཡིན་ཏེ་ཆོས་སྤྱོད་ཀྱི་བྲེལ་ཏོའི་གཡེངས་ཏེ་ལྟ་བསྒོམ་ལ་གལ་ཆུང་བྱེད་པ་དང་ལྟ་སྤྱོད་འཛོལ་བས་རང་གྲོལ་དུ་རྩལ་མ་སྦྱོངས་ན་གོལ་ས་ཡིན་ཏེ༔ དེ་བཞིན་ལུས་ངག་ཡིད་ཀྱིས་ཀྱང༔ དོན་མ་རྟོགས་པར་སྤྱོད་གཟབ་སྟེ༔ བྲན་མོའི་ཚུལ་དུ་བྱས་གྱུར་ཀྱང་༔ ཚུལ་འཆོས་ཡིན་ཕྱིར་དོན་ལས་འགལ༔ ཞེས་སོ༔ དེ་འབའ་ཞིག་མ་ཟད་གང་སྤྱོད་ཀྱང་སྤྱོད་དུ་ཡོད་པ་ཐམས་ཅད་འགྲུབ་པ་མེད་པའི་བདུད་དམ་གོལ་ས་སྟེ༔ ཡེ་ཤེས་ནམ་མཁའ་མཉམ་ལས༔ ཅི་ཕྱིར་ངེས་དོན་མ་རྟོགས་ན༔ ཅི་སྤྱོད་ནོར་ཕྱིར་སྐྱོན་ཆེ་བས༔ མ་རྟོགས་དགེ་སྡིག་གང་སྤྱོད་ཀྱང༔ འཁོར་བའི་མཐར་ནི་ལྷུང་བར་འགྱུར༔ ཞེས་སོ༔ བུ་ཆུང་ལྟ་བུ་ནི་མཉམ་རྗེས་ཐུན་མོང་དུ་སྤྱོད་པའི་གནང་བཀག་གི་མཚམས་མ་ཕྱེད་པའི་གཏི་མུག་ལས་འབྱུང་ངོ༔ རི་བོ་བརྩེགས་པ་ལས༔ བསམ་དུ་མེད་པར་མ་ཤེས་པར༔ བསམ་དུ་མེད་པར་བློ་འཇོག་པ༔ བྱིས་པ་དེ་ནི་བླུན་པོ་སྟེ༔ མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་༔ ཞེས་སོ༔ དང་པོའི་ནང་ཚན་ཤེས་བྱ་ཡོན་ཏན་གྱི་བདུད་འདི་རྟོགས་པ༡་ཁ་འབྱམས་ཀྱི་གཟེབ་ངན་འགྲོའི་རྒྱུ་ཡང་ཡིན་ཏེ༔ མངོན་རློམ་ཡིད་དཔྱོད་ལ་གདེངས་བཅས་ནས་དྲོད་རྟགས་མེད་བཞིན་ལྟ་བ་རྟོགས་པར་ཁས་འཆེ་ནས་གཞན་ལ་གསང་བ་སྒྲོགས་པས་སོ༔ རིན་པོ་ཆེ་སྤུངས་པར༔ ལུས་ངག་དྲོད་རྟགས་མ་སྐྱེས་པར༔ ལྟ་བ་རྟོགས་པར་ཁས་ལེན་པ༔ ལུང་པ་སྟོང་བའི་རླུང་འཕྱོ་འདྲ༔ ཞེས་སོ༔ བར་མ་འདི་བྱ་རྩོལ་འཛིན་པའི་གཟེབས༢་ཡིན་ཏེ༔ རིག་པ་རང་བཞིན་གྱི་བསམ་གཏན་ངོས་མ་ཟིན་པར་བྱ་རྩོལ་གྱི་སྒོམ་བསྒྲུབ་དུ་རེ་བས༔ དེ་ཉིད་ལས༔ ཤུགས་བྱུང་རང་གནས་མ་ཤེས་པར༔ བྱ་བྱེད་རྩོལ་བ་སུས་འཛིན་པ༔ རི་མོ་མཁན་གྱི་ཆགས་འཛིན་འདྲ༔ ཞེས་སོ༔ དེ་དག་ཀྱང་དོན་གསལ་ལས༔ སྤྱོད་པ་གདེངས་མེད་གོལ་གྱུར་བས༔ སྤྱོད་པ་དག་ལ་བདུད་བདུན་འབྱུང་༔ ཞེས་པ་དང་༔ ཕྲ་བཀོད་དུ༔ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ༔ གོལ་ས་རྣམ་པ་གསུམ་ཡོད་དེ༔ འདི་ལྟར་སྣང་བ་ཐམས་ཅད་ལ༔ སྨྱོན་པ་ལྟ་བུར་སྤྱོད་གྱུར་ན༔ ལྷ་མ་ཡིན་དུ་གོལ་བར་འགྱུར༔ དོན་མེད་ཚིག་རང་སྤྱད་བྱས་ན༔ འཇིག་ཚོགས་ལྟ་བར་གོལ་བར་འགྱུར་༔ ཚོགས་དྲུག་ཡུལ་སྣང་ཐམས་ཅད་ལ༔ བུ་ཆུང་ལྟ་བུར་སྤྱོད་བྱས་ན༔ ལུང་མ་བསྟན་པའི་གནས་སུ་གོལ༔ ཞེས་དང་༔ ཕྱི་མ་ལ་གཟུང་འཛིན་ཡོད་པས་ལྟ་བའི་རྩིས་མ་ཟིན་པས་གོལ་བ་ནི༔ ཡེ་ཤེས་མཁའ་མཉམ་ལས༔ ལྟ་བའི་དྲན་པས་མ་བཟུང་བས༔ ཡིད་ཀྱི་སྤྱོད་པ་བསྲུང་མེད་པས༔ བདག་ཏུ་རྟོགས་པའི་གཟུང་འཛིན་གྱིས༔ ཕྱི་མ་མུན་པའི་སྐྱེ་མཆེད་ལྷུང་༔ ཞེས་སོ༔

བཞི་བ་འབྲས་བུ་རྒྱུན་བྱེད་ལ་རང་གནས་ཀྱི་འབྲས་བུ་རང་ངོ་མ་འཕྲོད་པར་རྒྱུ་རྐྱེན་གྱི་ཆོས་སྐུ་གསར་དུ་འབྱུང་བར་འདོད་དེ་སྟོང་ཉིད་བསྒོམ་པ་ལ་ཆེད་དུ་བློས་བཏགས་ནས་འབད་དེ་སྟོང་ཉིད་ལམ་དུ་ཤོར་བ་དང་༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྐུ་གསུམ་རང་ལས་གཞན་དུ་ཚོལ་བ་ནི་ངེས་དོན་གཞན་ཚོལ་གྱི་གཟེབ༡་ཀྱང་རྒྱུ་འབྲས་ལྷུན་གྲུབ་ཏུ་ལྟ་བ་རྫོགས་པ་ཆེན་པོའི་གོལ་ས་ཡིན༔ འབྲས་བུ་རང་ལ་ཡོད་པར་མ་ཤེས་པའི་སྒྲིབ་པ་ཡོད་པས་རྟག་དངོས་སུ་བཟུང་བ་ལྷུན་གྲུབ་ལས་དང་༔ ཀ་དག་གི་ཕྱོགས་ནས་འཁྲུལ་ཏེ་ཆད་པའི་མུ་སྟེགས་སོགས་སུ་འཁྲུལ་བ་བསྐྱེད་པ་སྟེ༔ རིན་ཆེན་སྤངས་པ་ལས༔ སྐུ་གསུམ་ཡེ་རྫོགས་མ་ཤེས་པར༔ ངེས་ལུང་གཞན་དུ་ཚོལ་བ་ནི༔ གླང་པོ་མ་རྙེད་རྗེས་བཙལ་འདྲ༔ ཞེས་དང་༔ ཡོན་ཏན་ཀུན་འབྱུང་ལས༔ མུ་སྟེགས་རྟག་པས་ལྟ་བ་ནི༔ ངོ་བོ་མི་འགྱུར་གཞི་བྱས་ཏེ༔ ཁ་དོག་དབྱིབས་ཅན་དག་ཏུ་འཁྲུལ༔ མུ་སྟེགས་ཆད་པའི་དབྱེ་བ་ནི༔ ཁ་དོག་དབྱིབས་མེད་ཆད་གཞི་བྱས༔ སྔ་ཕྱི་རྒྱུ་འབྲས་མེད་པར་འཁྲུལ༔ ཞེས་པ་ལྟར་དང་༔ ཡེ་ཤེས་མཁའ་མཉམ་ལས༔ མུ་སྟེགས་རྟག་པར་ལྟ་བ་དང་༔ རྫོགས་ཆེན་ཆོས་སྐུ་འགྱུར་མེད་གཉིས༔ འདྲ་དང་ནོར་ནས་གོལ་ཏེ་འགྲོ༔ མུ་སྟེགས་ཆད་པར་ལྟ་བ་དང་༔ ཆོས་སྐུ་དབྱིངས་རིག་དབྱེར་མེད་གཉིས༔ འདྲ་དང་ནོར་ནས་གོལ་ཏེ་འགྲོ༔ ཞེས་དང་༔ ངེས་དོན་འདུས་པ་ལས༔ ཡང་དག་ཆོས་སྐུ་དག་པ་འདི༔ རང་ལ་ཡོད་ཀྱི་གཞན་མ་ཚོལ༔ ཞེས་སོ༔ ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས༔ རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཉིད་བྱང་ཆུབ་ཏུ་ཤར་ཏེ༔ འབྲས་བུ་གཞན་ལ་རེ་བ་མེད་པར་ཐག་ཆོད་པའི་ཡེ་ཤེས་སོ༔ ཞེས་དང་༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ འབྲས་བུ་ཡེ་ཤེས་ཟང་ཐལ་ཏེ༔ དུས་ཀྱི་སྒྲིབ་པའི་རྐྱེན་ཁར་འཆོ༵ར༔ གཞི་མོ་ལམ་དུ་མ་བསླང་བས༔ འབྲས་བུ་རྐྱེན་ཁར་ཤོར་བ་ཡིན༔ དུས་ལ་ལྟོས་པའི་གང་ཟག་རྣམས༔ འབྲས་བུ་མ་སྒྲིབ་དུས་ཀྱིས་བསྒྲིབ༔ དུས་ལ་ལྟོས་པས་ཐོབ་མི་སྲིད༔ འབྲས་བུ་གཞི་ཐོག་ཤོར༵་བ་དང་༔ ཐ་སྙད་ཚིག་ཐོག་ཤོར༵་བ་དང་༔ རིན་ཆེན་དཔེ་ཐོག་ཤོར༵་བ་དང་༔ སྣང་བ་ཉམས་ཐོག་ཤོར༵་བ་རྣམས༔ འབྲས་བུ་བློ་སྣང་ཡུལ་དུ་ཤོར༔ འབྲས་བུ་ཕྱི་དུས་འདེབས་བྱེད་པ༔ ཡང་དག་དོན་ལས་གོལ་བ་ཡིན༔ གཉིས་མེད་རང་གྲོལ་སྒྲིབ་པ་ཡིན༔ ཡེ་གྲོལ་གཞི་རྫོགས་གདེང་མ་རྙེད༔ དེས་ན་གནད་དང་ལོག་གནོན་གེགས་སེལ་གསུམ༔ དེ་གསུམ་མི་ལྡན་འབྲས་བུར་བརླག༔ ཅེས་སོ༔ ལྟ་བསྒོམ་སྤྱོད་འབྲས་གཞི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་རོ་གཅིག་བྱང་ཆུབ་ཀྱི་སེམས་སུ་འུབ་ཆུབ་པས་དོན་འབྲས་བུ་ལྷུན་གྲུབ་ཆེན་པོ་བཅར་ཕོག་ཏུ་ངོས་མ་ཟིན་པར༔ ལྟ་བ་ལ་གཞི་བྱས༔ བསྒོམ་པ་ལ་ལམ་བྱས༔ སྤྱོད་པས་གྲོགས་བཙལ་ཏེ་ས་བོན་ལས་འབྲས་བུ་ལྟར་གདོད་ཀྱི་སྐུ་གསུམ་མཛད་པ་དང་བཅས་པ་འབྱུང་བར་འདོད་པ་ནི་ཐ་སྙད་ཚིག་ལ་ཞེན་པའི་གཟེབ་ཞེས་བྱ་སྟེ་གོལ་ས་ཡིན་ཏེ༔ རིན་ཆེན་སྤུངས་པ་ལས༔ ཆོས་ཀུན་རོ་གཅིག་མ་ཤེས་པར༔ ཐ་སྙད་ཚིག་ལ་བདེན་འཛིན་པ༔ ལུས་ཀྱིས་མི་ཐེག་ཁུར་ཁུར་འདྲ༔ ཞེས་སོ༔ འདི་ནི་སྔ་མ་དང་འགྲེལ་ཚུལ་ཅུང་མི་འདྲ་བས་གཉིས་བྱུང་ངོ་༔ འདི་ཡང་དོན་བརླིང་པོ་ཡོད་པས་དང་དུ་བླངས་འོས་སོ༔

གཉིས་པ་དེའི་དོན་བསྡུས་ཏེ་བཤད་པ་ནི༔ གོང་དུ་བསྟན་པའི་གོལ་སྒྲིབ་འཁྲུལ་བ་དེ་དག་ཀྱང་བསྡུ་ན༔ སྙིང་པོའི་ཡེ་ཤེས་འོད་གསལ་བའི་རང་བཞིན་ཆོས་ཅན་རྒྱས་འགྱུར་གྱི་རིགས་རང་ལ་ཡེ་ནས་གནས་པ་གསང་བ་བཞིས་ཆོད་དེ་མ་རྟོགས་པ་ལ་གོལ་ས་ཐམས་ཅད་འདུས་ཏེ༔ ལྟ་བསྒོམ་སྤྱོད་འབྲས་དབྱེར་མེད་པའི་མདོ་མདུད་དམ་གཞི་མ་ནི་དེ་ཉིད་ཡིན་པའི་ཕྱིར་རོ༔ ཀུན་བཟང་ཐུགས་མེ་ལས༔ ལྟ་བསྒོམ་སྤྱོད་པ་དབྱེར་མེད་གཅིག་པ་ལ༔ ལྟ་བསྒོམ་སྤྱོད་པ་གསུམ་དུ་ཁྱོད་ཀྱིས་གོལ༔ ཞེས་དང་༔ རྩལ་རྫོགས་ལས༔ གསང་སྔགས་རིག་པ་ཅོག་བཞག་ཉིད༔ ལྟ་བསྒོམ་སྤྱོད་པའི་མདོ་བདུད་ཡིན༔ ཞེས་དང་༔ དོན་གསལ་ལས༔ ལྟ་བ་ལྷག་གི་རྟོགས་པ་ཡི༔ དེ་ཡི་ངང་ལས་མི་འབྲལ་བས༔ ལྟ་བསྒོམ་སྤྱོད་པ་དུས་གཅིག་རྫོགས༔ འབྲས་བུ་གཞན་ནས་མི་ཚོལ་བས༔ དུས་དེ་ཉིད་དུ་ཅིག་ཆར་རྫོགས༔ ཞེས་སོ༔ རིག་པ་དེའི་རང་བཞིན་ཀ་དག་ཆེན་པོ་ཆོས་ཉིད་གནས་རིགས་ཡོད་མེད་ཀྱི་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ཚུལ་མ་རྟོགས་པར༔ ཀ་དག་ཏུ་བཤད་ན་ཆད་པར་འཁྲུལ༔ ལྷུན་གྲུབ་འགགས་མེད་དུ་བཤད་ན་རྟག་པར་འཁྲུལ༔ ཟུང་འཇུག་ཏུ་བཤད་ན་རྣམ་སྤྱིར་སོང་༔ མཚན་ཉིད་པའི་ལྟ་བ་དང་འཁྲུལ༔ རང་གནས་སུ་བཤད་ན་དངོས་པོར་གོལ་ནས་སེམས་འཁྲུལ་བ་སོགས་ཡོན་ཏན་སྐྱོན་དུ་འགྱུར་བའོ༔ འོག་མའི་ཐེག་པ་རྣམས་ཀྱི་ལྟ་བསྒོམ་སྤྱོད་པ་རྣམས་ཀྱིས་གོང་མ་གོང་མ་རྣམས་ལ་སྒྲིབ་པའི་རྒྱུར་འགྱུར་བ་སྟེ༔ རི་བོ་བརྩེགས་པ་ལས༔ གོལ་སྒྲིབ་སུམ་བརྒྱ་དྲུག་ཅུ་ཡང་༔ མདོར་བསྡུས་རྣམ་པ་གསུམ་དུ་འདུས༔ གནས་དོན་མ་རྟོགས་སྒྲིབ་པ་ཡིན༔ ཀ་དག་མ་རྟོགས་འཁྲུལ་བ་ཡིན༔ འོག་མ་འོག་མའི་ལྟ་སྤྱོད་ཀྱིས༔ གོང་མ་གོང་མའི་བསྒྲིབ་པ་ཡིན༔ ཞེས་དང་༔ ཡང་བཤད་ཚུལ་ཅུང་མི་འདྲར༔ གོལ་ས་སྔར་དང་འདྲ་ལ༔ ངོ་བོ་ཀ་དག་གི་དོན་རང་ལ་ཡོད་པ་གསང་བ་བཞིས་ཆོད་པ་དང་༔ ཆགས་ཐོགས་སྙོམ་འཇུག་གི་སྒྲིབ་པ་གསུམ་གྱིས་སྒྲིབ་ཏེ་མ་རྟོགས་པས་སྒྲིབ་པ་མཐའ་དག་བྱུང་བ་དང་༔ ཆོས་ཉིད་ཀྱི་དབྱིངས་ཡེ་གྲོལ་ཆེན་པོ་ལ་རིག་པ་གཅིག་གྲོལ་གྱི་རང་ས་མ་ཟིན་པར་འགྲོ་དྲུག་འཁོར་བའི་གྲོང་ཁྱེར་དུ་འཁྲུལ་བ་ལུ་གུ་རྒྱུད་དུ་འཕྱན་པ་སྟེ༔ བདུད་རྩི་རྒྱ་མཚོ་འཁྱིལ་བ་ལས༔ གོལ་སྒྲིབ་ཉིས་སྟོང་ལྔ་བརྒྱ་ཡང་༔ དབྱེ་བས་མི་རྫོགས་གསུམ་དུ་འདུས༔ སྙིང་པོ་མ་རྟོགས་གོལ་ས་བྱུང་༔ ཀ་དག་མ་རྟོགས་སྒྲིབ་པས་བསྒྲིབས༔ རང་ས་མ་ཟིན་འགྲོ་དྲུག་འཁྲུལ༔ ཞེས་སོ༔ རྒྱུ་མཚན་ནི་ལྟ་བསྒོམ་སྤྱོད་པས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་སྐྱོན་ཐམས་ཅད་ཡང་༔ དེའི་ལྟ་བ་ཚུལ་བཞིན་མ་མཐོང་བའི་ལན་པ་ཡིན་པས་གནད་འདིར་འདུས་སོ༔

གསུམ་པ་ཇི་ལྟར་བཅད་ཅིང་ལ་བཟླ་བ་ལ༔ ལུང་གི་སྒོ་ནས་རྒྱས་པར་བཤད༔ འགག་བསྡམ་པའི་སྒོ་ནས་བསྡུས་ཏེ་བཤད་པའོ༔ དང་པོ་ལ་ལྟ་བསྒོམ་སྤྱོད་འབྲས་བཞི་ལས༔

དང་པོ་ལྟ་བ་སྤྱིའི་གོལ་སྒྲིབ་འཁྲུལ་བ་ནི་དེ་དག་གི་རང་བཞིན་ཤེས་པའི་སྒོ་ནས་བསམ་བྱུང་གིས་དེའི་ཕྱོགས་སུ་ཤོར་མ་ཤོར་བརྟགས་པས་ཤེས་ནས་མི་འཇུག་པས་ཆོད་དེ་དེའི་ཕྱིར་ན༔ རིན་པོ་ཆེ་བཅུད་ཐིག་གི་རྒྱུད་ལས༔ ཕྱི་བ་བསྡུས་པས་རྟག་ཆད་གཉིས༔ ནང་བ་བསྡུས་པས་རིམ་པ་དགུ༔ རང་རང་འདོད་པ་རྣམ་མང་སྟེ༔ སྤྱི་ཏི་མ་རྟོགས་གོལ་བར་བཤད༔ དེ་ཡང་མུ་སྟེགས་རྟག་པ་ནི༔ གཞི་ཡི་ངོ་བོ་འགྱུར་མེད་ལ༔ བརྟགས་པས་ཁ་དོག་དབྱིབས་སུ་མཐོང་༔ སྒྲོ་འདོག་ལོག་པའི་ལམ་ལ་སྤྱོད༔ ཆད་པར་བལྟ་བའི་མུ་སྟེགས་པ༔ རང་བཞིན་ཁ་དོག་དབྱིབས་མེད་ལ༔ རྒྱུ་འབྲས་རྟེན་མེད་སྟོང་བར་མཐོང་༔ སྐུར་འདེབས་འཁྲུལ་བའི་ལས་ལ་སྤྱོད༔ ནང་པ་ཐེག་པ་ཆུང་ངུ་ཡི༔ ཉན་ཐོས་སྣང་བ་ཕྲ་རགས་ཡུལ༔ གང་ཟག་བདག་མེད་པར་རྟོགས་ཀྱང་༔ ཆོས་ཀྱི་བདག་མེད་མ་རྟོགས་འཁྲུལ༔ དམན་པའི་དཀའ་ཐུབ་མཚན་མར་སྤྱོད༔ རང་རྒྱལ་ཅང་མེད་ཅིར་སྣང་ལ༔ མ་རིག་འཁོར་བའི་གཞིར་མཐོང་བས༔ རྟེན་འབྲེལ་འབྱུང་ལྡོག་ངན་རྟོག་སྤོང་༔ སེམས་ཙམ་འགག་མེད་རང་གསལ་ལ༔ སྣང་བ་སེམས་སུ་མཐོང་བ་ཡིས༔ རང་རིག་རང་གསལ་འདོད་པ་གོལ༔ དབུ་མ་སེམས་ཉིད་དངོས་མེད་ལ༔ གཏན་ཚིགས་ཀྱིས་དཔྱད་སྟོང་བར་མཐོང་༔ ཅིར་ཡང་མེད་པའི་སྐྱེ་མཆེད་གོལ༔ ཀྲི་ཡ་ཡེ་དག་ཆོས་ཉིད་ལ༔ འཁོར་འདས་གཞི་མེད་མ་ཤེས་པས༔  གཙང next hit་སྦྲས་དངོས་གྲུབ་འདོད་པ་གོལ༔ ཨུ་པ་རང་བཞིན་གནས་ལུགས་ལ༔ འཁོར་འདས་གཉིས་མེད་ཡིན་པ་ལ༔ མར་སྤྱོད་ཡར་ལ་བལྟ་བ་འཁྲུལ་༔ ཡོ་ག་གནས་ལུགས་ཡུལ་བྲལ་ལ༔ སྐྱེ་འགགས་གཉིས་སུ་མེད་བཟུང་ནས༔ བྱང་ཆུབ་རྣམ་ལྔ་འདོད་པ་འཁྲུལ༔ མ་ཧཱ་སྣང་སྟོང་དབྱེར་མེད་ལ༔ རྟོག་ཚོགས་ལྷ་རུ་བསྒོམ་པས་གོལ༔ ཨ་ནུ་ཀུན་གཞི་མཁའ་ཀློང་ལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་མཐོང་༔ ལྟ་སྤྱོད་རྩེ་གཉིས་རབ་ཏུ་གོལ༔ ཨ་ཏི་ཕྱོགས་མེད་མཐའ་གྲོལ་ལ༔ ལྷུན་གྲུབ་ཀ་དག་ངེས་མེད་མཐོང་༔ བློས་བཏགས་ཁ་འབྱམས་ཚིག་ཏུ་གོལ༔ དེ་ལྟར་ཐེག་པའི་རིམ་པ་རྣམས༔ ང་ལས་བྱུང་བའི་སྐུ་གསུམ་གྱིས༔ རང་སྣང་འཁོར་གྱི་ངོ་བོ་ལ༔ གང་འཐད་རིམ་པར་སྦྱར་ནས་བསྟན༔ ཞེས་སོ༔ ཨ་ཏི་བླ་ན་མེད་པའི་དགོངས་པ་མངོན་དུ་མ་གྱུར་བའི་གོལ་སྒྲིབ་ཐམས་ཅད་ཆོས་ཉིད་མ་བུ་འཕྲད་དེ་སྙིང་པོ་ཡེ་ཤེས་ཀློང་ནས་ཤར་བའི་ངོ་བོ་ལ་གྲུབ་པ་མེད་པར་ལ་མ་ཟློས་ན་ལྟ་བས་ཕུ་མི་འཁྲུས་པའི་ལ་བཟློ་བའི་གོལ་སྒྲིབ་འཁྲུལ་བ་བཅད་པ་ནི༔ སྣང་གསལ་སྤུ་གྲིའི་རྒྱུད་ལས༔ རང་སེམས་སྙིང་པོ་ཆོས་ཀྱི་སྐུ༔ ཐོག་མའི་སྙིང་པོ་མ་འདི་ལ༔ རྩལ་སྣང་རིག་པ་བུ་འཕྲད་པས༔ མ་བུ་དབྱེར་མེད་འཕྲད་འདྲེས་པས༔ སྐྱེ་མེད་ས་ཟིན་འགྱུར་མེད་རྒྱ་ཡིས་ཐེབས༔ སྙིང་པོ་ཀློང་ནས་ཤར་ཙམ་ན༔ སྤྱི་ཏི་ཡོ་གའི་དགོངས་པ་ལ༔ ངེས་པའི་ཞེ་འདོད་མ་སྐྱེས་ན༔ རྫོགས་ཆེན་སྒྲིབ་པ་མིན་པར་བཤད༔ སྤྱི་ཏི་ཡོ་ག་འདི་རྟོགས་ན༔ གོང་འོག་ཁྱད་པར་དབྱེ་རུ་མེད༔ ཐེག་པ་དྲུག་གི་གོལ་སྒྲིབ་སྟེ༔ བདེན་གཉིས་ཁ་ཚོན་བཅད་དུ་མེད༔ སྙིང་པོའི་རང་བཞིན་རྩིས་གདབ་མེད༔ རང་བཞིན་ཤེས་པས་སྒྲིབ་པ་མེད༔ འཛིན་རྟོག་གཉིས་ལས་གྲོལ་བ་ནི༔ དེ་ཡི་དོན་རྟོགས་གོལ་དུ་མེད༔ འཛིན་རྟོག་ཡིད་གཉིས་འཁྲུལ་བར་ཤེས༔ རྩིས་གདབ་མེད་ན་འཁྲུལ་དུ་མེད༔ གཟུང་དང་འཛིན་པ་འཁྲུལ་བའི་ཆོས༔ དེ་ལྟར་ཤེས་པས་སྒྲིབ་ཏུ་མེད༔ གཟུང་འཛིན་ཡིད་གཉིས་མ་སྐྱེས་ན༔ གོལ་དང་འཁྲུལ་བ་མེད་པར་བཤད༔་སྙིང་པོའི་རང་བཞིན་མ་ནོར་ཤར༔ ལྟ་བ་གོལ་མེད་བྱང་ཆུབ་སེམས༔ ཕྱོགས་ཆ་ཡེ་བྲལ་མ་སྐྱེས་ན༔ འཛིན་རྟོག་གོལ་སྒྲིབ་འཁྲུལ་བ་མེད༔ དངོས་པོ་གང་ཡང་དབྱེ་བསལ་མེད༔ དབྱེ་བསལ་གོལ་སྒྲིབ་འཁྲུལ་བ་མེད༔ ལུས་ངག་ཡིད་གསུམ་རྩོལ་བསྒྲུབ་བྱར་མེད་པས༔ བྱ་བཙལ་གོལ་སྒྲིབ་འཁྲུལ་བ་མེད༔ རྒྱུ་ལས་མ་བྱུང་འབྲས་བུ་མཆོག༔ རྒྱུ་འབྲས་བྱ་བཙལ་གོལ་སྒྲིབ་མེད༔ སྙིང་པོའི་རང་བཞིན་གཅིག་ཤེས་ནས༔ ལྟ་བ་ལ་སོགས་བཅུ་པོ་ལ༔ གོལ་སྒྲིབ་འཁྲུལ་བ་ག་ལ་ཡོད༔ ལྟ་བ་རྟོགས་ནས་བསྒོམ་མེད་དོན༔ བཀོལ་མེད་མཉམ་པའི་དོན་ཤར་ན༔ ལྟ་བ་གོལ་སྒྲིབ་འཁྲུལ་བ་མེད༔ ཅེས་སོ༔ གཟེབ་བཅུ་ལས་གཤིས་ཤོར་སྟོང༡་ལྟ་ནི་རིག་པ་ཅོག་བཞག་ཟང་ཐལ་ངོ་འཕྲོད་པས་སྤྲོས་བྲལ་མཛུབ་བཙུག་གིས་ཆོད་པ་དང་༔ སྟོང་ཉིད་རྒྱས་འདེབས་སུ་ཤོར༡་བ་དང་ཐ་སྙད་ཚིག་ཞེན་གྱི་གཟེབ༢་གཉིས་ནི་སྣང་སེམས་ཐམས་ཅད་རིག་རྩལ་ལས་རོལ་པ་གཞི་མེད་སྣང་སྟོང་མཉམ་ཉིད་དུ་ཤེས་པས་ཆོད་དོ༔ ཡང་སེམས་རིག་ཕྱེད་པས་སྟོང་གཟུགས་མཚན་འཛིན་གྱི་གཟེབ༣་དང་ཐ་མལ་བསམ་གཏན་གྱི་ཕྱོགས་ཀྱི་གོལ༣༔ ས་དང་ནོར་ས་ཆོད་དོ༔

བསྒོམ་པའི་གོལ་ས་ནི༔ སྤྱི་བྱེ་བྲག་གཉིས་ལས་སྤྱིར་དང་པོ་རིམ་དགུ་སྤྱི་ཡི་གོལ་ས་ལ་བཟླ་བ་ནི༔ སྔར་རང་ས་ནས་མི་འབྱུང་བའང་གོལ་ས་ལ་བཟླས་པས་ཤེས་པའི་ཕྱིར་ཏེ༔ འདི་ནི་དོན་ལ་རྟོན་པ་མན་ངག་གི་རྒྱུད་ཤིན་ཏུ་གོ་སླ་བས༔ ནམ་མཁའ་ཀློང་ཡངས་དང་ལྟ་བ་ཡང་སྙིང་གི་རྒྱུད་གཉིས་མཐུན་པར༔ འཁོར་འདས་མ་རེག་རྫོགས་ཆེན་ལ༔ གོལ་སྒྲིབ་མེད་པར་བསྟན་པའང་༔ ཡིད་ལ་མ་རྒྱུས་གོལ་ས་མེད༔ དེ་ཡང་རྡོ་རྗེ་སེམས་དཔའ་ཉོན༔ ཕྱི་རོལ་ཡུལ་གྱི་ཐ་སྙད་ལ༔ དམ་པར་ཞེན་པའི་སྔ་ཕྱི་ཞེན་པའི་རྟོག་པ་ཡི། །རྟོག་པ་ཡིས༔ བྱུང་ཚོར་རྗེས་སུ་མ་འབྲངས་པས༔ འཇིག་རྟེན་ཕལ་པའི་སར་མི་གོལ༔ རང་གི་སེམས་ཀྱི་སྙིང་པོ་འདི༔ དྲན་རྟོག་བློ་ཡི་རྣམ་པ་ཡིས༔ དེ་ཡང་བདག་མེད་དོན་རྟོགས་ཕྱིར། །ཡོད་མེད་ཡུལ་དུ་མ་བསྒོམ་པས༔ རྟག་ཆད་མཐའ་ནི་དེ་མི་གོལ༔ ལུང་རིག་མན་ངག་ལ་བརྟེན་ནས༔ ཤེས་རབ་ཟབ་མོའི་དོན་ཟིན་པས། །ཐོས་བསམ་ལྟ་བས་ཡིད་ཆེས་པས༔ ཤེས་རབ་ཟབ་མོའི་དོན་ཟིན་པས། །ལུང་དུ་མ་བསྟན་དེར་མི་གོལ༔ ལྷག་མཐོང་རིག་པའི་གདེངས་ཡོད་པས། །མི་དམིགས་པ་ལ་བློ་གཏོད་ཅིང་༔ བྱིང་རྒོད་རྣམ་གཉིས་བསལ་བ་ཡིས༔ ཞི་གནས་རོ་ལ་མ་ཞེན་པས༔ སེམས་འཛིན་བསམ་གཏན་སར་མི་གོལ༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ རང་གི་སེམས་དང་མ་དབྱིངས་དང་ཡེ་ཤེས་གཉིས་མེད་ཕྱིར། །འགྲོ་དྲུག་རྣམ་ཤེས་མི་འགགས་པས། །འདུ་ཤེས་མེད་པར་འབྲེལ་ཕྱིར༔ སྒོ་ལྔའི་རྣམ་ཤེས་མི་དགག་པས༔ འདུ་ཤེས་མེད་པར་དེ་མི་གོལ༔ རང་བྱུང་རང་སྣང་འདི་ཉིད་ལ༔ སེམས་ཀྱི་རྩོལ་བའི་གཉེན་པོ་ཡིས༔ སྤངས་པའི་རྟོག་པ་མེད་པའི་ཕྱིར་རྣམ་རྟོག་མ་སྤངས་རང་ཞི་བས༔ ཉན་ཐོས་འགོག་པར་དེ་མི་གོལ༔ ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ལ༔ རྟེན་འབྲེལ་བཅུ་གཉིས་ཡུལ་མེད་པས། །བརྟེན་ནས་སེམས་ཀྱི་རྒྱུ་བ་ཡིས༔ རྟོག་དགག་སྟོང་པ་མི་བསྒོམ་པས༔ རང་རྒྱལ་སེམས་སུ་དེ་མི་གོལ༔ ཡུལ་མེད་སེམས་སུ་སྣང་བ་སེམས་སུ་མི་སྡུད་པས། །བློས་བསྡུས་པས༔ དོན་དམ་རང་གི་ཤེས་པའི་དོན༔ རང་རིག་སྐད་ཅིག་གསལ་བར་མི་བསྒོམ་པས༔ སེམས་ཙམ་ལྟ་བར་དེ་མི་གོལ༔ ཡུལ་འདི་ཀུན་རྫོབ་བློས་བྱས་ཏེ༔ གཏན་ཚིགས་དག་གིས་གཞིག་བྱས་ནས༔ བདེན་པ་གཉིས་སུ་མི་དབྱེ་ཕྱིར། །མཚན་མ་སྟོང་པར་མི་བསྒོམ་པས༔ དབུ་མ་གཉིས་སུ་དེ་མི་གོལ༔ རེ་དོགས་ལས་ཀྱི་རྩོལ་བ་ཡིས༔ དགེ་བ་བཅུ་ཡི་སྙིང་པོ་ལ༔ ཚོགས་གཉིས་རྩོལ་བ་མེད་པའི་ཕྱིར། །རྒྱུ་འབྲས་རྐྱེན་ལ་མི་ལྟོས་པར༔ འདུས་བྱས་ཆོས་སུ་དེ་མི་གོལ༔ རང་སེམས་སྙིང་པོ་ངོ་བོ་ཉིད༔ རྟོག་པའི་རྐྱེན་གྱིས་མི་འགྱུར་ཕྱིར༔ འཁོར་འདས་གཉིས་ལ་མི་དཔྱོད་པས༔ བག་ཆགས་བཟང་ངན་མིང་མེད་ཕྱིར། །དགེ་སྡིག་རེ་དོགས་རྩོལ་མེད་པས། །ལས་ཀྱི་དབང་དུ་དེ་མི་གོལ༔ སྣང་སྟོང་གཞི་ལ་མེད་པའི་ཕྱིར། །དབྱེ་བ་བསྟན་པའི་ཡུལ་མེད་པའི། །སྤོང་བསྡུད་སེམས་ཀྱི་རྟོག་པ་ལ༔ སྐྱོན་ཡོན་གཉིས་སུ་མི་བལྟ་ཞིང་༔ མི་རྟོག་དབེན་པའི་ཡུལ་མེད་པས༔ ཕྲ་བའི་ལམ་དུ་དེ་མི་གོལ༔གཞི་ལ་གོང་འོག་མེད་པའི་ཕྱིར། །སྨོན་འཇུག་གཉིས་ལ་མི་བརྟེན་ཅིང་༔ ཚོགས་བསོགས་དམ་པར་མི་བལྟ་བས༔ ལམ་ལྔ་རིམ་གྱིས་མ་སྦྱངས་ཕྱིར༔ ས་བཅུ་བགྲོད་པར་དེ་མི་གོལ༔ བདག་དང་ཡེ་ཤེས་གཉིས་མེད་ཕྱིར། །ཆོས་ཉིད་དག་པའི་ངང་ལས་ནི༔ རིགས་གསུམ་དག་པའི་དཀྱིལ་འཁོར་གྱི་ལྷར་མ་བསྐྱེད་ཅིང་༔ དག་གཞིའི་ཏིང་འཛིན་མི་བསྒོམ་པས༔ ཀྲི་ཡའི་ཐེག་པར་དེ་མི་གོལ༔ ལྟ་བ་ཡོ་གར་བལྟ་བ་དང་༔ སྤྱོད་པ་ཀྲི་ཡར་སྤྱོད་པ་དང༔ རྣམ་གཉིས་ཡ་ཆར་འགལ་བར་འཛིན་པར་མི་བསྒོམ་པས༔ ཨུ་པ་ཡར་ནི་དེ་མི་གོལ༔ ཡང་དག་ངེས་པའི་དོན་རྟོགས་ཕྱིར། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཀྱི༔ ཆོ་འཕྲུལ་ལྷ་ཡི་ང་རྒྱལ་གྱིས༔ བྱང་ཆུབ་རྣམ་ལྔ་མི་བསྒོམ་པས༔ ཡོ་གའི་སེམས་པར་དེ་མི་གོལ༔ འཁྲུལ་སྣང་གཞི་ལ་མེད་པའི་ཕྱིར། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི༔ རྟོག་ཚོགས་དགྲ་རྣམས་མང་པོ་ཡིས༔ རྣམ་རྟོག་ལྷ་ནི་མ་བསྒྱུར་བས༔ མ་ཧཱ་ཡོ་གར་དེ་མི་གོལ༔ ལས་ཀྱི་ཕྱག་རྒྱ་གཞིར་བཞག་ནས༔ རྩ་དང་ཐིག་ལེ་བདེ་བ་ཡི༔ ཐབས་ཀྱིས་འཛིན་པ་མ་བསྒོམ་པས༔ ཆགས་པའི་ལམ་དུ་དེ་མི་གོལ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཕྱིར། །ཀུན་གཞི་དག་པའི་མཁའ་ཀློང་དུ༔ བདེ་ཆེན་གཉིས་མེད་རིག་པའི་རྩལ༔ འདུ་འབྲལ་མེད་འཇོག་ཡིད་མེད་པས༔ ཨ་ནུ་ཡོ་གར་དེ་མི་གོལ༔ འཁོར་འདས་གཉིས་ཀྱི་རྣམ་པ་ལ༔ ཡིན་དང་མིན་པའི་ཆོས་རྣམས་ཀུན༔ སྣང་བ་སེམས་ཉིད་མིན་པའི་ཕྱིར། །ཆོས་ཉིད་མཚོན་དུ་མི་རྟོགས་པས། །མཚན་མའི་སྐྱོན་དུ་དེ་མི་གོལ། །སེམས་ཀྱི་མཚོན་དུ་མེད་རྟོགས་པས༔ མཚན་པའི་རྐྱེན་དུ་དེ་མི་གོལ༔ རྣལ་འབྱོར་སྤྱོད་པ་རྣམ་གསུམ་གྱིས༔ ཞུམ་པ་མེད་པའི་སེམས་ཉིད་ཀྱིས༔ བརྟུལ་ཞུགས་ཕྱི་ནང་གསང་བའི་ཚོགས་གང་ཡང་མི་དགོས་པས༔ རེ་དོགས་སྤྱོད་པར་དེ་མི་གོལ༔ སྣང་བར་རང་གི་བློས་བྱས་པའི༔ ཡུལ་སེམས་བསྲེ་བའི་རྣམ་རྟོག་གཞི་ལ་མེད་པའི་ཕྱིར། །གཉིས་མེད་དོན་ལ་མི་ལྟོས་པའི། །ཕྱོགས་ཅན་ལྟ་བར་དེ་མི་གོལ། །ལྟ་བ་ཡི༔ གཉིས་མེད་དོན་ལ་མི་གཏོད་པས༔ ཕྱོགས་ཅན་ལྟ་བར་དེ་མི་གོལ༔ ཞེས་སོ༔

བྱེ་བྲག་གི་གོལ་ས་གཅོད་པ་ནི༔ དོན་གསལ་ལས༔ གསལ་བའི་རྩལ་གཉིས་མ་འགགས་པས༔ ཞི་གནས་བཏང་སྙོམས་མི་རྟོག་གོལ་ས་ཆོད༔ ཆོས་སྐུ་རང་གནས་བསྒོམ་མི་དགོས་པ་ཡི༔ ལྟ་བསྒོམ་ཀུན་བཏགས་བསྒོམ་པའི་གོལ་ས་ཆོད༔ ཆོས་སྐུ་མཚན་མ་གང་དུ་མི་གནས་པས༔ མཚན་མ་འོད་དུ་བསྒོམ་པས་གོལ་ས་ཆོད༔ རིག་པ་བདེ་སྟོང་གཉིས་སུ་གསལ་ལ་མི་རྟོག་པའི༔ རྩ་རླུང་ཐིག་ལེ་ལུས་བརྟེན་གོལ་ས་ཆོད༔ དངོས་པོ་རང་རྒྱུད་མ་ཡིན་པའི༔ འཇིག་རྟེན་དངོས་པོ་རང་གར་འཛིན༔ ཡེ་གསལ་ཆེན་པོ་ཆུ་བོའི་རྒྱུན་དུ་གནས་པས་ན༔ སེམས་འཛིན་ཐུན་བསྒོམ་རྩོལ་བའི་གོལ་ས་ཆོད༔ རྩ་བ་ཆོས་སྐུར་བདག་ཏུ་འཛིན་མེད་པས༔ འཛིན་པ་ཞེ་འདོད་ཅན་གྱི་གོལ་ས་ཆོད༔ བསྒོམ་དང་མི་བསྒོམ་ཡེངས་དང་མ་ཡེངས་མེད་པ་ཡི༔ མ་ཚོར་ཡིད་ལ་བྱས་པས་གོལ་ས་ཆོད༔ ཅེས་སོ༔ དེ་ལ་མི་རྟོག་སྟོང་བར་གོལ་ས་དང་༔ སྟོང་བསྒོམ་མུན་རྡོའི་གཟེབ༔ མི་རྟོགས་ལྟེང་བོའི་གཟེབ་རྣམས་ཞི་གནས་སྟོང་བས་གོལ་ས་བཅད་པས་ཆོད་ལ༔ གནད་མེད་སྡུག་སྒུར་གྱི་གཟེབ་ནི༔ ལྷག་མཐོང་གསལ་བའི་གོལ་ས་ཆོད་དེ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་རང་བྱུང་གི་སྒྲོན་མ་རང་ངོ་འཕྲོད་པའི་ཐོག་ཏུ་ཕོག་པས་ཆོད་དེ༔ དེས་ན་ལྷག་མ་གཉིས་ཀྱང་དེ་དག་གི་ལྡོག་པ་སྤྱིའི་ཁྱབ་པའི་ཞི་ལྷག་གི་དགྲ་གཉིས་བསལ་བས་གོལ་ཤོར་ཆོད་དེ༔ ཕན་ཚུན་བཟློས་བསྒོམ་གྱི་ལྡོག་པའི་ཞི་ལྷག་སྒྲུབ་པ་ཆུ་བོ་རྒྱུན་གཅོད་དུ་ཁོ་བོས་བྱས་པ་ལས་ཤེས་པར་བྱ་སྟེ༔ དྲི་མེད་ཀ་དག་གི་རྒྱུད་ལས༔ མི་རྟོག་པ་ཡི་དགྲ་རྒོད་པས༔ གསལ་བའི་དགྲ་ཡང་བྱིང་བས་བསལ༔ བྱ་བ་བཏང་ལ་དལ་བར་བསྡད༔ དབང་པོ་ལྔ་ཡི་སྒོ་མི་བཅད༔ བློ་འཕང་བསྟོད་ལ་རྒོད་པ་ན༔ མི་ཡེངས་མི་བསྒུལ་བཞག་པར་བྱ༔ དབུགས་ཀྱང་ཅུང་ཟད་ཙམ་བཟུང་སྟེ༔ འོག་སྒོ་ལྷོད་ལ་བློ་འཕང་སྨད༔ གྲང་སར་མི་བསྡད་ཆང་བཟང་པོར༔ མི་བཟི་ཙམ་ཡང་བཏུང་ཐུན་བཟུང་༔ རྐུན་མ་གཉིས་པོ་མེལ་ཚེས་བསྲུང་༔ མ་ཚོར་ཡིད་ལ་བྱེད་པ་ཡི༔ དགོངས་པ་རང་སར་བསྐུལ་བ་ནི༔ ཡིད་རྟོག་རྐུན་བུས་མི་རྟོག་བརྐུ༔ འོན་ཏིང་དགོངས་པ་དངོས་པོའི་གཤིས༔ དེ་ནི་བསྒོམ་པས་བསླབས་ཐབས་སོ༔ མ་བཅོས་ངང་གིས་དེ་ལ་གནས༔ བྱིང་རྒོད་མ་ཤོར་རང་བཞིན་ནོ༔ གསལ་ལ་མི་རྟོག་དེ་ཉིད་མི་འབྱེད་པའི༔ བདག་ཉིད་ཆེན་པོ་རང་རིག་རྒྱལ་པོར་བཞག༔ སྐུ་གསུམ་རང་བཞིན་རིན་ཆེན་འོད་གསལ་བ༔ དེ་ཡི་མངོན་དུ་གྱུར་བ་ཡིན༔ ཞེས་པའི་ཚུལ་དུ་བསལ་ལོ༔

གསུམ་པ་སྤྱོད་པའི་བདུད་བསལ་བ་ནི༔ ལོངས་སྤྱོད་ལ་ཆེད་དུ་འཛིན་པ་དང་༔ ཤེས་བྱ་ཡོན་ཏན་ལ་ཆེད་དུ་འཛིན་པ་དང་༔ རྒྱུ་འབྲས་ལ་མངོན་པར་ཞེན་ནས་ཆེད་དུ་འཛིན་པ༔ ཉོན་མོངས་རང་གར་བའི་ཡུལ་དགག་སྒྲུབ་ཀྱིས་ཆེད་དུ་འཛིན་པ་འདོད་དབང་གི་ཚུལ་འཆོས་ཀྱི་བསྙེན་བསྐུར་ལ་ཆེད་དུ་འཛིན་པ་སྟེ༔ ཆེད་འཛིན་རང་བྱུང་རང་ཞི་ལ་གྲོལ་བའི་གདེང་བཙལ་བས་སྤྱོད་བདུད་ཐམས་ཅད་རང་སར་གྲོལ་ཏེ༔ ཀུན་གསལ་ལས༔ གང་ལ་ཆེད་དུ་འཛིན་པ་དེ༔ བདུད་རྣམས་ཀུན་གྱི་སྤྱི་ཡིན་ཏེ༔ ཆེད་འཛིན་མེད་ན་བདུད་མི་འབྱུང་༔ སྤྱོད་པའི་བདུད་བདུན་གང་ལ་ཡང་༔ རང་བྱུང་རང་སྣང་རང་གྲོལ་གནད༔ ཅེས་སོ༔

བཞི་པ་འབྲས་བུའི་གོལ་ས་བསལ་བ་ནི༔ འབྲས་བུ་སྐུ་གསུམ་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་གྲུབ་པར་སྔར་བཤད་པ་དང་༔ གཞན་མ་ཡིན་པའི་དེ་ཁོ་ན་ཉིད་སླད་ནས་བསྟན་པ་དག་གིས་ཤེས་སོ༔

གཉིས་པ་འགགས་བསྡམས་པའི་སྒོ་ནས་བསྡུས་ཏེ་བསྟན་པ་ནི༔ རིག་པ་རང་གསལ་གྱི་ཡེ་ཤེས་རྗེན་ཅེར་བཅར་ཕོག་ཏུ་ལྟ་བས་གཏན་ལ་ཕབས་ཤིང་༔ ཡིད་དཔྱོད་ཀྱི་རྟོག་མཐའ་དང་བྲལ་ནས༔ དྭངས་སངས་རང་སངས་ལྟ་བའི་དགོངས་པར་ཐག་བཅད་ལ་གོལ་ས་བཅད་པ་ནི༔ ཐལ་འགྱུར་ལས༔ ལྟ་བའི་ངོ་བོ་མཐོང་བར་བྱེད༔ ཡིད་དཔྱོད་ཚིག་གི་འགྱུས་པ་མེད༔ ཅེས་སོ༔ རང་སང་རང་སྣང་ས་ལེ་གཟུང་འཛིན་ཏིས་ཕུར་དུ་མ་སོང་བར་ཡངས་པ་ཁྲོལ་ཆགས་སུ་རྒྱ་དཔངས་བསྐྱེད་དེ་གཏིང་གསལ་གྱི་ཡེ་ཤེས་ངོས་བཟུང་ལ་ཕྱལ་ཡས་པར་བཞག་པའི་བསྒོམ་པས་གོལ་ས་ཆོད་དེ༔ དེ་ཉིད་ལས༔ མ་གོལ་གནས་པའི་བསྒོམ་པ་ནི༔ དབང་པོའི་སྒོ་རྣམས་གསལ་བ་ལ༔ ཡིད་ཀྱི་རྟོག་པ་མ་འགྱུས་པ༔ ཤེས་པ་ཉིད་ལ་དཔྱོད་པའི་ཡིད༔ ཕྱིར་ལ་ཤོར་བ་མེད་པ་ཉིད༔ རིས་ཅན་གསལ་བར་མ་ཡིན་པར༔ གུད་བཅད་སྟོང་བར་མ་སོང་དང་༔ བདེ་བ་རྒྱུན་ཆགས་མ་ཡིན་དང་༔ བཏང་སྙོམས་ལྟེང་བོར་མ་སོང་དང་༔ དྲན་རིག་གསལ་བའི་ངལ་བསོ་དང་༔ སྦྱང་པ་ལོག་ཆའི་ལམ་སོང་དང་༔ འཛིན་ཆ་ནང་དུ་འགྱུ་བདེ་དང་༔ ཆ་ལུགས་གསལ་བའི་འཛིན་ཆ་དང་༔ ཁ་དོག་ཡིག་འབྲུར་བསྒྱུར་བྱེད་རྣམས༔ དེ་རྣམས་ཕྱོགས་སུ་མ་ལྷུང་ན༔ མ་གོལ་གནས་པའི་བསྒོམ་པའོ༔ ཞེས་སོ༔ དེའི་ངང་ནས་ཅི་ཤར་རང་གྲོལ་དུ་གཏོང་བ་ནི་སྤྱོད་པ་སྟེ༔ དེའི་གོལ་ས་བཅད་པ་ནི༔ ཟང་མ་ཐལ་བྱུང་དུ་ཤར་ཞིང་གྲོལ་ཏེ༔ བར་དེར་སྤངས་གཉེན་གྱི་རྣམ་རྟོག་མ་ཞུགས༔ ངོ་སྤྲོད་ཀྱི་ཕན་ཡོན་མི་བསྒོམ༔ གང་སྣང་གི་སྣང་ཐོག་ཏུ་བཞག་པའི་རིག་ཐོག་ཏུ་གྲོལ་ནས༔ གཉིས་བཅས་ཀྱི་ཆོས་ལ་འཛིན་ཆ་མ་ཞུགས་པ་ཨར་སང་ལ་གཏོང་སྟེ༔ སེང་གེ་རྩལ་རྫོགས་ལས༔ རྫོགས་ཆེན་འགགས་མེད་སྤྱོད་པ་ཉིད༔ བྱས་པས་བྱུང་བར་མི་འགྱུར་ཏེ༔ ཆགས་མེད་རང་གྲོལ་གསུམ་ལ་ཐུག༔ ཅེས་སོ༔ འབྲས་བུ་ནི༔ རང་གནས་ཀྱི་རིག་པ་འདི་འབྲས་བུ་ལྷུན་གྲུབ་ཆེན་པོར་ཤེས་པས་ཐག་ཆོད་གཅིག་གི་ས་ཟིན་དུ་བྱས་པས་གོལ་ས་ཆོད་དེ༔ དེ་ཉིད་ལས༔ རྫོགས་ཆེན་གོམས་པ་ཡེ་ཡོད་ཉིད༔ བསྒོམས་པས་བྱུང་བ་མ་ཡིན་ཏེ༔ འགྱུ་མེད་བསལ་བྲལ་བཞི་ལ་ཐུག༔ རྫོགས་ཆེན་དོན་ཉིད་རྟོགས་དཀའ་བས༔ མཚོན་པའི་ཚིག་གིས་མི་རྙེད་དོ༔ གདམས་ངག་གསང་བཅུ་གཉིས་ལ་ཐུག༔ རྫོགས་ཆེན་རིག་པ་རྟོག་མེད་ཉིད༔ བསྒོམ་པས་རྟོགས་པར་མི་འགྱུར་ཏེ༔ བསྐྱལ་ས་ཆེན་པོ་གཅིག་ལ་ཐུག༔ རྫོགས་ཆེན་རང་བྱུང་ཡེ་ཤེས་ཉིད༔ བསྒྲུབས་པས་འགྲུབ་པར་མི་འགྱུར་ཏེ༔ ངེས་པའི་སྙིང་པོ་གཉིས་ལ་ཐུག༔ རྫོགས་ཆེན་འབྲས་བུ་ཆིག་ཆོད་ཉིད༔ བསྐྱེད་པས་རྫོགས་པར་མི་འགྱུར་ཏེ༔ ཆགས་བྲལ་མན་ངག་གསུམ་ལ་ཐུག༔ ཅེས་སོ༔ གཞན་ཡང་བླ་མ་དམ་པའི་མན་ངག་གིས༔ ཀ་དག་ལྷུན་གྲུབ་བདེན་གཉིས་ཟུང་འཇུག་གི་རིག་པའི་ཡེ་ཤེས་ཉིད་སྤྲོས་བྲལ་མཛུབ་འཛུག་གི་ཚུལ་དུ་ཐེག་པ་འོག་མའི་ཡིད་དཔྱོད་ལས་འདས་ཏེ་མི་མཐོང་བའི་སྒྲིབ་པ་བྱིན་རླབས་ཀྱིས་བསལ་ཏེ༔ མངོན་སུམ་རང་ཐོག་ཏུ་རྗེན་པར་ངོ་སྤྲད་ཅིང་ཁམས་གསུམ་འཁོར་བའི་སེམས་ལས་འདས་པ་ཡེ་ཤེས་རང་རིག་འབྲས་བུ་ཅིག་ཆོད་ཀྱི་ངང་དུ་མཉམ་པར་བཞག་པ་གཅིག་པོས་སྤྲོས་པ་ཀུན་དུས་གཅིག་ཏུ་ཆོད་པ་ནི༔ དཔལ་རི་བོ་བརྩེགས་པའི་རྒྱུད་ལས༔ ཤེས་མེད་བློ་འདས་རྟོགས་པ་ཡིས༔ སྙིང་པོ་མ་བུ་ངོ་འཕྲད་འཁྲུལ་དུ་མེད༔ དངོས་མེད་འོད་གསལ་མུན་སངས་སྒྲིབ་པ་མེད༔ འགྲོ་སྒོ་མ་ནོར་གོལ་དུ་མེད༔ གོལ་སྒྲིབ་འཁྲུལ་གསུམ་ལ་བཟླའོ༔ ཞེས་དང་༔ ཉི་ཟླ་འོད་འབར་ལས༔ ཆོས་ཉིད་སྙིང་པོ་མ་རྟོགས་གོལ་ས་ཡང་༔ གཏིང་ཡངས་སྙིང་པོ་དོན་རྟོགས་གོལ་ས་མེད༔ ཀ་དག་མ་རྟོགས་སྒྲིབ་པས་བསྒྲིབས་པ་ཡང་༔ འོད་གསལ་དངོས་པོའི་དོན་རྟོགས་བསྒྲིབ་ཏུ་མེད༔ སྒོ་ལྔ་འཁྱམས་པས་འཁྲུལ་བར་གྱུར་པ་ཡང་༔ སྐྱེ་མེད་རང་ས་ཟིན་པས་འཁྲུལ་རྩད་ཆོད༔ ལྟ་བ་སྤྱོད་པ་ལ་སོགས་གོལ་ས་ཡང་༔ ཞེ་འདོད་ཕྱོགས་དང་བྲལ་བས་གོལ་ས་མེད༔ ཉན་ཐོས་ལ་སོགས་ཐེག་པའི་སྒྲིབ་པ་ཡང༔ ཀུན་རྫོབ་བླ་མེད་དོན་རྟོགས་སྒྲིབ་པ་མེད༔ འགྲོ་དྲུག་འཁོར་བར་འཁྱམས་པའི་འཁྲུལ་པ་ཡང་༔ མཐའ་གྲོལ་ཡིད་རྩད་ཆོད་པས་འཁྲུལ་དུ་མེད༔ ཅེས་སོ༔ དེ་ལྟ་བུའི་གཞི་ལམ་འབྲས་གསུམ་ལྟ་བསྒོམ་སྤྱོད་འབྲས་སོགས་ཀྱི་གོལ་སྒྲིབ་འཁྲུལ་བ་རྣམས་ལྟ་བའི་གདེངས་ཟིན་ཆེན་པོའི་གནས་ལུགས་མཐར་ཐུག་གི་དོན་ལ་མེད་པར་ལ་བཟླ་བ་ནི༔ བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས༔ ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ནས༔ ཐེག་པ་མེད་པར་ལ་བཟླའོ༔ རང་བྱུང་འོད་གསལ་དོན་རྟོགས་ནས༔ སྒྲིབ་པ་མེད་པར་ལ་བཟླའོ༔ རང་སེམས་ཆོས་སྐུའི་དོན་རྟོགས་ན༔ འཁོར་བ་མེད་པར་ལ་བཟླའོ༔ དུག་གསུམ་ཀ་དག་དོན་རྟོགས་ན༔ སྐུ་གསུམ་མེད་པར་ལ་བཟླའོ༔ དུག་ལྔ་ཀ་དག་དོན་རྟོགས་ན༔ སྐུ་ལྔ་མེད་པར་ལ་བཟླའོ༔ གཏིང་ཡངས་མུ་མཐའ་ཀུན་གྲོལ་དོན་རྟོགས་ན༔ མིང་མེད་བློ་འདས་ཆེན་པོར་ལ་བཟླའོ༔ རང་སེམས་དངོས་མེད་ཆོས་སྐུའི་དོན་རྟོགས་ན༔ ཐམས་ཅད་སངས་རྒྱས་ཞིང་ཁམས་ལ་བཟླའོ༔ ཐེག་ཆོས་གྲུབ་མཐའ་མེད་པའི་དོན་རྟོགས་ན༔ བསམ་བརྗོད་དམིགས་ལས་འདས་པར་ལ་བཟླའོ༔ སེམས་རིག་སངས་རྒྱས་མེད་པའི་དོན་རྟོགས་ན༔ བློ་ཟད་འཁྲུལ་སངས་ཞེ་འདོད་མེད་པར་ལ་བཟླའོ༔ ལྟ་སྒོམ་སྤྱོད་འབྲས་ཉམས་རྟོགས་མེད་རྟོགས་ན༔ བྱར་མེད་རྩོལ་བྲལ་བློ་ལས་འདས་པར་ལ་བཟླའོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་གོལ་སྒྲིབ་འཁྲུལ་གསུམ་མམ་གོལ་ཤོར་ནོར་བའི་འཕྲང་དེ་དག་ཐོས་པའི་ཤེས་རབ་ཀྱིས་ཤེས་པར་བྱས་ནས་བསམ་བྱུང་གིས་ངེས་པས་རང་རྒྱུད་ལ་བྱུང་མ་བྱུང་བརྟགས་ཤིང་༔ བྱུང་ན་ཇི་ལྟར་བཅད་ཅིང་ལ་བཟླ་བའི་ཚུལ་གོང་དུ་བཤད་པ་ལྟར་ཉམས་སུ་བསྟར་བར་བྱས་ནས་འཕྲང་གྲོལ་གྱི་ཡེ་ཤེས་ཆེན་པོ་གཅིག་གི་ངང་དུ་ཐག་གཅིག་ཐོག་ཏུ་བཅད་པར་བྱ་དགོས་སོ༔ འོན་ཀྱང་ཐ་མལ་གྱི་རིག་པ་ལ་གནས་པའི་ཆ་ནས་བསྒོམ་པའི་ཤེས་རབ་ཀྱིས་ཡིན་ཀྱང་གོལ་སྒྲིབ་ཏུ་བྱུང་མ་བྱུང་རྟོགས་ཤིང་དཔྱད་པས་བསམ་བྱུང་གི་ངེས་པ་ལས་བཟུང་ནས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བའི་ཕྱིར་བསམ་བྱུང་ལས་ཐག་བཅད་བཞག་གོ༔

དོན་གསུམ་པ་ཟུང་འཇུག་རྫོགས་པ་ཆེན་པོར་རང་གནས་མ་བཅོས་བཞག་ཐབས་ཀྱིས་བསྒོམ་པའི་ཤེས་རབ་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ་ལ༔ སྔོན་དུ་འགྲོ་བ་དང་༔ བསྒོམ་པའི་ཤེས་རབ་ཀྱིས་ཐག་བཅད་པ་དངོས་དང་རྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ་གསུམ་སྟེ༔ སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ ཡང་ནི་བསྒོམས་པའི་སྲོག་ཤིང་བཤད༔ སེམས་ཀྱི་ལུང་གིས་ངེས་སྦྱར་ཏེ༔ གཞན་ཡང་བསྒོམ་པའི་གནད་རྣམས་ལ༔ སྔོན་འགྲོ་བ་དང་དངོས་གཞི་དང༔ རྗེས་འགྲོ་རྣམ་པ་གསུམ་དུ་འདོད༔ ཅེས་གསུངས་པས་ཁམས་གསུམ་གྱི་ཞེན་པ་བཟློག་པའི་ཕྱིར་དུ་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཕྱེ་བ་ནི༔ གཞན་སྣང་སྟོང་གི་ལམ་གཉིས་ཐུན་མོང་ལྟར་བྱེད་ལ༔ ལུས་ངག་གི་ཞེན་པ་གཏིང་ནས་བཟློག་ཅིང་རང་སེམས་རྣལ་དུ་ཕེབ་པར་འདུལ་བའི་ཕྱིར་དུ་ནང་གི་རུ་ཤན་ཕྱེ་བ་གཉིས་ཀྱིས་སེམས་ཉིད་ཡང་དག་པའི་ལམ་སྲོལ་དུ་འཛུད་པའང་༔ དེ་ཉིད་ལས༔ ཨེ་མ་ངོ་མཚར་ཆེ་བ་ཡི༔ འཁོར་འདས་རུ་ཤན་མ་དབྱེ་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་༔ འབྲེལ་བ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་ཕྱེ་བ་བཤད༔ འདི་ལ་རྣམ་པ་གསུམ་ཡོད་དེ༔ ཞེས་སོགས་དང་༔ སྐྱེས་བུས་རང་སེམས་མ་ཐུལ་བ་༔ མི་རྟོག་བསྒོམ་པས་དེ་ཐུལ་ཏེ༔ རྣལ་དུ་ཕེབས་ནས་རང་གིའོ༔ སྔོན་དུ་སྦྱངས་བའི་རིམ་པ་དང་༔ དངོས་གཞི་རང་གི་རྒྱུད་ལ་བརྟེན༔ ཞེས་སོགས་ནང་ལྟར་རུ་ཤན་དབྱེ་བ་སྤྱི་ལས༔ བྱེ་བྲག་ཏུ་ཆོས་དང་གང་ཟག་གི་བདག་མེད་རྣམ་པ་གཉིས་གཏན་ལ་ཕབ་ནས་ལུས་ངག་ཡིད་གསུམ་སྟོང་པ་ཉིད་དུ་ཐོས་པའི་ཚིག་སྤྱི་ལ་རག་མ་ལུས་པར་བསམ་བྱུང་གིས་ཆོས་ཉིད་ལྟ་བའི་ལྟ་བས་ངེས་པ་འདྲེན་ཚུལ་ནི༔ ལུས་ཀྱི་མིང་གི་གདགས་གཞི་བཙལ་ནས་རྡུལ་ཕྲ་རབ་ཡན་ཆད་ཀྱི་ཁོངས་སུ་བཙལ་ཞིང་ཡུལ་ཡོད་མེད་འགྲོ་འོང་སོགས་ཀྱི་གནད་ཀྱིས་སྟོང་ཉིད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྦྱངས༔ ངག་དང་སེམས་ཀྱང་ཕྱི་ནང་བར་གསུམ༔ བྱུང་གནས་འགྲོ་གསུམ་གྱི་ཡུལ་དང་བདག་པོ་བརྟགས་ཤིང་དཔྱད་དེ་སྦྱངས་ཚུལ་རྒྱས་པར་སྔར་གྱི་མཚང་བཙལ་དང་ཆུ་བོ་རྒྱུན་གཅོད་དུ་གསལ་ལ༔ ལུང་གིས་བསྡུས་ཏེ་བསྟན་ན༔ ཐལ་འགྱུར་ལས༔ སེམས་ཀྱི་སྦྱངས་པ་འདི་ལྟ་སྟེ༔ ཕྱི་རོལ་ཡུལ་དང་ནང་གི་ལུས༔ བར་དུ་ལུས་དང་སེམས་བསྡམས་པས༔ ངག་གི་བྱ་བའི་ལས་ཀྱིས་བྱ༔ མཆོག་ཏུ་སེམས་ཀྱིས་སེམས་ལ་སྦྱངས༔ ཡུལ་ནི་ཡོད་དང་མེད་པ་དང་༔ འགྲོ་དང་འོང་བའི་གནད་ཀྱིས་བསམ༔ ལུས་ནི་མིང་དང་ཕྲ་རབ་རྡུལ༔ བྱེ་བྲག་དུ་མ་ཉིད་ཀྱིས་གཞིག༔ ལུས་སེམས་བསྡོམ་པའི་བར་དུ་བརྟགས༔ ངག་གི་བརྗོད་པ་བྱེ་བྲག་གིས༔ སོ་སོའི་རླུང་དང་འགྲོ་དང་འོང་༔ དུས་ཀྱི་གཉིས་མེད་བསྲེས་པས་འགྲུབ༔ མཆོག་ཏུ་སེམས་ནི་འགྲོ་འོང་གནས༔ རྒྱུ་མཚན་བརྟགས་པ་མེད་པས་སྦྱངས༔ དེ་ལྟར་འབྱོངས་པའི་ཚད་ཀྱང་བཟུང་༔ དེ་ལྟར་དེ་ཡི་མཚན་ཉིད་རྫོགས༔ ཞེས་དང་༔ དེ་དག་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྤྱིར་འགྲུབ་ཅིང་༔ དགོས་སུ་ཉམས་ལེན་གནད་དུ་འགྲོ་ཞིང་ཡང་དག་པའི་ལམ་སྲོལ་དུ་ཚུད་པའི་དགོས་པ་ཡོད་དེ༔ དེ་ཉིད་ལས༔ ལུས་སྦྱངས་སེམས་ཉིད་འདུལ་བ་དང་༔ ངག་གི་བྱ་བ་རྫོགས་པ་ཡིས༔ སེམས་ཉིད་ལམ་དུ་ཞུགས་པའོ༔ རླུང་ལ་བརྟེན་ཏེ་ལུས་སེམས་བྲལ༔ ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར༔ ལུས་ངག་ཞེན་པ་གཏིང་ནས་བཟློག༔ འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར༔ ལུས་ངག་ཡིད་ཀྱི་གནད་རྣམས་གཟིར༔ ཞེས་དང་༔ དེ་ལྟར་སྤྱོད་པ་རྫོགས་བྱས་ནས༔ མངོན་སུམ་གནད་རྣམས་རྟག་ཏུ་འགེལ༔ ཞེས་པ་དག་གོ༔

གཉིས་པ་དངོས་གཞི་བསྒོམ་པའི་ཤེས་རབ་ཀྱིས་གནས་ལུགས་རང་བབས་ཆེན་པོར་ཐག་བཅད་པ་ལ༔ མ་བསྒོམས་པའི་སྐྱོན་བཤད༔ བསྒོམ་དགོས་པའི་རྒྱུ་མཚན་བཤད༔ བསྒོམ་པ་དངོས་བཤད་པ་དང་གསུམ་ལས༔

དང་པོ་ནི༔ དེ་ཡང་ཐོས་པའི་ཤེས་རབ་དང་༔ བསམ་པ་དང་བསྒོམ་པའི་ཤེས་རབ་གསུམ་ལས༔ གཙོ་བོར་གྱུར་བ་ནི་བསྒོམ་པའི་ཤེས་རབ་ཡིན་ཏེ༔ དཔེར་ན་ཟས་ཡོད་ཀྱང་མ་ཟོས་ན་མི་འགྲང་བ་ལྟ་བུ་མ་བསྒོམས་ན་འཁོར་བ་ལས་ཐར་བའི་དུས་མེད་དེ༔ ཆོས་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བ་ཡང་མེད་ལ༔ དམིགས་གཏད་སེམས་ཀྱི་གཟུང་འཛིན་དང་ལས་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཡང་མེད༔ སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་ཀྱང་མེད་དེ༔ ལར་བྱང་ཆུབ་སེམས་དཔའ་བདེན་པ་མཐོང་བ་ཡང་༔ སྒོམ་སྤངས་མཐའ་དག་དེ་མ་ཐག་ཏུ་སྤོངས་བར་མི་འགྱུར་བས༔ སོ་སོའི་སྐྱེ་བོ་ལ་མ་བསྒོམ་པར་འབྲས་བུ་ཐོབ་པའི་ཐབས་མེད་དེ༔ དེའི་ཕྱིར་ན་ཐལ་འགྱུར་ལས༔ མ་བསྒོམ་པ་ཡི་སྐྱོན་ཉིད་ནི༔ འཁོར་བའི་མཚན་ཉིད་མངོན་སྣང་བ༔ བདག་དང་གཞན་ཏེ་ཡུལ་ཤེས་དང་༔ ཚིག་དང་བཅས་པའི་བལྟ་བ་དང་༔ དམིགས་དང་བཅས་པའི་ཡུལ་དག་དང་༔ ཉོན་མོངས་བདག་ཏུ་འཆིང་བར་འགྱུར༔ སངས་རྒྱས་ལམ་ཡང་སྟོར་བ་དང་༔ འབྲས་བུའི་རང་བཞིན་མ་ཤེས་དང་༔ ཆོས་ཀུན་མཉམ་པའི་གཞི་མེད་དང་༔ རང་རིག་ཁམས་གསུམ་འཆིང་བ་དང་༔ རྟོག་དང་བཅས་པས་ལྟུང་བར་འགྱུར༔ ཞེས་སོ༔

གཉིས་པ་བསྒོམ་དགོས་པའི་རྒྱུ་མཚན་ནི༔ དེ་དག་ལས་ལྡོག་པའི་ཡོན་ཏན་གྱི་བསྒོ་སྐལ་ཕུན་སུམ་ཚོགས་པའི་རང་དབང་སྦྱིན་པ་སྟེ༔ དེ་ཉིད་ལས༔ ལས་ཀྱིས་ཡུལ་ཞེན་གཅོད་པ་དང་༔ ཉོན་མོངས་ལ་སོགས་སྤོང་བ་དང་༔ འཁོར་བའི་རྩ་བ་འབྱིན་པའོ༔ གོ་བས་སེམས་ཉིད་འཛིན་པ་དང་༔ གནས་པར་བྱེད་དང་རླུང་ཟད་དང་༔ ཆོས་ཉིད་སྟོང་པའི་ལམ་རྙེད་དང་༔ རང་བཞིན་དག་པའི་གཞི་སྣང་ངོ་༔ ཞེས་སོ༔

བསྒོམ་པ་དངོས་བཤད་པ་ལ་རང་བཞིན་བསྟན་པའི་སྒོ་ནས་སྤྱིར་བཤད་པ༔ བསྒོམ་ཚུལ་དངོས་ཀྱི་སྒོ་ནས་བྱེ་བྲག་ཏུ་བཤད་པ་གཉིས་ལས༔ དང་པོ་ལ་དམིགས་པ་ཡུལ་གྱི་བློ་ཅན་ལ་ལྟོས་ནས༔ བསྒོམ་པའི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཚན་ཉིད༔ མཐུན་དཔེ༔ འབོད་སྐད་དང་དྲུག་བཤད་པ༔ རང་སྣང་གི་བློ་ཅན་ལ་ལྟོས་ནས་བསྒོམ་མེད་ཀྱི་ངོ་བོ་སོགས་བཤད་པ༔ རང་གི་བསྒོམ་པ་ངོས་བཟུང་བ་གསུམ་ལས༔ འདི་ནི་གཉིས་ཀའི་ཐུན་མོང་གི་གོ་བ་རྒྱུད་ལ་བརྟན་པར་བྱེད་པའང་ཡིན་པས༔

དང་པོའི་ངོ་བོ་ནི༔ སེམས་རྩེ་གཅིག་ཏུ་གནས་ཤིང་ལྷག་མཐོང་གི་དོན་ལ་བཀོལ་དུ་བཏུབ་པ་དང་༔ ཕྱི་ནང་གི་འགྱུ་བ་རྒྱུན་གཅོད་པ་དང་༔ གཟུང་འཛིན་འགོགས་འདོད་པ་ཉིད་དེ༔ དེ་ཉིད་ལས༔ བསྒོམ་པ་ཞེས་ནི་སེམས་གནས་ལ༔ འགྱུ་བ་ཕྱི་ནང་གཅོད་པ་སྟེ༔ གཟུང་དང་འཛིན་པ་འགག་པའོ༔ ཞེས་དང་༔ ཐིག་ལེ་ཀུན་གསལ་ལས༔ ངོ་བོ་རྩེ་གཅིག་གནས་པ་ཡིན༔ ཞེས་དང་༔ རྩལ་རྫོགས་ལས༔ བསྒོམ་པའི་ངོ་བོ་མི་རྟོག་པ༔ ཞེས་སོ༔

ངེས་ཚིག་ནི༔ རྩལ་རྫོགས་ལས༔ ངེས་ཚིག་འདུ་འཕྲོ་ཆོད་པར་བསྟན༔ ཞེས༔ ཞི་ལྷག་ཟུང་འཇུག་གི་དོན་ལ་དམིགས་པའི་ཕྱིར་དང་༔ གཞན་དུ་མ་ཡེངས་པའི་ཕྱིར་དང་༔ རྒྱུན་དུ་མི་འབྲལ་བར་དེ་ལ་གནས་པའི་ཕྱིར་དང་༔ གོམས་ཤིང་འདྲིས་པར་བྱ་བའི་ཕྱིར་དང་༔ སེམས་རྣམ་པར་མ་ཞི་བའི་རྣམ་རྟོག་མི་འཕྲོ་བར་བྱེད་པའི་ཕྱིར་བསྒོམ་པ་ཞེས་བྱ་སྟེ༔ སྤྲོས་བྲལ་དོན་གསལ་དང་ཐིག་ལེ་ཀུན་གསལ་གྱི་རྒྱུད་གཉིས་ལས༔ བསྒོམ་པའི་ངེས་ཚིག་རྣམ་པ་བཞི༔ དོན་ལ་དམིགས་པས་བསྒོམ་པ་ཡིན༔ མ་ཡེངས་བས་ན་བསྒོམ་པ་ཡིན༔ མི་འབྲལ་བ་ཡིས་བསྒོམ་པ་ཡིན༔ གོམས་ཤིང་འདྲིས་དང་མི་འཕྲོ་བའོ༔ ཞེས་སོ༔

དབྱེ་བ་ནི༔ སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་མཚན་བཅས་ནི་བསྐྱེད་རྫོགས་ཏེ༔ རྩོལ་བ་བྲལ་མ་བྲལ་གཉིས་ཡིན་ལ༔ མཚན་མེད་ལ་རྩོལ་བ་བྲལ་མ་བྲལ་གཉིས་ཏེ༔ སེམས་གནས་དང་བསམ་གཏན་ཏིང་ངེ་འཛིན་གསུམ་རྩོལ་བཅས་དང་༔ སངས་རྒྱས་ཀྱི་དགོངས་པ་མ་བཅོས་རྣལ་བཞག་ཆེན་པོ་ནི་རྩོལ་བ་མེད་པ་དང་༔ བྱེ་བྲག་ཏུ་དེ་ལ་ནང་སེལ་གྱི་བློ་ཅན་གཉིས་ཀྱང་ཡིན་ནོ༔ དེ་སྐད་དུའང་ཀུན་གསལ་ལས༔ དབྱེ་བ་རྣམ་པ་གཉིས་སུ་བསྟན༔ མཚན་བཅས་མཚན་མེད་གཉིས་ཡིན་ནོ༔ མཚན་མེད་ལ་ཡང་གཉིས་ཡིན་ཏེ༔ རྩོལ་བྲལ་ཆེན་པོའི་བསྒོམ་ཐབས་དང་༔ རྩོལ་བ་མ་བྲལ་བསྒོམ་པའོ༔ མཚན་བཅས་ལ་ཡང་དེ་བཞིན་ནོ༔ མདོར་ན་བསྐྱེད་རྫོགས་རྣམ་གཉིས་ཡིན༔ ཞེས་དང་༔ ཐལ་འགྱུར་ལས༔ བསྒོམ་པ་ཞེས་ནི་སེམས་གནས་ལ༔ འགྱུ་བ་ཕྱི་ནང་གཅོད་པ་སྟེ༔ གཟུང་དང་འཛིན་པ་འགག་པའོ༔ རང་བཞིན་བབ་ལས་བྱུང་བ་ནི༔ བསམ་གཏན་དག་ཏུ་བརྗོད་པར་བྱ༔ རླུང་དང་རྩ་དང་ཐིག་ལེ་དང་༔ ལུས་གནད་མིག་དང་སྟོང་བ་ནི༔ བསྒོམ་པ་ཞེས་ནི་འདོད་པ་ཡིན༔ ཡི་གེའི་འོད་དང་ཁ་དོག་དང་༔ རྣམ་པར་འཕྲུལ་བའི་སྤྲོ་བསྡུ་ནི༔ ཏིང་ངེ་འཛིན་ཞེས་བཤད་པ་ལ༔ མ་བཅོས་རང་བཞག་གནས་ལུགས་ཏེ༔ ཇི་ལྟར་དེ་ལས་འགྱུར་མེད་པས༔ སངས་རྒྱས་རྣམས་ཀྱི་དགོངས་པའོ༔ ཞེས་སོ༔ ཡང་རྩོལ་བཅས་དང་རྩོལ་མེད་གཉིས་གསུངས་ཡང་དེ་ལྟར་བློ་ཅན་གཉིས་སུ་འདུས་ཏེ༔ རྩལ་རྫོགས་ལས༔ རྣམ་རྟོག་རྒྱུན་གྱི་བསྒོམ་པ་དང་༔ སྟོང་ཉིད་མཐའ་མེད་བསྒོམ་པ་དང་༔ མཚན་མ་གཟུང་འཛིན་བསྒོམ་པ་དང་༔ གཟུང་འཛིན་གསལ་པར་བསྒོམ་པ་དང་༔ རྩོལ་བྲལ་བཞག་ཐབས་བསྒོམ་པའོ༔ ཞེས་སོ༔

མཚན་ཉིད་ནི༔ གཞན་དུ་སྣ་ཚོགས་པའི་ཁྱད་པར་མང་ཡང་འདིར་མཐར་ཐུག་གི་དགོངས་པའི་ངོ་བོ་ནི༔ རྒྱུན་བྱེད་བཞིའི་རྣལ་འབྱོར་གང་གིས་ཀྱང་བབ་སོ་གཅིག་པར་ཆོས་ཟད་ཀ་དག་གི་རིག་པ་སྟོང་གསལ་འགག་པ་མེད་པ༔ ཁམས་གསུམ་གྱི་སེམས་དང་༔ ཡིད་དང་༔ རྣམ་པར་ཤེས་པ་དང་༔ བསམ་གཏན༔ གཟུགས་མེད་ཀྱི་བསྒོམ་པ་གང་དང་ཡང་མ་འདྲེས་ཤིང་༔གཟུང་འཛིན་གྱི་རྣམ་རྟོག་དང་སྤྲོས་པ་མེད་པའི་རང་ངོ་༔ ཀ་ནས་དག་པའི་ཆོས་ཉིད་སྣང་ཚུལ་འཁྲུལ་བ་མི་མཉམ་པ་མ་ཡིན་པར༔ གནས་ལུགས་མ་བཅོས་པ་མཉམ་པ་ཆེན་པོ་ཡེ་ཇི་བཞིན་པའི་བཞུགས་ཚུལ་ལ་རྣལ་འབྱོར་བའི་བློ་ཡང་གཉིས་འཛིན་གྱི་སྤྲོས་པ་མེད་པ་དང་༔ མ་བཀག་བཞིན་དུ་སྒོ་ལྔའི་ཡུལ་ལ་ཞེན་པ་མེད་པར་རིམ་གྱིས་སམ་ཅིག་ཆར་དུ་སོ་སོ་རང་རིག་པའི་ཡེ་ཤེས་ལ་མ་བསྒོམས་མི་བསྒོམ་མ་འགགས་མི་རྟོག་པར་ཡེ་ཤེས་རང་རིག་པའི་ཚུལ་གྱིས་འཇུག་པ་སྟེ༔ ཐལ་འགྱུར་ལས༔ བསྒོམ་པའི་མཚན་ཉིད་སྣང་ཚུལ་ནི༔ མཚན་ཉིད་སྟོང་གསལ་རིག་པ་ལ༔ རང་བཞིན་གང་དང་མ་འདྲེས་པ༔ གཟུང་དང་འཛིན་པའི་མཐའ་ཟད་དང་༔ ཆོས་ཉིད་རང་ངོ་དག་པའོ༔ སྣང་ཚུལ་འཁྲུལ་བ་མ་ཡིན་ལ༔ རྒྱུ་རྐྱེན་དག་པའི་རང་བཞིན་ལ༔ དངོས་དང་དངོས་མེད་རང་དག་ནས༔ སྒོ་ལྔའི་ཡུལ་ཞེན་དག་པ་དང་༔ འབྱུང་བའི་རིག་པ་དག་པ་དང་༔ ཡེ་ཤེས་དག་པའི་འཕེལ་སྣང་སྟོན༔ དེ་ལ་ཟད་པའི་ཆོས་ཉིད་དོ༔ ཞེས་སོ༔

མཐུན་དཔེ་ནི༔ མར་མེའི་སྡོང་བུ་མནན་པས་འབར་བའི་རྒྱུན་ཆད་པ་ལྟར་རྣམ་རྟོག་གི་རྒྱུན་བཅད་པ་དང་༔ ཆུ་དང་འོ་མ་འདྲེས་པ་ལྟར༔ སེམས་ཞི་ལྷག་ཟུང་འཇུག་གི་དོན་དུ་འདྲེས་པ་དང་༔ ནོར་བུ་ཆུ་དྭངས་ལྟར་སེམས་དང་སེམས་ཉིད་ཐ་དད་དུ་འབྱེད་པ་དང་༔ བུམ་པའི་མར་མེ་ལྟར་གཏིང་གསལ་འགག་མེད་ཞི་གནས་ལྟིང་པོར་མ་སོང་བ་སྟེ༔ ཀུན་གསལ་ལས༔ བསྒོམ་པ་མཚོན་པའི་དཔེ་བཞི་སྟེ༔ མར་མེའི་སྡོང་བུ་མནན་པ་དང་༔ ཆུ་དང་འོ་མ་འདྲེས་པ་དང་༔ ནོར་བུ་ཆུ་དྭངས་ལྟ་བུ་དང་༔ བུམ་པའི་མར་མེ་ལྟ་བུའོ༔ ཞེས་སོ༔

འབོད་སྐད་ནི༔ ཀུན་གསལ་ལས༔ ཀྱཻ་གསང་བདག་ངེས་པར་ཟུངས༔ དགོངས་པ་ཞེས་པ་གར་བྱུང་དང་༔ བསྒོམ་པ་བསམ་གཏན་ཏིང་འཛིན་དང་༔ མ་ཡེངས་མ་འཕྲོས་འབྲལ་བ་མེད༔ གནས་དང་གོམས་དང་འདྲིས་པའི་ངང་༔ དེ་རྣམས་གར་བྱུང་འབོད་སྐད་བསྡེབས་ལ་བཤད༔ ཅེས་སོ༔ ཡང་སེམས་གསལ་བ་དེ་ལས་གོལ་བ༔ རྣམ་རྟོག་སྐྱེ་འགགས་གནས་གསུམ་ཤེས་པར་བྱས་ནས་རྩིས་གྲངས་བྱེད་པ་རྣམ་རྟོག་རྒྱུན་གྱི་བསྒོམས་པ་ནི་ཡུད་ཙམ་སྡོད་རྒྱུ་མེད་པ་དང་༔ སྟོང་ཉིད་མཐའ་མེད་དུ་བསྒོམ་པ་གསང་སྐོར་མན་ཆད་ནི་མུན་རྡོ་འཕེན་པས་ལྟ་བའི་ངོ་བོ་མཐོང་དུ་མེད་པ་དང་༔ མཚན་མ་བསྐྱེད་རྫོགས་སོགས་ཀྱི་བསྒོམས་པ་ནི་མ་ཡིན་ཡིན་པར་འཆོས་པས་དང་༔ གཟུང་འཛིན་གྱི་སེམས་གསུམ་གང་རུང་གི་ངང་ཚུགས་མ་ཤོར་བར་བསྒོམ་པ་ནི༔ དམན་པ་འཁོར་བའི་སེམས་གཞི་ལས་ཡང་དག་པ་སངས་རྒྱས་ཀྱི་དགོངས་པ་འབྱུང་བར་འདོད་པའི་ཕྱིར༔ བཞག་ཐབས་བཞིའི་སྒོ་ནས་རྩོལ་བ་དང་བྲལ་བར་བསྒོམས་པ་རྣམས་ནི་མཆོག་དམན་གྱི་ཁྱད་པར་ལས༔ དེ་ཉིད་ལས༔ རྣམ་རྟོག་རྒྱུན་གྱི་བསྒོམ་པ་ནི༔ དཔེར་ན་སྤྲེའུ་ལྟ་བུར་བསྟན༔ སྟོང་པ་མཐའ་མེད་བསྒོམ་པ་ནི༔ བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ༔ མཚན་མ་གཟུང་འཛིན་བསྒོམ་པ་ནི༔ མེ་ལ་ཆུ་རུ་བསྒྱུར་བ་འདྲ༔ གཟུང་འཛིན་གསལ་བར་བསྒོམ་པ་ནི༔ འབངས་ཀྱིས་རྗེ་རུ་འཆོས་པ་འདྲ༔ བཞག་ཐབས་རྩོལ་བྲལ་བསྒོམ་པ་ནི༔ དཔེར་ན་སེང་གེ་ལྟ་བུར་བསྟན༔ ཞེས་སོ༔

གཉིས་པ་བསྒོམ་མེད་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཐུན་དཔེ༔ འབོད་སྐད་དང་ལྔ་ལས༔

དང་པོ་ནི༔ རང་རིག་པའི་ཡེ་ཤེས་དབྱིངས་རིག་ཟུང་འཇུག་ཆེན་པོ་རང་བཞིན་བབས་ཀྱི་བསམ་གཏན་རྒྱུན་ཆད་མེད་པ་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་དུ་གཤིས་སུ་ཕྱིན་པ་ཡིན་ཏེ༔ དོན་གསལ་ལས༔ ངོ་བོ་རང་རིག་རྒྱུན་ཆད་མེད་པ་ཡིན༔ ཞེས་སོ༔

ངེས་ཚིག་ནི༔ ཡུལ་དབང་ཡིད་བྱེད་ཀྱི་སྒོ་ནས་ཆ་ལུགས་གསལ་བའི་འཛིན་ཆ་དང་༔ ཁ་དོག་ཡིག་འབྲུར་བསྒྱུར་བ་སྟོང་མུ་གསལ་བདེའི་རྣམ་པ་གང་ཡང་ཡིད་ལ་མི་བྱེད་པའི་ཕྱིར་དང་༔ དགོངས་པའི་ངང་ལས་མི་ཕྱེད་པའི་ཕྱིར་དང་༔ གྲུབ་ཟིན་བྱར་མི་དགོས་པའི་ཕྱིར་ན་སྟེ༔ དེ་ཉིད་ལས༔ ཡིད་ལ་མི་བྱེད་ཕྱིར་ན་བསྒོམ་མེད་ངེས་པའི་ཚིག༔ ངང་ནས་མི་ཕྱེད་ཕྱིར་དང་བྱ་མི་དགོས་པའི་ཕྱིར་ནའོ༔ ཞེས་སོ༔

དབྱེ་བ་ནི༔ མཚན་བཅས་བསྒོམ་དུ་མེད་པ་རྫོགས་ཚུལ་རྟོགས་པ་གདེངས་འགྱུར་གྱི་བསྐྱེད་རྫོགས་ལྟ་བུ་དང་༔ མཚན་མེད་བསྒོམ་དུ་མེད་པ་ཡེ་གྲུབ་རིམ་པ་གཉིས་པའི་རིམ་པ་གཉིས་པ་སྟེ༔ རྫོགས་པ་ཆེན་པོ་འདིའི་བསྒོམ་དུ་མེད་པ་གཉིས་ལ་གཤིས་ལ་བསྒོམ་དུ་མེད་པ་གནས་པའི་ལྟ་བ་དང་༔ རྟོགས་པས་བསྒོམ་དུ་མེད་པ་ཀློང་འགྱུར་གྱི་ལྟ་བ་གཉིས་ཏེ་བཞི་ཡང་༔ སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས༔ བསྒོམ་མེད་དབྱེ་བ་རྣམ་པ་གཉིས༔ མཚན་བཅས་བསྒོམ་དུ་མེད་པ་དང་༔ མཚན་མེད་བསྒོམ་དུ་མེད་པའོ༔ རེ་རེ་ལ་ཡང་རྣམ་གཉིས་བསྟན༔ གཤིས་ལ་བསྒོམ་དུ་མེད་པ་དང་༔ རྟོགས་པས་བསྒོམ་དུ་མེད་པའོ༔ ཞེས་སོ༔

བཞི་པ་མཐུན་དཔེ་ནི་རིག་པ་ལ་རང་བཞིན་གྱི་བསམ་གཏན་བར་མེད་ཆེན་པོར་ཡོད་པའི་དོན་རྣལ་འབྱོར་བས་ཤེས་ཕྱིན་ཆད་དེ་ལ་བྱིང་རྒོད་རྣམ་རྟོག་སོགས་ཀྱིས་རྒྱུན་ཆད་པ་མེད་པ་དང་༔ མི་འབྲལ་བར་དོན་ལ་རྟག་ཏུ་གནས་པའི་ཕྱིར་དང་༔ མ་བསྒོམས་ངང་གིས་གསལ་བའི་དཔེ་ནི༔ དེ་ཉིད་ལས༔ མ་བསྒོམས་རྒྱུན་ཆད་མེད་པའི་དཔེ༔ ཆུ་བོ་ལྟ་བུར་བསྟན་པ་ཡིན༔ མ་བསྒོམས་དོན་དང་མི་འབྲལ་བར༔ སྦྱོར་རྩིར་སྦྲང་འདབས་འབྱར་བ་བཞིན༔ མ་བསྒོམས་ངང་གིས་གསལ་བ་ནི༔ གསལ་དྭངས་ཉི་མའི་སྙིང་པོ་འདྲ༔ ཞེས་སོ༔

ལྔ་བ་འབོད་སྐད་ནི༔ ཀུན་གསལ་ལས༔ ངས་བསྟན་རྒྱུད་ལུང་ཐམས་ཅད་ནས༔ བསྒོམ་མེད་ཞེས་པའི་ཚིག་རྣམས་དང་༔ ངང་དང་རང་བཞིན་བདག་ཉིད་ཆེན་པོ་དང་༔ ཡེ་ནས་འདུ་འབྲལ་མེད་པ་དང་༔ བྱ་བཙལ་རྣམས་ལས་འདས་པ་དང་༔ ལམ་ལ་བགྲོད་དུ་མེད་པ་དང་༔ རྟོགས་པ་མངོན་གྱུར་སངས་རྒྱས་དང་༔ རང་བྱུང་ཡེ་ཤེས་ཆེན་པོ་དང་༔ ལྷུན་གྲུབ་ཡེ་སངས་རྒྱས་པ་དང་༔ ཡིད་ལ་བྱ་རུ་མེད་པ་དང་༔ དམིགས་དང་ཡུལ་དང་བྲལ་བ་དང་༔ བསྒོམ་མེད་དོན་ལ་བློ་བཞག་ཅེས་པ་དང་༔ བསྒོམ་དུ་མེད་པའི་ཚིག་ཐམས་ཅད་ནི༔ འབོད་སྐད་ཀྱིས་བསྡེབས་ལ༔ ངས་འདིར་བསྟན་པ་བཞིན་དུ་ཤེས་པར་གྱིས་ཤིག༔ ཅེས་གསུངས་པ་ལྟར་རོ༔

གསུམ་པ་རང་གི་བསྒོམ་པ་ངོས་བཟུང་བ་ནི༔ ཆོས་ཉིད་དབྱིངས་ཀྱི་རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་རང་བཞིན་ཀུན་ཏུ་བཟང་པོ་དང་༔ ཆོས་ཅན་རིག་པའི་རྒྱན་སྣང་སྐུ་དང་ཡེ་ཤེས་རྣམ་ཀུན་མཆོག་ལྡན་རྒྱན་ཀུན་ཏུ་བཟང་པོ༔ ཟུང་འཇུག་གནས་སྣང་དག་མཉམ་རྩལ་སྟོབས་དྲང་པོར་ཤར་བའི་སྟོན་པ་ཀུན་ཏུ་བཟང་པོར༔ བདག་ཉིད་ཆེན་པོ་མངོན་སུམ་གྱི་ཡེ་ཤེས་ཅིར་ཡང་མ་འགགས་པའི་ཐུགས་རྗེ་སྤྲུལ་པའི་སྐུ་རིག་པ་ཀུན་ཏུ་བཟང་པོ་ལ་ཡེ་ཇི་བཞིན་པའི་ཤེས་རབ་ཀྱི་རྩལ་བཞིའི་སྐུ་རུ་སྨིན་པའི་རྟོགས་པ་ཀུན་ཏུ་བཟང་པོར་ཡང་དག་པར་འཁྲུངས་པ་ནི་མཁྱེན་པའི་ཡེ་ཤེས་ཡིན་ལ༔ དེའི་རོལ་པའི་གདུལ་ཡུལ་སྣ་ཚོགས་མི་འཛད་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པའི་བྱ་བ་གྲུབ་པ་ནི་བརྩེ་བའི་ཐུགས་རྗེ་སྟེ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སངས་རྒྱས་ཀྱི་སས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་འཆར་གཞི་འདི་ཡིན་པས་ཐུགས་རྗེ་འབྲེལ་འདི་ནས་རྩི་རུ་ཡོད་པས༔ དུས་འཁོར་དང་ཧེ་བཛྲ་ལས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པ༔ བྱང་ཆུབ་སེམས་ཞེས་དེ་ལ་བྱ༔ ཞེས་པས་ན༔ མཁྱེན་བརྩེའི་འབྲེལ་བའི་བསྒོམ་པ་ཞེས་བྱ་བ་སྟེ༔ འགྲེལ་ཚུལ་འདི་ནི་ལྟ་བའི་ཉམས་ལེན་ལས་གཙོ་བོར་བྱས་པའོ༔ འདི་ནི་སྤྱོད་ལམ་ཀུན་ཏུ་མི་བསྒོམ་འབྲལ་བ་མེད་པ་ཆུ་བོའི་གཞུང་ཆེན་ལྟ་བུ་རྐྱེན་ཐུབ་པས་ན་ཉིན་མཚན་ཁ་སྦྱོར་གྱི་བསྒོམ་པའི་རྩེ་མོར་གྱུར་བའོ༔ ཡང་མཉམ་བཞག་གི་ཡེ་ཤེས་ཀྱི་རྩལ་རྗེས་ཐོབ་ཏུ་འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་དང་སྙིང་རྗེ་ཆེན་པོ་བཅུ་དྲུག་སོགས་སྐྱེས་པས་ལམ་ཡང་དག་གི་རྟགས་ལས་བཞག་པ་ནི་རྩ་བའི་གཞུང་ལྟར་རོ༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ རང་བཞིན་ཀུན་ཏུ་བཟང་པོ་དང་༔ རྒྱན་ཀུན་ཏུ་བཟང་པོ་དང་༔ སྟོན་པ་ཀུན་ཏུ་བཟང་པོ་དང་༔ རིག་པ་ཀུན་ཏུ་བཟང་པོ་དང་༔ རྟོགས་པ་ཀུན་ཏུ་བཟང་པོ་དང་༔ ཞེས་དང་༔ ང་ཡི་རང་བཞིན་བྱང་ཆུབ་སེམས༔ ང་ནི་བྱང་སེམས་ཀུན་ཏུ་བཟང༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་གྱི་རྒྱུད་ལས༔ སྙིང་རྗེའི་རླན་དང་མ་བྲལ་བའི༔ སེམས་བསྐྱེད་རྣམ་གཉིས་དེ་ལ་རྫོགས༔ ཞེས་དང་༔ ཀླུ་སྒྲུབ་ཀྱིས༔ གདོད་ནས་སྐྱེ་མེད་དོན་དེ་ནི༔ བློ་ཡི་གཏིང་ནས་རྟོགས་གྱུར་ན༔ འཁོར་བའི་ལམ་དུ་བྱིང་བ་ལ༔ སྙིང་རྗེ་ངང་གིས་སྐྱེ་བར་འགྱུར་༔ ཞེས་དང་༔ ཕ་དམ་པས༔ སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ༔ ཞེས་དང་༔ དབང་མདོར་བསྟན་ལས༔ སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས༔ དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་༔ ཞེས་དང་༔ ལུང་ལས༔ བྱང་ཆུབ་སེམས་དཔའ་མཉམ་བཞག་པའི༔ གོམས་པའི་སྟོབས་ཀྱིས་རྫོགས་པ་ན༔ དངོས་འཛིན་གདོན་གྱིས་ཟིན་པ་ལ༔ ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ༔ ཞེས་དང་༔ ཕར་ཕྱིན་བསྡུས་པར༔ ཡེ་ཤེས་སྣང་བ་མཁའ་ལྟར་ཡངས་པ་ལ༔ སྙིང་རྗེ་ལྡན་པ་གཅིག་པུ་ཕ་རོལ་བརྒལ༔ ཞེས་སོ༔ གཞན་ཡང་ངོ་བོ་ལ་བསྒོམ་དུ་མེད་པར་ཤེས་པའི་ལྟ་བའི་གདེངས་དང་ལྡན་པས་སམ༔ ལྟ་བ་ཡས་ནས་འབབ་པས་མཁྱེན་པའི་ཡེ་ཤེས་དང་ལྡན་ཡང་༔ གང་ཟག་དབང་པོ་ཡང་རབ་མ་གཏོགས་པས་ལམ་ལ་འཇུག་ཚུལ་མེད་པའང་མ་ཡིན་པར་འབྲིང་དང་ཐ་མ་ལ༔ བསྒོམ་ལ་མི་བསྒོམ་པའི་དོན་དང་༔ བསྒོམ་དུ་ཡོད་པའི་དོན་དག་གིས་མས་ནས་འཛེགས་པའི་བརྩེ་བ་ཆེན་པོའི་ཐབས་དང་ཐུགས་རྗེས་ཡོངས་སུ་གཏོང་བ་མེད་པར་རྗེས་སུ་འཛིན་པའི་ཤུགས་ཆེན་པོ་དང་ལྡན་པའི་ཕྱིར་ནའང་མཁྱེན་བརྩེའི་འོད་ཟེར་ཞེས་བྱའོ༔ དེའི་ཕྱིར་ན་བློ་ཅན་གཉིས་ཀྱི་བསྒོམ་པ་ཟུང་འབྲེལ་དུ་འཆད་པའི་དོན་ནོ༔

གཉིས་པ་བསྒོམ་ཚུལ་དངོས་ཀྱི་སྒོ་ནས་བྱེ་བྲག་ཏུ་བཤད་པ་ལ༔ གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་གཞི་གདིང་༔ ཉིན་མཚན་ཁ་སྦྱོར་གྱི་བསྒོམ་པས་ཉམས་སུ་ལེན༔ སྣང་བ་དབང་བསྒྱུར་གྱི་སྤྱོད་པས་གྲོགས་བཙལ་བ་གསུམ་གྱི་སྒོ་ནས་འགག་བསྡམས་པར་བྱའོ༔ རང་ཤར་ལས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ དོན་ནི་རྣམ་པ་གསུམ་དུ་འདུས༔ ལྟ་དང་བསྒོམ་པ་སྤྱོད་པ་སྟེ༔ ཞེས་སོ༔

དེ་ལ་དང་པོ་ནི༔ སྤྱིར་དམིགས་པ་ཡུལ་གྱི་བློ་ཅན་ལ་ལྟ་བ་རྒྱུན་བྱེད་ཀྱི་རྣལ་འབྱོར་རྗེས་སུ་བྱུང་ཡང་༔ དེ་ནི་ལམ་ཁྲིགས་ཆགས་ཀྱི་ལུགས་མ་ཡིན་ཏེ༔ རྣལ་འབྱོར་བཞི་གང་རུང་གིས་ཀྱང་འབྲས་བུ་མཐར་ཐུག་འབྱིན་པའི་ཕྱིར༔ ལམ་རང་རྐང་ཐུབ་པ་རེར་ཤེས་པར་བྱའོ༔ ཁྲིགས་ཆགས་སུའམ་རང་སྣང་གི་བློ་ཅན་གཉིས་ལ་སྔོན་དུ་ལྟ་བ་ངོ་འཕྲོད་དགོས་ཀྱི་གཞན་དུ་བསྒོམ་པས་ཉམས་སུ་ལེན་རྒྱུ་ཅི་ཡང་མི་འབྱུང་བས༔ རྫོགས་པ་ཆེན་པོ་འདིའི་ལུགས་སུ་བསྒོམ་ཐོག་ནས་ལྟ་བ་ཚོལ་བ་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཤེས་པར་བྱ་དགོས་ཏེ༔ དེ་ལས་གཞན་དུ་གསུངས་པ་དག་ནི་འདིའི་ཚུལ་མིན་ཏེ༔ གཞན་ལ་དགོངས་པའོ༔ དེ་སྐད་དུའང་རྡོ་རྗེ་སེམས་དཔའ་དབང་མཆོག་རྒྱལ་པོའི་རྒྱུད་ལས༔ མཐོང་ངམ་མ་མཐོང་བས་ལྟོས༔ མཐོང་བ་མེད་ན་ཅི་ཞིག་བསྒོམ༔ དཔེར་ན་ལོང་བ་འགའ་ཞིག་གིས༔ གླང་ཆེན་རྩལ་ལྡན་ལག་ནོམ་ནས༔ སྣ་དང་མཇུག་མ་རྐང་ལག་རྒྱབ༔ རང་རང་གང་རེག་བསྒོམ་པ་འདྲ༔ ལྟ་བས་གནས་ལུགས་མ་རྟོགས་པར༔ བསྒོམ་པ་བྱེད་པའི་བླུན་པོ་རྣམས༔ དམུས་ལོང་གླང་ཆེན་བསྒོམ་པ་འདྲ༔ ཞེས་དང་༔ བདུད་རྩི་བཅུད་ཐིགས་ལས༔ གནས་ལུགས་རང་ངོ་མ་ཤེས་ན༔ རྒྱལ་བུ་རྐང་འཁྱམས་སྤྱོད་པ་འདྲ༔ ཞེས་དང་དེ་ཡང་རྒྱལ་མཚན་རྩེ་མོའི་རྒྱུད་ལས༔ བདེན་པ་མ་མཐོང་གི་བར་དུ་བསྒོམས་པས་མཐོང་བར་མི་འགྱུར་རོ༔ ཞེས་དང་༔ རྡོ་རྗེ་སྲིན་པོ་རྣོ་བ་མཆུ་ཅན་གྱི་རྒྱུད་ལས༔ རྣལ་འབྱོར་སྟོང་པའི་ངང་གནས་པས༔ མུ་སྟེགས་འཁྲུལ་བའི་ལམ་དང་འདྲ༔ ཅེས་དང་༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ གྲོལ་བར་བྱེད་པ་རྟོགས་པ་ཡིན༔ བསྒོམ་པས་གྲོལ་བར་མི་འགྱུར་ཏེ༔ དཔེར་ན་མུན་ནག་ནང་དུ་བྱད་སྟོན་འདྲ༔ དེ་ལ་བརྟེན་པས་བསྒོམ་པ་ནི༔ སྣང་བའི་གནས་སུ་བྱད་སྟོན་འདྲ༔ གསེར་དེ་རྟོགས་ན་བསྒོམ་མི་དགོས༔ མ་རྟོགས་བསྒོམ་པས་སངས་མི་རྒྱ༔ རྟོགས་པ་མངོན་དུ་གྱུར་པ་ཡིན༔ བསྒོམ་པས་མངོན་གྱུར་ངས་མ་བཤད༔ ཅེས་སོ༔ དེ་ལྟ་ན་རང་སྣང་གི་བློ་ཅན་དང་ཁྱད་པར་ཅི་ཡང་མེད་དོ༔ སྙམ་ནས་ལྟ་བ་རྒྱུན་བྱེད་རྗེས་སུ་འབྱུང་བའང་མི་འཐད་དོ་ཟེར་བ་ལ༔ དབྱིངས་རིག་དབྱེར་མེད་སངས་རྒྱས་ཀྱི་དགོངས་པ་དང་འབྲས་བུ་རྒྱུན་བྱེད་སྔོན་དུ་འབྱུང་བས་ཀྱང་གནོད་དོ༔ དེའི་ཕྱིར་ལྟ་བ་མངོན་སུམ་དང་དོན་སྤྱིར་རྟོགས་པའི་ཚོགས་སྦྱོར་མཐོང་གསུམ་གྱི་ཡེ་ཤེས་ཅན་གསུམ་གྱི་བསྒོམ་དུས་རིམ་ཅིག་ཆར་དུ་བཞག་པས་རྒྱ་ཆེ་ཆུང་ལས་ཡིན་པར་ཤེས་དགོས་སོ༔ ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས༔ གཞི་ནི་མ་རྟོགས་བག་ཉལ་ཏེ༔ ཅི་ཙམ་བསྒོམ་ཀྱང་བག་མེད་གོལ༔ ཞེས་པས་ཀྱང་གནོད་དོ༔ དེ་ལྟ་བུའི་ངོ་བོ་མཚན་ཉིད་དབྱེ་བ་དང་བཅས་པ་སྔར་ཐལ་ལོ༔

གཉིས་པ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ༔ དམིགས་པ་ཡུལ་གྱི་བློ་ཅན་གྱི་དང་༔ རང་སྣང་གི་བློ་ཅན་གྱི་ཉམས་སུ་ལེན་ཚུལ་གཉིས་ལས༔ དང་པོའི་དབང་དུའང་སྤྱི་དང་བྱེ་བྲག་གི་ཉམས་སུ་ལེན་ཚུལ་གཉིས་ཏེ༔ དང་པོ་ལ༔ ལྷ་དང་མི་ལ་སོགས་པའི་སེམས་འཛིན་དང་༔ ཐེག་པ་ཆེན་པོའི་བསམ་གཏན་དང་གཉིས་ལས༔ དང་པོ་ལ་དངོས་དང་གེགས་སེལ་གཉིས་ལས༔

དང་པོ་ནི༔ བདུན་ཚན་གསུམ་གྱི་སྒོ་ནས༔ སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ སེམས་འཛིན་བསླབ་པ་ཉེར་གཅིག་གིས༔ དང་པོ་གནས་སུ་གཞུགས་པ་དང་༔ གཉིས་པ་ལུས་སེམས་བྲལ་བ་དང་༔ གསུམ་པ་ཆོས་ཉིད་མཐོང་བའོ༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱའོ༔ ཞེས་སོ༔ དེ་ལྟ་བུའི་སེམས་འཛིན་ཉེར་གཅིག་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ཀྱེ་ཀྱེ༔ ཐུབ་པ་ཆེན་པོ་ཡང་ཉོན་ཅིག༔ ཡི་གེ་ཨ་ལ་སེམས་གཏད་པས༔ དངོས་པོའི་ཞེན་པ་རང་སར་འདོན༔ བསྐྱེད་པའི་ལྷ་ལ་སེམས་གཏད་པས༔ ལུས་ཀྱི་དྲི་མ་དག་པར་བྱེད༔ ངག་གི་རྡོ་རྗེའི་གླུ་ཡིས་ནི༔ དེ་ཡི་ཡིད་ནི་ཚིམ་པར་བྱེད༔ ཡི་གེ་ཧཱུྃ་ལ་སེམས་གཏད་པས༔ དེ་ཡི་ངག་གི་དྲི་མ་དག༔ རཾ་ལ་སེམས་ནི་སུས་འཛིན་པ༔ དེ་ཡིས་དངོས་པོ་ཐམས་ཅད་སྦྱངས༔ ཡི་གེ་ཧ་ལ་སུ་གནས་པ༔ གཏི་མུག་ཐམས་ཅད་ཟད་པར་བྱེད༔ གང་ཞིག་ཕཊ་ལ་སེམས་གཏད་པ༔ དེ་ཡིས་ལུས་ངག་གནོད་པ་སྤངས༔ སྨིན་མཚམས་ཐིག་ལེ་གང་བསྒོམ་པ༔ འདིས་ནི་རླུང་ལ་གོམས་པར་འགྱུར༔ བུ་ག་དགུ་ལ་སེམས་འཛིན་པ༔ དེས་ནི་དབང་པོའི་སྒོ་རྣམས་ཁེགས༔ སྣ་རྩེར་ཡིད་ནི་སུས་གོམས་པས༔ འབྱུང་བ་ཡས་པ་རང་སར་སྡུད༔ ལུས་རྟེན་རང་འོད་གང་བསྒོམ་པ༔ འདིས་ནི་བར་དོའི་ས་ལ་གོམས༔ ནམ་མཁར་སེམས་ནི་སུས་འཕང་བ༔ དེ་ནི་སྟོང་པ་ཉིད་ལ་གོམས༔ གང་གིས་རྣ་བར་སེམས་གཟུང་བ༔ འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད༔ གང་གིས་སྙིང་ཁར་སེམས་འཛིན་པ༔ འདིས་ནི་བསམ་པ་རང་སར་དག༔ སྟོང་པ་ཉིད་ལ་སུ་གནས་པ༔ འདིས་ནི་དངོས་པོའི་ཞེན་པ་འགགས༔ སྟོང་ཉིད་ཧད་པོར་སུས་བསྒོམ་པ༔ དྲན་པ་རྣམས་ནི་ཅིག་ཆར་སྟོང་༔ མི་རྟོག་སེམས་ལ་གང་བསྒོམ་པ༔ འདིས་ནི་འཁོར་བའི་ཞེན་པ་བཟློག༔ འབྱུང་བ་ལྔ་ལ་སེམས་བཟུང་ན༔ དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་༔ མི་རྟོག་ཡེ་ཤེས་གང་བསྒོམ་པ༔ འདིས་ནི་མཚན་མའི་ཞེན་པ་འགགས༔ གཉིས་འཇུག་བདེ་བ་སུས་བསྒོམ་པ༔ འདིས་ནི་འདོད་ཡོན་ལམ་དུ་བྱེད༔ བར་སྣང་ལམ་དུ་སུས་བྱེད་པ༔ འདིར་ནི་སེམས་ལ་དབང་ཡང་ཐོབ༔ ཅེས་སོ༔ དེ་ལས་རྣམ་པར་འཕྲུལ་པ་གཞན་ཡང་ཁོ་བོས་བྱས་པའི་ཆུ་བོ་རྒྱུན་གཅོད་དུ་བསྟན་པ་ནི༔ ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་པོར་སྟོན་པའི་རྒྱུད་ལས༔ མདུན་དུ་མཐོ་ལ་གཏད་དེ་བཟུང་༔ རི་མོ་དག་ལ་བཟུང་བ་ནི༔ བདེ་བའི་སྟན་ལ་འདུག་པ་དང་༔ མདུན་དུ་རི་མོའི་ནང་དུ་བཟུང་༔ འཇམ་རླུང་དག་ལ་བཟུང་བ་ནི༔ སྟེང་འོག་བར་རླུང་གང་བདེར་བཟུང་༔ ཐིག་ལེ་དག་ལ་བཟུང་བ་ནི༔ སྨིན་མཚམས་དག་གམ་སྣ་རྩེ་རུ༔ ཐིག་ལེ་དག་ལ་གཏད་ལ་བཟུང་༔ དེ་བཞིན་གདུགས་ལ་བཟུང་བ་ནི༔ འོག་ཏུ་རྒྱ་གདུགས་འཁོར་ལོ་བཟུང་༔ འཁོར་ལོ་དག་ལ་བཟུང་བ་ནི༔ ཤོག་བུས་གདུགས་བྱ་བླ་ན་བསྐོར༔ སྣ་རུ་བདུག་པ་རྣ་བར་སྒྲ༔ མ་ཡེངས་གཏད་ལ་བཟུང་བར་བྱ༔ ཡིག་འབྲུ་དག་ལ་བཟུང་བ་ནི༔ སེམས་ཀྱི་གནས་པ་བཞི་རུ་ཡང་༔ ཨ་ལ་སོགས་པའི་ཡིག་འབྲུ་དག་ལ་བཟུང་བར་བྱ༔ ཤེས་རབ་མ་ལ་བཟུང་བ་ནི༔ མཁའ་གསང་བརླབས་ཤིང་དབང་པོ་སྤྲད༔ ཐིག་ལེ་གཅིག་ཤོར་གཉིས་ལ་བཟུང༔ སློབ་དཔོན་དག་ལ་བཟུང་བ་ནི༔ སྤྱི་བོའི་གཙུག་ཏུ་བསམ་ལ་བཟུང་༔ དྲག་རླུང་དག་ལ་བཟུང་བ་ནི༔ ཤེས་པའི་འདྲེན་རྟེན་བྱས་ལ་བཟུང་༔ ནམ་མཁའ་དག་ལ་བཟུང་བ་ནི༔ ཁྲུ་གང་དག་ལ་གཏད་ལ་བཟུང་༔ ཞེས་གསུངས་སོ༔

དེའི་དོན་བསྡུས་ཏེ་བཤད་ན༔ རང་ཤར་ལས༔ ལྷ་དང་མི་ཡི་སེམས་འཛིན་ནི༔ ཁ་སྣའི་དབུགས་ནི་བསྡོམས་བྱས་ནས༔ རྟོག་མེད་ཡིད་མ་འགྱུས་པ་ནི༔ ཤེས་པ་རྩེ་གཅིག་ངོ་བོ་སྟེ༔ འཕྲལ་གྱི་རྣམ་རྟོག་མེད་པར་གསུངས༔ དེས་ཀྱང་དོན་ཆེན་མཚོན་མི་ནུས༔ ཞེས་གསུངས་པ་སོགས་ཐབས་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་སྒྲུབ་སྟེ༔ འཕྲལ་དུ་སེམས་ཀྱི་རྟོག་ཚོགས་དྭངས་སུ་འཇུག་པ་ཙམ་སྟེ༔ དེ་ནི་སེམས་ལ་ལམ་བྱེད་རྟོག་མེད་རྩེ་གཅིག་ཡིན་པའི་ཕྱིར་ན་དོན་ཆེན་པོ་མཚོན་པར་མི་ནུས༔ འོན་ཀྱང་དགོས་པ་མེད་པ་ནི་མ་ཡིན་ཏེ༔ ཐབས་ཀྱི་སྒོ་ནས་སེམས་དང་ཡེ་ཤེས་བྱེད་པས༔ དཔེར་ན་ས་ཆུ་འདྲེས་པས་རྙོགས་པ་དྭངས་སུ་བཅུག་པས་ཆུའི་དྭངས་གསལ་དུ་གཟའ་སྐར་དང་གཟུགས་བརྙན་སོགས་མངོན་པ་ལྟར༔ སེམས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ལས༔ ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་གྱུར་པའི་ཐབས་ཙམ་དུ་ཐོག་མ་ཁོ་ནར་གནས་པར་བྱ་སྟེ༔ ཡེ་ཤེས་གསལ་སྟོན་གྱི་རྒྱུད་སྔ་མ་ལས༔ སྟོང་གསལ་རིག་པ་ཆེན་པོ་དེ༔ ཀུན་གཞི་གཉིས་ཀྱི་ངོས་ནས་བཟུང་༔ ཡེ་ཉིད་དོན་གྱི་ཀུན་གཞི་དང་༔ སྦྱོར་བ་རྐྱེན་གྱི་ཀུན་གཞི་ནི༔ སེམས་ཅན་ཐམས་ཅད་ལ་ཡིན་ཏེ༔ སྔར་གྱི་བག་ཆགས་དག་དང་ནི༔ ཕྱིས་ཀྱི་ཉོན་མོངས་རྣམ་རྟོག་དང་༔ དཔེར་ན་ས་དང་ཆུ་འདྲེས་ལ༔ རྙོགས་མར་གྱུར་པ་དག་དང་མཐུན༔ དེ་གསུམ་དག་དང་ཆོས་སྐུ་འདྲེས༔ དེ་ནི་ཆོས་སྐུ་མ་ཡིན་ཏེ༔ དེ་ཉིད་དོན་གྱི་ཀུན་གཞི་ན༔ དཔེར་ན་ཆུ་ནི་རྙོགས་མ་དྭངས་པ་བཞིན༔ བག་ཆགས་རྟོག་པ་ཉོན་མོངས་ཀྱིས༔ མ་བསླད་པ་ཡི་ཤེས་པ་སྟེ༔ མ་རྟོགས་པ་ཡི་ཟུག་རྔུ་མེད༔ འཛིན་མེད་རང་ཤར་ཆོས་ཀྱི་སྐུ༔ ཤེས་པར་རང་ལུགས་གློད་བྱས་པས༔ ཤེས་པ་དྭངས་སང་བདེ་བ་ལ༔ མ་ཞེན་རྟོགས་པའི་ཟུག་རྔུ་མེད༔ དབེན་པའི་གནས་སུ་ཐུན་བཅད་ལ༔ དང་པོ་ཁོ་ནར་བསྒོམ་པར་བྱ༔ དེ་ལ་ངང་གིས་གནས་པ་ལ༔ ཞེས་གསུངས་སོ༔

གཉིས་པ་གེགས་བསལ་བ་ནི༔ ལར་ཏིང་ངེ་འཛིན་གྱི་སྐྱོན་ཐམས་ཅད་ཀྱང་སྐྱེ་འགྲོ་རྣམས་བད་རླུང་མཁྲིས་གསུམ་གྱི་མུ་ལ་བརྟེན་པས་འབྱུང་བའི་ཁམས་བྱེར་ཟུགས་ལས་ཡིན་ཏེ༔ དེ་དག་གི་སྐྱོན་བཅོས་ཤིང་ལམ་དུ་བསླང་བ་ནི༔ དོན་ལ་སྟོན་པའི་མན་ངག་གིས་ལུང་གསལ་པོ་ལས་ཤེས་པར་བྱ་སྟེ༔ ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས༔ སེམས་འཛིན་པ་ཡི་དུས་ཉིད་དུ༔ ཡོན་ཏན་སྐྱོན་དུ་སྣང་བའི་ཕྱིར༔ སྐྱོན་རྣམས་བཅོས་པ་འདི་ལྟར་བྱ༔ རླུང་སྐྱེས་པར་ན་གྱུར་པ་ན༔ དེ་ནས་རྒོད་ཅིང་གཉིད་མི་ཕེབས༔ དེ་ལ་སྐུ་མཉེ་བཅུད་ཅན་བརྟེན༔ མཁྲིས་པ་སྐྱེས་པར་གྱུར་པ་ན༔ སེམས་ནི་རྣམ་པར་འཁྲུགས་པ་དང་༔ སེར་པོ་དམར་པོའི་སྣང་བ་འབྱུང་༔ དེ་ལ་བསིལ་སར་བསྒོམ་ཞིང་བསིལ༔ སྨན་བསིལ་ཟས་ནི་བཅུད་ཅན་བཏང་༔ བད་ཀན་སྐྱེས་ན་ཅད་འཁྲོག་བྱེད༔ དང་ག་མི་བདེར་གྱུར་པ་ན༔ ཁ་ཟས་བསིལ་བཏང་བཅག་པར་བྱ༔ སེམས་འཛིན་བ་ཡི་བར་དུ་ཡང་༔ གཡེང་བའི་འཁྲུལ་པ་ཐག་བཅད་ལ༔ མ་ཡེངས་བར་ནི་གཟུང་བར་བྱ༔ སེམས་ནི་མ་ཟིན་བར་དུ་ཡང་༔ མཚན་མོ་སེམས་འཛིན་ཁ་ཏོན་དང་༔ སེམས་ཀྱི་རྒྱུ་འགྲུལ་བཅད་དེ་ཡང་༔ དེ་ནས་སེམས་འཛིན་བརྟན་པ་དང་༔ རིག་པ་སྟོང་གསལ་ལྟ་བ་སྟེ༔ དེ་ཡི་ངང་གནས་བསྒོམ་པའོ༔ དེ་ལ་མ་ཡེངས་སྤྱོད་པ་ཡིན༔ དེ་ལས་འབྲས་བུ་སྐུ་དང་ནི༔ ཡེ་ཤེས་ལྔ་རུ་སྣང་བའོ༔ ཞེས་སོ༔ ཡང་གཞུང་རྩ་བ་ལས༔ ཐོལ་བྱུང་གློ་བརྡེག་ཕཊ་ཅིག་རྒྱག༔ ཟེར་བ་ངོ་རང་ཐོག་ཏུ་སྤྲད་པའི་དུས་ལས་གཞན་དུ་སྒོམ་པས་ཉམས་སུ་བླངས་དུས་ཀྱང་གེགས་སེལ་ཁྱད་པར་ཅན་དུ་གྱུར་བ་སྟེ༔ ཉམས་ཞེན་གྱི་ཤུན་པ་ཕྲལ༔ བློས་བྱས་ཀྱི་ལྟ་བསྒོམ་འཇིལ་བ་ལ་སོགས་པ་དང་བཅས་པ་སྟེ༔ ཀུན་གསལ་ལས༔ སྐབས་སུ་ཧ་དང་ཕཊ་ཅེས་རླུང་རོ་འབུད༔ཅེས་སོ༔

གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ནི༔ དངོས་དང་ཞར་ལས་བྱུང་བ་གཉིས་ལས༔ དང་པོ་ནི༔ སེམས་བཟུང་བ་མ་ཡིན་བཞིན་དུ་གནས་སྐབས་མེད་པར་རྟོག་མེད་ཀྱི་ཡེ་ཤེས་ལ་བྱིང་རྒོད་དང་བྲལ་བར་ཅི་ཙམ་མཉམ་པར་བཞག་གི་རིང་ལ་ངང་ངམ་ཤུགས་ཀྱིས་གནས་པ་ལ་བྱ་སྟེ༔ དེས་ཀྱང་དོན་ཆེན་པོ་མཚོན་པར་མི་ནུས་པ་གཤིས་དོན་དམ་པའི་བདེན་པ་ནི་འོད་གསལ་བའི་ཡེ་ཤེས་ལ་ཡིན་གྱི༔ རྟོག་མེད་དུ་གནས་པ་ཙམ་ལ་མི་བྱ་བའི་ཕྱིར་རོ༔ དེ་ལ་ཡང་རང་བཞིན་ཤུགས་ཀྱི་བསམ་གཏན་མི་རྟོག་པ་ངང་གིས་བྱུང་བ་ལུས་ངག་རྣལ་དུ་ཕེབ་པ་ཙམ་དང་༔ དམིགས་པ་རྒྱུན་བརྟེན་གྱི་བསམ་གཏན་ཉོན་མོངས་ལ་རང་བཞིན་མེད་པར་གཉེན་པོ་བསྒོམ་པ་གཉིས་ནི་ཉོན་མོངས་མགོ་གནོན་པ་ཙམ་མོ༔ དེ་དག་ནི་ཕལ་བ་དང་བསྒོམ་པ་མཚན་ཉིད་པ་ལའང་ཡོད་དོ༔ ས་ལ་གནས་པའི་བསམ་གཏན་ནི༔ སའི་དངོས་གཞི་རང་སའི་སྒྲིབ་པ་སྦྱོང་བྱེད་ཀྱི་ཏིང་ངེ་འཛིན་ཙམ་མོ༔ དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས༔ ཐེག་པ་ཆེན་པོའི་བསམ་གཏན་ནི༔ རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས༔ མ་བཅོས་ལུས་སེམས་རྣལ་དུ་ཕེབས༔ དམིགས་པ་རྒྱུད་བརྟེན་བསམ་གཏན་གྱི༔ འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན༔ ས་ལ་གནས་པའི་བསམ་གཏན་གྱིས༔ རང་རང་རྒྱུད་ཀྱི་འཚོ་སྐྱོངས་བྱེད༔ མི་རྟོག་ཐུབ་པས་ཡང་ཉོན་ཅིག༔ ཅེས་དང་༔ ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས༔ སྒོ་ལྔ་གསལ་ལ་འཛིན་པ་མེད༔ དེ་ཡི་ངང་ལ་གནས་པར་བྱ༔ དེ་ནས་བརྟན་པ་བྱུང་བ་དང་༔ ཡུལ་གྱི་སྙིང་པོ་ཐམས་ཅད་ཀུན༔ ལྟར་སྣང་བུན་ནེ་ལོང་ངེ་ཙམ༔ དེ་ཡི་ངང་དུ་གནས་ཙམ་ན༔ འབྱམས་ཐུབ་པ་ཡི་རྣལ་འབྱོར་རོ༔ ཞེས་གསུངས་སོ༔ དེའི་དོན་བསྡུས་ཏེ་བཤད་ན་རིག་པ་རང་ཤར་ལས༔ བྱང་ཆུབ་སེམས་དཔའི་བསམ་གཏན་ནི༔ སེམས་ནི་འཛིན་པ་མ་ཡིན་ཡང་༔ ངང་ངམ་ཤུགས་ཀྱིས་སྐྱེ་བའོ༔ གོམས་པ་ཀློང་དུ་གྱུར་བ་དང་༔ ཟས་ཀྱི་འདུ་ཤེས་སྤངས་པའོ༔ ས་ལ་གནས་པ་རྣམས་ཀྱིས་སྤྱོད༔ རྣམ་རྟོག་ངང་གིས་མེད་པའོ༔ དེས་ཀྱང་དོན་ཆེན་མཚོན་མི་ནུས༔ ཞེས་གསུངས་སོ༔

ཞར་ལས་བྱུང་བ་ནི༔ ཟས་ཀྱི་ཞེན་པ་གཅོད་པ་ནི་བཅུད་ལེན་དང་༔ གོས་ཀྱིས་གཏུམ་མོ༔ བག་ཆགས་རྨི་ལམ་དང་འོད་གསལ་གྱིས་ཆོད་པས་ལོགས་སུ་མ་བཀར་རོ༔ བསྒོམ་པ་སེམས་འཛིན་དང་༔ བྱང་ཆུབ་སེམས་དཔའི་བསམ་གཏན་དེ་དག་ནི་བློ་དམན་ལ་བསྒོམ་དུ་ཡོད་པ་དང་༔ བློ་འབྲིང་རྒྱུན་གྱི་ཏིང་འཛིན་མི་བསྒོམ་པའི་བསྒོམ་པ་བསྟན་པ་ཡིན་ནོ༔ དེ་གཉིས་ལ་ཡང་མཐར་ཐུག་ཞི་ལྷག་ཟུང་དུ་འཇུག་པར་གཅོག་རིམ་གྱིས་ཡང་དག་གི་ཐེམ་སྐས་སུ་བྱས་ནས་རྣལ་འབྱོར་དངོས་ལ་གཞུགས་པ་ཡོད་པས༔ རང་ཤར་ལས༔ བསྒོམ་དང་བསྒོམ་བྱའི་ཐབས་རྣམས་བསྟན༔ ཞེས་པས་འཕྲོས་ནས་གཞན་སེམས་གནས་བསམ་གཏན་དགོངས་གསུམ་གྱི་ངོས་འཛིན་ཅུང་མི་འདྲ་བ་བསླབ་ཚུལ་དང་བཅས་བ་གོང་འོག་བསྒོམ་བསྒོམ་མེད་ཀུན་གྱི་འཕྱོངས་སུ་གྱུར་པ་དང་༔ དེ་བཞིན་གཤེགས་པའི་དགོངས་པ་ལའང་དབང་པོ་རབ་ཀྱིས་དམན་འབྲིང་རྣམས་ལ་དེ་དང་ཚུལ་མཐུན་ནའང་སྤྲོས་རྒྱ་དང་མཐོང་བསླབས་ཀྱི་ཚུལ་ཅུང་མི་འདྲ་བས་བསླབ་པ་ཙམ་གྱིས་སྐྱོན་དུ་མི་འགྱུར་ན༔ དེ་དག་གི་བསླབ་ཚུལ་གྱི་སྤྱི་སྒོས་དང་༔ བསླབ་བྱ༔ ལོབ་ཚད་གསུམ་རེར་ཡོད་པ་རྒྱུད་འཁྲུགས་སྡེབ་ཀྱི་ཚུལ་དུ་འཆད་པར་བྱ་སྟེ༔

སྤྱིར་བསླབ་ཚུལ་ལ་ཕྱི་ནང་གསང་གསུམ་ལས༔ ཕྱི་ལྟར་ན་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་སྤྲུགས་སུ་བཏང་ནས་བྱར་མེད་དུ་སྡོད་པས་བསླབས༔ ནང་ལྟར་རྩ་ཡི་རླུང་སྒོ་བསྡམ་པས་གནད་མི་གཡོ་གསུམ་དང་༔ མིག་ཆུའི་དྭངས་མ་དེ་ཉིད་ཕྱི་རོལ་དབྱིངས་ཀྱི་ཐིག་ལེ་ནམ་མཁའ་སྟོང་པའི་ངང་ལ་མིག་མི་འཛུམ་པར་བཞག་པ་ལ༔ བསྒོམ་པའི་ཐབས་རྒྱ་མཚོ་ཅོག་བཞག་ཅེས་བྱ་ལ༔ དེ་ལྟར་བཞག་པའི་བསླབ་ཐབས་ཕྱི་མ་གསུམ་ཤུགས་ཀྱིས་གྲུབ་པའི་གནད་ནི་མདོ་དང་རྒྱས་པའི་ཚུལ་གཉིས་ལས༔

དང་པོ༔ ལུས་ཆགས་པའི་དང་པོ་ལྟེ་བའི་རྩ་མདུད་ཀྱི་སྒྲོན་མ་དང་འབྱུང་བའི་སྤྱན་གཉིས་ཆགས་པའི་སྒྲོན་མའི་རྩ་ཕྲ་ལ་འཁྲིལ་བའི་སྙིང་ལ་འབྲེལ་ཞིང་༔ དེ་སྒལ་ཚིགས་བརྒྱུད་ནས་མིག་གི་ཨ་འབྲས་སུ་ཟུག་པས་དྲྭ་སྦུབས་ཙིཏྟ་འབར་བ་ན་སྐུ་གསུམ་སུམ་བརྩེགས༔ དུང་ཁང་ན་ཟེར་གྱི་སྐུ་ལ་སོགས་པ་བཞུགས་པའི་ནང་མདངས་རྟགས་ལ་གསལ་བས་ཐོད་རྒལ་དང་འབྲེལ་ན་དབྱིངས་དང་ཐིག་ལེ༔ ཁྲེགས་ཆོད་རྐྱང་བས་ནམ་མཁའ་སུམ་སྤྲུགས་དབྱེར་མེད་པའི་ཉམས་ལེན་གྱིས༔ བློན་པོ་སེམས་ཀྱི་རྟོག་པ་བཙན་ཐབས་སུ་འགགས་ནས་རྒྱལ་པོ་ཤེས་རབ་ཆེན་པོའི་ངང་མདངས་ཡང་དག་པར་རྒྱས་པ་སྟེ༔ རྟོག་རླུང་མ་ལ་ཐིམ་པས་ཡེ་རླུང་དབྱིངས་སུ་འཁྱིལ་ཞིང་༔ སྒོ་ལྔའི་ལས་བྱེད་འགགས་ནས་དེ་ལྟར་བསླབས་ཐབས་ཕྱི་མ་གསུམ་རྒྱུད་ལ་འབྱུང་བའོ༔ ཀུན་གསལ་ལས༔ བསྒོམ་དུ་ཡོད་པའི་དོན་བསྟན་ན༔ བསླབས་ཐབས་བསླབས་བྱ་ལོབ་པའི་ཚོད༔ རྣམ་པ་གསུམ་དུ་བསྡུས་ལ་བསྟན༔ ཕྱི་དང་ནང་དང་གསང་བའོ༔ ཕྱི་ནི་ལུས་ངག་ཡིད་གསུམ་གློད༔ བྱ་བ་བཏང་ལ་བསྡད་པ་ཡིན༔ ནང་ནི་རྩ་ཡི་རླུང་སྒོ་བསྡམས༔ རང་བྱུང་དབྱིངས་ཀྱི་ཐིག་ལེ་ལས༔ དང་པོ་ལུས་ཀྱི་སྲིད་པ་ཆགས༔ དེ་ལས་ཡར་མར་རྩ་གཉིས་ཆགས༔ རྩ་གཉིས་འདུས་ནས་རྩ་མདུད་ལྟེ་བར་གྱུར༔ དེ་ནས་རྩ་ཕྲན་རྣམས་ཀྱི་ལུས་བྱིང་བསྐྱེད༔ དེ་ནས་སྙིང་ལ་སོགས་པའི་ནང་ཁྲོལ་རྒྱས༔ དེ་ལ་དབུགས་ཡོད་དེ་ལས་རྣམ་རྟོག་ཤར༔ དེ་བས་རྩ་རྟགས་མིག་ཡིན་པས༔ ཅིར་སྣང་རང་སྣང་ཡིན་གྱི་རྣམ་རྟོག་མ་བྱེད་ཅེ་རེར་ལྟོས༔ རྟགས་མ་འགུལ་བས་དེ་ནས་རིག་པའི་རྩ་མི་འགྱུ༔ རྩ་དང་མ་འགྲོགས་རླུང་དང་སེར་བུ་བཞིན༔ མ་བསྡམས་རང་སར་ཞོག་ཅིག་འཕྲོ་མི་ནུས༔ དེ་བས་རླུང་གཅེས་དེ་ལ་སྐྱོན་མི་བལྟ༔ རླུང་ཡོད་རྟོགས་པའི་ཤེས་རབ་ཡོངས་སུ་རྒྱས༔ ཐབས་ཀྱིས་ཟིན་ནས་མི་རྟོག་རང་སར་གནས༔ ཞེས་དང་༔ ཚིག་གསུམ་པའི་རྒྱུད་ལས༔ གསང་བའི་བདག་པོ་ཆོས་སྐུ་ཉམས་སུ་བླངས་བ་ནི་ནམ་མཁའ་སུམ་སྤྲུགས་ཀྱི་དགོངས་པའོ༔ ཞེས་སོགས་ཀྱི་བསླབས་ཐབས་སུ་དེ་ལས་རང་གི་རིག་པ་མིག་ལ་གཏད་པའི་མིག་བར་སྣང་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ དེ་ལ་གནས་ལུགས་ཟང་ཐལ་གྱི་དགོངས་པ་ཉོན་མོངས་དང་རྣམ་རྟོག་གང་གིས་མ་བསླད་པའི་རིག་པ་གནས་ལུགས་ཆོས་ཀྱི་སྐུ་ད་ལྟར་གྱི་ཤེས་པ་གསལ་ལ་མ་འགགས་ས་ལེ་ཧྲིག་གེར༔ རྗེན་ནེ༔ རྣམ་རྟོག་གང་གིས་ཀྱང་མ་བསླད་པར་རྟོག་མེད་ཀྱི་རིག་པ་མ་འགགས་པར་རྐྱང་བར་ཤར་བ༔ ཤེས་པ་བདེ་སང་ངེ་བ༔ རིག་པ་དྭངས་སང་ངེ་བ༔ དྲན་པ་མི་འགགས་པ༔ འཛིན་རིག་མ་ཞུགས་པ༔ གནས་ལུགས་མ་བཅོས་པ་དེ་ཁ་ལ་ཉམས་སུ་བླངས་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ ཞེས་སོ༔

གཉིས་པ་རྒྱས་པར་བསླབས་ཐབས་གསང་བའི་ལྟར་གྱི་གསུམ་ནི༔ རྒྱལ་པོ་གདན་ལ་བཞག་པ་སྟེ༔ རང་རིག་པའི་ཡེ་ཤེས་འཁོར་འདས་དབང་བསྒྱུར་གྱི་རྒྱལ་པོ་ཉིད༔ ཕྱི་རྣམ་པར་དག་པ་དབྱིངས་ཀྱི་ཐིག་ལེ་ཡུལ་དུ་སྣང་བ་ནམ་མཁའ་གོ་འབྱེད་པའི་གདན་ལ༔ རྩའི་རྒྱལ་པོ་ཀ་ཏི་ཤེལ་སྦུབས་ཅན་ནས་རྒྱལ་པོ་རྟགས་ལ་གསལ་བའི་དངོས་པོ་བཞག་ནས་གདངས་གསུམ་དབྱེར་མེད་ངང་དམ་ངོ་བོ་ཉིད་ཀྱི་ཀློང་ཆེན་པོར་དྲིལ་བའོ༔ དེ་སྐད་དུ་ཡང་ཐིག་ལེ་ཀུན་གསལ་ལས༔ རྒྱལ་པོ་ནི་རང་རིག་པ་ཆོས་ཀྱི་སྐུའོ༔ གདན་ནི་རང་བཞིན་རྣམ་པར་དག་པ་ནམ་མཁའ་ཡུལ་དུ་སྣང་བ་འདིའོ༔ བཞག་པ་ནི་ཆུའི་རང་བཞིན་དག་ཅིང་གསལ་བའི་མཚམས་སྦྱོར་རོ༔ ཞེས་དང་༔ དོན་གསལ་ལས༔ གདན་དེ་ལ་བཞུགས་པའི་ཡེ་ཤེས་ཀྱི་སྣང་བ་ནི༔ ཡེ་ཤེས་ཆེན་པོའི་ཐིག་ལེའོ༔ དེ་ལྷུན་གྱིས་གྲུབ་པས་མཚན་མ་དང་རྣམ་པར་རྟོག་པ་འཇོམས་པའོ༔ དེ་ལྟར་མི་འགྱུར་བར་གནས་ཤིང་རང་སྣང་ལས་གཞན་སྣང་མེད་པའོ༔ ཞེས་དང་༔ མཐོང་བྱ་རང་བཞིན་དག་པའི་ནམ་མཁའ་ནི༔ ཆོས་ཉིད་དག་པའི་རང་གདངས་སོ༔ རིག་པ་ཡུལ་དུ་ཤར་བ་ནི༔ ཡེ་ཤེས་དག་པའི་ཟེར་གདངས་སོ༔ ཆུ་ཡི་སྒྲོན་མ་མཐོང་བྱེད་རྒྱལ༔ ཆོས་ཉིད་དག་པའི་ཡེ་གདངས་སོ༔ ཀྱེ་མ་ནམ་མཁའ་དག་པའི་རང་གདངས་ནི༔ མཚན་མོའི་ནམ་མཁའ་ལྟ་བུའོ༔ ཆོས་ཉིད་དག་པའི་ཡེ་གདངས་ནི༔ ནམ་ལངས་ནམ་མཁའ་ལྟ་བུའོ༔ ཡེ་ཤེས་ཆེན་པོའི་ཟེར་གདངས་ནི༔ མཁའ་ལ་ཉི་མ་ཤར་བ་ལྟ་བུའོ༔ ཞེས་སོ༔ དེས་ན་ཕྱི་སྟོང་གསལ་དག་པའི་ནམ་མཁའ་ལ༔ ནང་ཆོས་ཉིད་ལྷུན་གྲུབ་ཀྱི་ནམ་མཁའ༔ བར་རྩ་སྦུབས་དྭངས་གསལ་གྱི་ནམ་མཁའི་མཚམས་སྦྱོར་ཏེ་འཆར་བ་འདི་ལ་དགོངས་ཏེ་ཁོ་བོའི་ཕ་ཅིག་གིས་ནམ་མཁའ་མིག་གི་མ་བོར་བ་ཙམ་གྱིས་ཆོག་པར་གསུངས་བ་རྒྱུད་ཀྱི་དགོངས་པར་མ་ཤེས་པས་ཐོས་བསམ་ཆུང་བ་ལ༔ ངེད་ཅག་གིས་ལུང་དང་རིགས་པའི་ཐོ་ལུམ་འབར་བས་བསྣུན་པའི་ཚོད་དུ་བབས་པས༔ ཚིག་གསུམ་པའི་རྒྱུད་ལས༔ ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདིའོ༔ ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འབྲེལ་བའི་རྩ་སྦུབས་སྟོང་པ་འདི་ཡིན་ནོ༔ གསང་བའི་ནམ་མཁའ་རང་གི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ངོ༔ རིག་པ་མིག་ལ་གཏད༔ མིག་བར་སྣང་ལ་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ ཞེས་དང་༔ རང་གི་རིག་པ་མིག་པ་གཏད༔ མིག་བར་སྣང་ལ་གཏད་པའི་དུས་དེར་རྣམ་རྟོག་གང་གིས་ཀྱང་མི་བསྒྲིབ་པའི་རྟོག་མེད་ཀྱི་རིག་པ་རྐྱང་བར་འཆར་བས་ན༔ ཞེས་སོགས་གསུངས་སོ༔ རྒྱུད་ལས༔ ཆོས་ཐམས་ཅད་ནི་སེམས་ལ་གནས་སོ༔ སེམས་ནི་ནམ་མཁའ་ལ་གནས་སོ༔ ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ༔ ཞེས་དང་༔ བདེ་མཆོག་བསམ་མི་ཁྱབ་བའི་རྒྱུད་ལས༔ མདུན་གྱི་ནམ་མཁའ་དེ་ཉིད་ལས༔ དབང་པོ་གཏད་ལ་ཅོག་གེར་བཞག༔ གསལ་ལ་མི་རྟོག་ཡེ་ཤེས་དག༔ ད་ལྟ་ཉིད་དུ་འཆར་བར་འགྱུར༔ ཞེས་དང་༔ ས་ར་ཧས༔ བར་སྣང་ལ་ནི་ཡིད་དང་རླུང་དང་མིག༔ དུས་གཅིག་དུ་ནི་ཡང་དག་ལེགས་སྦྱར་ན༔ རྒྱལ་བའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ༔ ཞེས་དང་༔ སྣ་ཚོགས་རྣམ་རྟོག་སྤངས་ཤིང་མི་སེམས་པར༔ གལ་ཏེ་མིག་གི་ནམ་མཁར་ཕྱེད་བྱས་ན༔ ཕྱོགས་བཅུའི་དོན་རྣམས་ཉིད་ནི་རྣམ་པར་ཤེས༔ རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ༔ ཅེས་དང་༔ སེམས་ནི་ནམ་མཁའ་འདྲ་བར་བཟུང་བྱ་སྟེ༔ ནམ་མཁའི་རང་བཞིན་ཉིད་དུའང་སེམས་བཟུང་བྱ༔ ཞེས་དང་༔ ལྷ་བླ་མ་བྱང་ཆུབ་འོད་ཀྱིས༔ སྣང་བ་རྫུན་ཡིན༔ སེམས་ཉིད་ནམ་མཁའ་ཡིན༔ ཞེས་དང་༔ ཀློང་ཆེན་པས༔ ཡུལ་ཅན་ཕྱི་ཡི་ནམ་མཁའ་དག་པ་ལ༔ ནང་གི་ཆོས་ཉིད་དོན་གྱི་ནམ་མཁའ་འཆར༔ གསང་བ་འོད་གསལ་ནམ་མཁའི་སྙིང་པོ་སྟེ༔ ནམ་མཁའ་སུམ་སྤྲུགས་དགོངས་པར་ཤེས་པར་བྱ༔ ཞེས་དང་སྒོས་བཀར་དུ་འདི་ལའང་དབང་པོའི་རིམ་པས་བཞག་ཚུལ་ཐ་དད་དེ༔ ལྷ་དང་མིའི་སེམས་འཛིན་ནམ་སྒོམ་ཡོད་པས་ནི་མིག་གཉའ་ཤིང་གང་ཙམ་གྱི་ནམ་མཁར་བལྟ་བར་བྱས་པས༔ ཕྱི་ཡུལ་གྱི་མཚན་མས་སེམས་མི་འཕྲོག་པར་རྟོག་མེད་དང་ཞི་ལྷག་ཡ་ཟུང་རྒྱུད་ལ་འཆར་བ་སྟེ༔ དེ་ཡང་རང་རིག་པའི་ཕྱོགས་མཐོང་བའི་ཆ་ནས་རྒྱལ་པོ་གདན་ལ་བཞག་པར་འགྲོ་བ་སྟེ༔ སྤྲོས་བྲལ་དོན་གསལ་ལས༔ དེ་ནི་མཚན་མ་ཤས་ཆེ་བས་གོང་མ་གཉིས་ལས་དཀའ་སྟེ༔ སྤྱན་ས་ལ་བལྟའོ༔ མགྲིན་པ་ཅུང་ཟད་བཀུགས་ཏེ༔ ཨོག་མ་བྲང་ལ་རེག་ལ་ཁད་དུ་བྱའོ༔ དེ་ནི་རྒྱལ་པོ་གདན་ལ་བཞག་ཅིང་གདན་བཏིང་པའི་ཐབས་སོ༔ དེས་རིག་པ་རྒྱལ་པོ་དང་འདྲ་སྟེ་རང་ས་ཟིན་པའོ༔ ཞེས་སོ༔ ཕྱི་མ་གཉིས་ཀྱིས་རང་ས་ནས་འབྱུང་བས་འདིར་མ་བཤད་དོ༔ དེ་དག་གིས་རྒྱལ་པོ་གདན་ལ་བཞག་ནུས་སོ༔

གཉིས་པ་བློན་པོ་བཙོན་དུ་བཟུང་བ་ནི༔ གཞན་དག་གི་ལྟར་དམིགས་གཏད་སེམས་ཀྱི་བསྒོམ་པ་ལ་ལྟོས་མི་འཆའ་བར་སེམས་དང་བྲལ་བའི་ཡེ་ཤེས་རྒྱས་འདེབས་ཀྱི་བསླབས་ཐབས་དེ་ཤར་བས་རྟོག་རླུང་འཆིང་ནས་བཙོན་དུ་ཟིན་པ་ནི་གང་ཟག་རབ༔ ཅི་རིགས་པར་འཆིང་བ་འབྲིང་༔ ཐབས་སེམས་འཛིན་ཉེར་གཅིག་གིས་འཆིང་བ་ཐ་མར་བྱས་པས་དཔེར་ན་བློན་པོ་གཅེས་པ་དེ་བཙོན་དུ་བཟུང་ན༔ རྒྱལ་པོས་ཀྱང་དགྲའི་ཁ་ལ་ཉན་དགོས་པ་ལྟར༔ ཡེ་ཤེས་རང་སར་གནས་པས་མི་འགྱུར་བའི་བསླབས་ཐབས་སོ༔ ཀུན་གསལ་ལས༔ བློན་པོ་ནི་སེམས་ཏེ༔ རིག་རྩལ་རླུང་ཐོག་ཏུ་མ་ཤོར་བས་རྟོག་བཅས་སུ་མི་རྒྱུ༔ རྟོག་མེད་དུ་གསལ་ཏེ༔ དཔེར་ན་བློན་པོ་བཙོན་དུ་ཟིན་པས༔ གྲོས་བློ་དང་བྱ་བ་བྱེད་མཁན་མེད་པ་ལྟ་བུའོ༔ ལུས་དང་མ་བྲལ་བར་དབུགས་ཡོད་པས་རིག་པ་ལ་རྟ་ཡོད་དེ་བློན་པོ་ལྟ་བུའོ༔ བཙོན་དུ་ཟིན་པ་དང་འདྲ་སྟེ༔ རྟོག་པའི་རྒྱུ་ཡོད་ལ་རྒྱུ་བར་མི་ནུས་པའོ༔ ཞེས་སོ༔ འདིས་ཐབས་སུ་རྩ་ཡི་རླུང་སྒོ་སྡོམ་པས་གྲོགས་ཆེན་པོར་བྱེད་དོ༔ གསུམ་པ་འབངས་ཆམ་ལ་འབེབས་པའང་༔ དེ་ལྟར་བློན་པོ་བཙོན་དུ་ཟིན་རྒྱལ་པོ་གདན་ལ་བཞུགས་དུས༔ སྒོ་ལྔའི་སྣང་ཡུལ་མ་འགག་ཀྱང་༔ གསལ་ལ་རྟོག་པ་མེད་པར་གནས་པ་རབ་དང་༔ འབྲིང་གིས་ཅེར་གྲོལ་དུ་རྩལ་སྦྱངས༔ ཐ་མས་ཀྱང་མཉམ་བཞག་གི་རང་ས་ན་རྗེས་གཅོད་ཀྱི་བག་ཆགས་འཕྲོ་མི་མཐུད་པས་རྒྱུན་ཡང་ཡང་བཅད་སྟེ༔ དེ་ཉིད་ལས༔ སྒོ་ལྔ་འབངས་དང་འདྲ་སྟེ་ལས་བྱེད་པ་ཡིན༔ དུས་དེར་གསལ་ལ་རྟོག་པ་མེད་པའོ༔ དེས་ནི་འབངས་ཆམ་ལ་འབེབས་པ་ལྟ་བུའོ༔ ཞེས་སོ༔ དེ་དག་ཀྱང་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས༔ བལྟར་མེད་ལྟ་བའི་དོན་བསྟན་པ༔ བསྒྲོད་མེད་ལུས་ངག་བྱ་བ་ལྷོད༔ རྒྱལ་པོ་གདན་ལ་བཞག་པར་བྱ༔ བློན་པོ་བཙོན་དུ་བཟུང་བར་བྱ༔ འབངས་རྣམས་ཆམ་ལ་ཕབ་བར་བྱ༔ ཞེས་དང་༔ དོན་གསལ་ལས༔ རྒྱལ་པོ་གདན་ལ་བཞག་པ་དང་༔ བློན་པོ་བཙོན་དུ་བཟུང་བར་བྱ༔ འབངས་རྣམས་ཆམ་ལ་ཤུགས་ཀྱིས་ཕེབ༔ ཅེས་སོ༔

གཉིས་པ་བསླབ་བར་བྱ་བའང་གསུམ་ལས༔ དང་པོ་ངོ་བོ་སྟོང་པའི་ཡེ་ཤེས་ལ་བསླབས་པའི་ཆིངས་ནི༔ རང་བཞིན་དག་པའི་ནམ་མཁའི་ངང་དུ་སེམས་བསྲེ་འཕོའི་རྩོལ་བ་ཡོད་མེད་གཉིས་གང་རུང་གི་མཉམ་པར་བཞག་པས༔ སེམས་སེམས་བྱུང་གི་སྤྲོས་པ་མི་མཉམ་པའི་མཚན་མའི་འདུ་ཤེས་ཐམས་ཅད་རྣམ་པར་དག་པའི་རྟོག་པ་དང་བྲལ་བའི་རིག་པ་ནམ་མཁའ་སུམ་སྤྲུགས་དབྱེར་མེད་པ་འཆར་རོ༔ དེ་ནི་མ་བཅོས་པའི་ངང་ཞེས་བྱའོ༔ སྐབས་འགར་ས་ཆུ་མེ་རླུང་གི་འབྱུང་བ་བཞི་རིག་པའི་གསལ་བའི་ཆ་འགག་པ་མེད་པར་ཤར་བའི་རང་གདངས་ལ་དཔྱད་རྟོག་གཉིས་སུ་འཛིན་པའི་འཁྲིས་དང་ངང་བསྒོམ་ཡིད་དཔྱོད་དང་དག་གྲོལ་ངེས་འབྱིན་གྱི་སྒྲོག་གིས་མ་བཅིང་པར་གསལ་ལ་འཛིན་པ་མེད་པར་བཞག་པ་ནི་རང་བཞིན་གྱི་བསླབས་བྱ་ལ་སློབ་ཐབས་དང་༔ སྣང་ཡང་རང་བཞིན་མེད་པ༔ མེད་ཀྱང་མ་འགག་པར་གསལ་བར་སྣང་བ་གཉིས༔ གསལ་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོ་གཅིག་གི་དོན་དུ་ཐག་བཅད་ནས་དེའི་ངང་ལ་ཕྱོགས་རེ་ནས་རིམ་གོམས་བྱེད་པ་ནི་ཡུལ་གྱི་བློ་ཅན་ཡིན་ལ༔ ཅིག་ཆར་དུ་འཇུག་པ་ནི༔ རང་སྣང་གི་བློ་ཅན་ཡིན་ཀྱང་སྔ་མའི་ཕྱོགས་ལས་བཟུང་སྟེ་འདིར་བསླབ་ལ་དབང་པོ་འབྲིང་དང་རབ་བམ་གོམས་པ་འབྲིང་མཆོག་དང་དགོངས་པ་ཕྱི་མ་གཉིས་ལ་ནི་རྩོལ་མེད་དུ་སེམས་ལ་བྱུང་བ་དང་༔ རིག་པ་རྗེན་ཅེར་དུ་ཤར་བའི་ཁྱད་པར་གྱིས་བཞག་གོ༔ དེ་ནི་གང་ལ་བསླབ་པར་བྱ་བའི་དགོངས་པའི་ངོ་བོ་ཡིན་པའི་ཕྱིར་བསླབ་བྱ་ཞེས་བྱ་སྟེ༔ སྤྲོས་བྲལ་དོན་གསལ་ལས༔ ཀྱེ་ཀྱེ་རིགས་ཀྱི་བུ་བསླབ་པར་བྱ་བ་ནི༔ ངང་དྭངས་རང་བཞིན་བདག་ཉིད་ཆེན་པོའོ༔ རང་བཞིན་དག་པའི་ནམ་མཁའ་དང་༔ ཆོས་ཉིད་དག་པའི་ནམ་མཁའ་གཉིས༔ རྟོག་དང་བྲལ་བའི་རིག་པ་གསུམ༔ དབྱེར་མེད་སྟོང་ཞིང་མི་རྟོག་པས༔ མ་བཅོས་པ་ཡི་ངང་ཞེས་བྱའོ༔ རང་རིག་ཡེ་ཤེས་གསལ་བ་དང་༔ འབྱུང་བཞི་གདངས་སུ་ཤར་པ་གཉིས༔ རང་བཞིན་མ་འགགས་ཡེ་ཤེས་གདངས༔ གསལ་བར་སྣང་ལ་རང་བཞིན་མེད༔ སྟོང་པར་མི་སྣང་རང་བཞིན་ཡོད༔ དབྱེར་མེད་བདག་ཉིད་ཆེན་པོའི་དོན༔ མདོར་ན་རང་རིག་ཡེ་ཤེས་དོན༔ ཞེས་སོ༔ དེ་དག་ནི་ཐུན་མོང་བའི་ཞི་ལྷག་ཟུང་འཇུག་གི་དོན་ལ་རིམ་པས་མཉམ་པར་འཇོག་ཚུལ་དང་ཕྱོགས་མཐུན་པར་སློབ་པ་ནི་བསྒོམ་ཡོད་པས་རིམ་འཇུག་གི་ཚུལ་ཡིན་ནོ༔ བདག་ཉིད་ཆེན་པོ་འདིའི་ཡུལ་ནི༔ ཕྱི་ནང་དབྱིངས་རིག་གི་སྣང་སྟོང་གང་ཡང་སྤང་ལེན་རེས་འཇོག་མེད་པའོ༔ ཆོས་དབྱིངས་རིན་པོ་ཆེའི་མཛོད་དུ་ངོ་བོར་རང་བཞིན་ཐུགས་རྗེའི་ཆིངས་གསུམ་བསྟན་པ་དང་༔ ཀུན་བྱེད་རྒྱལ་པོའི་རྒྱུད་ལས༔ སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ་ལ་བསླབ་ཚུལ་གསུངས་པ་དེ་ཡང་འདི་དང་ཁོང་སྙིང་གཅིག་པའོ༔ དེ་ལྟར་བསླབ་པས་ལོབས་ཤིང་གོམས་པའི་ཚད་ཀྱི་དྲོད་རྟགས་ནི༔ རིག་པ་རྐྱེན་དབང་དུ་མི་འགྲོ་པ་དང་༔ རྣམ་རྟོག་རྒྱུན་ཐག་ཆད་པ༔ མཚན་མ་ཟིལ་གྱིས་གནོན་པ་ལ་སོགས་པ་འདི་དག་ཡིན་ཏེ༔ ཀུན་གསལ་ལས༔ ཤེས་པ་རྐྱེན་དབང་དུ་མི་འགྲོ་ཞིང་༔ རྣམ་རྟོག་རྒྱུན་ཆད་མཚན་མ་ཟིལ་གྱིས་ནོན་པའོ༔ དྲོད་རྟགས་མི་འདོད་བཞིན་དུ་འབྱུང་༔ ཞེས་གསུངས་སོ༔ བློ་འབྲིང་རྒྱུན་གྱི་ཏིང་འཛིན་མི་བསྒོམ་བསྒོམ་པའི་དོན་བྱང་ཆུབ་སེམས་དཔའི་བསམ་གཏན་ནི༔ རང་བཞིན་ཤུགས་ཀྱིས་སྐྱེ་བའམ༔ བསྒོམ་པ་གང་ལྟར་ཡང་སྤྱོད་ལམ་རྣམ་བཞི་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་གི་ངང་ལས་མ་གཡོས་ཙམ་དུ་མཚན་མ་རང་གྲོལ་བར་ཉམས་སུ་བླངས་བའི་ཆོས་ཉིད་ཀྱི་འཁོར་ལོ་ངང་དྭངས་རང་བཞིན་བདག་ཉིད་གསུམ་ནི་བསླབ་བྱ་སྟེ༔ བསླབ་ཐབས་ནི་མིག་བར་སྣང་ལ་བལྟ༔ མགྲིན་པ་གཡས་སུ་དཀྱུས་ནས་དཔུང་པའི་ཁར་ཨོག་མ་བཞག༔ རྩ་གསུམ་རླུང་གི་རྒྱུད་དྲངས་བཅད་དེ་འཆི་བདུད་ཀྱི་སྒོས་རྦ་རླབས་གཏེམ༔ ལོབ་ཚད་ནི༔ རྩ་བ་གསུམ་གྱིས་ལུང་བསྟན་རིམ་པར་འབྱུང་བ་ཡིན་ནོ༔ དེ་དག་ཀྱང་རིམ་པ་ལྟར་ཀུན་གསལ་ལས༔ ཡེངས་པ་མེད་པ་ནི༔ འདུག་ཀྱང་ཆོས་ཉིད་རང་སྣང་གི་ངང་ལས་མ་གཡོས་ཙམ་དུ་འདུག༔ འགྲོ་ཡང་ཡེ་ཤེས་ཀྱི་རང་གདངས་ལ་རང་བཞིན་མ་འགགས་ཙམ་དུ་འགྲོ་སྟེ༔ མར་མེ་འམ་ཉི་མ་རང་སྣང་ཆས་ནས་འགྲོ་བ་བཞིན་ནོ༔ ཉལ་ཡང་ངང་ལས་མ་གཡོས་པའི་ཀློང་༔ རིག་པ་ཟང་ཐལ་གྱི་ངང་ན༔ རྩལ་གཞི་ལ་འདུས་ཏེ༔ རང་བཞིན་གཞི་ལ་ཐིམ༔ མཚན་མ་རང་སར་གྲོལ༔ དོན་ལ་འབྱོར་བ་ཆེན་པོར་འགྱུར་རོ༔ ལངས་ཀྱང་ངང་ལས་མ་གཡོས་པ་ལས༔ རིག་པ་རང་ཤར་ཏེ་རང་མ་འགགས་པར་གསལ་ལོ༔ ཀྱེ་རིགས་ཀྱི་བུ་ལེགས་པར་ཡིད་ལ་ཟུངས་ཤིག༔ སྤྱོད་ལམ་རྣམ་བཞི་ནི་སྤྱད་ཀྱང་རང་གི་གདངས་ལས་མི་འདའ་ཞིང་༔ ཆོས་ཉིད་ངང་ལས་མ་གཡོས་པ༔ དཔེར་ན་བྱ་ཡིས་གར་འཕུར་ཀྱང་མཁའ་ལས་འདའ་བ་མེད༔ ཉ་ཡིས་གར་འཕྱོས་ཀྱང་ཆུ་ལས་འདའ་བ་མེད་པ་དང་༔ མི་ཡིས་གར་ཕྱིན་ཀྱང་ས་ལས་མི་འདའ་བ་བཞིན༔ རྣམ་འགྱུར་རྟོགས་ལྡན་གྱི་ངང་ལས་གཡོས་པ་མེད༔ རིགས་ཀྱི་བུ་བསྒོམ་བྱ་ནི༔ ཡང་རྫོགས་པའི་སངས་རྒྱས་དེ་ནི་ལོགས་ན་མེད་དེ༔ རང་རིག་ཆོས་ཀྱི་སྐུ་ཁོ་ནའོ༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་ཏིང་འཛིན་ནི་སངས་རྒྱས་དང་སེམས་ཅན་གྱི་བར་ན་གནས་པས༔ སྤྱན་བར་སྣང་དུ་བལྟའོ༔ མགྲིན་པ་ཅུང་ཟད་གཅུ་སྟེ༔ དཔུང་པའི་ཁར་ཨོག་མ་བཞག་གོ༔ རྩ་གསུམ་རླུང་གི་རྒྱུ་སྲང་བཅད་པའོ༔ ཞེས་དང་༔ ལོབ་པའི་ཚད་ནི༔ ལུང་སྟོན་རིམ་པར་འབྱུང་བ་ཡིན༔ བླ་མ་ཡི་དམ་མཁའ་འགྲོ་ལས༔ དངོས་དང་འབྱུང་བའི་སྒྲ་ལ་བརྟེན༔ དེ་ཡིས་ངེས་པ་རྒྱུད་ལ་སྐྱེ༔ ཞེས་གསུངས་སོ༔

གཉིས་པ་དམིགས་པ་ཡུལ་གྱི་བློ་ཅན་གྱི་བྱེ་བྲག་གི་ཉམས་ལེན་ནི༔ རིན་པོ་ཆེ་སྤུངས་པའི་རྒྱུད་ལས༔ དེ་རིམ་བྱེ་བྲག་འདི་ལྟ་བུ༔ ཁྲིགས་ཆགས་ཉིད་དུ་ཉམས་སུ་བླངས༔ ལྟ་བ་ལ་རྒྱུན་བྱེད་པའི་རྣལ་འབྱོར་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ། །བདག་པོ་བཞི་ཡི་ཚུལ་གྱིས་ནི༔ དོན་གྱི་ངོ་བོ་བཞི་ཡང་ཟུང་༔ སྤྱོད་པ་སྣང་བ་ལ་དབང་བསྒྱུར། བསྒོམ་པ་ཉིན་མཚན་ཉིད་ཁ་སྦྱོར། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། འབྲས་བུ་ཕྱིར་མི་ལྡོག་སྟེ། དེ་ཡི་ཡུལ་རིག་རྣམ་བཞི་ཡིས༔ འདི་ལྟར་སྣང་བའི་སྐྱེ་རྒྱུན་གཅོད༔ བཞག་ཐབས་སྣང་བ་ཅེར་བཞག་གི་ཐབས། རི་བོ་ཅོག་བཞག་གི་ཐབས། རྒྱ་མཚོ་དྭངས་པའི་ཐབས། རིག་པ་ཅོག་བཞག་གི་ཐབས་དགོངས་པའོ། །མན་ངག་རྣམ་བཞི་ཡི༔ རིག་པ་གཏད་མེད་གནས་སུ་བཞག༔ དེ་དོན་དགོངས་པ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། སྲིད་གསུམ་ཀ་དག་གི་དགོངས་པ། སྣང་བ་ཅོག་བཞག་གི་མན་དག་གོ །རྣམ་བཞི་ཡིས༔ སྣང་སྲིད་ཆོས་རྣམས་བདར་ཤ་གཅད༔ དུས་ཚོད་གདམས་ངག་ཆོས་ཟད་པའི་དུས། ཆོས་ལ་གནས་པའི་དུས། ཆོས་བོར་བའི་དུས། ཆོས་ལས་འདས་ཤིང་གྲོལ་བའི་དུས་སོ། །རྣམ་བཞི་ཡི༔ ཆོས་རྣམས་ཀུན་ལ་རང་བྱན་ཆུབ༔ དག་ལུགས་ཉོན་མོངས་གནས་བསྒྱུར། གནས་དག་རྒྱས་གདབ། ཉོན་མོངས་ལས་གྲོལ་ལོ། །གྲོལ་བའི་གནད་བཞི་ཡི༔ ཉོན་མོངས་རྣམས་ལ་དབང་བསྒྱུར་རོ༔ དེ་ཡིས་རང་གི་ཚད་འབེབས་པས༔ དཔེ་བཞིའི་ཡིད་ཆེས་རང་ངོ་བསྟན༔ མི་འགྱུར་ལྟ་བའི་གདེང་ཆེན་བཞིའི༔ མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་༔ འདི་ལ་གོམས་པར་སུས་བྱས་པ༔ རང་བཞིན་རྫོགས་པ་ཆེན་པོ་ལ༔ འདི་ཡིས་རེག་གོ་ས་མ་ཡཱ༔ ཞེས་གསུངས་པ་རྣམས་ཀྱིས་དོན་གྱི་ས་ཁོངས་སུ་ལྟ་བསྒོམ་སྤྱོད་པ་གོང་བཤད་རྣམས་ནི་ཕར་བསྡུ་ཚུལ་ཡང་ཡོད་ཀྱང་དོན་གཅིག་སྟེ༔ འདིས་ཀྱང་ལྟ་བསྒོམ་སྤྱོད་པའི་རང་རྐྱ་ཐུབ་པ་དང་༔ མ་ཟད་དེ་བཞིན་གཤེགས་པའི་དགོངས་པར་ཡང་རྒྱུན་བྱེད་བཞི་པོ་འདི་གཏོགས་པས༔ དེ་ལྟ་ན་རང་སྣང་གི་བློ་ཅན་དང་ཐ་དད་དུ་འབྱེད་དཀའ་བས་ཕལ་པའི་སེམས་འཛིན་དང་༔ ཐེག་ཆེན་གྱི་བསམ་གཏན་རྐྱང་བའང་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་ཡིན་པས་མ་ངེས༔ དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་རྫོགས་པ་དང་བཅས་པའང་འདིའི་ཉམས་ལེན་ཡིན་པར་མ་ངེས༔ དེ་བས་ན་བསྒོམ་པའི་དགོངས་པ་གཅིག་པུ་ལ་གོང་ནས་གོང་དུ་འགྲོ་བའི་ཚུལ་བདག་པོ་དེ་ལ༔ ཐབས་དགོངས་པ༔ དག་ལུགས༔ གྲོལ་ལུགས་ཀྱིས་མཐར་ཕྱིན་པའི་ཚུལ་གྱིས་རིམ་པར་འགྲོ་བ་ཡིན་པ་བཞིན་རྣལ་འབྱོར་གཞན་ལའང་དེའི་འགྲེས་སྦྱར་ཏེ་ཤེས་པར་བྱ་བ་ནི་ཁོ་བོས་ཁྱད་ཕྱེ་བ་ཡིན་ནོ༔ ཡང་འདི་རང་གི་སྒོམ་མེད་དུ་སླེབ་པའི་དུས་ཀྱང་ཡོད་ལ༔ གཞན་པོ་དེའི་སྒོམ་ཡོད་ཀྱང་ཡོད་པས་བསྒོམ་དུ་ཡོད་མེད་ཤས་ཆེ་ཆུང་གིས་ཁོ་བོའི་འདིར་སྡེབ་ཚུལ་ཡང་ཤེས་པར་བྱ་དགོས༔ དེ་ལ་ས་ལམ་ཐོད་རྒལ་བའང་ཡོད་ན་ལྟ་བའི་ཐབས་རྫོགས་པར་དུས་གཅིག་དུ་བསྟན་པ་རྒྱུད་ལ་བརྟེན་དགོས་མི་དགོས་ཀྱང་གཅིག་ཏུ་མ་ངེས་པས༔ མཐའ་དྲུག་ཚུལ་བཞིས་བཅིངས་བའི་རྒྱུན་ཀྱི་དགོངས་པ་ལ་དངོས་ཤུགས་ཟུར་གྱི་རྣམ་པ་དུ་མར་འདྲེན་དུ་ཡོད་པས་ཨ་འཐས་པར་མི་བྱ་བ་ཁོ་ནའོ༔

དོན་གཉིས་པ་རིག་པ་རང་སྣང་གི་བློ་ཅན་གྱིས་ཉམས་སུ་ལེན་པའི་ཚུལ་བསྒོམ་མེད་ཆེན་པོ་དེ་བཞིན་གཤེགས་པའི་དགོངས་པ་འཆད་པ་ནི༔ དགོངས་པ་བློ་འདས་བྱར་མེད་ལྷུན་གྲུབ་ཆེན་པོའི་ངོ་བོ་ངོས་བཟུང་བ་དང་༔ དེ་ཉིད་ལ་བསྒོམ་དུ་མེད་པར་ཇི་ལྟར་མཉམ་པར་བཞག་པའི་ཚུལ་བློའི་རྩལ་འཕང་ཞན་པ་ལ་གནད་བསྡུས་པ་དང་གསུམ་ལས་དང་པོ་ནི༔ རིག་པ་རང་ཤར་ཆེན་པོའི་རྒྱུད་ལས༔ དེ་བཞིན་གཤེགས་པའི་དགོངས་པ་ནི༔ ནམ་མཁའི་མཐོངས་སུ་ཤེས་པར་བྱ༔ དེ་ལ་གོམས་པར་གྱུར་ན་ཡང་༔ ཡེ་ཤེས་སྣང་བ་ལྷུག་པར་འཆར༔ ཡང་དག་ལམ་ཡང་དེ་བཞིནནོ༔ ཞེས་གསུངས་པ་ལྟར༔ མི་འགྱུར་གསང་བའི་ནམ་མཁའ་དབྱིངས་རིག་དབྱེར་མེད་ཆེན་པོའི་དོན་ལ་མཉམ་པར་འཇོག་པ་ནི་དེ་བཞིན་གཤེགས་པའི་དགོངས་པ་སྟེ༔ དེ་ཡང་སྤྲོས་བྲལ་ཚིག་སྤྱི་ལ་མ་ལུས་པར་བླ་མའི་མན་ངག་གི་སྟོབས་ཀྱིས་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པ་དེ་ལ་ཆེད་དུ་རྩོལ་བས་བསྒྲུབ་བྱ་དང་གཏད་སོས་འཛིན་པ་རྡུལ་ཙམ་ཡང་མེད་པར་གྲོལ་བའི་དགོངས་པའི་ངང་ལས་མ་བཅོས་རྣལ་བཞག་ཆེན་པོར་མི་གཡོ་བ་ཉིད་ཡིན་ཏེ༔ ཇི་སྐད་དུ༔ དེ་བཞིན་གཤེགས་པའི་དགོངས་པ་ནི༔ དབྱིངས་རིག་གཉིས་ལས་མ་འདས་པའོ༔ ཞེས་དང་༔ རང་ཤར་ལས༔ འཛིན་མེད་ཡུལ་ལ་དེ་བཞིན་གནས༔ དེ་བཞིན་གཤེགས་པའི་དགོངས་པ་ལ༔ སྐྱེ་དང་བྲི་ལ་མེད་པའོ༔ དེ་ཡང་གྲོལ་ལུགས་གང་ཞེ་ན༔ གདམས་ངག་དོན་གྱི་གྲོལ་བའོ༔ ཞེས་གསུངས་པས་དབྱིངས་རིག་དབྱེར་མེད་ཆེན་པོ་སྟེ་ཐོག་མ་ནས་ལྟ་བས་གཏན་ལ་ཕབ་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་བྱ་བྱེད་རྩོལ་བས་བསྒྲུབ་མི་དགོས་པའི་འདུས་མ་བྱས་པ་ལ་ཆེད་དུ་འཇུར་བུས་མ་བཅིངས་བས་མ་བསྒོམ་རང་བསྒོམ་ཆེན་པོ་བསྒོམ་དུ་མེད་ལ༔ ཡེངས་སུ་སྐད་ཅིག་ཀྱང་མེད་པ་དེ་ཉིད་ནི༔ ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་སྟོན་གྱི་རྒྱུད་ལས༔ དེ་ལ་བསྒོམ་དུ་ག་ལ་ཡོད༔ ཡེ་ཤེས་འགྱུ་ལ་མ་ཟིན་ན༔ བསྒོམ་ཀྱང་བསྒོམ་པར་ག་ལ་འགྱུར༔ མ་བསྒོམ་རང་བསྒོམ་བྱུང་ཙམ་ན༔ བསྒོམ་དུ་མེད་པའི་བསྒོམ་པ་ཡིན༔ དེ་ཉིད་གདེངས་སུ་གྱུར་བ་ནི༔ བལྟ་རུ་མེད་པའི་ལྟ་བ་ཡིན༔ དེ་ཉིད་རང་དུ་གནས་པ་ནི༔ སྤྱད་དུ་མེད་པའི་སྤྱོད་པ་ཡིན༔ དེ་ལྟར་གྱུར་ན་སངས་རྒྱས་ཡིན༔ ཞེས་གསུངས་སོ༔

གཉིས་པ་ལ༔ མ་བསྒོམ་རང་བཞག་ཆེན་པོའི་འཐད་པ་བསྟན་པ་དང་༔ ཇི་ལྟར་འཇོག་པའི་ཚུལ་གཉིས་ལས༔ དང་པོ་ལ༔ འཁོར་འདས་གདོད་ནས་དག་པས་སྤང་བླང་མི་འཐད་པ་དང་༔ གཤིས་ལ་མཉམ་པ་ཉིད་པས་མ་བསྒོམ་རང་བཞག་གི་འཐད་པ་སྟེ༔ དང་པོ་ནི༔ ཕྱིའི་ཡུལ་ལྔ་མེད་སྣང་སྟོང་པའི་རང་གཟུགས་ཆུ་ཟླ་དང་འདྲ་བས་སྟོང་པར་སྦྱངས་མི་དགོས༔ ནང་ཡིད་ཀྱི་དྲན་རྟོག་རྗེས་མེད་བར་སྣང་གི་སེར་བུ་དང་འདྲ་བས་གཉེན་པོས་བཤིག་མི་དགོས༔ གསང་བ་རང་རིག་བྱང་ཆུབ་ཀྱིས་སེམས་གཅེར་ཡན་དྲི་མེད་རང་གསལ་ལ་སྤྲོས་པའི་གོས་མི་བསྐོན་པར་ཁོང་ལྷོད་དེ་བཞག་པས་རིག་པ་གཅེར་བུར་ལྡིང་བ་དང་༔ དེའི་རྒྱན་སྣང་ཀུན་ཏུ་བཟང་པོ་ཕྱི་ཡུལ་དུ་སྣང་བ་དང་མཐོང་ཐོས་དྲན་རིག་མ་འགགས་པས་སྣང་བ་དག་པ་ཆེན་པོ་ལོངས་སྤྱོད་རྫོགས་བའི་སྐུར་ཡེ་ནས་སངས་རྒྱས་པས་མ་དགག་ཅིང་མི་འགོག་འགོག་མི་དགོས་པས་གདངས་ཀྱིས་ཟིན་པ་སྟེ༔ གལ་ཏེ་འགོག་པར་བྱེད་ན་ཉན་ཐོས་སོགས་ཀྱི་བསྒོམ་པའི་ཕྱོགས་སུ་ལྟུང་བས་རིགས་ཤིང་འཐད་པ་མ་ཡིན་ལ༔ དཔྱད་ན་ཡུལ་སྣ་ཚོགས་དཀར་དམར་ཀྱང་ནང་འབྱུང་ཡེ་ཤེས་ལྔའི་འོད་ལ་བདག་ཏུ་བཟུང་བའི་རྐྱེན་ཕྱིས་འབྱུང་བ་ལྔ་དང་ལུས་སུ་འཁྲུལ་ལ༔ ཐུགས་རྗེ་ཆེན་པོའི་ཡེ་ཤེས་ལ་བདག་ཏུ་བཟུང་བས་སེམས་སུ་འཁྲུལ་བ་ཡིན་པའི་གནད་ཀྱིས༔ ཐག་པ་ལ་སྦྲུལ་དུ་འཁྲུལ་དུས་སྦྲུལ་ཀྱང་ཐག་པ་ཡིན་པ་ལྟར༔ སྣང་ཚུལ་ཅི་སྣང་ཡང་གནས་ཚུལ་ལ་རོལ་བ་འགག་མེད་རང་བྱུང་དོན་གྱི་དཀྱིལ་འཁོར་དུ་ཁམས་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་པར་ཤར་ཏེ༔ མུ་ཏིག་ཕྲེང་བ་ལས༔ ཨེ་མ་དེ་ལྟར་སྣང་བ་རྣམས༔ འཁྲུལ་པ་ཉིད་ཀྱང་རང་གྲོལ་ན༔ འཁྲུལ་པ་མེད་པ་ཅིས་མི་གྲོལ༔ ཇི་ལྟར་སྨྲ་དང་བྱ་བྱེད་རྣམས༔ སྟོང་རིག་གསལ་བའི་སྤྱོད་པ་ཡིན༔ བཟང་དང་ངན་པའི་རྟོག་པ་རྣམས༔ བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན༔ ལོག་ལྟ་ཡང་དག་འདོད་པ་རྣམས༔ རྣལ་འབྱོར་རིས་མེད་ལྟ་བུ་ཡིན༔ རེ་དང་དོགས་པར་འཛིན་པ་ཀུན༔ ཟང་མ་ཐལ་བྱུང་འབྲས་བུ་ཡིན༔ ཕྱག་རྒྱ་ཆེན་པོ་མངོན་འདོད་པས༔ བཟའ་དང་བཏུང་བ་བསྙེན་པ་ལ༔ ཉལ་དང་འདུག་པ་བསྒྲུབ་པའོ༔ འདུ་བྱེད་རྣམས་ནི་ལྷ་གནས་ཡིན༔ གླལ་དང་ལུད་པ་དཀྱིལ་འཁོར་སྒྲིབ༔ སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ༔ ཆར་དང་ཁུ་རླང་ཆག་ཆག་བཏབ༔ འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ༔ རྐང་བའི་རྗེས་ནི་རྡུལ་ཚོན་རིས༔ འགྲོ་བར་འདོད་པ་སྟངས་སྟབས་ཉིད༔ ཡན་ལག་བསྐྱོད་པ་ཕྱག་རྒྱའོ༔ ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག༔ བསམ་པ་རྣམས་ནི་བསྐྱེད་རིམ་ཡིན༔ ཡིད་ལ་འགྱུ་བ་མཆོད་པ་ཉིད༔ གཟུགས་སུ་སྣང་བ་ལྷ་ཡི་སྐུ༔ སྒྲ་ཆེན་བརྗོད་པ་རོལ་མོ་ཉིད༔ རང་གི་ལུས་ནི་བུམ་པ་ལ༔ སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས༔ ཁྲག་དང་ཆུ་སེར་ཆུ་རྣམས་ཉིད༔ དོན་སྙིང་ལ་སོགས་རྫས་ཀྱིས་གཏམས༔ རང་ལ་སྣང་བའི་དབང་རྣམས་བྱིན༔ མ་བསྐུར་ཉིད་ལ་རྫོགས་པའོ༔ འདའ་བར་འདོད་པ་དམ་ཚིག་ལ༔ བསྲུང་བར་འདོད་པ་བཅིངས་པ་ཉིད༔ གྲོལ་པར་འདོད་བ་ཉམས་པ་སྟེ༔ མེད་པར་འདོད་པ་ཐུབ་མཆོག་ཡིན༔ མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ༔ དེ་ལ་ཆགས་པ་ཉམས་མྱོང་ཡིན༔ ཤེས་རིག་གསལ་བ་གདམས་ངག་ལ༔ ཡུལ་སེམས་གཉིས་འདུས་གདབ་པའི་ཡུལ༔ སྐྱེ་རྒ་ན་འཆི་གོམས་པའི་གནད༔ ཚོགས་དྲུག་མ་འགགས་རྟོགས་པའོ༔ ཞེས་དང་༔ ཀུན་བྱེད་ལས༔ ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས༔ ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས༔ ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ༔ ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་༔ མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་༔ ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས༔ སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར༔ མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་གདའ༔ ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས༔ གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ༔ སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན༔ ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ༔ ཞེས་སོ༔ དེ་ཡང་སྣང་སྲིད་ཐམས་ཅད་ནི་རང་བྱུང་གི་ཡེ་ཤེས་སྐུའི་དཀྱིལ་འཁོར༔ སྒྲ་གྲགས་ཐམས་ཅད་གསུང་གི་དཀྱིལ་འཁོར༔ དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་རྒྱན་གྱི་འཁོར་ལོར་སངས་རྒྱས་པས་དགག་སྒྲུབ་དང་སྤང་བླང་དུ་མི་རིག་པ་དང་༔ དེ་ལས་འཕྲོས་ཏེ་འབྱུང་བ་དྭངས་སྙིགས་ལས་འཁྲུལ་ཚུལ་ནི༔ གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས༔ རིག་པ་སེམས་ཀྱི་འཁྲུལ་གཞི་དང་༔ འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་༔ གནས་དང་ཡུལ་ལ་རྟོག་བྱས་ནས༔ མ་རིག་ལྷན་ཅིག་སྐྱེས་པས་བསྒྲིབ༔ ཞེས་གསུངས་བས༔ འབྱུང་བ་ལྔ་ལ་དྭངས་སྙིགས་གཉིས་ལས་དྭངས་མའི་འབྱུང་བ་ལ་ངོ་བོ་ནི་ཡེ་ཤེས་ལྔའོ༔ སྙིགས་མའི་ངོ་བོ་ནི་ས་ཆུ་མེ་རླུང་ནམ་མཁའ་འོ༔ འབྱུང་བ་གཉིས་ཀྱི་ངེས་ཚིག་ནི༔ རིག་པའི་རྩལ་དུ་འཆར་བ་དང་༔ དེ་ལས་འཁོར་འདས་ཀྱི་ཡུལ་ལུས་ཞིང་ཁམས་རྣམས་སུ་སྣང་བའོ༔ དབྱེ་བ་ནི༔ དྭངས་སྙིགས་རེ་རེ་ལའང་དྭངས་མའི་དྭངས་མ་འོད་ལྔ་དང་༔ དྭངས་མའི་སྙིགས་མ་ཤ་ཁྲག་དྲོད་དབུགས་རྣམ་ཤེས་སོགས་དང་༔ སྙིགས་མའི་དྭངས་མ་འཇའ་ཚོན་རྣམ་པ་ལྔ་དང་༔ སྙིགས་མ་ནི་ས་ཆུ་མེ་རླུང་ནམ་མཁའ་འོ༔ དཔེ་ནི༔ ཉི་མའི་འོད་དང་མན་ཤེལ་གྱི་འོད་སྣང་བཞིན་ནོ༔ དེ་ལ་མཚན་ཉིད་ནི༔ བརྟན་གཤེར་དྲོད་གཡོ་གོ་འབྱེད་ཡོད་མེད་ལྔའི་མཚན་ཉིད་ལྔའོ༔ རང་རང་གི་ལས་ཀྱང་བརྟེན་བསྡུད་བསྲེགས་གཡོ་གོ་འབྱེད་པའི་ལས་བྱེད་དོ༔ དྭངས་མ་ལས་སྙིགས་མའི་འབྱུང་བ་ཤར་ཚུལ་ནི༔ དེ་ཡང་དྭངས་མའི་ས་ཆུ་མེ་རླུང་ནམ་མཁའ་ལྔ་ལས་འོད་ཟེར་རྣམ་པ་ལྔར་བྱུང་༔ དེ་ལ་བདག་དུ་བཟུང་པས་སྙིགས་མའི་ས་ཆུ་མེ་རླུང་ནམ་མཁའ་ལྔ༔ གསང་འབྱུང་དང་ནང་འབྱུང་དང་ཕྱི་འབྱུང་དང་འབྱུང་འགྱུར་གྱི་གཟུགས་སྟེ་བཞིའི་ཚུལ་དུ་བྱུང་བ་ཡིན་ལ༔ དེ་ཉིད་སྙིང་པོའི་དོན་དང་སྦྱར་ན་ཆོས་སྐུ་ལ་འགྱུར་པ་མེད་པ་དང་༔ དག་པ་ཆེན་པོའི་ངང་དུ་འཁོར་འདས་ཐམས་ཅད་འདུས་པའི་ཕྱིར་དང་༔ གཞན་སྣང་གི་རྣམ་རྟོག་དང་དངོས་འཛིན་མི་གནས་པར་བསྲེག་པའི་ཕྱིར་དང་༔ ཆོས་ཉིད་ཀུན་ཏུ་འགྲོ་བའི་ཕྱིར་དང་༔ འཁོར་འདས་ཀྱི་སྣང་བ་འཆར་བའི་གོ་འབྱེད་པའི་ཕྱིར་རོ༔ གྲོལ་བའི་དུས་ན་སྙིགས་མའི་འབྱུང་བ་ལྔ་ནང་འབྱུང་ལ་ཐིམ༔ དེ་ཉིད་གསང་འབྱུང་འོད་ལྔར་ཐིམ༔ འོད་ལྔ་ཡང་གསང་གི་འབྱུང་བ་ལྔའི་གོ་རུ་ཐིམ༔ དེའི་རྟགས་འཁྲུལ་གྲོལ་གྱི་སྟོབས་ཀྱིས་ཐིམ་པ་གཉིས་ལས༔ མངོན་གྱུར་འཁྲུལ་སྟོབས་ཀྱིས་ཐིམ་པ་ནི༔ ཇི་སྐད་དུ༔ ཕྱིའི་འབྱུང་བ་ནང་གི་འབྱུང་བ་ལྔ་ལ་ཐིམ༔ ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ༔ གསང་བའི་འབྱུང་བ་ལྔ་ཡོངས་རྫོགས་ཀྱི་འབྱུང་བ་ལྔ་ལ་ཐིམ༔ ཞེས་སོགས་དང་དོན་གཅིག་པས་གསང་སྔགས་གསར་མའི་རྒྱུད་དུ༔ གསང་འདུས་ཀྱི་འོད་ཟེར་ལྔ་བའི་རླུང་དང་༔ དུས་འཁོར་གྱི་གཞིའི་ཐིག་ལེ༔ ས་སྐྱའི་རྒྱུད་ཀྱེེ་རྡོར་དང་བརྟགས་གཉིས་དང་༔ གཉིས་མེད་རྣམ་རྒྱལ་སོགས་ཀྱི་སྙིང་ཀའི་ཐིག་ལེ༔ གསང་སྙིང་གི་མི་ཤིགས་པའི་ཐིག་ལེ་སོགས་ཡོད་པར་བསྟན་པ་ནི་དྭངས་མའི་འབྱུང་ལྔ་ཡིན་ནོ༔ དེ་ལྟར་ན་དྭངས་མའི་འབྱུང་བ་ནི༔ སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་གྱི་གཞི་དང་གདངས་ཡིན་པས༔ དེས་འཁྲུལ་རྐྱེན་བྱས་ཏེ་ཁམས་གསུམ་ལམ་རྒྱུད་ལྔ་དང་ལྡན་པ་དྲུག་གི་ཡུལ་དུ་ཁ་བརྒྱུད་པ་ཡིན་པའི་དོན་རྟོགས་ནས་ངང་ལ་མཉམ་པར་བཞག་པས་གཞི་དང་དབྱེར་མེད་ཀྱི་འབྲས་བུ་མངོན་དུ་འགྱུར་བ་ནི་རྒྱུད་སྡེ་ཀུན་གྱི་སྟོང་སྲོག་ཡིན་པས་སུས་ཀྱང་རང་གཞན་གྱི་ཐུགས་དམ་ལས་འགོང་བར་ནི་མི་བྱ་བ་ཁོ་ནའོ༔ དེ་སྐད་དུའང་ཐིག་ལེ་ཀུན་གསལ་ལས༔ འབྱུང་བའི་ངོ་བོ་ངེས་ཚིག་དང་༔ དབྱེ་བ་མཚན་ཉིད་དང་བཅས་རྣམས༔ ངས་བཤད་ཁྱོད་ཀྱི་ཡིད་ལ་ཟུངས༔ ངོ་བོ་དབྱེ་བའི་སྒོ་ནས་སྟོན༔ འབྱུང་བའི་བཅུད་ནི་རྣམ་པ་གཉིས༔ དྭངས་མ་ལྔ་དང་སྙིགས་མ་ལྔ༔ དྭངས་མ་ལྔ་ཡི་ངོ་བོ་ནི༔ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ༔ སྙིགས་མ་ལྔ་ཡི་ངོ་བོ་ནི༔ ས་ཆུ་མེ་རླུང་ནམ་མཁའ་འོ༔ འབྱུང་བའི་ངེས་ཚིག་བསྟན་པ་ནི༔ རིག་པའི་རྩལ་དུ་འཆར་བ་དང་༔ རྩལ་ལས་འཁོར་འདས་སྣང་བའོ༔ དབྱེ་བ་མུ་བཞིར་བསྟན་པར་བྱ༔ དྭངས་མ་སྙིགས་མ་རྣམ་པ་གཉིས༔ རེ་རེ་ལ་ཡང་དེ་བཞིན་ནོ༔ རིགས་ཀྱི་བུ་ཁྱོད་ལེགས་པར་ཟུངས་ཤིག༔ འབྱུང་བའི་དྭངས་མ་འོད་ལྔའོ༔ སྙིགས་མ་ས་ཆུ་མེ་རླུང་ངོ་༔ དྭངས་མའི་སྙིགས་མ་ཤ་དང་རུས་པ་སོགས༔ སྙིགས་མའི་དྭངས་མ་གཞའ་ཚོན་རྣམ་པ་ལྔ༔ དེས་ནི་ཉི་མའི་འོད་ཟེར་དང་༔ མན་ཤེལ་དག་པའི་འོད་སྣང་བཞིན༔ ཞེས་དང་༔ ༈ ལེའུ་ཉི་ཤུ་པར༔ སྙིགས་མའི་འབྱུང་བའི་མཚན་ཉིད་ཇི་ལྟར་ལགས༔ དྭངས་མ་ལྔ་ལས་ཇི་ལྟར་ཤར༔ དྭངས་མ་འབྱུང་བའི་མཚན་ཉིད་ཇི་ལྟར་ལགས༔ ཆོས་ཉིད་དོན་ལ་ཇི་ལྟར་སྦྱར༔ སྙིགས་མ་དྭངས་མར་ཇི་ལྟར་གྲོལ༔ ཞེས་ཞུས་སོ༔ སྟོན་པས་བཀའ་སྩལ་བ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ ས་ཡི་མཚན་ཉིད་སྲ་བ་ཡིན༔ ཆུ་ཡི་མཚན་ཉིད་གཤེར་བ་ཡིན༔ མེ་ཡི་མཚན་ཉིད་ཚ་བ་ཡིན༔ རླུང་གི་མཚན་ཉིད་ཡང་ཞིང་གཡོ༔ ནམ་མཁའི་མཚན་ཉིད་ཡངས་ཤིང་གོ་འབྱེད་པའོ༔ རང་རང་ལས་ཀྱང་དེ་བཞིན་བྱེད༔ དྭངས་མའི་ས་ལས་འོད་ཟེར་དཀར་པོ་བྱུང་༔ དེ་ལས་སྙིགས་མ་ས་རུ་གྱུར༔ དེ་བཞིན་དྭངས་མའི་འབྱུང་བ་ལས༔ འོད་ཟེར་རྣམ་པ་བཞི་རུ་བྱུང་༔ དེ་ལས་སྙིགས་མ་བཞི་རུ་སྣང་༔ དྭངས་མའི་འབྱུང་བའི་མཚན་ཉིད་ནི༔ སྲ་བ་མེད་པས་བརྟན་པ་དང་༔ གཤེར་བ་མེད་པས་སྡུད་པ་དང་༔ གཡོ་བ་མེད་པས་བསྐྱོད་པ་དང་༔ ཚ་བ་མེད་པར་བསྲེགས་པའོ༔ ཁྱབ་པ་མེད་པས་གདངས་ཅན་ནོ༔ དེ་ཉིད་དོན་སྦྱར་ཆོས་ཉིད་ཆོས་སྐུ་འགྱུར་བ་མེད༔ དབྱེར་མེད་སྲ་བ་མེད་པའི་བརྟན་པས་ས༔ ཆོས་ཉིད་ཆོས་སྐུ་དབྱེར་མེད་པས༔ དག་པ་ཟང་ཐལ་དྲི་མ་མེད༔ ཐམས་ཅད་དེ་ཡི་ངང་དུ་འདུས༔ གཤེར་པ་མེད་པར་སྡུད་པའི་ཆུ༔ ཆོས་ཉིད་ཆོས་སྐུ་དབྱེར་མེད་པས༔ གཡོ་བ་མེད་པར་ཐོགས་པ་མེད༔ གཡོ་བ་མེད་པར་བསྐྱོད་པས་རླུང་༔ མ་སོང་གནས་སུ་བྱིན་པས་ན༔ ཆོས་ཉིད་ཆོས་སྐུ་གཉིས་མེད་པས༔ ཡེ་ཤེས་ཆེན་པོ་རང་གི་གདངས་ལ་བཞུགས༔ གཞན་དུ་སྣང་བས་རྣམ་རྟོག་མི་མངའ་བས༔ ཚ་བ་མེད་པར་བསྲེགས་པ་མེད༔ གཞན་སྣང་མེད་པར་རང་གསལ་བའོ༔ ཁྱབ་པའི་ཡེ་གདངས་དང་བཅས་པའོ༔ ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཡིན༔ དྭངས་མར་གྲོལ་ཚུལ་སྙིགས་མའི་འབྱུང་ལྔ་དྭངས་མའི་འོད་ལྔའི་ངང་དུ་གྲོལ༔ འོད་ལྔ་དྭངས་མ་ལྔ་ཡི་གོ་རུ་ཐིམ༔ དེ་བཞིན་རྟགས་ཀྱང་རིམ་པར་འབྱུང་༔ ཞེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ ཀྱེ༔ རྡོ་རྗེ་འཛིན་པ་ངེས་ཟུངས་ཤིག༔ བལྟར་མེད་ལྟ་བའི་དོན་བསྟན་པ༔ ཨ་ཏིའི་ལྟ་བ་བཟའ་གཏད་བྲལ༔ དངོས་མེད་ཡེ་ཤེས་ཟང་ཐལ་བས༔ རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ༔ དེ་ལས་མ་གཏོགས་གཞན་མེད་པས༔ སོ་སོ་རང་རིག་ཡེ་ཤེས་ལ༔ ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས༔ ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་༔ དེ་བས་གཞི་སྣང་རྫོགས་སངས་རྒྱས༔ སངས་རྒྱས་ཡུལ་མེད་གཟུང་འཛིན་རྣམ་པར་དག༔ རང་རིག་ཡེ་ཤེས་རང་གི་གདངས་ལ་བཞུགས༔ འབྱུང་བཞི་རང་བཞིན་དག་པའི་ནམ་མཁའ་ལ༔ ཆོས་ཉིད་དག་པའི་ནམ་མཁའ་ཡེ་ནས་ཁྱབ༔ ཆོས་ཉིད་དོན་གྱི་ནམ་མཁའ་ལ༔ རང་རིག་ཡེ་ཤེས་ཉི་མ་ཤར༔ ཕྱོགས་རིས་མེད་པར་ཀུན་ཏུ་གསལ༔ ཡིད་ཀྱི་རྣམ་རྟོག་ཅི་འགྱུས་ཀྱང་༔ མ་ཕམ་མཚོ་ལ་གསེར་གྱི་ཉ་མོ་རྒྱུ༔ མ་འགགས་རང་བཞིན་མེད་པའི་དོན༔ བལྟས་ཤིང་གསལ་བ་མཐོང་རྙེད་བྲལ༔ ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་༔ ཕྱི་ནང་སྣོད་བཅུད་སྣང་བ་ཀུན༔ བྱིས་པའི་སྐྱེ་བོ་རྣམས་ལ་སྣང་མོད་ཀྱང་༔ ལྟ་བ་རང་རིག་ཡེ་ཤེས་དངོས་མེད་ཟང་ཐལ་ལ༔ དངོས་པོ་མཚན་མའི་སྒྲིབ་པ་ཡེ་ནས་རྣམ་པར་དག༔ ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས༔ ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ༔ དེ་བས་ཁམས་གསུམ་མ་ལུས་ཐིག་ལེ་ཆེན་པོ་གཅིག་གི་ངང་༔ ལྟ་བ་རྣམ་དག་རང་རིག་ཡེ་ཤེས་ལ༔ སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད༔ སེམས་ཅན་མེད་པས་ཁམས་དང་འབྱུང་བ་མེད༔ མན་ཤེལ་སྐུ་ལྟར་རང་རིག་རྒྱུད་དག་པས༔ དྲི་མེད་ཟང་ཐལ་དག་པ་ཆོས་ཀྱི་སྐུ༔ ས་ཆུ་མེ་རླུང་ནམ་མཁའ་སྣང་བ་དང་༔ མ་རྟོགས་བློ་ལ་མཚན་མར་སྣང་མོད་ཀྱང་༔ སྣང་ལ་རང་བཞིན་མེད་དེ་ཡེ་ཤེས་གདངས་སུ་གསལ༔ དཔེར་ན་མཁའ་ལ་འཇའ་ཚོན་གསལ་བ་ཡང་༔ མཁའ་ལས་ལོགས་ན་མེད་ཀྱང་ལོགས་ལྟར་སྣང་༔ ནམ་མཁའི་ངང་ན་གནས་ཤིང་མཁའ་དང་མི་ཕྱེད་ལྟར༔ ཆོས་ཉིད་ཆོས་སྐུ་དབྱེར་མེད་དོན་གྱི་ནམ་མཁའ་ལ༔ རང་སྣང་རང་ཤར་རང་གསལ་ཡེ་ཤེས་གདངས༔ ལོགས་ལྟར་སྣང་ཞིང་འགགས་པ་མེད་པར་གསལ༔ གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ༔ རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས༔ ལས་དང་ཐུགས་རྗེའི་མཐའ་གཉིས་རྣམ་པར་དག༔ ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རེག༔ བསྒྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག༔ བསྒྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་༔ མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས༔ མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་༔ མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ༔ བཀོད་པ་ལྷ་ཡི་དཀྱིལ་འཁོར་བསྒོམ་མི་དགོས༔ དཀྱིལ་འཁོར་ཆ་ལུགས་ཁྲོ་གཉེར་གྱི༔ ཁྲོ་བདག་ཆེན་པོའི་སྐུར་བསྐྱེད་ནས༔ སྐུ་གསུང་ཐུགས་ཀྱི་བཟླས་པ་དག༔ ཆུ་བོའི་རྒྱུན་ལྟར་བཟླས་ན་ཡང་༔ རང་རིག་ཡེ་ཤེས་རྒྱབ་ཀྱི་ཕྱོགས༔ ཡེ་ནས་བྱས་ཟིན་བྱ་མི་དགོས༔ ཆེད་དུ་བྱར་མེད་ཆེད་དུ་དགག་དུ་མེད༔ མར་མེའི་སྙིང་པོ་རང་གི་འོད་ལ་གནས་པ་ལྟར༔ རང་རིག་ཡེ་ཤེས་རང་གི་གདངས་ལ་གནས༔ འདས་དང་མ་བྱོན་ད་ལྟ་སངས་རྒྱས་དང་༔ གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན༔ ཞེས་དང་༔ རིག་པར་རང་ཤར་ལས༔ འབྱུང་བ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་ཀུན་ལ་རང་བཞིན་གནས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ནི༔ འབྱུང་བ་ལྔ་ཡི་དབྱིངས་ལ་སྤྱོད༔ འབྱུང་བ་མེད་པའི་སྔོན་རོལ་དུ༔ སངས་རྒྱས་སེམས་ཅན་མིང་ཡང་མེད༔ འབྱུང་བ་ལྔ་ཉིད་མ་ཡི་དབྱིངས༔ འབྱུང་བ་ལྔ་ལས་མ་གྲུབ་པའི༔ སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད༔ དེ་ལ་གནས་པའི་སེམས་ཅན་གྱི༔ འབྱུང་བ་རྣམ་པ་གཉིས་སུ་བསྟན༔ ཕྱི་འབྱུང་དང་ནི་ནང་འབྱུང་ངོ༔ ཞེས་སོ༔

གཉིས་པ་གཤིས་ལ་མཉམ་པ་ཉིད་པས་མ་བསྒོམ་རང་བཞག་གི་འཐད་པ་ནི༔ རིན་ཆེན་སྤུངས་པ་ཡོན་ཏན་གྱི་རྒྱུད་ལས༔ ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་སྙིང་པོ༔ ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་༔ དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར༔ གཞི་མི་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་དགེ་སྡིག་ཕན་གནོད་དང་བྲལ་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་༔ སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར༔ བདེ་སྡུག་ཇི་ལྟར་བསམ་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་༔ དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་བར་ཤར་ཏེ་ངོ་མཚར༔ ཇི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་གྲོལ་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ ཆོས་ཉིད་སྟོང་བ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་༔ སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར༔ སྐྱེས་བུའི་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་༔ གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ རང་གི་ཤེས་པ་སྟོང་བ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༔ གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར༔ ཅིར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ སྙིང་བོ་རིག་པ་སྟོང་བ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་༔ རང་གི་གཉེན་པོར་རང་ཆེ་བ་ངོ་མཚར༔ ཉོན་མོངས་རྣམས་རང་གིས་རང་གྲོལ་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ རིག་པ་སྟོང་བ་ཀུན་དག་གི་ངོ་བོ་ལ་ལྟོས་དང་༔ འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར༔ གཅིག་ཟིན་པར་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ སྐུ་གསུམ་སྟོང་བ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་༔ དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར༔ ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ རིག་པ་ཅེར་བཞག་སྟོང་བ་ཆེན་པོ་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་༔ བྱ་བྱེད་ཐམས་ཅད་རྒྱུན་དུ་ཤར་བ་ངོ་མཚར༔ སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ སྟོང་བའི་སྟོང་བ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་༔ སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར༔ བྱ་བྱེད་བསྒོམ་པས་ལྟུང་བར་འགྱུར་བ་ཧ་ཧ༔ ཀྱེ་གསུང་གི་རྡོ་རྗེ༔ མི་སྟོང་བའི་སྟོང་བ་དངོས་ཅན་ལ་ལྟོས་དང་༔ མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར༔ སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ༔ ཞེས་གསུངས་ཏེ༔ དེ་བཞིན་དུ་ངོ་མཚར་གྱི་གནད་ཆེན་པོ་བདུན་གྱིས་ཀྱང་འཁོར་འདས་ཆོས་ཟད་ཡུལ་མེད་ཀྱི་དགོངས་པར་ལ་བཟླ་བར་བྱ་སྟེ༔ ཡང་རིན་ཆེན་སྤུངས་པ་ལས༔ ཨེ་མ་ཧོ༔ གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག༔ རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས༔ སེམས་ཅན་བྱེ་བའི་སྲོག་བཅད་པ་དང་༔ ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ༔ ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ༔ ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱི༔ རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམ་པའི་སྐྱེས་བུ་དང་༔ སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་ཞིག་མ་བྱས་པའི་གང་ཟག་གཉིས་སངས་རྒྱས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས༔ འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་༔ སྲོག་གཅོད་པ་ལ་རྟག་ཏུ་དགའ་བའི་མི་གཉིས་ལ༔ ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས༔ ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་༔ ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས༔ དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས༔ དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་༔ སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ༔ རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས༔ ཡིད་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་༔ བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས༔ ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་༔ ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ༔ འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ༔ ཀྱེ་གསུང་གི་རྡོ་རྗེ༔ དེའི་ཕྱིར་ན་རང་བྱུང་ཆེན་པོ་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོངས་པའི་གདེངས་རྙེད་ནས༔ སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱས་པ་ཡིན་ནོ༔ ཞེས༔ དེ་ལ་གཤིས་མཉམ་པ་ཉིད་དུ་གནསཔའི་གནད་ཀྱིས་གཉིས་སུ་མེད་པའི་དོན་ལ་འབད་རྩོལ་དང་སྤང་བླང་གི་རྟོག་པ་ཡོད་ཀྱི་རང་ལ་གཤིས་ཀྱི་གནས་ལུགས་ལྟ་བའི་མཐོང་བ་དང་རྗེས་སུ་མི་མཐུན་པས༔ ཤར་ན་དོན་ཡོད་པས་བྱང་དུ་ཕྱིན་པ༔ ཤར་གྱིས་བྱང་གི་དོན་མི་འགྲུབ་པ་ལྟར༔ ལྟ་སྒོམ་འཛོལ་བས་ལྟ་བའི་དོན་ཡང་དག་པར་མཐོང་བ་གཤིས་སུ་ཕྱིན་པ་ལ་ཅི་ཡང་མི་ཕན་ཏེ་འབྲེལ་བ་མེད་པའི་ཕྱིར་རོ༔ དེའི་ཕྱིར་ན༔ གཤིས་མཉམ་ཉིད་དང་རྗེས་སུ་མཐུན་པར་བློ་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཅོག་བཞག་མཉམ་པ་ཉིད་དུ་ཆོས་ཉིད་མ་བཅོས་པ་བདག་དང་གཞན་དུ་མི་ཕྱེད་པའི་གཉིས་སུ་མེད་པའི་དོན་ལ་ཐབས་བཞིའི་གདམས་པའི་སྒོ་ནས་རང་བབས་སུ་འཇོག་པ་ནི་འཐད་པ་དང་བཅས་པའོ༔ དོན་གསལ་ལས༔ བྱང་དུ་དོན་གཉེར་ལྷོ་རུ་ཕྱིན༔ ལྷོར་ཕྱིན་བྱང་གི་དོན་མི་འགྲུབ༔ གོང་མའི་དོན་འདོད་འོག་མ་སྤྱད༔ འོག་མས་གོང་མའི་དོན་མི་གཉེར༔ ཞེས་སོ༔ ཇི་སྐད་དུ༔ ཤར་ན་དོན་ཡོད་བྱང་དུ་འགྲོ༔ ཞེས་སོགས་དང་སྣང་སྲིད་ཁ་སྦྱོར་ལས༔ ཅིར་སྣང་སྟོང་གསལ་དུས་མཉམ་ལ༔ སྐྱོན་ཡོན་སྤངས་བླངས་མེད་པར་བཞག༔ སྙིང་པོ་མཐོང་སྟོང་དུས་མཉམ་ལས༔ ཞེ་འདོད་ལྟོས་པ་མེད་པར་བཞག༔ གདོད་དག་སྐྱོན་བྲལ་མཐོང་མེད་ལ༔ འདོད་རློམས་རྩིས་གདབ་མེད་པར་བཞག༔ ཞེས་དང་༔ ཆོས་སྐུ་འགྱུར་མེད་ཐོབ་ཐབས་ལ༔ རྩོལ་སྒྲུབ་བགྱི་ཡང་མི་འཚལ་ལོ༔ བྱ་བ་ཐམས་ཅད་བཏང་ལ་ནི༔ ངང་ཉིད་རང་སར་བཞག་པར་འཚལ༔ སྤངས་ལེན་ཆགས་འཛིན་ནད་དང་བྲལ༔ ཞེས་དང་༔ སྤྲོས་གཅོད་ལས༔ བསམ་མེད་ངང་བཞག་སྤྲོས་མེད་ལ༔ བསམ་དུ་མེད་ཀྱི་སྤྲོས་པ་ཆོད༔ ཅེས་དང་༔ ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས༔ བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ༔ མ་བཅོས་བཞག་པས་བྱུང་ཚོར་འགགས༔ མ་བསྒོམས་བལྟས་པས་དྲོད་ཚད་རྙེད༔ ཅེས་སོ༔

གཉིས་པ་ཇི་ལྟར་འཇོག་པའི་ཚུལ་ལ༔ ཏིང་འཛིན་གསུམ་གྱི་སྒོ་ནས་རང་བཞིན་བབས་ཀྱི་དགོངས་པ་བསྐྱང་བ་དང་༔ བཞག་ཐབས་བཞིའི་སྒོ་ནས་དགོངས་པ་བསྒོམ་མེད་ཆེན་པོ་མངོན་དུ་བྱེད་པ་དང་༔ དེ་དག་གི་གྲོགས་སུ་དུས་གསུམ་ཡིད་ཀྱིས་འབྲེལ་ཐག་བཅད་པས་དུས་མེད་མཉམ་ཉིད་དུ་བསྐྱང་བ་དང་གསུམ་ལས༔ དང་པོ་ལ༔ ངོ་བོ་མདོར་བསྟན་པ་དང་༔ བསྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས༔

དང་པོ་ལ༔ ཐོག་དབབ་ཆེན་པོའི་ཏིང་འཛིན་གྱི་ངོ་བོ་ནི༔ འཁྲུལ་བ་གཞི་སེམས་ཅན་གྱི་སྣང་བའི་དུས་ན༔ ཕྱི་ཡུལ་ལ་ནང་འཛིན་པའི་སེམས་ཞེན་ཅིང་ལུ་གུ་རྒྱུད་དུ་འཆར་བའི་རྣམ་རྟོག་གིས་འཁོར་བར་འཆིང་བ་འཛིན་ཞེན་གྱི་སྤྲོས་པ་ཐད་གར་དུ་གཅོད་པས་རང་སྣང་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་པའི་ཉམས་ལེན་ནོ༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི་སྣང་བ་ཐམས་ཅད་དགག་སྒྲུབ་སྤང་བླང་མེད་པར་ཏིང་ངེ་འཛིན་གྱི་ཐབས་ཀྱིས་རང་རྒྱས་ཐེབས་ནས་དབྱིངས་སུ་འཆིང་བའོ༔ རང་གནས་ཏིང་འཛིན་གྱི་ངོ་བོ་ནི༔ ལྟ་བསྒོམ་སྤྱོད་གསུམ་གྱི་མདོ་མདུད་ཆེན་པོ་ལྟ་བསྒོམ་སྤྱོད་གསུམ་ལས་འདས་པའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་དངོས་པོ་གཤིས་ཀྱི་བབ་ཇི་བཞིན་པར་མཉམ་པར་འཇོག་པ་སྟེ༔ ཀློང་ཆེན་དྲུག་པའི་རྒྱུད་ལས༔ ང་ལ་སྐུ་གསུམ་བསྟན་པའི་ཉམས་བསྟན་པའི་ཏིང་ངེ་འཛིན་གསུམ་དུ་བསྟན་ནས་གཞི་ཆོས་སྐུའི་ཏིང་འཛིན་གསུམ་ཡོད་དེ༔ རང་གནས་ཅོག་བཞག་བསམ་གཏན་གྱིས༔ དངོས་པོ་གནས་ལུགས་མཉམ་པར་འཇོག༔ ཐོག་བབ་ཆེན་པོའི་ཏིང་འཛིན་གྱིས༔ རང་སྣང་ལོངས་སྐུའི་ཐད་ཀའི་ཞེན་པ་བཟློག༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་གྱིས༔ སྣང་བ་སྐུར་སྣང་བ་སྤྲུལ་སྐུའི་ཐམས་ཅད་རང་སར་འཇོག༔ ཅེས་སོ༔

གཉིས་པ་བསྒོམ་ཐབས་རྒྱས་པར་བཤད་པ་ལ་གསུམ་ལས་དང་པོ་སྣང་བ་རྒྱས་འདེབས་ནི༔ ལུས་སྐྱིལ་ཀྲུང་དང་༔ མིག་ནམ་མཁའ་འམ་བར་སྣང་ལ་ཧར་གླང་པོ་ཆེའི་ལྟ་སྟངས་ཀྱིས། རེ་གཏད༔ སེམས་ཡུལ་ལ་སྤྲོ་བསྡུ་མེད་པར་རིག་པ་རང་བཞིན་བབ་ཀྱི་བསམ་གཏན་ཆེན་པོའི་ངོ་བོ་ལ་མཉམ་པར་བཞག་པས༔ སྣང་སེམས་ཀྱི་བར་ལག་ཆད་དེ༔ སེམས་རྐྱེན་དབང་དུ་མི་འགྲོ་བ་ནི༔ ནང་གི་རླུང་ལྔ་དབྱིངས་སུ་འཆིང་བའི་བྱེད་ལས་ཀྱིས་ཡིན་ལ༔ དེ་ལྟ་ན་དེས་བསླངས་པའི་མཐར་འགྱུར་གྱི་ཉམས་དང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་ཡང་འཆར་སྟེ༔ ཀློང་དྲུག་ལས༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི༔ སུ་ཞིག་བསྒོམ་པར་འདོད་པའི་མིས༔ མི་འགྱུར་བ་ཡི་གནད་གཟིར་ཕྱིར༔ ལུས་ཀྱི་འདུག་སྟངས་གཟིར་བྱས་ནས༔ ཤེས་པ་ནམ་མཁའི་མཐོངས་སུ་འཕངས༔ དེ་བཞིན་མིག་གིས་བར་སྣང་ལ༔ གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས༔ དྲན་མེད་རྒྱས་འདེབས་ཆེན་པོར་བཞག༔ ཞེས་སོ༔ དེ་ཡང་སྤངས་བླང་གི་རྩོལ་བས་ཆེད་དུ་བསྒྲུབ་ཏུ་ཡོད་པ་ནི་མ་ཡིན་ཏེ༔ རང་བཞག་རྡོ་རྗེ་སྙིང་པོའི་ཀློང་དུ་ཕན་གནོད་མེད་པར་སྐྱེལ་བ་གནད་དམ་པའོ༔

གཉིས་པ་རང་གནས་ཆེན་པོའི་ཏིང་འཛིན་ཇི་ལྟར་བསྒོམ་པའི་ཐབས་བསྟན་པ་ནི༔ ཚོགས་དྲུག་གི་སྣང་བ་ལ་འཛིན་པས་བཟོ་རྒྱ་མི་བྱེད་པས་ཕྱིར་མི་སྤྲོ༔ ནང་འགྱུ་བའི་སེམས་ཀྱི་རྟོག་པ་རྒྱུན་བཅད་དེ༔ ཆོས་ཉིད་གཏིང་གསལ་ཆེན་པོའི་ངང་དུ་རང་ཡན་ཏེ༔ ལྟ་བསྒོམ་སྤྱོད་འབྲས་བཞི་ཀ་རིག་པ་ཟང་ཐལ་གཅིག་གི་ངང་དུ་ཐག་ཆོད་པས་རང་བཞིན་བབ་ཀྱི་བསམ་གཏན་ལ་འབྱམས་ཀླས་པར་བྱ་བ་དང་༔ གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་བཞག་ཅིང་༔ ཐོད་རྒལ་དང་འབྲེལ་ན༔ ཐིག་ལེ་གཏེམ་པས་ཆེ་ཕྲ་ལ་ཤེས་པ་རྩིང་ཞིབ་ཏུ་བཞག་པས་རྨི་ལམ་འོད་གསལ་སྲབ་འཐུག་སོགས་སུ་འཆར་པར་འགྱུར་བ་སྟེ༔ དེ་ཉིད་ལས༔ རང་གནས་ཅོག་བཞག་ཏིང་འཛིན་ནི༔ དབང་པོའི་སྒོ་རྣམས་མི་དགག་ཅིང་༔ ལུས་ཀྱི་སྤྱོད་པ་སྤྱད་མི་བྱ༔ གཉིད་ཀྱང་སྤང་བར་མི་བྱ་སྟེ༔ སེམས་ཀྱི་གུད་དུ་བཅད་པ་མིན༔ མདོར་ན་ལུས་ངག་རང་སོ་ལ༔ ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར༔ དབང་པོའི་ཡུལ་རྣམས་དྲུག་ལ་ཡང་༔ ཤེས་བཞིན་དཔྱོད་པའི་ཡིད་མ་འགྱུས༔ རང་སྣང་མི་རྟོག་ཆེན་པོ་ལ༔ གསལ་ལ་རྟོག་མེད་ཉམས་སྐྱེས་པའོ༔ ཞེས་པ་སྟེ༔ དེ་ཡང་ཕྱི་སྣང་བ་དང་ནང་སྟོང་པ་འཛིན་པའི་སེམས་དང་༔ མཚན་ཉིད་པས་དཔྱད་སྟོང་གིས་གོ་བ༔ བར་གཉིས་སུ་མེད་པའི་འཛིན་སྟངས་རིག་པ་སྐུ་གསུམ་དུ་ལྟ་བའི་དག་གྲོལ་ངེས་འབྱིན༔ བདེ་སྟོང་ཕྱོགས་རེ་ཡིད་བྱེད་ཀྱི་མཐར་འཛིན་ཐམས་ཅད་དང་བྲལ་བར་མི་རྟོག་འགག་མེད་གཏིང་གསལ་ཆེན་པོ་ལྟ་བསྒོམ་སྤྱོད་འབྲས་བཞི་ལས་འདས་པའི་ངང་དུ་བསྒོམས་མེད་བསྒོམས་པ་འདས་པར་འགག་བཅིང་བ་ནི༔ འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ སྣང་བ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན༔ སྟོང་བ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན༔ གཉིས་མེད་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན༔ སྐུ་གསུམ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན༔ དུག་གསུམ་རྩད་ནས་གཅོད་པས་གཏིང་གསལ་ཆེན་པོ་ཡིན༔ སྟོང་བ་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན༔ བདེ་བ་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན༔ སྐྱེ་མེད་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན༔ ཞེས་དང་༔ རང་ལ་ཡེ་ནས་ཡོད་པ་ལ༔ རྩོལ་བསྒྲུབ་བྱ་བཙལ་མི་འཚལ་ཏེ༔ ང་ཡིས་རེ་མེད་རང་གནས་བཤད༔ རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་༔ ངང་དྭངས་ལྟ་བ་ཡིན་ཤེས་ལ༔ ཁྱོད་ཀྱི་བལྟ་བ་མ་ལྟ་ཅིག༔ ངང་དྭངས་བསྒོམ་པ་ཡིན་ཤེས་ལ༔ ཁྱོད་ཀྱི་བསྒོམ་པ་མ་བསྒོམས་ཤིག༔ ངང་དྭངས་སྤྱོད་པ་ཡིན་ཤེས་ལ༔ ཁྱོད་ཀྱིས་སྤྱོད་པ་མ་སྤྱད་ཅིག༔ ངང་དྭངས་འབྲས་བུ་ཡིན་ཤེས་ལ༔ ཁྱོད་ཀྱིས་འབྲས་བུ་མ་སྒྲུབས་ཤིག༔ ང་ཉིད་སྐུ་གསུམ་ཡིན་ཤེས་ལ༔ ཁྱོད་ཀྱིས་སྐུ་གསུམ་མ་སྒྲུབས་ཤིག༔ རང་ཉིད་སངས་རྒྱས་ཡིན་ཤེས་ལ༔ ཁྱོད་ཀྱིས་སངས་རྒྱས་མ་སྒྲུབས་ཤིག༔ སེམས་ཉིད་ཆོས་སྐུ་ཡིན་ཤེས་ལ༔ ཆོས་སྐུ་གཞན་ནས་མ་བཙལ་ཅིག༔ བཙལ་བས་བསྐལ་བ་འབུམ་ཕྲག་ཏུ་ཡང་མི་རྙེད་དོ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མ་བཙལ་ཏོ༔ ཕྱིས་འབྱུང་སངས་རྒྱས་རྣམས་ཀྱིས་མི་འཚོལ་ལོ༔ ད་ལྟའི་རྒྱལ་བ་རྣམས་ཀྱིས་བཙལ་བས་མི་རྙེད་དོ༔ བཙལ་བས་རྙེད་པའི་སངས་རྒྱས་སམ༔ བསྒྲུབ་པས་འགྲུབ་པའི་སྐུ་གསུམ་མམ༔ ལྟ་སྒོམ་སྤྱོད་འབྲས་བཙལ་བའི་བྱང་ཆུབ་བམ༔ དེ་རྣམས་བརྒྱ་ལ་རྙེད་ཀྱང་རྣམ་རྟོག་གམ༔ སྐྱེ་བའི་འཇིག་རྟེན་རྡོས་པའི་ཆོས་སུ་འགྱུར༔ དེ་བས་གོང་ལྟར་ཤེས་པར་གྱིས༔ ཞེས་གསུངས་སོ༔

གསུམ་པ་ཐོག་དབབ་ཆེན་པོའི་ཏིང་འཛིན་ནི༔ ཕྱི་ཡུལ་དང་རྐྱེན་གྱི་རྟོག་པ་རྒྱུད་ལ་རང་ཤར་བའི་ཚེ་ན༔ དེ་དག་ཐམས་ཅད་རང་བཞིན་མེད་པར་རོལ་བ་གཞི་མེད་དངོས་མེད་དུ་ཤེས་པས་དེ་དག་གི་རྗེས་སུ་མི་འབྲངས་བར་རམ༔ ཡང་མཉམ་བཞག་གི་ངང་ལ་གནས་དུས་དྭངས་སངས་རང་གསལ་སྐྱོན་བརྒྱད་དང་བྲལ་བའི་བསམ་གཏན་འཇིག་རྟེན་པའི་ས་ལ་མི་གནས་པར་དེ་གཉིས་ཀྱི་རང་དུས་སུ་ངོ་མ་ཤེས་པའི་བཏང་སྙོམས་ལུང་མ་བསྟན་དང་༔ འཁྲུལ་འབྱམས་ཐ་མལ་གྱི་སྒྲོས་མ་རེག་པར་བྱས་ནས༔ གཉིས་ཀའི་གཤིས་ཀྱི་རིག་པ་ཟང་ཐལ་རྗེན་ཁྲེས་སེ་གཅེར་བུར་ལྡིང་བ་དེ་ཉིད་ཅར་ཕོགས་སུ་ངོས་བཟུང་བའི་ངང་ལ་བསྐྱང་བ་སྟེ༔ འགྱུ་འཕྲོ་རང་ག་དང་༔ ངང་བསྒོམ་ཡིད་དཔྱོད་དང་༔ སྤངས་གཉེན་ཐ་མལ་དང་༔ རྣམ་རྟོག་གནས་འགྱུ་རིག་གསུམ་རྩིས་བགྲངས་དག་གིས་འཁོར་བ་ལས་མི་གྲོལ་བའི་མཚངས་ཕུག་ནས་བརྡོལ་ཏེ་ལུས་ཐ་མལ༔ ངག་བརྗོད་བྲལ༔ སེམས་འཇུར་དྲན་གྱིས་མ་བཅིང་བར་རང་བཞག་པས་སྣང་རྐྱེན་རྒྱུད་ལ་མི་སྐྱེ་བའི་ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ་པ་ནི༔ ཀློང་དྲུག་ལས༔ ཐོག་དབབ་ཆེན་པོའི་ཏིང་འཛིན་ནི༔ གང་གིས་འདི་ལ་གོམས་སྤྱོད་ན༔ སྣང་བ་ཀུན་ལ་དབང་བསྒྱུར་ཐོབ༔ དེ་ཡི་རིམ་པའི་རྩལ་རྣམས་ནི༔ རྣམ་པར་བསྒོམ་པ་གང་འདོད་པ༔ འདི་ཀུན་བློ་ཡི་ཡུལ་དུ་བྱ༔ ཡུལ་རྐྱེན་རྟོག་པ་རང་ཤར་ཚེ༔ འདི་ཀུན་རང་བཞིན་མེད་ཤེས་ན༔ སྣང་བ་ཐམས་ཅད་སྒྱུ་མའམ༔ རྨི་ལམ་དང་ནི་གཟུགས་བརྙན་ལྟར༔ ཞེས་དང་༔ ལུས་ནི་ཐ་མལ་ལྟ་བུ་ལ༔ ངག་ནི་སྨྲ་བརྗོད་ཚིག་དང་བྲལ༔ སེམས་ནི་དམ་དུ་མ་བཅིངས་པའོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླངས་བར་བྱའོ༔

དོན་གཉིས་པ་བཞག་ཐབས་བཞིའི་སྒོ་ནས་དགོངས་པ་བསྒོམ་མེད་ཆེན་པོ་མངོན་དུ་བྱེད་པ་ལ༔ རི་བོ་ཅོག་བཞག་གི་ལྟ་བ་དང་༔ རྒྱ་མཚོ་ཅོག་བཞག་གི་དགོངས་པ༔ རིག་པ་ཅོག་བཞག་གི་མན་ངག༔ སྣང་བ་ཅེར་བཞག་གི་ཐབས་བཞི་སྟེ༔ ཡི་གེ་མེད་པའི་རྒྱུད་ལས༔ དེ་ཡང་འདི་ལྟར་ཤེས་པར་བྱའོ༔ རི་བོ་ཅོག་བཞག་གི་ལྟ་བ་དང་༔ རྒྱ་མཚོ་ཅོག་བཞག་གི་དགོངས་པ་དང་༔ རིག་པ་ཅོག་བཞག་གི་མན་ངག་བསྟན་པ་དང་༔ སྣང་བ་ཅེར་བཞག་གི་ཐབས་བསྟན་པའོ༔ ཞེས་པས་རི་བོ་ཅོག་བཞག་གི་ལྟ་བ་ནི༔ རིག་པ་རང་གསལ་འདི་ངོས་བཟུང་ནས༔ གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་ནི༔ རྐྱེན་སྣང་དེ་ཉིད་ལྟ་བའི་དོན་ལས་མ་འདས་པར་ཤེས་མཐོང་གིས་སེམས་རླུང་ཐོག་ཏུ་མ་ཤོར་བ་སྟེ༔ དེ་ཉིད་ལས༔ རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད༔ ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད༔ ཅེས་དང་༔ སྣང་སྲིད་ཁ་སྦྱོར་ལས༔ ཡིད་ལ་འགྱུ་བ་མེད་པ་ཡིས༔ གཡོས་པ་མེད་པའི་ངང་ལ་ཞོག༔ སེམས་ལ་མིང་འདོགས་མེད་པ་ཡིས༔ ཆགས་འཛིན་སྤྲོས་པ་བརྟག་ཞེན་མེད་པའི་ངང་ལ་ཞོག༔ གནས་ལུགས་འགྱུར་མེད་ངང་ལ་ཞོག༔ ཅེས་སོ༔ དེ་ལྟ་བུའི་ཅོག་བཞག་གི་ལྟ་བ་དེ་ཉིད་ལ༔ ལས་དང་པོ་བ་ཇི་ལྟ་བ་བཞིན་དུ་མི་གནས་པས༔ གནས་བྱེད་ཀྱི་ཐབས་སུ་ཅོག་བཞག་ཕྱི་མ་གསུམ་པོ་འདི་དག་དགོས་ཏེ༔ དེ་ཡང་རྒྱ་མཚོ་ཅོག་བཞག་གི་རང་མལ་འཆོས་ནས་དྭངས་སངས་རྙོགས་མེད་ཀྱི་སེམས་ཀྱི་མེ་ལོང་ལ༔ རིག་པ་ཅོག་བཞག་གིས་ལྟ་བའི་ངོ་བོ་ཤེས་པར་བྱས༔ སྣང་བ་ཅེར་བཞག་གིས་སྣང་བས་རིག་པ་ལ་མི་གོས་པར་སྣང་སེམས་གཞི་གྲོལ་དུ་བཏང་ནས༔ གདོད་རི་བོ་ཅོག་བཞག་གི་ལྟ་བ་ཐོབ་བར་འགྱུར་བས་སོ༔ དེ་ལྟ་བུའི་ཐབས་དང་དགོངས་པའི་འབྲས་བུ་བཞག་ཚུལ་གསུམ་ལས༔

དང་པོ་༼ གཉིས་པ། དཔྱད། ༽རྒྱ་མཚོ་ཅོག་བཞག་གི་ནི༔ མིག་ཧ་རེ་བར་སྣང་ལ་གཏད་དེ༔ ཤེས་པ་དྭངས་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟར་སྣང་ཡུལ་མ་འགག་པ་ལ་འཛིན་པས་མ་བསླད་པར་བཞག་པ་ནི༔ ཡི་གེ་མེད་པའི་རྒྱུད་ལས༔ རྒྱ་མཚོ་ཅོག་བཞག་དག་གི་དགོངས་པ་ནི༔ སྣང་བ་མ་ཡིན་སྣང་བར་བྱེད་པ་མིན༔ སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན༔ གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ༔ བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད༔མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ༔ མ་སྤྱོད་མི་སྤྱོད་སྤྱོད་པ་ཀུན་ལས་འདས༔ བྱས་པས་མ་བྱུང་བཞག་ཐབས་ཆེན་པོས་ལྟོས༔ སྤྲོ་བསྡུ་མ་བྱེད་ཅོག་བཞག་གཅིག་གི་ངང་༔ གནས་པ་མ་ཡིན་དེ་ལས་འདས་པ་མེད༔ གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ༔ ཡེ་ཤེས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག༔ གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས༔ ནུབ་པ་མེད་པའི་རྒྱལ་མཚན་རྩེ་ལ་ལྟོས༔ སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ༔ བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ༔ ཡེ་ནས་མ་བཅོས་རང་བྱུང་ཅོག་བཞག་ཉིད༔ སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ༔ ཆོས་ཉིད་མཁའ་ལ་གནས་ན་དགོངས་པ་ཉིད་དུ་བསྟན༔ ཆོས་སྐུ་ཡེ་ཤེས་བསམ་པ་ཀུན་སྤང་སྟེ༔ འགྱུར་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན༔ དམིགས་པའི་ཕྱོགས་དག་མི་འཛིན་ན༔ རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན༔ འཛིན་མེད་གསལ་ཆ་མ་འགགས་པས༔ དགོངས་པའི་འདུག་ཚུལ་དེ་བཞིན་ནོ༔ ཞེས་གསུངས་པས༔ འདིར་མིག་ཆུའི་དྭངས་མ་ལ་རྒྱ་མཚོ་ཞེས་བྱ་ཞིང་༔ དེ་ཉིད་ཡེ་ཤེས་འཆར་བའི་ལམ་ཡིན་པའི་ཕྱིར༔ དབང་པོ་མ་བཀག་པར་རང་དྭངས་སུ་ཕྱིའི་སྣང་བའི་ཡུལ་དྲུག་མ་དགག་པར་བཀྲ་ཡ་ལེ་ཤར་ཡང་ཤེས་པ་སྣང་ཐོག་ཏུ་མ་ཤོར་བར་བཞག་པ་ལས༔ ཚོགས་དྲུག་བཀག་ན་གཏི་མུག་བསྒོམ་པར་གོལ༔ ཡུལ་དྲུག་བཀག་ན་དྲན་པ་ཡོད་ཀྱང་ཞི་གནས་ཕྱོགས་གཅིག་ཏུ་གོལ༔ ཡུལ་སྣང་ཡང་ལྟ་བའི་ཐག་མ་ཆོད་པར་བློ་སྟོང་གསལ་ཙམ་དུ་གནས་ན་གཟུགས་ཁམས་སུ་སྐྱེ་བའི་བག་ཆགས་སོགས་པའི་ཕྱིར༔ ཀློང་དྲུག་ལས༔ མ་གོལ་གནས་པའི་བསྒོམ་པ་ནི༔ དབང་པོར་སྒོ་རྣམས་གསལ་བ་ལ༔ ཡིད་ཀྱིས་རྟོག་པ་མེད་པ་སྟེ༔ ཞེས་སོགས་དང་༔ སངས་རྒྱས་ཀྱི་དགོངས་པ་འདུས་པའི་རྒྱུད་ལས༔ མཁའ་གསལ་དཔེ་ནི་ནམ་མཁའ་ལ༔ འཆར་སྒོ་གསལ་བྱེད་མིག་བསྐྱོད་བསྒྲད༔ ཀ་དག་དོན་གྱི་ཆོས་ཉིད་ལ༔ སེམས་ཀྱིས་འཛིན་པ་མེད་པར་བཞག༔ ཆོས་དབྱིངས་གསལ་ཁྱབ་དྭངས་བ་ལས༔ རིག་པ་གཏིང་གསལ་ཆེན་པོར་བཞག༔ མ་བཅོས་སྤྲོས་བྲལ་ཀློང་ཡངས་སུ༔ འགྱུ་བ་དྭངས་སངས་ཆེན་པོར་བཞག༔ ཞེས་སོ༔

གསུམ་པ་རིག་པ་ཅོག་བཞག་ནི༔ གསལ་སྟོང་རང་བྱུང་གི་ཡེ་ཤེས༔ སེམས་དང་༔ ཡིད་དང་༔ རྣམ་པར་ཤེས་པ་དང་ཡང་བྲལ་ལ༔ ཏིང་འཛིན་སེམས་ཆགས་ཀྱི་གོལ་ས་མེད་པ༔ རང་གྲོལ་ཀློང་ཡངས་ཆེན་པོ་ཕྱི་ནང་དང་བར་མཚམས་མེད་པའི་དགོངས་པ་རང་གནས་ཀྱི་རྒྱལ་བོ་གདན་ལ་བཞག་ཅིང་རླུང་གི་སྒོ་བཅད༔ སེམས་ཀྱི་བློན་པོ་བཙོན་དུ་བཟུང་ནས་རྣམ་པར་རྟོག་པའི་འགྱུ་བ་རྒྱུན་ཆད་དུས་རིག་པའི་རྒྱལ་པོས་གཅིག་ཏུ་ཉན་ནས་ངོ་བོ་ལ་གནས་ཤིང་༔ སྒོ་ལྔའི་རྣམ་པར་ཤེས་པའི་འཆར་གཞི་སྟོང་བས་སེམས་ལ་བརྟེན་པའི་འཁོར་བ་མིང་མེད་དུ་དག་པ་དང་༔ རིག་གེ་སང་ངེ་རྗེན་ནེར་ཡོད་པ་གཞི་གནས་མའི་འོད་གསལ་རང་ངོ་ཤེས་པའི་ཡིན་ཐོག་ཏུ་བཞག་པས༔ ཡེ་ཤེས་ལ་བརྟེན་པའི་སངས་རྒྱས་ལག་བཅིང་སུ་རང་རྙེད་པས་གདམས་པའི་གནད་ཐམས་ཅད་དེ་གཉིས་སུ་འདུས་པ་སྟེ༔ དེའི་ཕྱིར་ན་རིག་པ་རང་ཤར་ལས༔ རྣལ་འབྱོར་རིག་པའི་དོན་མཐོང་ན༔ རྒྱལ་བ་མ་བསྒོམ་གཅིག་ཀྱང་མེད༔ ཅེས་སོ༔ འདི་ཉིད་ཐོད་རྒལ་དང་འབྲེལ་ན༔ རིག་པ་མི་གནས་པ་གནས་པར༔ མི་ཟིན་པ་ཟིན་པར༔ མ་སྐྱེས་པ་སྐྱེས་པར༔ མ་བརྟན་པ་བརྟན་བར༔ མ་ཤེས་པ་ཤེས་པར༔ མ་གྲོལ་བ་གྲོལ་བར་བྱེད་པའི་གདམས་ངག་དྲུག་གིས་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་གདངས་རྩལ་དབྱེར་མེད་དུ་མ་རོ་གཅིག་ཏུ་ཉམས་སུ་ལེན་པའོ༔ འདིར་ཡི་གེ་མེད་པའི་རྒྱུད་ལས༔ སྣང་བ་གཅིག་ཆོད་དགོངས་པ་ནི༔ རིག་པ་ཉིད་ནི་བཞག་ཐབས་བཙལ༔ གསང་བའི་གསང་བ་ཆེན་པོ་སྟེ༔ སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ༔ ཆགས་པས་མ་བཅིངས་རང་སྣང་ངོ་༔ དེ་ལ་གསང་སྔགས་ཉིད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ ཞེས་དང་༔ བདུད་རྩི་བཅུད་ཐིག་ལས༔ མ་བཅོས་སྤྲོས་བྲལ་ཀློང་ཡངས་སུ༔ འགྱུ་བ་དྭངས་གསལ་ཆེན་པོར་བཞག༔ འགག་མེད་རྩལ་གྱི་རང་འོད་རྣམས༔ ཚོར་བ་རྗེས་མེད་རང་སར་བཞག༔ ངང་དྭངས་ཀུན་ཁྱབ་ཟང་ཐལ་ལ༔ ཆོས་སྐུ་གཅེར་བུ་ཀློང་དུ་བཞག༔ ཆོས་དབྱིངས་སྣང་གསལ་དཀྱིལ་འཁོར་དུ༔ བསམ་བྲལ་སྟོང་བ་ཧར་པོར་བཞག༔ གཉིས་མེད་ཐིག་ལེ་ཉག་གཅིག་ལ༔ ཤེས་རབ་རང་རྡོལ་ཆེན་པོར་བཞག༔ ཅང་མེད་ཅིར་སྣང་རོལ་བ་རྣམས༔ ཡུལ་མེད་སྣང་གྲོལ་རང་སར་བཞག༔ དབྱིངས་ལས་ཤར་བའི་རིག་པ་འདི༔ མ་བུ་དབྱེར་མེད་རང་སོར་བཞག༔ ཞེས་སོ༔

བཞི་བ་སྤྱོད་པ་སྣང་བ་ཅེར་བཞག་ནི༔ ཕྱིའི་ཡུལ་ལྔར་སྣང་བ་ལ་ཅེ་རེ་བལྟས་དུས༔ ནང་རྗེན་པའི་རིག་པ་དྭངས་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ༔ དེ་ཡང་རིག་པ་ཐུགས་རྗེའི་རྩལ་རྟོག་པ་དང་འདྲ་བར་ཤར་དུས༔ དེ་ལ་སྤངས་སྡུད་གཉིས་མཉམ་དུ་མི་བཞག་པར་ཆ་རང་བབས་སུ་བཏང་ནས་ཅེར་ཡན་ཆོས་ཉིད་ཀྱི་ངང་ལས་མི་འདའ་སྟེ༔ འཆར་གཞི་ཐུགས་རྗེའི་ཡེ་ཤེས་སངས་རྒྱས་པའི་རྩལ་སྣང་ལས་རོལ་བར་ཤར་བའི་ཕུང་པོ་དང་འབྱུང་བ་དུག་ལྔ་ལ་སོགས་པ་ཅི་ཤར་ཐམས་ཅད་ཡབ་ལྔ་དང་༔ ཡུམ་ལྔ༔ ཡེ་ཤེས་ལྔའི་རང་བཞིན་ཤར་བ་ལས་མ་དག་པ་གཞི་ནས་མེད་པའི་ཕྱིར་༔ ཞེན་པས་བཅིངས་བ་ལས༔ སྣང་བ་ཙམ་གྱིས་ནི་འཆིང་བའི་དོན་མི་བྱེད་པ་དག་པ་འཇིག་རྟེན་པའི་རྗེས་སུ་ཐོབ་པའི་སྣང་བ་བཞིན་ཏེ༔ ཏེ་ལོ་བས་ཀྱང་༔ སྣང་བས་མི་འཆིང་ཞེན་པས་འཆིང་༔ ཞེན་པ་ཆོད་ཅིག་ན་རོ་བ༔ ཞེས་དང་༔ རྩལ་རྫོགས་ལས་ཀྱང་༔རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས༔ སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་༔ ཞེས་པ་དང་༔ ཡི་གེ་མེད་པ་ལས༔ སྣང་བ་ཅེར་བཞག་རིག་པའི་ཐབས་ཆེན་ནི༔ སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན༔ འབྱུང་བ་ལྔ་ཡིས་སངས་རྒྱས་ལམ་ལྟར་སྣང་༔ ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ༔ མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག༔ ཅེས་དང་༔ སྔ་མ་ལས༔ སྣང་ཡུལ་མེ་ལོང་ལྟར་གསལ་ལ༔ རྐྱེན་སྣང་སྐྱེ་མེད་རང་གྲོལ་ཞོག༔ ཞེས་དང་༔ འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ གནས་ལུགས་འགྱུར་མེད་ངང་ལ་ཞོག༔ སྣང་བ་སོར་བཞག་ངང་ལ་ཞོག༔ དེ་གཉིས་དབྱེ་བསལ་མེད་པར་ཞོག༔ གནས་ལུགས་དངོས་པོ་མེད་པར་ཞོག༔ སྣང་བ་དགག་སྒྲུབ་མེད་པར་ཞོག༔ དེ་གཉིས་རྩིས་གདབ་མེད་པར་ཞོག༔ ཕྱི་ཡི་དཀར་དམར་ཡུལ་རྣམས་ཀུན༔ སྣང་ལ་རང་བཞིན་མེད་པར་ཞོག༔ གནས་ལུགས་སེམས་ཉིད་རྩལ་སྣང་ཀུན༔ མི་སྣང་རང་བཞིན་མེད་པའོ༔ བར་གྱི་གཉིས་སྣང་རང་བཞིན་ཀུན༔ སྤྲོས་པ་ཐག་ཆོད་ངང་ལ་ཞོག༔ ཞེས་གསུངས་པ་ཡང་སྣང་བ་དག་པ་རབ་འབྱམས་སྐུའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་གནད་ཀྱིས་སྤང་བླང་བསྒྱུར་བཀོད་གང་ཡང་མི་དགོས་པ་དང་༔ དེ་ལ་དགག་སྒྲུབ་ཞེན་འཛིན་ཉོན་མོངས་སོགས་སྐྱེས་ཀྱང་རིག་པ་སློངས་བ་ཡིན་པས་གསལ་དྭངས་བྱེད་ལ༔ ངོ་བོ་ཟང་ཐལ་རྗེན་པར་བུད་པ་དེ་མངོན་པར་ཀུན་མཁྱེན་པས་ཀུན་བྱེད་ཡིན་ནམ་གསུངས་ཤིང་༔ ཟང་ཐལ་རྗེན་པའི་རིག་པ་རང་ངོ་ཤེས་པའི་སྣང་ཤེས་གཉིས་མེད་རོ་མཉམ་དུ་དག་པའི་གནད་ཀྱང་འདི་ལ་འདུས་ཏེ༔ ཤར་སྣང་གི་དུས་ནའང་གཞན་ལ་ལྟོས་མི་དགོས་པར་གསུངས་སོ༔ གནད་བསྡུས་ན༔ ཕྱི་སྣང་བ་དཀར་དམར་དང་༔ ནང་མི་སྣང་བ་སེམས་ཉིད་ཀྱི་རྩལ་སྣང་སྣ་ཚོགས་པ་ཐམས་ཅད་ཀྱི་སྣང་དང་སྣང་ཡུལ་ལ་དགག་སྒྲུབ་རྩིས་གདབ་མེད་པར་དུས་གསུམ་ཡིད་ཀྱི་འབྲེལ་ཐག་གི་སྤྲོས་པ་བཅད་དེ༔ སྐྱེ་མེད་རང་བྱུང་གི་ཡེ་ཤེས་གཅིག་པུའི་ངང་དུ་འཇོག་པ་ནི་སྣང་བ་ཅེར་བཞག་ཅེས་བྱའོ༔

དོན་གསུམ་པ་དེ་དག་གི་གྲོགས་སུ་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་པས་དུས་མེད་མཉམ་པ་ཉིད་དུ་བསྐྱང་བ་ནི༔ ལུས་གནད་དང་རླུང་གནད་བསྟུན་ལ༔ ཤེས་པ་རང་གསལ་གཉིས་མེད་ལ༔ སྣང་བ་རང་སྣང་གཞི་མེད་དུ་ཤེས་པས་གཟུང་འཛིན་མེད་པར་གང་ཤར་ཐམས་ཅད་ལ་སྔོན་བསུ་རྗེས་གཅོད་མེད་པར་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་པའི་བར་གྱི་ཧར་སངས་ཆོས་ཉིད་དུ་གནས་པ་ངོས་བཟུང་པའི་ངང་དུ་བཞག་པ་ནི་བཞག་ཐབས་ཀུན་གྱི་གྲོགས་སུ་འགྱུར་སྟེ༔ དེའི་ཕྱིར་ན་ཀུན་ཏུ་བཟང་པོ་ཀློང་དྲུག་གི་རྒྱུད་ལས༔ ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུས་ཁྱོད་ཉོན་ཅིག༔ སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་༔ མ་འོངས་བའི་སྔོན་མ་ཕྱིས་ཀྱི་ཞེན་བ་བསླངས༔ ད་ལྟའི་ཤེས་པ་ཅོག་བཞག་ཏུ་རང་སོར་བཞག་ན༔ ཤེས་པ་ཐམས་ཅད་འདུ་ཤེས་གཅིག་པས་སྔ་ཕྱི་མེད་པར་འདྲེས་ནས༔ གཅིག་འདུས་ངོ་བོ་རྩེ་གཅིག་ཅེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་རོ༔ ཡང་འདས་པའི་བག་ཆགས་རྣམས་རྨི་ལམ་གྱི་གནད་ཀྱི་རྗེས་སུ་མ་འབྲངས༔ ཕྱིས་འབྱུང་བག་ཆགས་རྣམས་ཀྱི་གཉིད་ཀྱི་གནད་སྔོན་མ་བསུ༔ ད་ལྟར་གྱི་བག་ཆགས་རྣམས་རྒྱུད་ལ་མ་བརྟེན་ཐབས་ཀྱི་གནད་པ་ནི༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་འདུ་ཤེས་གཅིག་པར་བྱའོ༔ དྲན་པ་རང་ཟད་ཀྱི་རང་དག་ཏུ༔ ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ༔ འདས་པའི་དྲན་པ་རྣམས་མཚམས་བཅད་པ་དང་༔ མ་འོངས་བའི་དྲན་པ་རྣམས་མི་འགྲུབ་པའི་བསམ་པ་རྒྱ་ཆེན་པོ་མི་བྱ་མགོ་མནན་སེམས་ཚི་ཆད་པ་དང་༔ ད་ལྟར་གྱི་དྲན་པ་རྣམས་རང་ཡལ་དུ་བཏང་བ་ནི༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་བྱའོ༔ ཡང་འདས་པའི་སེམས་ལ་ཕུགས་མི་ཞེས་ལ་མ་བརྟག་གཏད༔ མ་འོངས་བའི་སེམས་ལ་རྒྱབ་མི་གཏད་ད་ལྟར་གྱིས་སེམས་ལ་བློ་འཁྲུལ་བའི་རྗེས་སུ་མི་འགྲོ་མི་གཏད་པ་ནི༔ དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཡིན་ནོ༔ འདས་པའི་མ་རིག་པ་ལ་གཟེབས་མ་འཁྲུལ་བ་རྩད་མ་བཅད་པར་ཞོག་བསྐུར༔ མ་འོངས་པའི་མ་རིག་པ་ལ་ལྟ་བས་ཆོད་པས་བྱ་གཡབ་མ་འདོར༔ ད་ལྟར་གྱི་མ་རིག་པ་པང་དུ་མ་བླངས་ན༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཡིན་ནོ༔ འདས་པའི་ཞེ་སྡང་ལ་ཞེ་མ་ཆགས་གནོད་པ་མི་བྱ༔ མ་འོངས་པའི་ཞེ་སྡང་ལ་འགྲན་སེམས་མི་བྱ་ལྕགས་ཀྱུས་མ་བཟུང་༔ ད་ལྟར་གྱི་ཞེ་སྡང་ལ་ཕ་རོལ་པོ་ལ་གནོད་མི་བསྐྱལ་ངར་མ་བླུད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཞེས་པའོ༔ འདས་པའི་གཏི་མུག་གི་གཞིའི་ཤེས་རབ་ཏུ་གསལ། སྤྲིན་མ་བསྡུ༔ མ་འོངས་པའི་གཏི་མུག་གིས་འོད་གསལ་དུ་བསྒོམ། སྔུན་མ་བཅད༔ ད་ལྟར་གྱི་གཏི་མུག་གི་ཆར་པ་མ་ཕབ་ཐོས་བསམ་ལ་བློ་སྦྱང་ན༔ དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཞེས་བྱའོ༔ འདས་པའི་ང་རྒྱལ་ལ་ལན་མ་སྐྱོན་ལ་ངན་དུ་མི་བལྟར་ཞིང་ཡོན་ཏན་ལ་རློམ་པ་མི་བྱ་གདབ༔ མ་འོངས་གཞན་ལས་ཆེ་བའི་སེམས་མངོན་དུ་མི་གཏོང་པའི་ང་རྒྱལ་ལ་ཁུས་མ་གདབ༔ ད་ལྟར་ཀྱི་ང་རྒྱལ་ཅི་ནས་ཀྱང་གཞན་གྱི་ངག་མི་བཅག་ལ་ཐག་མ་གཏད་པ་ནི༔ དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཞེས་བྱའོ༔ འདས་པའི་འདོད་ཆགས་སྔར་ཀྱི་མཛའ་སྡུག་ལ་སེམས་མི་ཆགས་ཉིད་སུན་ཕྱུང་༔ མ་འོངས་པའི་འདོད་ཆགས་རྣམས་བཙལ་བའི་བསམ་པ་མི་བྱ་ཞེ་བཅད༔ ད་ལྟར་གྱི་ཆགས་མེད་རང་གྲོལ་དུ་འདོད་ཆགས་རྣམས་ཡུལ་ཕྱུང་བ་ནི༔ དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་བ་ཡིན་ནོ༔ འདས་པའི་ཕྲག་དོག་ལ་སྔར་འདྲིས་པའི་མི་ལ་གནོད་མི་བྱ་དམ་དུ་མ་བཟུང་༔ མ་འོངས་པའི་ཕྲག་དོག་མ་འདྲིས་པའི་སེམས་ཅན་ལ་གནོད་མི་བྱ་ལ་སེམས་མ་བསྡུ༔ ད་ལྟར་གྱི་ཕྲག་དོག་ཐད་ཀའི་སྣང་བ་ཐམས་ཅད་གྲོགས་སུ་འཁྱེར་ལ་སེམས་མ་བཅུག་པ་ནི༔ དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པས༔ འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ༔ སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པའི་གཞི་ཟང་ཐལ་དུ་རྟོགས་པའི་རྣལ་འབྱོར་བ་ནི༔ ང་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བྱུང་བ་སྟེ༔ ཞེས་གསུངས་པས༔ དུས་གསུམ་གྱི་རྟོག་པས་ཟིལ་གྱིས་མནན་ནས་རི་བོ་ཅོག་བཞག་གི་དགོངས་པ་ལ་གནས་སུ་མི་སྟེར་བ་དང་༔ རྣམ་པར་རྟོག་པའི་རླབས་འཕྲེང་གི་རྙོགས་ཏེ་སེམས་རང་དྭངས་སུ་མི་སྟེར་བ་དང་༔ དུས་གསུམ་གྱི་སངས་རྒྱས་རིག་པའི་ཡེ་ཤེས་ལ་མཚན་མར་འཛིན་པའི་སྒྲིབ་བྱེད་དམ་པོ༔ གནས་དོན་ལུས་ཀྱི་བག་ཆགས་གི་རྣམ་པར་སྨིན་པའི་སྣང་བ་ལ་དགག་སྒྲུབ་སྤང་བླང་མེད་པར་ཅེར་སའམ་སྣང་ས་དེར་ཅོག་གེར་བཞག་པའང་དུས་གསུམ་ཡིད་ཀྱི་འབྲེལ་ཐག་མ་ཆོད་པར་འབྱུང་མི་སྲིད་པའི་ཕྱིར་ཅོག་བཞག་བཞི་ཀའི་གྲོགས་སུའང་འདི་འགྱུར་བས༔ དེ་ལྟར་རྣམ་པར་བཞག་གོ༔ དེ་ལྟ་བུའི་ཆོས་ཉིད་མའི་སྣང་བ་ལ་རེ་དོགས་དང་སྤྲོ་བསྡུ་མེད་པར་མཉམ་བཞག་དང་རྗེས་ཐོབ་ཀྱི་བསྒོམ་པའང་ཐ་དད་དུ་མེད་པ་བྱིང་རྨུགས་འཐིབ་གསུམ་སོགས་ཀྱིས་མཚམས་མ་ཆོད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཆེན་པོ༔ རང་རིག་མཐའ་དབུས་མེད་ཅིང་གཉིས་མེད་བདེ་བ་ཆེན་པོའི་ངང་དང་འདུ་འབྲལ་མེད་པ༔ བསྒོམ་པའི་དངོས་གཞི་འདིའོ་སྙམ་པའི་འཛིན་སྟངས་དམིགས་གཏད་ལས་འདས་པ་ཀློང་འགྱུར་གཅིག་ཏུ་ཡེངས་དང་མ་ཡེངས་མེད་པར་མཉམ་པར་འཇོག་པ་ནི་བསྒོམ་མེད་ཀྱི་དོན་ཡིན་ནོ༔

གསུམ་པ་བློ་དམན་ལ་གནད་བསྡུས་ན༔ འདི་ལ་ཡང་ཤེས་རབ་ཀྱི་རྩལ་སྟོབས་ཅན་ཨིནྟྲ་བོ་དྷི་ལྟ་བུ་ནི་བསྒོམ་མེད་ཀློང་དུ་གྱུར་བ་ཡིན་པས༔ དེ་ལ་ནི་ཅི་ཡང་མི་དགོས་ཀྱང་༔ གཞན་པ་རྣམས་ལ་བསླབ་ཐབས་ནི༔ རྒྱ་མཚོ་ཅོག་བཞག་གི་དགོངས་པ་མི་བསྒོམ་ན་མ་གཏོགས་བསྒོམ་ཕྱིན་ཆད་མིག་ནམ་མཁའ་ལ་བཟློག་སྟེ་ལྟ་བ་དང་༔ རླུང་གནད་མཆུ་སོ་ཅུང་ཟད་མ་རེག་པའི་བར་ནས་ཡིད་ཙམ་ཕྱིར་ལ་འདུལ་བར་གཏོང་བས༔ སྣ་ནས་རྒྱུ་བའི་རླུང་སྒོ་བསྡམས་ཤིང་སྣང་བ་ཅེར་བཞག་གི་དགོངས་པ་དང་དུས་གསུམ་ཡིད་ཀྱི་འབྲེལ་ཐག་བཅད་པ་ཡིན་ལ༔ བསླབ་བྱ་ནི་ངང་དྭངས་རང་བཞིན་བདག་ཉིད་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ཟུང་དུ་འཇུག་བའི་རིག་པ་ཅོག་བཞག་ལ༔ ལོབ་པའི་ཚད་ནི༔ རི་བོ་ཅོག་བཞག་གི་དགོངས་པ་རྒྱུད་ལ་འཁྲུངས་པ་ཀློང་འགྱུར་གྱི་བསྒོམ་པ་ཉིད་ཡིན་ནོ༔ ཐོད་རྒལ་དང་འབྲེལ་ན༔ འདུས་བྱས་ཞིང་ཁམས་སུ་ལྡོག་སྟེ༔ ཉིན་མཚན་འོད་གསལ་གྱི་འཁོར་ལོར་ཤར་ནས་དཀྲིག་གིས་གནས་པ་ལ་ཡང་བྱའོ༔ དེས་ན་དོན་གསལ་ལས༔ འདུས་བྱས་ཞིང་ཁམས་ཆེན་པོར་ལྡོག༔ དེ་ཡིས་ངེས་པ་རྒྱུད་ལ་སྐྱེ༔ ཞེས་སོ༔ དེ་ལྟ་བུའི་སྒོམ་མེད་ནི་ཀུན་གསལ་ལས༔ ངས་བསྟན་གཉིས་མེད་བདེ་ཆེན་ལ༔ བསྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག༔ ཤེས་རབ་སྟོབས་ཅན་རང་རིག་དོན་རྟོགས་པས༔ གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད༔ མ་བཙལ་བཞག་པས་ངང་ལས་མ་གཡོས་གསལ༔ རྒྱུན་ཆད་མེད་པས་ཆུ་བོ་གང་གཱ་བཞིན༔ དབང་པོ་ཡང་རབ་དོན་དུ་དེ་བསྟན་ནོ༔ ཞེས་དང་༔ དེ་བཞིན་གཤེགས་པའི་དགོངས་པ་ལ་ཐུག་པ་མེད་པ་དང་༔ མཚན་མ་ལ་མི་གནས་པས༔ སྤྱན་ནམ་མཁའི་དབྱིངས་སུ་བལྟ་སྟེ༔ རྩ་བའི་རླུང་སྒོ་བསྡམ་མོ༔ ཞེས་བསླབ་ཐབས་དང་༔ བསླབ་བྱ་གསུམ་ནི་གོང་མ་གཉིད་དང་གཅིག་པར་ཅི་ཤེས་ན༔ བསྒོམ་མེད་ཀྱི་ངེས་ཚིག་ལས༔ ངང་དྭངས་རང་བཞིན་བདག་ཉིད་ཆེན་པོ་དང་༔ ཞེས་པས་མངོན་ལ༔ དེ་ལྟར་ན་བྱ་བ་དགུ་སྤྲུགས་སུ་བཏང་བ་དང་༔ རྒྱལ་པོ་གདན་ལ་བཞག་པ་སོགས་གསུམ་དང་རྒྱ་མཚོ་ཅོག་བཞག་དག་ནི་གསུམ་ཀའི་བསླབ་ཐབས་ཡིན་ལ༔ ངང་དྭངས་རང་བཞིན་བདག་ཉིད་ནི་བསླབ་བྱ༔ ལོབ་པའི་ཚད་ནི་རང་རང་གི་ལྟར་རོ༔ བསྒོམ་བསྒོམ་མེད་དེ་དག་སེམས་འཛིན་དང་༔ བསམ་གཏན་དང་༔ སངས་རྒྱས་ཀྱི་དགོངས་པ་ལ་སྦྱོར་བའང་ཉི་ཟླ་ཁ་སྦྱོར་དང་ཅུང་ཟད་མི་འདྲ་སྟེ༔ དེས་རྟོགས་མེད་རྒྱུད་ལ་བརྟེན་པ་དང་༔ ངང་གིས་སྐྱེ་བ་དང་༔ དབྱིངས་རིག་དབྱེར་མེད་སངས་རྒྱས་ཀྱི་དགོངས་པ་ཤར་བ་གསུམ་ལ་དགོངས་པའི་ངོ་བོར་བཟུངས་ཤིང་༔ འདིའི་གསུམ་ཀའི་ངོ་བོར་ངང་དང་རང་བཞིན་བདག་ཉིད་གསུམ་ལ་བཞག་ཀྱང་༔ དེ་དག་ཟུང་འབྲེལ་དུ་འཆད་པ་ཡང་ལས་དང་པོ་བ་དང་༔ ཅུང་ཟད་བརྟན་པ་ཐོབ་པ་དང་༔ ཤིན་ཏུ་བརྟན་པའི་དགོངས་པ་ཀློང་དུ་གྱུར་བ་གསུམ་གྱིས༔ རྩོལ་བཅས་དང་༔ སངས་རྒྱས་ཀྱི་དགོངས་པ་བསྒོམ་ཐོག་ནས་འཚོལ་ཀྱང་། མ་མཐོང་བར་གཏད་སོ་དང་བཅས་པའི་མོས་བསྒོམ་ཕྱོགས་རེ་ནས་སྒྲུབ་པས་མངོན་དུ་གྱུར་བར་འདོད་པས་བསྒོམ་དུ་ཡོད་པར་བཞག་པ། རྩོལ་བ་མེད་པ་དང་༔ སྒྲུབ་མི་དགོས་པར་དགོངས་པ་དོན་སྤྱིའི་ཚུལ་དུ་ཤར་པས་བྱང་ཆུབ་སེམས་དཔའི་བསམ་གཏན་ནི་སངས་རྒྱས་དང་སེམས་ཅན་གྱི་བར་ན་གནས་ཞེས་ཀྱང་གསུངས་པས། བསྒོམ་ལ་མི་བསྒོམ་པར་བཞག །ཤིན་ཏུ་རྩོལ་བ་མེད་པར་དབྱིངས་ལ་ཡེ་ཤེས་ཤར་བ་ཀུན་ཏུ་འོད་ཀྱི་སའམ་བསྒོམ་མེད་དུ་བཞག་སངས་རྒྱས་ཀྱི་དགོངས་པར་བཞག་ན༔ དེ་གསུམ་གྱི་དགོངས་པའི་བསླབ་བྱ་ལ་ཁྱད་པར་མེད་ཀྱང་༔ མཐོང་ཚུལ་ལ་ཁྱད་པར་ཡོད་པས༔ དཔེར་ན་སྤྲིན་འོག་གིས་ཉི་མ་མི་གསལ་ཡང་འོད་ཀྱིས་ནམ་མི་སྲོས་པ་དང་༔ སྤྲིན་ལས་ཅུང་ཟད་གྲོལ་བའི་ཉི་མ་མོག་པོར་མཐོང་བའི་འོད་དང་༔ ཤིན་ཏུ་རྣམ་པར་དག་པའི་ཉི་མ་འོད་ཟེར་དང་བཅས་པ་རབ་ཏུ་འབར་བ་དག་ལ༔ ཉི་མའི་འོད་དང་དངོས་པོ་ལ་ཁྱད་མེད་པ་བཞིན་པས་རྒྱུད་སྡེ་གཉིས་དགོངས་པ་ཆུ་བོ་གཅིག་འདྲེས་སུ་བླངས་པའོ༔ འདི་ཡང་ཁོ་བོའི་རྟོག་བཟོ་ཙམ་ཞིག་མ་ཡིན་པའི་ཚུལ་ཀྱང་བསྒོམ་བསྒོམ་མེད་ཀྱི་འབོད་སྐད་ལས༔ བསམ་གཏན་དང་བསྒོམ་པ་ཕྱོགས་གཅིག་གིས་དགོངས་པ་ཞེས་པ་གར་བྱུང་དང་༔ བསྒོམ་པ་བསམ་གཏན་ཏིང་འཛིན་དང་༔ མ་ཡེངས་མ་འཕྲོས་འབྲལ་བ་མེད༔ གནས་དང་གོམས་དང་འདྲིས་པའི་ངང་༔ ཞེས་པ་མཚན་གྱི་རྣམ་གྲངས་དང་བསྒོམ་མེད་དང་སངས་རྒྱས་ཀྱི་དགོངས་པ་གཉིས་སྦྱར་བ་ཡང་༔ འབོད་སྐད་ལས༔ རང་བྱུང་ཡེ་ཤེས་ཆེན་པོ་དང་༔ ལྷུན་གྲུབ་ཡེ་སངས་རྒྱས་པ་དང་༔ ཡིད་ལ་བྱ་རྒྱུ་མེད་པ་དང་༔ དམིགས་དང་ཡུལ་དང་བྲལ་བ་དང་༔ བསྒོམ་མེད་དོན་ལ་བློ་བཞག་ཅེས་པ་དང་༔ བསྒོམ་དུ་མེད་པའི་ཚིག་ཐམས་ཅད་ནི༔ ཞེས་སོགས་ཐིག་ལེ་ཀུན་གསལ་ཉིད་ཀྱི་དགོངས་པ་དང་ཐབས་སོགས་སྔོན་དུ་བསྟན༔ རྗེས་སུ་འབོད་སྐད་ཀྱི་བསྡོམ་དེ་གསུངས་བས་ན༔ དེའི་ངེས་པ་ལས་ཁོ་བོས་ཀྱང་དྲངས་ནས་བཤད་པས་འགལ་བ་མེད་དོ༔ དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས༔ བསྒོམ་པ་ནི་གསུམ་སྟེ༔ ལྷ་ལ་སོགས་པ་སེམས་ཀྱིས་བསྒོམ་པ་དང་༔ ཐེག་པ་ཆེན་པོའི་བསམ་གཏན་དང་༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ཡིན་ནོ༔ ཞེས་སོ༔ འདི་དག་ནི་ཉིན་མཚན་ཁ་སྦྱོར་གྱི་བསྒོམ་པ་ཞེས་བྱའོ༔ གསུམ་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་གྲོགས་བཙལ་བ་ནི་འབྱུང་མ་རག་པ་བཞིན་ནོ༔


previousཀ་དག་རྫོགས་པ་ཆེན་པོར་གོལ་སྒྲིབ་འཁྲུལ་པའི་འཕྲང་བསལ་ཞིང་བསམ་དོན་གནད་དུ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ།next