Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།

6 occurrences of བརྒྱུད་གསུམ་
[Clear Hits]


collapse section
  
  
  
  
  
  
  
 
དེ་ཉིད་གཏན་ལ་དབབ་ཚུལ།
  
 
  
  
  
  
  
 
  
  
 


6 occurrences of བརྒྱུད་གསུམ་
[Clear Hits]

 
previousདེ་ཉིད་གཏན་ལ་དབབ་ཚུལ།next

དེ་ཉིད་གཏན་ལ་དབབ་ཚུལ།

དེ་ཉིད་གཏན་ལ་དབབ་ཚུལ་ལ་ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པའི་སྒོ་ནས་རྩད་བཅད་པ། སེམས་དེ་ཉིད་བརྟགས་པ་རྣམ་པ་དུ་མའི་སྒོ་ནས་མཚངས་བཙལ་བ་དང་། བྱུང་གནས་འགྲོ་གསུམ་བརྟགས་པའི་སྒོ་ནས་སྐུ་གསུམ་དུ་ངོ་སྤྲད་པ་དང་གསུམ་ལས།

དང་པོ་ནི། བླ་མ་གཅིག་གི་རིགས་ཀྱི་བུ་སྒོ་གསུམ་གཙོ་གང་ཆེ་རྟོགས་ཤིག་གསུངས་བ་གཟུ་ལུམ་དུ་སྨྲ་བ་འགའ་ཞིག་གི་ན་རེ། དེ་ལ་སེམས་གཙོ་ཆེ་བ་ལོས་ཤེས། སེམས་ཀྱིས་མ་བསམ་པར་ལུས་ཀྱིས་བསྒུལ་བསྐྱོད་དང་ངག་གི་སྨྲ་བརྗོད་མི་ནུས་ཟེར་བས་དེ་ལ་དཔྱད་པར་བྱའོ། །དེ་ནི་བབ་ཅོལ་དུ་སྨྲ་བ་ཙམ་ཞིག་སྟེ། མ་དག་པའི་དུས་སུ་ལུས་ངག་ལ་མ་ལྟོས་པའི་བསམ་རྒྱ་ཙམ་གྱི་གར་ཡང་མི་སླེབ་ལ། དག་པའི་དུས་སུའང་རྡོ་རྗེ་གསུམ་ལས་གང་གཙོ་ཆེ། ཡང་བར་དོ་ཡིད་ཀྱི་ལུས། རྨི་ལམ་བག་ཆགས་ཀྱི་ལུས། ད་ལྟ་ཤ་ཁྲག་གི་ལུས། གཟུགས་ཁམས་འོད་གསལ་གྱི་ལུས། སྟོང་རིག་ཏིང་འཛིན་གྱི་ལུས་ལ་སོགས་པ་ནམ་ཡང་སེམས་ཡན་གར་བ་ཞིག་མི་སྲིད་པས། དེ་དག་མེད་པའི་སེམས་རྐྱང་བས་གྲུབ་པའི་ལུས་སོགས་ག་ལ་ཡོད། དེ་ཕྱིར་གཙོ་ཆེ་བར་ཅིས་བཞག །འགྲོ་འདུག་བསྒུལ་བསྐྱོད་ལ་སོགས་པར་ལུས། སྨྲ་བརྗོད་ལ་སོགས་པར་ངག །བསམ་དྲན་ལ་སོགས་པར་སེམས་ཡིན་པར་ཆེ་ཆུང་མེད་པ་འདྲ་སྙམ་ན། དེ་ལ་བཤད་དེ། ཀུན་གཞི་སེམས་ཀྱི་རྩ་བ་ལ་བག་ཆགས་བཞག་པས་ལུས་དང་གནས་སུ་སྣང་བ་དང་། ལུས་དེ་ཐམས་ཅད་ལ་སེམས་ཀྱིས་བདག་ཏུ་བཟུང་པ་ལས། རང་གར་ནི་མགུལ་བསྐྱོད་ཙམ་ཡང་མི་ནུས་པར་སོ་སོར་འབྲལ་ཞིང་རུལ་མྱག་ཏུ་འགྱུར་བ་དང་། ངག་གི་སྨྲ་བརྗོད་ཀྱང་སེམས་ལ་མ་བརྟེན་པར་མི་ནུས་ལ། གཞན་ཡང་སངས་རྒྱས་སམ་ཡང་ན་འཁོར་བར་འཁོར་བས་གྲོལ་འཁྲུལ་ཀྱང་སེམས་ལ་བརྩི་བ་དང་། དེ་ལྟར་རྒྱུ་འབྲས་ལ་སོགས་པའི་གནས་སྐབས་གང་ནས་ཀྱང་། མྱོང་རིག་སྡུག་བསྔལ་གྱི་ལུས་ལ་སོགས་པ་སེམས་ཀྱིས་བཟོས་པ་ལས། རང་མཚན་དུ་གྲུབ་ན་དམྱལ་མེས་མི་ཚིག་པའི་རྒྱུ་མཚན་དང་། ལུས་དེའི་ཕ་མ་སོགས་ཀྱང་དགོས་ལ། མ་ཟད་འཁོར་འདས་ཐམས་ཅད་སེམས་ཀྱིས་བཟོས་པར་ཟད་དེ། འཁོར་བའི་ཕུང་ཁམས་ཐམས་ཅད་སེམས་ཀྱི་རང་སྣང་དང་། མྱང་འདས་རིག་པའི་དག་སྣང་ཡིན་པར། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པས་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང་། འཕགས་པ་ལྷའི། ཕྱི་རོལ་དོན་ནི་ཡོད་མ་ཡིན། །རང་གི་སེམས་ནི་མཐོང་བར་འགྱུར། །ཞེས་དང་སམ་བྷུ་ཊི་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་སུ་བརྟགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་ན་ཡོད་པ་མ་ཡིན་ནོ། །ཞེས་པས་ཕྱི་རོལ་ཡུལ་གཅིག་ལ་མཐོང་ཚུལ་སྣ་ཚོགས་པ་དང་། །སེམས་ལ་བག་ཆགས་བཞག་པས་སྣ་ཚོགས་པར་སྣང་སྟེ། གུར་ལས། ཐོག་མེད་འཁོར་བའི་བག་ཆགས་ཀྱིས། །ཕྱི་རོལ་དོན་ནི་ཡོངས་སུ་བརྟགས། །དོན་ཡོད་མ་ཡིན་སེམས་ཉིད་དེ། །སེམས་ནི་ཀུན་ཏུ་འགྲོ་བ་ཅན། །ཞེས་གསུངས་པས་དང་། གཞན་ཡང་བསླབ་གསུམ་འགལ་མེད་དུ་བཟུང་བའི་རྡོ་རྗེ་འཛིན་པ་ཡོད་པའི་ཕྱིར་ཡང་སེམས་གཙོ་ཆེ་བར་གསུངས་པས་དྲི་མ་མེད་པའི་ལུང་གིས་ཀྱང་གྲུབ་ལ། རྨི་ལམ་དང་བར་དོའི་ལུས་ངག་ཀྱང་སེམས་ཀྱིས་བཟོས་པར་རིགས་ཏེ་རྒྱུ་རྐྱེན་གཞན་མེད་པ་དང་། ཚུལ་འདིས་གཞལ་ན་ཡུལ་སྣང་སྣ་ཚོགས་པའི་དཀར་དམར་ལའང་མཚུངས་ཏེ། གཉིས་ཆོས་ཀྱི་སྤྲོས་པ་ཟད་པའི་སངས་རྒྱས་ལ་དེ་དག་མི་སྲིད་པས་སོ། །ཁ་ཅིག་གིས་རང་སྒོས་འཁོར་བ་དང་སྤྱི་མཐུན་གཉིས་སུ་ཕྱེ་ཡང་ཐ་སྙད་ཀྱི་སྣང་ཚུལ་ལ་དགོངས་ཏེ་ཀུན་རྫོབ་བཤད་ཚུལ་ཙམ་ལས། ཐ་སྙད་ཀྱི་གནས་ཚུལ་ལ་འཁོར་བའི་སེམས་ཅན་ཐམས་ཅད་གྲོལ་ཏེ། སྟོང་པའི་ཤུལ་ན་སྣོད་སྟོང་ཞིག་བཞག་པར་དཀའ་སྟེ། རྨི་ལམ་སད་ཤུལ་ན་རྨི་ཡུལ་སྤྱི་མཐུན་པ་ཡོད་དོ་ཟེར་བས་དེ་ནི། ཁོ་བོའི་ཕ་ཅིག་གིས་འཁོར་འདས་ཐམས་ཅད་སེམས་ཅན་གཅིག་གི་སྣང་བ་ལས་གཞན་དུ་མེད་གསུངས། དེ་ལ་རྟོག་གེ་མགོ་མཁྲེགས་འགའ་ཞིག་གིས། གཅིག་གྲོལ་བས་ཀུན་གྲོལ། །གཅིག་འཁྲུལ་བས་སངས་རྒྱས་ཀུན་ཏུ་བཟང་པོ་ལའང་འོ་བརྒྱལ་བྱེད་ཟེར། ཐམས་ཅད་རྒྱུད་གཅིག་དུ་འདོད་པའི་གྲུབ་མཐའ་ལ་ཟེར། ཡང་དེ་ལ་བཤད་ན། དཔེར་ན་རྨི་ལམ་གྱི་སེམས་ཅན་གཅིག་ཤི་བས་ཀུན་འཆི་ཞེས་པ་ལྟ་བུའི་ཚུལ་གྱི་དགག་བཞག་གིས་ཅི་བྱ། དེ་ཙམ་ལ་རིག་ཤེས་པར་སུས་བཞག །རྨི་ལམ་དུ་སྣང་བའི་སངས་རྒྱས་སུ་གྲགས་པ་གཅིག་གིས་ཐམས་ཅད་གྲོལ་ཞིང་། རྨི་ལམ་གྱི་སེམས་ཅན་ཐམས་ཅད་རྒྱུད་གཅིག་པར་འདོད་པས་གྲུབ་མཐའ་དེ་ཟེར་ནས་དགག་བཞག་བྱེད་ན་བཞད་གད་ཞིག་རིན་གྱིས་ཉོ་བ་སྟེ། ཐམས་ཅད་རྨི་ལམ་དང་འདྲ་བར་ཏིང་འཛིན་རྒྱལ་པོ་ལས་ཀྱང་། དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཤེས། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །དེ་ལ་བརྟགས་ན་སྙིང་པོ་ཡོངས་མི་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་དང་། མགོན་པོ་ཀླུས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །ཞེས་སོགས་གསུངས་པ་ཐམས་ཅད་ཁ་ནས་ནེ་ཙོ་ལྟར་འདོན་པ་རྣམས་ལ། །མྱང་འདས་བརྟགས་པས་རབ་བྱེད་དང་སྔ་མ་རྡོ་རྗེ་གུར་གྱི་བསྟན་དོན་སྙིང་ལ་ཚེར་མར་གྱུར་ཏོ། །ཧེ་བཛྲ་ལས་ཀྱང་འདི་ལྟར། འཇིག་རྟེན་ཁམས་ནི་གང་ནས་ཀྱང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །ཞེས་སོ། དེ་ལྟར་འཁོར་འདས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་ཡིན་པས། ཡེ་ཤེས་ལ་དག་པའི་སྒོ་ཡོད་པ་ལས་ཤར་བས་ཐུགས་རྗེའི་འབྲེལ་ཡང་རང་ལ་གྲུབ་པས་རང་སྣང་སྟོན་པ་བླ་མར་ཤར་བ་ལས་གཞན་མིན་པར་ཤེས་དགོས་ལ། ཡང་རང་ལ་སྣང་བ་རང་སེམས་མིན་ན་འབྲེལ་བ་མེད་པར་མི་མཐོང་བ་ཡིན། འདིས་རང་སྣང་གི་འཁོར་འདས་སེམས་སུ་རིག་པ་དང་། གཞན་སེམས་ཅན་གྱི་ངོར་སྣང་བའང་སོ་སོའི་རང་སྣང་ལས་སྤྱི་བཙན་གྱི་སྣོད་སྟོང་མེད་པར་ཤེས་དགོས་ལ། ཆུ་ལ་མཐོང་བའང་རང་ངོའི་ཆུར་སྣང་བའི་སྒོ་འོད་དཀར་མ་ཀིའི་རང་བཞིན་ལ་བདག་ཏུ་བཟུང་བས་མཐོང་ཚུལ་ཙམ་ལས་ཕྱིའི་ཡུལ་ཆུ་གཅིག་ཏུ་རིགས་དྲུག་གི་སེམས་ཅན་བལྟ་བོ་ཐུན་མོང་དུ་ཚོགས་སུ་མེད་ལ་རང་སྣང་གཞན་སྣང་གཉིས་ཆར་གཏོགས་པའི་ཕུང་གསུམ་ཀྱང་མེད་དེ་སུས་མཐོང་བ་དེ་ཡང་བདེན་ངེས་མེད་པའི་དངོས་པོ་སྤྱི་འཐུས་པ་ཡང་མེད་པར་ཤེས་དགོས་སོ། །དེ་བས་ན་འདི་ལྟར་དོན་སེམས་སུ་རིགས་པས་རྡུལ་ཕྲན་ཆ་མེད་དང་། གནས་ལུས་སུ་འཛིན་པ་རང་གྲོལ་ཞིང་ཉན་རང་གི་གྲུབ་མཐའ་ལས་བརྒལ་ནས་སེམས་ཙམ་དུ་རྟོགས་པ་འདི་བཅོམ་ལྡན་འདས་ཀྱིས། ཀྱཻ་རྒྱལ་བའི་སྲས་པོ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པའོ། །ཡང་རྨི་ལམ་འཁྲུལ་བར་བཞག་ཀྱང་དེའི་རང་འདོད་ལ་མི་ཕན་པར་ཉིན་མཚན་ལ་འཁོར་འདས་སུ་ཞེན་པས་མཚང་བརྟོལ་ནས། བཅོམ་ལྡན་འདས་ཀྱི་སྐྱབས་འོག་ལས་བུད་པར་འགྱུར་རོ། །ཁོ་བོའི་ཕ་ཅིག་ལྟར་ན་སངས་རྒྱས་དང་གྲུབ་ཐོབ་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པར་འགྱུར་རོ། །ཇི་སྐད་དུ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཉིད་ལས་གཞན་པའི་ཆོས་མི་བཙལ། །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཅེས་པའི་བར་གྱིས་བསྟན་ཏེ། རང་ཤར་ལས། རང་གི་རིག་པ་གསལ་བ་ཡི། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་སྙིང་པོ་ལ། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཞེས་གསུངས་པའི་ཕྱིར་དེ་དག་གིས་ཆོས་ཅན་ལྟ་བ་ཞར་ལ་གཏན་ལ་ཕེབ་པར་གྱུར་ཏོ། །ཁ་བཤད་ཚིག་གི་རྗེས་བརྗོད་བྲག་ཆས་ཚིམ། །ཉམས་མྱོང་དོན་གྱི་ཟབ་གནད་ཡལ་བར་དོར། །བྲམ་ཟེའི་རིག་སྔགས་བཟློ་འདྲ་མཁས་རློམ་གྱི། །སེང་གེའི་གཟོབ་དེ་སྲོག་དང་བྲལ་བར་ཤེས། །རྟོན་པ་བཞི་ལྡན་དྲང་སྲོང་མཆོག་གི་གསུང་། །རྒྱན་དང་སྡེབ་སྦྱོར་རང་ཆེ་མ་འབྱིན་ཀྱང་། །སྙིང་རྗེའི་དབང་གི་བདེ་བླག་རྟོགས་པ་དེའི། །རྡོ་རྗེའི་ཚིག་བརླིང་འཁྲུལ་བའི་གནད་དུ་ཕོག །ཅེས་ཀྱང་ཡིད་ཆེས་པས་བསྟོད་པའོ། །དེ་ཡང་ཡིན་ཏེ། ཆུ་དང་མེ་ལ་གནས་སུ་འདུ་ཤེས་པ་ལ་སོགས་ཡོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པས་སོ། །

གཉིས་པ་མཚངས་བཙལ་བ་ལ། གཟུགས་དབྱིབས་ཁ་དོག་གཅིག་ཐ་དད་རྟག་མི་རྟག་དེ་བརྟག་པ་རྣམ་པ་ལྔ་ལས། དང་པོ་ནི། རྒྱུ་འབྲས་ཕྲ་རགས་རྣམ་པར་རིག་མིན་གྱི་གཟུགས་གང་དུ་གྲུབ་ན་དངོས་པོ་ཡོད་པར་འགྱུར་ཀྱང་དེ་དག་མ་ཡིན་པས་གཟུགས་ནི་མི་སྲིད་པས་ན་སེམས་ནི་གང་དུའང་མ་གྲུབ་པས་གཟུགས་མེད་པར་ཐག་བཅད་པའོ། །

གཉིས་པ་ནི། མཐའ་དང་དབུས་ནི་ལྟོས་འཇོག་སྡོམ་པས་འཁྲུལ་བ་ཙམ་ལས་དངོས་པོ་ལ་རྡུལ་ཕྲན་གྱིས་ཁྱབ་པས་དེ་ཙམ་ལ་མཐའ་དབུས་ཀྱིས་བཞག་ཏུ་མེད་ལ། ཡོད་ན་ཕྲ་རབ་མ་ཡིན། མེད་ན་དབྱིབས་སུ་འཇོག་བྱེད་རྩད་ནས་མེད་པས་ཀྱང་དབྱིབས་མི་འཐད་ལ། སེམས་ནི་རྡུལ་དུ་གྲུབ་པ་མིན་པས་དབྱིབས་སུ་མེད་ལ། གལ་ཏེ་ཡོད་ན་ཟླུམ་པོ་དང་གྲུ་བཞི་ཕྱལ་པོ་ཟླ་གམ་ཟུར་གསུམ་སྟེང་འོག་ཕྱི་ནང་གང་རུང་དུ་ཡོད་བརྟགས་པས་གང་དུ་ཡང་གྲུབ་པ་མེད་པར་ཐག་བཅད་དོ། །

གསུམ་པ་ནི། ཁ་དོག་དཀར་སེར་དམར་ལྗང་མཐིང་ཀ་ཁྲ་བོ་ཐལ་ཁའོ་ཁ་སྐྱ་ལྗང་སོགས་ཇི་ལྟར་འདུག་བརྟགས་པས། གང་དུ་ཡང་གྲུབ་པ་མེད་ན་གཟུགས་ཀྱི་དངོས་པོ་མེད་པར་ཐག་ཆོད་པར་ངེས་སོ། །

བཞི་པ་ནི། ལར་འགྲོ་བ་མང་པོ་ལ་སེམས་མང་པོ་ཡོད་ན་ལུས་ཀྱི་སྲིན་བུ་སོགས་ལྷན་ཅིག་ཏུ་འཕོ་བ་མི་རིགས་པ་དང་། ཐམས་ཅད་རང་ལ་བདེ་འདོད་སྡུག་བསྔལ་མི་འདོད་པས་སེམས་མཉམ་པ་མི་འོང་དུ་ཐང་བས་མི་འཐད་པ་དང་། འགྲོ་བ་ཐམས་ཅད་གཅིག་ཡིན་ན། གཅིག་ཤི་བས་ཀུན་ཤི་བ་དང་། གཟུགས་ཐ་དད་པར་མི་རུང་བས་མི་འཐད་ལ། ཡང་རང་གི་ལུས་སེམས་ཐ་དད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པ་དང་། ལུས་ལ་ན་ཚ་དང་སྡུག་བསྔལ་བྱུང་ཡང་སེམས་ཀྱིས་ཉེ་བར་ལེན་དོན་མེད་པ་དང་། སེམས་མེད་པས་བར་སྲིད་དང་རྨི་ལམ་གྱི་ལུས་དེ་ཡོད་དགོས་པ་དང་། གཅིག་ཏུ་ན་སེམས་གཡོ་དུས་ལུས་གཡོ་བ་དང་། སེམས་ཀྱིས་ཡུལ་ཤེས་དུས་ལུས་ཀྱིས་ཤེས་པས་གསལ་རིག་ཏུ་འགྱུར་བ་དང་། སེམས་རྡུལ་གྲུབ་དུ་ཐལ་བ་དང་། སེམས་ལ་ཞེ་སྡང་བས་ལུས་དང་། སེམས་ཀྱི་ཡིད་མི་བདེ་བས་ལུས་ལ་དེ་ཡོད་པ་དང་། ལུས་རྨས་པས་རྨས་པ་ལ་སོགས་འགལ་འདུས་སུ་ཐལ་ལ། ཡང་སེམས་དེ་རང་གི་ངོས་ནས་གཅིག་ཏུ་ན་རྣམ་རྟོག་ཐ་དད་པ་འདི་མི་འཐད་ལ། གཉིས་སུ་ན་རྣམ་རྟོག་རེ་རེའི་གྲངས་ཀྱིས་སེམས་རེ་ཡོད་པར་འགྱུར་ལ། རྣམ་རྟོག་སྔ་ཕྱི་ཐམས་ཅད་གཅིག་ཏུ་སྨྲ་མི་སྤོབས་ཤིང་གཞན་དུ་རྒྱུ་འབྲས་ཐ་དད་པར་སྨིན་ནས་ལས་ལྷ་བྱིན་གྱིས་བྱས། འབྲས་བུ་མཆོད་སྦྱིན་གྱིས་ཟ་བ་དང་། རྒྱུད་ཐ་དད་པས་སྔ་མའི་བྱ་བྱེད་དྲན་བསམ་ཐམས་ཅད་བརྗེད་ངེས་སུ་ཐལ་ལ། གཅིག་ཀྱང་མ་ཡིན་ལ། རྒྱུད་ཀྱང་གཅིག་གོ་ཞེ་ན། སེམས་སྔ་ཕྱིའི་བར་ན་སྦྲེལ་ཐག་མཚམས་སྦྱོར་ཞིག་གི་དུ་མ་གཅིག་པའི་སྤྱི་དེ་སུས་བསྟི་སྟངས་བྱ། སེམས་དང་རྣམ་རྟོག་གཉིས་སུ་ཕྱེད་ནས་མེ་དང་མེ་སྟག་ལྟ་བུ་ཞིག་ན། དེ་གང་གིས་གང་ལྟར་དམིགས། ཡང་སྐད་ཅིག་གཅིག་ལ་ཤེས་རྒྱུད་གཉིས་འགལ་བས་འཕྲོ་གཞི་དང་འཕྲོ་བའི་སེམས་གཉིས་མི་སྲིད་པ་དང་། གཅིག་ན་གཅིག་ས་དང་གཅིག་མཁན་མེད་པས་གཅིག་མི་འཐད་པ་དང་། ཡང་གཉེན་གྱི་སེམས་དང་དགའ་བའི་སེམས་གཉིས་དང་། དགྲ་དང་མི་དགའ་བའི་སེམས་གཉིས་གཉིས་སུ་བརྟགས་པས། གཅིག་ཐ་དད་གང་དུ་ཡང་གྲུབ་པ་མེད་པས་ན། མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་རང་བཞིན་ཏེ། གཅིག་དང་ཐ་དད་དུ་ནི་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཡིད་བྱེད་ཡིན། །ཞེས་སོ། །ཡང་སྐྱེ་འགགས་ཀྱི་སེམས་ལ་བརྟག་པ་ན། སྔ་མའི་སེམས་དེ་འགགས་ནས་མ་འོང་བ་མ་སྐྱེས། ད་ལྟ་བ་གནས་པའི་ཆ་གསུམ་གྱི་གང་དེ་རང་གི་སེམས་ཡང་དག་པར་གནས་བརྟགས་པས་གསུམ་ཆ་གཅིག་ཏུ་འདོད་ན་ཉི་མའང་མུན་པར་ཐལ། ཡང་ཐ་དད་ན་གསུམ་ཡོད་པས་དེ་ཡང་མི་འཐད་པའི་ཤེས་རྒྱུད་དུ་དམིགས་སོ། །ཡང་རྒྱུན་དེ་འཕྲད་དམ་མ་འཕྲད། འཕྲད་ཆ་སྔ་མ་དེ་འགགས་ཟིན་པས་ད་ལྟ་བའང་འགགས་པར་ཐལ། ད་ལྟའི་སྐད་ཅིག་དང་འཕྲད་ཆ་དེ་མ་འགགས་པས་ད་ལྟ་ཡོད་པར་གྱུར་ནས་མ་འོངས་བའང་ད་ལྟའི་འདི་དང་འཕྲད་དགོས་པའི་ད་ལྟ་ཡོད་ལ། ད་ལྟར་བའང་འདས་མ་འོངས་གཉིས་སུ་ཕུང་གསུམ་འབྱུང་བའི་སྐད་ཅིག་སྔ་ཕྱི་ཐམས་ཅད་གཅིག་ཏུ་འདོད་པས་རིལ་པོ་གཅིག་བདེན། བསྐལ་མང་སྐད་ཅིག་ཏུ་འགྱུར་བས་ན་དེ་འདྲ་རྣམ་བཞག་ཆགས་པའི་གྲུབ་མཐའ་མཁན་དང་བློ་ལྡན་སུས་སྨྲ་ཞིང་འདོད་དེ་མི་སྲིད་དོ། །

ལྔ་བ་ནི། ཡང་རྟག་མི་རྟག་ལ་བརྟགས་པས་སེམས་མེད་ན་རྟག་པར་འགྱུར་ཀྱང་རྣམ་རྟོག་སྣ་ཚོགས་པ་མི་འཐད། ཡོད་ན་རྣམ་རྟོག་ཤར་ཙམ་འཐད་ཀྱང་མི་རྟག་པར་ཐལ། མི་རྟག་ན་རྒྱུ་འབྲས་ཆུད་ཟ་བ་དང་། སྐད་ཅིག་སྔ་མ་འགགས་པས་ཕྱི་མ་རྒྱུ་མེད་དུ་སྐྱེ་བས་ཕུར་བུ་བ་ལ་ཉེ་བས་གང་ཡང་མི་འཐད། ཡང་རྟག་མི་རྟག་གཉིས་ཀྱི་བར་ནས་ཕུང་གསུམ་མགོ་ཉེས་ཞིག་གི་སྲིད་མིན་དེ་འདོད་པ་ངོ་ཚ་མི་ཤེས་པའི་རྣམ་འགྱུར་ཡིན་ན་བག་གཟོན་གྱི་ཡུལ་དུ་གྱུར་པས་ཁས་ལེན་དང་བྲལ་བ་དང་། ཡོད་རྒྱུ་དང་ཡོད་ཚུལ་མེད་པའི་ཡོད་པ་ནི་ནམ་ཡང་མ་ངེས་པས་སུས་ཤེས་བྱེད་ཀྱི་རྟགས་གང་ཞིག །མེད་ན་རབ་འབྱམས་པས་སྣང་བ་འདི་ལྟར་ཅིས་ཕྱིར་སྣང་བརྟགས་པས་ཐམས་ཅད་རྨི་ལམ་དང་རྨི་སེམས་ལྟ་བུར་གཉིས་སུ་སྣང་ཡང་གཉིས་སུ་མེད་པ་སྟེ། མགོན་པོ་བྱམས་པས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པར་ནི། །ཐུབ་པས་སྐད་ཅིག་གཅིག་གིས་རྟོགས། །ཞེས་པ་དེ་ཡང་དག་པའི་གནས་ལུགས་སོ། །འོན་ཀྱང་དེ་དག་དོན་དམ་པར་གྲུབ་ཀྱང་ཀུན་རྫོབ་དུ་སེམས་ཡོད་དོ་སྙམ་པ་ནི་གནས་ལུགས་བདེན་པ་བོར་ནས། སྣང་ལུགས་རྫུན་པས་རང་མགོ་བསྐོར་བས་སྲིན་བུའི་ཁ་ཆུས་རང་བཅིང་བ་ལྟར་དངོས་པོར་འཛིན་པ་ཐར་པའི་བདུད་ལས་སུ་ཤེས་སོ། །

གསུམ་པ་བྱུང་གནས་འགྲོ་གསུམ་བརྟགས་པའི་སྒོ་ནས་སྐུ་གསུམ་དུ་ངོ་སྤྲད་པ་ལ་གསུམ་ལས་།

དང་པོ་བྱུང་ས་བྱུང་མཁན་ལ་བརྟགས་པ་ནི། དྲན་རིག་དུ་ཤར་བ་འདི་སྐྱེ་དུས་སམ། ཕྱི་ཡུལ་ལ་འཕྲོ་དུས་ན། ས་ཆུ་མེ་རླུང་ལ་སོགས་པའི་ཡུལ་ལས་བྱུང་ངམ། རང་གི་ལུས་ལས་བྱུང་ངམ། སེམས་རང་ལས་རང་བྱུང་བརྟགས་པས་ཡུལ་ཚུལ་པ་དུམ་བུར་གཏུབ་པས་རྟེན་གཞི་བྱུང་ས་དང་བྲལ་བ་ཐག་ཆོད་པས་གཟུང་རྟོག་རང་སར་གྲོལ། སེམས་ལ་བྱུང་བའི་སེམས་དང་བྱུང་རྒྱུའི་སེམས་གཉིས་སྐད་ཅིག་གཅིག་གི་ཐོག་ཏུ་མ་གྲུབ་པ་སྐྱེ་བ་མེད་པར་ཐག་ཆོད། སྔ་མ་འགགས་པའི་དེ་མ་ཐག་རྐྱེན་དུ་བྱེད་ན་ཞིག་པ་དངོས་མེད་ལས་རྒྱུ་མེད་དུ་བྱུང་བ་དང་། དེ་ལྟར་བྱུང་ས་མེད་པའི་བྱུང་མཁན་ལ་བལྟས་པས་ངོ་བོ་གང་དུའང་མ་གྲུབ་པར་ཐག་ཆོད་དེ་འཛིན་རྟོག་རང་སར་གྲོལ་བར་འགྱུར་རོ། །དེ་ལྟར་བྱུང་ས་དང་བྱུང་མཁན་ལ་བརྟགས་པས་ཡུལ་མེད་རྟེན་བྲལ་ཆེན་པོ་མངོན་དུ་མྱོང་བ་ནི་ཆོས་སྐུ་རང་བབས་ཆེན་པོའི་དགོངས་པ་རྒྱུད་ལ་སྐྱེས་པའོ། །དེ་ལྟར་སྐྱེ་བ་མེད་པར་ཐེག་ཆེན་ཐམས་ཅད་ཞལ་མཐུན་ཀྱང་མངོན་སུམ་ཅར་ཕོག་ཏུ་ངོ་འཕྲོད་པ་རྫོགས་པ་ཆེན་པོ་ཁོ་ནའི་ཁྱད་ཆོས་སུ་ངེས་པས། ཀུན་བྱེད་རྒྱལ་པོ་ལས། ང་ལས་བྱུང་བ་སྐུ་གསུམ་སྟོན་པ་ལ། །སེམས་ཉིད་སྐྱེ་མེད་ཡིན་ཞེས་ཀུན་བསྟན་ཞིང་། །རང་བཞིན་མེད་པའི་དོན་ལ་ཀུན་རྩོལ་ཀྱང་། །སྐྱེ་མེད་སྔོན་དུ་ཀུན་གྱི་རྟོགས་པ་མེད། །ཞེས་དང་། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་ཀྱི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །

གཉིས་པ་གནས་ས་གནས་མཁན་ལ་བརྟགས་པ་ནི། སེམས་ཡོད་པར་བཟུང་ནས་རང་གིས་རང་བསླུས་པ་འདི་ཡོད་ན་གནས་པ་ཞིག་ཡོད་དགོས་པས་ན། ཕྱི་ནང་བར་གསུམ་གང་ན་ཡོད་བལྟས་པས། ཕྱི་ན་གནས་དུས་ལུས་རོ་རུ་འགྱུར་བ་དང་། ནང་ནས་ཡོད་ན་ཕྱིའི་ཡུལ་ལ་འཆར་ལུགས་མེད་པ་དང། ཁྱད་པར་རྟེན་ལ་བཟུང་བས་ཟིན་དུ་མི་སྲིད་ན་ཇི་ལྟར། ཁྱད་པར་དུ་ལུས་ཀྱི་སྟོད་དུ་གནས་ན་སྨད་དུ་ཚེར་མ་ཟུག་ཀྱང་མྱོང་བར་མི་འགྱུར་ལ། སྨད་དུ་གནས་ན་སྟོད་དང་། གཞོག་གཡས་གཡོན་ཐམས་ཅད་དང་། གཞན་ཡང་རེ་རེ་ནས་བཙལ་བས་ཐམས་ཅད་ནས་ཡོད་པ་འདྲ་ན་ཁྱབ་བྱ་ལུས་རྡུལ་ཕྲན་རེ་རེའི་གྲངས་ཀྱི་ཁྱབ་བྱེད་སེམས་དུ་མར་ཡོད་པའམ། ཡང་ན་གཅིག་མྱུར་བས་རྒྱུག་པ་ལྟ་ན་གནས་ས་དང་འགྲོ་ལུགས་སོགས་ཡོད་དགོས། ཡང་གནས་ས་ཡོད་ན་གནས་མཁན་ཀྱང་ཡོད་དགོས་པས། དེ་ལ་བྱད་བཞིན་རྣམ་པ་འདི་འདྲར་ངེས་པའི་ཁས་ལེན་མེད་པ་མི་སྲིད་དོ། །ལར་ལུས་ལས་རྒྱུ་ཚུལ་ལམ་ཁྱབ་ཚུལ་ཀྱང་ངེས་དགོས་པ་དང་། ཉིན་སྣང་དང་མཚན་སྣང་གི་ལུས་ལ་གནས་ཚུལ། བར་སྲིད་དང་ཕྱི་མའི་ལུས་ལ་གནས་ཚུལ་སོགས་ལ་དཔྱད་དོ། །གནས་ས་དང་གནས་རྒྱུ་དང་གནས་ལུགས་གང་ཡང་མ་ངེས་པའི་གནས་པར་འདོད་པ་ནི་ནམ་ཡང་ལྐོག་ཏུ་གྱུར་བའི་ཡོད་པར་འགྲུབ་བྱེད་ཀྱི་རྒྱུ་མཚན་ཅི་ཡང་མ་གྲུབ་པོ། །གལ་ཏེ་ང་རང་གི་བསམ་པས་མངོན་དུ་གྱུར་ན་འགྲུབ་སྙམ་པ་ལ། ཕ་རི་གྱི་རི་བོ་དེ་ཆུ་རུ་བསམ་ཤིང་བཏགས་པ་ཙམ་གྱིས་འགྲོའམ་བལྟའོ། །དེ་སྐད་དུའང་ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་སྲིད། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་པས་ལུས་རྡུལ་ཕྲན་ཆ་མེད་དུ་གཞིག་པས་གནས་པའི་རྟེན་མེད་མཐོང་ངོ་། །ཞེས་པའི་དོན་ལ། སྒྱུ་འཕྲུལ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཅེས་སོ། །དེ་ལྟར་གནས་པ་མེད་པའི་ཚུལ་དུ་རྟོགས་པས་ལོངས་སྐུ་རང་བབས་ཀྱི་དགོངས་པ་མངོན་དུ་གྱུར་བ་ཡིན་ནོ། །

གསུམ་པ་འགྲོ་ས་འགྲོ་མཁན་ལ་བརྟགས་པ་ནི། སེམས་འགགས་ནས་མེད་པར་གྱུར་རོ་སྙམ་པ་ལ། ཕྱི་ནང་བར་གསུམ་ཡོད་མེད་ཕྱོགས་ཆ་ཡུལ་དང་སེམས་གང་ལ་ཐིམ་པ་སོགས་བརྟགས་པས། གང་དུའང་མ་གྲུབ་པར་ཐག་ཆོད་པས་སྤྲུལ་སྐུ་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་གྱུར་བའོ། །གསང་བ་སྒྱུ་འཕྲུལ་ལས། འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་དང་། རྩ་ཤེས་ལས། འོང་བ་མེད་པ་འགྲོ་མེད་པ། །ཞེས་དང་། རང་ཤར་ལས། སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འགྲོ་འོང་མེད་པའི་རང་བྱུང་ཆེན་པོ་ནི། །འཛིན་ཆགས་མེད་པས་རང་བྱུང་ཆེན་པོ་སྟེ། །སེམས་མེད་རིག་པའི་ངང་དུ་ཤེས་པར་གྱིས། །ཞེས་སོ། །དེ་དག་ཀྱང་ཕྲེང་བ་ལས། སེམས་ཀྱི་རྩད་བཅད་ཡེ་ཤེས་ཀློང་། །མ་རིག་ཕུག་དེད་ལུ་གུ་རྒྱུད། །ཅེས་པ་ལྟར་བསྟན་པའོ། །བདུད་རྩི་རྒྱ་མཚོ་འཁྱིལ་བ་ལས། །དགྲ་དེའི་རྩ་བ་ང་བདག་ཆོད་པས་འཆིའོ། །ཞེས་དང་། དགྲ་བོ་ང་བདག་འདུག་པ་ལ། །རང་བྱུང་ངང་དྭངས་ཤན་པ་ཡི། །ཤེས་རབ་རལ་གྲིས་སྐེ་བཅད་དེ། །རྡོ་རྗེ་ལྕགས་ཀྱུའི་སྙིང་བཏོན་ནས། །མ་རིག་ང་བདག་སྲོག་བཅད་པས། །སྐྱེ་ཤི་རྩད་ཆོད་དབྱིངས་སུ་ཐིམ། །ཞེས་སོ། །དེ་ལྟར་གཏན་ལ་ཕབ་པས་གཟུང་འཛིན་ཡུལ་མེད་དུ་རྟོགས་ནས་དབུ་མ་ཆེན་པོའི་ལྟ་བ་རྟོགས་སུ་ཟིན་པར་ཐག་བཅད་དོ། །དེང་སང་སེམས་ཚོལ་བ་འདི་རྙིང་མ་བླུན་པོ་ང་མེད་པའི་ལུགས་ཞེས་སངས་རྒྱས་ཐམས་ཅད་མཁྱེན་པ་ལ་ཀླན་ཀ་ཚོལ་བ་དག་ནི་ངེས་པར་བདག་ཏུ་ལྟ་བའི་ཁ་འཛིན་བྱེད་པར་རིག་པར་བྱའོ། །ཅིའི་ཕྱིར་ན་ཐམས་ཅད་མཁྱེན་པས་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འཇིག་རྟེན་ལས་འདས་པའི་སྨན་གང་ཡིན་ཞེ་ན། སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ། །ཞེས་སོགས་དང་། གོང་མའི་གཞུང་དང་མཐུན་པར་བྱམས་པས་ཞུས་པ་ལས། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ། ཞེས་དང་། སྔ་མ་ལས། སྔོན་པོ་མ་ཡིན། སེར་པོ་མ་ཡིན་སོགས་རྒྱས་པར་གསུངས་པ་དང་། ཁྱི་རྡོ་ལ་བསྙེགས། སེང་གེ་འཕེན་མི་གསོད་པའི་དཔེ་སོགས་གསུངས་པའང་ཡང་དག་མ་ཡིན་པར་ལྟ་བ་རྣམས་ཀྱི་རྒྱུད་མུ་སྟེགས་ཀྱི་ལྷས་བསྐུལ་བར་བལྟའོ། །ཡང་ཐར་པའི་སྲོག་རྩ་གཅོད་པའི་བདུད་ལས་སུ་ཡང་ངེས་ཏེ། མདོ་དེ་ཉིད་ལས། དཔེར་ན་ལྷ་གོར་སྲོག་གི་དབང་པོ་ལ། །གནོད་ཅིང་དེ་ཡིས་བདེ་བ་སྦྱིན་པ་མེད། །དེ་བཞིན་ལྟ་གྱུར་ནང་ནས་བདག་ལྟ་བ། །དེས་ནི་ཆོས་སྲོག་རྣམ་པར་འཇིག་པར་བྱེད། །ཅེས་དང་། ཞི་བ་ལྷས་ཀྱང་སོས་དང་སྤྲ་སེན་བདག་མ་ཡིན། །སོགས་གསུངས་པ་དང་། གཞན་ཡང་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོའི་མཐོ་བ་ཉི་ཤུ་ཡེ་ཤེས་རྡོ་རྗེས་གཞོམ་པའང་ཤུགས་ཀྱིས་ཐལ་བ་འབྱོར་བས་དེ་ནི་ཕྱི་རོལ་བར་གདོན་མི་ཟའོ། །དེ་ལྟར་གཏན་ལ་ཕབ་ནས་ཕྱི་ཆོས་ཅན་གྱི་སྣང་ཡུལ་ལ་སྤྱི་དང་དུ་མར་ཚན་དུ་ཕྱེ་བའམ་གང་རུང་གིས་རྡོ་རྗེའི་མིག་གིས་བསླབ་ཅིང་། ཤེས་རབ་ཀྱི་མིག་གམ་སེམས་ཀྱིས་བལྟས་པས་ཅི་སྣང་ཆོས་ཉིད་ཀྱི་རོལ་བ་སྣང་སྟོང་མཐའ་བྲལ་ཆེན་པོར་རྟོགས་པ་ནི་རྙེད་དོན་ཡང་དག་པ་སྟེ་ཆོས་ཅན་ལྟ་བའི་ལྟ་བ་དང་། ཡང་ནང་སེམས་ལ་བལྟས་ནས་གཏན་ལ་ཕབ་པས། སྟོང་ཉིད་སྤྲོས་བྲལ་དུ་མཐོང་ཤིང་སྐྱེ་མེད་མུ་མཐའ་བྲལ་བར་རྟོགས་པ་རྙེད་དོན་ཏེ། ལྟ་བ་དེ་ལ་ཆོས་ཉིད་ལྟ་བ་ཟེར་རོ། །འདི་མན་ཆད་ནས་རང་ཐོག་ཏུ་ངོ་སྤྲོད་པའི་དབྱིངས་རིག་དབྱེར་མེད་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་ཡེ་ཤེས་ཡིད་དཔྱོད་དང་བློ་ལས་འདས་པ་མངོན་སུམ་མཐོང་བས་དྲི་མེད་ཟང་ཐལ་ཆེན་པོའི་རྙེད་དོན་ཅན་གྱི་ལྟ་བ་དེ་ལ་རང་རིག་ལྟ་བའི་ལྟ་བ་སྟེ། འདིར་ཡང་འཁོར་འདས་སེམས་སུ་གཏན་ལ་ཕེབ་པས་ཆོས་ཅན་ལྟ་བ། མཚང་བཙལ་བྱུང་གནས་འགྲོ་གསུམ་དང་བཅས་བརྟགས་པས་ཆོས་ཉིད་ལྟ་བ། ཡེ་ཤེས་རང་རིག་ཏུ་ངོ་སྤྲད་པས་རང་རིག་ལྟ་བ་ངོ་སྤྲོད་པ་སྟེ། འདི་ནི་གོང་འོག་གཉིས་ཀྱི་འཕྱོང་བསྟན་པའོ། །དེ་སྐད་དུའང་རིམ་པ་བཞིན་དུ་རང་ཤར་ཆེན་པོའི་རྒྱུད་གསང་བ་ལས། ཆོས་ཅན་མཚན་མར་སྣང་བ་ལ། །མིག་གི་དབང་པོ་མ་འགགས་པས། །སེམས་ཀྱི་ལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡི། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་ངོ་བོ་ལས། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཞེས་དང་། དེ་ཡང་ཆོས་ཉིད་ཆོས་ཅན་ནི། །གཅིག་མ་ཤེས་པས་བྱུང་བ་སྟེ། གཅིག་ཤེས་པས་ནི་གྲོལ་བར་འགྱུར། །དེ་ལྟར་སྐྱེ་མེད་དོན་རྟོགས་ན། །ཆོས་ཉིད་ལྟ་བའི་ལྟ་བར་འདོད། །ཅེས་དང་། རྒྱུ་རྐྱེན་འཛོམ་ན་རང་རིག་རྟོགས། །རྟོག་མེད་གསལ་བའི་ངོ་བོ་ལ། །འཛིན་པའི་རྣམ་རྟོག་ངང་གིས་མེད། །འཛིན་མེད་རང་གསལ་དེ་བཞིན་གནས། །འཛིན་མེད་འགྲོ་འོང་མེད་པའི་ཆོས། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །རྟོག་མེད་རང་གསལ་ཆེན་པོ་ནི། །མ་བསྐྱོད་མཁའ་ལ་གསལ་བའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་དེ། །རང་རིག་ལྟ་བའི་ལྟ་བའོ། །ཞེས་སོ། །

དོན་གསུམ་པ་ཡེ་ཤེས་རང་རིག་དུ་ངོ་སྤྲོད་པ་ལ་གཉིས་ལས་དང་པོ་དགོས་པ་ནི། ལར་དེང་སང་གདམས་ངག་དཔེ་ལས་ཚོལ་བའི་མཁས་རློམས་འགའ་ཞིག་གིས་འགོ་ཚེམ་འགའ་རེ་ཉར་ཚགས་བྱེད་ཀྱང་དེ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མི་མཐོང་སྟེ། གཅིག་ཏུ་ན་བྱིན་རླབས་ཀྱི་ བརྒྱུད་པ་ཉམས་པ་དང་། གཉིས་སུ་ན་གསང་སྔགས་ལ་དཔང་ཟོས་པའི་ཉེས་པ། གསུམ next hit་དུ་མིང་སོགས་བྲལ་བའི་ཆོས་ལ་རྟོག་གེས་འཇལ་བའི་ཉེས་པ། བཞི་རུ་མཁའ་འགྲོ་དམ་ཅན་བསྲུང་མའི་ལག་ནས་བཙན་འཕྲོགས་བྱས་པའི་བཀའ་ཆད། ལྔ་རུ་ཡང་གཅུས་དཀྲུགས་གབ་པའི་དོན་མི་ཁྲོལ་བས་དགོངས་པ་ལོག་པར་འགྲོལ་བའི་ཉེས་པ། དྲུག་ཏུ་རྫུན་གྱི་མན་ངག་ཡིན་ཏེ་སྙན་བརྒྱུད་ཀྱི་དམར་འབྱིན་པྲ་ཡས་སུ་གྱུར་བའི་ཉེས་པ། བདུན་དུ་ནི་བརྒྱུད་པའི་ཕྱག་བཞེས་ཀྱི་ལག་ལེན་དང་འབྲེལ་བ་མེད་པའི་འཆོལ་སྙོགས་སུ་འགྱུར་བ་སྟེ། དེ་ལ་སོགས་པ་ཉེས་པ་ཚད་མེད་པར་འབྱུང་བ་སྟེ། གསང་སྙིང་ལས། སློབ་དཔོན་བརྙེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ན། །འབྲས་བུ་མེད་ཅིང་བརླག་པར་ཟད། །ཅེས་དང་། གསང་བ་རྩལ་རྫོགས་ལས། གདམ་ངག་དོན་གྱིས་བཀྲོལ་གྱུར་ན། །རང་གི་སྒྲོན་མ་མཐོང་བ་དང་། །ཡེ་ཤེས་སྣང་བ་ཤར་བ་ནི། །དག་པ་ཕྱོགས་གཅིག་དབང་བསྐུར་རྫོགས། །ཞེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཞེས་དང་ཇི་སྐད་དུ་ཀྱཻ་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་འབྱུང་མིན་ཏེ། །བླ་མའི་དུས་ཐབས་བསྟན་པ་ལས། །ཞེས་དང་ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་དང་མི་མིན་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱི་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །ཞེས་དང་། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག ། འཕྱར་ཞིང་འཇིགས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །ཞེས་དང་། རྩ་ལྟུང་བསྡུས་པ་ལས། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་པ་སྟེ། །ཞེས་དང་། ཨེ་མ་སངས་རྒྱས་དགོངས་པ་ནི། །གཏན་ཚིགས་རིག་པས་ཕིག་མི་འགྱུར། །ཞེས་རྩལ་རྫོགས་ལས་གསུངས། སྒྱུ་འཕྲུལ་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་དང་། ནམ་མཁའ་ཀློང་ཡངས་ལས། ལུང་ལྡན་ངེས་པའི་གདམས་ངག་གིས། །རང་སེམས་སྙིང་པོ་ཆོས་སྐུ་ནི། །བསྟན་ན་དེ་མ་ཐག་ཏུ་ཤེས། །མ་བསྟན་བར་དུ་ཤེས་མི་སྲིད། །ཅེས་དང་། བདེ་བ་འཁོར་ལོ་ལས། དེ་བཞིན་ལུང་ལྡན་བླ་མ་ཡི། །མན་ངག་ཆོས་སྐུ་མ་བསྟན་ན། །ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས། །བཀའ་རྐུན་སྐྱོན་གྱི་ཆོས་བཙལ་ཀྱང་། །རང་སེམས་མི་རྟོགས་ངན་སོང་ལྟུང་། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། གང་ལ་བླ་མའི་དྲིན་ཡོད་པ། །དེ་ཡི་དེ་ཉིད་མཆོག་རྙེད་འགྱུར། །གཞན་དུ་བྱས་པས་ཡུན་རིང་དུ། །རྣམ་པར་རྨོངས་པས་ཉོན་མོངས་འགྱུར། །ཞེས་དང་། གཞན་ཡང་ཤིན་ཏུ་མང་བས་ཚུལ་འདི་རྣམས་ཁྱད་དུ་གསོད་པའི་མཁས་རློམས་དེ་ལས་བླུན་པོ་དད་བརྟན་ཞིག་གི་དགའ་སྟེ། རྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོ། །མཁས་པས་ཀྱང་མི་རྟོགས་ན་བླུན་པོ་དག་གི་ཁ་སྐད་ཉོས་པས་གྲོལ་བ་ལྟ་ཅི་རྟོགས་པར་ཡང་མི་འགྱུར་རོ། །དེ་བས་ན་ཡང་དག་པའི་བླ་མ་དམ་པ་བརྟེན་ནས་ངོ་སྤྲད་པས་ངེས་པར་རྟོགས་ཤིང་བྱིན་རླབས་རྒྱུད་ལ་ཐོབ་ནས་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པ་ནི་ངོ་སྤྲད་པའི་དགོས་པའོ། །རིམ་ལྔ་ལས། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། སྙིང་ཐིག་གི་རྒྱུད་ལས། ཆོས་ཀྱི་སྐུ་གདམ་ངག་ལ་ཐུག་གོ །ཞེས་པ་ལྟར་རོ། །

གཉིས་པ་ངོ་སྤྲད་པ་དངོས་ལ། དབང་གི་བྱིན་རླབས་ཀྱིས། ཤན་འབྱེད་ཀྱི་འཕྱོང་གིས། ཐབས་ཀྱིས་རྗེན་ཅེར་དུ་ངོ་སྤྲད་པ་གསུམ་ལས།

དང་པོ་ནི། རྡོ་རྗེའི་དོན་དང་ལྡན་པའི་སློབ་དཔོན་གྱིས། མཚན་ཉིད་དང་ལྡན་པའི་སློབ་མ་ལ། བརྡ་རྟགས་དོན་གྱི་དབང་དང་ལྡན་པའི་སྒོ་ནས་ངོ་སྤྲད་པ། སྤྲོས་དང་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་བསྐུར་བས། དཔེར་ན་སྒྲོན་མེས་མུན་པ་བསལ་སྟོབས་ཀྱིས་མུན་ཁང་གི་བུམ་པ་གསལ་བ་ལྟར། བླ་མའི་བྱིན་རླབས་ཀྱིས་སྒྲིབ་པ་བསལ་སྟོབས་ལས་རང་གནས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བ་ནི། རྒྱ་མཚོ་ཀློང་གསལ་ལས། དཔེར་ན་མུན་ནག་རྫས་སྟོར་ལ། །ལག་ནོམ་བཙལ་བས་རྙེད་པར་དཀའ། །སྣང་གསལ་སྒྲོན་མེ་ལ་བརྟེན་ནས། །བཙལ་བས་རྙེད་པར་ཐེ་ཚོམ་མེད། །དེ་བཞིན་མ་རིག་མུན་ནག་དུ། །ཆོས་ཉིན་ནོར་བུ་སྟོར་བ་སྟེ། །ཐ་སྙད་ཚིག་གིས་རྙེད་པར་དཀའ། །མ་ནོར་བླ་མའི་ཞལ་དྲིན་གྱིས། །རིན་ཆེན་བརྡ་ཡིས་རྙེད་པར་འགྱུར། །ཞེས་དང་། ཐལ་འགྱུར་ལས། དབང་ནི་བརྡའ་ལ་བརྟེན་པ་ཡི། །རང་རིག་གསལ་བས་རང་ངོ་སྤྲད། །ཅེས་སོ། །

གཉིས་པ་ཤན་འབྱེད་ཀྱི་འཕྱོང་གིས་ངོ་སྤྲད་པ་ལ། ཤན་འབྱེད་ཚུལ་མང་དུ་ཡོད་དེ་འདིར་ནི། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་སོ། །དང་པོ་ལ་ཕྱེད་དགོས་པའི་རྒྱུ་མཚན་དང་། ཕྱེད་ཚུལ་དངོས་གཉིས་སུ་ཡོད་ལ།

དང་པོ་ནི། ལར་སེམས་དང་ཡེ་ཤེས་སུ་མ་ཕྱེད་ན་སེམས་ཀྱི་ཡུལ་འཁྲུལ་འཁོར་ལས་མི་ཐར་པས། རྩལ་རྫོགས་ལས། སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེད་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །སྐྱོན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་སོ། །ཡེ་ཤེས་ཀྱི་དག་སྣང་སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པ་སྟེ། དེ་གཉིས་ཁྱད་མ་ཕྱེ་ནས་སེམས་ལ་གཞི་ལམ་འབྲས་བུར་སྟེགས་བཅས་ན་འཁོར་བ་ལས་མི་འདའ་བས་ན་གསལ་བའི་ཆ་དང་མི་རྟོག་པའི་ཆ་འགའ་ཞིག་གིས་འཁྲུལ་རྐྱེན་དུ་སོང་བས་དེ་གཉིས་གཅིག་ཏུ་འདོད་པ་ནི་སྒྲིབ་པ་དང་སྒྲིབ་གཞི་མ་འབྱེད་པ་ལགས་ཏེ། འཁོར་འདས་ཀྱི་གཞི་འདི་ཤེས་པར་གལ་ཆེའོ། རང་ཤར་ལས། སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །ཞེས་སོ། །ཡང་ཇི་སྐད་དུ་ངེས་དོན་འདུས་པ་ལས། སེམས་ལ་སངས་རྒྱས་འདོད་པ་དེ། །མོ་གཤམ་བུ་དང་གཉེན་བྱེད་འདྲ། །དཔེར་ན་སོལ་བ་ནག་པོ་ལ། །ཕྱི་དོར་བྱས་པས་དཀར་པོ་མིན། །སེམས་ལ་སངས་རྒྱས་འདོད་པ་དེ། །ར་གན་གསེར་དུ་བརྫུ་བ་བཞིན། །ཞེས་སོ། །

གཉིས་པ་ལ་ནི། ངོ་བོ། ངེས་ཚིག །དབྱེ་བ་སྟེ་གསུམ་གྱིས་སྤྱིར་བསྟན་པ་ལ། སེམས་ཀྱི་ངོ་བོ་ནི་གཟུང་འཛིན་གྱི་རྟོག་པ་ཁམས་གསུམ་པའི་རྣམ་རྟོག་བདག་འཛིན་གྱི་རྩ་བ་ཅན། ཡེ་ཤེས་ཀྱི་ངོ་བོ། འོད་གསལ་བདེ་གཤེགས་སྙིང་པོ་གཟུང་འཛིན་དང་བྲལ་བ་སྟེ། སྙིང་གི་མེ་ལོང་ལས། རིག་པ་གཟུང་འཛིན་དང་བྲལ་བར་མཁས་པར་གྱིས་ཤིག །ཅེས་པའོ། །སེམས་ཀྱི་ངེས་ཚིག་ཡུལ་ལ་སེམས་པས་རྟོག་རྟོག་མེད་ཀྱི་སེམས། ཡེ་ཤེས་ཀྱི་ངེས་ཚིག་ཡེ་ནས་གཞི་ལ་གནས་པའི་ཤེས་པ་སྟེ། དགོངས་འདུས་ལས། ལང་ཀའི་བདག་པོ། ཡེ་ཤེས་ནི་གཞན་ནས་མ་བྱུང་བ་སྟེ། གལ་ཏེ་གཞན་ནས་བྱུང་ན་གློ་བུར་བ་སྟེ། ཡེ་ཤེས་ཞེས་བྱ་བ་དེ་ཉིད་དེ་ལྟར་མི་རུང་ངོ་། །ཞེས་སོ། །སེམས་ཀྱི་དབྱེ་བ་ནི། དག་མ་དག་གི་གཉིས་དེ་རང་ངོའི་དབྱེ་བ། དུར་ཁྲོད་ཕུང་པོ་འབར་བ་ལས། གྲངས་ནི་རྣམ་པ་བརྒྱད་དུ་འདོད། །ཅེས་པས་ཚོགས་བརྒྱད་དེ་གྲངས་ཀྱི་དབྱེ་བའོ། །གཞན་ཡང་སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་ངོ་། །ཡེ་ཤེས་ཀྱི་དབྱེ་བ་ནི། གཞི་གནས་མཚན་ཉིད་འཛིན་པ་ཡུལ་ཁྱབ་སྟེ་གསུམ་ལ་ནང་གསེས་བཅུར་ཡོད་དོ། །གཞན་ཡང་ཟད་ས་ལས་བཏགས་པ་ལྔ་སྟེ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་ལ། །དྲན་བསམ་རྣམས་གྱི་གཞི་མའོ། །དབྱེ་བ་དག་དང་མ་དག་པའོ། །ངེས་ཚིག་བསམ་པས་དྲན་ཡུལ་སྐྱེ། །གང་ལ་སེམས་དང་གང་གི་སེམས། །གང་གི་སེམས་དང་གང་ཕྱིར་སེམས། །ཡེ་ཤེས་རྟོག་པ་མ་ཡིན་ཏེ། ངོ་བོ་རང་གསལ་སྙིང་པོའི་དོན། །དབྱེ་བ་དག་གི་གསུམ་དུ་འདོད། །ངེས་ཚིག་ཡེ་ནས་གནས་པའི་དོན། །དེ་ལྟར་ཤེས་པའི་ཡེ་ཤེས་སོ། །ཞེས་སོ། །

གཉིས་པ་བྱེ་བྲག་དུ་དབྱེ་བ་ལ། སེམས་རིག་དོན་གྱི་ཤན་འབྱེད། གནས་པ་ངོ་བོའི་ཤན་འབྱེད། འཕྲོ་བ་རྩལ་གྱི་ཤན་འབྱེད། གྲོལ་ཚུལ་གནད་ཀྱི་ཤན་འབྱེད། ཀུན་གཞི་ཆོས་སྐུ་ཤན་འབྱེད། འཁྲུལ་གྲོལ་སྐབས་ཀྱི་ཤན་འབྱེད། གཞི་འབྲས་ལྷུན་གྲུབ་ཀྱི་ཤན་འབྱེད། ལམ་འབྲས་ཀ་དག་གི་ཤན་འབྱེད། བར་དོ་ལྷ་ཡི་ཤན་འབྱེད། དབུགས་འབྱིན་ཞིང་གི་ཤན་འབྱེད་དང་བཅུར། ཡོན་ཏན་རིན་པོ་ཆེའི་མཛོད་དུ་བསྡུས་ལ། རང་ཤར་ལས། དཔེ་ངེས་པ་གཉིས་ཚན་བཅུ་དྲུག་དང་། ཀློང་ཆེན་དྲུག་པའི་རྒྱུད་ལས་དོན་ངེས་པ་བཅུ་དྲུག་ཏུ་དབྱེ་ཚུལ་གྱིས་འདྲ་བའི་གོལ་ས་བཀག་ལ། ཕ་ཅིག་གིས་ནི། སེམས་ཀྱི་ངོ་བོ་མ་རིག་པ་དང་མཚུངས་པར་ལྡན་པའི་ཀུན་གཞི། རྩལ་སེམས་བྱུང་ཡིད་སོགས། རོལ་བ་ཀུན་རྫོབ་འཁྲུལ་བར་བཞག་ལ། རིག་པའི་ངོ་བོ་དབྱིངས་ཡེ་ཟུང་འཇུག་གི་རང་བཞིན་ཡེ་ཤེས་ཆོས་སྐུ། རྩལ་ཤེས་རབ། རོལ་བ་ལྷག་པའི་བདེན་གཉིས་དཀོར་བདུན་དུ་དག་ཅིང་མཉམ་པའི་རྒྱན་ཀུན་ཏུ་བཟང་པོ་ལ་གསུངས། དེ་དག་ཐམས་ཅད་གནད་གཅིག་དུ་ངེས་ཀྱང་རེ་ཞིག་སེམས་དང་ཡེ་ཤེས་གཉིས་ཀྱི་ངོ་བོ་མི་རྟོག་༡པ་དང་། རང་བཞིན་གསལ་བ༢། ཤེས་པས་མཁྱེན་ཆ་༣གསུམ་གྱི་ཕྱེ་བ་འདིར་བསྡུས་ཏེ་འདྲ་གཞི་བདུན་རྩལ་དུ་བཏོན་པ་དང་། ཡང་ན་ངོ་བོ་ལས་ཕྱེ་བས་དབྱེ་བ་ཀུན་མཁྱེན་གྱི་གསུངས་གཉིས་ལས། དང་པོའི་དབང་དུ་བྱས་ནས། སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་པར་འདྲ་ཡང་། རིག་པ་ཟང་ཐལ་སེམས་ཀྱི་སྒྲིབ་གཡོག་ལས་འདས་ཤིང་ཆོས་ཉིད་དབྱིངས་ཀྱི་ངོ་བོར་རོ་གཅིག་ཏུ་བརྡལ་མཉམ་ཆེན་པོ་ལ། །སེམས་ནི་ལྷན་ནེར་གནས་ཤིང་གཟུང་འཛིན་བག་ཉལ་རིང་ཁར་སོང་ནས་འཁྱིལ་ཞིང་མ་རིག་པ་ལས་ཟང་མ་ཐལ་བའི་ཁྱད་དེ། ཀློང་དྲུག་ལས། རྙོག་པ་མེད་པའི་རང་རིག་དང་། །རྟོག་པ་མེད་པའི་རང་སེམས་གཉིས། །འདྲའོ་འདྲའི་ནོར་ར་རེ། །ཞེས་སོ། །ངོ་བོ་མི་རྟོག་པ་དང་ཕྱེ་བ་འདིས་གཙོ་ཆེར་མཉམ་བཞག་གི་སེམས་ཟིན་པའི་ཆ་ལས་བཤད་ཀྱང་དེ་ནི་ཁྱབ་ཆུང་བ་སྟེ། ཚོགས་བརྒྱད་ལས་གཙོ་ཆེར་ཀུན་གཞི་རྟོག་མེད་ལ་གོ་དགོས་ཏེ་གཟུགས་མེད་ཀྱི་སེམས་དང་ཕྱེ་བར་བཞག་གོ །རྙོགས་པ་ནི་རྣམ་པར་རྟོག་པའོ། །དྭངས་མ་བག་ཆགས་ཀྱི་འཕེལ་འགྲིབ་ནི་བག་ཆགས་སོ། །དེའི་ཕྱེད་ཚུལ་ནི། དྲི་མེད་ཀ་དག་གི་རྒྱུད་ལས། རིག་པ་སྤྲོས་དང་བྲལ་བ་ཉིད། །ཉག་གཅིག་ཀ་ནས་དག་པ་ལ། །འཕེལ་འགྲིབ་གང་སྟོང་མེད་པས་ན། །ཀུན་གཞི་ཀ་ནས་དག་པ་ཡིན། །ཞེས་སོ། །གཉིས་པའི་དབང་༢དུ་བྱས་ན་གནས་གསལ་གྱི་ཟུར་གཉིས་ཀྱི་ཕྱེ་སྟེ། གནས་ཆ་༢རིག་པ་ནི་རང་གནས་ཀྱི་བསམ་གཏན་ཆེན་པོ་བྱིང་རྒོད་དང་བྲལ་བ་ལ་ལྷག་མཐོང་གི་གསལ་ངར་མ་བྲལ་བས་སྣང་བ་ཅེར་འཛིན་གྱི་ཤེས་རབ་ཆེན་པོ་རྩལ་སོ་སོར་རྟོག་པའི་ཡེ་ཤེས་སུ་རང་ཤར་བ་ལ་སོགས་པ་སྟེ། སེམས་ནི་འཛིན་པས་བཅིངས་བས་ལྷན་ནེ་བ་སྟེ་ཡུལ་གྱི་རྟོད་ཕུར་ལ་གཏོད་པའི་བྱིང་རྒོད་དང་བཅས་པ་སྟེ། བསྒོམ་པས་ངོ་བོ་ལས་བསམ་གཏན་གྱི་ཁྱད་པར་ཕྱེད་པའོ། །དེ་ཉིད་ལས། མ་བཙལ་བཞག་པའི་བསྒོམ་པ་དང་། །རྩ་རླུང་སེམས་གྱི་ངལ་བསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། ཞེས་དང་། ཇི་སྐད་དུ། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ངོ་མཚར་ཆེ། །ཞེས་དང་། ཀུན་བྱེད་ལས། ངང་ལ་གནས་པའི་གཡོ་མེད་ལྷུན་གྱི་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །ཞེས་སོ། །གཉིས་པ་གསལ་༣བའི་ཟུར་ལས་ཕྱེ་བ་ནི། རིག་པ་གཏིང་གསལ་ཡུལ་ལ་མི་འཕྲོ་བ་དང་། སེམས་རང་གསལ་ཀུན་གཞིའི་རྣམ་པར་ཤེས་པ་གཉིས་གསལ་ཆ་ཙམ་དུ་འདྲ་ཡང་ཁ་ཕྱིར་བལྟས་དང་ནང་བལྟས་གང་ལྟར་ཡང་དོན་ལ་གཟུང་འཛིན་ཅན་གྱི་སེམས་དང་། གཟུང་འཛིན་དང་བྲལ་བའི་ཡུལ་མེད་ཟང་ཐལ་ཆེན་པོའི་བདག་ཉིད་ལ། སྤྲོས་མེད་རང་གྲོལ་ཀ་དག་གིས་ཁྱད་པར་གྱིས་རང་རིག་འཛིན་རྣམ་ཡན་གར་བ་དང་མ་འདྲེས་པས་འཕགས་ཏེ། གཞན་དུ་གཟུགས་ཁམས་ཀྱི་སེམས་ལས་མི་འདའ་བས་འཁོར་བར་བསོད་ནམས་བསགས་པ་ལ་དགོས་པ་མེད་པར་ཤེས་སོ། །ཀློང་དྲུག་པར། མ་སྒྲིབ་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུད་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །གསུམ་པ་ཐུགས་རྗེ་རིག་པའི་མཁྱེན་ཆ༤ཤེས་རབ་ཉིད་ནི་ཟང་ཐལ་རང་གྲོལ་རྗེས་མེད་རྩལ་རྫོགས་ཆེན་པོ་ལ། སེམས་ནི་ཡུལ་ལ་འཕྲོ་བས་རྟོག་པས་སྔ་ཕྱིའི་དེ་མ་ཐག་རྐྱེན་དུ་རྗེས་མཐུད་ཡུལ་ཕྱིར་འཛིན་པའི་ཁྱད་པར་སྟེ། ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱི་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་དང་དྲི་མེད་ཀ་དག་གི་རྒྱུད་ལས། སྐྱེ་འགགས་མེད་པའི་ཡེ་ཤེས་ལས། །ཕྱོགས་ལྷུང་མེད་པའི་ཤེས་རབ་གསལ། །རིག་པ་ཟང་ཐལ་སྤྲོས་མེད་ལ། །ཡིད་ཀྱི་རྣམ་ཤེས་ཀ་ནས་དག །ཅེས་སོ། །རིག་པའི་ངོས་ལ་༥ཡུལ་སྣང་ཕར་འཆར་བ་མེ་ལོང་གི་དྭངས་དང་འདྲ་ཡང་ཕྱིར་མི་འཕྲོ་བ་ལ་སེམས་རྟོག་དཔྱོད་ཕྱིར་འཕྲོས་འགྱུ་བའི་རྐྱེན་དབང་ཅན་གྱི་ཁྱད་པར་སྟེ། འདི་ན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ཚུལ་ལེགས་པར་བཞུགས་ཀྱང་མི་རྟོགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱི་བློར་མ་ཆུད་པ་ལས་འགའ་ཞིག་གི་ལྟར་གཉིས་སྣང་ཅན་དང་། འགའ་ཞིག་གི་ལྟར་རྣམ་མཁྱེན་མེད་པ་དང་། འགའ་ཞིག་ལྟར་ལར་གཉིས་སྣང་སངས་རྒྱས་ལ་མེད་ཀྱང་། སེམས་ཅན་ཀྱི་གཉིས་འཛིན་སངས་རྒྱས་ཀྱི་མཁྱེན་ནོ་བྱས་ཀྱང་སངས་རྒྱས་སེམས་ཅན་གཉིས་སུ་ཡོད་པས། གཟིགས་བྱ་གཟིགས་བྱེད་དུ་འཛིན་པའི་གཉིས་འཛིན་ཞིག་ཞལ་གྱིས་བཞེས་པར་ཐལ་བས་འབྱོར་སོང་བའོ། །ཀློང་ཆེན་དྲུག་པར། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །ཡང་རིག་པ་༦་རང་ཤར་ཡུལ་ལ་ཤར་བ་དང་། སེམས་རྣམ་རྟོག་རང་གར་ཤོར་བ་གཉིས་འཕྲོ་བ་འདྲ་བར་སྣང་ཡང་། རིག་པ་རྣམ་པ་རྟོག་རྟོགས་འདྲ་ཡང་དོན་ལ་རྟོགས་པ་མིན་ཅིང་སྣང་བས་ཟིལ་གྱིས་མི་གནོན། རྗེས་མི་ཆགས་པས་ཐོགས་པ་མེད་པ་ལ། སེམས་ནི་ཡུལ་ཕྱིར་འབྲང་ཞིང་། ཡུལ་ལ་ཞུགས་པས་ཟིལ་གྱིས་གནོན་པས། ཞེན་པའི་རྩ་བར་གྱུར་པ་ཞིག་གོ །དེ་ཉིད་ལས། དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །འདི་ལ་འགྱུ་བ་ཐམས་ཅད་རྩད་ཆོད་པས་དངོས་མེད་རང་དག་དུ་འགྲོ་བྱས་ཀྱང་དེ་ནི་མཚོན་པའི་ཟུར་ཙམ་ལས་རིག་པ་ལ་འགྱུ་བ་ཡོད་ན་རྣམ་རྟོག་དང་ཁྱད་མེད་པའི་ཕྱིར་དང་། གཉིས་སུ་སྣང་བས་ཡུལ་དང་ཡུལ་ཅན་དེ་ལ་ཡོད་ན་གཟུང་འཛིན་ལས་མི་འདའ་བས། །དེ་ལ་སྐྱོན་ཅི་དམིགས་ན་ཆོས་ཉིད་གཟུང་འཛིན་ཅན་དུ་ཐལ་ལོ། །དེ་ཕྱིར་ཡུལ་ལ་མི་འཕྲོ་བ་དང་། མི་འདྲེས་པ་གཉིས་ཀྱི་ཁྱད་པར་ཕྱེ་ཡང་། སེམས་འཕྲོ་བ་དང་འདྲེས་པའི་ལྡོག་པ་ལ་བསྟུན་པ་ལས། རིག་པ་འཕྲོས་ནས་མི་འདྲེས་པ་ཡང་བཞག་པར་དཀའ་སྟེ། ཡུལ་སེམས་ཀྱི་འབྲེལ་བ་གྲུབ་པས་སོ། །དེ་ཡང་ཡིན་ཏེ་ཆོས་ཉིད་གཡོ་རྩོལ་ལས་འདས་པའི་ཕྱིར་འདི་ལས་གཞལ་ན་གཏིང་གསལ་གྱི་མཁྱེན་པ་ཡང་མཁྱེན་པར་བྱ་བྱེད་བྲལ་བས་རང་མདངས་འགགས་མེད་ལྷུན་གྲུབ་པའི་རིག་སྟོང་ཀ་དག་ཆེན་པོར་ལ་བཟློས་སོ། །དེ་ལྟར་མཁྱེན་ཆ་ཇི་སྙེད་པ་མ་འདྲེས་གཟུང་འཛིན་བྲལ་བར་རིག་དབྱིངས་སུ་ཤར་བའམ་རྫོགས་པ་དང་། སེམས་ཡུལ་ལ་འཕྲོ་བ་ཡུལ་ལ་རྟོག་པས་ཤེས་པ་དང་ཕྱེད་པས་འདོད་ཁམས་པའི་སེམས་རྟོག་རགས་པ་དང་ཁྱད་འདོན་པའོ། །གྲུབ་ཆེན་པདྨ་བདུད་འདུལ་གྱིས་ཞལ་ཆབ་ལས་འཐོར་བ། གཏེར་སྟོན་ཆེན་པོ་བསོད་རྒྱལ་ལས་བརྒྱུད་དེ། བླ་མ་དམ་པ་སྒྲ་དབྱངས་རྒྱ་མཚོས་བདག་ལ་གཅིག་བརྒྱུད་དུ་གནང་ནས་བཀའ་རྒྱ་རྒྱས་སྤྲོས་མ་གནང་ཀྱང་ཟུར་ཙམ་དུ་གནང་བ་བཀྲོལ་བ་རྒྱས་པར་སྙན་བརྒྱུད་ཟུར་བ་ཡོད་པའོ། །ཡང་རིག་པ་ནི་རྟོག་པ་མེད་ཀྱང་སྒྲོ་འདོགས་མ་ཆོད་པའང་མ་ལགས། རང་བཞིན་གསལ་ཀྱང་རྣམ་སྨིན་བག་ཆགས་ཀྱི་ཆ་གང་ཡང་མི་འཛིན་མི་རྟོགས་། ཐུགས་རྗེ་ཤེས་རབ་རང་དག་གཟུང་འཛིན་ལས་འདས་པས་འགྱུ་མེད་བསམ་བྲལ་དུ་བཞུགས་པའི་རྟོག་མེད་གསལ་སྟོང་འཛིན་བྲལ་ཡེ་ཤེས་སུམ་བརྩེགས་ལ། སེམས་ནི་ལུང་མ་བསྟན་རང་དུས་སུ་སྒྲོ་འདོགས་མི་ཆོད་པའམ། རྣམ་སྨིན་གྱི་གནས་ལུས་སེམས་སུ་དམིགས་པ་བག་ཆགས་སྣ་ཚོགས་འཛིན་པ་སྟེ། རྟོག་བཅས་སུ་ཤར་བའི་ཡིད་ནི་འགྱུ་བའི་རྩ་བ་ཅན་ཐམས་ཅད་ཀྱང་གཟུང་འཛིན་དང་ལྡན་པའོ། །དེ་ལྟར་བསྡུས་ཀྱང་རུང་ངོ། །གང་ལྟར་ཡང་༧སེམས་ནི་ཆོས་ཅན་སྣང་ལུགས་ཀྱི་སྒོ་སྟེ་ཆུ་སྦུ་ལྟ་བུ་དང་། རིག་པ་ནི་གནས་ལུགས་ཆོས་ཉིད་ཀྱི་ངོ་བོ་ཆུ་དང་འདྲ་བས་ན། རང་ཤར་ལས། སེམས་དང་རིག་པའི་དཔེ་ནི་ཆུ་དང་སྦུ་བའི་ཚུལ། ཞེས་དང་། མུ་ཏིག་རིན་པོ་ཆེར། འཁྲུལ་བ་ཉིད་ཀྱི་དོན་རྟོགས་ན། །འཁྲུལ་མེད་རིག་པ་བཙལ་མི་དགོས། །ཞེས་སོ། །འདིར་བདུན་དུ་ཕྱེད་པས་ངོ་བོ་གསུམ་དུ་བསྡུས་ཏེ། ཕྱི་མ་འདི་སྤྱི་ཁྱབ་དུ་བསྟན་ལ། གནས་སྣང་གི་གཙོ་བོར་བྱས་པས་སེམས་དང་རིག་པ་ཕྱེས་ལ། དང་པོས་ཀུན་གཞི་ཆོས་སྐུ་ཕྱེད། བཞི་པས་ཤེས་རབ་དང་ཡིད་འབྱེད་པས། དེ་ལྟར་ན་མ་དག་སུམ་བརྩེགས་དང་དག་པ་སུམ་བརྩེགས་ཀྱི་ཁྱད་པར་ཕྱེ་བར་སོང་བས་ཐམས་ཅད་ཀྱི་ཤན་འབྱེད་འདི་ལ་གནད་འདུས་སོ། །

ད་ནི་ངོ་བོའི་དབྱེ་བར་བྱས་ཀྱང་། ཀུན་མཁྱེན་གྱི་ཁྲེགས་ཆོད་རྒྱབ་ཡིག་ཏུ་བཅུ་གཉིས་བཅུ་གཉིས་སུ་བཞག་སྟེ། སེམས་ཀྱི་ངོ་བོ་མ་རིག་པ༡། ལས་དང་བག་ཆགས་ཀྱི་རྟེན་ཡིན་པ༢། གཟུང་འཛིན་འཁྲུལ་བའི་རང་བཞིན༣། སྤྲོས་པའི་མཐའ་དང་མ་བྲལ་བ༤། ཀུན་གཞི་དང་ཚོགས་བརྒྱད༥། གཉིས་འཛིན་འཁོར་བ༦། རླུང་ཞོན་རིག་གདངས༧། འདུས་བྱས་རྐྱེན་དབང་༨། རིག་པ་ལ་ལྟོས་པ༩། སྐྱེ་འགགས་ལྟར་སྣང་བ༡༠། སྤང་བྱའི་སྒྲིབ་པ༡༡། གློ་བུར་འཁྲུལ་རྟོག་གོ༡༢། རིག་པའི་ངོ་བོ་ནི་ཡེ་ཤེས༡། ལས་དང་བག་ཆགས་ཀྱི་རྟེན་མིན་པ༢། །གཟུང་འཛིན་དང་བྲལ་བས་མ་འཁྲུལ་བའི་རང་བཞིན༣། སྤྲོས་པ་བྲལ་བ༤། ཚོགས་བརྒྱད་ཀུན་གཞི་ལས་འདས་པ༥། གཉིས་མེད་མྱང་འདས༦། རླུང་མེད་རིག་གདངས༧། འདུས་མ་བྱས་རྐྱེན་བྲལ༨། སེམས་ལ་མི་ལྟོས་པ༩། འཕོ་འགྱུར་མེད་པ༡༠། ཐོབ་བྱའི་ཡེ་ཤེས༡༡། ཡེ་གནས་ཆོས་༡༢སྐུའོ། །ཞེས་གཉིས་ཚན་རིམ་པས་ཁ་སྦྱོར་དུ་བྱེད་ལ། དེ་ལྟར་ཤན་འབྱེད་ཀྱི་འཕྱོང་ཐམས་ཅད་རང་ཉམས་སུ་གང་འོས་ཀྱི་ངོ་སྤྲད་པས་རིག་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ནི་ཐེག་པ་འདིའི་ཁྱད་ཆོས་སྟེ། ལུས་ངག་ཡིད་གསུམ་གྱི་བག་ཆགས་ཀྱི་སྦུབས་ལས་རང་གྲོལ་ཏེ། སྦུབས་ལ་མི་གནས་པའི་ཡེ་ཤེས་ཀྱི་རང་སར་ཕྱིན་ནས། སྦྲུལ་རྒས་པ་ལྐོག་པ་བོར་བ་ལྟར་ལས་ཉོན་ཐམས་ཅད་ཀྱང་སེམས་དང་རྫས་གཅིག་པས་ཤུལ་དུ་བོར་བའམ། ལྷན་དུ་བསྐྲད་པ་ལྟར་འགྱུར་བས་ན་དགེ་སྡིག་རྒྱུ་འབྲས་ལས་འདས་པའི་རྣལ་འབྱོར་ཆེན་པོ་སྟེ། རང་ཤར་ལས། བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྲིབ། སྦུབས་ལ་མི་གནས་ཡེ་ཤེས་རང་སར་ཕྱིན། །དཔེར་ན་སྦྲུལ་རྒས་པ་ཡི་ལྤགས་པ་བསྐྱུར་བ་བཞིན། །སྦུབས་ལ་མི་གནས་ཡེ་ཤེས་མཁའ་ལ་བསྐྱོད། །ཅེས་དང་། ཀློང་དྲུག་པ་ལས། དེ་བཞིན་སྙིང་པོ་དོན་གྱི་གདམས་པ་འདི། །བཏབས་ན་ཉོན་མོངས་གོས་མི་འགྱུར། །ཞེས་དང་། རྩལ་རྫོགས་ལས། རིག་པའི་ཡེ་ཤེས་ལུས་ལས་འདས། །བག་ཆགས་སྦུབས་ཀྱིས་མི་བསྒྲུབ་པ། །དཔེར་ན་སྦྲུལ་ལྐོག་བསྐྱུར་བ་བཞིན། །སྐད་ཅིག་ཙམ་ལ་མི་བསྒྲིབ་པའོ། །ཞེས་དང་། གཞན་ཡང་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། །ནམ་མཁའི་ངང་དུ་སྤྲིན་སོང་ལྟར། །ང་ཡི་ཆོས་སྐུ་ངོས་ཟིན་ན། །ཐོག་མ་མེད་ནས་བསགས་པ་ཡི། །རྣམ་རྟོག་སྤྲིན་ནི་དཔག་ཏུ་མེད། རྣམ་རྟོག་སྟོང་པའི་ངང་དུ་སངས། །ཞེས་དང་། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་ལས། དེ་བཞིན་སངས་རྒྱས་ཡེ་ཤེས་སྒྲིབ་མེད་ལ། །ཉོན་མོངས་བག་ཆགས་འདུ་རུ་ག་ལ་རུང་། །དེས་ན་སེམས་ནི་རྣམ་རྟོག་བག་ཆགས་བསླད། །ཡེ་ཤེས་བག་ཆགས་བྲལ་བའི་རིག་པའོ། །ཅི་ལྟར་མེ་ཡི་རྩེ་མོ་ལ། །སྦྲང་བུ་འདུ་རུ་མི་རུང་ལྟར། །དེ་བཞིན་སངས་རྒྱས་ཡེ་ཤེས་སྒྲིབ་མེད་ལ། །ཞེས་སོགས་གསུངས་སོ། །

གསུམ་པ་ཐབས་ཀྱིས་རྗེན་ཅེར་དུ་ངོ་སྤྲོད་པ་ལ་གསུམ་ལས། དང་པོ་ནི་གནད་ཀྱི་ངོ་སྤྲོད་པ་དྲུག་སྟེ། ཐལ་འགྱུར་ལས། སེམས་ནི་བཟུང་དང་གནས་པ་དང་། །རྩ་བ་བཅད་དང་དངོས་པོ་དེད། །ཡུལ་དང་ཤེས་པའི་བར་ནས་དང་། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་པས་ན་གནད་ལ་བརྟེན་པས་ངོ་སྤྲད་པའི་ཚུལ་ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས་གསུངས་པ་ལྟར་དང་། གཞན་ཡང་རིག་སྟོང་སྐྱེ་མེད་དུ་ངོ་སྤྲོད་པ་ཁྲེགས་ཆོད་ཀྱི་སྤྲོད་ལུགས་ལ། ལྟ་སྒོམ་སྤྱོད་previous hit གསུམ་ངོ་སྤྲད། འབྲས་བུ་འཕྲང་བསལ་དང་བཅས་པ་སྙན་བརྒྱུད next hit་ཆུང་ངུ་ལས་བསྟན་པ་དང་། ཁྱད་པར་དུ་འདིར་ཁྲེགས་ཆོད་དོན་ཁྲིད་ལས་གསུངས་པ་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི། རི་མཐོན་པོའི་མགོ་ནས་ཕྱོགས་བཞིར་ཆེས་ཆེར་བལྟས་པས་ཡུལ་སྣང་ལ་འདི་ཡིན་མིང་མི་ཐོག་པ་སྟེ། འདི་ཞེས་པའི་སེམས་འགགས་པ་ནི་ཡེ་ཤེས་ཀྱི་ཡུལ་རིག་པ་ཡིན་གསུངས། ཡང་ཁ་སྣའི་རླུང་བཀགས་ནས་ཡུལ་ལ་ཅེར་ཅེར་བལྟས་པས། ཡུལ་སྣང་མིང་དོན་ལས་འདས་པའི་རིག་པ་བཀྲ་ཡ་ལེ་བ་འཛིན་མེད་དེར་ངོ་སྤྲད་དོ། །དེ་ནི་ཡུལ་ལ་བརྟགས་པའོ་གསུངས། ཡང་འབྲེལ་མེད་སྣ་ཚོགས་བླ་མས་གསུངས་ནས་ལ་འུར་ཤོད་བྱས་དུས་ཅི་ཟེར་གང་ཡིན་གཏད་ས་བྲལ་བ་དེ་ཡེ་གྲོལ་གྱི་དགོངས་པར་ངོ་སྤྲད་དོ། །ཡང་ན་ང་དང་ཁྱོད་ཀྱི་སྐྱེ་བ་སྔ་ཕྱི་ཤོད་བྱས་པས་སེམས་སྔ་མ་བཞིན་གྱུར་པ་ལ་སྤྲད་དོ། །དེ་ནི་སེམས་ལ་བརྟགས་པར་གསུངས། ཡང་ཡུལ་སེམས་གཉིས་མེད་ལ་ངོ་སྤྲད་པ་ནི། ཚོད་ཅིག་བསྟན་པའི་ལམ་དུ་མངགས་ཏེ། ཚུར་སླེབ་མགྱོགས་པར་སླེབ་པའི་ལམ་དུ་འགྲོ་འདུག་དང་སྣང་ཡུལ་མ་འགགས་ཀྱང་། མིང་དོན་དུ་མའི་འཛིན་པས་སེམས་རྟོག་ཡལ་བའི་རིག་པ་ས་ལེ་ཕྱམ་མེ་བ་དེ་ངོ་སྤྲད་དོ། །དེ་དག་ནི་རྗེས་སུ་ཐོབ་པར་ངོ་སྤྲད་པའི་གྲངས་གཅིག་ཏུ་བསྡོམས་དེ་བྱ་བའི་གནད་ལ་བརྟེན་པ་དང་།

གཉིས་པ་བྱར་མེད་ཀྱི་ངོ་བོ་ལ་གནས་པས་ངོས་བཟུང་བ་གནད་ལ་མ་བརྟེན་པ་ནི། རྩ་བར། ཐོལ་བྱུང་གློ་བརྡེག་ཕཊ་ཅིག་རྒྱག ། ཅེས་ཐབས་ཤེས་ཡི་གེ་འདུ་འཕྲོད་ཀྱིས་རླུང་གི་གནད་བཅད་པས། རྟ་མེད་པར་མི་འཕྱེ་བོ་མི་འགྲོ་བ་ལྟར། རིག་གདངས་ནང་དུ་འཕྲད་ནས་སེམས་དབྱིངས་སུ་དག་པའི་ཐབས་ཀྱི་གནད་ཟབ་མོའམ། གཞན་ཡང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། ཁམས་གསུམ་དུ་ཡང་ལྡོག་པ་མིན། །ཞེས་རླུང་ཁ་ནས་དྲག་ཏུ་འཕང་བས་རླུང་གི་གནད་ཟབ་གསུངས་པས་སྲོག་དུ་དེ་ལྟར་བཟུང་བའི་རིག་གེ་རྗེན་ནེ་ཡེ་རེ་མིང་དོན་ལས་འདས་པ་ལ་ཡེ་ཤེས་དབྱིངས་སུ་འཁྱིལ་བའི་གནས་སྐབས་སམ། བཞི་ཆ་གསུམ་བྲལ་ཆེན་པོ་ཡིན་པས་འདི་ཡང་བྱར་ཡོད་རླུང་གནད་བཅད་ཆའི་ཡིན་ཀྱང་། རླུང་མེད་རིག་པ་རང་བཞག་གི་སེམས་དང་རྒྱབ་གྱེས་ཆ་ཙམ་གྱིས་བྱར་མེད་དོ། །དེ་ནི་རླུང་གི་ཆའི་གཙོ་བོར་བཟུང་ནས་བཤད་ལ། ཡང་སེམས་ཉིད་གང་དུའང་མི་རྟོག་པ་རང་དག་ལྷུན་གྲུབ་ཟུང་འཇུག་ཆེན་པོ་ལ་མཉམ་པར་བཞག་དུས་གཟེབ་བཅུ་ལས་འདས་པའི་ནམ་མཁའ་ལྟ་བུའི་ངོ་བོ་ཡེ་ཤེས་ཀྱི་རང་མདངས་འགག་མེད་གཟུང་འཛིན་དང་བྲལ་བའི་འོད་གསལ་ཤར་བའི་དུས་སུ་དེ་ལྟ་བུའི་ངོ་བོ་ཅན་དེ་བྱང་ཆུབ་སེམས་སུ་ངོ་སྤྲད་པའམ་འཛིན་པ་ན་ཡང་ཡེ་ཤེས་དབྱིངས་སུ་འཁྱིལ་ལོ། །འདིར་རླུང་སེམས་བྱེད་པ་གཅིག་པས་རླུང་ཕྱིར་བཏང་བས་སེམས་རིག་རྒྱབ་གྱེས་པས་ཐབས་དང་། རིག་གདངས་སྙིང་དུ་བརྟན་པས་ལྷག་མཐོང་རྗེན་པར་གསལ་བས་ཤེས་རབ་མཁྱེན་པའི་གནད་སྡོམ་པས་ལམ་ཁྱེར་ཟབ་མོའོ། །དེ་གཉིས་དང་བླ་མས་ངོ་སྤྲད་ཀྱང་གནད་ལ་མ་བརྟེན་པ་དེ་དོན་གཅིག་པས་གསུམ་གང་ཡིན་ཀྱང་། འབྱུང་བ་མ་ལ་ཐིམ་ནས། ཡེ་ཤེས་དབྱིངས་སུ་འཁྱིལ་བར་མཚུངས་ལ། ཞིབ་ཏུ་དཔྱད་ན་སྔ་མ་རྣམས་རིག་གདངས་རླུང་དང་འདྲེས་པའི་སེམས་ཀྱི་ཐོག་ཏུ་འཕྲད་པ་ངོས་འཛིན་པར་སོང་བས་འཁོར་འདས་རྒྱབ་མ་གྱེས་པས་ཕྱི་ལྟར་གནད་ལ་བརྟེན་པ་ཞེས་དང་། ཕྱི་མ་གཉིས་སེམས་རིག་རྒྱབ་གྱེས་པས་རང་ཤུགས་ཀྱིས་ངོས་ཟིན་སླ་ཆོས་དང་བཅས་པས་ན་ཡང་མ་བརྟེན་པ་ཟེར་བར་དོན་གྱིས་ཐོབ་སྙམ་མོ། །

གསུམ་པ་བོགས་འདོན་མན་ངག་གིས་ངོ་སྤྲད་པ་ནི། སྐབས་སུ་མིག་གི་དབེན་པའི་གནས་སུ་ནམ་མཁའ་སློང་རྐྱེན་བྲལ་བ་ཉི་མར་རྒྱབ་ཕྱོགས་ལ་བལྟས་པས་ནང་དང་གསང་བའི་ནམ་མཁའ་འཆར་བ་ནི། ཀ་མ་ལ་ཤཱི་ལའི་ཐབས་ལམ་དང་རྫོགས་ཆེན་རང་གཞུང་ནས་ཀྱང་གསུངས་ཏེ། ངོ་སྤྲོད་རིན་པོ་ཆེ་སྤྲས་པ་ལས། མ་འཁྲུལ་བ་ཡི་ཡེ་ཤེས་ཚད། །སྤྲིན་དང་བྲལ་བའི་ནམ་མཁར་བརྟགས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས་ཀྱང། ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི་ནམ་མཁའ་སྤྲིན་མེད་པ་ལ་ངོས་བཟུང་ངོ་། །རིག་པ་ཅི་ལའང་མི་གནས་པའི་ངོ་སྤྲོད་ནི། མིག་བར་སྣང་ལ་བལྟས་བས་ཤེས་སོ། །ཞེས་དང་། ཡུམ་ལས་གསུངས་པ། དོན་འདི་གང་ཡིན་ནམ་མཁའ་ཉིད་ལ་བརྟགས་པར་བྱ། ཞེས་དང་། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་དག་ལ་དྲིས། །ཞེས་དང་། ནམ་མཁའ་ཆེ་ལས། བཟོ་མེད་ནམ་མཁའ་ཆེན་པོ་ནི། །རང་བཞིན་རྫོགས་པ་ཆེན་པོའོ། །ཞེས་པ་ལ་སོགས་པས་ན། ཁོ་བོའི་ཕ་ཅིག་གིས་ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག་གསུངས་པ་དང་། གཞི་ནམ་མཁར་བཤད་པའང་དེང་སང་མཁས་རློམ་དག་གིས་ཐན་དུ་བརྩི་བར་བྱེད་ཀྱང་། དེ་ལྟ་ན་རང་བཞིན་གྱི་དཀྱིལ་འཁོར་བཤད་པའི། ནམ་མཁའི་དབྱིངས་ཕྱུག་མར་གསུངས་པའང་སྤོངས་བར་འགྱུར་ལ་ཅིའི་ཕྱིར་ན་དཀྱིལ་འཁོར་འདི་རང་གི་གཞིའི་བཞུགས་ཚུལ་ཡིན་པ་དང་དོན་གཅིག་ལ། ཡང་འབྱུང་དང་འབྱུང་འགྱུར་འབྱུང་བ་དྭངས་སྙིགས། གཉིས་ཀ་བྱད་དང་གཟུགས་བརྙན་ལྟར་དངོས་དང་དེ་བྱུང་གི་འབྲེལ་གྲུབ་པས་ཕྱིར་དང་། གཞི་འབྲས་བདག་གཅིག་གི་འབྲས་མིང་རྒྱུར་ཆགས་པ་མངོན་དུ་གྱུར་ན་དབྱིངས་ཕྱུག་མ་ཡིན་པས་དངོས་ལ་གོ་བ་མ་ཞུགས་པར་གད་འཕྱོངས་གཡང་འཕྱོང་སུ་བྱེད་པའི་ཆོས་སྤངས་ཞིག་གོ སྤྱི་མདོ་ལས། འདུས་པའི་ཚོགས་རང་རང་གི་ནམ་མཁའ་དེ་རང་རང་གི་མུན་པ་གློ་བུར་བས་སྒྲིབ་པར་ཟད་ཀྱི་རང་རང་གི་ནམ་མཁའ་ཉིད་དུ་སྣང་བ་ལ་གང་གིས་གང་ལ་བསྟན་ཅི་དགོས། ཞེས་དང་། སངས་རྒྱས་རྣམས་ཀྱི་དམ་པ་ནི། །ཐམས་ཅད་ཉིད་ལས་མི་གཞན་ཕྱིར། །ཅི་ཡང་བླང་དོར་མེད་པས་ན། །རྡོ་རྗེ་ནམ་མཁར་གདོན་མི་ཟ། །ཞེས་སོ། །གཞི་ཕྱིར་ཡོད་པ་དང་དུད་འགྲོས་ཀྱང་མཐོང་བས་འབད་མེད་དུ་གྲོལ་ལོ་ཟེར་བ་རྩིངས་ཏེ། རང་ཤར་ལས། རིག་པ་ནམ་མཁའི་དཀྱིལ་དུ་བཟུང་བར་བྱ། །ཡང་དག་ཡེ་ཤེས་རྒྱལ་པོ་ཉིད། །ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱ། །ཞེས་སོ། །ས་སངས་རྒྱས་སྤྱན་ལའང་མཚུངས་ཤིང་འདི་རྙིང་མ་བས་དག་པ་ཆེན་པོའི་སྲོག་འདུས་ལ། གཟུགས་རྣམ་སྣང་དུ་རྒྱུད་སྡེ་ཀུན་ནས་གསུངས་པའང་དུད་འགྲོས་མཐོང་ལ། ནམ་མཁའ་བེམ་སྟོང་གཞིར་མི་རུང་སྙམ་པའང་དེར་མཚུངས་ལ། སྐྱོན་ལྟར་སྣང་བའི་དམྱལ་བའི་མགོ་ཐུར་བསྟན་གྱི་གཟུགས་ཀྱི་ཁ་སྨྲས་ཀྱང་འབྲེལ་མེད་རྣམས་འབབས་སོ། །ལར་དག་བྱ་དག་བྱེད་ཀྱི་གནས་འགྱུར་འདོད་ནའང་སེམས་ཙམ་མན་ཆད་ཀྱིས་རང་རྒྱུད་པར་སྣང་བ་ཕྱི་ན་མེད་པར་གོ་བ་ཆགས་ན། དེ་ཙམ་གྱིས་མྱོང་བ་མེད་པར་ཐག་ཆོད་པས་ན་རང་མཚངས་སྟོན་པར་འདུག །གཟུགས་ཀྱི་དེ་ཁོ་ན་ཉིད་ལ་དགོངས་སོ་སྐད་པོ་ལ་ནི་སྐྱོན་ཆེན་པོ་ཡོད་དེ། སྔགས་རྡོ་རྗེ་ཐེག་པ་ཞིག་ལ་དབུ་མ་བདེན་གཉིས་དབྱེར་མེད་མ་རྟོགས་པ་དེ་འདྲ་ནི་སྲིད་པ་མིན་ནོ། །དེས་ན་མཉམ་པ་ཆེན་པོ་དང་ཟུང་དུ་འཇུག་པའི་སྣང་བ་མ་དག་པ་གཞི་མེད་ལ། ལར་སེམས་སུ་འདོད་ཀྱང་གཞི་མིན་པར་ཁས་བླངས་ནི་མི་བཏུབ་པས་ན་ཡང་ཀླན་ཀ་མི་འཇུག །མཐོང་བས་ཆོག་ན་ནོར་བུ་མཐོང་བས་ཀྱང་གྲུབ་པའི་འདོད་དོན་ཞེས་ངེས་མེད་ཀྱི་ཚིག་དེ་སྲོག་དང་བྲལ་བའི་རོ་རུ་ཤེས་སོ། །སྔར་བཞིན་སངས་རྒྱས་ཀྱང་ནམ་མཁའ་ཤུལ་དུ་ལུས་པར་ཐལ་བ་ལ་རྨི་ལམ་དང་བར་དོའི་ནམ་མཁའ་འང་གཞན་དུ་བཞག་པར་དཀའ་བས་དང་། ཡང་ནོར་བུའི་འོད་ངོ་ཤེས་ནས་མར་མེ་དང་མ་ནོར་བར་དོན་དུ་གཉེར་བས་བྱིན་ན་ཐོབ་ཏུ་ཡོད་པ་ལྟར་འབྲེལ་བ་ངེས་པས་ཀྱང་མི་བསླུ་བས། ཆོས་གཅིག་གི་དེ་བཞིན་ཉིད་ཁོང་དུ་ཆུད་ན་ཆོས་ཀུན་གྱི་དེ་བཞིན་ཉིད་རྟོགས་པར་གསུངས་པ་ལྟ་བུ་དང་། ཡང་ཆོས་ཐམས་ཅད་ཀྱི་གཞི་བདེ་གཤེགས་སྙིང་པོ་ཡིན་ཞེས་པ་དང་། བདེ་གཤེགས་སྙིང་པོ་ཆོས་ཐམས་ཅད་དུ་སྣང་ཞེས་པ་དང་། ཆོས་ཐམས་ཅད་ནི་ཤེས་རབ་ཕར་ཕྱིན་བདེ་གཤེགས་སྙིང་པོ་ཉིད་ཡིན་ཞེས་པ་དང་། ནམ་མཁའ་གཞི་ཡིན། འབྱུང་བཞི་གཞི་ཡིན། གཞི་དེ་དག་ཡིན། དེ་དག་གི་གཞི་གཤེགས་སྙིང་ཡིན་ཞེས་པ་དང་། ས་སངས་རྒྱས་སྤྱན་ནོ། །སངས་རྒྱས་སྤྱན་རང་གི་གཞི་ཡིན་ནོ། །ཞེས་པ་དང་། སངས་རྒྱས་སྤྱན་སའོ། །ས་གཞིའོ་ཟེར་བ་ལ་ཁྱད་མེད་པར་མ་མཐོང་བ་བློ་གྲོས་ཕུར་ཁུང་ཐུག་གོ །སྣང་ཚུལ་ཆོས་ཅན་གནས་ཚུལ་ཆོས་ཉིད་སྙམ་པའང་འདི་ལ་ཕན་མེད་དེ། ཀུན་རྫོབ་ཀྱི་ལྟ་བས་སྲོག་གཅོད་པར་བཟོད་པ་ཐོབ་པ་དེ་ངོ་མཚར། ཙིཏྟ་རྐང་གཅིག་ལ་མེད་པའི་རྐང་པ་ཡ་མཚན་དུ་བལྟ་བ་ལས་ཅང་མ་མཆིས་པས། གཞན་གྱི་ཆེ་བ་བརྗོད་པ༡། རང་གི་དེ་ཉིད་སྟོན་པ༢། ལྷག་པའི་ཀུན་རྫོབ་ལ་ཐན་དུ་རྩི་བ༣། སྟོང་ཆད་ཕྱོགས་གཅིག་ཏུ་ཞེན་པ༤། གཟུ་ལུམ་དུ་ཆོས་སྤངས་བ་ལྔ་པོ་ཡང་རང་བཞིན་གྱིས་འཁོར་བར་སྣོན་མ་ལ་ཟབ་མོ་མཐར་ཐུག་གོ །ཁྱད་པར་དུ་ཕ་ཅིག་ནི། ཐབས་ཀྱི་སྒོ་ནས་རྒྱས་འདེབས་ཀྱི་ཏིང་འཛིན༡། ཡུལ་གྱི་སྒོ་ནས་ནང་དང་གསང་བའི་ནམ་མཁའ་འཆར་བ༢། ངོ་བོའི་སྒོ་ནས་བཞུགས་ཚུལ་ཐ་དད་དུ་མ་དམིགས༣། དོན་ནང་ན་གནས་པའི་རྟགས་སུ་ཤར་བ༤། མིང་གི་འདོགས་ཚུལ་གྱི༥། དཔེ་ཡི་སྒོ་ནས་ཉེར་འཇལ་ཚད་མར༦་བསྔགས་པས་དགོངས་ཀློང་དྲུག་ལྡན་གྱི་གསུངས་པས་དེ་ཙམ་དུའང་མ་ཟད་ལ། ཆོས་ཉིད་དེ་བཞིན་ཉིད་ཐབས་ཀྱི་གསང་སྒོར་ཤར་བ་དབྱེ་བས་ཕྱེ་ན་ནི་ནམ་མཁའ་སུམ་སྤྲུགས་སུ་འགགས་པ་འདི་གསང་བ་མཆོག་ཏུ་གྱུར་པ་ཕྱི་འབྱུང་ནང་འབྱུང་གི་དབྱེ་བས་ངེས་པར་ཚར་ཕྱིན་ཏེ། རང་ཤར་ལས་ཀྱང་། དྲི་མ་ཡུལ་གྱིས་བཅིངས་བ་རྣམས། །ཐབས་དང་ཡུལ་གྱི་སྒོ་ནས། དེ་བཞིན་ནམ་མཁའི་ཡུལ་ལ་ལྟོས། །ཞེས་དང་། འབྱུང་བ་ཆེན་པོ་ངོ་བོའི་སྒོ་ནས་ཐ་མི་དད་པས་འདི་དང་དོན་སྦྱོར་སོགས་གསུངས། བཅོམ་ལྡན་འདས། སེམས་ཅན་ཀུན་ལ་རང་བཞིན་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་ལ་སྤྱོད། །འབྱུང་བ་མེད་པའི་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་ཉིད་མ་ཡི་དབྱིངས། །ཞེས་དང་། སྒྱུ་འཕྲུལ་བཞི་བཅུ་པར། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཁྱབ་བོ། །ནམ་མཁའི་ཀུན་ལ་ཁྱབ་པར་གནས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་ནམ་མཁའི་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་པའི་དོན་མ་རྟོགས་ནས། ཞེས་དང་། ཆོས་ཐམས་ཅད་ནམ་མཁའ་དང་ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་ནས་ཆེད་དུ་བརྗོད་དོ། །ཞེས་ལེ་ལག་ལས་ཀྱང་རྒྱས་པར་བཀྲོལ་ལོ། །རང་ཤར་ལས། དབྱེ་བའི་སྒོ་ནས། འབྱུང་བ་རྣམ་པ་གཉིས་ཡིན་ཏེ། །ཞེས་སོགས་དང་། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་གསལ་གདངས་ཀྱི་ནམ་མཁའ། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བའི་ནམ་མཁའ་འོ། །ཞེས་དང་། རིག་པ་དང་། འོད་ལྔ་དང་། དབྱིངས་དང་། རྟགས་དང་། དག་པའི་ཞིང་དུ་སྒྲོལ་བའི་ངོ་སྤྲོད་ཉེར་གཅིག་དུ་གསུངས་པ་དང་། མིང་བཏགས་ཚུལ་གྱིས་ཀུན་བྱེད་ལས་ཀྱང་། ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ཞེས་དང་། དཔེའི་སྒོ་ནས་དཔེ་ནི་ནམ་མཁའ་ལྟ་བུའོ། །ཞེས་དང་། འཇམ་དཔལ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །སོགས་དང་། ཡུལ་གྱི་སྒོ་ནས་དོན་ཡོད་པས་ཕལ་ཆེན་ལས་ཀྱང་། ལ་ལ་ནམ་མཁའི་དཀྱིལ་ན་གསལ། །ཞེས་དང་། ཕར་ཕྱིན་ལས། ཡང་ངོ་བོའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས། དོན་དང་། རྟགས་དང་། དཔེ་དང་། ཡུལ། འདོགས་ཚུལ། ཐབས་སུ་བཤད་པ་དྲུག་ལ་དགོངས་པས་མཆོག་ཏུ་བཟང་པོའོ། །ཐུན་མོང་གི་སྒྱུ་འཕྲུལ་ལེ་ལག་ལས། རྒྱལ་བ་སྔོན་བྱུང་ཐམས་ཅད་ཀུན། །ནམ་མཁའི་དབྱིངས་སུ་མ་གྱུར་བ། །དུས་བཞི་ཕྱི་ནང་གང་ནའང་མེད། །དུས་གསུམ་བདེ་གཤེགས་ཉིད་ཀྱི་མངའ། །སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི། །ནམ་མཁའི་དབྱིངས་སུ་ཐམས་ཅད་ཐིམ། །ཞེས་དང་། རང་ཤར་ལས། །དུས་གསུམ་སངས་རྒྱས་དགོངས་པ་ནི། །ནམ་མཁའ་སྟོང་པའི་ངང་དུ་འདུ། །ཞེས་དང་། ཡང་ཀུན་བྱེད་ལས། རྟགས་ཀྱི་སྒོ་ནས་སྟོན་པ་ནམ་མཁའི་སྐུར་སྣང་ནས། །ཆོས་ནི་རང་གི་ངོ་བོས་སྟོན། །ཞེས་པ་དག་ཀྱང་མ་མཐོང་ཟད་དེ། །ལར་དེ་ལ་སོགས་པ་ལོག་རྟོག་ལ་མཐའ་མེད་པས། །ཆོས་ཀྱི་གྲགས་པས། ལོག་པའི་ལམ་ནི་མཐའ་མེད་པས། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པས་མ་བརྟགས་གྱ་ཚོམ་ཅན་གྱི་ཐེ་ཚོམ་བསལ་བ་དང་། །རང་གི་ཆོས་དང་བླ་མ་ལ་ཡིད་ཆེས་པ་དང་། ས་ར་ཧས། འདི་ལྟར་སེམས་དང་ནམ་མཁའ་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཞེས་དང་། སློབ་དཔོན་སྦྲ་སྒོམ་པས། །ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས་ཤིག །དེ་རྟེན་མེད་དུ་རྟོགས་ན་བསྒོམ་མེད་ཀྱི་གཟེར་ཆེན་ཐེབ་པའོ། །ཞེས་སོ། །ཡང་བླ་མ་སྙན་གྲགས་དོན་དུ་གཉེར་བ་འགའ་ཞིག་གིས་ཕྲག་དོག་དང་། ཞེ་ནས་ཆོས་ལ་སྡང་བ་གང་རུང་ལས་བྱུང་ཀྱང་། ཕྲག་དོག་ནི་མི་འོང་སྟེ་པདྨ་འབྱུང་གནས་དང་གཏེར་སྟོན་བརྒྱ་རྩ་གྲངས་ཀྱི་དུ་མའི་ལུང་གིས་ཟིན་པ་དང་། སློབ་མ་འཇའ་ལུས་པ་ལྔ་བརྒྱ་བྱུང་བས་མུ་གེ་ཁ་མཁས་ཙམ་ལས་ཡོན་ཏན་སྦྱིན་མི་ནུས་པ་མ་ཡིན་པ་དང་། འདའ་དུས་གདུང་དང་རིང་བསྲེལ། བཞུགས་དུས་ཡ་མཚན་གྱི་གྲུབ་རྟགས་ཐམས་ཅད་ཡ་མ་བྲལ་བ་ནི། སུ་ལའང་ཁོ་བོའི་འཁོར་ལོའི་དབང་ཕྱུག་ཏུ་དངོས་དང་བརྒྱུད་པ་གཉིས་ཆར་གྱུར་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇམ་དཔལ་དགྱེས་པའི་རྡོ་རྗེ་དང་རྣམ་པ་གཉིས་ཙམ་ཞིག་ཏུ་བཞུགས་པར་ཟད་དོ། །སངས་རྒྱས་ཐུགས་རྗེ་རྨད་བྱུང་སྒྱུ་འཕྲུལ་ལས། །གང་འདུལ་ཆུ་ཟླའི་རོལ་གར་བསྒྱུར་བ་བཞིན། །སྐྱོན་བྲལ་ཡོན་ཏན་རྒྱ་མཚོས་ཉ་གང་བ། །མུན་སྤྲུལ་མེ་ཁྱེར་གཞན་གྱིས་དོ་ཟླ་མེད། །མུན་པའི་རུམ་དུ་འབྱུང་བྱ་དགོད་པ་ལས། །ཉིན་མོའི་མགོན་པོའི་ངོགས་སུ་ནུས་སམ་ཅི། །ད་ནི་ཞི་བར་གཟིམ་པའི་ཕྱི་ཞིག་ཏུ། །གཞར་འདེབས་བྲན་གཡོག་ངན་པའི་ངང་ཚུལ་འདིའི། །མདུན་འདོད་ཆོས་ཀྱིས་བསྐྱང་བའི་བཀའ་དྲིན་ལས། །བློ་སྣ་ཐོབ་སླད་བླ་མ་ལ་འཁུ་བ། །ཕྱིས་ཀྱང་དམ་ཚིག་མེད་པའི་རང་རྟགས་ཀྱིས། །སུ་ཞིག་ཡིད་རྟོན་དད་པའི་གནས་སུ་བྱེད། །ཁོ་བོའི་གཙུག་རྒྱན་ཉི་ཟླ་ཟུང་འབྲེལ་འདི། །སྔོན་རབས་འཕགས་པའི་ཤིང་རྟ་རིན་པོ་ཆེ། །ཇི་བཞིན་གཞན་དྲིང་མི་བཞག་བདེན་མཐོང་གིས། །དོན་ལ་རྟོན་པ་ཆོས་ཀྱི་རྒྱལ་པོར་རིག །ཅེས་ཀྱང་ཤུགས་བྱུང་སྙན་ངག་སོགས་ལ་མ་འཆོལ་བའི་བསྟོད་པའོ། །

ཡང་བལྟས་པས་གྲོལ་བ་ཚིག་གསུམ་པའི་རྒྱུད་ལས་ནམ་མཁའ་སུམ་སྤྲུགས་སུ་གསུང་བའང་། རང་གི་ཤེས་པ་མིག་ལ་གཏད། མིག་བར་སྣང་ལ་བལྟས་པས་བཞག་ནས། ཡེ་ཤེས་ལྷག་པར་སྐྱེས་སོ། །ཤེས་པ་མིག་ལ་གཏད་དུས། རྣམ་རྟོག་གང་གིས་ཀྱང་མ་བསྒྲིབ་པར། རྟོག་མེད་ཀྱི་རིག་པ་རྐྱང་བར་འཆར་རོ། །ཞེས་གསུངས་པའང་མུ་སྟེགས་པར་འགྱུར་རོ། །དེ་ལྟར་ན་ནམ་མཁའ་རྣམ་པར་དག་པ་ལས་དགོངས་པའི་ངོ་བོ་བཟུང་བ་ནི་རྩལ་སྦྱངས་ཀྱི་གནད་ཟབ་མོ་དང་། །ངོ་སྤྲོད་ཀྱི་དྭངས་མ་ཡང་ཡིན་ནོ། །

དེ་དག་གིས་ངོ་རང་ཐོག་ཏུ་སྤྲད་པ་ཅུང་ཟད་བཤད་པ་སྟེ། ད་ནི་རང་བཞག་གི་བསམ་གཏན་བར་མེད་ཆུ་བོའི་རྒྱུན་དང་བཅས་པ་ངོ་སྤྲད་པ་ནི་གནད་དུ་བསྡུས་པ་སྟེ། དེ་ཡང་སེམས་ཉིད་ཕྱིར་མ་སྤྲོས། ནང་དུ་མ་བསྡུས། བར་དུ་མ་བཟུང་། ངོ་ལ་མ་བལྟས། ངང་ལ་མ་སྒྲིམ། ལུང་མ་བསྟན་དུ་མ་ཤོར་བར་དུས་གསུམ་གྱི་འབྲེལ་ཐག་བཅད། རྣམ་ཤེས་གསལ་ཆ་འཛིན་བཅས་ཀྱི་ཀུན་གཞི་དང་བཅས་པ་རང་དག་བྱར་མེད་འཛིན་མེད་དུ་བཞག་པས། དེ་དུས་ཀྱི་ལྷག་པར་གསལ་བ་ལས་སེམས་ཀྱི་རང་བཞིན་ཡེ་ནས་འབྲལ་མ་མྱོང་བ་སྣང་ཚུལ་སྣ་ཚོགས་སུ་འཆར་བའི་ངོ་ཏི་ཟང་མ། དཔེར་བྱ་ན་སྦུ་བ་ཐམས་ཅད་ཀྱི་རྒྱུ་ཆུ་ལས་མ་གྲུབ་པ་ལྟར་གྲྭ་ཟིང་ངེ་ཐལ་ལེ་བློ་དང་དཔྱོད་པ་ལས་འདས་པ་མངོན་སུམ་གཉིས་སྣང་དང་བྲལ་བར་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ནི་གསལ་སྟོང་འཛིན་པ་དང་བྲལ་བ། རྣམ་རྟོག་གིས་མ་བསླད་པའི་ཆོས་སྐུ། བློས་མ་བཅོས་པའི་སྤྲོས་བྲལ་བློ་འདས། ལྟ་བསྒོམ་གྱིས་མ་བཅིངས་པའི་རང་བབས། ཐ་མལ་དུ་མ་འཁྲུལ་བའི་ཡེ་གྲོལ། རྟག་ཏུ་སྐྱེ་འགགས་ཀྱི་སྤྲོས་པས་དབེན་པས་རང་གནས། བྱིང་རྒོད་ཆེད་འཛིན་གྱིས་མ་གོས་པས་བསམ་གཏན། ཀུན་ནས་རྒྱུན་ཆད་མེད་པའི་བར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དང་ཟུང་དུ་འཇུག་པ་ནི་བློ་བྲལ་ཐིག་ལེ་ཉག་གཅིག་གི་ཁྱད་ཆོས་ཏེ་དེ་ཉིད་ལ་མིང་གིས་མཚོན་ཚུལ། ཕྱག་རྫོགས་དབུ་མ་གཞི་རྒྱུད་ལ་སོགས་སྣ་ཚོགས་སུ་བསྟན་ཀྱང་། དོན་དུ་སྤྲོས་བྲལ་གོ་སྤྱི་ལ་ལུས་མ་ལུས་ཙམ་ལས་མཐར་ཐུག་གི་དགོངས་ཀློང་གཅིག་འདྲིལ་ཆེན་པོར་ངོ་སྤྲད་པའམ། མཉམ་བཞག་གི་དུས་སུ་རང་གི་ངོས་བཟུང་བའང་སྒོམ་ཆེན་གྱི་སྒོམ་ཚོལ་ལམ། ལས་གསར་ལ་བསྔགས་པ་ཡིན་ནོ། །སྔོན་རབས་རྒྱལ་བས་རྡོ་རྗེ་ཐེག་པའི་འཁོར་ལོ་བླ་ན་མེད་པ་བསྐོར་བའི་མཐར་ཐུག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཛིན་མེད་གསལ་དག་ཆེན་པོ་ལ། །རྡོ་རྗེ་སེམས་དཔའི་རིག་པ་གསལ། །གསལ་དག་སྟོང་པའི་ཡེ་ཤེས་ལ། །མཚན་མ་མེད་པའི་ཆོས་ཉིད་གསལ། །ཞེས་དང་། ཀློང་ཆེན་དྲུག་པ་ལས། མི་རྟོག་ཡེ་ཤེས་ལས་བྱུང་བ། །མ་བཙལ་བཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །དེ་ཚེ་འདི་ནི་སྣང་བ་དག །ཅེས་དང་། རང་བཞིན་བབས་ལས་བྱུང་བ་ཡི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །ཞེས་ཐལ་འགྱུར་ལས་གསུང་བ་དག་གི་དོན་ཅར་ཕོག་ཏུ་ངོ་སྤྲད་པའོ། །བཅོམ་ལྡན་ཐབས་མཁས་དཀྲི་དྲངས་ངེས་པའི་གསུངས། །ཀུན་ཀྱང་མཐར་ཐུག་འོད་གསལ་སྙིང་པོའི་གནས། །དེ་བཞིན་གཤེགས་པའི་དགོངས་ཀློང་དམར་འབྱིན་གྱི། །དང་པོའི་གནས་ཀྱི་ཀལྤ་རྒྱ་ཆེར་སྤྲོས། །


previousདེ་ཉིད་གཏན་ལ་དབབ་ཚུལ།next