ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བའི་ས་བཅད་ཞིབ་མོར།
ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བའི་ས་བཅད་ཞིབ་མོར་བཀོད་པ།
ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །ཐོག་མར་དགེ་བ་ཀླད་ཀྱི་དོན་ནི། རྒྱ་གར་སྐད་དུ༔ ཛྙཱ་ན་དཱི་པ་ཨད་མ་བྷུ་ར་པ་པྲ་ཀ་ཊ་ཨ་ལཾ་ཀ་ར་ན་མ༔ བོད་སྐད་དུ༔ ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་མཚོ་སྐྱེས་བླ་མ་མཆོག་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ཉིད་བསམ་གྱིས་མི་ཁྱབ་སྤྲོས་དང་བྲལ་བ་ཉོན་ཤེས་དྲི་མས་ཀ་ནས་དག༔ དབྱེར་མེད་བདེ་ཆེན་འོད་གསལ་ལྷུན་གྲུབ་འདུས་མ་བྱས་པའི་རང་སྣང་རང་བཞིན་མེད་པའི་ཚུལ༔ ཤེས་རབ་ཆེན་པོས་སྐད་ཅིག་ཉིད་ལ་ཡོངས་རྟོགས་སྐུར་སྨིན་རང་དོན་མངོན་པར་ བྱང་ཆུབ་ཀྱི༔ ཡོན་ཏན་ལྷུན་རྫོགས་སྐུ་གསུམ་མཛད་པས་འགྲོ་ཀུན་འདྲེན་སྟོན་ཀུན་བཟང་གདོད་མའི་མགོན་པོ ་མཆོད༔ ཁྱད་པར་སྙིགས་མ་ལྔ་བདོའི་གཞན་དབང་གིས༔ དཔའ་བོ་གང་གི་བརྩོན་འགྲུས་གོ་ཆ་དང་༔ ཐུགས་རྗེ་ཆེན་པོའི་ཤུགས་ལ་བཟློག་མ་བཟོད༔ ཐུབ་དབང་པདྨ་དཀར་པོ་ཕྱག་གི་གནས༔ མཚན་དང་སྐུ་ཡི་བཀོད་པ་ཡོན་ཏན་དང་༔ ཕྲིན་ལས་ནུས་སྟོབས་རྫུ་འཕྲུལ་ཚད་བཟུང་ལ༔ འཕགས་བློའི་སྤྱོད་ཡུལ་ཉིད་ཀྱང་ཁེངས་པ་འཕྲོགས༔ ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ་གྱུར་ཅིག༔ བརྒྱུད་པ་དྲུག་དང་ཆེ་བ་དགུ་ལྡན་པའི༔ པདྨས་རྗེས་བཟུང་མཁའ་འགྲོའི་གསང་མཛོད་བརྟོལ༔ སྨོན་ལམ་ལས་སད་འགྲོ་འདུལ་སྤྲུལ་པའི་སྐུ༔ གྲུབ་ཆེན་གཏེར་སྟོན་བརྒྱ་རྩ་མགོས་ཕྱག་འཚལ༔ གང་དག་ཐུགས་མཛོད་མཚོན་བྱ་རང་བཞིན་རྒྱུད༔ མཚོན་བྱེད་ཐབས་ཀྱི་སྣང་གྲགས་རོལ་མོའི་སྒྲ༔ བརྡར་གྱུར་ཆོས་ཀྱི་ཕུང་པོར་བཞུགས་པ་ཡི༔ ཟབ་མོའི་མདོ་རྒྱུད་མན་ངག་ཕྱག་གི་ཡུལ༔ དེ་དོན་ཡང་དག་གཟིགས་པའི་འོད་སྣང་གིས༔ རང་རྒྱུད་མ་རིག་མུན་ཁམས་དབྱིངས་སུ་བཅིལ༔ མཐའ་ཀླས་གཞན་ལ་ཕན་པའི་བྱ་བ་ཉིད༔ རྫོགས་དང་བྱེད་གང་དགེ་བའི་བཤེས་ལ་མཆོད༔ སྟོན་པ་ཆོས་སྐུའི་གསུང་གི་གསང་བ་ཉིད༔ སྔར་བྱོན་དྲང་སྲོང་ཡོངས་ཀྱི་ཞལ་སྒོ་གཅིག༔ ལགས་ཕྱིར་བཀའ་གཏེར་ཡོངས་ཀྱི་བཅུད་འདུས་པ༔ སྒྲོན་མ་གསལ་བའི་རྒྱན་གཅིག་འདི་ན་སྤྲོ༔ སྒྲིབ་པའི་བུམ་ནང་ཡེ་ཤེས་མར་མེ་ཡི༔ ངོ་བོ་ཉིད་ནི་སྨྲ་བསམ་བརྗོད་བྲལ་ཀྱང་༔ དེ་ཡོད་ཚིག་གིས་གསལ་པོར་མཚོན་པའི་སླད༔ ཐ་སྙད་འདི་ནི་ཤིན་ཏུ་བཙུན་པའོ༔ སེམས་ཀློང་མན་ངག་སྙིང་པོའི་མཐར་ཐུག་དོན༔ འཐོར་སྡུད་འཁྲུགས་སྡེབས་གབ་པ་མངོན་ཕྱུང་ནས༔ སྒྲུབ་པ་ཉམས་ལེན་ཤེས་ཤིང་མཐར་ཐུག་གི༔ འབྲས་བུ་བདེ་མྱུར་ཐོབ་པའི་སླད་དུ་བཤད༔ ཆོས་ཉིད་བསམ་གྱིས་མི་ཁྱབ་རང་བཞིན་དང་༔ རྒྱུད་སྡེ་མཐའ་དྲུག་ཚུལ་བཞིའི་ཆིངས་རྒྱ་དམ༔ ཟབ་བརླིང་དོན་གྱི་མཐར་ཐུག་འདིར་གཅིག་ཕྱིར༔ དམན་པ་བདག་ལྟའི་ཡུལ་དུ་ག་ལ་འགྱུར༔ འོན་ཀྱང་མཁའ་འགྲོའི་ལུང་བསྟན་བཀས་གནང་ཞིང་༔ པདྨ་ཀ་རའི་ཐུགས་དམ་མ་ལོད་དང་༔ བདག་ཀྱང་རིག་འཛིན་བརྒྱུད་པར་གྱུར་བ་ཡིས༔ ལོག་པར་བཤད་སྙམ་ནོངས་པ་བདག་ལ་མེད༔ ས་མ་ཡཱ༔ དེ་ཕྱིར་རྡོ་རྗེ་ཆོས་སྐྱོང་སྲུང་མའི་ཚོགས༔ མ་གཡེལ་བྲི་ཞིང་གཏན་ལ་ཕབ་པ་ཡི༔ བར་ཆད་ཉེར་འཚེའི་མཚན་མ་ཞི་བ་དང་༔ ཕྱི་རབས་མི་ནུབ་བསྟན་པ་འཕེལ་རྒྱས་མཛོད༔
དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་གཞི་སྣང་ལ་ཆོས་དང་གང་ཟག་དུ་མངོན་པར་འཛིན་པ་མ་སྐྱེས་པར་རང་སྣང་རང་བཞིན་མེད་པར་ཤེས་པའི་རྟོགས་པ་ཁྱད་པར་ཅན་གྱི་སྟོབས་ལས་ཁྱད་ཆོས་དྲུག་གི་སྒོ་ནས་སངས་རྒྱས་ཆོས་ཀྱི་སྐུ་བརྙེས་པ་ན༔ དེའི་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་གངས་ཆེན་མཚོ་རིགས་ལྔ་ལ་སོགས་པར་ཤར་པའི་གནས་དང་སྤྱན་ལས་ཡི་གེའི་འོད་ཟེར་སྤྲུལ་པའི་སྐུ་གྲངས་མེད་པས་རང་རང་གི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་ཆོས་འཁོར་བསྐོར་བ་འགྲོ་བའི་རྟོག་འདུལ་གྱི་གྲངས་སྙེད་པ་ཐམས་ཅད་ཀྱི་མཐར་ཐུག་དངོས་ཀྱི་བསྟན་པ་ནི་འབྲས་བུ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་གསང་བ་རྨད་དུ་བྱུང་བ་འདི་ཉིད་ཡིན་ཏེ༔ ཐེག་པ་ཐམས་ཅད་ཀྱི་དོན་འདིས་གཏན་ལ་འབེབས་པ་དང་༔ འདི་ཉིད་ཀྱི་གཟུགས་བརྙན་གྱི་བསྟན་པ་དང་༔ གསལ་བར་བྱེད་པ་དང་༔ སྡེ་སྣོད་ཐམས་ཅད་འདི་ཉིད་ཀྱི་ཡན་ལག་ཏུ་འབྱུང་བས་ཀུན་གྱི་སྤྱི་འགྲེལ་ཡིན་པ་དང་༔ ཀུན་ལས་ཁྱད་པར་དུ་འཕགས་པ་དང་༔ ཀུན་གྱི་ཉིད་ཁུ་ཡིན་པ་དང་༔ རྩ་བར་གྱུར་པའི་ཕྱིར༔ བང་མཛོད་འཕྲུལ་གྱི་ལྡེ་མིག་ལས༔ ཆོས་རྣམས་ཐམས་ཅད་གཏན་ལ་ཕབས་པའི་ཕྱིར༔ བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས༔ ཉམས་སུ་བླང་ཞིང་བློ་ལ་བཞག་པའི་ཆོས་ཡིན་པས༔ མན་ངག་ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས༔ སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི༔ འབྱུང་གནས་གཏན་ལ་འབེབས་པས་ན༔ ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས༔ རྒྱུ་འབྲས་ཐེག་པ་ཅན་ལས་ཁྱད་འཕགས་པས༔ ཐེག་པའི་ཉིང་ཁུ་ཡིན་པར་ཡིད་ཀྱང་ཆེས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ལམ་དུ་ཁྱེར་པའི་ཆོས་ཉིད་དེ༔ བྱང་ཆུབ་སེམས་ལས་མེད་པའི་ཕྱིར༔ བསྟན་པའི་ཡངས་ཆེན་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ཉིད་དུ་འདུས་པའི་ཕྱིར༔ ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ཉིད་ཀྱིས་བྱས་པའི་ཕྱིར༔ ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ཉིད་ལས་བྱུང་བའི་ཕྱིར༔ ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ཉིད་ལ་གནས་པའི་ཕྱིར༔ ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ལས་ལ་གྱེས་པའི་ཕྱིར༔ ཀུན་གྱི་སྡོང་པོ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་ཉིད་ལས་མེད་པའི་ཕྱིར༔ ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས༔ སྣང་མེད་ཀུན་ལ་ཁྱབ་པས་ན༔ གདལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས༔ གཅིག་ལས་དུ་མ་བསྒྲང་དུ་མེད་པའི་ཕྱིར༔ ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས༔ དུས་གསུམ་འཕོ་འགྱུར་མེད་པར་བྱ་བའི་ཕྱིར༔ མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས༔ རང་ལ་ཡོད་ཅིང་རྟོགས་པར་དཀའ་བའི་ཕྱིར༔ གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས༔ ཞེས་དང་༔ ཐལ་འགྱུར་ལས༔ ཁྱད་པར་ཡང་ཞུན་བཅུ་བདུན་ནི༔ སྐུ་གསང་ཐུགས་ཀྱི་བསྟན་པ་དངོས༔ རྡོ་རྗེ་བཅས་དང་སྐུ་གཟུགས་ནི༔ སུས་ཀྱང་བྱས་པ་མ་ཡིན་པར༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་གསང་སྔགས་ཤིན་ཏུ་རྣལ་འབྱོར་བའི་དགོངས་པ་འདི་ལའང་སྣང་མེད་རྫོགས་པའི་རིམ་པ་ཀ་དག་ལམ་དུ་བྱེད་པ་ཁྲེགས་ཆོད་ཀྱི་ལྟ་བས་གཞི་བཟུང་ནས་དམིགས་པ་ཡུལ་གྱི་བློ་ཅན་རྗེས་སུ་བཟུང་བའི་གདམས་པ་དང་༔ རིག་པ་རང་སྣང་གི་བློ་ཅན་ལ་སྣང་བཅས་བསྐྱེད་པའི་ལྷ་རྫོགས་ཚུལ་ལྷུན་གྱིས་གྲུབ་པར་ལམ་དུ་བྱེད་པ་ལམ་ཐོད་རྒལ་གྱི་གྲུབ་མཐའ་གཉིས་སུ་ཡོད་པ་སྟེ༔ ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཨ་ཧོ་རྡོ་རྗེ་སེམས་དཔའ་རྩལ༔ ཉམས་ལེན་དངོས་གཞི་འདི་ལྟ་སྟེ༔ གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ༔ འབྲས་བུ་སྐུ་གསུམ་རང་རྫོགས་སོ༔ བློ་ཡི་རིམ་པ་རྣམ་གཉིས་ཀྱིས༔ དོན་གྱི་ངོ་བོ་ཉམས་སུ་བླང་༔ དམིགས་པ་ཡུལ་གྱི་བློ་ཅན་ལ༔ བསྒོམ་དང་བསྒོམ་བྱའི་ཐབས་རྣམས་བསྟན༔ རིག་པ་རང་སྣང་བློ་ཅན་ལ༔ བརྟག་པའི་ཐབས་རྣམས་གཅིག་ཏུ་བསྟན༔ དེ་ཀུན་སྡོམ་ཚིག་རྣམ་གཉིས་ཀྱི༔ རིམ་པ་བྱེ་བྲག་གཉིས་ཕྱེ་ནས༔ སྐྱེས་བུ་རྣམས་ཀྱི་བློ་ལ་འཇུག༔ འདི་ཀུན་སྣང་བ་རང་དེངས་སོ༔ དམིགས་པ་ཡུལ་གྱི་བློ་ཅན་ལ༔ ཁྲེགས་ཆོད་གདམས་པ་བསྟན་པ་ནི༔ ཞེས་སོགས་ཀྱིས་གསུངས་པ་ལྟར་རོ༔
དེ་ལས་འདིར་ཕྱི་མའི་གནས་ཇི་བཞིན་པར་སྟོན་པ་ལ༔ ཐོག་མར་བླ་མ་བརྒྱུད་པའི་རིམ་པ་དང་༔ དེ་ལས་བྱུང་བའི་མན་ངག་གོ༔
དང་པོ་ལ༔ བརྒྱུད་པ་དངོས་དང་༔ དེ་ལ་བརྒལ་བ་སྤངས་པའོ༔ དང་པོ་ནི༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ༔ ལོངས་སྐུ་ཀུན་ཏུ་ཞལ༔ སྤྲུལ་པའི་སྐུ་སེམས་དཔའ་རྡོ་རྗེ༔ ཡང་སྤྲུལ་རྡོ་རྗེ་འཆང་ཆེན༔ རིག་འཛིན་སེམས་ལྷག་ཅན༔ སློབ་དཔོན་དགའ་རབ་རྡོ་རྗེ༔ ཤྲཱི་སེངྷ༔ དེས་མཚོ་སྐྱེས་བླ་མ་ཆེན་པོ་ཨོ་རྒྱན་པདྨ་འབྱུང་གནས༔ དེས་བདག་འདྲ་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ་གཏེར་བཀའ་མང་པོའི་བཅུད་བསྡུས་ཏེ་རང་སྣང་དོན་གྱི་འོག་མིན་དུ་བརྡ་ཡིག་ཆུ་གཏེར་ཨོ་རྒྱན་གྱི་འཕྲུལ་ཡིག་བཅས་བསྩལ་བའོ༔
གཉིས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ དང་པོ་ལ་བརྒལ་བ་དང་༔ དེ་སྤངས་པའོ༔
དང་པོ་ནི༔ ཆོས་ཆེན་པོ་ལ་བློ་མ་སྦྱངས་ཤིང་ང་རྒྱལ་དང་ཕྲག་དོག་ལོག་ལྟས་རྒྱུད་གང་བའི་སྐལ་མེད་ཁ་ཅིག་ན་རེ༔ སྔོན་རྫོགས་པའི་སངས་རྒྱས་ནས་རིམ་པར་བརྒྱུད་དེ་ད་ལ་ཐུག་གི་བར་དུ་ཡོད་པའི་བཀའ་དང་༔ རྒྱན་དྲུག་མཆོག་གཉིས་ནས་ལོ་པཎ་རིམ་པར་བརྒྱུད་པ་འདི་མ་གཏོགས་པ༔ གཏེར་སྟོན་ནས་བརྒྱུད་པ་ཐམས་ཅད་ཀྱང་བརྒྱུད་པ་ས་རྡོ་ལ་ཐུག་པའི་རྒྱུ་མཚན་དང་༡༔ འདོད་པས་གྲགས་པ་དོན་གཉེར་ཟས་ནོར་ཕུག་བཅིངས་ཀྱིས་ཟོལ་ཟོག་ཡིན་པའི་རྒྱུ་མཚན་དང་༢༔ ཁྱད་པར་དུ་ཚིག་ཚོགས་ཐ་མལ་དུ་སྣང་བས་སངས་རྒྱས་དང་ཨོ་རྒྱན་གྱི་གསུང་ལས་དམན་པ་དང་༣༔ མཁས་པའི་བསྟན་བཅོས་ལྟར་དཔྱད་བཟོད་དུ་མ་གྲུབ་པ་དང་༤༔ རང་གི་རྒྱུས་ཡོད་ཀྱི་ཆོ་ག་ཞིག་ལས་གཞན་སྒྲ་ཚད་སོགས་མེད་པ་དང་༥༔ ཆགས་ཅན་གྱི་སྔགས་པ་ལས་ཟོལ་མེད་ཀྱི་གང་ཟག་ལ་དཀོན་པའི་རྒྱུ་མཚན་དང་༦༔ རྒྱལ་བའི་བཀའ་ལས་མ་གྲགས་པ་དང་༧༔ སྐྱེས་བོ་ཁ་ཅིག་ལས་ཀུན་གྱིས་དང་དུ་མི་ལེན་པ་དང་༨༔ སྔོན་བསྐལ་པ་བཟང་པོ་སངས་རྒྱས་བཞུགས་དུས་དང༔ དེ་རྗེས་བསྟན་པ་མ་ཉམས་གོང་དུ་མེད་ཅིང་སྙིགས་མའི་མཐའ་ལ་ཡོད་པའི་རྒྱུ་མཚན་༩དང་དགུའི་ཕྱིར་ཐེ་ཚོམ་གྱི་སྨག་མི་དྭངས་ལ༔ གལ་ཏེ་ཁུངས་མ་ཞིག་ཡིན་ཀྱང་བཀའ་གཏེར་འདི་ཙམ་ཡོད་པས་ཉམས་སུ་ལེན་ནུས་ན་ལེན་རྒྱུའི་ཐབས་རྡུག་མི་དགོས་ཨ་ལ་ལ་ཟེར་ནས་གཏེར་སྟོན་ཞིག་རིག་ན་མིག་སྡང་དང་ཉམས་ལྟ་འཕྱར་ཀ་གཏོང་བ་ན༔ གླེན་པ་ཁ་ཅིག་རྗེས་བརྗོད་ཀྱི་བྲག་ཆས་ཚིམས་ནས་སྒྲོ་བསྐུར་ངན་པའི་ཅ་ཅོ་འདོན་པ་ནི་ཆོས་དང་གང་ཟག་ལ་སྨོད་པས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ལས་བུད་པ་ལ་ཡ་མཚན་ཅི་ཡང་མེད་ཀྱི་སྟེང་དུ༔ ཐར་མེད་སྡུག་བསྔལ་གྱི་རྒྱུ་རུ་ངེས་པའོ༔
སྐྱོན་གྱི་ཚི་བ་བཅད་པ༔
གཉིས་པ་ལ་སྐྱོན་གྱི་ཚི་བ་བཅད་པ༔ ཚད་མས་རྗེས་སུ་བཟུང་པ༔ མགོ་མཚུངས་ཀྱིས་ཚར་བཅད་པ༔ ཡོན་ཏན་གྱི་ཆེ་བ་བརྗོད་པ༔ དགོས་པའི་དོན་གྱིས་མཇུག་སྡུད་པ་དང་ལྔ་ལས༔
དང་པོ་ལ་དགུ་ལས་དང་པོ་བརྒྱུད་པ་མེད་པའི་བརྒལ་ལན་ནི༔ གཏེར་སྟོན་གྱིས་བཏོན་པ་ཐམས་ཅད་ལ་བརྒྱུད་པ་མེད་པའང་མི་འགྲུབ་སྟེ༔ རང་བྱུང་གི་དགེ་སློང་སངས་རྒྱས་བཅོམ་ལྡན་འདས་ལ་བརྒྱུད་པ་མེད་ན༔ ཨོ་རྒྱན་པདྨ་ལའང་མེད་ཀྱང་གྲང་གཞན་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ནི་ངོ་བོ་ཡེ་སངས་རྒྱས་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་དང་རྣམ་དབྱེར་མ་མཆིས་པས་ན༔ བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་ཁོང་རང་གི་སྤྲུལ་སྐུ་ཡིན་པར་ལུང་གིས་བསྔགས་པས་དེ་ལ་བསྙོན་ན་མུ་སྟེགས་པར་ཤེས་སོ༔ དེས་ན་དགོངས་པ་དབྱེར་མེད་པའི་དགོངས་བརྒྱུད་ཚང་པ་དང་༔ ཁྱད་པར་དུ་དཔལ་ཀུན་ཏུ་བཟང་པོ་མན་ཆད་ནས་དགོངས་བརྡ་སྙན་བརྒྱུད་ལེགས་པར་བླངས་ཚུལ་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་མོད༔ གཏེར་སྟོན་གྱིས་ཀྱང་སྐྱེ་བ་གོང་མ་ལ་དེ་ལས་གསན་པའམ་དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པས་བརྒྱུད་པ་ལེགས་པར་ཚང་ཞིང་༔ སྐྱེ་བ་འདི་ལའང་དངོས་ཉམས་རྨི་ལམ་གང་རུང་ནས་རྗེས་སུ་བཟུང་བས་ཀྱང་བརྒྱུད་པ་ཡོད་ལ༔ གནས་ལུགས་ཀྱི་བདེན་པ་མཐོང་བའི་གང་ཟག་ལ་བརྒྱུད་པ་ཐམས་ཅད་ཅིག་ཆར་དུ་རྫོགས་པར་མ་ཟད་ཤིན་ཏུ་ཉེ་བའང་༔ རྒྱུད་ལས༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་དང་༔ མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་ལས༔ དེས་ན་ཧེ་རུ་ཀ་དཔལ་རྒྱུད༔ སེམས་རྒྱུད་དྲི་མེད་ཡིན་པར་བཤད༔ ཅེས་དང་༔ རྫོགས་ཆེན་ལས༔ རབ་འབྱམས་རིག་པའི་དོན་རྟོགས་ན༔ སངས་རྒྱས་མ་བསྒོམ་གཅིག་ཀྱང་མེད༔ དབང་བསྐུར་མ་རྫོགས་གཅིག་ཀྱང་མེད༔ ཅེས་སོ༔ དེའི་ཕྱིར་ཡང་བརྒྱུད་པ་ཡོད་ལ༔ ཡང་གཏེར་མ་ཐམས་ཅད་ལ་བརྒྱུད་པ་མེད་ན་ནི་འདོན་འོས་པ་ཤིན་ཏུ་དཀོན་དེ་རྒྱུ་མཚན་མགོ་མཚུངས་ལས་གསལ་ཞིང་༔ དཔེར་བྱས་ན་ཚོང་དུས་གྱི་གང་ཟག་མང་པོ་འགྲིམ་པའི་ནོར་བུའང་ཁུངས་རྒྱ་མཚོ་མ་ཡིན་ཞེས་སྨྲ་ན་བཞད་གད་ཀྱི་གནས་སུ་མངོན་པ་དང་འདྲའོ༔ ཡང་གཏེར་ཆོས་ཡིན་པ་དང་ས་ཤིང་རྡོ་ལ་ཐུག་པས་བརྒྱུད་པ་ཆད་ན་ཁྱོད་མ་གཏོགས་བཅོམ་ལྡན་འདས་དང་རྡོ་རྗེ་འཆང་གིས་ཀྱང་དེ་མ་ཤེས་ནས་བབ་ཅོལ་དུ་སྨྲས་པའི་ཚིག་ཡོད་པར་མཆི་སྟེ༔ ཆུ་ཀླུང་རོལ་པའི་མདོ་ལས༔ ང་ཡི་བསྟན་པ་ཐུགས་ཀྱི་གཞུང་༔ ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦོས༔ ཡང་ན་ས་ཡི་སྙིང་པོར་བྱ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུགས་པར་འགྱུར་ཏ་རེ༔ དེའི་ཕྱིར་ཆུ་ཀླུང་རྒྱུན་མི་བཅད༔ ཅེས་བརྒྱུད་པ་མི་འཆད་པར་བཤད་ལ༔ ཡང་དཔལ་མཆོག་དང་པོའི་རྒྱུད་ལས༔ རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་༔ ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས༔ གཏེར་ནས་གཏེར་དུ་ཕྱུངས་ཤིང་སྩོལ༔ ཅེས་གསུངས་སོ༔
གཉིས་པ་ནི༔ ཐམས་ཅད་ཕྱོགས་གཅིག་གི་ཟོལ་ཟོག་ཡིན་པའི་ཚོད་གཞན་སེམས་ཤེས་པ་འདྲ་མ་གཏོགས་ཟིན་པར་དཀའ༔ བཅོམ་ལྡན་འདས་ཀྱིས་ཀྱང་༔ ང་དང་ང་འདྲ་བ་མ་གཏོགས་ཆོས་དང་གང་ཟག་གི་ཚོད་བཟུང་བ་མ་ཡིན་ཏེ༔ ཉམས་ཉེས་སུ་ལྷུང་བའི་ཕྱིར་རོ༔ ཞེས་གསུངས་བས་རྒྱུ་མཚན་མ་ངེས་སོ༔
གསུམ་པ་ནི༔ ཡང་ཚིག་ཚོགས་ཐ་མལ་གྱིས་ཀྱང་ཡང་དག་པ་མིན་པར་བཞག་དཀའ་སྟེ༔ མུ་སྟེགས་པའི་རིག་བྱེད་སོགས་ཀྱང་ཆོས་ཡིན་པར་ཞལ་གྱིས་བཞེས་པ་འདྲ་ཡིན་ནམ་མིན་ཀྱང་རང་གི་རྒྱུད་སྡེ་ཐམས་ཅད་ནས་ཚིག་ལ་རྟོན་པར་མ་གསུངས་ཏེ༔ བདེ་མཆོག་བསྟོད་འགྲེལ་ལས༔ དོན་ལ་རྟོན་པར་བྱ་ཡི་ཚིག་ལ་རྟོན་པར་བྱ་བ་མ་ཡིན་པ་དང་༔ ཞེས་དང་༔ དྲི་མེད་འོད་ལས༔ ཆེན་པོ་རྣམ་དག་ཚིག་ལ་རྟོན་པ་མིན༔ ཡུལ་གྱི་མིང་རྣམས་ཀྱིས་ཀྱང་དོན་ཤེས་ན༔ བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ༔ གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པ༔ བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་༔ ཞེས་སོགས་གསུངས་པའི་ཕྱིར་དེ་ལས་བརྒལ་ན་ནང་པ་མིན་པར་ཤེས་སོ༔
བཞི་པ་དཔྱད་བཟོད་མེད་པར་ཡང་མ་ངེས་ཏེ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཚུར་མཐོང་གི་བློས་དཔྱད་བྱ་ལས་འདས་པས་ཁྱོད་ཀྱི་ཡུལ་མ་ཡིན་ན་རྒྱུ་མཚན་དེས་ཅི་ཡང་མི་འགྲུབ་པར་མ་ཟད༔ བདེ་མཆོག་ཉུང་ངུའི་རྒྱུད་ལས༔ ཟབ་མོའི་ཆོས་ནི་སྟོན་པ་ལ༔ གལ་ཏེ་མོས་པར་མ་གྱུར་ཀྱང་༔ སྨོད་པ་དག་ནི་མི་བྱ་སྟེ༔ ཆོས་ཉིད་བསམ་མི་ཁྱབ་དྲན་བྱ༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས༔ བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ༔ འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་གྱི༔ འདི་དག་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ༔ ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ༔ གསང་པའི་བདག་པོ༔ མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱའོ༔ གཉིས་གང་ཞེ་ན་སེམས་ཅན་དམྱལ་བ་དང་དུད་འགྲོའོ༔ ཞེས་སོ༔
ལྔ་པ༔ སྒྲ་ཚད་མེད་པས་གཏེར་ཆོས་མིན་པ་དང་རྒྱུས་མེད་ཐམས་ཅད་ཡོད་དགོས་པར་ཡང་མ་གྲུབ་སྟེ༔ གཏེར་སྟོན་དང་གཏེར་ཕྲན་ལ་སོགས་སྔོན་སྨོན་ལས་ཀྱིས་འབྲེལ་བས་མིན་ན་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་ན་གནས་མིན་ཀྱང་གནས་ཡིན་དུ་ཅི་ཕྱིར་མི་མཁྱེན༔ ཐམས་ཅད་ཀྱི་སྒྲས་བཟུང་བའི་ཕྱིར་རོ༔ ཞེས་པ་དང་མཚུངས་སྟེ༔ ཕྱུག་པོ་ཡིན་ན་འཇིག་རྟེན་ཁམས་ཀྱི་ཟས་ནོར་མཐའ་དག་ཅི་ཕྱིར་མི་ཚང་ཞེས་པ་དང་༔ བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་ལས་དང་༔ རྡོ་རྗེ་འཆང་གིས་རྟོག་གེ་ལ་གཙོ་བོར་མ་མཛད་པའི་ཕྱིར་རོ༔
དྲུག་པ་ཆགས་ཅན་ལས་ཆགས་བྲལ་ལ་མ་གྲགས་པའང་མི་འཐད་དེ༔ ཀླུ་སྒྲུབ་ཀྱིས་རྒྱས་པ་འབུམ་དང་༔ རྡོ་རྗེ་གུརཿ ཧེ་བཛྲཿ གདན་བཞི་སོགས་བཏོན་པ་དངཿ པཎ་ཆེན་ཤཱཀྱ་ཤྲཱིས་ཆོས་རྒྱལ་བཀའ་ཆེམས་སྐོར་བླང་བ་དང་༔ ཇོ་བོས་ཀ་བ་བུམ་པ་ཅན་ནས་ལྷ་སའི་དཀར་ཆག་དང་གཙུག་ཏོར་གདུགས་དཀར་ལ་སོགས་པའི་རྒྱལ་མཚན་བྱ་བའི་ཆོ་གའི་རིམ་པ་གཏེར་ནས་བཏོན་པའི་ཕྱིར་རོ༔
བདུན་པཿ རྒྱལ་བའི་བཀའ་ལས་ནི་ཤིན་ཏུ་གྲགས་པ་སྟེ་མདོ་དང་སྔགས་གཉིས་ཆར་ན་བསྒྲང་པར་མི་ལང་ཡང་ཅུང་ཟད་ཙམ་འདྲེན་ན༔ མདོ་ལསཿ དོན་ལ་ངེས་པའི་གདེངས་རྙེད་ནཿ སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལཿ ཞེས་དང་༔ མདོ་དགོངས་འདུས་ལསཿ ང་ནི་དུས་གསུམ་བཞུགས་པ་ཡིཿ སངས་རྒྱས་ཀུན་གྱི་སྙིང་པོ་སྟེ༔ སྟོང་པར་སྦས་པའི་དོན་འདི་ལ༔ བརྡ་དང་དཔེས་མཚོན་ལྡེ་མིག་གིས༔ མཉམ་ཉིད་རིག་པའི་གཏེར་སྒོ་ཕྱེས༔ ཞེས་སོ༔ རྒྱུད་ལས་ཀྱང་༔ རིན་ཆེན་སྤུངས་པ་ལས༔ རྒྱུད་དོན་གནས་པའི་གཏེར་སྒོ་ཕྱེས༔ ནམ་མཁའ་མཛོད་གཏེར་ཉིད་ལོངས་སྤྱོད༔ ཅེས་དང་༔ ཡེ་ཤེས་གསང་བའི་རྒྱུད་ལས༔ གསང་བའི་དལ་ལ་ཡེ་ཤེས་གཏེར༔ མདོ་སྔགས་གཏེར་གྱི་མཛོད་འཛིན་ཅིང་༔ རིག་པའི་བསྟན་པ་སྒྲོགས་པའི་བདག༔ ཅེས་སོ༔
བརྒྱད་པ༔ སྐྱེ་བོ་ཀུན་གྱིས་དང་དུ་མི་ལེན་པས་རྣམ་པར་མ་དག་པར་མི་འགྱུར་ཏེ༔ ཀུན་ལ་གྲགས་པའང་ཚད་མ་མིན་པར༔ ཞི་བ་ལྷས༔ དཔེར་ན་བུད་མེད་མི་གཙང་ལ༔ གཙང་སོགས་གྲགས་པ་བཞིན་དུ་རྫུན༔ ཞེས༔ འཇིག་རྟེན་པའི་གཡེམ་ལ་རྒྱུག་ནས་གང་ཟག་ལ་རྟོན་ན་གྲངས་ཅན་སོགས་ཀྱང་ཁས་བླང་པར་རིགས་སོ༔
དགུ་པ༔ སྔོན་བསྐལ་པ་བཟང་དུས་མ་དར་བས་ནི་སུན་ཕྱུང་མི་ནུས་ཏེ༔ བསྟན་པའི་བྱིན་རླབས་མ་ཉམས་པའི་དུས་ན་དེ་ཀས་ཆོག་པས་གཏེར་འདོན་མི་དགོས་ཀྱི༔ ཚོང་དུས་འོ་མ་བཞིན་བསླད་ཞུགས་པ་དང་དམ་ཉམས་འདྲེས་ཁྱེར་གྱིས་བསླད་ནས་སེལ་ཅན་དུ་གྱུར་པ་དང་༔ བརྒྱུད་པར་བར་ཆད་པ་ལ་ཕན་པའི་ཕྱིར་གཏེར་དུ་སྦས་པ་ད་ལྟ་བླང་བ་ལ༔ དཔེར་ན་ཕྱུག་པོའི་བང་མཛོད་ཀྱི་ཟས་དེ་ཟས་ཡིན་ན་སྔོན་ནས་བཟར་རིགས་ཀྱི་བསོགས་བསྐྲུན་བྱས་ནས་ད་དགོས་པའི་དུས་སུ་ཕྱུང་བ་མི་འཐད་ཟེར་བ་དང་ཆོས་མཚུངས་སོ༔ སྔོན་མ་བྱུང་བའང་མ་ཡིན་པས་གཏེར་དུ་སྦས་པ་ཡིན་གྱི་གཞན་དུ་སྦ་རྒྱུ་མེད་དོ༔ རྒྱལ་པོ་ཛཿལ་ཆོས་གཏེར་བབས་པ་དང་༔ སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་སྒོ་མཐའ་ཡས་པའི་མདོ་ལས༔ ཆོས་ཀྱི་སྒོ་མཐའ་ཡས་པ་ན་སངས་རྒྱས་ཀྱི་ཐུགས་ཀྱི་གཏེར་ནས་བྱུང་བ་ཡིན་ནོ༔ ཞེས་བཀའ་ཐམས་ཅད་གཏེར་མར་བསྟན་པས༔ སྙིགས་མའི་དུས་སུ་འབྱུང་བའི་ལུང་བསྟན་ཀྱང་ཡོད་དེ༔ ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས༔ དཔེར་ན་མར་མེ་འཆི་ཁ་རུ༔ འོད་ནི་གསལ་བར་འབྱུང་བར་འགྱུར༔ དེ་བཞིན་ང་ཡི་བསྟན་པའང་༔ ནུབ་ཁར་ཟབ་མོའི་ཆོས་དར་འགྱུར༔ ཞེས་པས་ཀྱང་གསུངས་ཤིན་ཏུ་ཟབ་པར་གྲུབ་བོ༔ འདོན་རྒྱུ་མེད་ནས་ཐབས་ཆག་མིན་པ་ལ་དགོས་པ་མེད་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཀླན་ཀ་འདི་ལས་ཆེ་བ་ཞིག་མེད་དོ༔ ཆོག་འགྲིགས་ལག་ལེན་བསྟན་བཅོས་མཐའ་དག་ལ་དབུ་ཕོག་ཞབས་ཕོག་ལ་འགྲོ་བ་ཡང་མིན་ནམ༔
གཉིས་པ་ཚད་མས་རྗེས་སུ་བཟུང་བ་ལ༔ དང་པོ་བཀའ་ཚད་མ་ལས་བྱུང་བ་ནི༔ སྔར་གྱི་དེ་དག་ཏུ་མ་ཟད་ཏིང་འཛིན་རྒྱལ་པོ་ལས༔ མཁས་པ་རྟག་ཏུ་དགོན་གནས་ཏེ༔ སངས་རྒྱས་གཏེར་དང་ཆོས་ཀྱི་གཏེར༔ ཡེ་ཤེས་གཏེར་དང་མངོན་མཐོའི་གཏེར༔ མངོན་ཤེས་ལྔ་ཡང་མྱུར་དུ་ཐོབ༔ ཅེས་དང་༔ རིན་ཆེན་རྩལ་ཕྲེང་གི་རྒྱུད་ལས༔ ཕྱི་ནང་གྲགས་པའི་ད་ལ་ཀུན༔ ཆོས་ཀྱི་དབྱིངས་ཀྱི་གཏེར་ནས་ཕྱུང་༔ ལྷ་སྔགས་ཆོ་ག་ལས་ཚོགས་དང་༔ ཐམས་ཅད་ཐམས་ཅད་དེ་བཞིན་འབྱུང་༔ ཞེས་དང་༔ ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ལས༔ ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་༔ སྐུ་གསུམ་བསྟན་པ་དར་ཞིང་རྒྱས༔ ཞེས་སོ༔ འཇམ་དཔལ་རྩ་རྒྱུད་ལས༔ སྔོན་ནི་ངས་ནི་གང་བཤད་པའི༔ ཐེག་པ་ཆེན་པོའི་མདོ་སྡེ་ཡང་༔ དེ་ཡི་ཚེ་ན་བུམ་པ་ལས༔ དཀའ་ཐུབ་ཆེན་པོས་འདྲེན་པར་བྱེད༔ ཅེས་སོགས་རབ་ཏུ་མང་པོ་བཀའ་ཚད་མས་བསྟན་པའི་ཕྱིར་དང་༔
གཉིས་པ་རིགས་པས་ཀྱང་གྲུབ་པ་ཉིད་དེ༔ འདི་ལ་ནི་མངོན་སུམ་གྱི་མངོན་ཤེས་མངའ་བ་སངས་རྒྱས་བྱང་སེམས་ཀྱིས་གཟིགས་ནས་གཏེར་བཏོན་པའང་མང་བས་རྗེས་སུ་དཔག་གིས་ཤེས་པའི་ཚད་མའང་ཡོད་ལ༔ ལར་ཀུན་ཏུ་སྨད་པའི་གནས་ཡོ་བྱད་ཀྱི་གཏེར་ཀྱང་ཡོད་ན༔ བསྟན་པ་རིན་པོ་ཆེ་ནུབ་པར་ཕངས་ནས་སངས་རྒྱས་ཀྱི་ཆོས་གཏེར་ཡོད་པ་ནི་སྨོས་ཀྱང་མི་དགོས་ཏེ༔ དུས་གསུམ་སྒྲིབ་བསྟན་པ་འཇིག་པའི་རྒྱུ་དང་༔ དུས་དང་། གང་ཟག་ལ་སོགས་པ མེད་དུ་མཁྱེན་པའི་ཕྱིར་དང་༔ ཕྲིན་ལས་དེ་ལ་གསོ་བའི་ཐབས་དང་། གང་ཟག་འཕགས་པའི་སྐྱེ་བོའི་སྤྲུལ་པ་དང་། གསོ་བའི་བྱ་བྱེད་དང་། རྒྱུན་ཆད་མེད་པའི་ཕྱིར༔ དཔེར་ན་ཕྱུག་པོའི་ཕུག་ནོར་དུ་གསེར་དངུལ་དང་རིན་ཆེན་སྦ་ཡི༔ ས་རྡོ་དང་བོང་བ་མིན་པ་ལྟར་རོ༔ བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས༔ ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ༔ གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་ཏེ༔ བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ༔ ཞེས་སོ༔
གསུམ་པ་བླ་མའི་མན་ངག་ཚད་མ་ལས་ཀྱང་གཏེར་ཡོད་པར་བཤད་དེ༔ ས་གསུམ་ན་མངོན་པར་མཐོ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་ནས༔ ཁོ་བོ་སྦས་པའི་བརྟུལ་ཞུགས་ཅན་ཡིན༔ སྔོན་ལྷ་མ་སྲིན་འདུལ་བའི་དུས་སུ་བསམ་ཡས་ན་གཏེར་དུ་སྦས་པ་ཡོད༔ དེ་ངའི་སྤྲུལ་པ་ཞིག་གིས་འདོན༔ ཞེས་གསུངས་པ་དང་༔ རྒྱལ་པོའི་བཀའ་ཆེམས་རིམ་གསུམ་རྒྱལ་རབས་དང་བཅས་པ་ནི༔ སྦེད་མཁན་ནི་རྒྱལ་བའི་འབྱུང་གནས༔ རྒྱལ་པོ་ཉིད་ཀྱང་རྒྱལ་བའི་འབྱུང་གནས༔ ཞེས་སོགས་ས་དགེ་རྙིང་གསུམ་ཀུན་གྱིས་ཁས་བླངས་བའི་ཚད་མའི་སྐྱེས་བུ་དེའི་གསུང་གཅིག་པུས་ཆོག་གི་ཏི་ཕུ་པ་སོགས་ཀྱི་ལུང་བསྟན་མང་ཡང་ཡི་གེ་ལ་འཇིགས་སོ༔
གསུམ་པ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱིས་ཚར་བཅད་པ་ནི༔ འོ་དེ་ལྟར་གཏེར་མ་ཐམས་ཅད་བརྒྱུད་པ་མེད་པའི་རྫུན་པ་འདོན་མི་རུང་བ་ཡིན་ན༔ རྒྱུད་བླ་མ༔ ཆོས་ཉིད་རྣམ་འབྱེད༔ རྒྱས་པ་འབུམ༔ འདུས་པ༔ དཔང་སྐོང་༔ ཟ་མ་ཏོག་སོགས་མདོ་རྒྱུད་ཉེར་གཅིག་གིས་མཚོན་མདོ་ཕྱོགས་ལས་ཀྱང་ཤིན་ཏུ་མང་པོ་དང་༔ གདན་བཞི༔ ཀྱཻ་རྡོར༔ གུར༔ མ་ཧཱ་མ་ཡ༔ དམ་པའི་ཞི་བྱེད་ཀྱི་སྐོར༔ རས་ཆུང་གི་རོ་སྙོམས་སྐོར༔ ས་སྐྱའི་ཕུར་པ་རྩ་དུམ༔ འཇམ་དཔལ་རྩ་རྒྱུད༔ མདོ་སྡེ་མཛངས་བླུན༔ བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག༔ རྫོགས་རིམ་རླུང་སེམས་དབྱེར་མེད༔ ཀུ་རུ་ཀུལླེའི་སྒྲུབ་སྐོར༔ སེང་གདོང་སྒྲུབ་སྐོར༔ སེམས་ཁྲིད་ཡིད་བཞིན་ནོར་བུ༔ པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར༔ རྣམ་སྲས་ཀྱི་སྒྲུབ་སྐོར༔ ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག༔ ཐོགས་མེད་ཀྱི་བྱམས་པའི་ཆོས་ལྔ༔ རྗེ་རིན་པོ་ཆེའི་ལམ་རིམ༔ ཇོ་བོའི་ལམ་སྒྲོན་སོགས་བསྟན་བཅོས་ཀུན་དང་བཅས་པའི་ནང་ན་སངས་རྒྱས་ནས་བརྒྱུད་ལུང་ཡོད་མེད་བསམ་ན་མཐར་བརྒྱུད་པ་ཡོད་པ་གཅིག་ཀྱང་མི་འདུག་པར་འགྱུར་བའི་ཕྱིར་དང་༔ དེ་དག་ལུང་ཟིན་ཡིན་པ་རྒྱུ་མཚན་དུ་བཀོད་ན་སངས་རྒྱས་ཀྱིས་ཨོ་རྒྱན༔ དེས་གཏེར་སྟོན༔ དེས་ཡང་སྟོན་དང་གཏེར་ཕྲན་སོགས་ལུང་བསྟན་པ་ལ་བསྔ་བཙན་མ་ཆེ་ན་དང་༔ ཡུལ་སྤྱིའི་བླ་མ་རྣམས་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ལུང་གིས་བཟུང་བའི་ཕྱིར་ཀྱང་མགོ་མཚུངས་སོ༔ གཞན་ཡང་བྱིན་གྱིས་བརླབས་པའི་བཀའ་ཐམས་ཅད་ལའང་བརྒྱུད་པ་མེད་པར་འདྲེན་པ་ནི་མིག་རྒྱང་ཤིན་ཏུ་ཐུང་ངོ་༔ དེས་ན་འདོན་རྒྱུའི་ཆོས་དང་༔ འདོན་པོའི་གང་ཟག་ཐམས་ཅད་ལ་བསྐུར་པ་བཏབ་པར་ཅིའི་ཕྱིར་མི་འགྱུར་རོ༔ མ་ཟད་སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཐམས་ཅད་ཐུགས་གཏེར་ཡིན་པ་དང་༔ གཏེར་ནས་གཏེར་དུ་བྱུང་བ་ཡིན་པས་དྲི་མ་ཅན་དུ་བྱེད་པ་ནི་བདུད་ཀྱི་སྤྲུལ་པའམ་ཤེས་རྒྱུད་བརླམ་པ་ཡིན་པར་ཐེ་ཚོམ་ཅུང་ཟད་ཀྱང་མེད་པས་རང་གིས་རང་ལ་སེལ་འདོད་པ་འདི་གལ་ཤིན་ཏུ་ཆེ་བ་མེད་དུ་མི་རུང་བའོ༔
བཞི་པ་ཡོན་ཏན་གྱི་ཆེ་བ་བརྗོད་པ་ནི༔ བརྒྱུད་པ་ཐག་རུལ་དུ་མ་གྱུར་པ་དང་༔ ཁ་གསལ་བས་སྙིང་རྗེས་བརྩམས་པ་དང་༔ ཨོ་རྒྱན་གྱི་གསུང་ལ་ཕྲི་བསྣན་མེད་པ་དང་༔ རྒྱུད་ལས་འཐོར་བ་བསྡུས༔ གཅུས་པ་བསྲེང་༔ གབ་པ་མངོན་དུ་ཕྱུང་༔ འཁྲུགས་པ་སྡེབས་ནས་མངོན་པར་རྟོགས་པའི་ལག་ལེན་དུ་བྱ་སླ་ལ་ཆོད་ཆེ༔ མདོར་འདུས་ལ་གནད་ཟབ༔ རྟོན་པ་བཞི་ཕྱིན་ཅི་མ་ལོག་པར་བརྒྱུད་པ་ཐག་ཉེ་ཞིང་དམ་སེལ་གྱི་གཡའ་ཡིས་མ་གོས༔ ཆང་ལ་ཆུས་མ་བསླད་པ་ལྟ་བུར་རྣམ་པར་དག་པ༔ ཟས་མི་ལག་མ་བརྒྱུད་པ་ལྟ་བུའི་བྱིན་རླབས་མ་ཉམས་པ་ཞིག་ཡིན་པའི་ཕྱིར༔ མཁས་པ་ཁ་ཅིག་གིས་གཏེར་རྫུན་རེ་ལ་དགོངས་ནས་བཀྱོན་པ༔ གཏེར་སྟོན་བཟང་ངན་ཀུན་ལ་ཀླན་ཀ་འཛུགས་པའི་དོན་གླན་པས་བླུན་པོ་ཆོས་སྐལ་ཆད། གསོར་མི་རུང་བར་འགྱུར་བས་བག་ཟོན་བྱས་ན་བཟང་ངོ་༔
ལྔ་པ་དགོས་པའི་དོན་གྱིས་དེ་ལྟར་བཤད་པའི་མཇུག་བསྡུ་བ་ནི༔ དེ་ལྟ་བུའི་བསྟན་པའི་བཙས་སུ་བཞག་པ་རིན་ཆེན་གཏེར་གྱི་དགོས་པ་ནི༔ སངས་རྒྱས་ཀྱི་བསྟན་པ་ཡུན་རིང་མི་ཉམས་པར་གནས་པ་དང་༔ ཆོས་འདོད་པའི་བྱང་སེམས་རྣམས་ལ་ཆུད་མི་ཟ་བའི་ཕྲིན་ལས་འཇུག་པ་དང་༔ བཀའ་མདོ་རྒྱུད་དཀྲུགས་པ་དང་༔ མུ་སྟེགས་ཀྱིས་གཙུག་ལག་ཆོས་འཁོར་འཇིག་པར་དགོངས་ནས་དེ་དུས་ཕྱག་རྡོར་སོགས་མངོན་ཤེས་ཐོབ་པའི་བྱང་སེམས་ཀྱི་སྤྲུལ་པས་སླར་ཡང་བརྒྱུད་པ་མཐུད་རུང་པ་ལ་དགོངས་ཏེ་ཡིན་ནོ༔ སྔར་དྲངས་པ་ལྟར༔ གཏེར་ནས་གཏེར་དུ་ཕྱུང་ལ་རྩོལ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུགས་པར་འགྱུར་ཏ་རེ༔ ཞེས་དང་༔ ཆོས་ཡང་དག་པར་སྡུད་པ་ལས༔ གང་གིས་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར༔ ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་བྲིས་ནས་གཏེར་དུ་སྦས་ནས་མཆོད་ན༔ དེས་དེ་ཉིད་བཅུ་ཐོབ་སྟེ༔ ཞེས་སོ༔
གཉིས་པ་བྱེ་བྲག་ཏུ་བརྒལ་བ།
གཉིས་པ་བྱེ་བྲག་ཏུ་བརྒལ་བ་ནི༔ ཁྱོད་ནི་སྔོན་བྱུང་གི་སྐྱེ་བོ་དམ་པའི་ལུང་གིས་མ་ཟིན་པ་དང་༔ ས་གཏེར་འདོན་རྒྱུ་མ་བྱུང་བའི་ཕྱིར་ཚད་མའི་གཏེར་སྟོན་ཞིག་མིན་པར་མཆི༔ གཏེར་ཡང་བཀའ་ལུང་ཐམས་ཅད་དང་འབྲེལ་བར་དཔང་བཞག་གི་བརྩམས་ཆོས་ཞིག་ལ་འདྲ་ན་མི་འཐད་དོ་སྙམ་པ་ན༔
དེ་ལ་ཡང་བཤད་པར་བྱ་བ་ལ་གསུམ་སྟེ༔ དང་པོ་ནི༔ ཨོ་རྒྱན་ཆེན་པོ་དང་གཏེར་སྟོན་སྔ་མའི་ལུང་བསྟན་གྱི་མ་ཟིན་པ་ཐམས་ཅད་མ་དག་པ་ཞིག་ཡིན་ན༔ གཏེར་ཕྲན་སྟོང་རྩ་དང་གཏེར་གྱི་རིགས་བྱེད་བྱེ་བ་བཅོ་བརྒྱད་འདོན་མི་ཐམས་ཅད་ལས་ཕལ་ཆེ་བ་གཏེར་སྟོན་མིན་པར་འགྱུར་ཏེ་ཐམས་ཅད་ལུང་གིས་བཟུང་ན་བཀའ་རྒྱས་པ་ཙམ་ཞིག་ཡོད་དོ༔ ཡང་པདྨ་བཀའ་ཐང་ལས༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་༔ ཞེས་དང་༔ པདྨ་གླིང་པས༔ དེ་དུས་ལུང་པ་རེ་ན་གཏེར་སྟོན་རེ༔ དཔེར་ན་སྤང་ལ་ཤྭ་མོང་རང་རྡོལ་འབྱུང་༔ ཞེས་དང་༔ ཨོ་རྒྱན་གྱི་ལུང་བསྟན་ལས༔ ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་པ༔ དེ་སྲིད་གཏེར་གྱི་བསྟན་པ་ག་ལ་རྫོགས༔ ཞེས་དང་༔ ཡུལ་གྲུ་རེ་ལ་གྲུབ་ཐོབ་གྲགས་འདོད་རེ༔ དེ་དུས་ལུང་པ་རེ་ན་གཏེར་སྟོན་རེ༔ མ་འོངས་བསྟན་པ་མཐའ་ནས་རྒྱས་པར་འགྱུར༔ ཞེས་བསྟན་མཇུག་གཏེར་གྱིས་སྐྱོངས་པའི་ལུང་བསྟན་ཡོད་པས་མདོ་སྡེ་ཐམས་ཅད་སངས་རྒྱས་ཀྱིས་ཀྱང་གཏེར་དུ་སྦས་པ་ཡིན་ནོ༔
གཉིས་པ་ནི༔ ས་གཏེར་མིན་པར་གཏེར་གྱི་གྲངས་སུ་མི་འགྲོ་པར་བསྙད་པ་ནི་ཤིན་ཏུའང་མི་རིགས་ཏེ༔ གཏེར་ཐམས་ཅད་ཀྱི་རྒྱལ་པོ་དགོངས་གཏེར་ཡིན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ཚུལ་དང་རྗེས་སུ་མཐུན་པར༔ རིག་འཛིན་བླ་མའི་ཐུགས་གཏེར་དུ་འབྱུང་བའི་ཕྱིར༔ ཡེ་ཤེས་གསལ་བའི་རྒྱུད་ལས༔ སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ༔ གཏེར་དང་ལྡན་ནོ་ཁྱད་པར་ཆེ༔ ཞེས་དང་༔ སངས་རྒྱས་མཉམ་སྦྱོར་རིག་པའི་རྒྱུད་ལས༔ དུས་གསུམ་རྒྱལ་བའི་དགོངས་གཏེར་ནི༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟེནཿ ཞེས་དང་༔ རིག་པའི་རྒྱལ་པོའི་རྒྱུད་ལས༔ དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟེན༔ ཞེས་དང་༔ ལུང་སྐོར་དགུ་པ་ལས༔ བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་༔ ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས༔ རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་༔ མན་ངག་རྒྱ་མཚོའི་བསྟན་པ་རྒྱས༔ ཞེས་དང་༔ ཨོ་རྒྱན་ཆེན་པོས༔ བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་འབྱུང་༔ ཞེས་ཀྱང་གསུངས་སོ༔ དེ་ལྟར་ཐུགས་དགོངས་ཟབ་མོའི་གཏེར་ཐོབ་ཚུལ་ཀྱང༔ གནས་ཕུན་སུམ་ཚོགས་པ་རང་སྣང་འོག་མིན་ཆོས་དབྱིངས་འགྱུར་བའི་ཟུག་ངུ་དང་བྲལ་བས་བདེ་བ་ཆེན་པོའི་ཀ་དག་གི་རྒྱལ་ས་ན་ཁྱད་ཆོས་དྲུག་གིས་གྲོལ་བ་རྡོ་རྗེའི་གདན་ལ༔ ཨཱཿ སྐྱེ་བ་མེད་པའི་དབྱིངས་ནང་གསལ་གྱི་ཡེ་ཤེས་སྐུ་གསུམ་རང་བྱུང་བྱང་ཆུབ་རིག་སྟོང་གི་སྟོན་པ་སྐྱོན་གྱིས་མ་གོས་པས་པ༵དྨ༵༔ འཁོར་འདས་ཀུན་འབྱུང༵་གི་གན༵ས་ལུགས་ཡང་དག་པར་རྫོགས་པའི་ཆོས་སྐུའི་ཆོས་སྐུ་སངས་རྒྱས་ཀྱི་དབང་པོས༔ ཆོས་ཀྱི་སྐུའི་འཁོར་ཆོས་སྐུའི་ལོངས་སྐུ་དང་སྤྲུལ་སྐུའི་ཡེ་ཤེས་རྒྱ་མཚོའི་སྐུ་གསུམ་སུམ་སྤྲུགས་ལ༔ བསྟན་བྱ་དག་མཉམ་ཟུང་འཇུག་དོན་དམ་པའི་གནས་ལུགས་རྫོགས་ཆེན་གྱི་ཆོས་དེ་སྟོན་བྱེད་སྐྱེ་མེད་མཚོན་པ་དོན་གྱི་གསུང་གིས་བསྟན་ནས༔ སོ་སོ་ཐ་དད་དུ་མ་གཅིག་གི་གྲངས་སུ་མ་ཆད་པ་ངེས་པ་མེད་པའི་ཐ་སྙད་མཉམ་པ་ཉིད་གཞི་ཀ་དག་གི་དུས་སུ་གཞི་དུས་སུ་སེམས་སེམས་བྱུང་དབྱེར་མེད་དང་འབྲས་དུས་སུ་སྟོན་འཁོར་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་དགོངས་པ་དབྱེར་མེད་དུ་གྱུར་པའོ༔ རིན་ཆེན་སྤུངས་པ་ཡོན་ཏན་གྱི་རྒྱུད་མཆོག་ཏུ་གསང་བ་ལས༔ མེད་པ་སྟོང་པའི་ཆོས་འབྱུང་ནས༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས༔ རིག་པ་ཡེ་ཤེས་ཁྱད་པར་ལས༔ ཆོས་ཉིད་སྟོང་པའི་རང་སྒྲར་ནི༔ ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོག་མ་བར་དང་ཐ་མེད་པར༔ ཞེས་སོ༔ དེས་ན་དགོངས་བརྒྱུད་ཁྱད་པར་ཅན་གྱི་ཆོས་སུ་དགོངས་བརྒྱུད་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་སྟེ་དགོངས་གཏེར་གྱི་དོན་ཀྱང་ཡིན་ནོ། །བྱུང་བ་དང་༔ ཡང་གནས་ཕུན་སུམ་ཚོགས་པ་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་གཞལ་ཡས་ཁང་གསེར་གྱི་རྩ་ཆེན་ནས༔ སྟོན་པ་ཕུན་སུམ་ཚོགས་པ་སྐུ་གསུམ་སྐུ་༡འོད་༢ཡེ་ཤེས་༣སུམ་བརྩེགས་རིགས་འདུས་ལམ་གྱི་ཡེ་ཤེས་རྟོགས་བྱ་ཐབས་ཀྱི་རྒྱུད་པདྨ་འབྱུང་གནས༔ ཆོས་ཕུན་སུམ་ཚོགས་པ་མི་རྟོག་པའི་ཡེ་ཤེས་རང་གནས་ཀྱི་མཚན་དཔེ་ཐབས་ཀྱི་གསང་སྒོར་བྱུང་བའི་བརྡ་ཐབས་ཉམས་མྱོང་གི་རྟོགས་པ་རྟོགས་བྱེད་ཐབས་ཀྱི་རྒྱུད༔ དུས་ཕུན་སུམ་ཚོགས་པ་རང་བྱུང་གཞི་འབྲས་མཚམས་སྦྱོར་ལམ་གྱི་ཀ་དག་གི་དུས་ལ་ཤར་བའོ༔ ཉི་ཟླ་ཁ་སྦྱོར་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་༔ ཤེས་རབ་རང་བྱུང་སྟོན་པ་ཆེ༔ སྐུ་དང་ཡེ་ཤེས་ཐིག་ལེ་རྣམས༔ མི་རྟོག་རྣམ་གྲངས་འཁོར་དུ་བྱུང་༔ གདམས་པ་ཉམས་ལེན་བསྟན་པའི་ཚུལ༔ དེ་ཉིད་གོམས་པའི་དུས་ཀྱང་ཡིན༔ ཞེས་སོ༔ འཁོར་ཕུན་སུམ་ཚོགས་པ་ནི་རིག་རྩལ་སོ་སོར་རྟོག་པས་མཚོན་པའི་ཤེས་རབ་སོགས་དང་དེའི་རང་གདངས་དབྱིངས་ཐིག་ལུ་གུ་རྒྱུད་ཀྱི་སྐུ་བཅོ་ལྔ་ལ་སོགས་པ་སྟེ༔ ཐལ་འགྱུར་ལས༔ བདེ་ཆེན་འདུས་པ་ཐབས་ཀྱི་འཁོར༔ ཞེས་སོ༔ བརྡ་བརྒྱུད་དམ་རིག་པ་དོན་རྒྱུད་ཁྱད་པར་བ་ཡིན་པས་ལོངས་སྐུའི་ཕུན་ཚོགས་ཏེ་ཐུགས་གཏེར་གྱི་ཚུལ་དུ་བྱུང་བ་དང་༔ ཡང་གནས་ཕུན་སུམ་ཚོགས་པ་སྙིང་གའི་ལྷོ་ནུབ་ཀྱི་རྩ་ཨ་ལམྦྷུ་ཥའམ་སྒྲ་ཆེན་པོ་ལས་གྱེས་པའི་མཁའ་སྤྱོད་ཐུགས་ཀྱི་གནས། རྩ་རྩེ་བ་མ་རྣ་བ་གཡས་སུ་ཟུག་པ་རྩ་གནས་འཁོར་ལོ་མི་མཇེད་ཀྱི་བཀོད་པ་ལྷུན་རྫོགས་ཀ་ལིང་གི་ཡུལ་དབུས་ཟངས་མདོག་དཔལ་གྱི་རི་བོ་ན༔ སྟོན་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་རང་བྱུང་གི་སྐུའི་ཕྱག་རྒྱ་པདྨ་འབྱུང་གནས༔ ཆོས་ཕུན་སུམ་ཚོགས་པ་སྒྲོན་མ་གསལ་གསུམ་གྱི་རྒྱན་གཅིག །༔ འཁོར་ཕུན་སུམ་ཚོགས་པ་རྟོག་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་གྲངས་མེད་པ་ལ༔ དུས་ཕུན་སུམ་ཚོགས་པ་ཉོན་སྒྲིབ་དག་ཅིང་ཤེས་སྒྲིབ་མ་དག་པ་མ་དག་དག་པའི་གནས་སྐབས་ལྟ་བུ་སྣང་མུན་མཉམ་འབྲེལ་གྱི་སྐད་ཅིག་ཏུ་ཚིག་དང་བརྗོད་པའི་སྒོ་ནས་གཏན་ལ་ཕབས་པའོ༔ འདི་ཡང་རྩ་ཁམས་དེར་རླུང་སེམས་འདུས་པའི་སྣང་ཆ་ལ་དག་སྣང་ཤར་ཏེ་པདྨ་ཀ་རས་རྗེས་སུ་བཟུང་བས་ད་ལྟར་གྱི་སྙན་བརྒྱུད་ཉེ་བ་སྤྲུལ་སྐུའི་གླེང་གཞི་ཞིག་གོ༔
གསུམ་པ་ནི༔ རྒྱལ་བའི་བཀའ་བླ་མའི་ལུང་ཚད་མའི་རིག་པས་ཟུར་བརྒྱན་དང་བཅས་སུ་མི་འགལ་ཞིང་མཐུན་པར་གྲུབ་པ་ལ་སྨད་རྒྱུ་ཡོད་ན༔ ཡང་ན་ཁོ་བོ་གཉོམ་ཆུང་གི་ཚད་ལ་བབས་པའམ༔ བཀའ་བསྟན་ལ་ཚད་མར་མི་འཛིན་པ་གཞན་ཞིག་གི་གྲལ་འགོ་ནས་དབུས་སུ་བཏོན་པ་ཡིན་ནམ་ནེམ་ནུར་དུ་གྱུར་ཏོ༔ དེ་ལས་རྣམ་པར་དག་པའི་སྒྲུབ་བྱེད་འདི་ནི་བསྟན་ཆོས་དང་གཏེར་མ་ཀུན་གྱི་དཔང་པོར་ཆེ་བ་ལགས་ཀྱི༔ འདི་ལས་སྙད་འདོགས་ཀྱི་གཞིར་བྱེད་པ་ན་སྨད་མི་ཤེས་པས་བསྟོད་སྒྲར་ཤོར་ཏེ༔ ཞེ་ཁྲེལ་ཕར་ཡོད་ཚུར་ཡོད་ཡིན༔ ཡང་ངའི་ལྟར་ཡིན་ན་གཏེར་མ་ཞིག་མིན་ཀྱང་མན་ངག་གི་བསྟན་བཅོས་སམ་ཟིན་བྲིས་ཞིག་ཏུ་མི་འགྱུར་མི་སྲིད་པས་དེ་ལ་སྨོད་ན་དེའི་ཕུགས་ཐམས་ཅད་ལ་ཡང་དམོད་པ་མིན་ནམ༔ ཨོ་རྒྱན་པདྨའང་བཀའ་ཆད་ལུང་རྡུག་གི་བླུན་པོ་དང་མི་འདྲ་བའི་བློ་གཟོ་ཞིག་འདྲ་བ་མ་གཏོགས་མེད་པར་སེམས་པའང་ཤིན་ཏུ་མི་འཐད་ལ༔ རྒྱུད་ཐམས་ཅད་ནའང་འཇམ་དཔལ་མཚན་བརྗོད་སོགས་ཀྱི་ལུང་རང་སོར་བཞག་པ་འདྲ་གསུང་ཡོད་པས་རྡོ་རྗེ་འཆང་ལ་ཀླན་ཀ་རེ་ཚོལ་རྒྱུ་ཡིན་ནམ༔ ཨོ་རྒྱན་པདྨས་རྒྱུད་ཆོག་འགྲིགས་བྱས་པ་གཏེར་ལ་སྦས་པའང་ཡོད༔ རྒྱུད་གླེགས་བམ་དུ་བྱས་པ་སྦས་པའང་ཡོད༔ ཁ་བྱང་སོགས་མཛད་པ་སྦས་པའང་ཡོད༔ མངོན་རྟོགས་དཀྱིལ་ཆོག་བསྡེབས་ནས་སྦས་པའང་ཡོད༔ མན་ངག་སྙན་བརྒྱུད་ཡི་གེར་བཀོད་ནས་སྦས་པའང་ཡོད༔ དམར་བྱང་བསྟན་སྲུང་ཐབས་ཀྱི་དབང་བསྒྱུར་ལས་བརྩམས་ཏེ་གསར་བར་རམ་གསར་དུ་མཛད་དེ་སྦས་པའང་ཡོད༔ འདི་ནི་རྒྱུད་དང་མན་ངག་ཀུན་གྱི་བཅུད་བསྡུས་པའི་སྙན་བརྒྱུད་ཡི་གེར་བཀོད་དེ་གསུངས་པའང་ཡིན་ལ༔ དགའ་རབ་པདྨ་ལ་སོགས་འཆི་བདུད་ལས་རྒྱལ་བའི་འཇའ་ལུས་ཆེན་པོའི་རིག་འཛིན་ཡིན་པས་ད་ལྟར་བཞུགས་པའི་གསུང་ཚད་མ་ཁོ་བོས་ཐོབ་པས་ཐུགས་གཏེར་དབང་ཚོད་དུ་ཡིན་པར༔ ཆོས་ཡང་དག་པར་སྡུད་པ་ལས༔ དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས༔ སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས༔ དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པར་སྟོན་ནོ༔ ཞེས་དང་༔ དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི༔ སངས་རྒྱས་མི་བཞུགས་ནའང་ནམ་མཁའི་དཀྱིལ་དང་༔ རྩིག་པ་དང་༔ ཤིང་རྣམས་ལས་ཆོས་འབྱུང་ངོ༔ ཞེས་དང་༔ རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་༔ ཞེས་དང་༔ གསང་བ་བསམ་མི་ཁྱབ་པའི་མདོ་ལས༔ སེམས་ཅན་གྱི་བསམ་པ་དང་མཐུན་པའི་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ༔ ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཆོས་སྟོན་པ་ཡིན་ཏེ༔ ཞེས་སོགས་དང་༔ ཡེ་ཤེས་གསང་རྒྱུད་ལས༔ གསང་མཛོད་རིག་པ་ཐུགས་ཀྱི་གཏེར༔ བསྟན་པའི་སྤྱི་འབྲེལ་གསང་རྒྱུད་འདི༔ གུ་ལང་ལུང་གི་གསེར་ཟོ་རུ༔ སེང་གེའི་འོ་མ་བླུགས་པ་བཞིན༔ སྙིང་གི་དཀྱིལ་དུ་སྦ་བར་གྱིས༔ ཞེས་སོ༔ དེ་ཡང་རང་གང་ལ་དབང་པ་དེ་ལས་གཞན་ཐམས་ཅད་ཡོད་པའང་མིན་ཏེ་ཉན་ཐོས་ལ་གསང་སྔགས་བཞིན་དང་༔ ཏེ་ལོ་བར་རྡོར་འཆང་གིས་ཕྱག་ཆེན་གསུངས༔ འཇམ་དབྱངས་ཀྱིས་ཞི་ལྷ་ལ་བློ་སྦྱངས༔ ས་ཆེན་ལ་ཞེན་པ་བཞི་བྲལ་དང་༔ ཕག་མོས་ཚེམ་བུ་བ་ལ་ཐུགས་ཆེན་དམར་ཁྲིད་ཙམ་གསུངས་པ་དང་༔ ཆོས་གྲགས་ལ་རས་ཆུང་གིས་མཻ་ཏྲི་སྙན་བརྒྱུད་གསུངས༔ ང་ལྷ་བཙུན་ནམ་འཇིགས་གི་དུས་སུ་ཕག་མོའི་ཌཱ་རུའི་སྒྲ་ལས་རིག་འཛིན་སྲོག་སྒྲུབ་ཅེས་པའི་ཐུགས་གཏེར་དང་༔ གཏེར་སྟོན་བརྒྱ་རྩ་ལ་པདྨས་རྗེས་སུ་བཟུང་ནས་རང་སྐལ་རེ་ལས་མ་གསུངས་བའི་ཕྱིར་རོ༔ དེས་ན་ཁོ་བོའི་གཏེར་ཐུགས་ཀྱི་དགོངས་ཀློང་ན་སྦས་པ་དུས་ལ་བབས་ཤིང་བཏོན་པ་ཉིད་བཀའ་བསྟན་གྱི་དཔང་པོ་དང་འབྲེལ་བའི་ཕྱིར་འཁྱོགས་བཤད་དུ་མ་སོང་བའི་གཟི་བྱིན་ཀྱང་འདིས་མངོན་པའི་ཞལ་བཞེས་ཀྱི་དབུགས་དབྱུངས་གཟེངས་བསྟོད་ཅིག་ལ་སྐུ་དྲིན་ཆེ་བ་གཞན་ཅི་ཡོད༔ པདྨ་ལས་འབྲེལ་དང་ཀློང་ཆེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པས་གསུངས་པའི་མཁའ་འགྲོ་ཡང་སྙིང་ལ་ཟུར་ཕོག་ཡོད་པ་ལ་ངས་ཀྱང་མཐོལ་འཆགས་སུ་གྲོགས་བྱེད་དོ༔ ས་མ་ཡཿ
གང་གིས་ཡུལ་དུས་གང་ཟག་དམན་པས་གཤིས༔
དོན་ལ་མ་བརྟག་ཕྲག་དོག་ཅལ་སྒྲོགས་ཀྱང་༔
ཚིག་ཟུར་འདི་ཡི་ལམ་ནས་རྨེགས་མེད་དུ༔
གྱུར་བའང་པདྨས་རྣམ་པར་གཏོད་བྱེད་མཐུ༔
ཞེས་བར་སྐབས་ཀྱི་ངེས་ཤེས་ལས་སོ༔
ལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ།།
གཉིས་པ་དེ་ལས་བྱུང་པའི་མན་ངག་ལ་རྡོ་རྗེའི་ཚིག་རྐང་གསུམ་སྟེ༔ གཞི་ཡེ་ཤེས་ཀྱི་སྒྲོན་མ་ཁོང་གསལ་བུམ་པ་སྐུའི་གནས་ལུགས་ངོ་རང་ཐོག་ཏུ་སྤྲོད་པ་དང་༔ ལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ་དང་༔ འབྲས་བུ་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་ཚུལ་ལས་གདེང་གྲོལ་ཐོག་ཏུ་འཆོས་པའི་རྟགས་ཚད་བསྟན་པ་དང་གསུམ་གྱིས་ཆིངས་སུ་བཅིངས་བའོ༔
དང་པོ་ལ༔ ངོ་བོ་མདོར་བསྟན༔ རང་བཞིན་རྒྱས་པར་བཤད་པའོ༔ དང་པོ་ལ་གནས་ལུགས་དང་སྒྲ་དོན་ནོ༔
དང་པོ་ནི༔ རང་བྱུང་ངོ་བོ་ཉིད་ཀྱི་གཞི་ནི་ངོ་བོ་སྟོང་པས་ཆོས་སྐུ་སྤྲོས་དང་བྲལ་བ༔ རང་བཞིན་གསལ་བས་འབྲས་བུ་ཟག་མེད་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ༔ ཐུགས་རྗེ་མཁྱེན་གཉིས་ཀྱི་ཤེས་རབ་འགག་པ་མེད་ཅིང་གཟུང་འཛིན་གྱི་རྣམ་པར་དག་བཞིན་པའི་ཆོས་ཉིད་ལ་གྲོལ་འཁྲུལ་དང་འཁོར་འདས་གང་ཡང་མ་གྲུབ་པ་རང་བཞིན་ལས་མ་གཡོས་བཞིན་དུ་རྩལ་ཡང་དག་དང་ལོག་པར་ཤར་བས་རོལ་བའི་འཁོར་འདས་སུ་སྣང་བ་དང་༔ དེ་དག་གི་དུས་སུ་ཕྲི་བསྣན་མེད་པར་བདེ་གཤེགས་སྙིང་པོ་ཁྱབ་པ་གཉིས་ལྡན་ཆེན་པོ་ཡུལ་དང་སྦུབས་ལ་གསལ་བའི་བདག་ཉིད་དུ་བཞུགས་ཀྱང་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རིག་པར་དབུལ་མོའི་ཁྱིམ་གྱི་གཏེར་བཞིན་དུ་གསང་བ་བཞིས་ཆོད་པ་ཉིད༔ འདིར་བརྡ་དང་དབང་གི་ཐབས་ཀྱིས་གསལ་བར་བྱེད་པའོ༔
སྒྲ་དོན་ནི༔ དབྱིངས་ལྷུན་གྲུབ་ཕྱི་རྒྱ་མ་རལ་བར་ནང་གསལ་བུམ་པའི་སྐུ་ལྟར་བཞུགས་པའི་ཕྱིར་དང༔ གཞི་དུས་སུ་མ་དག་སུམ་བརྩེགས་ཀྱིས་བསྒྲིབས་པ་དང་༔ འཁྲུལ་བའི་ལམ་འབྲས་བུ་སྒོ་གསུམ་གྱི་སྦུབས་ཀྱིས་བསྒྲིབས་པའི་ཁོ༵ང་ངམ་ནང་ན་ཡེ་ཤེས་སྐུ་གསུམ་གྱི་ངོ་བོར་མ་བྱས་ལྷུན་གྲུབ་ཏུ་རང་གས༵ལ་བའི་ཕྱིར་དང་༔ བླ་མའི་མན་ངག་གིས་ངོ་སྤྲད་པས་ཡེ་ཤེས་ཁོང་ནས་འཆར་བ་དང་༔ ལམ་ཉམས་སུ་བླངས་པས་སྐུ་གསུམ་རྒྱུ་རྐྱེན་ལ་མ་ལྟོས་པར་རང་ལས་རྙེད་པའི་ཕྱིར་ན་ཐ་སྙད་སྒྲོན་མ་ཁོ༵ང་གས༵ལ་ཞེས་བྱའོ༔ དེ་སྐད་དུ་རྩལ་རྫོགས་ལས༔ གསང་བའི་ཡེ་ཤེས་ཁོང་གསལ་བ༔ དཔེར་ན་དབུལ་མོའི་གཏེར་དང་འདྲ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཁོང་ནས་ཡེ་ཤེས་རང་ཤར་བ༔ དཔྱད་ནས་འབྱུང་བ་མ་ཡིན་ཏེ༔ གདམས་ངག་བསྟན་པས་འབྱུང་བ་ཡིན༔ དེ་ཕྱིར་བླ་མའི་བཀའ་འདི་གཅེས༔ ཞེས་དང་༔ དོན་གྱི་བཀའ་ཡི་མན་ངག་གིས༔ ཡེ་ཤེས་རིག་པ་ཁོང་ནས་ཤར༔ དེ་ཙམ་ཉིད་ན་སྐྱེ་བ་མེད༔ ད་ལྟ་ཉིད་ན་མངོན་གྱུར་པའོ༔ ཞེས་སོ༔
གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ༔ ཤེས་བྱ་གྲུབ་པའི་མཐའི་གཞི་དང་༔ གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་གཉིས་ལས༔
དང་པོ་ནི་ཕྱི་རོལ་བའི་ཏརྐ་ཆེན་པོ་སྡེ་ལྔས་བསྡུས་པའི་ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་དང་༔ ནང་པས་བསྡུས་པའི་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ༔ ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ༔ གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུ་དང་༔ རྫོགས་པ་ཆེན་པོ་རང་གི་སེམས་ཀློང་མན་ངག་གི་འདོད་གཞུང་སོ་སོས་བསྡུས་པའི་གཞི་ཀ་སྟོང་ཆ་དག་ཏུ་ལྟ་བ་དང་༔ ལྷུན་གྲུབ་དུ་འདོད་པ་དང་སྣང་ཆ༔ མ་ངེས་པ་སྣང་ཆ་དང་༔ ངེས་པ་དོན་དུ་སྟོང་ཆ་དང་༔ ཅིར་ཡང་བསྒྱུར་དུ་བཏུབ་པ་སྣང་ཆ༔ ཅིར་ཡང་ཁས་ལེན་དུ་བཏུབ་པ་སྣང་ཆ༔ གཞི་སྣ་ཚོགས་ཁྲ་བོར་འདོད་པ་སྣང་ཆ་དང་བདུན་གྱིས་མཚོན་པ་སེམས་སྡེ་སྣང་ཆ་དང་ཀློང་སྡེ་སྟོང་ཆ་ལ་ཞེན་ཆ་ཆེ་བའི་དབང་དུ་རང་ཤར་ལས་དགག་བྱ་སྣང་ཚུལ་ངེས་པའི་གནད་ཟིན་ཕྱིར་བསྟན་པ་ཡིན་ཐམས་ཅད་ཀྱང་༔ ཕྱི་རོལ་བའི་ལྟ་བ་ཤེས་ན་གོལ་ཤོར་གྱི་འཕྲང་ཤེས་པ་དེ་ལས་ལྡོག་པ་དང་༔ ལྷ་མའི་ཐེག་པ་ལམ་རྟེན་ཐེག་པ་དགུ་པོ་ལམ་དང་གསང་ཆེན་རྫོགས་པ་ཆེན་པོ་འབྲས་བུ་ལ་འགོད་པའི་ཕྱིར་དང་༔ ཤེས་བྱའི་གཞི་ཤེས་ན་འཇུག་ཡུལ་གྱི་དམིགས་ངེས་པ་དང་༔ འདིའི་ལམ་གྱི་ཕྱོགས་རེའི་གསལ་བྱེད་ཡིན་པར་ཤེས་ནས༔ འདི་ལ་ཐམས་ཅད་ཡོངས་སུ་རྫོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཤེས་པར་བྱ་དགོས་པས་ན་ཤེས་བྱའི་གཞི་ཞེས་བྱའོ༔ དེ་སྐད་དུ༔ ཀློང་ཆེན་རབ་འབྱམས་ལས༔ དབྱེ་ན་སྐྱོན་ཅན་སྐྱོན་མེད་གཉིས༔ ཀུན་གཞི་དང་སྦྱོར་བ་དོན་གྱི་ཀུན་གཞི་གཉིས་མ་བརྩིས་ན་དྲུག་བརྩིས་ན་བརྒྱད་དོ། །སྐྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན༔ བབས་ལས་གྲུབ་པའི་ཀུན་གཞིའམ་སྤྱི་གཞི་དེ་ལ༔ སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ༡༔ འགྱུར་པའི་ཆ་ནས་ངེས་མེད་གཞི༢༔ སྣ་ཚོགས་ངོས་ནས་ལྷུན་གྲུབ་ངེས་པ་ཅན༣༔ ཅིར་ཡང་བསྒྱུར་བཏུབ་གཞི་མ་དང་༤༔ ཐམས་ཅད་འབྱུང་ཕྱིར་ཁས་ལེན་གཞི༥༔ སྣ་ཚོགས་ཁྲ་བོར་འདོད་པའི་གཞི༔ སྣ་ཚོགས་པ་༦དང་ཀུན་གཞི་དང་༧༔ སྦྱོར་པ་དོན་གྱི་ཀུན་གཞིའོ༨༔ དེ་ལྟར་བརྒྱད་ཀྱིས་དབྱེ་ནའང་༔ སྐྱོན་མེད་ཀ་དག་ཉིད་དུ་གནས་རང་ཤར་ལས་དྲུག་པོའི་སྟེང་དུ་ཀ་དག་བསྟན་ནས་སྐྱོན་ཅན་བདུན་དུ་གསུངས་ཤིང་སྐྱོན་མེད་རང་གཞུང་གི་གཞི་ཀ་ལྷུན་ཟུང་འཇུག་ཏུ་བསྟན་པས་ཅུང་མི་འདྲ་ཡང་འདིས་ཀྱང་སྟོང་རྐྱང་དུ་བཞེད་པ་ནི་མིན་ནོ་གསུངས༔ ཞེས་སོ༔ དེ་ཡང་སྣ་ཚོགས་ཀུན་གཞི་ལ་གཞིར་འདོད་པ་ནི་སེམས་དང་ཡེ་ཤེས་མ་ཕྱེད་པའི་སེམས་ལམ་བྱེད་པའི་ལུགས་ཡིན་པས་དེ་ལ་གཞི་བཅས་པས་ངོ་བོ་ཉིད་ཀྱིས་འཁྲུལ་བའི་ཕྱིར་ན་སྐྱོན་ཅན་སེམས་སྡེ་ལ་མགོ་མཚུངས་པ་རྣམས་དང་ཤེས་བྱ་གྲུབ་མཐའི་གཞི་གཞན་རྣམས་ཀྱང་མ་རྟོགས་ལོག་རྟོག་ཕྱོགས་རྟོག་ཡང་དག་པ་ཉིད་མ་རྟོགས་པའི་ཆའི་སྐྱོན་ཅན་གཞན་ཐམས་ཅད་དང་༔ འདིར་རྡོ་རྗེ་སྙིང་པོ་ཐིག་ལེ་ཉག་གཅིག་གི་གྲུབ་མཐའ་ནི་སྐྱོན་ཐམས་ཅད་དང་བྲལ་བ་འཆད་འགྱུར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཉིད་དོ༔ ཀློང་གསལ་ལས་ཀྱང་༔ གཞི་ལ་རྣམ་པ་གཉིས་ཡིན་ཏེ༔ ཤེས་བྱའི་གཞི་དང་གནས་ལུགས་གཞི༔ ཤེས་བྱ་འདོད་གཞུང་བསམ་ལས་འདས༔ ཞེས་སོ༔
དབྱིངས་སྤྱིར་འཇལ་བ།
གཉིས་པ་གནས་ལུགས་ཀྱི་གཞི་ལ། དབྱིངས་སྤྱིར་འཇལ་བ༔ གནས་ལུགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང་གཉིས་ལས༔
དང་པོ་ལ༔ ངོ་བོ༔ ངེས་ཚིག །༔ དབྱེ་བ༔ མཚན་ཉིད༔ མཐུན་དཔེའི་ཟུར་མཚོན༔ དོན་གྱིས་མི་མཐུན་པའི་ཚུལ༔ འབོད་སྐད་དང་བདུན་ལས༔
དང་པོ་ནི༔ སྟོང་པ་ཉིད་ཉི་ཤུའི་རང་བཞིན་ཅན་ཀ་དག་དབྱིངས་ཀྱི་བདེ་ཆེན་དང་༔ རང་བཞིན་འོད་གསལ་འགག་མེད་ལྷུན་གྲུབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པ་སྟེ༔ དེ་ཡང་སྐྱེ་མ་མྱོང་བས་འགག་རྒྱུ་མེད་པའོ༔ ཞེས་དང་༔ འགག་པ་རང་མཚན་པ་སོགས་མེད་པས་འགག་མེད་དུ་འཆོས་པའི་ཚིག་རྐྱང་དང་༔ ཡང་འཁྲུལ་སྣང་འཁོར་བའི་ཆོས་ཡོད་པས་འགག་མེད་འགྲུབ་སྙམ་ན་དེ་ནི་སངས་རྒྱས་ཀྱི་ས་ལ་མེད་པས་ན་མི་འཐད་དོ༔ འདིར་སྟོང་པ་བེམ་སྟོང་དུ་མ་ཤོར་བས་ཟག་མེད་འདུས་མ་བྱས་པ་ཡེ་ཤེས་ཆེན་པོ་དག་སྣང་རབ་འབྱམས་ལྷུན་གྱིས་གྲུབ་ཅིང་ཉག་གཅིག་བསམ་ངོ་ལས་འདས་པ་ཐིག་ལེ་འགྱུར་མེད་གདལ་ཁྱབ་གཉིས་སུ་མེད་པའི་ཡེ་ཤེས་སོ༔
གཉིས་པ་ངེས་ཚིག་ནི་རྩལ་སྣང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ཐམས་ཅད་བསྐྱེད་པའི་རྩ་བ་ལྟ་བུ་དང་༔ བརྟེན་པའི་གཞི་གཅིག་པུར་གྱུར་པའི་ཕྱིར་ན་གཞི་ཞེས་བྱའོ༔
གསུམ་པ་དབྱེ་བ་ནི༔ གནས་ལུགས་འཁོར་འདས་ཀྱི་བར་དོའི་བབས་གཞི་དང་༔ དེ་ཉིད་ཀྱི་ཚུལ་རང་ལ་ཡེ་ནས་མ་བཙལ་ལྷུན་གྱིས་རྫོགས་པ་ཉིད་ཤེས་པ་དམན་པོས་རང་མ་རིག་པའི་འཁྲུལ་གཞི༔ གནས་ལུགས་ཀྱི་གཞི་དེ་ལ་ཇི་ལྟ་བར་ཤེས་རབ་རྟོག་བྲལ་གྱི་སྤྱན་རྒྱས་པས་རྩལ་སྟོབས་གཞི་ལ་འདུས་ནས་གྲོལ་གཞི་ཉིད་དུ་གྱུར་བ་དང་གསུམ་མོ༔ དེ་ཉིད་གཏན་ལ་འབེབས་ཚུལ་གྱིས་སྐྱོན་ཅན་དང་༔ སྐྱོན་མེད་གཉིས་སུ་ཡོད་པའི་ནང་ཚན་གྱིས་བརྒྱད་དོ༔ རྡོ་རྗེའི་གནས་དེ་ཡང་༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ དབྱེ་ན་སྐྱོན་ཅན་སྐྱོན་མེད་གཉིས༔ སྐྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན༔ ཞེས་སོ༔ གནས་པའི་གཞིའམ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ལའང་གཞི་རིག་དང་ལམ་རིག་གི་ཁྱད་པར་ལས༔ གནས་པའི་གཞིའམ་ཡེ་ཐོག་དང་པོའི་གནས་ལུགས་གཞི་རང་བཞིན་གྱི་རྒྱུད་དམ་ཆོས་སྐུའི་སྐུ་གསུམ་དང་༔ ལམ་རིག་གམ་གནས་སྐབས་ཀྱི་གཞིར་གནས་སྙིང་པོ་རང་བཞིན་གྱི་རྒྱུད་དམ༔ ཁྱབ་པའི་གཞི་ལ་སྣང་སྟོང་གི་ཕྱོགས་གཉིས་ལས་སྣང་ཆ་གཙོ་བའི་ཤས་ཀྱི་རིག་པ་འོད་གསལ་གྱི་གནས་ལུགས་གཟུགས་སྐུའི་སྐུ་གསུམ་གཉིས་སུ་ཡོད་ལ༔ ཕྱི་མ་ལའང་གནས་སྐབས་སོ་སོའི་དབང་གིས༔ འོད་དང་འོད་ཁྱིམ་གྱི་རང་བཞིན་དུ་འབྲས་བུ་འཁྲུལ་འབྲས་ཡུལ་ལུས་སེམས་གསུམ་དང་སངས་རྒྱས་ཀྱི་གཞན་སྣང་ཐུགས་རྗེའི་ལམ་དུའང་གང་གི་དུས་སུའང་ཁྱབ་པའི་ཆ་ནས་སྙིང་པོ༔ དུས་གསུམ་གྱི་གཞི་སྣང་ལ་འཁོར་འདས་གཉིས་ཀྱི་ཆོས་སུ་སྣང་བ་འབྱུང་བས་འབྱུང་བའི་གཞི་ཞེས་བྱ་ཞིང༔ དེ་ཉིད་རྟོགས་པ་ཁོང་དུ་ཆུད་ཚུལ་ལས་རིག་པ་བཅུད་དུ་སྨིན་ཞིང་ཚད་ལ་ཕེབས་པས་ན་བཅུད་ཀྱི་རྒྱུད་ཅེས་བྱ་ཞིང༔ སྙིང་པོ་མཐོང་བའི་ཚུལ་ལས་ཏེ་སྐུ་འོད་ཡེ་ཤེས་རྣམས་སྨིན་པའི་ཐིག་ལེ་བརྒྱད་ཅུར་གོང་ནས་གོང་དུ་རྒྱས་པའི་ན་མེ་ཏོག་གི་རྒྱུད་དམ་གཡོ་བའི་གཞི་སྟེ་ཀུན་ཀྱང་སྐུ་གསུམ་དང་དབྱིངས་དང་ཡེ་ཤེས་དབྱེར་མེད་པའོ༔
བཞི་པ་མཚན་ཉིད་ནི་ཡེ་ཐོག་དང་གནས་སྐབས་ཀྱི་གཞི་དེ་གཉིས་ཀའང་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གསུམ་དང་ཡེ་ཤེས་ལྔ་ལྔར་ལྡན་པའོ༔
ལྔ་པ་མཚོན་དཔེ་ནི༔ སྟོང་པ་ཉིད་གང་ལའང་མི་གནས་པ་ནམ་མཁས་མཚོན་༔ རང་བཞིན་གསལ་པའི་ཡེ་ཤེས་གཏིང་དཔག་དཀའ་བ་ཡོན་ཏན་ཀུན་འབྱུང་གི་བདག་ཉིད་རྒྱ་མཚོས་མཚོན། འཁོར་འདས་ཀུན་ཁྱབ་ཀྱི་ཐུགས་རྗེ་ནོར་བུས་མཚོན༔ དྲི་མེད་ཟངས་ཐལ་དབྱེར་མེད་ཆེན་པོའི་ཆ་ནས་མན་ཤེལ་གྱིས་མཚོན༔ གཞན་ཡང་ཟུར་རེས་མཚོན་པའི་དཔེ་སྣ་ཚོགས་པ་ཡོད་དེ༔ ཀློང་ཆེན་རབ་འབྱམས་ལས༔ ངོ་བོ་རྣམ་དག་ནམ་མཁའ་འདྲ༔ རང་བཞིན་རྒྱ་མཚོ་དྭངས་པ་འདྲ༔ ཐུགས་རྗེ་ནོར་བུ་དྲི་མེད་འདྲ༔ ཞེས་དང་༔ མཐུན་པའི་དཔེ་ནི་འདི་ལྟར་རོ༔ སྟོང་པ་ཡངས་པ་ཁྱབ་པ་གསུམ༔ ནམ་མཁའ་ལྟ་བུར་གནས་པའོ༔ དྲི་མེད་གསལ་དག་ཟང་ཐལ་བས༔ མན་ཤེལ་དྲི་མེད་ལྟ་བུར་གནས༔ མ་འགགས་རྩལ་རྣམས་ཀློང་ན་གསལ༔ རྒྱ་མཚོ་དྭངས་པའི་མཁའ་ལྟར་གནས༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ནམ་མཁའ་ཡངས་མཐོ་མཐའ་དབུས་མེད༔ དངོས་མེད་ཀུན་ཁྱབ་འབྱུང་བཞིའི་སྣོད༔ འགྲོ་འོང་མེད་པས་འདུས་མ་བྱས༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཞེས་དང་༔ རྒྱ་མཚོ་གཏིང་ཟབ་འཕེལ་བྲི་མེད༔ སྲོག་ཆགས་བྱིང་མང་བསམ་མི་ཁྱབ༔ རིན་ཆེན་ལ་སོགས་འདོད་དགུ་ཡོད༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ རིན་ཆེན་ཡོན་ཏན་ཀུན་འབྱུང་ཡང་༔ བསོད་ནམས་ཅན་ལ་འབྱུང་བ་ལས༔ ཚོགས་མ་བསགས་ལ་འབྱུང་བ་མིན་༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཆུ་ཤེལ་ཕྱི་ནང་མེད་པ་ནི༔ གཟུགས་བརྙན་གསལ་ཀྱང་དོན་ལ་མེད༔ ཁ་དོག་ངེས་མེད་རྐྱེན་ལས་བྱུང་༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཞེས་དང་༔ གཞན་ཡང་༔ ནམ་མཁའ་ཉི་ཟླ་སྐར་མ་དང་༔ རྒྱ་མཚོ་རི་བོ་ཨུ་དུམ་ཝར༔ ས་གཞི་ཆུ་བོ་དུས་ཀྱི་འབྲུག༔ ཆོས་རྒྱལ་གྱད་དང་དེད་དཔོན་དང་༔ ཆུ་ཤེལ་བཻཌཱུརྱ་པདྨ་དང་༔ ཏིལ་འབྲུ་མེ་ལོང་སྒྲོན་མ་དང་༔ རིན་ཆེན་མ་གི་གླ་རྩི་གསེར་ལ་སོགས༔ ཐུན་མོང་དཔེ་ཡིས་མཚོན་བྱས་ནས༔ ཞེས་སོ༔
དྲུག་པ་དོན་གྱིས་མི་མཚོན་པའང་དེ་སྙེད་ཀྱི་གྲངས་ལས་བསྡུས་ན༔ ཅིག་ཆོད་ལས༔ རེ་ཞིག་ཕྱོགས་ཙམ་མཚོན་པའི་བརྡའ་ཙམ་ལས༔ སེམས་ཉིད་རིག་བཅས་སྟོང་པ་མཐའ་བྲལ་ཏེ༔ ནམ་མཁའ་རིག་མེད་སྟོང་པས་མཚོན་མི་ནུས༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ནམ་མཁའ་ཡངས་མཐོ་འདུས་མ་བྱས༔ རིས་མེད་ཕྱལ་བ་སྟོང་པ་ཡིན༔ ཆོས་སྐུ་རིག་པ་འབྲལ་མེད་ཀློང༔ དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས༔ རྒྱ་མཚོ་བྱིང་མང་ནོར་ཡོད་ཀྱང་༔ འདུས་བྱས་ལས་ལས་སྐྱེས་པ་ཡིན༔ རང་བྱུང་རིག་པ་འདུས་མ་བྱས༔ བག་ཆགས་འཛིན་མེད་ཁྱད་པར་འཕགས༔ རིན་ཆེན་ཡོན་ཏན་ཀུན་ལྡན་ཡང་༔ སྤྲུལ་པའི་སྐུ་མིན་ཡོད་མེད་སྲིད༔ ངེས་དོན་གདམས་ངག་སྟོན་པ་པོ༔ སྐལ་ལྡན་ཅན་ལ་ཁྱད་པར་འཕགས༔ ཆུ་ཤེལ་གཟུགས་བརྙན་གསལ་གྱུར་ཀྱང༔ ཁ་དོག་རྐྱེན་གྱིས་འགྱུར་ཕྱིར་འཁྲུལ༔ ཆོས་སྐུ་ཕྱི་ནང་མེད་པར་ནི༔ འགྱུར་མེད་གསལ་བས་ཁྱད་པར་འཕགས༔ ཞེས་སོ༔
བདུན་པ་འབོད་སྐད་ནི༔ གསལ་རིག་གི་གཤིས་སམ་ངང༵་ཡིན་པའི་ཕྱིར་ངོ༵་བོ༵་ཞེས་བརྗོད༔ གསལ་བའི་མུ་ཡིན་ཕྱིར་ར༵ང་བཞི༵ན་ལ༔ སྟོང་གསལ་གྱི་བྱིན་རླབས་ཡིན་པའི་ཕྱིར་བདག༵་ཉིད༵་དམ་ཐུགས༵་རྗེ༵་ཟེར་རོ༔ ཡང་གཉིས་འཛིན་དང་ཉོན་ཤེས་ཀྱི་དྲི་མ་མེད་པས་ཀ་དག༔ མཚན་མའི་ལུས་ལྔའི་མ་བསྒྲུབ་པས་ཟང་ཐལ༔ བེམ་སྟོང་ཕྱང་མ་ཆད་པར་ནང་གསལ་ཤེས་རབ་ཡེ་ཤེས་ཀྱི་སྐུ་ལྔས་བརྒྱན་པས་ཆོས་སྐུའི་རིག་པ༔ རིག་པའི་རང་བཞིན་གསལ་བ་དང་དེའི་རང་མདངས་ལྔ་མཚན་སོ་ལྔའི་ཡོན་ཏན་གྱི་སྒོ་ཡངས་པ་ཉིད་མ་བྱས་རང་བྱུང་བའི་རང་བཞིན་ལ་ལོངས་སྐུའི་རིག་པར་བཏགས༔ རང་ངོར་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་དཀྱིལ་འཁོར་རྒྱས་པ་དང་༔ གཞན་དོན་དུ་དེ་གཉིས་ཟུང་འཇུག་མཁྱེན་པས་གདུལ་བའི་ཐབས་དང་འདུལ་བྱེད་སྤྲུལ་པའི་འབྲེལ་འབྱུང་བ་དང༔ སྣང་སྟོང་མཉམ་པ་ཆེན་པོའི་རོལ་བའི་ཆོ་འཕྲུལ་ལམ་སྤྲུལ་བ་ཡིན་པའི་འབྲེལ་ལས་ཐུགས་རྗེ་ལ་སྤྲུལ་སྐུའི་རིག་པ་ཞེས་བྱ་སྟེ༔ ཀློང་གསལ་ལས༔ སྟོང་པ་དེ་ལ་ངོ་བོ་ཟེར༔ གསལ་བ་དེ་ལ་རང་བཞིན་ཟེར༔ འོད་སྣང་དེ་ལ་ཐུགས་རྗེ་ཟེར༔ ཞེས་དང་༔ དོན་གསལ་དང་ཐལ་འགྱུར་ལས༔ ངང་དྭངས་རང་བཞིན་བདག་ཉིད་དེ༔ མ་བཅོས་པས་ན་ངང་ཞེས་བྱ༔ གསལ་བར་སྣང་བའི་རང་བཞིན་དང་༔ དབྱེར་མེད་བདག་ཉིད་ཆེན་པོའོ༔ ཞེས་དང་༔ དུར་ཁྲོད་ཕུང་པོ་འབར་བ་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་དང་༔ ངང་དྭངས་རང་བཞིན་བདག་ཉིད་དོ༔ ཞེས་དང་༔ ཀ་དག་ཟང་ཐལ་འགགས་མེད་ལ༔ ཆོས་སྐུའི་རིག་པར་མིང་དུ་བཏགས༔ གསལ་མདངས་ལྷུན་གྲུབ་ཀུན་ཁྱབ་ལས༔ ལོངས་སྐུའི་རིག་པར་མིང་དུ་བཏགས༔ མ་འགགས་རང་བྱུང་ཤར་བ་ལ༔ སྤྲུལ་སྐུའི་རིག་པར་མིང་དུ་བཏགས༔ ཆོས་སྐུའི་རིག་པ་སྟོང་པ་ཡིན༔ ལོངས་སྐུའི་རིག་པ་གསལ་བ་ཡིན༔ སྤྲུལ་སྐུའི་རིག་པ་ཁྱབ་བརྡལ་ལོ༔ ཞེས་སོ༔ དེ་སྐད་དུའང་ཀློང་ཆེན་རབ་འབྱམས་ལས༔ གཞི་ལ་མི་མཐུན་མང་དུ་བཤད༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ མཚན་ཉིད་མཐུན་དཔེ་སོགས་ཀྱིས་བཤད༔ ངོ་བོ་ཐིག་ལེ་ཉག་གཅིག་ཡིན༔ ངེས་ཚིག་གཞི་ལ་རྩལ་རྫོགས་པས༔ ཀུན་གྱི་ཀུན་གཞི་ཞེས་བྱའོ༔ ཞེས་དང་༔ མཚན་ཉིད་བཞུགས་ཚུལ་དབྱེ་བ་དང་༔ སྐུ་གསུམ་ཡེ་ཤེས་གསུམ་དང་ལྡན༔ ཞེས་དང་༔ ཀློང་གསལ་ལས༔ གནས་ལུགས་གཞི་ལ་སྤྱི་གཞི་དང་༔ དེ་ལས་མ་རིག་འཁྲུལ་གཞི་དང་༔ དེ་ཉིད་རྟོགས་པས་གྲོལ་གཞིའོ༔ ཐོག་མ་ལའང་གཉིས་སུ་སྟོན་༔ ཡེ་ཐོག་དང་པོའི་གནས་ལུགས་དང་༔ རང་གི་རིག་པའི་གནས་ལུགས་གཉིས༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ རང་བཞིན་རྒྱུད་ནི་འདི་ལྟ་སྟེ༔ གཞི་དང་སྙིང་པོ་བཅུད་ཉིད་དོ༔ ཞེས་དང་༔ ཡེ་ཐོག་གཤིས་ཀྱི་གནས་ལུགས་ནི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པས༔ བྱས་པ་མེད་པར་རང་གསལ་བ༔ ཐོག་མའི་ཀ་དག་སྟོང་གསལ་ཁྱབ༔ དེ་ནི་ཐོག་མའི་སྤྱི་གཞིའོ༔ ཞེས་དང་༔ ཀུན་ཁྱབ་ཡེ་ཤེས་འདི་ལྟར་གནས༔ སྟོང་གསལ་ཡེ་ཤེས་ཆེན་པོ་ནི༔ ཡེ་ནས་རྣམ་པ་གསུམ་དུ་གནས༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ སྟོང་གསལ་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི༔ འགགས་མེད་སྣང་སྟོང་ཉིད་དུ་གནས༔ ཞེས་པ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་སླད་ནས་འབྱུང་བ་བཞིན་ནོ༔ ཀུན་གསལ་ལས༔ གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ༔ ངེས་ཚིག་ཐམས་ཅད་འབྱུང་བ་དང་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པས་གཞིའོ༔ མཚན་ཉིད་ནི་ཡེ་ཤེས་ལྔའོ༔ དབྱེ་བ་ནི་གསུམ་སྟེ༔ ཞེས་སོ༔
གཉིས་པ་གནས་ལུགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་ལ༔ གནས་པའི་གཞིའམ་ཐོག་མེད་འཁོར་འདས་ཀྱི་བར་དོ༔ གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཁོང་གསལ་གཞོན་ནུ་བུམ་པའི་སྐུ་ཆོས་སྐུའི་སྐུ་གསུམ་གྱི་གནས་ལུགས་བཤད་པ༡༔ གནས་ལུགས་དེ་ལས་འབྱུང་ཆེན་ངོ་བོའི་སྐུའམ་ཕྱེད་ལོངས་སྐུའི་སྐུ་གསུམ༔ འབྱུང་བའི་གཞི༔ ལམ་ལྷུན་གྲུབ་རིན་པོ་ཆེ་ཁོང་གསལ་འོད་ཀྱི་སྦུབས་འཆར་ལུགས༢༔ དེ་ལས་ཁོང་གསལ་མཐོང་ཚུལ་གྱི་གྲོལ་འཁྲུལ་འཁོར་འདས་གཉིས་སུ་སྣང་ལུགས༣༔ འཁྲུལ་དུས་ཀྱང་གནས་པ་ཁྱབ་ཚུལ་གྱི་སྐུའམ༔ ཁྱབ་པ་སྙིང་པོའི་གཞི་རྒྱུད་སྐུ་གཉིས་དབྱེར་མེད་ཁོང་གསལ་གཞི་ལམ་གྱི་ཡེ་ཤེས་ཆེན་པོའི་ཁྱབ་ཚུལ༤༔ ཁྱབ་ཅིང་ཁོང་ནས་གསལ་བར་ཇི་ལྟར་བཞུགས་པའི་ཚུལ་བཤད་པ་དང་༥༔ དབང་དང་གདམས་པའི་སྒོ་ནས་ཁོང་གསལ་གྱི་ཡེ་ཤེས་ཇི་ལྟ་བར་མཚོན་དེ་ངོ་རང་ཐོག་ཏུ་སྤྲད་༦པའོ༔
དང་པོ་ལ༔ མཚན་ཉིད་བཤད་པ་དང་༔ དེས་མདོར་བསྡོམ་པའོ༔
དང་པོ་ལ༔ དངོས་པོའི་མཚན་ཉིད་དང་འབྲེལ་བའི་ཆོས་སྐུའི་ཆོས་སྐུ་སྟོང་པ་ཉིད་ཀྱི་ལྡོག་པ་ལས་རྒྱས་པར་བཤད༔ རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུའི་ལོངས་སྐུ་འོད་གསལ་ཡེ་གདངས་ཆེན་པོའི་ཆ་ནས་བཤད༔ གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུའི་སྤྲུལ་སྐུ་རོལ་པ་རྨད་དུ་བྱུང་བའི་ཐུགས་རྗེ་བཤད་པ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ ཐོག་མའི་ཀ་དག་སྟོང་གསལ་ཁྱབ༔ སྤྱིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ༔ ཀུན་གཞི་ཡེ་ནས་བཅོས་བསླད་མེད༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པའོ༔ ཞེས་སོ༔
དེ་ལས་དང་པོ་ངོ་བོ་ཀ་དག་གི་གནས་ལུགས་ནི༔ དངོས་པོ་དང་མཚན་མ་གང་དུའང་གྲུབ་པ་མེད་པས༔ དཔྱད་པའི་ཡུལ་མེད༔ སྔར་འདས་པ་མེད༔ ཕྱིས་འབྱུང་བ་མེད༔ ད་ལྟར་སྣང་བ་མེད༔ ལས་མེད༔ བག་ཆགས་མེད༔ མ་རིག་པ་མེད༔ སེམས་མེད་ཡིད་མེད༔ འཁོར་བ་མེད་ཤེས་རབ་མེད༔ མྱ་ངན་ལས་འདས་པ་མེད༔ རིག་པ་ཉིད་ཀྱང་མེད༔ ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ༔ སྤྲོས་བྲལ་གྱི་ཡེ་ཤེས་དེ་ལ་ཚིག་དང་ཡི་གེ་མེད༔ སྒྲོ་འདོགས་དང་ཐ་དད་མེད༔ གཟུང་འཛིན་འགྱུ་བའི་རྣམ་རྟོག་མེད༔ སངས་རྒྱས་མེད༔ སེམས་ཅན་མེད༔ ཆོས་མེད༔ ཆོས་སུ་འཛིན་པ་མེད༔ སྐུ་མེད༔ ཡེ་ཤེས་མེད༔ འོད་མེད་ཁ་དོག་མེད༔ གཞི་མེད༔ ལམ་མེད༔ འབྲས་བུ་མེད༔ ང་མེད༔ རླུང་མེད༔ གནས་རིས་དྲུག་སོགས་མེད་པར་སྙིང་ཐིག་གི་རྒྱུད་དག་དང༔ ཁྱད་པར་དུ་སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལས༔ ཤེལ་སྒོང་ལ་ནི་གཞན་སྐྱོན་ཀ་ནས་དག༔ དེ་བཞིན་ཀ་དག་རང་བཞིན་ཀྱང་༔ འཁྲུལ་གཞི་མ་གྲུབ་ཀ་ནས་དག༔ འཁྲུལ་རྒྱུ་མ་གྲུབ་ཀ་ནས་དག༔ འཁྲུལ་རྐྱེན་མ་གྲུབ་ཀ་ནས་དག༔ འཁྲུལ་འབྲས་མ་གྲུབ་ཀ་ནས་དག༔ འཁྲུལ་ཚུལ་མ་གྲུབ་ཀ་ནས་དག༔ འཁྲུལ་དཔེ་མ་གྲུབ་ཀ་ནས་དག༔ དུག་གསུམ་མ་གྲུབ་ཀ་ནས་དག༔ དུག་ལྔ་མ་གྲུབ་ཀ་ནས་དག༔ ཡིད་འཁོར་གསུམ་མེད་ཀ་ནས་དག༔ འགྱུ་བ་རླུང་མེད་ཀ་ནས་དག༔ གསལ་བའི་འོད་མེད་ཀ་ནས་དག༔ འཆར་བའི་ཟེར་མེད་ཀ་ནས་དག༔ སྐྱེ་བའི་རིག་མེད་ཀ་ནས་དག༔ ཤེས་རབ་མཉམ་མེད་ཀ་ནས་དག༔ མ་རིག་འཁྲུལ་མེད་ཀ་ནས་དག༔ འཁྲུལ་ཚུལ་རྣམ་གསུམ་ཀ་ནས་དག༔ འཁྲུལ་མིན་གཟུགས་ལྔ་ཀ་ནས་དག༔ ཁམས་གསུམ་འགྲོ་དྲུག་ཀ་ནས་དག༔ ཡིད་གཉིས་གཟུང་འཛིན་ཀ་ནས་དག༔ འགོང་བོ་ང་བདག་ཀ་ནས་དག༔ ཡུལ་སེམས་དབྱེ་བསལ་ཀ་ནས་དག༔ ཕྱི་ནང་དགག་སྒྲུབ་ཀ་ནས་དག༔ སྣང་སྲིད་འཁོར་འདས་ཀ་ནས་དག༔ ཡོད་མེད་རྟག་ཆད་ཀ་ནས་དག༔ ཅེས་དང༔ ཀུན་གྱི་གཞི་མེད་ཀ་ནས་དག༔ གཡོ་འགུལ་རྩལ་མེད་ཀ་ནས་དག༔ ཀློང་འགྱུར་རྩལ་མེད་ཀ་ནས་དག༔ མ་རིག་ཡེ་ཤེས་ཀ་ནས་དག༔ ཤེས་དང་མ་ཤེས་ཀ་ནས་དག༔ འཕྲད་དང་མ་འཕྲད་ཀ་ནས་དག༔ ཟིན་དང་མ་ཟིན་ཀ་ནས་དག༔ འགྱུ་དང་མ་འགྱུས་ཀ་ནས་དག༔ མཉམ་དང་མི་མཉམ་ཀ་ནས་དག༔ རིག་དང་མ་རིག་ཀ་ནས་དག༔ ཡིད་འཁོར་རྣམ་གསུམ་ཀ་ནས་དག༔ རང་བཞིན་ངོ་བོ་ཀ་ནས་དག༔ འཆར་སྒོ་འཁྲུལ་སྒོ་ཀ་ནས་དག༔ མ་རིག་གཉིས་འཛིན་ཡུལ་སེམས་ཀ་ནས་དག༔ སེམས་ཅན་སངས་རྒྱས་ཀ་ནས་དག༔ འཁོར་བ་མྱང་འདས་ཀ་ནས་དག༔ སྒོ་ལྔ་ཡུལ་ལྔ་ཀ་ནས་དག༔ རྣམ་ཤེས་ཚོགས་བརྒྱད་ཀ་ནས་དག༔ ཅེས་དང༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཐོག་མའི་ཀ་དག་སྟོང་གསལ་ལ༔ སྔར་འདས་ཕྱིས་འབྱུང་ད་ལྟ་མེད༔ ལས་དང་བག་ཆགས་མ་རིག་མེད༔ ཡིད་དང་འཁོར་བ་ཤེས་རབ་མེད༔ མྱང་འདས་དག་ཀྱང་ཡོད་མ་མྱོང་༔ རིག་པ་ཉིད་ཀྱང་ཡོད་མ་ཡིན༔ ཡེ་ཤེས་སུ་ཡང་སྣང་བ་མེད༔ ཅེས་དང་༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མིང་མེད༔ གཅིག་དང་ གཉིས་ཀྱི་གྲངས་མེད་པས༔ གང་དུ་མ་ཕྱེས་ཆོས་ཉིད་དོ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ ཅེས་དང་༔ སྤྲོས་བྲལ་ཡེ་ཤེས་ཀ་དག་ནི༔ ངོ་བོ་རྣམ་དག་སྙིང་པོའི་གཞི༔ དེ་ལ་ཚིག་དང་ཡི་གེ་མེད༔ བརྗོད་པས་གཏན་ལ་དབབ་དུ་མེད༔ སྒྲོ་འདོགས་ཐ་སྙད་ཀུན་དང་བྲལ༔ གཟུང་འཛིན་འགྱུ་བའི་རྣམ་རྟོག་མེད༔ སངས་རྒྱས་སེམས་ཅན་ཡེ་མ་གྲུབ༔ ཆོས་མེད་ཆོས་ཀྱི་འདུ་ཤེས་མེད༔ གང་མེད་ཅི་མེད་ཅི་ཡང་མེད༔ ཅེས་དང་ཡིད་གྱི་རྣམ་པར་ཤེས་པ་མེད༔ ཐམས་ཅད་དབྱིངས་གཅིག་ཐ་དད་བྲལ༔ ཡེ་ཤེས་མེད་ཅིང་སྐུ་ཡང་མེད༔ འོད་མེད་ཁ་དོག་རྣམས་དང་བྲལ༔ རིག་པ་སྒོ་ལྔ་དག་ལ་ཡན༔ རྣམ་པར་ཤེས་པ་ཚོགས་བརྒྱད་བྲལ༔ ཉོན་མོངས་མ་སྐྱེས་ཀ་ནས་དག༔ ཅེས་དང་༔ ཡང་འོད་དང་ཡེ་ཤེས་ཁ་དོག་ལྔ༔ བཅོ་ལྔ་དུས་གཅིག་འདུས་པ་ལ༔ ཀ་དག་བབས་ཀྱི་སངས་རྒྱས་ཟེར༔ ཞེས་ཀ་དག་གི་ནང་གསལ་དུ་སྐུ་གསུང་ཐུགས་འགགས་པ་མེད་པས་རགས་པའི་ས་ལས་འདས་པས་ཆད་མཐའ་སེལ་བའོ༔ དེ་ལྟ་བུའི་དབྱིངས་ཡེ་དབྱེར་མེད་རིག་སྟོང་སྤྲོས་པ་དང་བྲལ་བའི་ཆ་ལ་ཆོས་སྐུ་ཆོས་དབྱིངས་དང་རོ་གཅིག་པ་ཞེས་བྱ་སྟེ༔ ཀློང་གསལ་ལས༔ ཡེ་མེད་སྟོང་པ་ནམ་མཁའ་ལ༔ ཆོས་སྐུ་ཞེས་ནི་མིང་དུ་བཏགས༔ ཞེས་སོ༔
གཉིས་པ་རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་དང་དོན་གཅིག་གི་རང་བཞིན་ལོངས་སྐུ་འོད་གསལ་ཡེ་གདངས་ཆེན་པོའི་ཆ་ལས་བཤད་པ་ནི༔ སྣང་སྟོང་བདེན་གཉིས་ཡབ་ཡུམ་ཁ་སྦྱོར་ཟུང་འཇུག་གི་ལྡོག་ཆས་རིན་པོ་ཆེའི་གའུའི་དགོངས་པ་ཞེས་བྱ་སྟེ་རིན་པོ་ཆེ་གའུའི་གནས་ལུགས་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་གཞི་ལ༔ བག་ཆགས་དང་འོད་ཀྱི་ལུས་ལས་འདས་པའི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་ཆོས་སྐུ་ཡེ་ཤེས་ཀྱི་སྣང་བ་ཡིན་པར་བཤད་དེ༔ སྐུའི་སྙིང་པོ་ཡེ་ཤེས༔ ཞེས་པས་གོ་དོན་སློང་བ་ཉིད་དོན་དུ་ཆོས་སྐུའི་སྐུ་གསུམ་ལ་བསྙེགས་པ་སྟེ༔ ཕྱི་གསལ་དུ་མེད་ལ༔ ནང་དུ་འོད་༥སྐུ་༥ཡེ་ཤེས་༥སྡོམ་པས་བཅོ་ལྔ་སོགས་མ་འགགས་པར་ཡོད་པས་གཏིང་གདངས་རང་གསལ་བ༔ ཆ་ཕྲ་ལ་བརྟག་པར་དཀའ་བ༔ གཞི་ལམ་འབྲས་གསུམ་གྱི་སྣང་བ་འཆར་བའི་སྐུ་དང་གཞི་དབྱིངས་༔ གཟུགས་སྐུ་དམ་པའི་རྒྱུ་ལ་བྱ་བྱེད་རྩོལ་བས་མ་བསྒྲུབས་པར་རང་བྱུང་བས་གསལ་བ་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ རིན་ཆེན་འོད་འབར་སྐུ་རུ་བཞུགས༔ ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད༔ གསལ་དྭངས་ཟང་ཐལ་ཆེན་པོས་ཁྱབ༔ ཡེ་ཤེས་འོད་ལ་ཕྱི་ནང་མེད༔ ཡེ་གསལ་ཟང་ཐལ་ཉིད་དུ་བཞུགས༔ ཡེ་ཤེས་ཐུགས་ལ་ཡངས་དོག་མེད༔ སྟོང་གསལ་མདངས་ལྔ་ཉིད་དུ་བཞུགས༔ ཞེས་སོགས་རྒྱས་པར་བཤད་པ་དང་༔ ཁྱད་པར་དུ་ཡང་༔ ཤེས་ཤིང་རིག་ལ་གསལ་བྱེད་སྣང་༔ ཤེས་ཤིང་རིག་པའི་ཆ་རྣམས་ཚང་༔ འཛིན་པའི་གཟུང་ཡུལ་གང་མེད་ཕྱིར༔ རྣམ་པར་རྟོག་པའི་གཟུང་ཡུལ་མེད༔ འོད་ལས་འདས་པའི་ཡེ་ཤེས་སུ༔ རྣམ་དག་ཕྱག་རྒྱ་ཆེན་པོར་གནས༔ རང་བཞིན་སྣང་བའི་ཀློང་ཆེན་ན༔ མཚན་མའི་དམིགས་པ་ཡེ་མེད་དོ༔ དོན་གྱི་ཆ་ལ་འདི་ལྟར་གནས༔ རང་མདངས་བསྐྱེད་པ་དཀར་མ་འགགས་པའི་ཆ་ལ་དཀར་པོ་ཞེས་བྱའོ། །པོའི་ཆ༔ གཏིང་གསལ་ཆེན་པོ་ཉིད་དུ་གནས༔ སྣང་བ་རང་ཟད་སེར་པོའི་ཆ༔ མི་མངོན་གཏིང་ནས་རང་ངོ་གསལ༔ རང་ངོ་ཆགས་མེད་མདངས་བསྐྱེད་པས༔ རང་གིས་བཅིངས་པ་བྲལ་བ་ཡི༔ ཆགས་པ་རང་ཟད་དམར་པོའི་ཆ༔ གཏིང་གསལ་མ་འདྲེས་ཆེན་པོར་གནས༔ མ་འདྲེས་སོ་སོའི་མཚན་འཛིན་པས༔ བྱ་རྩོལ་བསྐྱོད་པ་བྲལ་བ་ཡི༔ མཛད་པ་མེད་པའི་ལྗང་གུ་ནི༔ ཐོག་མ་རྣམས་ཀྱི་ཟེར་དུ་ཡང་༔ མི་མངོན་གཏིང་ནས་གསལ་བ་ཡི༔ གཏིང་གསལ་ཁྱབ་པའི་འབྲེལ་བྱེད་པས༔ འགྱུར་མེད་ཁྱབ་པའི་མཐིང་ཀ་ནི༔ ཡེ་རྫོགས་བྱས་པ་མེད་པར་གནས༔ སྐུ་ནི་སྣང་ལ་རང་བཞིན་མེད༔ ཡེ་ནས་རང་དག་ཆེན་པོ་ལ༔ རྫོགས་ཆེན་རྣམས་ཀྱི་རྩེ་མོར་ཕྱིན༔ དེ་ཡང་དངོས་པོར་མ་གྲུབ་པས༔ རྟག་པ་ཐེར་ཟུག་ཅན་དུ་མེད༔ རྒྱ་ཆད་ཅན་དུ་མ་ཡིན་ཏེ༔ རང་བཞིན་འོད་གསལ་ཚུལ་དུ་གནས༔ གདོས་བཅས་མཚན་མ་རང་དག་ཕྱིར༔ གཏིང་གསལ་ཆེན་པོའི་གཞི་རུ་གནས༔ ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་༔ ཕྱོགས་སུ་ཆད་པ་མེད་པར་གནས༔ སྟོང་གསལ་ཡིན་པས་གཉིས་མཐའ་མེད༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ གསལ་བྱེད་སྣང་བའི་ཆ་མ་འགགས༔ རིགས་གཞན་མེད་ཅིང་རང་སར་དག༔ རང་བཞིན་གྱིས་ནི་ཆ་ལ་བཞུགས༔ ཞེས་སོ༔ འདིར་ཡང་རང་བཞིན་འོད་གསལ་བ་ལོངས་སྐུའི་འཆར་གཞིའམ་ངོ་བོ་ཡིན་པར་མ་ཤེས་ན༔ དབྱིངས་ནང་གསལ་གྱི་སྐུ་གསུམ་དང༔ ཆོས་སྐུའི་ཡེ་ཤེས་ཡིན་པར་མི་འགྲིགས་པ་དང༔ མཚན་ཉིད་འཛིན་པའང་འདིའི་ཆ་ལ་བཏགས་པ་དང༔ སྐུ་ལྔའང་འདིའི་རོལ་བ་ཡིན་པར་མི་འགྱུར་བས་འགལ་བ་སྡུད་པ་དང༔ ཡང་འདི་ལ་ནང་གསེས་ཀྱི་དབྱེ་བས་ལྔ་ཚན་ལས་སུམ་ཅུ་སོ་ལྔར་འགྱུར་བའང་དེ་ཉིད་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ འོད་ཡེ་ཤེས་ཀྱི་ཁ་དོག་ལྔ་ལྔ་ཞིང་ལྔ་ཕྲིན་ཞི་རྒྱས་དབང་དྲག་ལྷུན་གྲུབ་སྟེ་ལས་ལྔ༔ སངས་རྒྱས་རིགས་སོགས་རིགས་ལྔ་དབྱིངས་ཕྱུག་སོགས་ཡུམ་ལྔ་གཞི་ལྔ་དང༔ ལམ་ལྔ་འབྲས་ལྔ་རང་མདངས་ལྔ༔ དེ་སོགས་ལྔ་ཚན་སོ་ལྔ་ནི༔ ཡེ་ཤེས་གཅིག་གིས་དེ་ལ་རྫོགས༔ ཞེས་དང་༔ ཕྲེང་བ་ལས༔ ཆོས་ལྔ་ནི་རང་བཞིན་མེད་པ་༡། མཚན་མ་མེད་པ༢། དམིགས་པ་མེད་པ་༣། བརྗོད་པ་མེད་པ༤། སྤྲོས་པ་མེད་པའི་ཆོས་སོ༥། ཡེ་ཤེས་ཀྱི་རླུང་ལྔ་ཉིད༔ ནི་འཆར་གཞིའི་ཡེ་ཤེས་ཀྱི་སྐུ་ལྔ་དང་སྦྱོར་ངོ་བོ་ལྔ་དང་རང་བཞིན་ལྔ༔ ཐུགས་རྗེ་ལྔ་ནི་བསྐུལ་ཞིང་གསོལ་བ་འདེབས་པའི་༡། ཤུགས་བྱུང་༢། རྐྱེནའཕྲད་པའི་༣། ཞི་གནས་ངོ་བོའི་ཆ་༤། ཐུགས་རྗེ་ངང་ལས་བྱུང་བའོ༥། །ཡིས་ཀུན་ལ་ཁྱབ༔ ཅེས་སོ༔ དེ་ལྟར་རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པའི་ཆ་ལ་ལོངས་སྐུ་ཞེས་བཏགས་པའང་༔ ཀློང་གསལ་ལས༔ དེ་ཡི་རང་བཞིན་གསལ་བ་ལ༔ ལོངས་སྐུ་ཞེས་ནི་མིང་དུ་བཏགས༔ སྟོང་གསལ་མདངས་ལྔ་ལྡན་པ་ལ༔ ལྷུན་གྲུབ་ཅེས་ནི་མིང་དུ་བཏགས༔ ཞེས་སོ༔
གསུམ་པ་གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུའམ་ཀུན་ཁྱབ་ཀྱི་སྤྲུལ་སྐུ་རོལ་པ་རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོ་ནི༔ དེ་ལྟ་བུའི་སྣང་སྟོང་གཉིས་དང་གང་གི་ཕྱོགས་སུ་མ་ལྷུང་བ་རིག་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཇི་ལྟ་ཇི་སྙེད་ཀྱི་གནས་ལ་མཁྱེན་ཆ་གོ་མ་འགགས་ཀྱང་གཟུང་འཛིན་ཀྱི་རྟོགས་པ་ཐམས་ཅད་དང་བྲལ་བ༔ རྒྱུ་རྐྱེན་གྱིས་མ་བསྐྱེད་པ་འདུས་མ་བྱས་ལྷུན་གྲུབ༔ གསལ་ལ་མུན་པ་མེད་པ༔ མ་འགག་པས་སྟོང་པ་ཆེན་པོ༔ སྟོང་པ་ཆེན་པོ་ལ་ཀུན་འགྲོལ་བ༔ མ་འདྲེས་པར་ཡོངས་སུ་སྣང་བའི་བདག་ཉིད་ཆེན་པོ༔ ཅིར་ཡང་མ་འགགས་པ་འཆར་བའི་དག་པ་ཆེན་པོ༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་ཤེས་རབ་ཀྱི་རང་རྩལ་རྫོགས་ཤིང་སྤངས་རྟོགས་མཐར་ཕྱིན་པའི་ཆོས་སྐུའི་སྤྲུལ་སྐུ་ཆེན་པོར་ཡོད་པའི་ཕྱིར༔ ཀློང་ཆེན་རབ་འབྱམས་ལས༔ གཉིས་མེད་སྤྲུལ་སྐུ་སྟོང་ཇི་ལྟ༔ རང་གསལ་ཇི་སྙེད་གཉིས་དབྱེར་མེད༔ གསལ་སྟོང་མཁྱེན་པའི་ཡེ་ཤེས་སོ༔ གཤིས་ལ་འཁྲུལ་བ་མ་གྲུབ་སྟོང༔ སྤངས་པ་ཕུན་སུམ་ཚོགས་པའོ༔ ངོ་བོ་གཉིས་སུ་མེད་པས་ན༔ རྟོགས་པ་ཕུན་སུམ་ཚོགས་པའོ༔ ཞེས་དང་༔ དགོངས་པ་ཡངས་པའི་ཡེ་ཤེས་སྐུ༔ ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ༔ ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ༔ ཡེ་ཤེས་རོལ་བ་ཆོས་སྐུའི་རྩལ༔ འགག་མེད་ཆོ་འཕྲུལ་ཅིར་ཡང་སྣང་༔ ཞེས་སོ༔ དེ་ཡང་འཁྲུལ་མ་འཁྲུལ་ལས་འདས་པའི་ཡེ་ཤེས་སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་དཔྱོད་པ་ཡིད་ཀྱི་རྣམ་རྟོག་དང་བྲལ་པའི་མཁྱེན་ཆ་འདི་མེད་ན༔ ཁམས་གསུམ་པའི་སེམས་དང་བྲལ་པའི་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་མཁྱེན་སྟོབས་ཀྱང་མི་འབྱུང་བ་སྟེ༔ དགོངས་པ་ཡངས་པའི་ཡེ་ཤེས་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་བ་ཡང་ཅི༔ དེ་ཕྱིར་འཁྲུལ་བ་གདོད་ནས་དག༔ ཅེས་དང་༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས༔ མི་མཛད་སྣ་ཚོགས་འཆར་བའི་སྒོ༔ མཛད་པ་ལྟར་སྣང་ངོ་བོར་རྫོགས༔ ཆོས་སྐུ་སྟོང་པའི་ཡེ་ཤེས་ལས༔ ཡེ་ཤེས་ཐུགས་རྗེ་མཁྱེན་བརྩེར་ཤར༔ ངང་གིས་སེམས་ཅན་རྣམས་ལ་ཤར༔ འདི་མེད་འཁོར་འདས་ལྟེ་ཆད་པས༔ མཁྱེན་པས་རིག་ཅིང་གསལ་བའོ༔ རྩལ་ལྡན་རྩལ་ཕྱིར་དེ་མི་འབྲངས༔ ང་ཡིན་ང་ལ་བདག་བཟུང་མེད༔ ངོ་བོ་ཉིད་ལ་འཁོར་འདས་གསལ༔ ཞེས་དང་༔ ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས༔ བྱ་དང་བྱེད་པ་མེད་པར་ཤར༔ ཞེས་སོ༔ དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་ལ་སྤྲུལ་སྐུའི་ཡེ་ཤེས་སུ་བཞག་པའང་སྟོང་གསལ་གྱི་བྱིན་རླབས་ཡིན་པ་དང༔ སྣ་ཚོགས་པར་འཆར་གཞི་མ་འགགས་ཆ་ནས་ཏེ༔ ཀློང་གསལ་ལས༔ འོད་གསལ་འཁྲུལ་བའི་རང་གཟུགས་སྐུ༔ སྤྲུལ་སྐུ་ཞེས་ནི་མིང་དུ་བཏགས༔ ཞེས་སོ༔
མདོར་བསྡོམ་པ།
གཉིས་པ་དེའི་མདོར་བསྡོམ་པ་ནི༔ ཡེ་ཤེས་དབྱེར་མེད་དུ་འགག་བསྡམས་པ་དང་༔ དེ་འཁོར་འདས་ཀྱི་བར་དོ་ཡིན་པའི་ཚུལ་བཤད་པའོ༔
དང་པོ་ལའང་དངོས་དང་སྐྱོན་གྱི་མཐའ་སེལ་གཉིས་ལས༔ ཡེ་ཤེས་དབྱེར་མེད་དུ་འགགས་བསྡམས་པ་དངོས་ལ་ངོ་བོ་དང་བཞུགས་ཚུལ་དབྱེར་མེད་དོ༔
དང་པོ་ནི༔ དེ་ལྟ་བུའི་ངོ་བོ་སྟོང་པ་ཆོས་སྐུའི༔ རང་བཞིན་གསལ་བ་ལོངས་སྐུའི༔ ཐུགས་རྗེ་ཡངས་པ་སྤྲུལ་སྐུའི་ཡེ་ཤེས་དེ་དག་ཀྱང་མ་རིག་པའི་རྟོག་པ་ཀུན་གྱིས་གོས་མ་མྱོང་ཞིང་གཞི་རང་བཞིན་རྒྱུད་ཀྱི་དབང་བཙན་ལས་ངོ་བོ་སྐུར་བཞུགས་པས་སྐུ་ཐམས་ཅད་ཀྱི་ལུས་སམ་དབྱིངས་སམ་འཆར་གཞིར་ཡོད་པས་མཉམ་པ་ཉིད་ཀྱི་ཆ་ནས་ངོ་བོ་ཆོས་སྐུར་བཏགས༔ འཁྲུལ་བའི་ཐ་སྙད་ལས་འདས་པ་འབྱུང་ཆེན་ངོ་བོའི་སྐུའི་འཆར་གཞི་འཁོར་དང་ཞིང་ཁམས་མཚན་དཔེ་དག་པ་ལ་སྤྱོད་པའི་རང་བཞིན་འོད་ཀྱི་འཆར་གཞིར་བཞུགས་པ་ལ་ལོངས་སྐུར་བཏགས༔ དབྱིངས་ཡེ་དབྱེར་མེད་དུ་གྲོལ་བས་རིག་གདངས་ཅིར་ཡང་མ་འགགས་པར་འཆར་བ་ལ་སྤྲུལ་སྐུར་བཏགས་ཀྱང་འབྲལ་མེད་རོ་གཅིག་ཐིག་ལེ་ཆེན་པོར་འཁྱིལ་བས་དབྱེར་མེད་པ་ཞེས་བྱ་སྟེ༔ དེ་ཡང་ཀློང་ཆེན་རབ་འབྱམས་ལས༔ ངོ་བོ་ཀ་དག་ཡེ་ཤེས་དང་༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་༔ ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ༔ འབྲལ་མེད་གཅིག་སྟེ་ཕྱོགས་མེད་གནས༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ འཁྲུལ་བའི་ཚིག་གི་ཐ་སྙད་བྲལ༔ ཐུགས་རྗེ་རང་སྣང་ཡེ་ཤེས་ནི༔ ཐམས་ཅད་དབྱེར་མེད་གཅིག་དུ་གནས༔ ཡེ་ཤེས་རང་ལ་རང་གནས་ཕྱིར༔ གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔ ཞེས་དང༔ ཐལ་འགྱུར་ལས༔ ཡེ་ཤེས་རང་ངོར་གནས་པ་ལ༔ གསུམ་གྱི་ཚུལ་དུ་དབྱེར་མེད་པའོ༔ ཞེས་དང་༔ ཀློང་གསལ་ལས༔ སྟོང་དང་གསལ་དང་ཁྱབ་པ་གསུམ༔ དབྱེར་མེད་གཅིག་གི་ཚུལ་དུ་གནས༔ ཀ་དག་ཅེས་པ་ཆོས་སྐུ་ལ༔ གསལ་སྟོང་ཞེས་པ་ལོངས་སྤྱོད་རྫོགས༔ ཁྱབ་པ་ཞེས་ནི་སྤྲུལ་པའི་སྐུ༔ དབྱེར་མེད་གཅིག་གི་ཚུལ་དུ་རྫོགས༔ ཞེས་སོ༔
གཉིས་པ་བཞུགས་ཚུལ་དབྱེར་མེད་ནི༔ ངོ་བོ་སྟོང་པ་དེ་སྐུ་གསུམ་གྱི་འཆར་གཞིར་བཞུགས་ཀྱང་ཡེ་ཤེས་མེད་པའི་བེམ་སྟོང་དང་སྐུ་ལ་ཁ་མིག་དང་རྣ་བ་དོད་པ་ནི་ཅང་མ་བཞུགས༔ རང་བཞིན་འོད་དུ་བཞུགས་ཀྱང་ལྷུན་གྲུབ་ཕྱི་རྒྱ་མ་རལ་པས་བུམ་པ་སྐུའི་ཞིང་བཀོད་ལ་ཁ་དོག་ཏུ་ཕྱེ་བ་དང་འོད་ལྔ་ཕྱོགས་སུ་ཤོར་པ་ནི་མ་དམིགས༔ ཐུགས་རྗེ་རིག་པར་བཞུགས་ཀྱང་བྱ་བྱེད་འབད་རྟོག་གི་དངོས་པོར་རྒྱ་ཆད་ཕྱོགས་ལྷུང་མེད་པ་སྟེ༔ དེ་ཉིད་ལས༔ ངོ་བོ་མི་འགྱུར་སྐུར་བཞུགས་པ༔ སྐུ་གསུམ་འདུ་འབྲལ་མེད་པ་ཡི༔ ཐམས་ཅད་འཆར་བའི་གཞིར་གནས་ཏེ༔ མཚན་མ་རིས་ཀྱི་ཞལ་ཕྱག་མེད༔ རང་བཞིན་གསལ་བའི་མདངས་ལྔ་ཡང༔ གཞོན་ནུ་བུམ་སྐུའི་ཚུལ་བཞུགས་ཏེ༔ ཁ་དོག་རིས་བཟུང་གྲུབ་པ་མེད༔ ཐུགས་རྗེ་རིག་པའི་ཡེ་ཤེས་སུ༔ ལྷུན་གྲུབ་བཞུགས་ཀྱང་མཁྱེན་མ་འགགས༔ སོ་སོར་གསལ་བ་གཉིས་གྱུར་ཀྱང༔ བྱ་དང་བྱེད་པའི་དངོས་པོར་མེད༔ ཅེས་དང་༔ རིག་པའི་ངོ་བོ་སྐུ་ལྔར་གནས༔ སྐུ་ནི་སྣང་ལ་མཚན་ཉིད་བྲལ༔ སྟོང་གསལ་འདུས་པའི་ཡེ་ཤེས་མདངས༔ ངོ་བོ་ཀ་ནས་དག་པའི་ཆ༔ སྐུ་གསུམ་གྱིས་ནི་གཞི་ཙམ་ལས༔ ཞལ་ཕྱག་ཏུ་ནི་གྲུབ་པ་མེད༔ ཁ་མིག་རྣ་བ་ཡོད་པ་ན༔ གཟུགས་ཅན་ཡིད་ཙམ་གཉིས་སོགས་སྲིད༔ གཟུགས་ཅན་འགྲོ་དྲུག་ཕལ་བ་སྟེ༔ གཟུགས་མེད་སྐྱེ་མཆེད་མུ་བཞིའོ༔ མཚན་མ་བྱུང་ན་ཀ་དག་མིན༔ སྟོང་གསལ་ཆེན་པོའི་སྐུ་ལྔའོ༔ སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔ༔ ཡེ་ཤེས་བཀྲགས་མདངས་འོད་ཟེར་ཤར༔ ཞེས་དང་༔ པདྨ་འཁྱིལ་བའི་རྒྱུད་ལས༔ ཐོག་མར་མ་རྟོགས་པས་འཁོར་བ་མ་བྱུང་༔ རྟོགས་པའི་སངས་རྒྱས་མ་བྱུང་བའི་སྔོན་རོལ༔ སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་བསགས་པའི་སངས་རྒྱས་ཁ་མིག་རྣ་བ་ཅན་དུ་བཏགས་པ་ནི་ཅང་མི་བཞུགས་སོ༔ འོ་ན་གང་ཞེ་ན་རིག་པ་ཀུན་ཏུ་བཟང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ༔ ཞེས་སོ༔ རྒྱུ་མཚན་དེ་བས་ན་ངོ་བོ་དང་བཞུགས་ཚུལ་ལ་བློས་གཞལ་ནས་དབྱེ་བའི་ཡུལ་དང་བྲལ་པའི་ཕྱིར༔ ཀློང་གསལ་ལས༔ གྲངས་དང་རིས་སུ་བཅད་པ་ཀུན༔ ཐ་སྙད་ཚིག་ཕྱིར་འབྲངས་པའོ༔ འཁྲུལ་བ་ཡིན་པས་དོན་ལ་བསྒྲིབས༔ ཞེས་སོ༔
གཉིས་པ་མཐའ་སེལ་ནི༔ སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་བཤད་ན༔ ཆོས་ཉིད་སྤྲོས་པ་དང་བྲལ་བའི་གནད་ཀྱིས་གཉིས་སྣང་དང་༔ རྒྱུ་རྐྱེན་དང་༔ རེ་དོགས་དང༔ དྲི་མ་དང༔ རྟག་ཆད་ཀྱི་མཐའ་ཐམས་ཅད་སེལ་བ་དང་༔ རང་དང་རིགས་མཐུན་མི་མཐུན་དང་༔ སྟོང་པར་རིགས་མཐུན་མི་མཐུན་ལས་གྲོལ་བ་སྟེ༔ ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས༔ གཞན་སེལ་ནི་རིག་པར་འདུག་པས་བེམ་པོར་སེལ༔ སྟོང་པར་འདུག་པས་དངོས་པོ་སེལ༔ གཉིས་མེད་ཡིན་པས་གཉིས་སྣང་སེལ༔ རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ༔ ལྷུན་གྲུབ་ཡིན་པས་རེ་དོགས་སེལ༔ དག་པ་ཡིན་པས་དྲི་མ་སེལ༔ མེད་པས་ཡོད་པའི་ཆད་མཐའ་སེལ༔ ཡོད་པས་མེད་པའི་རྟག་མཐའ་སེལ༔ ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག༔ ཡང་དག་པ་དོན་གྱི་གཞིའི་སྤྱི་མོ་ནི་རང་དང་རིགས་མཐུན་པ་ལས་ལོག་སྟེ༔ རིག་པ་ཙམ་དུ་མཐུན་པས་ཚོགས་བརྒྱད་ལས་ལོག་པའོ༔ དེ་ཡང་ཇི་ལྟར་གྲོལ་ན༔ འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་ཤེས་ལས་གྲོལ༔ ངར་འཛིན་མེད་པས་ཉོན་མོངས་པའི་ཡིད་ལས་གྲོལ༔ གཟུང་འཛིན་མེད་པས་ཡིད་ལས་གྲོལ༔ སྐྱེ་འགགས་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ༔ ཀྱེ་གསང་བའི་བདག་པོ༔ སྟོང་པར་རིགས་མཐུན་པ་ལས་ཀྱང་ལོག་ཏེ་རང་བཞིན་དག་པའི་ནམ་མཁའ་ཁ་དོག་དང་བཅས་པ༔ བག་རྡུལ་དང་བཅས་པ་འདི་མ་ཡིན་ནོ༔ ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག༔ རིགས་མི་མཐུན་པ་ལས་ཀྱང་ལོག་སྟེ༔ རིག་པ་དང་རིགས་མི་མཐུན་པའི་བེམ་པོ་མ་ཡིན༔ སྟོང་པ་དང་རིགས་མི་མཐུན་པའི་ཕྱི་ནང་གི་འབྱུང་བ་བཞི་ལས་གྲུབ་པའི་དངོས་པོར་མེད་པའོ༔ རིགས་ཀྱི་བུ་དོན་ཆེན་པོ་འདིས་ནི༔ གཉིས་ཀ་ལས་ལོག་པར་ཤེས་པར་བྱའོ༔ གཉིས་ཀ་མ་ཡིན་པའི་དངོས་པོར་འཛིན་པ་དང་བྲལ་བའོ༔ ཞེས་སོ༔
གཉིས་པ་བྱེ་བྲག་ཏུ་ཡེ་ཤེས་གསུམ་དབྱེར་མེད་པའི་མཐའ་སེལ་ཚུལ་ནི༔ ངོ་བོ་སྟོང་པ་བསམ་བརྗོད་ཀྱི་ཐ་སྙད་དང་སྤྲོས་པ་ལ་མི་གནས་པ་སྟོང་གསལ་དབྱེར་མེད་ཀྱིས་རྟག་མཐའ་སེལ༔ རང་བཞིན་གསལ་སྟོང་གཉིས་སུ་མེད་པའི་འགགས་མེད་དུ་ཡེ་ཡོད་ལྷུན་གྱིས་གྲུབ་པས་རྒྱུ་རྐྱེན་དང་ཆད་མཐའ་སེལ༔ ཐུགས་རྗེ་གཅིག་དང་དུ་མའི་ཆ་ཤས་ལས་འདས་པའི་རིག་སྟོང་དབྱེར་མེད་པས་འཁོར་འདས་ཀུན་ལ་ཁྱབ་པས་གཉིས་གཉིས་མེད་ཀྱི་མཐའ་ལས་འདས་པའོ༔ ཀློང་གསལ་ལས༔ སྟོང་པའི་ངོས་ནས་རྟག་མཐའ་བྲལ༔ གསལ་བའི་ངོས་ནས་ཆད་མཐའ་བྲལ༔ གསལ་སྟོང་ངོས་ནས་འཛིན་ཆ་བྲལ༔ ཐོག་མའི་ཀ་དག་གསལ་སྟོང་ཁྱབ༔ སུས་ཀྱང་བྱས་པ་མེད་པ་ཉིད༔ དེ་ནི་ཐོག་མའི་སྤྱི་གཞིའོ༔ ཞེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ ངོ་བོ་སྟོང་པས་ཐ་སྙད་བྲལ༔ རང་བཞིན་ཡེ་གསལ་རྒྱུ་རྐྱེན་བྲལ༔ ཐུགས་རྗེ་ཀུན་ཁྱབ་ཆ་ཤས་བྲལ༔ ངོ་བོ་ཀ་དག་བརྗོད་གཞི་བྲལ༔ རང་བཞིན་ལྷུན་གྲུབ་ཅིར་ཡང་རྫོགས༔ ཐུགས་རྗེ་ཀུན་ཁྱབ་རང་ཤར་བའོ༔ ངོ་བོ་སྟོང་བས་རྟག་མཐའ་བྲལ༔ རང་བཞིན་གསལ་བས་ཆད་འཛིན་བྲལ༔ ཐུགས་རྗེ་ཁྱབ་པས་གཉིས་མཐའ་བྲལ༔ ངོ་བོ་སྟོང་གསལ་གཉིས་མེད་ལ༔ རང་བཞིན་གསལ་སྟོང་དབྱེར་མེད་དོ༔ ཐུགས་རྗེ་རིག་སྟོང་དབྱེར་མེད་དོ༔ ངོ་བོ་སྐུ་ལ་རང་བཞིན་འོད༔ ཐུགས་རྗེ་རིག་པ་ཡེ་ཤེས་སོ༔ ཞེས་སོ༔
གཉིས་པ་དེ་འཁོར་འདས་ཀྱི་བར་དོར་གྱུར་ཚུལ་ནི༔ དེ་ལྟ་བུའི་འདུས་མ་བྱས་པའི་ཡེ་གཞི་ནི་འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་ཞིང་དབུས་ལྟ་བུར་གནས་པས་ཀྱང་འཁོར་འདས་བར་དོ་ཞེས་བྱ་ལ༔ འཁོར་འདས་གཉིས་ཀྱི་སྤྱི་གཞིར་གྱུར་བས་ཀྱང་འཁོར་འདས་བར་དོ༔ རྟོགས་ན་མྱང་འདས་དང་མ་རྟོགས་ན་འཁོར་བ་འབྱུང་བའི་གྱེས་མདོ་ལྟ་བུར་གྱུར་བས་ཀྱང་འཁོར་འདས་བར་དོ་ཞེས་བྱའོ༔ དེ་ལྟ་བུའི་རྒྱུ་མཚན་གསུམ་གྱི་བརྣག་དོན་ལས་འཁོར་འདས་ཀྱི་བར་དོ་ཞེས་བྱ་སྟེ༔ ངེས་དོན་འདུས་པའི་རྒྱུད་ལས༔ དང་པོ་འཁོར་འདས་བར་དོ་ལ༔ དང་པོ་འཁོར་འདས་ཉིད་ཀྱི་སྐུ༔ རང་བྱུང་ལུས་ལ་རིག་པའི་ཐུགས༔ འཁོར་འདས་མེད་ཕྱིར་གཞི་ཉིད་མིན༔ གཞི་ལ་སངས་རྒྱས་སེམས་ཅན་གྱི༔ སྣང་བ་ཡེ་ནས་མེད་པ་ལ༔ ཡང་དག་ཆོས་སྐུ་ངེས་པར་ཡོད༔ ཅེས་དང་༔ རང་བྱུང་ངོ་བོ་ཉིད་སྐུ་ནི༔ འདུ་འབྲལ་མེད་བའི་མྱང་འདས་གཞི༔ ཆོས་རྣམས་ཀུན་གྱི་རྩ་བ་ཡིན༔ ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ༔ དེ་ཡང་རྡོ་རྗེ་སེམས་དཔའ་ཉོན༔ རང་བཞིན་ལུས་ཞེས་བྱ་བ་ནི༔ འཁྲུལ་མ་མྱོང་བས་མ་རིག་མེད༔ རྟོགས་མ་མྱོང་བས་ཡེ་ཤེས་མེད༔ དེ་ཕྱིར་ཡུལ་ལ་ཡངས་པ་དང༔ མ་ཡེངས་ངང་དུ་ཤན་མ་ཕྱེད༔ གང་གི་མཐའི་ཀྱང་མ་རིག་ཕྱིར༔ འཁོར་འདས་གཞི་ཞེས་དེ་ལ་བྱ༔ ཞེས་དང་༔ ཀློང་གསལ་ལས༔ འཁོར་འདས་གཉིས་སུ་མེད་གང་དུ༔ ཀ་དག་སྒྲིབ་མེད་ཟང་ཐལ་བཞུགས༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཡེ་ནས་ཡོད་པའི་ཆོས་ཀྱི་སྐུ༔ རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས༔ ལེགས་པར་ཉོན་ལ་ཡིད་ལ་ཟུངས༔ རང་སེམས་མ་རྟོགས་སེམས་ཅན་ནི༔ འཁོར་བར་གང་ནས་གང་དུ་འཁྲུལ༔ ཞེས་དང་༔ བསྟན་པའི་དོན་རྟོགས་སྐད་ཅིག་ལ༔ སངས་རྒྱས་ཀུན་དང་དགོངས་པ་མཉམ༔ ཞེས་གང་གསུངས་པ་སྟེ་འདི་ལ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ༔
ཞར་ལ་སྦུབས་ཀྱི་དོན་ཅུང་ཟད་བཤད་པར་བྱ་སྟེ༔ དེ་ལ་ངོ་བོ་ངེས་ཚིག་དབྱེ་བ་མཚན་ཉིད་མཐུན་དཔེ་དང་ལྔ་ལས༔
དང་པོ་ནི༔ གཞི༵་ལྷུན༵་གྲུབ༵་རི༵ན་པོ༵་ཆེ༵འི་སྦུབ༵ས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་ཡིན་ཏེ་དེས་ཡེ་ཤེས་དབྱེར་མེད་ཆེན་པོར་ལ་བཟློས་པའི་ཕྱིར་དང༔ ལམ་ལྷུན༵་གྲུབ༵་རི༵ན་པོ༵་ཆེ༵འི་འོད་ཀྱི་སྦུབ༵ས་ནི་ལོངས་སྐུ་གཞི་སྣང་གི་ཆ་སྟེ༔ འདི་ལས་ལམ་ཉམས་སུ་ལེན་དུས་སྣང་བཞིའི་ལ༵མ་སྣང༵་འཆར་བ་དང་༔ བར་དོར་སྐུ་གསུམ་གྱི་སྣང་བ་འཆར་བ་ཡིན་ནོ་དེས་ན་ལམ་གདུལ་བྱའི་སྣང་བའོ༔ འདི་ཡི་རོལ་པའམ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བདག་ཏུ་བཟུང་བས་འཁོར་བའི་འཁྲུལ་སྣང་ཡུལ་སེམས་ཐམས་ཅད་འབྱུང་བའི་ཕྱིར་ག༵ཞི་སེམ༵ས་ཅན༵་གྱི༵་སྣང༵་བ༵་བག་ཆགས་ཀྱི་སྦུབས་ལ་བརྟེན་པ་དང་༔ དེ་ཉིད་རང་སྣང་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་གཞི་ལ་བཙན་ས་ཟིན་པས་འབྲས༵་བུ༵་བདེ༵་བཤེ༵གས་ཀྱི༵་སྣང༵་བ༵་ལ་མཐར་ཕྱིན་པའི་འབྲས༵་བུའི༵་ལྷུན༵་གྲུབ༵་རིན༵་པོ༵་ཆེ༵འི་སྦུབ༵ས་ཞེས་བྱ་སྟེ༔ དེ་ལྟར་ན་སྦུབས་གསུམ་གཅིག་འདྲིལ་གྱི་ཐུགས་རྗེ་སྤྲུལ་པའི་རོལ་པ་ངེས་མེད་མངོན་བྱང་ལྔ་ལྡན་གྱི་སྤྲུལ་སྐུར་བཞེངས་པ་ལོག་པར་བཟུང་བ་ལས་བ༵ག་ཆ༵གས་ཀྱི༵་སྦུབ༵ས་བྱུང་ན་དེ་ནི་སྤྲུལ་སྐུའི་ཡིན་འབྲས་ཀྱི་ངོ་བོ་སྐུ་གསུམ་དུ་རིག་གོ༔ གཞན་དུ་དགྱེས་རྡོར་སོགས་གཞི་སེམས་ཅན་གྱི་སྣང་བ༔ ལམ་གདུལ་བྱའི་སྣང་བ༔ འབྲས་བུ་བདེ་གཤེགས་ཀྱི་སྣང་བ་གསུམ་དུ་བཞག་པ་དང་༔ དེའི་སྟེང་དུ་འཁྲུལ་བ་བརྟགས་པའི་སྣང་བ་བཞིར་བཤད་པ་ནི་འདིར་སེ༵མས་ཅ༵ན་གྱི༵་སྣང༵་བ༵་ནི་འཁྲུལ་པའི་བརྟགས་སྣང་ཡིན་པས་དེ་གཉིས་གཅིག་ཏུ་བྱས༔ གཞི༵་རང༵་བཞིན༵་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི་ཆོས༵་ཀྱི་སྐུའི༵་སྣང༵་བར༵་བཤད་ཀྱང་ཁྱད་པར་འཕགས་པ་ལས་ཆད་པ་དང་དགོངས་པ་འགལ་བ་ནི་མ་ཡིན་ནོ༔ གཞི་འབྲས་ཀྱི་ཆོས་སྐུ་ངོ་བོ་བདག་གཅིག་པའི་གནད་ཀྱིས་གཞི་འབྲས་ཀྱི་སྦུབས་གཉིས་གཅིག་ཏུ་བྱས་ནས་རིན་པོ་ཆེའི་སྦུབ་དང་༡། འོད་ཀྱི་སྦུབས་དང་༢། བག་ཆགས་ཀྱི་སྦུབས་༣་དང་གསུམ་དུ་བྱས་པའོ། །དེ་ཡང་སྤྲོས་བྲལ་དོན་གསལ་ལས༔ དེ་ལ་སྦུབས་གསུམ་ངོ་བོ་ནི༔ གོང་བསྟན་སྐུ་གསུམ་ཡིན་པར་བཤད༔ ཅེས་སོ༔
ངེས་ཚིག་ནི་སྤྱིར་སངས་རྒྱས་སྐུ་གསུམ་གྱི་བཞུགས་པའི་རྟེན་གཞིར་གྱུར་བའི་ཕྱིར༔ བྱེ་བྲག་ཏུ་སྐུ་གསུམ་གྱི་དབྱིངས་ནང་གསལ་༣མཚན་ཉིད་འཛིན་༥། ཕྱི་གཉིས་ཏེ་ཡེ་ཤེས་འཁོར་འདས་ཐམས་ཅད་འབྱུང་བའི་གཞིར་གྱུར་བས་རིན་པོ་ཆེའི་སྦུབས༔ སྣང་ལ་རང་བཞིན་མེད་པའི་ལྔ་ཚན་འབྲས་ཆོས་ཉེར་ལྔ་ལྔའི་ཡོན་ཏན་རྫོགས་པ་མཚན་དཔེའི་རྒྱན་ལྡན་འོད་ཀྱི་སྦུབས༔ སྦུབས་སྔ་མ་གཉིས་ཀྱི་མཚན་ཉིད་འཛིན་པའི་ཡེ་ཤེས་གཉིས་ཤར་གཞི་དང་ཤར་ཆོས་ཀྱི་ཁྱད་ཡོད་དོ། །མེད་བཞིན་དུ་རྣམ་པར་རྟོག་པའི་བག་ཆགས་གནས་དོན་ལུས་གསུམ་མཐུ་བརྟས་པས་ཡོད་པར་སྣང་བ་བག་ཆགས་ཀྱི་སྦུབས་ཀྱི་ངེས་ཚིག་ཡིན་ཏེ༔ ཐིག་ལེ་ཀུན་གསལ་ལས༔ སྦུབས་གསུམ་ཞེས་བྱའི་གཏན་ཚིག་ནི༔ བཞུགས་པའི་རྟེན་དུ་གྱུར་པའོ༔ སྦུབས་ཞེས་བྱ་བ་སྤྱི་ཚིག་གོ༔ སོ་སོའི་ངེས་པ་བསྟན་པ་ནི༔ ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས༔ སྣང་ལ་རང་བཞིན་མེད་པ་འོད་ཀྱི་སྦུབས༔ རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས༔ ཞེས་སོ༔
དབྱེ་བ་ནི་རྣམ་པ་གསུམ་ཡིན་ཏེ༔ སྔ་མ་ལས༔ རིན་ཆེན་སྦུབས་དང་འོད་ཀྱི་སྦུབས༔ བག་ཆགས་སྦུབས་དང་གསུམ་ཡིན་ནོ༔ ཞེས་སོ༔
མཚན་ཉིད་ཆོས་སྐུ་ཀ་དག་ལོངས་སྐུ་ལྷུན་གྲུབ་གཉིས་གོང་བག་ཆགས་འཁྲུལ་ཚུལ་འོག་ཏུ་གསལ་བས་འདིར་ལུང་གིས་སྤྲོས་ཏེ༔ ཀུན་གསལ་ལས༔ དང་པོའི་མཚན་ཉིད་བསྟན་པ་ནི༔ རྣམ་དག་ཟང་ཐལ་མི་རྟོག་འགྱུར་བ་མེད༔ འགགས་མེད་ཀུན་གསལ་ཡེ་ཤེས་སྐུ༔ ཕྱོགས་གཅིག་མཚོན་པ་མན་ཤེལ་བཞིན༔ རིན་ཆེན་སྦུབས་ཏེ་ཆོས་སྐུ་ཡིན༔ འགགས་མེད་ཡེ་ཤེས་འོད་ཀྱི་སྐུ༔ སུམ་ཅུ་རྩ་གཉིས་མཚན་འཆང་བ༔ ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན༔ འོད་ཀྱི་སྦུབས་ཏེ་ལོངས་སྐུ་ཡིན༔ ཐ་མའི་མཚན་ཉིད་བསྟན་པ་ནི༔ བག་ཆགས་རྣམ་བཞི་གནས་༡དོན་༢་ལོས་༣གསུམ་མ་རིག་བག་ཆགས་༤ཡོངས་རྫོགས་པ༔ ཕུང་པོ་ཁམས་དང་སྐྱེ་མཆེད་བཅས༔ ཚོགས་བརྒྱད་སེམས་དང་བཅས་པ་ནི༔ བག་ཆགས་སྦུབས་༼ ཏེ་སྤྲུལ་སྐུ་ཡིན་ཞེས་ཀྱང་ཡོད། ༽༔ སུ་ང་ཡིས་བསྟན༔ ཞེས་སོ༔
བཞི་པ་༼ ལྔ་པ་དཔྱད། ༽མཐུན་དཔེ་ནི༔ གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི༔ དཔེར་ན་མན་ཤེལ་ལ་དྲི་མ་གཤིས་སུ་མ་ཞུགས་པ་དང་༡༔ ཕྱི་ནང་སྒྲིབ་མེད་དུ་ཟང་ཐལ་བར་གསལ་༢བ་དང་༔ འོད་ལྔ་ཤར་མ་ཤར་གང་གི་དུས་སུ་ཡང་ངོ་བོ་འགྱུར་བ་མེད་པ་དང་༣༔ རྐྱེན་མེད་པས་འོད་ལྔ་ཕྱིར་མ་ཤར་ཀྱང་འཆར་གཞི་ནང་གསལ་འགགས་༤པ་མེད་པ་དང་༔ རྣམ་པར་རྟོག་པ་མེད་པ་༥ལྟར༔ སྤངས་པ་ཕུན་སུམ་ཚོགས་པས་རྣམ་པར་༡དག༔ ངོ་བོ་འགྱུར་བ་མེད་པས་རྡོ་རྗེར་ལྡན་༢༔ སྦུབས་ཀྱིས་མ་བསྒྲིབས་པ་དང༔ མདུན་རྒྱབ་དང་ཕྱི་ནང་མེད་པས་ཟང་ཐལ་༣༔ རླུང་ལྔ་ཕྱིར་མ་འཕགས་པས་རྐྱེན་མེད་པའི་ནང་གསལ་ཡེ་ཤེས་ཀྱི་སྣང་བ་གསུམ་དང་འདུ་འབྲལ་མེད་པར་ནང་གསལ་བ༤༔ སེམས་དང་ཡིད་དང་རྣམ་ཤེས་ལས་འདས་པས་རྣམ་རྟོག་མེད་པ་༥ལྔའི་ཆོས་མཚུངས་མན་ཤེལ་གྱིས་མཚོན་པའོ༔ འཇམ་དཔལ་འདུས་པ་ལས༔ ཕྱི་ནང་མེད་པའི་མན་ཤེལ་འདྲ༔ ཞེས་སོ༔ ཆོས་ཉིད་ནམ་མཁའ་ལྟ་བུའི་རང་མདངས་ལས་ཕྱིར་གསལ་དུ་ཤར་བ་དང་༔ འོད་ལྔ་མ་འདྲེས་པ་ལྷུན་གྱིས་གྲུབ་པའི་བཀྲ་བ་དང་གཉིས་ཀྱིས་འོད་ཀྱི་སྦུབས་འཇའ་ཚོན་དང་ཆུ་ཟླས་མཚོན༔ མེད་བཞིན་རྒྱུ་རྐྱེན་ལས་སྐྱེས་པ་དང་༔ བདག་ལས་གཞན་དུ་སྣང་བ་དང་༔ སྣ་ཚོགས་འགྱུར་བའི་འདུས་བྱས་ལས༔ བག་ཆགས་ཀྱི་སྦུབས་གཟུགས་བརྙན་གྱིས་མཚོན་ཏེ༔ དོན་གསལ་ལས༔ ཆུ་ཟླ་མེ་ལོང་གཟུགས་བརྙན་དང༔ འཇའ་ཚོན་ལྟ་བུའི་དཔེ་ཡིས་བསྟན༔ ཞེས་སོ༔ དེ་ལྟ་བུའི་སྦུབས་གསུམ་ལས་ཐ་སྙད་གཞན་སྣང་བ་གསུམ་མམ་བཞི་ཡང་༔ ཀུན་གསལ་ལས༔ འགྲོ་དྲུག་སོ་སོའི་ཞེན་པའི་སྣང་བ་དྲུག༔ རྒྱུ་འབྲས་བློ་ཡི་སྣང་བ་ས་བཅུ་བཅུ༔ རྟོགས་ལྡན་དོན་གྱི་སྣང་བ་རྫོགས་པ་ཆེན་པོ་ས་ལམ་གཅིག་རྫོགས་ཡིན་པས་གཅིག༔ དབྱེར་མེད་ཀུན་ཏུ་བཟང་པོའི་སྣང་བ་གཞི་འབྲས་དབྱེར་མེད་མངོན་དུུ་གྱུར་པའོ༔ བསྡུས་པའི་གཞི་སེམས་ཅན་ལམ་གདུལ་བྱ་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་རྣམ་པ་གསུམ༔ མ་དག་འཁྲུལ་པའི་སྣང་བ་དང༔ དག་པ་འཇིག་རྟེན་སྣང་བ་དང་༔ ཡང་དག་ཡེ་ཤེས་སྣང་བའོ༔ ཞེས་སོ༔
གཉིས་པ་གནས་ལུགས་དེ་ལས་གཟུགས་སྐུའི་སྐུ་གསུམ་སྙིང་པོ་རང་བཞིན་གྱི་རྒྱུད་ཀྱི་ཕྱོགས་གཅིག་འབྱུང་བའི་གཞི་བྱེད་པ་འབྱུང་ཆེན་ངོ་བོའི་སྐུ༔ ལམ་ལྷུན་གྲུབ་རིན་པོ་ཆེའི་འོད་ཀྱི་སྦུབས་འཆར་ལུགས་བཤད་པ་ལ༔
གཞི་སྣང་འཆར་ཚུལ།
གཞི་སྣང་འཆར་ཚུལ༔ སོ་སོའི་འཆར་གཞི༔ སྐྱོན་ཡོན་དུ་འཛིན་ཚུལ༔ གཞི་རང་མལ་དུ་ཐིམ་ཚུལ་བཞི་ལས༔
དང་པོ་ལ༔ སྣང་བ་འཆར་ཚུལ་བྱིངས་སྤྱིར་སློང་བ་དང༔ ཆ་ལས་བྱེ་བྲག་ཏུ་སྟོན་པའོ༔
དང་པོ་ནི༔ བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས༔ གཞི་སྣང་བ་ཆེན་པོ་རིག་པ་ཆོས་སྐུའི་སྣང་བ་ནི༔ གནས་ལུགས་ཆེན་པོ་དང་འབྲེལ་བ་སྟེ༔ དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ་སྣང་ལུགས་བཞི་འཆར་བ་འདི་ལྟ་སྟེ༔ རིག་པ་ཆོས་ཉིད་ཀྱི་གནས་ལུགས་ནི༔ མེ་ལོང་གི་དཀྱིལ་ལྟར་གནས་པས་ཀ་དག་ཆེན་པོ་ཞེས་བྱའོ༔ ཞེས་དང་༔ སྣང་ལུགས་བཞི་ལ་སྣང་ཐབས་བཞི་ལྟར་ཤར་རོ༔ ཞེས་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་རིག་པ་མ་གཡོས་པའི་ཆོས་ཉིད་དག་པའི་ཡེ་གདངས་གཏིང་གསལ་ལས༔ སྐུ་གསུང་ཐུགས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པས༔ ངོ་བོའི་སྐུ་གཟུགས་བརྙན་ལྟ་བུ་རྟག་ཆད་རྣམ་པར་དག་པ༔ རང་བཞིན་གསུང་བརྗོད་མེད་རླུང་ལྔ་ཡེ་གསལ༔ ཐུགས་རྗེ་ཐུགས་ཐམས་ཅད་མཁྱེན་པ་རྣམ་པ་ཐམས་ཅད་པར་མཁྱེན་པར་མ་བསྐྱོད་པ༔ ཡོན་ཏན་ཀུན་འབྱུང་གི་རིན་པོ་ཆེའི་སྦུབས༔ ཕྲིན་ལས་ཡེ་རྫོགས་ཆེན་པོར་བཞུགས་པ་ལས་གནས་ཚུལ་དབྱེར་མེད་སྲོག་རླུང་ཡན་ལག་བཞི་ལྡན་ཡེ་ཤེས་ཀྱི་ངོ་བོར་གནས་པ་སྟེ༔ རྩ་བའི་སྲོག་ཆེན་པོ་ནི་རིག་པ་ཤེས་རབ་དུ་གནས་པ༔ རྟོག་དཔྱོད་འཆར་པའི་འཁྲུལ་གཞི༔ རང་རིག་པས་གྲོལ་གཞི་གཉིས་འཆར་རུང་གི་ཆར་བཞུགས་པ་ལ་དངོས་སུ་མ་ཤར་པའི༔ ཡན་ལག་ཏུ་རླུང་བཞི་གདངས་སམ་རྩལ་དུ་ཡོད་པ་སྟེ༔ གྱེན་རྒྱུ་ཤེས་རབ་ཀྱི་རྟ་དང་༔ ཐུར་དུ་སེལ་བ་ཤེས་རབ་ཀྱི་ཟེར་མདངས་འོད་ཀྱི་རྟ་དང་༔ མེ་མཉམ་གྱིས་འོད་དང་ཤེས་རབ་གཉིས་སྨིན་པར་བྱེད་པའི་སྟོབས་ཅན་དང་༔ ཁྱབ་བྱེད་ཀྱིས་དེ་གཉིས་མཐར་ཐུག་པར་རྩལ་རྫོགས་པར་བྱེད་པའི་སྟོབས་ཅན་དང་བཞི་དབྱིངས་སུ་མ་འཕྲོས་ལ་འཕྲོ་གཞི་མ་འགགས་པའི་སྙིང་པོར་མི་གསལ་གསལ་བའི་བདག་ཉིད་ཅན་ཏུ་ཡོད་པ་ལས༔ ཕྱིར་གསལ་དུ་རླུང་བཞིའི་སྟོབས་ཀྱིས་བསྐྱོད་ནས་སོ་སོའི་ལས་བྱེད་པ་དང་༔ ད་ལྟ་ཕྱི་གསལ་དུ་བསྐྱེད་ཟིན་པའི་དབྱིངས་ཀྱི་དུས་ན་སྲོག་རླུང་གི་ཆ་གཅིག་པུ་གསལ་ལ༔ མཐར་ཐུག་འབྱུང་བ་མ་ལ་ཞ་ནས༔ ཡེ་ཤེས་དབྱིངས་སུ་འཁྱིལ་དུས༔ སྲོག་རླུང་དབྱིངས་ཕྱུག་མ་ཡེ་ཤེས་ཆེན་པོ་རང་ས་ཟིན་པས་འཕོ་འགྱུར་མེད་ཅིང་ཡན་ལག་རླུང་བཞི་མཁའ་འགྲོ་བཞི་ཡིན་པས་དམ་ཚིག་ལྷ་མོ་བཞིར་གནས་ཤིང་༔ ཐུགས་རྗེ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་བྲལ་ཉག་གཅིག་ཏུ་བཞུགས་པའོ༔ གཞིའི་གནས་ལུགས་དེ་ལས་གཞི་སྣང་ཇི་ལྟར་འཆར་ན་ནང་གསལ་གྱི་ཐུགས་རྗེ་རིག་ཙམ་ཞིག་གཡོས་པའི་རླུང་གིས་རྟ་བྱས་ཏེ་ཐུགས་རྗེ་རིག་ཙམ་གཡོས་པའི་རྟ་རླུང་གིས་བྱས་ཏེ་ཞེས་པའོ། །གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ནས་རིག་གདངས་ཕྱིར་འཕགས་པ་ལྷུན་གྲུབ་ཀྱི་གདངས་ལས་ནང་གསལ་གྱི་སྐུ་དང་ཡེ་ཤེས་ཐུགས་རྗེ་དུས་གཅིག་ཏུ་ཤར་པ་ལ་རྣམ་པར་མི་རྟོག་པའི་མཁྱེན་པའི་ཡེ་ཤེས་སུ་སྐྱེས་པས་གཞི༔ ངོ་བོ་ལ་མ་འགྱུར་བཞིན་དུ་གཞི་སྣང་ཤར་བས་འགྱུར་འགྱུར་འདྲ་བར་སོང་ནས༔ ལྷུན་གྲུབ་འོད་སྐུའི་སྣང་བ་ཡེ་ཤེས་འོད་ཀྱི་སྦུབས་སྣང་ལུགས་བཞིར་འཆར་བ་སྟེ༔ རང་ཤར་ལས༔ གཞི་རིན་པོ་ཆེའི་སྦུབས་བསྟན་པ་དེའི་འོག་ན་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་ཡོད་དེ༔ དེ་ཡང་འཆར་ལུགས་རྣམ་པ་དྲུག་ཏུ་ཡོད་དོ༔ སྒོ་རྣམ་པ་གཉིས་སུ་ཡོད་དོ༔ སྒོ་རྣམ་པ་དྲུག་ཏུ་ཡོད་དོ་འདིའི་སྒོ་རྣམ་པ་དྲུག་ཀྱང་སྒོ་བརྒྱད་དུ་འདུ་ཡང་དབྱེ་བསྡུའི་ཁྱད་པར་ཙམ་མོ། །དེ་ནི་གཞི་ལྷུན་གྱིས་གྲུབ་པ་ཞེས་བྱའོ༔ གཞི་མ་ངེས་པ་ཞེས་བྱའོ༔ གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ༔ དེ་མན་ཆད་ན་འདིའི་དུས་སུ་རིག་མ་རིག་གི་ཁྱད་པར་གྱིས་གྲོལ་འཁྲུལ་གང་རུང་དུ་ལྡོག་པའི་ས་ཡོད་དོ༔ དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ༔ དེའི་འོག་ནས་ལོངས་སྐུའི་སྣང་བ་ཡོད་དོ༔ དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ༔ ཞེས་སོ༔ བཀྲ་ཤིས་མཛེས་ལྡན་ལས༔ ལོངས་སྐུ་དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་༔ འགྲོ་བ་འདུལ་པའི་སྤྲུལ་བ་སྐུའི་སྣང་བ་དང་༔ མ་དག་སྤྲུལ་སྐུའི་སྣང་ལུགས་ཆགས་སོ༔ ཞེས་སོ༔ སྣང་ལུགས་བཞི་སྣང་ཐབས་བཞིའི་སྒོ་ནས་སྣང་བའོ༔
གཉིས་པ་ཆ་ལས་བྱེ་བྲག་ཏུ་བསྟན་པ་ལ༔ ཐོག་མ་འཁྲུལ་དུས་མཐའ་མ་གྲོལ་དུས་བར་མ་བར་དོར་སོགས་གྱི་ལྷུན་གྲུབ་སྒོ་བརྒྱད་འཆར་ཚུལ་ལ་གསུམ་ལས་དང་པོ་ནི༔
ཞག་དང་པོ་འདིར་ཞག་ནི་རྟོག་པ་སྔ་ཕྱིའི་གོ་རིམ་གྱི་བར་མཚམས་ཙམ་ལ་བཞག་ཅིང་། དེ་ལ་བཞི་ཆ་གསུམ་བྲལ་ལམ། རང་བཞིན་གྱི་བསམ་གཏན་ཞེས་ཀྱང་བྱའོ། །ལ་ལྷུན་གྲུབ་ཀྱི་སྣང་ལུགས་བསྟན༔ གཉིས་པ་ལ་དེའི་བྱེ་བྲག་གི་ལྷུན་གྲུབ་ཀྱི་སྣང་བའི་རྩལ་ལས་གཞི་སྣང་ཆེན་པོའི་སྣང་བ༔ གསུམ་པ་ལ་ཡེ་ཤེས་སྒོ་མ་འགགས་པའི་རྒྱན་ལོངས་སྐུའི་སྣང་ལུགས༔ བཞི་པ་ལ་ཡོན་ཏན་གྱི་སྒོ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུ་དང་༔ དེའི་ཐུགས་རྗེ་མ་འགགས་པའི་རྩལ་ལས་འགྲོ་འདུལ་དང་༔ མ་དག་པའི་སྤྲུལ་སྐུའི་སྣང་ལུགས་བསྟན་པ་བཞི་ལ་སྣང་ཐབས་བཞིའི་ཚུལ་གྱིས་སྣང་ཚུལ་བསྟན་པ་དང་བཞི་ལས༔
དང་པོ་ལ་འཆར་ལུགས་རྣམ་པ་དྲུག་དང༔ སྒོ་གཉིས་ཀྱིས་བསྡུས་པའི་བྱུང་ཚུལ་དགུ་དང་༔ ཡོད་ཚུལ་དགུ་ནང་ཚན་ཆོས་རྣམ་པ་ཉི་ཤུ་རྩ་དྲུག་ལས༔ དང་པོ་ལྷུན་གྲུབ་ཀྱི་སྒོ་བརྒྱད་ནི༔ དེ་ཡང་ལྷུན་གྲུབ་ཀྱི་སྣང་བ་བརྒྱད་རང་སྣང་དུ་ཤར་བའི་ཐོག་མར་ཐུགས་རྗེ་ཀུན་ཁྱབ་ལྟར་ཤར་བས་ཕྱོགས་རིས་མེད་པར་བརྩེ་བའི་སྙིང་རྗེ་ཆེན་པོ་གོ་མ་དམིགས་བཅས་ཀྱི་སྙིང་རྗེ་ལྟ་བུ་མ་ཡིན་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རང་ཆས་སུ་ལྡན་པ་ལ་གོ་དགོས་འགགས་པ་འབྱུང་༔ འོད་དམིགས་སུ་མེད་པ་ཆོས་སྐུའི་འོད་མ་འགགས་གསལ་བ་ལོངས་སྐུའི་འོད་ལྟར་རང་བཞིན་གསལ་བ་འཆར་བས་ཡེ་ཤེས་ལྔའི་རང་འོད་འཇའ་ཚོན་ལྟ་བུའི་སྣང་བ་མ་འགགས་པས་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་༔ སྐུ་ལྟར་འཆར་བས་སྐུ་དབྱིངས་ཡིན་པས་ངོ་བོ་སྟོང་པ་ངོ་བོ་མ་འགགས་པ་ཞི་ཁྲོ་རིགས་ལྔའི་སྐུའི་ཚོམ་བུར་སྣང་བས་ནམ་མཁའི་དབྱིངས་ཁེངས༔ ཡེ་ཤེས་ལྟར་རང་བཞིན་གསལ་འཆར་བས་མི་རྟོག་པའི་ཏིང་འཛིན་དང་ཞིང་ཁམས་ཀྱི་ལོངས་སྤྱོད་མ་འགགས་པར་རང་སྣང་༔ གཉིས་མེད་ལྟར་འཆར་བས་གཅིག་དང་དུ་མ་སོགས་གང་དུའང་མི་དཔྱོད་ཅིང་རྣམ་པར་མི་རྟོག་པས་ལྟ་བ་རྟོགས་པས་མཐའ་གང་དུ་ཡང་མ་བཟུང་བའོ། །མ་ངེས༔ གཞི་ཉིད་ཡོད་མེད་སོགས་མཐའ་གྲོལ་ལྟར་འཆར་བས་ཆོས་ཉིད་ཟང་ཐལ་ལྷུན་གྲུབ་རང་ངོ་ན་གསལ་ཞིང་དར་ཅིག་གནས་པའི་ཐབས་མ་འགགས་པའོ༔
གཉིས་པ་སྒོ་གཉིས་ནི༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཀ་དག་གི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་གོང་དུ་འཆར་བ་དེ་རང་སྣང་རང་ངོ་ཤེས་པས་ཀུན་ཏུ་བཟང་པོའི་གྲོལ་གཞིར་རང་ཤར༔ མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་འོག་ན་རིགས་དྲུག་གི་སྣང་ཆ་འཆར་བ་ལ་བདག་ཏུ་ཞེན་པས་སེམས་ཅན་གྱི་འཁྲུལ་གཞི་རང་འབྱུང་བ་ལ་ཐུགས་རྗེ་མ་འགགས་པའི་འབྲེལ་གྲུབ་པས་འདོད་ཡོན་གྱི་ནོར་བུ་ལྟ་བུར་སྤྲུལ་པ་རྣམ་པ་བཞིས་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི་ཚུལ་བཀྲ་ཤིས་མཛེས་ལྡན་དང་རིན་པོ་ཆེ་སྤུངས་པ་ལས་གསུངས་ཤིང་༔ འདིར་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས༔ གཞི་ཡི་ངོ་བོ་རང་རྩལ་ཤར༔ ཕྱི་རྒྱ་དུམ་གཅིག་རལ་བ་ལས༔ ལྷུན་གྲུབ་ཅེས་བྱའི་གཞི་མ་ཆགས༔ ཐུགས་རྗེ་རང་རྩལ་རྫོགས་པ་ན༔ སྣང་བ་ཆེན་པོ་ཞིག་ཏུ་གནས༔ དེ་ལྟར་ཤར་ལུགས་ཆེན་པོ་བརྒྱད༔ ཐུགས་རྗེ་ལྟར་ཤར་གོ་མ་འགགས༔ འོད་ལྟར་ཤར་བས་སྣང་མ་འགགས༔ ཡེ་ཤེས་ལྟར་དུ་ཤར་བས་ན༔ ལོངས་སྤྱོད་རྫོགས་པའི་ཡུལ་མ་འགགས༔ སྐུ་ལྟར་ཤར་བས་དངོས་མ་འགགས༔ གཅིག་ཏུ་མ་ཡིན་གཉིས་མཐའ་ཟད༔ གཉིས་སུ་མ་ཡིན་གཅིག་མཐའ་ཟད༔ གཉིས་མེད་ལྟར་ཤར་ངེས་པ་མེད༔ མཐའ་གྲོལ་ལྟར་ཤར་ཐབས་མ་འགགས༔ དག་པ་ལྟར་དུ་ཤར་བས་ན༔ ཡེ་ཤེས་འཇུག་པའི་སྒོ་མ་འགགས༔ མ་དག་པ་ལྟར་ཤར་བ་ཡིས༔ ཐུགས་རྗེ་འདོད་ཡོན་སྒོ་མ་འགགས༔ དེ་ལྟ་བུ་ཡི་སྣང་བ་སྣ་ཚོགས་པ༔ སྐུ་ཡི་འོད་ཟེར་ལ་ཆགས་ཏེ༔ ནང་གི་གཞོན་ནུ་བུམ་པའི་སྐུ༔ ཤེས་བྱ་ཕྱི་རྒྱ་རལ་བའོ༔ ཞེས་སོ༔
གསུམ་པ་དེས་བསྡུས་པའི་བྱུང་ཚུལ་དགུ་ནི༔ དེ་ལྟ་བུའི་ལྷུན་གྲུབ་ཀྱི་སྣང་བ་ནང་འོད་ངོ་བོའི་སྟོང་པའི་དབྱིངས་ཀྱི་ཡུལ་ལ་ཤར་བས་ཕྱིའི་སྣང་བའི་ཡུལ་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད༔ འོད་གསལ་གྱི་ཞིང་སྣང་སྐུ་དང་ཡེ་ཤེས་ཀྱི་ཐིག་ལེའི་འོད་ཟེར་དུ་འཕྲོ་བའི་རང་བཞིན་ལས་དབྱེ་ན༔ བྱ་རྩོལ་མེད་པར་རང་བྱུང་གི་ཡེ་ཤེས་བྱུང་༔ རྒྱུ་རྐྱེན་མེད་པའི་ཡེ་ཡོད་ཀྱི་རྒྱན་འོད་བྱུང་༔ རིག་པ་གཞི་ནས་དག་པའི་རང་ཆས་ལྷུན་གྲུབ་ཀྱི་ཡེ་རིག་བྱུང་༔ སེམས་ཅན་གྱི་དོན་ལ་སྣང་ནུས་པའི་ཐུགས་རྗེ་བྱུང༔ རང་བཞིན་གྱི་ངོས་ནས་ཡོད་པར་སྐུ་དང་ཡེ་ཤེས་སྣང་བ་བྱུང་༔ ལྷུན་གྱིས་གྲུབ་པའི་ངོ་བོ་མ་ཤེས་པས་མ་རིག་པ་བྱུང༔ ཐུག་པ་མེད་པའི་དགེ་མི་དགེ་མི་གཡོ་བའི་ལས་འབྱུང་རུང་གི་ས་བོན་ཙམ་བྱུང༔ འཁྲུལ་པ་ཡེ་ཤེས་སུ་སད་པས་སངས་རྒྱས་འབྱུང་རུང་ཙམ་བྱུང་༔ མ་རིག་པའི་སེམས་དང་ཡིད་བྱུང་བས་སེམས་ཅན་བྱུང་བ་སྟེ༔ བཀྲ་ཤིས་མཛེས་ལྡན་ལས༔ དེ་ལས་ལྷུན་གྲུབ་ཀྱི་རིན་པོ་ཆེའི་སྣང་ལུགས་བྱུང་སྟེ༔ དེ་ནི་སངས་རྒྱས་པའི་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ༔ དེ་ལས་ནི་སངས་རྒྱས་བྱུང་ངོ༔ སེམས་ཅན་བྱུང་ངོ༔ ཡེ་ཤེས་བྱུང་ངོ༔ འོད་བྱུང་ངོ༔ རིག་པ་བྱུང་ངོ༔ མ་རིག་བྱུང་ངོ་༔ ལས་ཐམས་ཅད་བྱུང་ངོ༔ ཐུགས་རྗེ་བྱུང་ངོ༔ ཡོད་པ་ལྟར་སྣང་བ་བྱུང་ངོ༔ ཞེས་སོ༔
བཞི་པ་ཡོད་ཚུལ་དགུ་ལས༔ སྐུར་བཞུགས་པའི་ཀ་དག་གི་ངོ་བོ་ཡོད་དོ༔ མ་འགགས་པར་གསལ་བའི་རང་བཞིན་ཡོད་དོ༔ མཛད་པ་ལྟར་སྣང་བའི་ཐུགས་རྗེ་ཡོད་དོ༔ སྣ་ཚོགས་སུ་འཆར་བའི་རྩལ་ཡོད་དོ༔ ཁ་དོག་མ་འདྲེས་པར་གསལ་བའི་འོད་ཀྱི་སྣང་བ་ཡོད་དོ༔ བག་ཆགས་སྣ་ཚོགས་སྡུད་པའི་འཁོར་བའི་སྣང་བ་གདོད་འབྱུང་རུང་བའི་སེམས་ཡོད་དོ༔ སྡུད་པར་བྱེད་པའི་རྟགས་ཡིད་ཡོད་དོ༔ འཁོར་བ་མེད་བཞིན་སྣང་བའི་འཁྲུལ་བ་ཡོད་དོ༔ རིག་པའི་ངོ་བོ་གཟོད་ནས་མ་འཁྲུལ་པའང་ཡོད་དོ༔ དེ་སྐད་དུའང་མཛེས་ལྡན་ལས༔ དེ་ལ་ནི་ངོ་བོ་ཡོད་དོ༔ རང་བཞིན་ལྟར་སྣང་བ་ཡོད་དོ༔ ཐུགས་རྗེས་ལྟར་སྣང་བ་ཡོད་དོ༔ རྩལ་ཡོད་དོ༔ སྣང་བ་ཡོད་དོ༔ སེམས་ཡོད་དོ༔ ཡིད་ཡོད་དོ༔ འཁྲུལ་བ་ཡོད་དོ༔ མ་འཁྲུལ་བ་ཡོད་དེ༔ ཐམས་ཅད་འབྱུང་བ་ཆེན་པོའོ༔ དེ་ནི་སངས་རྒྱས་དང་སེམས་ཅན་གྱི་དབྱིངས་ཆེན་པོ་ཞེས་བྱའོ༔ ཞེས་སོ༔ དེ་ལྟ་བུའི་ཆོས་ཉེར་དྲུག་གིས་ཁྱད་པར་དུ་བྱས་པས་ལྷུན་གྲུབ་ཀྱི་སྣང་ལུགས་ཞེས་བྱའོ༔
ཞག་གཉིས་པ་ལ་དེའི་སྣང་བའི་བྱེ་བྲག་གཞི་སྣང་ཆེན་པོའི་སྣང་ལུགས་ནི༔ དེ་ཉིད་རང་སྣང་དུ་ངོ་མ་ཤེས་པའི་འོག་ཏུ་སྔ་མ་ནུབ་ལ་ཡེ་ཤེས་བཞི་སྦྱོར་ལས་ཁྱད་པར་དུ་ཁ་དོག་ལྔ་དང་ལྡན་པའི་སྣམ་བུ་བརྩེགས་པ་ལ་ལྔ་ལྡན་འོད་ཀྱི་ཐིག་ལེ་དགུ་དགུ་དེར་ཡང་ཕྲ་ཚོམ་གྱི་ཚུལ་ཐིག་ཕྲན་གྲངས་མེད་དུ་བཀྲག་ལ་འཚེར་བས་བཀྲ་ཞིང་འཆར་བ་ནི་ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པར་ཚད་བཟུང་ལས་འདས་ཤིང་༔ དེ་ངོ་ཤེས་པས་གདོད་མར་གྲོལ་པའི་ལམ་མ་འགགས་པའོ༔ དེ་སྐད་དུ༔ གཞི་སྣང་ཆེན་པོའི་སྣང་བ་འབྱུང་སྟེ་ཡེ་ཤེས་ཀྱི་སྣམ་བུ་ཚད་མེད་པས་ཁྱབ་པར་སྣང་ངོ་༔ ཞེས་དང་༔ ཀློང་གསལ་ལས༔ ལྷུན་གྲུབ་ཆེན་པོར་གནས་པའོ༔ ཞེས་དང་༔ རང་ཤར་ལས༔ དེའི་འོག་ན་གཞི་སྣང་ཆེན་པོའི་སྣང་བ་ཡོད་དོ༔ ཞེས་གང་གསུངས་པ་དེའོ༔
གསུམ་པ་དེའི་ཡེ་ཤེས་གོ་མ་འགགས་པའི་རྒྱན་ལོངས་སྐུའི་སྣང་ལུགས་ནི༔ ཞག་གསུམ་པ་ལ་དེ་ལས་ལོང་སྐུའི་སྣང་བ་ཞེས་བྱ་སྟེ་ལམ་མངོན་པར་སྣང་བའི་གཞི་འོད་གསལ་དག་པའི་འབྱུང་ལྔ་ཡེ་ཤར་ཆེན་པོར་གསལ་པ་ནི༔ ཡེ་ཤེས་ཀྱི་དྲོད་མེའི་ཆ་གསལ་བ་དང་༔ ཐུགས་རྗེ་སྡུད་ཅིང་གདུང་བ་སེལ་བའི་ཆུ་བསིལ་བ་དང་༔ དབྱིངས་ལས་མི་འགྱུར་བར་བརྟན་པའི་ས་སྲ་བ་དང་༔ རང་རྩལ་རྣམ་ལྔའི་རླུང་གཡོ་བའི་བདག་ཉིད་འཛིན་པ་ལས་སྐུ་ལྔ་ལ་སོགས་པའི་ལྔ་ཚན་སོ་ལྔའི་དངོས་ཀྱི་སྣང་བ་རང་ཤར་བའི་ལོངས་སྤྱོད་ཆེན་པོ་ལྡན་པ་མཚན་དཔེ་རྫོགས་པའི་སྐུ་ཞི་བ་བཞི་བཅུ་རྩ་གཉིས་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་དང་༔ དཔའ་བོ་རྣལ་འབྱོར་མའི་དཀྱིལ་འཁོར་གྲངས་མེད་པའི་སྣང་བ་འབྲེལ་མར་འབྱུང་བའོ༔ དེ་ཡང་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས༔ དེ་ལས་ལོངས་སྐུའི་སྣང་ལུགས་འབྱུང་སྟེ༔ དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ༔ དེ་ཡང་གསལ་བ་དང་༔ དྲོ་བ༔ བསིལ་བ༔ ཡང་བ༔ གཡོ་བའི་བདག་ཉིད་འཛིན་པ༔ སྐུ་ལྔ་དང་ལྡན་པ༔ ཡེ་ཤེས་ལྔ་དང་ལྡན་པ༔ རིགས་ལྔ་དང་ལྡན་པ༔ ཁ་དོག་ལྔ་དང་ལྡན་པ༔ འོད་ལྔ་དང་༔ ཡབ་ལྔ་དང༔ ཡུམ་ལྔ་དང་༔ གཟུགས་ལྔ་དང་༔ སྒྲ་ལྔ་དང་༔ དྲི་ལྔ་དང་༔ རོ་ལྔ་དང་༔ རེག་བྱ་ལྔ་དང༔ ཆོས་ལྔ་དང་༔ སྣང་བ་ལྔ་དང་༔ གཙོ་བོ་ལྔ་དང་༔ འཁོར་ལྔ་དང་ལྡན་པའོ༔ དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ༔ དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ༔ ཡངས་པའི་སྤངས་བའི་ཆོས་དྲུག་ནི་མ་རིག་པའི་ཆོས་གསུམ་སྤངས་བའི་ཆ་དང་རིག་གསུམ་མངོན་སུམ་བགྱིས་པའི་ཆ་ནས་དྲུག་ཏུ་སྤངས་བའི་ལྡོག་པ་ནས་བཏགས་པའོ། །དེས་ན་ཡངས་བའི་ཆོས་ཞེས་ནོར་རམ་སྙམ་གསུང་། ཆོས་དྲུག་དང་ལྡན་པའོ༔ དེ་ནི་ལོངས་སྐུའི་སྣང་ལུགས་དེ་དང་དེ་ལས་བྱུང་བའི་འབྲེལ་བའོ༔ ཞེས་སོ༔
ཞག་བཞི་པ་ལ་ཀ་དག་ཆེན་པོ་དེའི་ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་སྣང་ལུགས་ནི༔ ངོ་བོ་ལྷུན་གྱིས་གྲུབ་པའི་རྩལ་ལས་རང་ཤར་བ་སྟེ༔ དེ་ཡང་ཟད་མི་ཤེས་པ་དྲུག་གིས་དབུ་འདྲེན་པས་ཆོས་བཅུ་ལ་སོགས་པ་དང་ལྡན་པ་ཉིད་དུ་རང་ཤར་གྱི་གླེང་གཞི་དང་༔ ཀློང་གསལ་གྱི་ཕྱི་སྣོད་དུ་འཁྲུལ་བའི་ཡུལ་ལྔ་ལ་མ་འཁྲུལ་བའི་ཞིང་ཁམས་གནས་པའི་ཚུལ་ལས་གསལ་བ་དག་འོད་ཕྱེད་ལོངས་སྐུའི་འོད་ཀྱི་རྗེས་སུ་ཤར་བས་ཕྱི་མ་མ་དག་པའི་སྣང་བ་ལ་ཤར་བས་ནང་ལྟར་ཤར་བའོ༔ དེ་ཡང་མཛེས་ལྡན་ལས་ཀྱང༔ དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི་ངོ་བོ་ལྷུན་གྲུབ་ལས་ཤར་བའོ༔ རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི༔ ལོངས་སྤྱོད་མི་ཟད་པ༔ འཁོར་མི་ཟད་པ༔ ཡོན་ཏན་ཟད་མི་ཤེས་པ༔ སྟོབས་ཟད་མི་ཤེས་པ༔ རྩལ་ཟད་མི་ཤེས་པ༔ ཆོ་འཕྲུལ་ཟད་མི་ཤེས་པ༔ ཚེའི་ཚད་གྲངས་མེད་པ༔ ནད་ཀྱི་སྡུག་བསྔལ་དང་བྲལ་བ༔ གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ༔ ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པའོ༔ དེ་ནི་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ཞེས་བྱའོ༔ ཞེས་པ་ལྟར་རོ༔
རྩ་བའི་སྣང་ལུགས་དེའི་ཁོང་ནས་ཐུགས་རྗེ་གོ་མ་འགགས་པའི་རྩལ་ལས་མ་དག་པ་དང་འགྲོ་བ་འདུལ་བའི་སྤྲུལ་སྐུས་སྣང་ཚུལ་ནི༔ དེའི་འོག་ཏུ་མ་དག་པའི་འགྲོ་བ་རིགས་དྲུག་གི་སྣང་ལུགས་ཕྱི་ནང་སྣོད་བཅུད་གནས་རིགས་ཐ་དད་པར་སྣང་བ་སྟེ༔ དེ་ཉིད་ལས༔ དེ་ལས་མ་དག་པའི་འཇིག་རྟེན་གྱི་ཁམས་ཆགས་སོ༔ དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ༔ ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས༔ ས་དང་༔ ཆུ་དང་༔ མེ་དང་༔ རླུང་དང་༔ འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ༔ དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལངས་བ་དང་༔ འདོད་ཆགས་དང་༔ ཞེ་སྡང་དང་༔ གཏི་མུག་དང་༔ ང་རྒྱལ་དང་༔ ཕྲག་དོག་དང་༔ ཁོང་ཁྲོ་དང་དྲུག་གོ༔ དེ་ལས་འགྲོ་བ་རིགས་དྲུག་བྱུང་ངོ༔ ཕྲག་དོག་ལས་མི་རུ་བྱུང་ངོ༔ ཁོང་ཁྲོ་ལས་ལྷ་རུ་ཆགས་སོ༔ ང་རྒྱལ་ལས་ལྷ་མ་ཡིན་དུ་ཆགས་སོ༔ འདོད་ཆགས་ལས་ཡི་དྭགས་སུ་ཆགས་སོ༔ གཏི་མུག་ལས་བྱོལ་སོང་དུ་ཆགས་སོ༔ ཞེ་སྡང་ལས་དམྱལ་བར་ཆགས་སོ༔ དེ་བཞིན་དུ་རིགས་དྲུག་གི་སྣང་བ་ཆགས་སོ༔ དེ་ནི་འཁོར་བའི་གནས་སོ༔ ཞེས་སོ༔ དེ་ལྟར་མ་དག་པའི་འཇིག་རྟེན་སྣང་ན་དེ་དང་འབྲེལ་བའི་ཐུགས་རྗེ་ཆེན་པོ་ལས་འགྲོ་བ་འདུལ་བའི་ཐུབ་དྲུག་ལ་སོགས་པ་འཆར་བའི་གཞི་མ་འགགས་པའི་རང་རྩལ་རྣམ་པར་དག་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རང་བཞིན་གྱིས་འགྲོ་ལ་ཕན་པར་མཛད་པ་དང་༔ སུམ་སྤྲུལ་སྐྱེ་བ་སྣ་ཚོགས་སྟོན་པ་མ་དག་པའི་སྤྲུལ་སྐུས་སྐྱེ་རྒ་ན་འཆིས་འདུལ་པའི་ཞིང་སྣང་ཡང་ཡོད་དོ༔ དེ་ཡང་དེ་ཉིད་ལས༔ དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་བྱུང་ངོ༔ དེ་ཡང་སྣ་ཚོགས་སུ་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པའོ༔ ཞེས་སོགས་གསུངས་པ་ལྟར་རོ༔ དེ་ཡང་རང་བཞིན་སྤྲུལ་སྐུའི་གདངས་ལས་འགྲོ་འདུལ་གྱི་སྤྲུལ་སྐུ་དང་༔ ཐུགས་རྗེ་མ་འགགས་པ་ལས་མ་དག་པའི་ཞིང་དང་སྤྲུལ་སྐུ་འབྱུང་བར་བཤད་ཀྱང་རྒྱུད་འདི་མཛེས་ལྡན་ལས་གོང་གི་ས་ཁོང་འཛིན་དུས་དང་། ཀློང་གསལ་གྱི་ལས་འགྲོ་འདུལ་གྱི་གསལ་ཀ་འབྲེལ་བར་མ་བྱུང་བས་ཕྱིར་མཛེས་ལྡན་གྱིས་འོག་ནས་ཞར་ལ་བྱུང་ཕྱིར་མ་བཞག་པར་གོ་རིམ་བསྣོལ་ནས་སོ་སོར་བཞག་པར་སོང་ངོ་༔ གནས་ལུགས་ཀ་དག་གཅིག་ལ་སྣང་ལུགས་བཞི་པོ་དེར་བྱུང་ངོ་༔ སྣང་བའི་གནས་ལུགས་བཞི་པོ་དེ་ལའང་སྣང་ཐབས་སམ་ཚུལ་བཞི་པོ་འདི་ལྟར་ཤར་རོ༔ དེ་ཡང་བཀྲ་ཤེས་མཛེས་ལྡན་ལས༔ སྣང་ཐབས་ཆེན་པོ་བཞི་ནི༔ ལྷུན་གྲུབ་ལས་སྣ་ཚོགས་སུ་སྣང་བའོ༔ ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ༔ སྤྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ༔ སེམས་ཅན་ལ་སྣང་བ་ཐ་དད་པའོ༔ ཡང་སེམས་ཅན་ལ་སྣང་བ་སྣང་ཐབས་ཀྱིས་བསྒྲིབས་པའོ༔ ཞེས་པ་ལྟར་རོ༔ དེ་ཡང་ལྷུན་གྲུབ་སྒོ་བརྒྱད་ནི་སྣང་བ་དེ་ཐམས་ཅད་ཀྱི་འབྱུང་བའི་གནས་སོ༔ ཚུལ་དེ་དག་ཀྱང་ཀློང་གསལ་ལས༔ རང་བཞིན་ལྷུན་གྲུབ་ཆེན་པོར་གནས༔ དེ་རྩལ་ལོངས་སྤྱོད་རྫོགས་སྣང་འཆར༔ དེ་རྩལ་ཡོན་ཏན་མ་འགགས་པས༔ རང་བཞིན་སྤྲུལ་པའི་སྐུ་རྣམས་སྲིད༔ དེ་ཡི་ཐུགས་རྗེ་མ་འགགས་པས༔ མ་དག་སྤྲུལ་པའི་སྣང་ལུགས་བྱུང་༔ དེ་ལས་སྣང་བའི་འཁྲུལ་ཚུལ་མང་༔ དག་པ་རྣམས་ལ་ལྷུན་གྲུབ་སྟེ༔ མ་དག་རྣམ་ལྔ་ལམ་རྒྱུད་ལྔ་རིགས་དྲུག་ཤར༔ དེ་ལྟར་ལྷུན་གྲུབ་གཅིག་པོ་ལ༔ སྣང་ལུགས་རྣམ་པ་བཞི་རུ་བྱུང་༔ ཞེས་དང་༔ མཛེས་ལྡན་ལས༔ དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ༔ དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་ལུགས་ཆགས་སོ༔ ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུའི་སྣང་ལུགས་སྲིད་དོ༔ དེའི་ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ༔ དེ་ལས་སྣང་བའི་འཁྲུལ་ཚུལ་དུ་མར་ཆགས་ཏེ༔ འཁོར་བར་གྲུབ་བོ༔ དེ་དག་ནི་ཐོག་མར་སྣང་ཚུལ་ཡིན་ནོ༔ ཞེས་སོ༔
གཉིས་པ་བར་དུ་འཆར་ཚུལ་ལ་སེམས་ཅན་འཁྲུལ་བའི་བརྟགས་སྣང་ལ་འཆར་ཚུལ་དང་༔ གདུལ་བྱ་ལམ་གྱི་མངོན་སྣང་ལ་འཆར་ཚུལ་གཉིས་ལས༔
དང་པོ་ལ་གནས་པ་ཁྱབ་ཚུལ་གྱི་སྐུའམ་ཁྱབ་པ་སྙིང་པོར་བཞུགས་པའི་གནད་ཀྱིས་ཚེ་འདི་ལ་འཆར་ཚུལ་དང་༔ སྣང་བ་ལམ་གྱི་སྐུའི་ངོ་བོར་དུས་བར་མ་དོར་སྣང་བ་གཉིས་ལས༔
དང་པོ་ནི༔ དེ་ལྟ་བུའི་གཞི་སྣང་ལོངས་སྐུའི་སྣང་བ་ལ་སོགས་པ་དེ་དག་དམན་དང་ལོག་པར་སྣང་བ་ནི་དཔེར་ན་ཉི་མ་བློ་བུར་དུ་སྤྲིན་གྱིས་བསྒྲིབས་ཀྱང་མུན་མི་མི་རུབ་པའི་དོན་སྲོས་པས་གསལ་བའི་རྣམ་ཆ་མ་དོར་བ་དང་༔ དུང་དང་ཐག་པ་ལ་སྦྲུལ་དང་སེར་འཛིན་གྱི་ལོག་སྣང་གི་དུས་ནའང་དབྱིབས་ཀྱི་རྣམ་པ་མ་དོར་བར་འདྲ་ཆོས་ཡོད་པ་ལྟར༔ ད་ལྟ་སེམས་ཅན་གྱི་ཚེ་ནའང་སྒོ་བརྒྱད་ཀྱི་ཆོས་དེ་ཉིད་ཀྱི་རང་མཚན་སྣང་ཐབས་ཀྱིས་སྒྲིབ་ནས་སྨད་པའི་ཚུལ་དུ་སྣང་བའོ༔ ཐུགས་རྗེ་ལྟར་ཤར་བ་ཡུལ་སྣ་ཚོགས་པའི་ཡོད་མེད་སྤྱི་དང་རང་མཚན་ལ་ཤེས་ཤིང་རིག་ཆ་རྫོགས་པའི་མཁྱེན་ཆའི༔ རྣམ་པ་མ་དོར་བར་ཡོད་པས་སེམས་འདི་ནི་ཕྲ་རགས་གཟུང་འཛིན་རྟག་ཆད་སྐྱེ་འགགས་སུ་ལོག་པར་སྣང་བའོ༔ འོད་ལྟར་ཤར་བ་འབྱུང་བ་བཞི་དང་དེ་ལས་གྲུབ་པའི་གཟུགས་སྣ་ཚོགས་པ་ཐམས་ཅད་ཁ་དོག་ལྔའི་རང་བཞིན་དུ་ཡོད་པ་ལ་བེམ་པོ་རང་མཚན་པར་དམན་ལོག་ལྟར་སྣང་བའོ༔ ཡེ་ཤེས་ལྟར་ཤར་བས་དམན་ལོག་གི་སྣང་བ་ཚོགས་བརྒྱད་དང་ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ་དངོས་ཀྱི་རྣམ་ཆའི་ཡེ་ཤེས་ལྔ་ལས་ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀྱི་གཞིར་གྱུར་བ་དང་འཆར་བའི་དབྱིངས་རྣམ་པར་མི་རྟོག་པ་ཡིན་པ་དང་༔ ཉོན་མོངས་ལྔ་ལས་གཏི་མུག་དང་ཚོགས་བརྒྱད་ལས་ཀུན་གཞི་ཕུང་པོ་ལྔ་ལས་གཟུགས་རྣམ་པར་མི་རྟོག་པ་ལ་སོགས་པའི་ཆ་ཤས་སོགས་ཡོད་པ་དང་༔ ཡེ་ཤེས་ལྔ་ལས་བྱ་གྲུབ། ཉོན་མོངས་ལྔ་ལས་ཕྲག་དོག །ཚོགས་བརྒྱད་ལས་སྒོ་ལྔ། ཕུང་པོ་ལྔ་ལས་ལས་དང་བག་ཆགས་སྡུག་བསྔལ་འདུ་བྱེད་པའོ༔ འདིའི་བར་དུ་གཞན་རྣམས་རིགས་འགྲེ་ཤེས་པར་བྱའོ། །སྐུ་ལྟར་ཤར་བ་དམན་ལོག་གིས་རང་གཞན་གྱི་ལུས་སུ་སྣང་བས་སྡུག་བསྔལ་འདོར་ལེན་བྱེད་པ་དང༔ གཉིས་མེད་ལྟར་གྱི་དམན་ལོག་གི་སྣང་བས་དུང་དང་དཀར་ཟླུམ་སོགས་ཐ་མི་དད་ཀྱི་རྟོག་སྣང་དང་༔ སྒོ་གསུམ་འབྲེལ་བ་དང་༔ རྒྱུན་དང་སྐད་ཅིག་གི་འབྲེལ་སྣང་དང་བདག་གཞན་ཡུལ་སེམས་གཉིས་སུ་འཛིན་པའི་ལོག་སྣང་སྣ་ཚོགས་པའོ༔ མཐའ་གྲོལ་གྱི་དམན་ལོག་ཏུ་སྣང་བ་རི་རྭ་སོགས་ཡོད་མཐའ་ལས་གྲོལ་བས་མེད་པ༔ ཕུང་ཁམས་སོགས་མེད་མཐའ་ལས་གྲོལ་བས་ཡོད་མཐའི་རྟོག་ཚོགས་ཀྱི་སྐྱོན་དུ་མར་འཁྲུལ་པ་ཡོད་པ་ལྟར་སྣང་བས་མེད་མཐའ། མེད་པས་ཡོད་མཐའ་སེལ་ཏེ། དེ་གཉིས་འགལ་འདུས་སུ་སྣང་བའི་ཕྱིར་རོ། །དང་༔ དཔྱད་ན་མཐའ་བཞི་སྤྲོས་བྲལ་དུ་གནས་པའོ༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་སངས་རྒྱས་ཞིང་སོགས་དང་མཐོ་རིས་ཀྱི་བདེ་ཞིང་སྐྱིད་པའི་འབྲས་བུ་ཡོད་པར་ཕྱི་ནང་གི་གྲུབ་མཐའ་དང་མི་དང་དུད་འགྲོའི་མངོན་སུམ་གྱི་བདེ་སྡུག་གིས་མཚོན་ཏེ་ཀུན་ནས་རྟོག་པ་དང་༔ མ་དག་པ་ལྟར་ཤར་བས་ད་ལྟ་དང་སྲིད་པའི་བར་དོར་འཁྲུལ་བའོ༔ ཡང་ལོངས་སྤྱོད་རྫོགས་སྐུའི་སྣང་བ་དམན་ལོག་གི་ཞིང་ཁམས་ལས་ཕྱི་སྣོད༔ ཟུང་འཇུག་གི་ཚུལ་ཕོ་མོ་སྡེབས༔ ཚོམ་བུའི་ཚུལ་དུ་གཟའ་ཚོ་ཚོགས༔ ཐོག་མར་སྐྱེ་བ་མ་དག་སྤྲུལ་སྐུ་མངོན་བྱང་ལྔ་ལས་རང་བཞེངས༔ ཡོངས་སུ་འཛིན་པ་བཤེས་གཉེན་སོགས་སྣང་བ་འགྲོ་འདུལ་སྤྲུལ་སྐུ༔ གྲུ་དང་ཟམ་པ་སོགས་དང་སྐྱེ་རྒ་ན་འཆིས་འདུལ་བའི་མ་དག་བེམ་པོ་དང་སྐྱེ་བ་སྤྲུལ་སྐུར་སྣང་བ་དག་ཀྱང་གཞི་སྣང་ལས་གཞན་མིན་པས༔ ཆོས་ཐམས་ཅད་རང་སྣང་བདེན་པ་དབྱེར་མེད༔ ཀུན་རྫོབ་སྣང་སྲིད་དག་པ་རབ་འབྱམས་དང་༔ བླ་མ་རང་སེམས་དབྱེར་མེད༔ གྲུབ་མཐའ་འཁོར་འདས་དབྱེར་མེད༔ སྐྱེ་བ་སྤྲུལ་སྐུ༔ ལུས་རྫོགས་པ་ལོངས་སྐུ༔ ཤི་བ་དོན་དམ་ཆོས་སྐུ༔ གདམས་ངག་བསྐྱེད་རྫོགས་ཐབས་ཤེས་ཐམས་ཅད་པས་སྲོག་འདིས་སྡོམ་པ་ཡིན་ཀྱང་ཞིབ་ཏུ་ཆུ་བོ་རྒྱུན་གཅོད་སོགས་ལས་ཤེས་པར་བྱ་བ་ཁོ་ནའོ༔ གཉིས་པ་བར་དོ་ལ་འཆར་ཚུལ་ནི༔ ནམ་མཁའ་འོད་གསལ་དུ་ཐིམ་པ་ཀ་དག་ཆོས་སྐུའི་གནས་ལུགས་གཅིག་ལས༔ ལྷུན་གྱིས་གྲུབ་པའི་སྒོ་བརྒྱད་གཞིར་གྱུར་བའི་ཡབ་ཡུམ་ཟུང་འཇུག་གི་ཚོམ་བུ་དང་བཅས་པའི་ཞི་ཁྲོ་མངོན་པར་སྣང་བ་འབྱུང་བ་ཆེན་པོ་ནི་ལོངས་སྐུའི་སྣང་ལུགས༔ རྡོ་རྗེ་སེམས་དཔའི་ཁོང་སང་གི་ལམ་ཡེ་ཤེས་བཞི་སྦྱོར་གྱི་འོད་ཐིག་སོགས་ཚོམ་བུ་སྟེ་གཞི་སྣང་ཆེན་པོ༔ ཐད་ཀར་རང་བཞིན་སྤྲུལ་པའི་ཞིང་ཁམས༔ འོག་ཏུ་མ་དག་སྤྲུལ་པ་དང༔ དེ་འདུལ་བའི་ཐུབ་དྲུག་སོགས་སྣང་བ་ནི་འགྲོ་འདུལ་སྤྲུལ་སྐུ་སྟེ་རང་བཞིན་ཀུན་རྫོབ་ཀྱི་སྣང་ལུགས་བཞི་པོ་སྣང་ཐབས་བཞིའི་སྒོ་ནས་དང་༔ ཁྱད་པར་དུ་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་ཕྱི་མོའི་རིན་པོ་ཆེ་གའུའི་གནས་ལུགས་ཤར་པའོ༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ དེ་ཡང་རང་རིག་ཡེ་ཤེས་འདི༔ ཐུགས་རྗེ་ལྟར་དུ་ཤར་བས་ན༔ འཁོར་འདས་གཉིས་པོ་རྒྱ་མ་ཆད༔ རང་རིག་འོད་དུ་ཤར་བས་ན༔ སྣང་བ་ཐམས་ཅད་ནང་ན་གསལ༔ རང་རིག་སྐུ་ལྟར་ཤར་པ་ན༔ ཤེས་པའི་ཁ་ནི་ཕྱིར་མ་ཤོར༔ རང་རིག་ཡེ་ཤེས་ལྟར་ཤར་བས༔ སྣང་བ་ཐམས་ཅད་ཟང་ཐལ་ཉིད༔ རང་རིག་གཉིས་མེད་ལྟར་ཤར་བས༔ རང་གི་ཤེས་པ་རྩེ་གཅིག་གནས༔ རང་རིག་མཐའ་གྲོལ་ལྟར་སྣང་བས༔ མཐའ་ནི་གང་ལ་ཡང་མི་གནས༔ མ་དག་འཁོར་བའི་སྒོ་ལྟར་སྣང་༔ སྲིད་པའི་འབྱུང་ཁུངས་མ་འགགས་སོ༔ དག་པ་ཡེ་ཤེས་སྒོ་ལྟར་འཆར༔ ཆོས་ཉིད་མ་བུ་འབྲེལ་བའོ༔ ཞེས་སོ༔ གཉིས་པ་ལམ་སྣང་གདུལ་བྱ་ལམ་གྱིས་མངོན་སྣང་དུ་རྒྱུའི་ལམ་ལྔ༔ སྔགས་ཀྱི་རིག་འཛིན་བཞི༔ འོད་གསལ་གྱི་སྣང་བ་བཞི་རྣམས་མུ་ཚོད་མཐུན་ལ་དགོངས་སྤྱོད་ཁྱད་པར་འཕགས་ཆོས་གནས་འགྱུར་ཁྱད་པར་ཅན་གྱི་མཐོང་བ་ཡོད་མེད་ལས་ཅུང་ཟད་ཡོད་ཀྱང་༔ དེ་ཡང་ཚོགས་སྦྱོར་ལ་མ་དག་པའི་སྒོ་གཙོ་ཆེར་འཆར་བ་དང་། རྗེས་ཐོབ་སྒྱུ་ལུས་དང་ལྷ་སྐུ་མཉམ་བཞགའང་དཔེའི་ཡེ་ཤེས་ཀྱི་སྐུར་སྨིན་ཀྱང་དོན་གྱི་འོད་གསལ་དུ་མ་སྨིན་པ་དང་། སངས་རྒྱས་སྤྲུལ་སྐུ་མཇལ་བས་མངོ༵ན་སུམ༵་དང༵་གོང༵་འཕེ༵ལ་གྱི༵་མུ༵་ཚོ༵ད་དང་། རྣམ་སྨིན་གྱི་ལུས་འོད་གསལ་དུ་མ༵་དག༵་པས༵་འཁོར༵་བའི༵་སྒོ༵་ཡིན་པ་བཞིན། མངོན་སུམ་མངོན་སུམ་གྱིས་ཚོགས་ལམ་དང་ཆོས་མཆོག་འབྲིང་པ་མན་ཆད་དང་གོང་འཕེལ་གྱིས་ཆོས་མཆོག་ཆེན་པོའམ་རྣམ་སྨིན་ནས་ཚེ་དབང་རིག་འཛིན་བར་འདུམ་པའི་གོ་དོན་སློང་དགོས་ལ་ཕྱི་འོད་སྣང་དང་ས་རྡོ་རི་བྲག་ནང་གི་རྟོག་ཚོགས་མ༵་དག༵་པ༵འི་སྒོ༵་གཙོ་ཆེར་ཤར་བ་དང་༔ གོང་འཕེལ་ལ་ཡང་གོང་འཕེལ་གྱི་སྦྱོར་མཐོང་གཉིས་ཀ་འདུམ་པས་ན་འདིའི་མཐའ་ལ་ཤར་བ་རང་བཞིན་སྤྲུལ་པའི་སྐུ་མཇལ་བ་དང་འོད་གསལ་གྱི་ལྷ་སྐུ་ཚེ་དབང་རིག་འཛིན་པ་འོད་དང་ཐིག་ལེའི་སྣང་བ་བརྒྱད་ཅུ་སོགས་དང་ཐིག་ལེའི་ཕྲ་ཚོམ་ཤར་བ་དག་ནི་འོ༵ད་ལྟར༵་ཤར༵་བ༵་དང་ཐིག་ལེའི་ཚོམ་བུ་དང་ཡེ༵་ཤེས༵་བཞི༵་སྦྱོར༵་རོ་མངོན༵་སུམ༵་ད༵ང་གོང༵་འ༵ཕེལ་གྱི༵་མུ༵་ཚོད༵་ཅེས་པའི་མཆན་དེ་འདིར་སྦྱར་དགོས་འདྲ་ཞིང་དེས་ན་འདིར་ཡང་མ་དག་པའི་སྒོ་ཤས་ཆེ་ལ་མ་ཟད་བདུན་པ་མན་ཆད་ལ་ཡང་མ་དག་པའི་སྒོ་ཡོད་པར་གོ་དགོས།༔ ཚད་ཕེབས་ཀྱི་དུས་སུ་སྐུའི་སྣང་བ་ཡབ་ཡུམ་ཟུང་འཇུག་འཁོར་ཚོམ་བུ་དང་བཅས་པ་སྣང་བ་ནི་སྐུ་ལྟར་ཤར་བ་དང་བསྒོམ་ལམ་དུ་སངས་རྒྱས་ལོངས་སྐུ་མཇལ་བ་དང་ཆོས་ཅན་རྟགས་ཀྱི་ལྷ་དང་། ཆོས་ཉིད་དོན་གྱི་ལྷ་གཉིས་ཟུང་འཇུག་གི་ལྷ་སྐུ་འགྲུབ་པ་གནས་འགྱུར་ཐོབ་པ་ཕྱག་རྒྱའི་རིག་འཛིན་པ་ནི་རང་བཞིན་ཕྱེད་ལོངས་སྐུ་སྨིན་རིམ་གྱི། ཚོམ༵་བུ་སྐུའི་ཚོམ་བུའི༵་སྣང༵་བ༵་ཆེན་པོའོ༔ ཟད་པའི་དུས་ཀྱི་ལྷུན་གྲུབ་མི་སློབ་པའི་ལམ་མཐར་རྡོ་རྗེའི་ཏིང་འཛིན་གྱིས་ཤེས་སྒྲིབ་འཕོ་བའི་བག་ཆགས་དང་བཅས་པ་བཅོམ་ནས་ཟད་པ་དང་། བློ་དབང་ཡུལ་གྱི་གཉིས་སྣང་དང་མཐའ་འཛིན་ཐམས་ཅད་ཟད་དེ་ནང་གསལ་གྱི་སྐུ་དང་ཡེ་ཤེས་ལ་འཇུག་ཅིང་གྲོལ་བ་ནི་གཉིས༵་མེད༵་མཐའ༵་གྲོལ༵་དང༵་དག་པ་ཡེ༵་ཤེས༵་ཀྱི༵་སྒོར༵་ཤར་བ་དང་༔ དེ་དག་གི་དུས་སུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྟོགས་པས་བདག་གྲོལ་བ་དང་༔ ཐུགས་རྗེའི་རྩལ་དང་༔ ལམ་གྱི་སྤྲུལ་སྐུ་འགྱེད་པ་དག་ནི་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་མཐུན་པས་ཐུགས༵་རྗེ༵་ལྟར༵་ཤར༵་བ༵འོ༔ སྣང་བཞི་དེ་ཐམས་ཅད་ཀྱི་དུས་ན་སྣང་སྣང་ཉམས་སྐུ་དང་ཡེ་ཤེས་ཐིག་ལེའི་སྣང་བ་ཤེས་ཀྱི་ཉམས་ནི་བདེ་གསལ་མི་རྟོག་པའི་ཉམས་དང་རྩུབ་ཉམས་སོགས་ཡིན་ཐམས་ཅད་ཡེ༵་ཤེས༵་ལྟར༵་ཤར༵་འདི་ཐམས་ཅད་ཡེ་ཤེས་ལས་འཆར་བའི་གནད་ཀྱིས་སོ། །བ༵འོ༔ སྒོ་བརྒྱད་དང་སྒྱུ་འོད་སྐུ་༡་དང་ཡོད་༢སྒྱུ་ལུས། ཡེ་ཤེས་༣ཐུགས་རྗེ་༤འོད་གསལ། གཉིས་མེད་༥མཐའ་གྲོལ་༦ཟུང་འཇུག །སྒོ་གཉིས་མ་དག་པ་དང་དག་པའི་འཆར་སྒོ་སྦྱོར་ཚུལ་དག་ཀྱང་འདིས་གོ་སླའོ༔
གསུམ་པ་འབྲས་བུའི་དུས་སུ་སྐུ་ལྟར་སྣང་བས་ལམ་བྱས་ཏེ་བར་ཡེ་ཤེས་སྒྱུ་མ་འོད་ཀྱི་སྦུབས་འདི་ལམ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཡིན་པས་ཡེ་ཤེས་ཕྱི་གསལ་དང་༔ དབྱིངས་ལོངས་སྐུ་དེས་ནི་ཡར་ཆོས་སྐུའི་ཐུགས་རྣམ་པར་དག་པ་ལ་ལོངས་སྤྱོད་པའི་ཕྱིར་ནང་གསལ་གྱི་སྐུ་ལྔ་སྒྲིབ་བྲལ་དུ་མངོན་སུམ་མཛད༔ འོད་ལྟར་སྣང་བས་ལམ་བྱས་ཏེ་ཞིང་ཁམས་ལ་སོགས་པའི་ཡོན་ཏན་ལྔ་སྒྲིབ་བྲལ་དུ་མངོན་སུམ་མཛད༔ ཡེ་ཤེས་ལམ་རིག་ཡེ་ཤེས་ལྔ་ལྡན་ལྟར་མཐའ་གྲོལ་གཉིས་མེད་ལྟར་སྣང་བས་ལམ་བྱས་ཏེ་ཐུགས་གཞིར་གནས་མཚན་འཛིན་ཡུལ་ཁྱབ་ཀྱི་ཐམས་ཅད་མཁྱེན་པ་སྒྲིབ་བྲལ་དུ་མངོན་སུམ་མཛད༔ མ་དག་འཁོར་བའི་སྒོ་ལ་ཐུགས་རྗེ་ལྟར་ཤར་བས་ལམ་བྱས་ཏེ་དེའི་འབྲེལ་ལས་ཕྲིན་ལས་ལྔ་སྒྲིབ་བྲལ་དུ་མངོན་སུམ་མཛད༔ སྒོ་གཉིས་ལྟར་ཤར་བས་ལམ་བྱས་ཏེ་སྣང་འཇུག་ལྡོག་པའི་ལྷུན་གྲུབ་སྣང་ཚུལ་གྱི་སྒོ་གཉིས་ལྟར་ཤར་བ་ལ། རིག་མ་རིག་འཇུག་ལྡོག་རེ་རེ་བྱེད་ཀྱང་། འདིར་ལྡོག་ཡུལ་འཁོར་བ་ངོས་ཟིན་ནས་རང་སྒོའི་འཁོར་བའི་དོན་བྱས་ནས་མྱ་ངན་ལས་འདས་པ་ལ་འཇུག་པའི་ཡུལ་ཐབས་ལ་བརྡའ་སྤྲོད་པའི་གསུང་ལྔ་སྒྲིབ་བྲལ་དུ་མངོན་སུམ་མཛད༔ ཡང་མཐའ་གྲོལ་ཡེ་ཤེས་གཉིས་སུ་མེད་པའི་དབྱིངས་དང་ཡེ་ཤེས་ཏེ་དོན་དམ་དཀོར་བདུན་སྒྲིབ་བྲལ་དུ་མངོན་པར་མཛད་པའོ༔ ལར་ལམ་བྱས་ནས་ཞེས་པ་ནི་དེ་དག་རང་ངོ་ཤེས་པའི་ཐོག་ཏུ་རང་སྣང་ཡེ་ཤེས་ལམ་དུ་སྐུ་གསུམ་ལུགས་ལྡོག་གིས་རང་ས་ཟིན་ནས་ཕྱི་རྩལ་ནང་དུ་ལྡོག་སྟེ་འབྲས་བུའི་ཀ་དག་གི་ངང་དུ་སྐུ་གསུམ་ལྷུན་གྲུབ་ནང་གསལ་གཞོན་ནུ་བུམ་སྐུར་གཏན་སྲིད་ཐོབ་པའི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ལ་བདེ་གཤེགས་ཀྱི་སྣང་བ་ཞེས་བྱ་ཡི༔ དེ་མཐར་ཐུག་པའི་ཕྲིན་ལས་ཕྱི་གསལ་གྱི་སྐུ་གཉིས་རྐྱང་བར་བདེ་གཤེགས་ཀྱི་སྣང་བར་བཟུང་བ་ནི་མིན་ནོ༔ གཞན་སྣང་ཐུགས་རྗེའི་ལམ་ཡིན་པའི་ཕྱིར་རོ། །༔ གལ་ཏེ་དེ་ལྟར་ན་བར་དོའི་ལྷུན་གྲུབ་ཀྱི་སྣང་བ་དང་ཁྱད་མེད་པར་འགྱུར་ཏེ་གཉིས་ཀ་ལམ་སྣང་དུ་མཚུངས་པའི་ཕྱིར་ལ༔ འབྲས་བུ་བདེ་གཤེགས་ཀྱི་སྣང་བ་དེ་ཀ་དག་རྐྱང་པར་བཟུང་ནའང་གཞི་ལ་རྟོགས་པ་མཐར་ཕྱིན་པའི་བྲལ་སྨིན་གྱི་སྟོབས་ཀྱིས་ཐོག་མའི་གཞི་ཐོག་ཏུ་སླར་མི་ལྡོག་པའི་དོན་གྱིས་སླར་འཁྲུལ་པའི་གཞི་མ་བྱེད་པས་ཐོག་མར་མི་ལྡོག་གི༔ འོད་ཀྱང་ཀ་དག་རྐྱང་པ་ནི་སྣང་མེད་ངོ་བོའི་གཤིས་ཡིན་པས་ལོངས་སྐུའི་ངོ་བོ་ལས་རོལ་པ་མེད་པའི་ལམ་ལྷུན་གྲུབ་རིན་པོ་ཆེའི་དབྱིངས་ཀྱིས་གཞི་ལམ་འབྲས་གསུམ་ལ་ཁྱབ་ཆེས་པར་འགྱུར་བ་དང་༔ རང་སྣང་ཡེ་ཤེས་ཀྱི་ལམ་མཐར་ཕྱིན་ནས་སྐུ་གསུམ་དབྱེར་མེད་རང་སྣང་ལོངས་སྐུའི་སྣང་བ་མ་འགགས་པ་དང་༔ གཞན་སྣང་ཐུགས་རྗེའི་ལམ་གྱི་གཞི་ལས་གཞི་སྣང་ཤར་ཏེ་སྐུ་གཉིས་རྩོལ་མེད་དུ་འབྱུང་བ། སྐུ་གསུམ་ལུགས་འབྱུང་ལྡོག་གི་གཉིས་ཀ་ལམ་སྣང་ཡིན་པ་ལ་མཚུངས་པའི་རྒྱུ་མཚན་གྱི་ངེས་པ་དང་༔ ལྷུན་གྲུབ་རིག་འཛིན་སངས་རྒྱས་ཀྱི་སར་བཞག་པའང་ལམ་ལྔའི་ཡ་གྱལ་དུ་བསྒྲངས་བ་ལྟར་ལྟོས་ས་ལམ་གྱི་ཆོས་སྐུ་དང་ཐོབ་ལ་མ་ཉམས་པའི་ཡེ་ཤེས་མཐར་འབྲས་ཀྱི་ཆོས་སྐུ་ལས་ཆོས་སྐུ་ཡིན་ན་མཐར་ཐུག་གི་ཆོས་སྐུ་ཁོ་ནར་བཟུང་བའི་མི་འགྲིགས་པ་བསལ་ལོ་དེས་ན་མཐར་འགྱུར་དང་ལམ་སྣང་གི་སྐུ་གསུམ་གཉིས་ཡོད་པར་མི་འགལ་བའི་ཚུལ་ལེགས་པར་གོ་ནུས་སོ། །༔
གཉིས་པ་གཞི་འམ་ངོ་བོ་གང་ལས་སོ་སོར་ཤར་ན༔ སྤྱིར་ངོ་བོ་སྟོང་ལ་གོ་ཕྱེད་པའི་རྣམ་པས་འཆར་བའི་དབྱིངས་མ་འགགས་པ་སྟོང་པ་ཉིད་ལ་ཡོན་ཏན་རྫོགས༔ རང་བཞིན་འོད་ཁྱིམ་གྱི་རྣམ་པར་བཞུགས་པས་སྣང་བའི་རྒྱུ་མ་འགགས༔ ཐུགས་རྗེ་མཁྱེན་པའི་ཆ་རྟོག་པ་མེད་པས་ཤེས་རིག་གི་གསལ་བ་མ་འགགས་པ་སྟེ༔ དེ་ལྟ་བུའི་འཆར་གཞི་གཏིང་གསལ་ལས་ཤར་སྣང་སྒོ་བརྒྱད་དུ་རང་བྱུང་བའོ༔ རིན་ཆེན་སྤུངས་པ་ལས༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ལས༔ སངས་རྒྱས་རྣམས་ཀྱི་མཛད་པ་རུ༔ ཡེ་ནས་འབྱེད་པ་མེད་པར་ནི༔ མ་འགགས་འགག་པ་མེད་པའི་ཚུལ༔ སྣང་བ་ཉིད་ནི་ཡེ་དག་པར༔ རང་གི་ངོ་ལ་གནས་པ་སྟེ༔ མི་མཛད་ཐུགས་རྗེ་ཆེན་པོ་ལས༔ ལྷུན་གྲུབ་དག་ལ་མ་ངེས་པར༔ འཆར་བྱེད་བརྒྱད་ཀྱི་ཚུལ་དུ་འབྱུང་༔ ཞེས་དང་༔ དེ་ལྟར་སྟོང་གསལ་ཆེན་པོ་ལས༔ ཅི་མེད་ཅིར་ཡང་སྣང་བའི་ཚུལ༔ བྱུང་ཚུལ་ཡོན་ཏན་མ་འགགས་ཏེ༔ ལྷུན་གྲུབ་འཆར་བྱེད་མ་འགགས་པས༔ སྣ་ཚོགས་སྣང་བའི་རང་བཞིན་དུ༔ ཡོན་ཏན་ཆེན་པོ་རྣམས་སུ་སྣང་༔ ཞེས་སོ༔ བྱེ་བྲག་ཏུ་ངོ་བོ་སྐུར་བཞུགས་པའི་འཆར་གཞི་ལས་ཤར་ཆོས་སམ་རང་གདངས་སྐུ་གསུམ་འདུ་འབྲལ་མེད་པ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ༵་ལྟར༵་དུ༵་སྣང༵་བ༵་དང་༔ དེས་ན་གསུམ་པ་གཞན་སྣང་ལོངས་སྐུའམ་ཕྱེད་ལོངས་སྐུ་ལོང༵ས་སྐུའི༵་སྣང༵་བ༵འང་འདི་ལས་བྱུང་ངོ༔ རང་བཞིན་འོད་དུ་བཞུགས་པའི་གདངས་འོ༵ད་ལྔ་རང་གསལ་ཆེན་པོ་ལྟར༵་དུ་སྣང་བ་དང་༔ ཐུག༵ས་རྗེ༵་རིག་པའི་ཡེ་ཤེས་སུ་བཞུགས་པའི་གདངས་ཡེ༵་ཤེས༵་ལྔའི་མཁྱེན་ཆ་ཇི་ལྟ་ཇི་སྙེད་རྟོག་བྲལ་ཆེན་པོ་ལམ་བདེན་གྱི་ངོ་བོར་མ་འགགས༔ དེའི་རྩལ་ལས་ཡེ༵་ཤེས༵་བཞི་སྦྱོར་གྱི་ཐིག་ལེ་འོད་དང་བཅས་པར་རང་ཤར་བས༔ ཀློང་ཆེན་རབ་འབྱམས་ལས༔ ངོ་བོ་སྐུ་ལ་རང་བཞིན་འོད༔ ཐུགས་རྗེ་རིག་པའི་ཡེ་ཤེས་སོ༔ ཞེས་སྔར་སྨྲོས་པའི་འཆར་གཞི་ལས་ཡེ༵་ཤེས༵་ལྟར༵་བཞི་སྦྱོར་གྱི་ལམ་དང་གཞི༵་སྣང༵་ཆེན༵་པོའི༵་སྣང་བ་དང་མ་དག་འཁོར་སྒོ་ལ་འབྲེལ་བའི་ཐུག༵ས་རྗེ༵་ལྟར༵་ཤར་བ་དག་ཀྱང་བྱུང་ངོ༔ ལྷན་སྐྱེས་ཀྱི་ཆོས་གསུམ་པོ་དེ་དག་སྐུ་གསུམ་དང་ངོ་བོ་སྐུ་རང་བཞིན་གསུང་ཐུགས་རྗེ་ཐུགས་ཀྱི་བདེ་ཆེན་དུ་གཉིས་སུ་མེད་པའི་གནད་ཀྱིས་གཉིས་མེད་མཐའ་སེལ་བས་མཐའ་གྲོལ་ལྟར་ཤར་བའོ་ཞེས་པའི་དོན་དང་བཅས་པས་གཉི༵ས་མེད༵་དང་མཐ༵འ་གྲོལ༵་ལྟར་ཤར༔ གཞི་འབྲས་བུར་མ་སྨིན་པ་ན་དེ་ཉིད་ངེས་མེད་ཀྱི་ལྷུན་གྲུབ་དང་ཐུགས་རྗེ་ཡིན་པའི་གལ་ཏེ་ཀུན་ཏུ་བཟང་པོ་ལྟ་བུ་ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་ཟིན་པ་ལ་སེམས་ཅན་གཞན་ངོར་སྤྲུལ་སྐུ་འབྱུང་ཞིང་རང་སྣང་ལ་མ་དག་པ་མི་སྣང་ཡང་། སྒོ་བརྒྱད་ཤར་ཟིན་ནས་གྲོལ་བ་ལ་རང་སྒོའི་འཁོར་བ་སྟོང་བའི་དོན་མཛད་པས་སྒོ་གཉིས་མི་འབྱུང་བའི་ངེས་པ་མེད་པས་སྒོ་གཉིས་ལ་འཇུག་ལྡོག་གི་གནས་སུ་སྣང་ཚུལ་ལོ། །ཕྱིར་རིག་མ་རིག་གི་སྒོ༵་གཉི༵ས་སུ་རང་ཤ༵ར་པའོ༵༔ དེ་དག་གི་ངེས་པ་རྣམས་རིམ་པར་རྒྱུད་ལས་བཏུས་ན་སྒོ་རྒྱབ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་ཤར་བའི་རྒྱབ་ལུང་ནི་རིན་པོ་ཆེ་སྤུངས་པ་ལས༔ ངོ་བོ་སྐུ་ཡི་རང་བཞིན་དུ༔ རང་སྣང་ནང་དུ་མི་འབྱེད་པའི༔ ངོ་བོ་གསལ་བྱེད་སྐུ་ལྔར་སྣང་༔ ཞེས་སྐུ་ལྟར་གྱི་འཆར་གཞི་དང་༔ སངས་རྒྱས་རྣམས་ཀྱི་རང་ཡུལ་ལ་ཀ་དག་ཆོས་སྐུའི་སྣང་བ༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར༔ ནང་གི་སྣང་བ་རང་གསལ་བ༔ འོད་ལྔའི་ཚུལ་གྱི་འཆར་སྒོ་ལས༔ ཞེས་འོད་ལྟར་གྱི་དང་༔ ཤེས་བྱ་ཀུན་ལ་རང་ཁྱབ་པའི༔ བཞི་སྦྱོར་ཆེན་པོའི་སྣང་བ་ནི༔ འཁོར་འདས་འབྲེལ་བའི་ལམ་དུ་སྣང༔ ཞེས་ཡེ་ཤེས་ལྟར་གྱི་དང་༔ ཐལ་འགྱུར་ལས༔ ཤེས་པས་བསྡུས་པའི་ཡེ་ཤེས་ནི༔ དེ་ཡང་སངས་རྒྱས་རྣམ་དག་རྫོགས༔ ལྷ་རྣམས་རང་གསལ་རྫོགས་པ་སྟེ༔ ཞེས་ཐུགས་རྗེ་དང་དེའི་རྩལ་འོད་ཀྱི་ཐིག་ལེར་བཞུགས་པའི་གཞི་སྣང་གི་འཆར་གཞི་བསྟན་པ་དང་༔ རིན་པོ་ཆེ་སྤུངས་པར༔ དེ་ཀུན་ཐ་དད་མ་ཡིན་པའི༔ ངོ་བོ་གཉིས་མེད་མཉམ་གནས་པའི༔ འབྱེད་མེད་གཉིས་སུ་མེད་པ་ཡི༔ སྣང་བའི་ཞེས་དང་༔ མཐའ་བཞིའི་དྲི་མ་ལས་འདས་པས༔ འཆར་བྱེད་ཡོན་ཏན་མ་འགགས་པའི༔ མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ༔ ཞེས་དང་༔ རིག་པ་ཟང་ཐལ་གཅིག་རྫོགས་ཕྱིར༔ དག་པ་ཡེ་ཤེས་ཉིད་ཀྱི་སྒོར༔ ཞེས་དང་༔ འབྱུང་ཚུལ་འགག་པ་མེད་པའི་ཕྱིར༔ སེམས་ཅན་རྣམས་ཀྱི་འབྱུང་ཁུངས་སུ༔ ཞེས་སོ༔
གསུམ་པ་སྐྱོན་ཡོན་དུ་འཛིན་ཚུལ་ནི༔ གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་ལམ་འོད་ཀྱི་སྦུབས་ལ་འཆར་གཞི་དང་འཆར་ཆ་འདི་ཡོད་པས་འཁོར་འདས་བར་དོར་ལམ་གྱི་སྣང་བ་བརྒྱད་བརྒྱད་དུ་བྱུང་གི༔ གཞན་དུ་སྟོང་ཆད་རི་རྭའི་ཐ་སྙད་ལས་བརྒལ་བར་མི་འགྱུར་བའི་ཕྱིར་རོ༔ དེ་ལྟར་སྣང་བའི་གཞི་སྣང་ཀྱང་༔ ཆ་གཅིག་དུ་ན་ག་བུར་གྱི་ངོ་བོ་ལ་སྐྱོན་ཡོན་གཉིས་སུ་མ་གྲུབ་ཀྱང་ཚ་གྲང་གི་ནད་རྐྱེན་ཐ་དད་པས༔ སྨན་དུག་གཉིས་སུ་འགྱུར་བ་ལྟར༔ རང་ངོ་ཤེས་ན་གྲོལ་རྐྱེན་དུ་འགྱུར་པས་ཡོན་ཏན་ལྟར་སྣང་ལ༔ མ་རིག་ན་འཁྲུལ་རྐྱེན་དུ་འགྱུར་བས་སྐྱོན་ལྟར་སྣང་ཡང་༔ གཞི་དང་དེའི་སྣང་བ་ལ་སྐྱོན་དང་ཡོན་ཏན་གང་ཡང་གྲུབ་པ་མེད་པས་ན༔ ཉི་ཟླ་བཀོད་པའི་རྒྱུད་ལས༔ དཔེར་ན་ག་བུར་ལྟ་བུ་སྟེ༔ ག་བུར་གཞི་ལ་གཉིས་མེད་ཀྱང་༔ ཚ་བྲང་རྐྱེན་གྱིས་སྨན་དུག་གཉིས༔ ག་བུར་ངོ་བོ་ཐ་དད་མེད༔ ངོ་བོ་གཅིག་ལ་སྣང་ཚུལ་གཉིས༔ ཞེས་དང་༔ ལྟ་བ་ལ་ཤན་རིན་ཆེན་སྒྲོན་མེ་ལས༔ དཔེར་ན་ག་བུར་གཞི་ལ་གཉིས་མེད་ཀྱང་༔ ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས་སུ་སྣང་༔ དེ་བཞིན་གཞི་ལ་འཁོར་འདས་གཉིས་མེད་ཀྱང་༔ རིག་དང་མ་རིག་རྐྱེན་གྱིས་སྣང་བ་གཉིས༔ ཞེས་པ་ལྟར་རོ༔
བཞི་པ་གཞི་རང་མལ་དུ་ཐིམ་ཚུལ་ནི༔ དེ་ལྟར་ལྷུན་གྲུབ་ཀྱི་འཆར་ཚུལ་གྱི་སྣང་བ་དེ་དག་ད་ལྟ་གཞི་དང་བར་དོར་ངོ་ཤེས་མ་ཤེས་གང་ལྟར་ཀྱང་ཤེལ་འོད་ནང་དུ་ཐིམ་པ་ལྟར་འཆར་གཞི་མའི་ངོ་བོ་བརྒྱད་ལ་ཐིམ་ནས་ཕྱི་གསལ་གྱི་རང་ས་ན་མི་གནས་པར་ཐིམ་པ་ཆོས་ཉིད་ཡིན་ཀྱང་འགྲོ་འོང་གི་ཚུལ་གྱིས་མེད་པར་སོང་བའང་མ་ཡིན་པ་རྨི་ལམ་གྱི་སྣང་བ་ཤེས་པས་ནང་དུ་ནུབ་པ་ལས་གར་ཡང་མ་སོང་བ་བཞིན་ནོ༔ དེ་ཡང་ཐུགས་རྗེ་མཛད་སྤྱོད་ཀྱི་བྱ་བྱེད་ཡུལ་དང་བཅས་པ་མི་སྣང་བར་ཉི་ཟེར་ལ་འདུས་པ་ལྟར༔ གཟིགས་སྣང་ལས་འདས་པར་གྱུར་པ་དང་༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་ཀྱི་རྩལ་ཤེས་པ་འཛིན་རྟོག་དང་གདངས་སྣང་ཆའི་རོལ་པའི་བུ་མ་ཐོག་ཏུ་ཐིམ་པས་མ་བུ་གཉིས་མེད་དུ་འདྲེས་ཤིང་ཡིད་ཆེས་པའོ༔ འོད་འོད་ལ་ཐིམ་པ་ནི༔ ཕྱི་འབྱུང་བཞིའི་ཡུལ་སྣང་༔ ནང་འོད་དང་ཞིང་ཁམས་ཀྱི་མཚན་མའི་ཞེན་ཡུལ་མཐའ་དག་འཇའ་ཚོན་ནམ་མཁའ་ལ་ཡུལ་བ་ལྟར༔ འབྱེད་མེད་བདག་འཛིན་དང་བྲལ་བར་མྱ་ངན་ལས་འདས་པའི་ཀློང་ཆེན་པོ་གཅིག་ཏུ་འཁྱིལ་པའོ༔ སྐུ་སྐུ་ལ་ཐིམ་པས་ཤེས་པའི་འབྱུང་ཆ་ཕྱི་ཤར་གྱི་གཟུགས་ཀྱི་སྤྲོས་པ་བཟང་ངན་ཐམས་ཅད་ཉེ་བར་ཞི་ཞིང་༔ བུམ་པའི་སྐུ་བཞིན་དུ་རང་བཞིན་རྣམ་པར་དག་པའི་དབྱིངས་སུ་ཐིམ་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པས༔ གྲངས་སུ་འཛིན་པའི་ཞེན་པའི་སྤྲོས་པ་རྣམས་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟར་དབྱེར་མེད་པའི་ངང་དུ་མྱ་ངན་ལས་འདས་པའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི༔ སྐུ་གསུམ་དང་འགྲོ་བའི་སྒོ་གསུམ་ཕྱོགས་སམ་སྤྲོས་པར་འཛིན་པ་མཐའ་དག་ཞི་ནས་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས༔ དབང་པོའི་སྤྱོད་ཡུལ་ལས་འདས་ཏེ་ཐིག་ལེ་ཉག་གཅིག་ཏུ་འཁྱིལ་བ་སྦྲའི་ཆོན་ཐག་ཕུད་པ་དབུས་སུ་འདུས་པ་ལྟ་བུའོ༔ དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོའི་སྐུ་ལ་ཐིམ་པས་གཅིག་པར་གནས་པས་ཡེ་ཤེས་ཀྱི་བཙན་ས་ཟིན་ཏེ་སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པ་དང་༔ སེམས་ཅན་རང་ཀ་མ་ལའང་སྒོ་དེ་མ་དག་པའི་སྒོས་སྒྲིབ་པའོ༔ དེ་སྐད་དུ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་སྟེ༔ ཉི་མ་ནུབ་པའི་ཟེར་ཐག་ལྟར༔ གཟིགས་སྣང་ཀུན་ལས་འདས་པའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པས༔ མ་བང་བུ་ཚུད་ལྟ་བུ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ༔ ལྷུན་གྲུབ་སྦུབས་སུ་འཛོམས་པའོ༔ འོད་ནི་འོད་ལ་ཐིམ་པ་སྟེ༔ འཇའ་ཚོན་ནམ་མཁར་ཐིམ་པ་བཞིན༔ འོད་སྣང་ལྔ་ཡང་ནམ་མཁའ་འདུས༔ སྐུ་ནི་སྐུར་ཐིམ་བུམ་སྐུ་འདྲ༔ ཤེས་བྱ་ནང་དུ་གསལ་བས་ན༔ ཞལ་ཕྱག་མཚན་མ་ཅན་དུ་མེད༔ རང་ངོ་རྣམ་པར་དག་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་སྟེ༔ ཆུ་བོ་ཆུ་བོ་ལ་ཐིམ་ལྟར༔ གཏད་པའི་ཡུལ་མེད་རང་སངས་ཉིད༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས༔ ནམ་མཁའ་ནམ་མཁར་ཐིམ་པ་ལྟར༔ གཏད་པའི་ཡུལ་མེད་ཀ་ནས་དག༔ མ་དག་མ་དག་པར་ཐིམ་སྟེ༔ སྦྲ་ཡི་ཆོན་ཐག་བསྡུས་པ་ལྟར༔ ཐིག་ལེ་ཉག་གཅིག་ངང་དུ་འདུས༔ དག་པ་ཡེ་ཤེས་ཆེན་པོ་ནི༔ ངོ་བོའི་སྐུ་ལ་རང་ཐིམ་པས༔ སེངྒེས་གངས་ལ་ཟིན་པ་ལྟར༔ ཡ་ངའི་རྟོག་པ་ཀུན་དང་བྲལ༔ ལྷུན་གྲུབ་ཀ་དག་རང་གྲོལ་ལོ༔ ཞེས་སོ༔
གསུམ་པ་དེ་ལས་ཁོང་གསལ་མཐོང་ཚུལ་གྱིས་གྲོལ་འཁྲུལ་འཁོར་འདས་གཉིས་ཀྱི་སྣང་ལུགས་ལ༔ མདོར་བསྟན༔ རྒྱས་བཤད་གཉིས་ལས༔ དང་པོ་ནི༔ ཐོག་མའི་སངས་རྒྱས་ཀྱི་གྲོལ་ཚུལ༔ མ་རིག་སེམས་ཅན་གྱི་འཁྲུལ་ཚུལ༔ ངོ་བོ་དབྱེར་མེད་མཉམ་པའི་བྱིན་རླབས་དང་གསུམ་ལས༔ དང་པོ་ལ༔ ཁྱད་པར་འཕགས་པའི་གྲོལ་ཚུལ༔ ལྷུན་གྲུབ་ཡོན་ཏན་རྒྱ་མཚོ༔ ཐུགས་རྗེས་གཞན་ལ་ཕན་པ་གསུམ་བཤད་པའི་དང་པོ་ནི༔ ཁྱད་ཆོས་དྲུག་གིས་གྲོལ་བའི་ཚུལ་སྤྱིར་བཤད༔ རང་བྱུང་ཆོས་ཚིག་རྫོགས་པའི་ཡོན་ཏན་གྱི་རྣམ་པར་འཕྲུལ་ལས་བྱེ་བྲག་ཏུ་དབྱེ་བའི༔ བཟང་བྱས་རྩོལ་སྒྲུབ་བྲལ་བར་གྲོལ་བའི་དོན་བསྡུས་པ་དང་གསུམ་མོ༔
དང་པོ་ནི༔ ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་སོགས་སྔར་གྲོལ་བ་དང་ད་ལྟ་ལམ་སྦྱངས་བ་མཐར་ཕྱིན་ཏེ་གྲོལ་བ་གང་ལྟར་ཀྱང་ཁྱད་ཆོས་ཆེན་པོ་དྲུག་གི་སྒོ་ནས་བྱང་ཆུབ་པ་སྟེ༔ དེའི་ཚུལ་ནི་མཐོ༵ང་མ༵་མྱོང༵་བའི་ཡུལ༵་སྣང༵་བ༵་ལྷུན༵་གྲུབ༵་འོད་ལྟར་ཤར་བ་སོགས་ཆོས་ཉིད་མ་ཡི་སྣང་བ་མཐོ༵ང་བ་ལ༔ གཞན་དུ་རྟོགས་ཤིང་འཁྲུལ་བའི་ཤེས་པས་ཁ་ཕྱིར་བལྟས་སུ་ཞེན་འཁྲུལ་རྒྱུན་ཆགས་པར་མ་ཤོར་བར་རང༵་གི་རིག་ངོར༵་སྣང༵་བ༵་དང་༔ ཐོག་མ་གཞིའི་དུས་དང་བག་ཆགས་རྣམ་སྨིན་གྱི་སྦུབས་གང་གི་དུས་སུའང་ལེ༵ན་མ༵་མྱོང༵་བ༵འི་ཡེ་ཤེས་འོད་གསལ་སྒྱུ་མའི་སྦུབས་ཀྱི་ལུས༵་བླང༵་ནས༵་ལྷུན༵་གྲུབ༵་རང༵་སྣང༵་དུ་རིག་ཅིང་གྲོལ་བ་རྣམས་གཞི༵་དང་སྣང་བ་ལུང་མ་བསྟན་ལས༵་འཕ༵གས་ནས་ཡེ་ཤེས་རང་ས་ཟིན་པར༵་འགྱུར་བ་འདི་ཉིད་འཁོར་འདས་ཀྱི་གྱེས་གཞི་ཡིན་པའི་ཕྱིར་རོ༔ གཞི་ལས་འཕགས་པས་སྐད་ཅིག་ལ་ཟག་མེད་རང་ངོ་ཤེས་པའི་དགེ་སྟོབས་ཀྱིས་སྒྲིབ་བྱེད་ཞེན་པའི་དྲི་མ་བག་ཆགས་དང་བཅས་ལུང་མ་བསྟན་པ་རང་བརླག་དུ་སོང་བས་རང་བྱུང་རིག་པའི་དབྱིངས་ལ་ཡོན་ཏན་རང་ཆས་པའི་མཐོང་བ་ཁྱད་པར་ཅན་རྟོགས་པའི་ཤེས་རབ་ཀྱིས་བྱེ༵་བྲག༵་ཕྱེད༵་པ༵འི་ཤེས༵་མ༵་མྱོང༵་བ༵འི་གཏ༵མ་ཤེས༵་ནས༵༔ རང༵་སྣང༵་ཡེ༵་ཤེས༵་ཀྱི་ཆོས་ཁམས་ལ་རང་དབང་བསྒྱུར་ནས་རང་བྱུང་མངོན་དུ་མཛད་དེ་གཞི་འབྲས་བུར་སྨིན་པ་དང་༔ བྱེ་བྲག་ཕྱེད༵་པའི་ཐོག༵་དེ་ཉིད་དུ་འོད་གསལ་སྒྱུ༵་མ༵འི་སྦུབས་སམ་ལུས༵་དེ་ཉིད་དེའི་འཆར་གཞིའི་དབྱིངས་སམ་རྟེན་སྒྱུ༵་མའི༵་སྐུ༵་ལ༵་གྲོལ་སྟོབས་ཀྱི་སྒོ་བརྒྱད་ནང་དུ་ཐིམ་ནས་སྨྲ་བསམ་བརྗོད་པ་དང་བྲལ་བའི་ངོ་བོ་སྐུའི་གནས་ལུགས་ཀ་དག་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་ཞི་ཞིང་མྱ་ངན་ལས་འདས༔ མཚན་རྟོག་གིས་མི་ཕྱེད་པའི་རྡོ་རྗེ་ལྟ་བུའི་རྟོགས་པ་ཐོབ་པའི་ཤེས་རབ་ཉིད་ཀྱང་ངོ་བོ་ཉིད་ཀྱི་སྐུར་སྨིན་ནས་ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་འབྲས་བུ་གཞན་ངོར་སྣང་བའི་གཟུགས་ཀྱི་སྐུ་གཉིས་མི་སྣང་བའི་ས་མཆོག་ནང་གསལ་གྱི་སྐུ་གསུམ་ཡེ་ཤེས་མི་འབྲལ་མི་འགྱུར་ཆེན་པོ་ཡེ༵་ཤེ༵ས་ཡེ༵་ནས་གྲོལ༵་བ༵་མངོན་དུ་གྱུར་བ་དང་༔ གཞ༵ན་གྱིས་བསྟན་པ་སོགས་རྐྱེན་ལ༵་མ༵་ལྟོས༵་པར་ཡེ༵་གྲོལ༵་གྱི་རང༵་ངོ་རང་སྟོབས་ཀྱིས་རིག༵་པས་དཔལ་རང་བྱུང་གི་སངས་རྒྱས་བརྙེས་པ་དང་༔ གྲོལ་གཞི་གནས་ལུགས་ཐོག་མའི་རང༵་ས༵་མཐར་ཕྱིན་ལྷུན་གྲུབ་ཀྱིས་རྒྱུར་མི་ལྡོག་པའི་ངོ་བོ་ལ༵་སྔོན་ཇི་ལྟ་བ་བཞིན་དུ་རང༵་རིག༵་ཆོ༵ས་སྐུ༵་རྟོག་མེད་ཆེན་པོར་གན༵ས་ཤིང༵་བཞུག༵ས་པ༵་སྟེ༔ རྨ་བྱ་མཇིང་བསྣོལ་མཐའ་ཡི་མུན་སེལ་གྱི་རྒྱུད་ལས༔ ཆོས་ཉིད་དག་པའི་སྣང་བ་ལ༔ རང་བྱུང་གཟུགས་སྐུའི་འོད་གསལ་བ༔ རྡོ་རྗེ་ཆེའམ་བདག་ཉིད་ཀྱང་༔ སྐད་ཅིག་དེ་ལ་མངོན་སངས་རྒྱས༔ མཐོང་མ་མྱོང་བའི་ཡུལ་མཐོང་ནས༔ ཆོས་ཉིད་མ་དང་འཕྲད་པ་ཡིན༔ ལེན་མ་མྱོང་བའི་ལུས་བླངས་ནས༔ ཡེ་ཤེས་རང་ས་ཟིན་པ་ཡིན༔ ཤེས་མ་མྱོང་བའི་གཏམ་ཤེས་པས༔ རང་དབང་མངོན་དུ་གྱུར་པ་ཡིན༔ སྒྱུ་ལུས་སྒྱུ་མའི་སྐུ་ལ་ཐིམ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ༔ མི་གནས་ཡེ་ཤེས་བདག་མེད་མྱ་ངན་འདས༔ འབྲས་བུ་སྐུ་གཉིས་མི་སྣང་མཐར་ཕྱིན་སྐུ༔ རྟོག་འཛིན་ཆོས་ལ་མི་གནས་མྱ་ངན་འདས༔ རྣམ་གྲོལ་ཟག་མེད་ཐམས་ཅད་དབྱིངས་སུ་ཐིམ༔ འདུ་འབྲལ་མེད་པས་མཁའ་ཀློང་རྣམ་པར་དག༔ བདག་མེད་ཆེན་པོ་མི་འགྱུར་མི་འབྲལ་བ༔ བདེ་བ་ཆེན་པོ་འདུ་འབྲལ་མེད་པའི་སྐུ༔ སྐུ་གསུམ་ཡོན་ཏན་མཐར་ཕྱིན་དབྱེར་མེད་ཐིམ༔ གཅིག་པུ་ལྷུན་གྲུབ་གཉིས་མེད་མཐའ་ལས་འདས༔ ཞེས་སོ༔ འདི་ལ་འགྲེལ་ཚུལ་གཞན་དུ་གཞི་སྣང་ཐིག་ལེ་འོད་སྐུར་རང་ངོར༵་སྣང༵་བ༵་དག༔ གཞི༵་ལས༵་འཕ༵གས་པའི༵་ཤེས་རབ་ཀྱིས་དབང་པོའི་རྟོག་དཔྱོད་ཀྱི་ཡིད་ཕྱིར་མ་འགྱུ་བར་ཡེ་ཤེས་ལྔའི་གདངས་སུ་ཤེས་པས་བྱེ༵་བྲག༵་ཕྱེ༵ད་པས༵་སྐད་ཅིག་ལ་འགྱུ་པ་རང་ཐོག་ཏུ་ཆོད་དེ་ཤེས་རབ་སྐུར་སྨིན་ནས་ཕྱེད༵་ཐོག༵་ཏུ་གྲོལ༵་པ་དང་༔ གཞ༵ན་གྱིས་བསྟན་པའི་རྐྱེན་ལས༵་མ༵་བྱུང༵་བ༵ར་ཇི་བཞིན་པའི་གནས་ལུགས་ལ་རང་བྱུང་གི་ཡེ་ཤེས་སྐྱེས་ཏེ༔ དེ་ལྟར་ལེན་མ་མྱོང་བའི་འོད་གསལ་སྒྱུ་མའི་སྦུབས་བླང་༔ མཐོང་མ་མྱོང་བའི་གཞི་སྣང་ལྷུན་གྲུབ་ཀྱི་ཡུལ་མཐོང་༔ ཤེས་མ་མྱོང་བའི་རང་སྣང་རང་བཞིན་མེད་པར་ཤེས་པའི་སྐད་ཅིག་ལ༔ འབྱུང་བ་མ་ལ་ཞ་བས་ཆོས་ཉིད་མ་བུ་འཕྲད༔ ཤེས་རབ་མཁའ་ལ་འཁྱིལ་བས་རང་བྱུང་མངོན་དུ་གྱུར༔ སྐྱེ་མེད་ཀྱི་ཡེ་ཤེས་རང༵་ས༵་ཟིན༵་པས༵་འགྱུར་མེད་རྒྱ་ཡིས་ཐེབས་པ་སྟེ༔ ཐིག་ལེ་གསང་བ་ལས༔ ཡུལ་ལ་ཐིག་ལེ་འོད་ལྔ་དང་༔ སྐུ་དང་ཡེ་ཤེས་རྣམ་པ་ལས༔ ཤེས་པ་ཡེ་ཤེས་ལྔ་རུ་ཤེས༔ གྲུབ་པ་རྒྱལ་བ་ཉིད་དུ་གྲུབ༔ གྲོལ་བ་ཡེ་ཤེས་ཆེན་པོར་གྲོལ༔ ལེན་མ་མྱོང་བའི་ལུས་བླངས་ནས༔ ཡེ་ཤེས་རང་ས་ཟིན་པ་ཡིན༔ མཐོང་མ་མྱོང་བའི་ཡུལ་མཐོང་བས༔ ཆོས་ཉིད་མ་དང་འཕྲད་པ་ཡིན༔ ཤེས་མ་མྱོང་བའི་གཏམ་ཤེས་པས༔ རང་བྱུང་མངོན་དུ་གྱུར་པའོ༔ ཞེས་སོ༔
གཉིས་པ་རང་བྱུང་ཆོས་ཚིག་རྫོགས་པའི་ཡོན་ཏན་བྱེ་བྲག་ཏུ་དབྱེ་བ་ལ༔ རང་བྱུང་གི་ཆོས་གསུམ་དང་ཚིག་ལྔའི་ཚུལ་གྱིས་མངོན་པར་སངས་རྒྱས་པ་བསྟན་པའི་དང་པོ་ནི༔ དེ་ལྟར་གྲོལ་བའི་ཀུན་ཏུ་བཟང་པོ་ལ་རང་བྱུང་གི་ཆོས་གསུམ་ཡོད་དེ་སེམས་ལས་མ་བྱུང་བའི་སངས་རྒྱས་རང་ལ་ཡོད་པའི་སྣང་བ་ཉིད༔ ལུང་ལས་མ་བྱུང་བའི་མན་ངག་གིས་རང་སྣང་དུ་རྟོགས་ནས༔ རྒྱུ་ལས་མ་བྱུང་བའི་རང་གྲོལ་གྱི་འབྲས་བུ་རང་བྱུང་བའོ༔ རྫོགས་པ་ཆེན་པོའི་ལྟ་བ་ནམ་མཁའ་མཉམ་པ་ལས༔ སངས་རྒྱས་དགོངས་པ་མ་ནོར་བ༔ དམ་པའི་ཐུགས་ལ་གསལ་བ་ནི༔ སེམས་ལས་མ་བྱུང་སངས་རྒྱས་འདི༔ ཐེག་པ་ཀུན་ལས་ཁྱད་པར་འཕགས༔ ཞེས་དང་༔ གང་ཡང་མེད་པའི་སྔོན་རོལ་དུ༔ རང་བྱུང་ངོ་བོ་ཉིད་ཀྱི་སྐུ༔ ལུང་ལ་མ་བརྟེན་གདམས་ངག་ཆོས༔ རང་གི་རིག་པས་རང་རྟོགས་ཕྱིར༔ ཀུན་བཟང་སློབ་དཔོན་མེད་པའི་ཕྱིར༔ ཕྱི་ནང་ཆོས་ཀུན་བཤད་ལུང་མེད༔ དེ་ཕྱིར་གཞན་ལ་མ་བརྟེན་པར༔ རང་གི་རིག་པས་ཤེས་པའི་ཕྱིར༔ ལུང་ལ་མ་བརྟེན་མན་ངག་ཆོས༔ རྒྱལ་བ་རྣམས་ཀྱི་རྟོགས་ཚུལ་ཡིན༔ ཞེས་དང་༔ སེམས་ཅན་རྒྱུ་ལས་མ་སྐྱེས་པའི༔ ཀུན་བཟང་སངས་རྒྱས་ཡོད་པར་ངེས༔ སྔོན་གྱི་སངས་རྒྱས་རྒྱུས་མ་བསྐྱེད༔ རྐྱེན་མེད་རང་བྱུང་ཡིན་པའི་ཕྱིར༔ ཡེ་ནས་སངས་རྒྱས་ཡིན་པར་ངེས༔ དེ་ཕྱིར་རྒྱུ་ལས་མ་བྱུང་བའི༔ འབྲས་བུ་ངེས་པར་ཡོད་པ་ཡིན༔ ཞེས་སོ༔ ལམ་རྣལ་འབྱོར་བས་ད་ལྟ་ཐ་མལ་གྱི་ལུས་སེམས་ལས་གནས་ལུགས་གཞི་ལྷུན་གྲུབ་ཀྱི་ཆོས་སྐུ་སེམས་ལས་མ་བྱུང་བའི་སངས་རྒྱས་ཉིད་ལུང་ལས་མ་བྱུང་བའི་མན་ངག་གིས་བརྙེད་ནས༔ རྒྱུ་ལས་མ་བྱུང་བའི་འབྲས་བུ་རྟོགས་པ་མངོན་དུ་གྱུར་ཏེ་གྲོལ་བ་ཐོབ་པར་རྫོགས་པ་ཆེན་པོའི་ལྟ་བའི་སྙིང་པོ་ལས༔ ལུང་ལས་མ་བཏུས་མན་ངག་གིས༔ སེམས་ལས་མ་བྱུང་སངས་རྒྱས་བརྙེས༔ རྒྱུ་ལས་མ་བྱུང་འབྲས་བུ་ཐོབ༔ ཅེས་དང་༔ རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས༔ ད་ལྟ་ཐ་མལ་ལུས་སེམས་ཀྱི༔ སེམས་ལས་མ་བྱུང་སངས་རྒྱས་རྙེད༔ རྒྱུ་ལས་མ་བྱུང་འབྲས་བུ་རྟོགས༔ ལུང་ལ་མ་བརྟེན་ཆོས་རྣམས་ཤེས༔ ཞེས་ཁྱད་ཆོས་དྲུག་གིས་གྲོལ་བ་ཐམས་ཅད་ལའང་རང་བྱུང་གི་ཆོས་གསུམ་ཡོད་པར་གསུངས་སོ༔ འདི་དག་གི་སྦྱོར་ཚུལ་གཞན་ཆོས་ཉིད་དོན་གསལ་ལས་ཐལ་ལོ༔ དེ་བཞིན་དུ་རང་བྱུང་གི་ཚིག་ལྔའི་སྒོ་ནས་གྲོལ་ཚུལ་རྣམ་པར་འཕྲུལ་པའང་༔ ལམ་རྣལ་འབྱོར་བས་གྲོལ་ཚུལ་ལས་བཟུང་སྟེ་གསལ་གཉིས་ཐིག་ལེ་ཀུན་གསལ་དང་སྤྲོས་བྲལ་དོན་གསལ་ཀྱི་དགོངས་པ་བཞིན་དེ་ཉིད་ཀྱི་རྒྱན་ལས་སྨྲོས་ཟིན་ཀྱང་༔ འདིར་ཐོག་མའི་སངས་རྒྱས་ཀྱི་ཁྱད་ཆོས་སུ་བྱས་ཏེ་དབྱེ་ན༔ རང་བྱུང་གི་ཚིག་ལྔ་བྱུང་ཚུལ་དང་བཅས་ཏེ་དྲུག་ལས༔ དང་པོ་བྱུང་ཚུལ་ནི་ཤེས་རབ་མཁའ་ལ་འདེགས་པའི་ཤུགས་བཞིའི་ནང་ཚན་སྟོབས་ལྡན་མས་འབྱུང་བའི་གཞི་སྣང་འཆར་བ་དང་རིགས་ལྔའི་སྣང་བའི་གཙོ་འཁོར་གཉིས་སུ་མེད་པར་སྦྱོར༵་བའི་སྲོག་འཛིན༔ དེ་ལས་ཤུགས་འཆང་མས་རིག་རྩལ་དུ་སྐུ་དང་ཡེ་ཤེས་རྩོལ་མེད་ངང་གིས་ལྷུན་གྲུབ་ཀ་དག་དབྱེར་མེད་དུ་གྲོལ་བར་བྱེད་པའི་དོན་འཆར་བ་དང་༔ ཐ་མ་རིམ་ཡལ་གྱིས་གཙོ་འཁོར་རིན་ཆེན་གྱི་སྦུབས་སུ་སྐྱེལ༵་ཞིང་གཤེགས་པའི་ལས་བྱེད༔ འདེགས་བྱེད་མས་ཆོས་སྐུ་ཆོས༵་དབྱིངས་གཉིས་མེད་ཟང་ཐལ་རང་སངས་ཀྱི་སྐུར༵་གན༵ས་ཤིང་འདེགས་པར་བྱེད༔ བརྟན་མས་ཡེ་ཤེས་ཀྱི་ངང་ལས་མི༵་གཡོ་ཞིང་རྟོག༵་མེད་ནང་ན་གས༵ལ་བར་བྱེད་པ་བཞིའི་སྔ་མ་གཉིས་ཀྱི་ཟུར་དང་པོས་འབྱུང་བའི་རྒྱུ་རྐྱེན་བྱས་གཉིས་པ་དག་གིས་དང་ཕྱི་མ་གཉིས་ཀྱི་རང་བྱུང་གི་ཚིག་ལྔ་ཚར་ཕྱིན་དུ་གྲོལ་བའི་སྟོབས་སྦྱིན་པས་གཞི་འབྲས་སུ་མ་བསྐྱོད་ཤུགས་ཀྱིས་བསྐྱོད་པའི་སྤྱི་སྒྲར་སོང་པ་ཉིད་དང་དྲུག་དུ་ཡོད༔ དཔྱད་ན་རང་ངོར་སྣང་བ་དང་གཞི་ལས་འཕགས་པ་བྱེ་བྲག་ཕྱེད་པ་གསུམ་སྟོབས་ཤུགས་གཉིས་ཀྱི་འབྱུང་རིམ་དང་༔ ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། ལྷག་མ་ལྡོག་སྟོབས་ཤུགས་ཀྱི་ཟུར་ཕྱི་མ་གཉིས་དང་འདེགས་བྱེད་དང་བསྟན་མ་སྟེ་གཞན་གཙོ་ཆེར་དུ་བཅད་དོ༔ གསལ་གཉིས་དང་ཐིག་ལེ་གསང་བ་ལས༔ ཤེས་རབ་མཁའ་ལ་འདེགས་པ་ཡིས༔ མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད༔ ཅེས་དང་༔ ཤེས་རབ་མཁའ་ལ་དེངས་པ་ཡི༔ སྟོབས་ལྡན་ཤུགས་ཀྱིས་བསྐྱོད་པར་བྱེད༔ སྦྱོར་སྐྱེལ་སྐུར་གནས་མི་རྟོག་གསལ༔ ཞེས་སོ༔ དེ་དག་གི་སྨིན་རིམ་དབང་བཙན་དུ༔ གཞི་མི་འགྱུར་བཞིན་དུ་རླུང་ལྔ་ཕྱིར་འཕགས་ཀྱི་ཉུག་ཙམ་ལས་ཡུད་ཙམ་འགྱུའོ་མི་འགྱུའི་ཟེར་གྱི་ཚུལ་དུ་གསང་བའི་འབྱུང་བ་ཡེ་ཤེས་ལྔ་དང་༔ དེའི་རང་མདངས་ནང་འབྱུང་ས་སྲ་བ་མེད་པའི་འོད་སེར་པོ་སོགས་བྱུང་ལ༔ དེ་ལ་མ་འགགས་པའི་ཡེ་ཤེས་ཀྱིས་རང་སྣང་དུ་མཁྱེན་གཟིགས་ཤར་བ་དང་མཉམ་དུ༔ རྩལ་གྱི་སྣང་བ་དང་སྣང་ཡུལ་གཞན་དུ་མ་ཆགས་པར་མི་འཛིན་པའི་ཤེས་རབ་ཀྱིས་བྱེ་བྲག་བྱེད་དེ་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་པར་ལྷག་བྱས་དེའི་དྭངས་མའི་འོད་ལྔའང་འབྱུང༵་བ༵་མ༵་ལ༵་ཞ༵་ནས་ཕྱིར་མཚན་འཛིན་གྱི་སྤྲོས་པ་སངས་བས་ཡུལ་དང་ལུས་གྲོལ༔ དེ་དུས་མཁྱེན་པའི་ཤེས་རབ་ཀྱིས་འགྱུ་བ་རང་ཐོག་ཏུ་ཆོད་དེ་འདེགས་བསྐྱོད་ཤུགས་འཆང་གི་སྡུད་རིམ་གྱིས་ཆོས་དབྱིངས་དང་ཆོས་སྐུ་དབྱེར་མེད་པར་ཞི་བའི་ཡེ༵་ཤེས༵་མཁ༵འ་ལ༵་ཐིམ༵་པ༵་འདི་ཤེས་རབ་སྐུར་སྨིན་པས་ནང་གསལ་གྱི་མཁྱེན་སྤྱན་གཅིག་པར་ལྷུན་གྱིས་གྲུབ༔ ཕྱེད་ཐོག་ཏུ་གྲོལ་བ་གཞི་དང་གཞི་སྣང་རོ་གཅིག་ཏུ་གྱུར་པའི་ཤེས་རབ་མཁའ་ལ་གསལ་བས་ངོ་བོ་ཀ་དག་གི་ས་ལ་བཙན་ས་ཟིན་པས་ཕྱི་གསལ་གྱི་སྤྲོས་པའི་སྐུ་གསུམ་ནང་ན་གསལ་ཞིང་ཕྱིན་ཆད་འཁྲུལ་བ་སྐྱེ་མི་ཤེས་པར་ཆོད་པས་སྐྱེ༵་མེ༵ད་རང༵་ས༵་ཟིན༔ རང་ས་ཟིན་པ་དེ་ལྟ་བུའི་རྡོ་རྗེའི་གདན་ལས་ནམ་ཡང་འགྱུར༵་པ་མེད༵་ཅིང་ཐོབ་ལ་མ་ཉམས་པའི་གཉེན་པོའི་ར༵ང་རྒྱས༵་ཐེབ༵ས་པ་སྟེ༔ སྐུ་གསུམ་ཇ་ལོག་གམ་ཡོ་ལོག་སྟེ་བར་གསལ་གྱི་སྐུ་ཡེ་ནང་དུ་བསྡུས་པའི་དོན་གི་དགོངས་པ་མ་དག་པ་བག་ཆགས་སྙིགས་མ་དང་༔ དྭངས་མ་འོད་གསལ་གྱི་ཡུལ་གཉིས་ལས་གྲོལ་ཏེ་ཡུལ་གསུམ་ཀ་དག་སྤྲོས་བྲལ་གཅིག་ཏུ་འདུས་པ་ཞེས་བྱ་རང་སྣང་ལས་གཞན་སྣང་མེད་ཆུ་བུར་དང་སྤྱན་གསུམ་གཅིག་ཏུ་འཁྱིལ་པ་ཞེས། སྤྲུལ་སྐུ་དང་ལོངས་སྐུའི་ཤེས་རབ་ཀྱི་སྤྱན་གཉིས་ལས་གྲོལ་ཏེ་ཡེ་ཤེས་རང་གསལ་གྱི་ཆོས་སྐུའི་སྤྱན་རྩེ་གཅིག་པ་ཐོབ༔ ལུས་གསུམ་གཅིག་ཏུ་རྫོགས་པ་ཞེས་བག་ཆགས་དང་འོད་ཀྱི་སྦུབས་སམ་ལུས་གཉིས་ལས་གྲོལ་ཏེ་རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུའི་སྦུབས་ལ་གནས་པའོ༔ དེ་དག་ཀུན་ཀྱང་ལུང་གཞན་བྱུང་རྒྱུ་རྐྱེན་ལ་རག་མ་ལུས་པར་རང་སྟོབས་ཀྱིས་མངོན་པར་མཛད་པ་སྟེ༔ དེ་སྐད་དུ་ཡང་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས༔ འབྱུང་བ་མ་ལ་ཞ་བ་ཡིས༔ ས་ཆུ་མེ་རླུང་ནམ་མཁའ་བཞི༔ མཚན་མ་རང་སར་གྲོལ་བར་བྱེད༔ སྲ་གཤེར་ཚ་དང་གཡོ་མཚན་མེད༔ ཡེ་ཤེས་མཁའ་ལ་ཐིམ་པ་ཡིས༔ ཆོས་དབྱིངས་ངང་ན་ཡེ་ཤེས་གསལ༔ རྩལ་སྟོབས་གཞི་ལ་འདུ་བར་བྱེད༔ གཙོ་འཁོར་མི་གཅོད་མི་གཟིགས་གསལ༔ ཤེས་རབ་མཁའ་ལ་གསལ་བ་ཡིས༔ ཐིམ་གསལ་བདག་མེད་ཕྱིར་མི་གསལ༔ སྐུ་གསུམ་ཡེ་ཤེས་ནང་གསལ་སྟོན༔ རིག་པ་རང་ས་ཟིན་པ་ཡིས༔ སྐུ་གསུམ་གཅིག་ཏུ་འདུས་པའི་དགོངས་པ་ལྡན་པ་ཡི༔ དགོངས་པ་འཕོ་འགྱུར་མེད་པར་སྟོན༔ འགྱུར་མེད་འགག་མེད་འདུ་འབྲལ་མེད༔ སྐུ་གསུམ་ཇ་ལོག་དགོངས་པ་ནི༔ ཞེས་པ་ནས༔ དུས་དེར་ཡུལ་གསུམ་གཅིག་ཏུ་འདྲེས༔ རང་བཞིན་རྣམ་དག་སྣང་བའོ༔ ལུས་གསུམ་གཅིག་ལ་རྫོགས་པ་ནི༔ འགྱུར་བ་མེད་པ་རིན་ཆེན་སྦུབས༔ སྤྱན་གསུམ་གཅིག་ཏུ་འཁྱིལ་བ་ནི༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ གྲོལ་བའི་དགོངས་པ་མཐར་ཕྱིན་པའོ༔ཞེས་དང༔ རིན་པོ་ཆེ་སྣང་གསལ་སྤུ་གྲི་ལས༔ དེ་ལས་ཀུན་གཞི་སྤྱི་ཁྱབ་འབྱུང་༔དེ་ལས་འབྱུང་བའི་རང་བཞིན་བྱུང༔ དེ་ལས་འོད་ཀྱི་ཚུལ་དུ་བྱུང༔ འོད་ལ་མ་འགགས་ཟེར་ཤར་བས༔ རྩལ་སྣང་ཡན་ལག་བུ་རུ་གྱུར༔ རྩལ་སྣང་གཞན་དུ་མ་ཆགས་ཏེ༔ སླར་ལ་འོད་ཀྱི་ནང་དུ་ཐིམ༔ འོད་ལ་སྣང་གསལ་བུ་ཐིམ་པས༔ མ་བུ་དབྱེར་མེད་ཡེ་སངས་རྒྱས༔ ཐོག་མའི་རང་སར་རང་ཐིམ་པས༔ འོད་དང་ཟེར་འཕྲད་རང་ས་ཟིན༔ འཁྲུལ་ཆོད་སྐྱེ་མེད་རྒྱ་ཡིས་ཐེབས༔ སྙིང་པོའི་ཀློང་ནས་ཤར་བ་ཡིན༔ ཀུན་ཏུ་བཟང་པོར་ཡེ་སངས་རྒྱས༔ རྒྱུ་རྐྱེན་གཞན་ལས་མ་བྱུང་རྩོལ་བསྒྲུབ་མ་བྱས་པར༔ ཤུགས་འབྱུང་ཐོགས་མེད་ཡེ་སངས་རྒྱས༔ དཔེར་ན་རིན་ཆེན་གསེར་བཞིན་དུ༔ ཀུན་ཏུ་འགྱུར་བ་མེད་པར་གནས༔ དེ་ལྟར་འབྱུང་བ་བཞི་ཡིས་ནི༔ འབྱུང་བ་མ་ལ་ཞ་བ་དང་༡༔ ཡེ་ཤེས་དབྱིངས་སུ་ཐིམ་པ་དང་༢༔ ཆོས་ཉིད་མ་དང་འཕྲད་པ་དང་༣༔ སྐྱེ་མེད་རང་ས་ཟིན་པ་དང་༤༔ འགྱུར་མེད་རྒྱ་ཡིས་ཐེབས་དང་ལྔས་༥༔ བརྗོད་མེད་དབྱིངས་སུ་མངོན་སངས་རྒྱས༔ ཐོག་མ་གཞི་ཡི་སངས་རྒྱས་ཡིན༔ ཞེས་སོ༔
གསུམ་པ་བཟང་བྱས་རྩོལ་སྒྲུབ་དང་བྲལ་བར་དོན་བསྡུ་བ་ནི༔ དེ་ལྟར་ཁྱད་ཆོས་དྲུག་གམ་རང་བྱུང་གི་ཆོས་ཚུལ་དེ་དག་གིས་གྲོལ་བའི་འབྲས་བུ་ལྷུན་གྱིས་གྲུབ་པའང༔ ངོ་བོ་ཀ་དག་གི་རང་ས་ཟིན་པ་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་ཀྱི་རང་ས་ཟིན་པ་ལོངས་སྐུ༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རང་ས་ཟིན་པ་སྤྲུལ་སྐུ་སྟེ་གསུམ་གྱིས་རྒྱུ་བདག་ཉིད་གཅིག་པ༔ རྐྱེན་ལྷན་ཅིག་སྐྱེས་པ༔ རྣམ་པ་ཀུན་ཏུ་རྟོག་པ་གསུམ་བཅོམ་ནས་སྤངས་ཏེ་རྣམ་རྟོག་རང་སར་གྲོལ་ཞིང་ཡེ་ཤེས་ཀྱི་རླུང་འགྱུ་བས་ཡིད་རྟོག་སྐྱེ་མ་ནུས་པར་རང་སངས་ནས༔ རང་ལ་གནས་པའི་སྐུ་གསུམ་སོ་སོའི་ཡེ་ཤེས་ཀྱི་ངང་མདངས་རྒྱས་པའི་རྟོགས་པ་ཁྱད་པར་ཅན་གྱིས་བུ་མ་ཐོག་ཏུ་ཐིམ༔ ཡན་ལག་རང་ངོ་ཤེས་ནས་བྱང་ཆུབ་བརྙེས་པ་ལས་གཞན་ནས་བཟང་བྱས་རྩོལ་སྒྲུབ་ཀྱིས་འབྲས་བུ་ཐོབ་པ་མིན་པའི་དཔེར་ཉི་མས་པདྨོ་ཕྱེ་བ་ལས་དེའི་ནང་གི་སྐུ་མངོན་དུ་གྱུར་པ་བཞིན་ཏེ༔ གཞན་དུ་སུས་ཀྱང་རྒྱས་སུ་མ་བཅུག་པར་རང་ཉིད་རང་གིས་རྒྱས༔ རང་གིས་རང་རྟོགས་པས་གྲོལ་བ་ཉིད༔ རིན་ཆེན་བཅུད་ཐིག་ལས༔ ངོ་བོ་ཀ་དག་ཡེ་ཤེས་ཀྱི༔ རང་ས་ཟིན་པ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱི༔ རང་ས་ཟིན་པ་ལོངས་སྤྱོད་སྐུ༔ ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་ཀྱི༔ རང་ས་ཟིན་པ་སྤྲུལ་པའི་སྐུ༔ གསུམ་དུ་དབྱེར་མེད་མཐའ་སྟོང་པས༔ རང་ས་ཟིན་པ་ངོ་བོའི་སྐུ༔ ཐོག་མའི་གནས་ལུགས་མིང་མེད་ཀྱི༔ རང་ས་ཟིན་པ་མངོན་བྱང་ཆུབ༔ ཅེས་དང་། བྱ་བཙལ་གང་གིས་ཕན་པ་མ་ཡིན་ཏེ༔ རང་སར་རང་ཉིད་ཐིམ་པ་ཡིན༔ ངང་ཉིད་ངང་གིས་གྲོལ་བ་ཡིན༔ རང་ཉིད་རང་རྟོགས་གྲོལ་བ་ཡིན༔ སྤངས་ལེན་དགག་སྒྲུབ་ཕན་པ་མིན༔ རྣམ་རྟོག་སངས་བས་ཡེ་ཤེས་རྒྱས༔ སུས་ཀྱང་རྒྱས་སུ་མ་བཅུག་གོ༔ རང་ཉིད་རང་གིས་རྒྱས་པ་ཡིན༔ རང་ཉིད་རང་གིས་རྟོགས་པ་ཡིན༔ ཞེས་དང་༔ དེ་ཚེ་ཀུན་བཟང་ཆོས་དྲུག་གི༔ གཞི་ཤེས་མ་རིག་གསུམ་བཅོམ་ནས༔ ཆོས་འདས་ཐོག་མར་ཡེ་སངས་རྒྱས༔ ཞེས་དང་༔ གཟུང་འཛིན་རྩད་གཅོད་ཀྱི་རྒྱུད་ལས༔ གཞི་ཡི་རང་བཞིན་མིང་མེད་མཉམ་པ་ལ༔ རྩལ་སྣང་མ་འགགས་ཡན་ལག་ཟེར་ཤར་བའི༔ ཡེ་ཐོག་སངས་རྒྱས་རྣམས་ཀྱིས་བཟང་མ་བྱས༔ ཡེ་ཤེས་རླུང་འགྱུས་ཡིད་རྟོག་སྐྱེ་མ་ནུས༔ རིག་པ་ཟེར་ལ་ཐིམ་པས་བཅད་མ་ནུས༔ རྩལ་སྣང་མ་འགགས་ཡན་ལག་གཞི་ཐིམ་པའི༔ རྩལ་སྣང་གཞི་ལ་ཐིམ་པས་ཐོག་མར་ཡེ་སངས་རྒྱས༔ ཞེས་དང་༔ སྔ་མ་ལས༔ ཡེ་ཤེས་འཆར་སྒོ་བྱེ་བས་མ་རིག་འཁྲུལ་སྒོ་བསྡམས༔ ཞེས་སོ༔ ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་མ་བྱས་པར་མངོན་པར་སངས་རྒྱས་འདི་བཞིན་ཕྱི་རབས་ཀྱང་གཞི་སྐུ་གསུམ་རང་ཆས་སུ་བཞུགས་པ་དང་གཞི་ཤེས་ཀྱི་ཁྱད་པར་དེ་རང་ངོ་ཤེས་ཏེ་འཁྲུལ་རྟོག་གཞན་དུ་མ་འཁྲུལ་བ་ལས་ཤེས་རབ་ཀྱི་གྲོལ་བའི་ཚུལ་ཤེས་ན་གདོད་རྫོགས་ཆེན་མྱུར་ལམ་དུ་ཡིད་ཆེས་པས༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ གཞི་དང་གཞི་ཤེས་ཁྱད་པར་ལས༔ འཁོར་འདས་གཉིས་སུ་གྱེས་པ་སྟེ༔ དགེ་བ་རྡུལ་ཙམ་མ་བྱས་པར༔ དེ་ཉིད་ཡེ་ནས་མངོན་སངས་རྒྱས༔ སྡིག་པ་སྤུ་ཙམ་མ་བྱས་པར༔ སེམས་ཅན་ཁམས་གསུམ་འཁོར་བར་འཁྱམས༔ ཞེས་དང་༔ དགོངས་པ་བཀའ་བསྒྲོས་ལས༔ དེ་ཚེ་ཀུན་བཟང་ཆོས་དྲུག་གི༔ གཞི་ཤེས་མ་རིག་གསུམ་བཅོམ་ཏེ༔ ཞེས་པ་དག་གི་ལྟར་རོ༔
དོན་གཉིས་པ་ལྷུན་གྲུབ་ཡོན་ཏན་རྒྱ་མཚོ་ཇི་ལྟར་རྫོགས་པའི་ཚུལ་ནི༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་ལྷུན་གྱིས་གྲུབ་པར་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུ་ལ་ཡེ་ཤེས་མངོན་གྱུར་ཆེན་པོའི་ཆོས་སྐུ་རོ་མཉམ་དབྱེར་མེད་དུ་འབྱམས་ཀླས་པ་ཞེས་བྱ་སྟེ༔ དེ་ཡང་ནང་གསལ་གྱི་སྐུ་གསུམ་ཡེ་ཤེས་རིན་པོ་ཆེའི་བདག་ཉིད་སྟོང་གསལ་དབྱེར་མེད་སྐྱེ་འཆི་འཕོ་འགྱུར་དང་བྲལ་བ་གཞོན་ནུ་བུམ་པ་སྐུའི་ཚུལ་དུ་བཞུགས་པ་ཉིད་ལས་གཞན་སྣང་ལོངས་སྤྱོད་དང་སྤྲུལ་པ་རྩོལ་མེད་དུ་རང་འཆར་བའི་གཞིར་མངོན་སུམ་དུ་གསལ་བས་བརྗིད་ཆེ་བ་སྟེ༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཡེ་རྫོགས་ཡེ་ཡིན་སྐུ་གསུམ་ལ༔ ཆོས་ཀྱིས་དེ་ལ་བཅོས་སུ་མེད༔ གྲུབ་མཐའ་ཡེ་ནས་སྐྱོན་དང་བྲལ༔ དུག་ལྔས་ཡེ་ནས་གོས་པ་མེད༔ འཁོར་འདས་འདུ་འབྲལ་ག་ལ་ཡོད༔ མངོན་སུམ་གསལ་བས་བརྗིད་རེ་ཆེ༔ ཞེས་སོ༔ གསུང་ནི་སྒྲ་ཚིག་གི་བརྗོད་པ་ལས་འདས་བཞིན་དུ་ཡེ་ཤེས་སྒྲར་སྣང་ཆོས་ཉིད་སྐྱེ་བ་མེད་པའི་དོན་ངོ་སྤྲད་ཅིང་ཡང་དག་རིག་པའི་བྱང་ཆུབ་ཆེན་པོ་གྲགས་སྟོང་དབྱེར་མེད་རྒྱུན་མི་ཆད་དུ་རང་སྒྲ་ཡན་ལག་བཞིའི་རླུང་གིས་ཤེས་རབ་མཁའ་ལ་གསལ་བའི་བྱེད་པ་ཅན༔ གཞན་སྣང་གསུམ་གཞན་པོ་གཉིས་ཀྱི་འཆར་གཞི་མ་འགགས་པར་བཞུགས་པས་ན༔ སྒྲོན་མ་འབར་བ་ལས༔ དེ་ཡི་གསུང་གི་གནས་ལུགས་ནི༔ ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ༔ རིག་པའི་ཀློང་ན་འཆར་གཞི་མ་འགགས་གསལ༔ ཞེས་དང་༔ གསུང་གི་དངོས་པོ་མི་མངའ་བར༔ བསྟན་པ་མ་ལུས་ཀུན་ལ་གསལ༔ ཞེས་དང་༔ ཀློང་ཆེན་ལས༔ ཆོས་སྐུ་ངོ་སྤྲོད་དྭངས་རེ་སྤྲོ༔ ཞེས་སོ༔ ཐུགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲོག་རླུང་གི་ངོ་བོ་གཞི་ལ་གནས་པའི་ཡེ་ཤེས་གསུམ་གྱི་རྒྱ་མདུད་གཅིག་ཏུ་འདྲིལ་ཞིང་ཕྱོགས་ལྷུང་མེད་པའི་ཤེས་རབ་སྙིང་པོ་ཡེ་ཤེས་ལྔ་དང་ཕྱི་གསལ་རྣམ་པ་ཐམས་ཅད་མཁྱེན་པའི་ཇི་ལྟ་ཇི་སྙེད་ཀྱི་འཆར་གཞི་སྐུ་ལྔའི་མཆོད་རྟེན་ལ་ཡེ་ཤེས་ལྔའི་བང་རིམ་དང་ལྡན་པར་བརྩེགས་ལེགས་པ་སྟེ༔ རབ་འབྱམས་ལས༔ སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས༔ ཞེས་དང་༔ སྒྲོན་མ་འབར་བ་ལས༔ དེ་ཡི་ཐུགས་ཀྱི་གནས་ལུགས་ནི༔ སྲོག་རླུང་རང་གི་ངོ་བོས་སྟེ༔ ཕྱོགས་ལྷུང་མེད་པའི་ཤེས་རབ་མེ་སྟག་ལྟར༔ སྙིང་པོའི་སྙིང་པོ་ཡེ་ཤེས་ལྔར་བཞུགས་སོ༔ ཞེས་དང་༔ རང་ཤར་ལས༔ རིན་པོ་ཆེ་འབྲས་བུའི་མཐའི་གྲོལ་ས་ན་སོ་སོར་ཕྱེ་རུ་མེད་པར་སྐུ་གསུམ་རོ་གཅིག་ཏུ་འགྱུར་བས་རྒྱ་མདུད་གསུམ་པོ་ནི་འདྲིལ་ལེགས༔ ཞེས་སོ༔ ཡོན་ཏན་ལྔ་ནི༔ ཀ་དག་མཐའ་དབུས་མེད་པའི་སྣང་སྲིད་གཞིར་བཞེངས་ཀུན་ཤོང་ཆེན་པོའི་དབྱིངས་དཔང་མཐོ་བའི་ནམ་མཁའ་ལ༔ རང་བཞིན་ལྷུན་གྲུབ་འོད་གསལ་ལྔའི་ངང་གདངས་མ་འདྲེས་མཉམ་སྣང་བརྡལ་བའི་ཐང་ཡངས་པའི་ཞིང་ཁམས་སུ་གསལ་བའང་༔ རབ་འབྱམས་ལས༔ སྣང་སྲིད་གཞིར་བཞེངས་དཔང་རེ་མཐོ༔ ངོ་བོ་ཟང་ཐལ་ཡངས་པ་ཆེ༔ ཞེས་སོ༔ དེར་མ་བཀོད་རང་ཤར་གྱི་གཞལ་ཡས་ཁང་རྒྱ་ཚད་དང་བྲལ་ཞིང་གཏིང་གསལ་བྲིས་ལེགས་པའི་ཕྱི་ནང་ཐམས་ཅད༔ རིག་པ་འོད་ཀྱི་ཁང་བ་ཅན་གྱི་འོད་མཐའ་མེད་པའི་སྣང་བ་ལྷུན་སྟུག་པོའི་རང་གསལ་ཞིང་དག་པའི་དྲྭ་བས་དཀྲིགས་པ་ངོ་མཚར་ཆེན་པོའི་ཀློང་དེར༔ ཕྱིན་ཆད་འཁྲུལ་མི་ཤེས་པའི་དབྱིངས་ཆོས་ཉིད་རང་ས་ཟིན་པའི་ཁྱད་པར་འཕགས་པའི་གདན་ཁྲི་ལ༔ འབད་མེད་རང་རྫོགས་ཀྱི་ལོངས་སྤྱོད་རྒྱ་ཆེ་བ་ལ་རྟག་ཏུ་དགྱེས་དགུར་རོལ་བའི༔ སྟོན་པ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཀུན་བཟང་ཡབ་ཡུམ་སྟངས་དཔྱལ་དུ་བཞུགས་པ༔ ཀློང་ཆེན་རབ་འབྱམས་ལས་འཁྲུགས་པ་བསྡེབས་ཏེ༔ མ་བཀོད་རང་ཤར་བྲིས་རེ་ལགས༔ ཞེས་དང་༔ སྣང་བ་སྣ་ཚོགས་ལྷུན་རེ་སྡུག༔ རིག་པ་རང་སྣང་འོད་རེ་གསལ༔ ཞེས་དང་༔ རང་ཤར་ལས༔ རིན་པོ་ཆེ་རྡོ་རྗེའི་གདན་ལ་འགྱུར་བ་མེད༔ ཅེས་དང་༔ རབ་འབྱམས་ལས༔ འབད་མེད་རང་གསལ་རྒྱ་རེ་ཆེ༔ ཞེས་དང་༔ སྟོན་པ་ཀུན་འབྱུང་ངོ་མཚར་ཆེ༔ ཞེས་དང་༔ གསང་སྐོར་སྒྲོན་མ་འབར་བ་ལས༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི༔ བྱེ་བྲག་བསམ་གྱིས་མི་ཁྱབ་འཆར༔ ཞེས་སོ༔ ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་སྟེ་འཁོར་འདས་ཀུན་གྱི་སྔོན་རོལ་ནས་སངས་རྒྱས་ཏེ་རྒྱལ་འགྲོ་ཐམས་ཅད་བས་ལམ་སྟོན་དུ་ཤར་བའི་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པ་གང་འདུལ་ཚུལ་གྱིས་སྒྱུ་འཕྲུལ་འགྲན་ཟླ་མེད་ལ་མངའ་བརྙེས་པས་སོ༔ དེ་ཡང་རང་ཤར་ལས༔ རིན་པོ་ཆེ་སྟོང་བའི་ལམ་ལ་ཐུག་པ་མེད༔ ཅེས་དང་༔ རབ་འབྱམས་ལས༔ ཐུགས་རྗེ་ཀུན་འབྱུང་སྐྱིད་རེ་ཆེ༔ འཁོར་འདས་གཉིས་པོ་འབྲེལ་རེ་མཁས༔ ཞེས་སོ༔
གསུམ་པ་ཐུགས་རྗེས་གཞན་ལ་ཕན་པ་ནི༔ ཆོས་སྐུ་ཉིད་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་ཀྱི་སྒོ་ལས་འགྲོ་བའི་སྣང་ཚུལ་དང་བསྟུན་པའི་ཕན་བདེ་བསྒྲུབ་པར་མཛད་དེ༔ འོད་དང་སྐུར་སྣང་བའི་རྩལ་ལས་ལོངས་སྐུ་དང་༔ དེ་ལས་ཚངས་ཆེན་གྱི་བསྐལ་པ་བཀོད་དེ་རང་བཞིན་སྤྲུལ་སྐུ་དང་༔ མ་དག་འཁོར་བའི་སྒོ་ལས་སེམས་ཅན་གྱི་སྣང་བ་དང་མཐུན་པའི་སྟོན་པ་སྤྲུལ་སྐུ་རྣམ་པ་བཞི་སོགས་བསྟན་ནས་འཁོར་བ་སྟོངས་པར་མཛད་དེ་སྲིད་ཞིའི་གདུང་བ་མཐའ་དག་ལྷག་མ་མེད་པར་བཅིལ་ནས་བདེ་ཆེན་འཕོ་འགྱུར་མེད་པའི་ས་ལ་སྦྱོར་བའི་བར་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའོ༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ ཕྲིན་ལས་ཀུན་ཏུ་བཟང་པོ་མ་བཙལ་ལྷུན་གྱིས་གྲུབ༔ ཅེས་སོ༔ སྔ་མ་ནི་ནང་གསལ་ཕྲིན་ལས་ཀྱི་འཆར་གཞིར་རྫོགས་པ་དང་༔ ཕྱི་མ་ནི་ཕྱི་གསལ་སེམས་ཅན་ལ་ཕན་ཆས་བཞག་པ་ཡིན་པས་བཟློས་པར་མི་འགྱུར་རོ༔
དོན་གཉིས་པ་མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལ༔ འཁྲུལ་བའི་གཞི་བཤད་པ་དང་༔ དེ་ལས་འཁྲུལ་བའི་ཚུལ་བཤད༔ འཁྲུལ་བའི་འབྲས་བུ་བཤད་པ་དང་གསུམ་ལས༔ དང་པོ་ལ་བསྡུས་པའི་གསུམ་དང་༔ འཁྲུལ་བའི་གཞི་ལྔར་བཤད་པ་ལས༔
དང་པོ་ནི༔ སྔར་བཤད་པ་ལྟར་གྱི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལས་སྐྱོན་དུ་སྣང་བའི་ཆར་སོང་ནས་འཁྲུལ་ཏེ་དབྱིངས་དང་ཡེ་ཤེས་ཀྱི་ཕྱོགས་རེའི་ལྡོག་ཆའི་འཁྲུལ་གཞིའི་བཞག་ཚུལ་མི་འདྲ་སྟེ༔ ལྷུན་གྲུབ་ངེས་མེད་ཀྱི་གཞི་སྣང་རང༵་བཞིན༵་གས༵ལ་བ༵འི་འོད་ཁ་དོག་སྣ་ལྔ་ཡུལ་དང་ལུས་ཀྱི་འཁྲུལ་གཞི་ཆོས་ཉིད་སྤྲོས་བྲལ་གྱི་ངོ༵་བོ༵་སྟོང༵་པ༵་ཀ་དག་གི་ཡེ་ཤེས་དང་དབྱེར་མེད་པའི་ཆོས་དབྱིངས་ཕྱི་ཡུལ་གྱི༔ རིག་པ་ཐུག༵ས་རྗེ༵་ཀུན༵་ཁྱབ༵་ཀྱི་མཁྱེན་ཆ་བདག་ཉིད་ཆེན་པོ་སྐུ་གསུམ་དབྱེར་མེད་ཀྱི་ཆོས་སྐུ་ནི་ནང་སེམས་ཀྱི་འཁྲུལ་གཞིར་སོང་བ་སྟེ༔ ངེས་དོན་འདུས་པར༔ ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་༔ འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་༔ རིག་པ་སེམས་ཀྱི་འཁྲུལ་གཞིའོ༔ ཞེས་པའོ༔ དེ་ཡང་འདྲ་ཆོས་མཐུན་པ་ཡོད་པའི་འཁྲུལ་གཞིར་འཐད་ཀྱི༔ གཞན་དུ་མི་རྟ་བཞིན་ཐ་དད་པས་ནོར་བ་མི་འབྱུང་བས༔ ཆོས་ཉིད་དབྱིངས་དང་ཡུལ་ལ་རིག་རྟོག་མེད་པའི་ཕྱིར་དང་༔ འོད་ལྔ་དང་ལུས་ཁ་དོག་སོགས་མཐུན་པའི་ཕྱིར་དང་༔ སེམས་དང་རིག་པ་ཐུགས་རྗེ་མཁྱེན་པའི་ཆ་འདྲ་བས་འཁྲུལ་གཞིར་འཐད་པ་དང་བཅས་པར༔ དེ་ཉིད་ལས༔ ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད༔ རིག་མེད་སྟོང་པར་ཆོས་མཐུན་ཕྱིར༔ འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད༔ ཁ་དོག་ལ་སོགས་ཆོས་མཐུན་ཕྱིར༔ རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད༔ ཤེས་པའི་མཁྱེན་ཆ་མ་འགགས་ཕྱིར༔ ཞེས་སོ༔ ཡང་ངོ་བོ་སྐུར་བཞུགས་པས་ལུས་ཀྱི༔ རང་བཞིན་འོད་དུ་ཡོད་པས་ཡུལ་གྱི༔ ཐུགས་རྗེ་མཁྱེན་ཆར་ཡོད་པས་སེམས་ཀྱི་འཁྲུལ་གཞིར་འཐད་དེ༔ འཇོག་ཚུལ་མི་འདྲའོ༔ དེ་བཞིན་དུ་ངོ་བོ་རྟོག་མེད་ཀྱིས་གཟུགས་མེད༔ རང་བཞིན་གསལ་བས་གཟུགས་ཁམས༔ ཐུགས་རྗེ་ལས་འདོད་པའི་ཁམས་སུ་འཁྲུལ་གཞིར་སོང་ངོ་༔ དེ་དག་གི་ལྟར་ཐིག་ལེ་ཀུན་གསལ་ལས༔ འོ་ན་གང་ཞེ་ན༔ རིག་པ་ཀུན་ཏུ་བཟང་པོར་སངས་རྒྱས་ཏེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ༔ ཕའི་རྒྱུ་དང་མའི་རྐྱེན་ལས་མ་བྱུང་སྟེ༔ རང་བྱུང་ལྷུན་གྱིས་གྲུབ་པའོ༔ སངས་རྒྱས་དང་སེམས་ཅན་དབྱིངས་གཅིག་པ་ཞེས་བྱ་སྟེ༔ དེ་ནི་འཁྲུལ་བའི་གཞིའོ༔ འཁྲུལ་གཞི་ལས་འཁྲུལ་བ་དང་༔ མ་འཁྲུལ་བ་བྱུང་བ་ནི༔ སེམས་ཅན་འཁྲུལ་ནས་ལུས་ངག་ཡིད་གསུམ་དུ་གནས་པའི་དུས་ནའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས་པའོ༔ རྟོག་མེད་སངས་རྒྱས་སྐུ་གསུང་ཐུགས་མཐར་ཕྱིན་ཀྱང་༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས་པའོ༔ དེ་ལྟར་ཆོས་ཀྱི་སྐུའི་འཁོར་ནི་རང་བྱུང་ཡེ་ཤེས་ཏེ༔ སྒོ་ལྔ་ཡིད་དང་དྲུག་ནི་རང་བྱུང་ཡེ་ཤེས་ཞེས་བྱ་སྟེ༔ ཡིད་ཀྱི་ཐོག་མར་རྟོག་བྱས་སུ་མ་བྱུང་༔ རྟོག་མེད་དུ་བྱུང་བའི་ཕྱིར་༔ ཡིད་རང་བྱུང་གི་ཡེ་ཤེས་ཞེས་བྱའོ༔ དོན་དེ་ལྟར་སངས་རྒྱས་ཡིན་པ་ལས༔ འཁོར་བ་ཇི་ལྟར་བྱུང་ཞེ་ན༔ འཁྲུལ་གཞི་ཡོད་པ་ལས་འཁྲུལ་བ་བྱུང་སྟེ༔ ཆོས་སྐུ་དངོས་པོ་མེད་པ་ལས༔ ངོ་བོ་གཟུགས་བརྙན་དུ་སྣང་བ་དང་བཅས་པ་སྟེ༔ དེ་ཡང་ཕྱོགས་སུ་རྒྱ་ཆད་པ་མེད་པས༔ སྣང་བ་བསམ་གྱིས་མི་ཁྱབ་པ་ཁྱབ་བརྡལ་དུ་གནས་པ་ལས༔ ཡིད་འགྲོགས་ཏེ་འདི་ལས་ང་བྱུང་ངམ༔ ང་ལས་འདི་བྱུང་སྙམ་པའི་བསམ་པ་དེ་ཙམ་བྱུང་བ་ལས༔ སེམས་ཅན་ཞེས་བྱའོ༔ དེ་ཡང་འཁྲུལ་གཞི་ལ་ཡང་གཉིས་ཏེ༔ ནང་གི་འཁྲུལ་གཞི་ཆོས་ཀྱི་སྐུའོ༔ ཕྱིའི་འཁྲུལ་གཞི་ནི་ཆོས་སྐུ་ལ་ཐ་མི་དད་པའི་ཆོས་དབྱིངས་སོ༔ ནང་དུ་ཆོས་ཀྱིས་སྐུ་ངོ་མ་ཤེས་པས་འཁྲུལ་བ་མ་རིག་པའོ༔ ཕྱིའི་འཁྲུལ་གཞི་ནི་ཆོས་ཀྱི་དབྱིངས་ལ་འཁྲུལ་བ་ནི་ཡུལ་ཐ་དད་པར་བལྟའོ༔ ཞེས་པས་ཆོས་དབྱིངས་ཡུམ་ལྔའི་རང་བཞིན་ལ་ཡུལ༔ རིག་པ་ཆོས་སྐུའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཁམས་གསུམ་ལུས་ངག་ཡིད་དུག་གསུམ་སོགས་ཀྱི་འཁྲུལ་གཞིར་ཡང་གྱུར་བ་ནི༔ ཐག་ཁྲ་སྦྲུལ་གྱི༔ དཀར་པོ་སེར་པོའི༔ རྩི་ཤིང་སྲོག་ཆགས་ཀྱི་འཁྲུལ་གཞིར་སོང་བ༔ ཤེས་པ་རྩིང་བ་དང་༔ བད་ཀན་དང་༔ དྷ་དྷི་ར་ཟོས་པ་ལས་གྱུར་པ་བཞིན་ཡིན་པས་ཕྱིར་ན་འཁྲུལ་གཞི་ཞེས་བྱའོ༔ དེ་ལྟར་འཁྲུལ་གཞི་དེ་དག་ཀྱང་༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དངོས་པོ་མཚན་མ་ཅན་དུ་བཟུང་༔ ཞེས་ཀློང་གསལ་ལས་བྱུང་བའོ༔ མདོར་དྲིལ་ན་ངོ་བོ་སྟོང་བས་གོ་ཕྱེ་ནས་ལྷུན་གྲུབ་ངེས་པ་མེད་པ་ལ་དག་མ་དག་གི་སྒོ་བྱུང་བ༔ ཐུགས་རྗེ་ངེས་པ་མེད་པ་ཉིད་ཀྱི་རྩལ་ལོག་པར་ཤར་ཏེ་མ་རིག་པ་བྱུང་སྟེ་འཁྲུལ་པ་བདག་གཉིས་སུ་བཟུང་བས་ལན་པར་དོན་འདུས་པ་སྟེ༔ མུ་ཏིག་ཕྲེང་བར༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་དང་ཀློང་གསལ་ལས༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་དང་༔ མཛེས་ལྡན་དུ༔ གཞི་མི་འགྱུར་བ་ལས༔ ཐུགས་རྗེ་རང་བཞིན་མ་འགགས་པར་ཤར་ནས༔ ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་བྱུང་སྟེ༔ དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ༔ གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར༔ གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ༔ ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ༔ གཞི་ལྷུན་གྱིས་གྲུབ་པའི་གནས་ལུགས་ཆགས་སོ༔ དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་གཅིག་ཏུ་ངེས་སོ༔ ཞེས་སོ༔ དེ་ཡང་འཁོར་འདས་རྒྱུ༵་གཅི༵ག་པ༵་ངོ་བོ་སྟོང་པའི་ཡེ་ཤེས་ལ་རྒྱུ་བདག་ཉིད་གཅིག་པས་བསླད་པའི་འཁྲུལ་བའི་རྒྱུར་བྱུང་༔ ཡིག༵་འབྲུའི༵་ཚུལ༵་རང་བཞིན་གསལ་བའི་ཡེ་ཤེས་ལྷུན་གྱི་གྲུབ་པ་ལ་ལྷན་སྐྱེས་ཀྱིས་བསླད་དེ་འཁྲུལ་རྐྱེན་དུ་བྱུང་༔ བྱིན༵་གྱི༵་བརླབ༵ས་སུ་བྱུང་བ་ཐུགས་རྗེ་ཀུན་ཁྱབ་ལ་ཀུན་བཏགས་ཀྱི་སེམས་སུ་རྣམ་པར་སྨིན་པས་འཁྲུལ་པའི་འབྲས་བུར་བྱུང་པ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ གཉིས་སྣང་རྟོག་པའི་ཆ་ནས་འཁྲུལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དངོས་སུ་ཡོད་ཀྱང་མ་རིག་པས༔ རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང་༔ ཞེས་སོ༔ རྒྱུ་མཚན་དེས་ན་ལྷན་སྐྱེས་ཀྱི་ཆོས་གསུམ་ལ་བདག་ཏུ་བཟུང་བས༔ ཁམས་གསུམ་ལུས་ངག་ཡིད་དུ་འཁྲུལ་བའི་གཞིར་གྱུར་པའོ༔ དེ་ལྟར་འཁྲུལ་གཞིར་གྱུར་པའང་གཞི་རང་གི་ངོ་བོ་བཟང་ངན་དུ་སོང་བ་ནི་ཅི་ཡང་མེད་དེ་ཐག་ཁྲ་ལ་སྦྲུལ་དང་དུང་ལ་སེར་པོ་སྣང་ཡང་དེ་དག་དེ་ལྟར་འགྱུར་མ་མྱོང་བ་བཞིན་པས་གཞི་སྐྱོན་མེད་ཁོ་ནའོ༔
གཉིས་པ་ནི༔ དེའི་ངོ་བོ་སྟོང་པ་གཞིར་ལྡན་གྱི་ནམ་གཞིར་བཞག་གི་ཡུལ་དང་བདག་ཉིད་ལས་རྣམ་པར་འཕྲུལ་བའི་གཞིར་འགྱུར་ཚུལ་གྱི་འཆད་པ་རང་གི་བླ་མ་དམ་པ་ཕ་གཅིག་བདུད་འཇོམས་པའི་གསུངས་ལྟར༔ གཞི་ཡེ་ཤེས་ལྔ་དང་དེའི་གདངས་ཁ་དོག་ལྔ་ནི༔ ཕྱི་འབྱུང་བ་ལྔ་དང་༔ ནང་བཅུད་ཀྱི་ཕུང་ཁམས་སྐྱེ་མཆེད་ཉོན་མོངས་པ་དག་གི་འཁྲུལ་བའི་གཞིར་ངེས་པས་ན༔ ཀློང་གསལ་ལས༔ གཞི་ཡི་རླུང་དང་རིག་པའི་རྩལ༔ ཤེས་པ་བདག་ཏུ་བཟུང་བའི་སེམས༔ ནང་ནས་ཡེ་ཤེས་ལྔ་ལ་བཟུང་༔ མེ་ལོང་ཡེ་ཤེས་ཆུ་ཡི་གཞི༔ མཉམ་ཉིད་ཡེ་ཤེས་ས་ཡི་གཞི༔ སོར་རྟོགས་ཡེ་ཤེས་མེ་ཡི་གཞི༔ བྱ་གྲུབ་ཡེ་ཤེས་རླུང་གི་གཞི༔ ཆོས་དབྱིངས་ཡེ་ཤེས་ནམ་མཁའི་གཞི༔ ཞེས་གསང་འབྱུང་ཡེ་ཤེས་ལྔ་ལ་འོད་ལས་འདས་པའི་ཆོས་ཉིད་དག་པའི་ཡེ་གདངས་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པ་ལས༔ གཞི་སྣང་གི་དུས་སུ་ཕྱི་ཤར་གྱི་གདངས་འོད་ལྔར་སྣང་བ༔ ལུས་གྲུབ་ཀྱི་དུས་སུ་དྭངས་མ་མི་ཤིགས་པའི་ཐིག་ལེ་ཉིད་འབྱུང་བཞིའི་གཞིར་ཤར་བ་དེ་ནང་འབྱུང་ཡིན་ལ༔ དེ་ལས་ཕྱི་འབྱུང་བ་སྙིགས་མ་ལུས་དང་འབྱུང་བཞི་གཉིས་དངོས་དང་དེ་བྱུང་ངམ་རང་བཞིན་ཀྱི་འོད་ཅེས་ནང་གི་རང་བཞིན་ལས་ཤར་བའི་ནང་འབྱུང་དང་ནང་འབྱུང་ལུས་ཀྱི་གཟུགས་བརྙན་ཕྱི་འབྱུང་གྱི་འོད་དུ་འཁྲུལ་བའི་གཞིར་གྱུར་པ་དང་༔ ནང་ཡེ་ཤེས་མཁྱེན་པའི་དངོས་ལྔ་ལས་ཚོགས་བརྒྱད་ཀྱིས་ཁམས་གསུམ་སེམས་ཅན་དུ་འཁྲུལ་པའི་གཞིར་གནས་པས་ན༔ ཀློང་གསལ་རྒྱུད་སྔ་མ་ལས༔ འབྱུང་ལྔའི་གཞི་མ་དཔེ་ལྔ་ལས༔ རླུང་གི་གཞི་བྱི་བའི་ཁ་རླངས་ཙམ་པ༔ ཆུ་ཡི་གཞི་དཀར་པོ་སྲན་མ་ཙམ་པ། ས་ཡི་གཞི་སེར་པོ་ར་རིལ་ཙམ་པ། མེ་ཡི་གཞི་དམར་པོ་མཐེབ་མོ་ཙམ་པ། མཐིང་ག་ཆོས་དབྱིངས་དང་དབྱེར་མེད་པས་ནམ་མཁའི་གཞི་སྟེ། ཞེས་དྭངས་མའི་འབྱུང་བའི་གཞི་ནི༔ དེ་ཉིད་དུ༔ ཡེ་ཤེས་རང་གདངས་འོད་ལྔ་ལས་དེར་འཛིན་ཞུགས་པས་འབྱུང་བཞིར་གྲུབ༔ ཅེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ ཡེ་ཤེས་ཁ་དོག་འབྱུང་བ་ལྔ༔ གདོད་ནས་ཡེ་ཤེས་རྩལ་ཉིད་དུ༔ འདུ་འབྲལ་མེད་པར་མ་རིག་པས༔ འོད་ཁྱིམ་ཁ་དོག་ལྔ་ལྡན་ལ༔ བརྟག་དཔྱད་བྱས་པས་འབྱུང་ལྔར་འཁྲུལ༔ ཞེས་དང་༔ གཞི་དག་མེ་ལོང་ཡེ་ཤེས་ལ༔ རྟོག་དཔྱོད་བྱས་པས་ཆུ་རུ་འཁྲུལ༔ ཞེས་སོགས་འཁྲུལ་པའི་ཚུལ་འཁྲུལ་འབྲས་ལས་འོག་ཏུ་འབྱུང་བ་བཞིན་ཏེ༔ ཡང་དེ་ཉིད་ནས༔ དེ་ལ་བརྟེན་ནས་ནང་བཅུད་ཀྱི༔ འཁྲུལ་ལུགས་དབྱེ་ན་འདི་ལྟར་ངོ༔ འཁྲུལ་གཞི་ཡེ་ཤེས་ལྔ་ལས་བྱས༔ ཞེས་པའི་དོན་ལ་དགོངས་ཏེ་ནམ་མཁའ་གཞིར་བཞག་པ་ཉིད༔ འབྱུང་བ་རྒྱུར་བལྟ་བའི་མུ་སྟེགས་ཀྱི་ཕྱོགས་སུ་བསླན་པ་རང་གི་ཕ་ཆོས་ལ་བརྒལ་བ་དང་༔ ཆོས་ཆེན་པོ་ལ་བློ་མིག་ཕྲ་བ་དང་༔ ནམ་མཁའ་མིག་གིས་མ་བོར་བས་ཆོག་པར་གསུངས་པ་ལ་སྨོད་པ་ཡང་༔ ཡུལ་འོད་གསལ་འཆར་བ་དང་༔ ཐབས་རྒྱས་འདེབས་ཏིང་འཛིན་ཡིན་པ་གང་ཡང་གཏན་ལ་མ་ཕེབས་པའི་ནང་ཆ་མངོན་པ་ཡིན་ནོ༔
གཉིས་པ་དེ་ལས་འཁྲུལ་ཚུལ་བཤད་པ་ལ༔ མ་རིག་པ་དྲུག་ལས་འཁྲུལ་ཚུལ་གྱིས་སྤྱིར་བཤད༔ རྒྱུ་རྐྱེན་འཁྲུལ་བ་དངོས་དང་བཅས་པས་བྱེ་བྲག་ཏུ་བཤད་པའོ༔ དང་པོ་ནི༔ ཀློང་གསལ་ལས༔ དེ་ཡང་མ་རིག་དྲུག་ལས་འཁྲུལ༔ ཞེས་ཡེ་གཞི་རང་ངོ་མ་ཤེས་པས་མ་རིག་པ་དྲུག་གི་རོལ་པ་ལས་སེམས་བྱུང་༔ སེམས་ཀྱི་རྒྱན་ལས་ཡིད་བྱུང་ནས་མ་དག་སུམ་བརྩེགས་སུ་འཁྲུལ་བ་ཡིན༔ དང་པོ་འཁྲུལ་བའི་རྒྱུ་རྐྱེན་མ་རིག་པ་དྲུག་ནི༔ རྩ་བ་སེམས་ཀྱི་མ་རིག་པ་ཞེས་བདག་ཉིད་གཅིག་པ་ཁྱབ་བྱེད་དུ་ལྡན་པའི་ལྷན་ཅིག་སྐྱེས་པའི་མ་རིག་དངོས་ཡིན་ཏེ༔ རིག་པ་རང་ངོ་མ་ཤེས་པར་སེམས་སུ་བྱུང་བའི་སྙེམས་བྱེད་དེའོ༔ འཁྲུལ་བ་ཡུལ་གྱི་མ་རིག་པ་ནི༔ རིག་པ་གཞོན་ནུ་བུམ་པ་སྐུའི་བྱིན་རླབས་ལས་བྱུང་བའི་འོད་ཀྱི་སྦུབས་དེ་ཉིད་ལ་གཉིས་མེད་རང་སྣང་རང་བཞིན་མེད་པར་རྟོགས་པ་མ་སྐྱེས་ཤིང་ཡུལ་རང་རྒྱུད་པར་བཟུང་བས་མི་མཇེད་ཀྱི་འཇིག་རྟེན་ཆགས་པ་དེའོ༔ འཁྲུལ་གཞི་གཞིའི་མ་རིག་པ་ནི༔ རྐྱེན་བཞིའི་དམིགས་པས་གཞི་འམ་སེམས་རང་གིས་རང་མ་དག་པ་སྟེ༔ ཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུའི་རྨོངས་པས་ཉོན་མོངས་རགས་སུ་སོང་བའོ༔ འཛིན་པ་རྟོག་པའི་མ་རིག་པ་ནི༔ ཡིད་དྲུག་གི་འགྱུ་བྱེད་ཀྱི་ཡེ་ཤེས་རྟོགས་མེད་ལ་བསྒྲིབས་ཏེ་མ་མཐོང་བའོ༔ མི་ཤེས་རྨོངས་པས་མ་རིག་པ་ནི་རང་སྣང་འོད་དུ་ཡོད་པ་མ་ཤེས་ནས་ཡང་ཡང་འཁོར་བར་འཁོར་བ་སྟེ༔ དེ་ལྟར་མ་རིག་པ་དྲུག་གིས་རང་གི་སྣང་བ་ལ་བསྒྲིབས་ནས་འགྲོ་སྒོ་གཉིས་ནོར་བས་འཁྲུལ་བ་སྟེ༔ རང་ཤར་ལས༔ མ་རིག་པ་ཡང་འདི་ལྟ་སྟེ༔ རྩ་བ་སེམས་ཀྱི་མ་རིག་པ་དང་༔ འཁྲུལ་བ་ཡུལ་གྱི་མ་རིག་པ་དང་༔ འཁྲུལ་གཞི་གཞིའི་མ་རིག་པ་དང་༔ འཛིན་པ་རྟོག་པའི་མ་རིག་པ་དང་༔ བཅོས་མ་ལམ་གྱི་མ་རིག་པ་དང་༔ མ་ཤེས་རྨོངས་པའི་མ་རིག་པ་དང་༔ དེ་ལྟར་མ་རིག་པ་རྣམ་པ་དྲུག་དུ་བྱུང་སྟེ་རང་གི་སྣང་བ་མི་མཐོང་ངོ༔ ཞེས་དང་༔ མ་རིག་པའི་རོལ་པ་ལས་སེམས་བྱུང་༔ སེམས་ཀྱི་རྒྱན་ལས་ཡིད་བྱུང་༔ ཞེས་དང་༔
གཉིས་པ་རྒྱུ་རྐྱེན་དངོས་ཀྱི་ཆ་ཤས་ནས་རྒྱས་པར་བཤད་པ་ལ་རྒྱུ་དང་༔ རྐྱེན་དང་༔ དེ་ལས་འཁྲུལ་བ་དངོས་བཤད་པ་གསུམ་གྱི་དང་པོ་ནི༔ རྒྱུ་མ་རིག་པ་གསུམ་གྱིས་བྱས་པ་སྟེ༔ ཐལ་འགྱུར་ལས༔ འཁྲུལ་བའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ ཞེས་པས་དེ་ཡང་ངོས་འཛིན་སོ་སོའི་རྒྱུད་ཚིག་ལྟར་རིག་འཛིན་རྣམས་ཀྱིས་མཛད་ཀྱང་ཁོ་བོས༔ ངོ་བོ་སྟོང་པ་ཀ་དག་གི་ཡེ་ཤེས་བདག་མེད་ཆེན་པོ་རང་ངོ་མ་ཤེས་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་སྲིད་པའི་རྩ་བ་བདག་ཏུ་བརྟགས་པ་ཕྲ་བ་དང་༔ བདག་ཡོད་ན་དེ་དང་ལྷན་ཅིག་སྐྱེས་པའི་ཚུར་རི་ལ་ལྟོས་པའི་ཕ་རི་བཞིན་དུ་གཞིའི་རང་བཞིན་གསལ་བའི་ལྷུན་གྲུབ་ལ་ཆོས་སམ་ཡུལ་དུ་རྨོངས་ཤིང་གཞན་དུ་རྟོག་པ་ཡིད་དུ་འགྱུས་པ་ཕྲ་བའང་འབྱུང་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༔ དེ་གཉིས་སུ་རྟོག་པ་ཡོད་ཕྱིན་སོ་སོར་མིང་བཏགས་དོན་བཟུང་དངོས་པོ་ལྟ་བས་ཀུན་ཏུ་རྟོག་པའི་ཆར་སོང་བའི་མ་རིག་པ་སྟེ༔ གསུམ་པོ་དེ་འཁོར་བར་འདུ་བྱེད་པའི་རྒྱུ་ཡིན་པས་ན་དཔེར་ན་མིག་ཤེས་འཁྲུལ་བ་ཉིད་ཟླ་གཉིས་དང་རབ་རིབ་ཀྱི་རྒྱུ་ཡིན་པ་བཞིན་ཏེ༔ ཐལ་འགྱུར་ལས༔ བདག་ཉིད་གཅིག་པས་འཁྲུལ་རྩ་བྱས༔ ལྷན་ཅིག་སྐྱེས་པའི་རྟོག་པ་གཉིས༔ ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར༔ ཅེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ དེ་ཡང་གསུམ་ཡིན་ཀུན་ཏུ་བརྟགས༔ ལྷན་ཅིག་སྐྱེས་དང་ང་བདག་ཅན༔ ཀུན་གྱི་རྒྱུ་ནི་གཅིག་པ་སྟེ༔ ཞེས་དང་༔ ཀློང་གསལ་ལས༔ རྒྱུ་དང་རྐྱེན་གཉིས་ཚོགས་པའོ༔ རྒྱུ་རྐྱེན་རྣམ་པ་གསུམ་གསུམ་ལས༔ ཞེས་པ་ཀྱང་བདག་ཉིད་གཅིག་པ་བདག་རྟོག་ལྷན་སྐྱེས་གཞན་རྟོག་ཀུན་བཏགས་དེར་རྟོག་གསུམ༔ བདག་པོའི་ཐུགས་རྗེའི་ཡེ་ཤེས་གཞན་རྐྱེན་མ་རིག་པ་རྐྱེན་དམིགས་པའི་འོད་དང་ཤེས་པའི་རྟོག་ཆ་གཉིས་རྐྱེན༔ ཞེས་སོ༔ འདི་དང་རྒྱུད་བཅུ་བདུན་ནས་བཞག་ཚུལ་གྱི་ཚིག་གདོང་གཏད་ལ་འགལ་བར་བལྟ་མི་རུང་སྟེ་རྒྱུད་སྡེའི་དགོངས་པ་མཐར་ཐུག་ཆུ་བོ་གཅིག་འདྲེས་སུ་ཡེ་ཤེས་ཀྱི་ཀློང་དུ་འདུམ་པས་སོ༔ དེ་ཡང་བདག་ཉིད་གཅིག་པ་རྒྱུ་ཡིན་པ་དང་བདག་རྟོག་ཕྲ་བ་ཡོད་པར་སྔར༔ ང་བདག་ཅན་ཀུན་གྱི་རྒྱུ་ནི༔ ཞེས་དང་༔ ཀློང་གསལ་རྒྱུད་ཕྱི་མ་ལས༔ རྟོགས་དང་མ་རྟོགས་གཉིས་བར་དུ༔ ཁྱད་པར་ཅི་ཡང་མི་འདུག་པས༔ བདག་ལ་དེར་རྟོག་དེར་བཟུང་སྟེ༔ ཞེས་གསུངས་པ་དང་༔ བཅུ་བདུན་རྒྱུད་ལྟར་ལྷན་སྐྱེས་ཀྱང་ངོ་མ་ཤེས་པའི་ལྡོག་པ་ཙམ་དུ་བཞག་པ་ལས་ལྷག་པར་འཁོར་འདས་ཀྱི་སྣང་ཆ་གཉིས་སུ་བྱུང་བ་དང་༔ སྣང་བ་མ་ཟད་འོད་སྣང་ལ་ཡུལ་འཛིན་ཡོད་པས་ང་ལས་ཕ་གི་བྱུང་ངམ༔ ངས་སྣང་བ་ཡིན་སོགས་དཔྱོད་པ་ཡོད་པར༔ རབ་འབྱམས་ལས༔ རིག་པ་ཉིད་ལས་ཡིད་དུ་འགྱུས༔ ལྷན་ཅིག་སྐྱེས་པའི་མ་རིག་ཟེར༔ ཞེས་དང་༔ འོད་ཁྱིམ་ཕ་གི་ང་ཡིན་ནམ༔ ཕ་གི་ང་ལས་བྱུང་ངམ་ཅི༔ ང་ཉིད་ཕ་གི་ཡིན་ནམ་ཅི༔ གཉིས་འཛིན་རྟོག་པའི་ངོ་བོར་བསླད༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ རང་སྣང་རང་གིས་མ་རིག་པས༔ ལས་ཀྱི་རླུང་ཉིད་ཁ་དོག་གསལ༔ ལྷན་སྐྱེས་མ་རིག་ཞེས་སུ་བྱུང་༔ སྐྱེས་ཡུལ་ཆོས་སྐུའི་ཀློང་ལས་སྐྱེས༔ སུ་ཡིས་སུ་ཉིད་མ་རིག་ན༔ དཔེར་ན་མེ་ལོང་དཀྱིལ་འཁོར་ལ༔ བདག་པོ་རང་གིས་བལྟས་པ་ཡི༔ རང་གཟུགས་ཡིན་པར་མ་ཤེས་ཏེ༔ འོད་བྱད་ཡུལ་སྣང་སོ་སོར་བཟུང་༔ འོད་བྱད་བལྟ་མཁན་རྟོག་པ་བཞི༔ དུས་ལ་སྔ་ཕྱི་མེད་པའི་དཔེ༔ དོན་ནི་ནམ་མཁའ་སྟོང་པ་ལ༔ རིག་དང་མ་རིག་འོད་སྣང་དང་༔ རིག་པའི་ཡེ་ཤེས་རྩལ་ཉིད་རྣམས༔ སྔ་ཕྱི་མེད་དེ་ལྷན་ཅིག་སྐྱེས༔ རྒྱུ་བདག་གཅིག་པའི་ཁྱབ་བྱེད་དུ་ལྡན་ལྷན་སྐྱེས་ནི༔ གཉིས་མེད་རང་མདངས་མ་ཤེས་པས༔ ཕྱི་ནང་སོ་སོར་བཟུང་པས་བཅིངས༔ ཞེས་སོ༔
གཉིས་པ་འཁྲུལ་བའི་རྐྱེན་ནི་བཞི་སྟེ༔ རབ་འབྱམས་ལས༔ རྒྱུ་ཡི་རྐྱེན་དང་དམིགས་པའི་རྐྱེན༔ མཚུངས་པའི་རྐྱེན་དང་བདག་པོའི་རྐྱེན༔ ཞེས་དང་༔ ཀློང་གསལ་ལས༔ རྐྱེན་བཞི་འདུས་པས་འཁྲུལ་བ་ཡིན༔ ཞེས་སོ༔ དང་པོ་རྒྱུའི་རྐྱེན་ནི༔ ཀློང་གསལ་ལས༔ རང་རིག་ཡེ་ཤེས་ཟང་ཐལ་ལ༔ བདག་དང་གཞན་དུ་འཛིན་པའི་སེམས༔ མ་རིག་པ་ནི་རྒྱུ་ཡི་རྐྱེན༔ ཞེས་མ་རིག་པ་གསུམ་དུ་འདུས་པ་ནི༔ གཞ༵ན་རྐྱེན༵་གློ་བུར་ཞེས་སྒྱུ་འཕྲུལ་ལས་བཏགས་པའི་གཞིར་གསུངས་པ་ཉིད་དེ༔ འཁོར་བའི་འཁྲུལ་སྣང་སྣ་ཚོགས་པའི་རྩ་བ་དེ་ལ་ཐུག་པའི་ཕྱིར་རོ༔ ཀུན་མཁྱེན་པས༔ རྒྱུའི་རྐྱེན་ལྟར་མ་རིག་པ་གསུམ་འདུས་པ་ལས་བྱས་ཏེ༔ ཞེས་པའོ༔ བད༵ག་པོའི་རྐྱེན༵་ནི་རིག་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་ཀྱི་རྩལ་ངེས་པ་མེད་པས་བྱས་པ་སྟེ༔ འོད་དང་རིག་པ་ཆོས་ཉིད་གསུམ་དུ་དེ་ལ་རྟོགས་ཤིང་མིང་བཏགས་དོན་བཟུང་དངོས་པོར་བལྟས་ནས་འཁྲུལ་བ་ལ་དབང་བས་སོ༔ དམི༵གས་པའི་རྐྱེན༵་ནི་འོད་སྣང་དང་ཤེས་པའི་འཛིན་ཆའི་རང་གདངས་སྣ་ཚོགས་ཏེ༔ དེ་ཕྱིར་སྣང་བ་དུས་ལ་ལྟོས་ནས་འོད་ཤར་བར་མ་ཤེས་པས་དེར་འཛིན་བདག་རྟོག་གི་སྙེམས་བྱེད་དུ་འབྱུང་རྐྱེན་ལས་འབྲས་བུ་མཐར་ཐུག་པ་མེད་པའི་རྐྱེན་ཕྱི་ནང་སྣ་ཚོགས་པར་བྱས་པས་སོ༔ དེ་དག་ཀྱང་ཀློང་གསལ་ཀྱི་རྒྱུད་སྔ་མ་ལས༔ རྐྱེན་ལ་དེ་བཞིན་རྣམ་པ་གསུམ༔ བདག་རྐྱེན་གཞན་རྐྱེན་དམིགས་པའི་རྐྱེན༔ ཞེས་པ་ལྟར་རོ༔ ཡང་གཞན་དུ་འཁོར་འདས་རྒྱུ་གཅིག་པའི་ཆོས༵་ཉིད༵་ཀུན་ཏུ་འགྲོ་བ་ལྷན་སྐྱེས་ཀྱི་ཆོས་གསུམ་འདུ་འབྲལ་མེད་པའི་རོལ་བ་གཞི་སྣང་ལྷུན༵་གྲུབ༵་ངེས་མེད་ལ་མ་རིག་པས་བསླད་པའི་འཁྲུལ་བའི་འབྲས་བུ་དུ་མ་སྣ་ཚོགས་པའི་རྒྱུར་འཁྲུལ་བ་སེར་པོའི་རྒྱུའི་དུང་དཀར་བཞིན་ནོ༔དེ་དག་ཀྱང་༔ ཐལ་འགྱུར་ལས༔ རྒྱུ་གཅིག་འབྱེད་མེད་རྩ་བ་སྟེ༔ རང་ངོ་ཡིན་པར་མ་ཤེས་ཏེ༔ འདི་ནི་འཁོར་བའི་ཐོག་མའོ༔ ཞེས་པའི་དགོངས་པའོ༔ འདི་ལས་འགྲེལ་ཚུལ་དང་རྒྱུད་སྡེའི་ཚིག་བརྗོད་ཀྱི་རིམ་པ་གཞན་ངོ་བོའི་གདངས་སྟོང་བས་གོ་འབྱེད༔ རང་བཞིན་གྱི་འོད་གདངས་ལ་རྒྱུའི་རྐྱེན་དུ་མཛད༔ དམིགས་རྐྱེན་ཐ་དད་གཟུང་འཛིན་གྱི་རྟོག་པ་ལ་བཟུང་བའང་གདོང་གཏད་དུ་ཀློང་གསལ་གྱི་ལུང་དང་ཅུང་མི་འདྲ་ཡང་འོད་གདངས་ཆོས་ཉིད་ཀྱི་རང་མདངས་སམ་འབྲས་བུ་ཡིན་པས་ངོ་བོ་གཅིག་པ་དང་༔ དེ་མ་རིག་པ་ཉིད་འཁོར་བའི་རྒྱུའི་རྐྱེན་ཐོག་མ་ཡིན་པའི་གནད་ཀྱིས་གསུམ་པོ་གང་ལ་རྒྱུ་རྐྱེན་བཟུང་ཡང་མི་འགལ་བས༔ ཀློང་གསལ་ཕྱི་མ་ལས༔ རྒྱུ་ཡི་རྐྱེན་ནི་ལྷུན་གྲུབ་དང་༔ དམིགས་པའི་རྐྱེན་ནི་འོད་སྣང་ཉིད༔ བདག་པོའི་རྐྱེན་ནི་ཐུགས་རྗེ་ལ༔ དེ་གསུམ་དུས་གཅིག་མཚུངས་པས་ན༔ མཚུངས་པ་དེ་མ་ཐག་པའི་རྐྱེན༔ ཞེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ རྒྱུ་ཡི་རྐྱེན་ནི་ཆོས༵་ཉིད༵་དང་༔ དམིགས་པའི་རྐྱེན་ནི་འོད་སྣང་ཉིད༔ བདག་པོའི་རྐྱེན་ནི་རིག་པ་ཉིད༔ དེ་གསུམ་དུས་སྙོམས་མཚུངས་པ་ནི༔ འཁྲུལ་པ་དེ་མ་ཐག་པའི་རྐྱེན༔ ཞེས་དང་༔ བཀྲ་ཤིས་མཛེས་ལྡན་དུ༔ རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ༔ བདག་པོ་ཡུལ་ཅན་དུ་འཛིན་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ༔ དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ལ་ཐུག་པ་མེད་པར་འཁྲུལ་ལོ༔ དེ་མ་ཐག་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ༔ ཞེས་དང་༔ དེ་དག་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས༔ གཞི་དེ་འོད་ཀྱི་ཚུལ་དུ་གནས་པ་རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ༔ དེ་ལ་རྟོག་དཔྱོད་དུ་སོང་བ་བདག་པོའི་རྐྱེན་ནོ༔ དེ་ལ་ཡུལ་ཡུལ་ཅན་དུ་བཟུང་བ་དམིགས་པའི་རྐྱེན་ཞེས་བྱ་སྟེ༔ དཔེར་ན་མེ་ལོང་དུ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ༔ དེ་གསུམ་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ༔ ཞེས་གསུངས་པ་དག་གི་ལྟར་རོ༔ རྒྱུ་དམིགས་བདག་རྐྱེན་གསུམ་དུས་མཚུངས་པས་འཁྲུལ་བའི་སྣང་བ་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བའི་རྐྱེན་བྱེད་པས་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ༔ དེ་དག་ཇི་ལྟར་མཛེས་ལྡན་ལས༔ གཉིས་སུ་མེད་པའི་སྣང་བ་རང་ཤར་མ་ཤེས་ཏེ༔ འཁྲུལ་བ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན༔ རང་རིག་པའི་འབྲས་བུར་རང་ཤར་བར་མ་ཤེས་པར་རྒྱུ་ཉིད་བལྟོས་པ་ཅན་དུ་བཟུང་བ་རྒྱུའི་རྐྱེན༔ ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས༔ དམིགས་པ་ལ་ཡུལ་དུ་བཟུང་བས་དམིགས་པ་རང་ངོའི་རྐྱེན༔ དུས་ལ་བལྟོས་ནས་འོད་འབྱུང་བར་མ་ཤེས་པར༔ དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ༔ ཞེས་སོ༔
གསུམ་པ་དེ་ལས་འཁྲུལ་བ་དངོས་བཤད་པ་ལ༔ དུས་ནམ་འཁྲུལ་བ་དང་༔ ཚུལ་ཇི་ལྟར་འཁྲུལ་བ་དངོས་གཉིས་ལས༔
དང་པོ་ནི༔ དེ་ལྟར་རྒྱུ་གསུམ་དང་རྐྱེན་བཞིའི་འཁྲུལ་བའི་དུས་ཚོད་ནི༔ རིག་དང་མ་རིག་གི་གཉིས་སུ་འཛིན་པ་གཉིས་ལས་གང་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཡུལ་ལ་ཤར་དུས་གྲོལ་འཁྲུལ་དུ་བྱུང་བ་སྟེ༔ འཁོར་འདས་ཀྱི་གྱེས་མདོ་དེར་ངེས་པས་སོ༔ དེས་ན་སེམས་ཅན་ལ་མ་རིག་གཉིས་འཛིན་ཤར་ནས་ལྷུན་གྲུབ་ཀྱི་སྒོ་ལ་བདག་ཏུ་རྟོག་དུས་སོགས་སུ་འཁྲུལ་བར༔ དེ་ལྟར་ཀློང་ཆེན་རབ་འབྱམས་ལས༔ འཁྲུལ་བའི་དུས་ནི་འདི་ལྟར་རོ༔ རིག་དང་མ་རིག་གཉིས་འཛིན་གཉིས༔ ཆོས་ཉིད་ཡུལ་ལ་ཤར་དུས་འཁྲུལ༔ ཡིད་དྲུག་ཡུལ་ལ་འཇུག་དུས་འཁྲུལ༔ རྣམ་རྟོག་བདག་ཏུ་བཟུང་དུས་འཁྲུལ༔ སྣང་བ་ལོགས་སུ་དཔྱད་དུས་འཁྲུལ༔ སྙེམས་པ་རིས་སུ་ཕྱི་དུས་འཁྲུལ༔ རང་རྩལ་གཞན་དུ་བཟུང་དུས་འཁྲུལ༔ ཡིད་ཀྱིས་སྒྲོ་བཏགས་བྱེད་དུས་འཁྲུལ༔ རང་གཞན་གཉིས་སུ་ཕྱེ་དུས་འཁྲུལ༔ ལོག་རྟོག་སྐད་ཅིག་འགྱུ་དུས་འཁྲུལ༔ གཟུང་འཛིན་ཐུ་ལ་བལྟས་དུས་འཁྲུལ༔ ཡིན་མིན་ཐེ་ཚོམ་དུས་སུ་འཁྲུལ༔ རིག་པས་ཚོལ་འཕྲོ་བྱས་དུས་འཁྲུལ༔ མིན་ཆོས་ཡིན་པར་བཟུང་དུས་འཁྲུལ༔ ཞེས་དང་༔ ཀློང་གསལ་ལས༔ རྐྱེན་བཞིའི་འཁྲུལ་བའི་དུས་ཚོད་ནི༔ རིག་དང་མ་རིག་གཉིས་འཛིན་གཉིས༔ ལྷུན་གྲུབ་ཡུལ་ལ་ཤར་དུས་འཁྲུལ༔ ཞེས་སོ༔
གཉིས་པ་འཁྲུལ་བའི་ཚུལ་དངོས་ནི་གོང་དུ་བཤད་པའི་འཁྲུལ་གཞི་གསུམ་མམ་ཆའི་ལྔ་ཚན་གཉིས་ལས་འཁྲུལ་ཚུལ་ཀྱང་དེ་ལྟར་ཕྱེས་ཏེ་འཆད་ཀྱི་རྒྱུ་རྐྱེན་དེ་དག་གི་གཟུང་འཛིན་ཕྲ་བ་ལས་རིམ་པར་མཆེད་དེ༔ ཕྱི་ནང་གཉིས་ཀྱི་ཡུལ་ཡུལ་ཅན་ཆོས་ལོངས་སྤྲུལ་གསུམ་གྱི་ཞིང་དང་སྟོན་འཁོར་ལ་བདག་ཏུ་བཟུང་བས་འཁྲུལ་བ་སྣ་ཚོགས་ཀུན་ནས་ལྡང་བ་ནི༔ ལྷན་སྐྱེས་ཀྱི་ཆོས་གསུམ་སོགས་དང་འདྲ་ཆོས་ཡོད་པ་ལས་འཁྲུལ་ཏེ་འཁོར་བའི་ཆོས་༢༠དང་གནས་རིས་སྣ་ཚོགས་པར་སྨིན་པ་དཔེར་ན་ཐག་ཁྲ་ལ་སྦྲུལ་དང་ཐོ་ཡོར་མིར་མདོག་དབྱིབས་འདྲ་བ་ལས་འཁྲུལ་བ་བཞིན་ནོ༔ དེ་ཡང་ཚུལ་གཅིག་དུ་ན་ངོ་བོ་སྟོང་བ་མི་རྟོག་པ་ལས་ཕྱིར་ནམ་མཁའ་སྟོང་བ་གོ་འབྱེད་དང་༔ ནང་དུ་གཏི་མུག་དང་ཀུན་གཞི་མཚན་ཉིད་པར་འཁྲུལ་བས་གཟུགས་མེད་དུ་མཆེད༔ རང་བཞིན་གསལ་བ་འོད་དུ་ཡོད་པས་ཕྱིར་ཁ་དོག་གི་འབྱུང་བ་དང་༔ ནང་དུ་ཀུན་གཞིའི་རྣམ་ཤེས་དང་གཟུགས་རགས་པ་ལ་སྡང་བའི་ཞེ་སྡང་གིས་གཟུགས་ཁམས་སུ་བར་དུ་མཆེད༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཁྱེན་ཆ་ཤེས་རབ་ཀྱི་རྩལ་ཅན་ལ་བདག་དུ་བཟུང་བའི་རྟོག་པ་ལས་འོད་སྣང་ལ་རགས་པར་ཨ་འཐས་པས་འབྱུང་བ་སྙིགས་མ་དངོས་དང་གཟུགས་བརྙན་གྱི་ཚུལ་དུ་རྣམ་སྨིན་ཤ་ཁྲག་གི་ལུས་དང་༔ ཕྱི་འབྱུང་ས་ཆུ་མེ་རླུང་ནམ་མཁའ་དང་ལྔ༔ ནང་དུ་དཔྱོད་བྱེད་ཡིད་དྲུག་འཇུག་ཤེས་གཞན་དང་བཅས་པ་ལངས་ནས་འདོད་པར་མཆེད་པ་ཡིན་ནོ༔ ནང་བཅུད་ཡས་ནས་མཆེད་པའི་གོ་དོན་དེ་ལྟར་སློང་བའོ༔ ལ་བཟླ་གསང་འཁོར་ལས༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་སུ་བསྟན་པའང་༔ ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན༔ ཞེས་པ་ལྟ་བུའོ༔ དེ་ཡང་ཆོས་ཉིད་ཡུལ༔ འོད་ལྔ་ལས་ལུས༔ རིག་པ་ལས་སེམས་སུ་འཁྲུལ་ནས་ཁམས་གསུམ་དུ་འདུ་བྱེད་དེ༔ ངོ་བོ་སྟོང་གསལ་ཆོས་ཀྱི་སྐུ་ལས་སེམས་མི་སྣང་བའི་གྲོང་ཁྱེར་དང་གཟུགས་མེད་དུ་འཁྲུལ༔ རང་བཞིན་གསལ་ལ་མ་འགགས་པ་ལོངས་སྐུ་ལས་ཕྱེད་སྣང་གི་བརྡ་སྤྲོད་ཀྱི་ངག་གཟུགས་ཀྱི་སྲིད་པ་ཉིད་དུ༔ ཐུགས་རྗེ་སྤྲུལ་སྐུ་ཀུན་ཁྱབ་ཆེན་པོ་ལས་ལུས་སྣང་བའི་གྲོང་ཁྱེར་འདོད་པའི་ཁམས་སུ་འཁྲུལ་བའམ༔ ཡང་རྣམ་པ་གཞན་དུ་ན་ངོ་བོ་སྐུར་ཀུན་ཀྱི་རྟེན་བྱེད་པས་བཞུགས་པའི་ལུས༔ རང་བཞིན་གསུང་དུ་གཞུགས་པས་ངག༔ ཐུགས་རྗེ་ཐུགས་སུ་བཞུགས་པས་ཤེས་བྱ་མཁྱེན་ཆོས་ཀྱི་སེམས་སུ་འཁྲུལ་པའོ༔ གོང་འོག་འདི་དག་གང་ལྟར་ཡང་ལྷན་སྐྱེས་ཀྱི་ཆོས་གསུམ་འདུ་འབྲལ་མེད་པའི་གནད་ཀྱིས་རྒྱུད་སོ་སོའི་དགོངས་པར་རང་སོའི་ཐད་ནས་མི་འགལ་ལོ༔ ཡང་རྣམ་པར་འཁྲུལ་པས་བཞིན་དུ༔ ནང་གི་ཡེ་ཤེས་ལྔའི་ངོ་བོ་ལ་བདག་ཏུ་བཟུང་བས་ཆོས་དབྱིངས་ཡེ་ཤེས་ལས་ཀུན་གཞི་དང་ཉོན་མོངས་གཏི་མུག་ཏུ༔ མེ་ལོང་ལས་རྣམ་ཤེས་དང་ཞེ་སྡང་དུ༔ མཉམ་ཉིད་ལས་ང་རྒྱལ་དང་ཉོན་ཡིད༔ སོར་རྟོག་ལས་འདོད་ཆགས་དང་ཡིད༔ བྱ་གྲུབ་ལས་འཇུག་ཤེས་དང་ཕྲག་དོག་ཏུ་འཁྲུལ་བ་སྟེ༔ ནང་རིག་པ་ཆོས་ཀྱི་སྐུ་ལ་བདག་ཏུ་བཟུང་བས་མ་རིག་གཞིར་ལྡན་གྱི་ཀུན་འབྱུང་ཉོན་མོངས་དང་ཁམས་གསུམ་རིགས་དྲུག་གི་སེམས་འཁྲུལ་བའི་འབྲས་བུ་རང་རང་གི་སྡུག་བསྔལ་གནས་ལུས་སུ་འདུ་བྱེད་པའོ༔ སྤྱིར་ཡེ་ཤེས་ཀྱི་གདངས་འོད་ལྔ་ལས་མེ་ལོང་གི་དཀར་པོ་ལས་བདག་ཏུ་བཟུང་བས་ཁྲག་དང་ཆུ་རུ་འཁྲུལ༔ མཉམ་ཉིད་ཀྱི་སེར་པོ་ལས་ཤ་དང་ས་རུ༔ སོར་རྟོག་གི་དམར་པོ་ལས་དྲོད་དང་མེ་རུ༔ བྱ་གྲུབ་ཀྱི་ལྗང་གི་ལས་དབུགས་དང་རླུང་དུ༔ ཆོས་དབྱིངས་ཀྱི་མཐིང་ག་ལས་རྣམ་ཤེས་དང་ནམ་མཁའ་རུ་འཁྲུལ་བ་སྟེ༔ དེ་ལྟར་ཕྱི་སྣང་བ་ཆོས་དབྱིངས་ལ་བདག་ཏུ་བཟུང་བས་ཡུལ་ཐ་དད་པར་སྣང་བའང་རིམ་བཞིན་རྟོག་པས་ཀུན་ནས་ལྡང་བའི་ཁྱད་པར་གྱིས་ཡུལ་ནམ་མཁའ་སྟོང་བ་དང་༔ འོད་དང་༔ རགས་པ་གདོས་བཅས་སུ་འཐས་པའི་ཕྱིར་འབྱུང་བ་ནམ་མཁའ་ལས་ས་སོགས་སུ་མས་ནས་ཇེ་རགས་ཀྱི་དབང་དུ་མཆེད་པར་བཞག་པའི་དོན་ནོ༔ དེ་ལྟར་ཆོས་དབྱིངས་ཡུམ་གྱི་ཡེ་ཤེས་ཆེན་པོའི་རང་གདངས་ལ་བདག་ཏུ་བཟུང་པས་གཟུགས༔ ཆོས་སྐུ་ཡབ་ཀྱི་ཡེ་ཤེས་བཞི་ལ་བདག་ཏུ་བཟུང་བས་མིང་བཞིར་འཁྲུལ་བ་དང་༔ ཕྱི་ནང་གི་སྐྱེ་མཆེད་དང་རེག་ཚོར་སྲེད་ལེན་སྲིད་སྐྱེ་རྒ་ཤི་སོགས་རིམ་པར་བྱུང་ནས༔ སྲིད་པར་ལུགས་སུ་འཇུག་པའི་འཁོར་ལོ་ཐོག་མཐའ་བར་མེད་དུ་འཁོར་བའི་འཁྲུལ་འབྲས་ཕྱི་ནང་གི་སྣོད་བཅུད་དུ་འགལ་མེའི་འཁོར་ལོ་བཞིན་དུ་རྣམ་པར་སྨིན་པའོ༔ དེ་ཡང་རྒྱུ་གསུམ་མ་རིག་པ་དང་༔ རྐྱེན་བཞི་འདུ་བྱེད༔ ཤེས་པར་རགས་པས་ཡུལ་ལ་སྤྱོད་པས་རྣམ་ཤེས༔ དེ་ལ་མིང་བཞི་ཡོད་པ་དང་༔ དྭངས་སྙིགས་ཀྱིས་འོད་དང་ཁ་དོག་ལས་ཕྱི་ནང་གི་ལུས་དང་ཡུལ་དུ་སྣང་བ་སྐྱེ་མཆེད༔ དེ་འདུས་ཤིང་འཕྲད་པས་རེག་པ༔ དེ་ལས་ཚོར་བ་གསུམ་བྱུང་བ་དང་༔ བདེ་སྡུག་བླང་དོར་གྱི་སྲེད་པ༔ བདེ་ཡུལ་དང་ལེན་གྱི་ལེན་པ༔ དེ་ལས་ལས་ཉོན་རྒྱས་ཏེ་ཕྱི་མའི་སྐྱེ་བར་འཕེན་པའི་ལས་གྲུབ་པའི་སྲིད་པ་དང་༔ དེ་ལས་འགྲོ་བ་སོ་སོར་སྐྱེ་བ༔ དེ་རྒས་པ་དང་ཤི་བ་སྟེ༔ དང་པོ་ནས་ཐ་མའི་བར་དུ་འཁོར་ལོ་བཅུ་གཉིས་སུ་འཁྲུལ་ཞིང་༔ དེ་ལྟར་ཡེ་ཤེས་འོད་ཀྱི་སྦུབས་ཤོར་བས༔ རྣམ་སྨིན་བག་ཆགས་ཀྱི་སྦུབས་སུ་ཆུད་ནས་རང་གིས་རང་ཉིད་བཅིངས་པའོ༔ འདི་དག་ཀྱང་ཡེ་ཤེས་ལ་འོད་ཀྱི་སྣང་བའམ་དབྱིངས་ཀྱི་སྐུ་ཡོད་པ་དང༔ དབྱིངས་ལ་གསལ་བའི་རིག་པ་ཡེ་ཤེས་ཀྱི་ཐུགས་ཡོད་པའི་ཕྱིར་དབྱིངས་ཡེ་འདུ་འབྲལ་མེད་པའི་ཆ་གང་རུང་ལས་བདག་གཉིས་སུ་བཟུང་ནས༔ འདོད་ཡོན་དྲུག་དང་སྐྱེ་གནས་བཞི་ལ་སོགས་པ་དང་ཉོན་མོངས་དྲུག་ལས་རིགས་དྲུག་གི་སྣང་བ་དྲུག་དང་བཅས་བྱུང་བར་བསྟན་པའང་འབྱུང་བ་རྒྱུར་འདོད་པ་དང་མི་འདྲ་ཞིང་༔ འགྲེལ་ཚུལ་དང་དགོས་ཆེད་གཞན་ཡང་ཡོད་དོ༔ དེ་ཡང་ཆོས་སྐུ་རིག་པའི་ཡེ་ཤེས་ལ་མ་རིག་པས་བསླད་ནས་ཀུན་གཞིར་གྱུར༔ དེ་ལ་ཉོན་ཡིད་ཀྱིས་བསླད་ནས་ང་བདག་དུ་འཛིན་པ་རྒྱུན་ཆགས༔ དེ་ལས་ཡིད་ལངས་ཏེ་སྒོ་ལྔ་ལ་ཡུལ་གསལ་བདེ་རྟོག་པས་མེད་ལ་ཡོད་པར་བཟུང་བས་བསླད་ནས་སྤྱི་རང་འཛིན་པ་སྣ་ཚོགས་པར་རྩེན་པའི་འདུ་ཤེས་ཅན་ཏེ༔ རབ་འབྱམས་ལས༔ རིག་པ་ཉིད་ལ་མ་རིག་གོལ༔ མ་འཁྲུལ་སངས་རྒྱས་མ་ནུར་མི་ཡི་སྒྲ་དོན་འཁྲུལ༔ ཞེས་དང་༔ གཞི་ནི་གར་ཡང་བྱེད་མེད་དེ༔ ངེས་མེད་རྩལ་ངོ་མ་ཤེས་པས༔ ཤེས་པ་འགྱུ་བ་ཡལ་བ་དང་༔ ཆེད་འཛིན་དྲི་མས་རབ་ཏུ་སྦགས༔ ཞེས་དང་༔ ཉོན་མོངས་ཅན་གྱི་ཡིད་ཀྱིས་ནི༔ ཁ་ནང་བསྟས་ནས་ང་བདག་བཟུང་༔ རྣམ་པ་གཅིག་རྩད་ང་བདག་འཁྲུལ༔ ཞེས་དང་༔ སྒོ་ལྔའི་རྣམ་པར་ཤེས་པ་ནི༔ ཡིད་ཀྱི་རྣམ་པར་ཤེས་པས་བསླད༔ ཀུན་གཞིའི་རྣམ་པར་ཤེས་པ་ལས༔ ཡིད་ཀྱི་རྣམ་པར་ཤེས་པས་བསླད༔ གཉིས་སྣང་རྟོག་པའི་ཆ་ལས་འཁྲུལ༔ ཞེས་སོ༔ གཞི་ལས་འཁྲུལ་བ་དེ་དག་ཀྱང་༔ རབ་འབྱམས་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་༔ དངོས་སུ་ཡོད་ཀྱང་མ་རིག་པས༔ རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང་༔ ཞེས་སྔར་གཞིའི་དོན་དུ་དྲངས་པ་དང་༔ གཞི་དག་མེ་ལོང་ཡེ་ཤེས་ལ༔ རྟོག་དཔྱོད་བཏང་བས་ཆུ་རུ་འཁྲུལ༔ གཞི་དག་མཉམ་ཉིད་ཡེ་ཤེས་ལ༔ རྟོག་དཔྱོད་བཏང་བས་ས་རུ་འཁྲུལ༔ གཞི་དག་སོར་རྟོག་ཡེ་ཤེས་ལ༔ རྟོག་དཔྱོད་བཏང་བས་མེ་རུ་འཁྲུལ༔ གཞི་དག་བྱ་གྲུབ་ཡེ་ཤེས་ལ༔ རྟོག་དཔྱོད་བཏང་བ་རླུང་དུ་འཁྲུལ༔ གཞི་དག་ཆོས་དབྱིངས་ཡེ་ཤེས་ལ༔ རྟོག་དཔྱོད་བཏང་བས་ནམ་མཁར་འཁྲུལ༔ རྟོག་དཔྱོད་བྱས་པས་ཡུལ་ལྔར་བཟུང༔ ཞེས་དང་༔ ས་ལ་བརྟེན་ནས་གཟུགས་རྣམས་བྱུང་༔ ཆུ་ལ་བརྟེན་ནས་སྒྲ་རྣམས་བྱུང་༔ མེ་ལ་བརྟེན་ནས་དྲི་རྣམས་བྱུང་༔ རླུང་ལ་བརྟེན་ནས་རོ་རྣམས་བྱུང་༔ མཁའ་ལ་བརྟེན་ནས་རེག་རྣམས་བྱུང་༔ རིག་པའི་ཁ་ལོ་ཕྱིར་བལྟས་པས༔ འདོད་ཡོན་ལྔ་པོ་ཡུལ་ལྔར་ཞེན༔ ནང་དུ་ཤེས་པ་ཁ་ལོག་པས༔ ཡུལ་ལྔ་བརྟེན་པའི་ཤེས་པར་འགྱུར༔ ཉོན་མོངས་དུག་ལྔ་དུག་གསུམ་ཤར༔ ཞེས་དང་༔ ཀློང་གསལ་ལས༔ ས་ཆུ་མེ་རླུང་བཞི་པོ་ལ༔ གཟུགས་སྒྲ་དྲི་རོ་འདོད་ཡོན་ལྔ༔ ནམ་མཁའ་དག་ལ་རེག་དང་ལྔ༔ འདོད་པའི་ཁ་ལོ་ཕྱིར་ལ་ལོག༔ འདོད་ཡོན་ལྔ་ཡང་ཡུལ་ལྔར་འཁྲུལ༔ འདོད་པའི་ཁ་ལོ་ནང་དུ་ལོག༔ ནང་དུ་འཛིན་པའི་སེམས་སུ་སོང་༔ ཕྱི་རུ་བཟུང་པའི་ཡུལ་ལྔ་དང་༔ ནང་དུ་བཟུང་བའི་དུག་ལྔ་གཉིས༔ གཟུང་འཛིན་གཉིས་ལ་ཉོན་མོངས་བྱུང་༔ ཆུ་ལ་བདག་བཟུང་ཞེ་སྡང་བྱུང་༔ ས་ལ་བདག་བཟུང་ང་རྒྱལ་བྱུང་༔ མེ་ལ་བདག་བཟུང་འདོད་ཆགས་བྱུང་༔ རླུང་ལ་བདག་བཟུང་ཕྲག་དོག་བྱུང་༔ ནམ་མཁར་བདག་བཟུང་གཏི་མུག་བྱུང་༔ གཟུང་འཛིན་འབྲས་བུ་ཁོང་ཁྲོ་བྱུང་༔ དེ་དྲུག་འབྲས་བུ་རིགས་དྲུག་སྨིན༔ ཞེ་སྡང་ཆ་ལས་དམྱལ་བ་རྣམས༔ ང་རྒྱལ་ཆ་ལས་ལྷ་རྣམས་དང་༔ འདོད་ཆགས་ཆ་ལས་ཡི་དྭགས་རྣམས༔ ཕྲག་དོག་ཆ་ལས་ལྷ་མ་ཡིན༔ ཁོང་ཁྲོའི་ཆ་ལས་ལྷ་མི་གཉིས༔ གཏི་མུག་ཆ་ལས་བྱོལ་སོང་ངོ༔ ཞེས་དང་༔ ཡེ་ཤེས་ལྔ་ལས་འབྱུང་བ་ལྔ༔ འབྱུང་བ་ལྔ་ལས་སྐྱེ་གནས་བཞི༔ ཞེས་སོ༔ ལར་ཡུམ་ལྔའི་ངོ་བོ་དབྱིངས་ལྔ་གདངས་དང་བཅས་པའི་ཐུགས་ཡེ་ཤེས་ལྔ་ལ་བདག་ཏུ་བཟུང་བས་ཉོན་མོངས་ལྔར་ཤར་བ་དང་༔ ཡེ་ཤེས་དེ་དག་གི་སྐུ་འོད་ལྔའི་དབྱིངས་ལ་བདག་ཏུ་བཟུང་བས་འབྱུང་བ་ལྔ་སྟེ༔ རྣམ་པ་ཀུན་ཏུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་གནད་ཀྱིས་ཀྱང་༔ འབྱུང་བཞི་ལས་ཉོན་མོངས་ལྔ་དང་༔ འདོད་ཡོན་ལྔར་འཁྲུལ་བར་བཤད་པ་ཡིན་ལ༔ ཕྱི་འབྱུང་ལྔ་དང་༔ འདོད་ཡོན་ལྔ་དབྱིངས་ལྔའི་རིགས་ཀྱིས་བསྡུས་པའི་ཕྱིར་ཡུལ་སྣང་ཡུམ་དང་༔ ནང་ཕུང་པོ་དང་ཉོན་མོངས་ལྔ་ཡེ་ཤེས་ལྔའི་རིགས་ཐབས་ཡབ་ཀྱི་ངོ་བོར་དག་པའི་ལྷར་སྣང་གི་ཚོམ་བུའི་དཀྱིལ་འཁོར་བཀོད་ཚུལ་གྱི་གོ་དོན་བསླང་བར་བྱ་ཡི༔ རྟོག་གེ་ངན་པའི་ཐེ་ཚོམ་གྱི་དྲྭ་བར་གཟུང་བའི་གང་ཟག་སྐལ་ཆད་དག་གིས་མུ་སྟེགས་པས་སྒྲ་ནམ་མཁའི་ཡོན་ཏན་སོགས་སུ་བཤད་པའི་འགོ་སྙོམས་ལས་བསྙད་དེ་སྒྲོ་བསྐུར་གྱིས་གཡེངས་བ་ནི་ངན་སོང་གི་རྒྱུར་གདོན་མི་ཟའོ༔ ཡང་འདིར་འོད་སེར་པོ་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ས་ཡི་གཞིར་བཞག༔ མ་ཀི་ཆུ་ཁམས་མེ་ལོང་གི་ཡེ་ཤེས་མི་བསྐྱོད་པའི་ཕྱག་རྒྱར་བཤད་ན༔ དེ་རྒྱུད་གཞན་དང་མི་མཐུན་པའི་འགལ་འདུ་ཚོལ་ན་ཡང་༔ དེ་ལ་སོགས་པའི་རྒྱུད་སྡེའི་དགོངས་པ་རྣམས་སངས་རྒྱས་དང་མཉམ་པའི་བྱ་བ་བྱེད་པའི་སྤྲུལ་སྐུ་རྟོགས་ལྡན་རྣམས་ཀྱི་མན་ངག་གིས་དཔག་ན་མ་གཏོགས༔ གཞན་ཆགས་ཐོགས་ཀྱི་སྒྲིབ་པ་ཅན་གྱིས་གཅུས་དཀྲུགས་གབ་པ་སྡེབ་ཞེས་པ་ལ་ཕུག་བཅོལ་ནས་འཆོས་པར་ཡང་མི་བྱ་སྟེ་ཉམས་ཉེས་སུ་ལྟུང་བའི་ཕྱིར་རོ༔ ལར་རང་རང་ཚིམ་པར་མཛད་པའི་རྒྱུད་ལའང་༔ ལྷ་མ་ཀི་སེར་པོ་ལ་རྟོག་པ་ཆུ་དཀར་པོ་དང་ཁྲག་དམར་པོ་ཆུ་ཁམས་པ་བྱུང་བའི་ལྷ་རྟོག་ལ་ཁ་དོག་གི་ཆོས་མཚུངས་མེད་པ་དང་༔ ཡང་རཀྟ་པདྨའི་རིགས་ཡིན་ན༔ དེ་ལྟར་དག་པའི་མ་ཀི་རིན་ཆེན་དུའང་མི་འོས་པ་དང་༔ དམར་ཆའི་ཐིག་ལེ་ལས་གཏུམ་མོ་འབར་ན་ཆུ་ལ་མེ་འབར་བ་འདྲ་ཡིན་ནམ༔ དེ་ལྟར་ན་ཚ་གྲང་དགྲར་གྱུར་གྱི་གཉེན་པོ་འགལ་དམིགས་མི་འགལ་ན་འགལ་བ་གཏན་ནས་མི་སྲིད་པ་དང༔ ཞེ་སྡང་མེ་ཁམས༔ འདོད་ཆགས་ཆུ་ཁམས་ཡིན་ན༔ དེ་བཞི་ཀ་རིགས་བརྗེ་དགོས་ཞེས་རྒྱུད་ཐམས་ཅད་ལ་གླན་ཀ་ཚོལ་རྒྱུ་ཡིན་ན༔ རྟོག་གེ་ལ་མི་དོགས་དགུ་འདྲོག་ཞིག་ཡོད་དེ༔ དེས་ན་རྡོར་སེམས་དང་རིན་འབྱུང་གི་ཡུམ་འཕོ་བའང་སུ་ཡིན་ཆ་མེད་ལ༔ ཁ་དོག་རིགས་ཁམས་སོ་སོའི་ཕྱོགས་ནས་ཡབ་ཡུམ་སྣ་ཚོགས་བཞག་པའི་ཚུལ་གྱིས་དེ་ལྟར་ཡིན་པས༔ ཕྱི་ལྟར་རྡུལ་ཕྲན་བརྒྱད་འདུས་སོགས་དང་༔ ནང་ལྟར་འབྱུང་བ་རེ་རེ་ལ་ལྔ་རེ་ཚང་བའི་ངེས་ཤེས་སོགས་ཀྱིས་དཔྱད་བཟོད་མང་པོ་ཡོད་པས་སྒྲོ་བསྐུར་ཆོས་ཉིད་ཀྱི་ངང་དུ་བཞག་པར་བྱ་བ་ཁོ་ནའོ༔ དེ་ལྟར་རིམ་པར་རགས་སུ་སོང་ནས་འཁྲུལ་པའི་འབྲས་བུ་རྣམ་པར་སྨིན་པའི་སྣོད་བཅུད་དམིགས་འཛིན་འབྲེལ་བ་བཅུ་གཉིས་སུ་ཕྱི་ནང་གི་རྟེན་འབྲེལ་ལས་སྨིན་པར༔ ཀློང་ཆེན་རབ་འབྱམས་ལས༔ དམིགས་འཛིན་འབྲེལ་བ་བཅུ་གཉིས་སུ༔ འཁོར་བས་ཡེ་ཐོག་ཉིད་དུ་འཁྲུལ༔ ཞེས་དང་༔ ཀློང་གསལ་ལས༔ འཁྲུལ་ལུགས་རྣམ་པ་མང་བཤད་ཀྱང་༔ ཡེ་ཤེས་ལྔ་ཡི་རྩལ་ཉིད་ཡིན༔ རྩལ་གྱི་ཡེ་ཤེས་ངོ་མ་ཤེས༔ དངོས་པོར་འཛིན་པ་ཅན་དུ་འཁྲུལ༔ ཞེས་སོ༔ དེ་དག་གིས་འཁྲུལ་ཚུལ་རྒྱས་པར་བཤད་ཟིན་ཏོ༔
དོན་གསུམ་པ་འཁྲུལ་བའི་འབྲས་བུ་བཤད་པ་ལ༔ འབྲས་བུ་ཡུལ་ལུས་སེམས་གསུམ་དུ་འཁྲུལ་བའི་ཚུལ་གྱི་རྒྱུའི་རིམ་པ་བཞིན་བཤད་པ་དང་༔ དེའི་འབྲས་བུ་རིགས་དྲུག་གི་སྡུག་བསྔལ་མྱོང་ཚུལ་གཉིས་ལས༔ དང་པོ་ལ༔ དྭངས་མའི་འབྱུང་བ་དབྱིངས་རིག་གཉིས་ལས་གྲུབ་པའི་ཡུལ་ལུས་སེམས་ཀྱི་འབྲས་བུ་གསུམ་བཤད༔ སོ་སོར་གྲུབ་བའི་འབྲས་བུ་དྭངས་སྙིགས་དབྱེ་བའི་སྒོ་ནས༔ ཞར་བྱུང་འབྱུང་བའི་བྱེར་ཟུག་སྙོམས་འཁྲུགས་བཤད་པ་དང་གསུམ་ལས༔
དང་པོ་ལ་གསུམ་ལས༔ ཡུལ་དུ་འཁྲུལ་ཚུལ་ནི༔ སངས་རྒྱས་ཀྱི་ཞིང་ཁམས་དངོས་ཀྱི་སྣང་བ་དང་༔ སྐུ་དངོས་ཀྱི་སྟེ་ཆོས་དབྱིངས་ལས་གྲུབ་པ་དང་༔ ཡེ་ཤེས་འོད་གསུམ་ལྡན་པ་དངོས་ཆོས་སྐུའི་སྣང་བ་ལས་སེམས་ཀྱི་འབྲས་བུར་གྲུབ་སྟེ༔ རང་བཞིན་དང་གཟུགས་བརྙན་ཡེ་ཤེས་ཀྱི་འོད་གསུམ་ཕྱི་མ་ནང་ལྟར་ཤར་བ་ལས་གྲུབ་བོ༔ དེ་ལ་ཡེ་ཤེས་ལས་སྐུ་འོད༔ དེ་ལས་རང་བཞིན་དང་གཟུགས་བརྙན་བྱུང་ཚུལ་སྔར་བཤད་ཟིན་ལ༔ ཡེ་ཤེས་ཀྱི་འོད་ནི་ཀློང་གསལ་ལས༔ དམིགས་སུ་མེད་པ་ཆོས་སྐུའི་འོད༔ མ་འགགས་གསལ་བ་ལོངས་སྐུའི་འོད༔ སྣ་ཚོགས་སྣང་བ་སྤྲུལ་སྐུའི་འོད༔ ཅེས་པས་དེ་དག་གིས་ཁམས་གསུམ་གྱི་སེམས་སུ་འབྲས་བུར་སྨིན་ནོ༔ དེ་ཡང་ཡུལ་ནི་བསམ་གཏན་གྱི་ལྷ་ལ་འོད་གསལ་གྱི་ཡུལ་དུ་སྨིན༔ གཟུགས་མེད་ཀྱི་ལྷ་ལ་མི་རྟོག་པ་ཡིད་ཀྱི་ཡུལ༔ འདོད་པའི་ལྷ་ལ་དགའ་བདེ་རགས་པའི༔ མི་རྣམས་ལ་གླིང་བཞི་རགས་པའི་ཡུལ༔ ངན་སོང་གསུམ་ལ་རང་སྣང་ལོག་པའི་ཡུལ་དུ་སྨིན་པ་ཉིད༔ རང་སྣང་མཐུན་པ་རྣམས་ལ་མཐུན་པར་སྣང་བ་འོང་༔ དེ་དག་གི་དོན་ཅུང་ཟད་བཤད་ན༔ ཡེ་ཤེས་ཀྱི་འོད་ལས་ཞེན་པས་འབྱུང་ལྔ་གཅིག་ཏུ་འདུས་པའི་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་རླུང་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ༔ དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་ལ་འཁྱིལ་བ༔ དེའི་སྟེང་དུ་ས་ཡི་གྲུ་བཞི་པའི་རྣམ་པར་ཆགས༔ དེ་དག་གི་གཤེས་སུ་ཁྱབ་པའི་རླུང་གི་རྩལ་མེར་འབར་བ་ཡོད་དོ༔ དེ་དག་གི་དྭངས་མ་ལས་རིན་པོ་ཆེའི་རི་རབ་དང་ཉི་ཟླ་ལ་སོགས་པ་དང་འདོད་ལྷ་ནས་རིམ་པ་བཞིན་འོད་ཟེར་གྱི་ཚུལ་དུ་མས་རིམ་གྱིས་ཆགས་པ་ཡིན་ནོ༔ སྙིགས་མ་ལས་འདོད་པའི་གནས་རིས་ལྷ་མིན་ལ་སོགས་པ་གུད་རིམ་དུ་ལྕགས་རི་མུ་ཁྱུད་དང་བཅས་པ་བྱུང་བ་དོན་ལ་མ་གྲུབ་བཞིན་རྨི་ལམ་གྱི་ཡུལ་སྣང་ལྟར་ཡེ་ཤེས་ཀྱི་ཡུལ་གཅིག་ལ་ཐ་དད་དུ་ཞེན་པ་ནི༔ དངོས་གཅིག་ཡིད་ནི་ཐ་དད་པས༔ དོན་མ་གྲུབ་པ་ཉིད་དུ་མཐོང་༔ ཞེས་སོ༔ དེ་ལྟར་འབྱུང་བཞི་རགས་པའི་ཡུལ་དུ་གྲུབ་ཟིན་པའི་བག་ཆགས་ཀྱི་སྦུབས་སུ་གཟུགས་བརྙན་གྱི་འོད་ཀྱང་ནུབ་པར་འགྱུར་རོ༔ དེ་ལྟར་འབྱུང་བའི་ཆགས་རིམ་ཀྱང་ཆོས་དབྱིངས་སྤྲོས་བྲལ་དང་༔ ཆོས་སྐུ་བྱང་ཆུབ་ཀྱི་སེམས་གཉིས་དབྱེར་མེད་པའི་ངང་ནས་རང་ངོ་མ་རིག་པའི་བདག་ཉིད་པ་ཡེ་ལྡན་ལས་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཅན་གྱི་འཛིན་པ་ལས་ཀྱི་རླུང་གཡོས་པས་ཡེ་ཤེས་ལྔའི་དབྱིངས་ཀྱི་ཆ་ལྔའམ་རང་གདངས་ལ་དེར་སྣང་ཕྲ་བས་བདག་ཏུ་བཟུང་བས་ལྷན་ཅིག་སྐྱེས་པའི་མ་རིག་པའི་འཛིན་པ་ཇེ་རགས་སུ་རྟེན་འབྲེལ་ཚོར་བ་སོགས་བྱུང་ལ༔ དེའི་རྐྱེན་གྱི་བདེ་སྡུག་གི་ཡུལ་སྤངས་ལེན་གྱི་ཆགས་ཁྲོ་ང་རྒྱལ་བརྟན་པོའམ་རགས་པར་འཐས་པས་རྟོག་བཅས་ཅན་ལ་ས་སོགས་གཞིའི་རིམ་པས་བརྩེགས་སུ་སྣང་བའོ༔ ཆོས་དབྱིངས་སྤྲོས་བྲལ་གཞིར་ལྡན་གྱི་མེ་ལོང་ཡེ་ཤེས་མི་གཡོ་བ་ལ་ཡེ་ཤེས་ཕྱི་མ་གསུམ་བརྟེན་པས་ཀྱང་རྩལ་རྫོགས་བྱེད་བྱ་གྲུབ་ཀྱི་འབྲས་བུའི་གོ་རིམ་ལས་ཀྱང་འབྱུང་བའི་རིམ་པ་བྱུང་ངོ༔ ཀློང་ཆེན་ལས༔ འཁྲུལ་བའི་འབྲས་བུ་སྣོད་བཅུད་ནི༔ ཡེ་ཤེས་ཁ་དོག་འབྱུང་བ་ལྔ༔ གདོད་ནས་ཡེ་ཤེས་རྩལ་ཉིད་དུ༔ འདུ་འབྲལ་མེད་པར་མ་རིག་པས༔ འོད་ཁྱིམ་ཁ་དོག་ལྔ་ལྡན་ལ༔ བརྟག་དཔྱད་བྱས་པས་འབྱུང་ལྔར་འཁྲུལ༔ ཅེས་དང་༔ གཉིས་སུ་བཟུང་བའི་འོད་ལྔ་ནི༔ གསལ་བར་མ་ནུས་འབྱུང་བཞིས་བསྒྲིབ༔ ཅེས་དང་༔ རབ་འབྱམས་ལས༔ མིན་པའི་ཆོས་ལ་ཡིན་བཟུང་ནས༔ བརྟག་དཔྱད་བྱས་པས་སྣོད་དུ་འཁྲུལ༔ དེ་ཡང་རི་རབ་རྒྱལ་པོ་ནི༔ བང་རིམ་བཞི་དང་ལྕོག་ཆེན་བཅས༔ རོལ་མཚོ་དང་ནི་རི་བདུན་རྣམས༔ གླིང་རྣམས་དང་ནི་འཁོར་ཡུག་ཆགས༔ སྟོང་གསུམ་ལ་སོགས་ཁམས་རྣམས་སོ༔ ཞེས་དང་༔ ཀློང་གསལ་ལས༔ དེ་ཡང་འཁྲུལ་བའི་གཞི་མ་བཤད༔ མཁའ་ལ་རླུང་ཆགས་རྒྱ་གྲམ་ཚུལ༔ རླུང་ལ་ཆུ་ཆགས་རྒྱ་མཚོར་འཁྱིལ༔ ཆུ་ལ་ས་ཆགས་སྦྲིས་མའི་ཚུལ༔ མེ་ནི་རླུང་གི་རྩལ་ཡིན་པས༔ འབྱུང་བ་གསུམ་ལ་མཉམ་པར་ཁྱབ༔ རླུང་ཀྱང་ཀུན་གྱི་གྲོགས་ཡིན་ནོ༔ ཞེས་སོ༔ དེ་ལྟར་འབྱུང་བཞི་རིམ་བརྩེགས་སུ་ཆགས་པའི་དྭངས་མ་དུད་རླངས་ལག་ངར་ཙམ་ཞིག་ནམ་མཁའ་ལ་ཆད་དེ་འདྲིལ་བ་ལས་འོད་སྐོར་སྦྲ་ཕུབ་ཙམ་པ་གསུམ་ཆད༔ དང་པོས་གཟུགས་མེད་ཀྱི༔ གཉིས་པས་གཟུགས་ཁམས་ཀྱི༔ གསུམ་པ་ཡབ་ཡུམ་ཐབས་ཤེས་རབ་ཀྱི་རང་བཞིན་ཉི་མ་དང་ཟླ་བ་གཟའ་སྐར་གསུམ་ས་གཟའ་སྐར་སའི་དྭངས་མ་ཡིན་པས་ཁང་བར་བྱུང་ཆུ་ཟླ་བ་ཆུའི་དྭངས་མ་ཡིན་པས་བསིལ་མེ་ཉི་མ་མེའི་དྭངས་མ་ཡིན་པས་ཚ་གསུམ་གྱི་དྭངས་མ་སོ་སོར་ཕྱེ་ནས་ཆགས་པ་རླུང་མདངས་ཡིན་པས་འགྲོ་འོང་བྱེད་པ་སྟེ་གནས་རིགས་དྲུག་འདོད་པའི་ཡུལ་ནས་ཡང་ཆད་པས་སྣོད་མས་ནས་ཆགས་པ་ཉིད༔ རབ་འབྱམས་ལས༔ དེར་འཛིན་རླུང་སེམས་འདུས་པ་ལས༔ འབྱུང་བ་ལྔ་པོའི་སྦུབས་སུ་ཚུད༔ རླུང་སེམས་ཡིད་དུ་འགྱུས་པ་ལས༔ ཤུགས་ལྡན་སྣ་ཚོགས་རྒྱ་མཚོ་རླུང་༔ དེ་ལ་ཡེ་ཤེས་དྲོད་རླན་བྱུང་༔ རྒྱ་མཚོ་ཆེན་པོ་དེ་ཉིད་ལ༔ ཆན་ལ་ཕབས་རྩི་བཏབ་པ་ལྟར༔ ས་ཡི་རྣམ་པ་སྙོམས་པར་ཆགས༔ དེ་ལ་དུད་རླངས་ལག་ངར་ཙམ༔ དེ་ལས་དྭངས་མ་འོད་སྐོར་ནི༔ སྦྲ་ཕུབ་ཙམ་པ་གསུམ་དུ་བྱུང་༔ འོད་གཅིག་སྣང་ལ་རང་བཞིན་མེད༔ དེ་ལ་བརྟེན་ནས་འཁྲུལ་འབྲས་ནི༔ ཡོད་མིན་ཅི་ཡང་མེད་པ་ནི༔ གཟུགས་མེད་མུ་བཞིར་རབ་ཏུ་ཆགས༔ འོད་སྐོར་གཉིས་ལ་མཐོ་རིས་ཀྱི༔ གནས་བཅུ་དག་ནི་རིམ་པར་ཆགས༔ ཞེས་དང་༔ ཀློང་གསལ་ལས༔ འོད་རྣམས་འདྲེས་པའི་འོད་ཟེར་ནི༔ སྦྲ་ཕུབ་ཙམ་པ་གསུམ་དུ་བྱུང་༔ གཅིག་ནི་སྣང་ལ་རང་བཞིན་མེད༔ དེ་ལ་སྐྱེ་མཆེད་མུ་བཞི་ཆགས༔ འོད་གཉིས་པ་ལ་མཐོ་རིས་གནས་བཅུ་ཆགས༔ ཞེས་དང་༔ ཀློང་གསལ་རྒྱུད་སྔ་མ་ལས༔ འདི་ལྟར་སྟེང་དུ་འོད་སྐོར་གཉིས་ལ་ནི༔ ཉི་མ་དང་ནི་ཟླ་བ་བྱུང༔ དེ་ཡང་ནམ་མཁའི་བཅུད་ཡིན་པས༔ འོད་ཚོགས་ཚུལ་དུ་དབྱིངས་ལ་ཤར༔ དེ་ཡང་ཡེ་ཤེས་རྩལ་ཡིན་ཏེ༔ ཀུན་ལ་གསལ་བར་ནུས་པའོ༔ རླུང་མདངས་ཡིན་པས་འགྲོ་བར་ནུས༔ མེ་མདངས་ཡིན་པས་དྲོད་དང་ལྡན༔ ཉི་མ་མེ་ཡི་དྭངས་མ་ཡིན༔ ཟླ་བ་ཆུ་ཡི་དྭངས་མ་ཡིན༔ གཟའ་སྐར་ས་ཡི་དྭངས་མ་ཡིན༔ ཞེས་དང་༔ ཉི་མ་དང་ནི་ཟླ་བ་གཉིས༔ ཡབ་ཡུམ་ཚ་གྲང་ཉིན་མཚན་འབྱེད༔ ཅེས་སོ༔
གཉིས་པ་ལུས་སུ་འཁྲུལ་པའི་འབྲས་བུ་བག་ཆགས་རྣམ་སྨིན་གྱི་སྦུབས་ལ༔ འབྲས་བུ་ལུས་སུ་སྨིན་པ་དབྱེ་བ་དང་བཅས་པ་དང་༔ ཁྱད་པར་འདོད་པའི་ལུས་གྲུབ་ཚུལ་དང་གཉིས་ལས༔
དང་པོ་ནི༔ ནང་རང་བཞིན་གྱི་འོད་ལྔ་ལ་འཛིན་པ་སྐྱེས་པས༔ ཕུང་པོ་ལྔ་དང་༔ དབང་པོ་ལྔ་དང་༔ དོན་སྙིང་ལྔ་དང་༔ ཡན་ལག་ལྔ་དང་ལྡན་པའི་འདོད་པའི་གཟུགས་སུ་གྲུབ་པ་དང་༔ ཟང་ཐལ་རང་བཞིན་མེད་པ་འོད་གསལ་གཟུགས་ཁམས་ཀྱི་ལུས་དང་༔ སྟོང་ལ་སེམས་པ་དང་བཅས་པ་མིང་བཞིའི་ཕུང་པོ་ཅན་གཟུགས་མེད་ཀྱི་ལུས་སོགས་མཚན་མའི་ལུས་ལྔའི་འབྲས་བུ་གྲུབ་དུས་རང་བཞིན་གྱི་འོད་དེ་ཡང་སྦུབས་ཀྱི་ནང་དུ་འཐུམ་པ༔ ཀློང་ཆེན་རབ་འབྱམས་ལས༔ འོད་གཟུགས་ཤ་གཟུགས་ཡིག་གཟུགས་གསུམ༔ དེ་ལས་འཁོར་འདས་གཉིས་སུ་གྱེས༔ ཞེས་དག་པའི་སྐུ་གསུང་ཐུགས་ལས་མ་དག་པའི་ལུས་གསུམ་དུ་འཁྲུལ་བའོ༔ དེ་ཡང་ལུས་ལ་དབྱེ་ན༔ སྟོང་རིག་ཏིང་འཛིན༔ གཟུགས་ཁམས་འོད་གསལ༔ རྡོས་བཅས་ཤ་ཁྲག༔ བར་དོ་ཡིད་ཀྱི༔ དམྱལ་བ་མྱོང་རིག་སྡུག་བསྔལ་གྱི་ལུས་དང་ལྔའོ༔ ཡང་ལུས་སུ་བསྒྲངས་ཚུལ༔ ལུས་ཀུན་གྱི་འཆར་གཞི་ལྷུན་གྲུབ་འོད་ཀྱི་སྦུབས་སྣང་ལ་རང་བཞིན་མེད་པ་ལོངས་སྐུའི་སྣང་བ་དང་༔ སྣ་ཚོགས་གང་འདུལ་དུ་འགྱུར་བས་མ་ངེས་སྤྲུལ་པའི་ལུས་དང་བདུན་དུ་ཡོད་ཀྱང་༔ གཟུགས་མེད་ཡིད་ལུས༔ གཟུགས་ཁམས་འོད་ལུས་སུ་བསྡུས་པ་དང་༔ ཡང་གཟུགས་གཟུགས་མེད་ཀྱི་ལུས་གཉིས་སེམས་དཔས་བསྡུས་པས་ལྔར་འགྱུར་བའོ༔ ཀློང་གསལ་ལས༔ ལུས་ནི་རྣམ་པ་ལྔ་རུ་བསྟན༔ རང་བཞིན་ལྷུན་གྲུབ་འོད་ཀྱི་ལུས༔ ཐོགས་མེད་ཀུན་ཁྱབ་ཡིད་ཀྱི་ལུས༔ དྭངས་སྙིགས་འབྱེད་པ་མི་ཡི་ལུས༔ དམིགས་པའི་རྟེན་བྱེད་སེམས་དཔའི་ལུས༔ སྣ་ཚོགས་འགྱུར་བ་སྤྲུལ་པའི་སྐུ༔ ལུས་ནི་ཡེ་ཤེས་སྙིང་པོ་ཅན༔ རང་བྱུང་ལྷུན་གྲུབ་རྩལ་ཡིན་ནོ༔ ཞེས་དང་༔ འབྱུང་བཞི་གཞི་མ་རྣམ་པ་ལྔ༔ དེར་འཛིན་བདག་ཏུ་རྟོག་པའི་བློས༔ འབྱུང་ལྔ་བེམ་པོ་ཅན་དུ་གྲུབ༔ ཡེ་ཤེས་ལྔ་པོ་གསལ་མ་ནུས༔ འབྱུང་ལྔའི་ཧྲིལ་གྱིས་འཐུམ་པའོ༔ ཞེས་དང་ཀུན་གསལ་ལས༔ བག་ཆགས་སྦུབས་ཀྱིས་ཡེ་ཤེས་བསྒྲིབ༔ སྦུབས་ལ་མི་གནས་ཡེ་ཤེས་མཐར་ཕྱིན་ཏོ༔ ཞེས་སོ༔
གཉིས་པ་ཁྱད་པར་འདོད་པའི་ལུས་གྲུབ་ཚུལ་བཤད་པ་ལ༔ ཕྲ་རགས་ཀྱི་སྒོ་གསུམ་གྲུབ་ཚུལ་གཉིས་ལས༔ དང་པོ་ནི༔ གཞི་རང་ངོ་མ་ཡེ་ཤེས་ཤིང་འཁྲུལ་བའི་འབྲས་བུ་ཡུལ་ལུས་སེམས་གསུམ་དུ་གྲུབ་པ་ལ༔ ཆོས་ཉིད་ཀྱི་ཚུལ་དུ་སྒྲོན་མ་གསལ་གསུམ་གྱི་གཞི་མར༔ གཞལ་ཡས་ཆེན་པོ་ཙིཏྟ་རིན་ཆེན་གྱི། དུང་ཁང་བྷནྡྷ། འགྱུ་བྱེད་རྩ་ཡི། ལྟ་བྱེད་མིག་གི་གཞལ་ཡས་བཞི་ན༔ ལྷུན་གྱིས་གྲུབ་པའི་གཞི་སྣང་གཉུག་མའི་སྒོ་གསུམ་རྒྱས་པར་འབྱུང་འགྱུར་ཉིད་ཡིན་ནོ༔ ཚུལ་འདི་རྒྱུད་གཞན་ལས་ཀྱང་བྱུང་སྟེ༔ གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས༔ ཕྲ་བའི་ལུས་ངག་ཡིད་གསུམ་ལ༔ གསང་བའི་སྐུ་གསུང་ཐུགས་ཡེ་ཤེས༔ རྡོ་རྗེ་གསུམ་དུ་གསང་བ་ཉིད༔ གསང་བ་བསམ་གྱིས་མི་ཁྱབ་པ༔ འགྲོ་ཀུན་བདེ་གཤེགས་རང་བཞིན་ཅན༔ ཞེས་སོ༔
གཉིས་པ་རགས་པའི་སྒོ་གསུམ་གྲུབ་ཚུལ་ལ༔ རྟེན་རྡོ་རྗེ་ལུས་ཀྱི་ཆགས་ཚུལ༔ བརྟེན་པ་རྩ་ཐིག་རླུང་གི་གནས་ཚུལ༔ ངོ་བོ་སྐུ་གསུམ་དུ་མངོན་པར་བྱང་ཆུབ་པའི་ཆོས་མཚུངས་དང་བཅས་བཤད་པའོ༔
དང་པོ་ནི༔ སྲིད་པ་བར་དོའི་མིང་བཞི་འདུས་པའི་ལུས་དེ་ཉིད་སྐྱེ་བ་ཨེ་ལོན་རེ་འཕྲེང་གིས༔ ཕོ་མོ་ཆགས་པ་སྤྱོད་པའི་བར་དུ་ཕྱིན་པས༔ དེར་སྐྱེ་བའི་ལུས་ཅན་དེ་མངལ་དུ་ཚུད་པས་འབྱུང་བ་བཞི་ལས་ལུས་སུ་གྲུབ་པ་ཡང༔ ཀློང་གསལ་ལས༔ སས་ནི་ལུས་ཀྱི་གཞི་བྱས་ཏེ༔ འཕེལ་བས་ཤ་རུས་ལྤགས་པར་སྨིན༔ ཆུས་ནི་ལུས་ཀུན་བསྡུས་པ་སྟེ༔ འཕེལ་བས་ཁྲག་དང་ཆུ་སེར་སྨིན༔ མེས་ནི་ལུས་ཀུན་སྨིན་པ་སྟེ༔ འཕེལ་བས་དྲོད་ནི་རྒྱས་པར་འདོད༔ རླུང་གིས་ལུས་ཀུན་འདེགས་པ་སྟེ༔ འཕེལ་བས་དབུགས་སུ་སྨིན་པར་འདོད༔ ནམ་མཁའ་རང་བཞིན་འཕེལ་འགྲིབ་མེད༔ དེ་ལྟར་འབྱུང་བཞིའི་བྱེད་ལས་ཀྱིས༔ ཁམས་གསུམ་པ་ཡི་ཁང་པ་རུ༔ རྒྱུད་དྲུག་སེམས་ཅན་རེ་མོས་འཁོར༔ ཞེས་སོ༔ དེ་ཡང་ཕོ་མོའི་དབང་པོ་རེག་པས་ས་ཁམས་སྐྱེ༔ བྱང་སེམས་ཁུ་བའི་རང་བཞིན་ལས་ཆུ་ཁམས་སྐྱེ༔ བསྐྱོད་པ་ལས་དྲོད་དེ་མེ་ཁམས་སྐྱེ༔ གཡོ་བས་རླུང་ཁམས་སྐྱེ༔ བདེ་བ་ལས་ནམ་མཁའི་ཁམས་སྐྱེ་སྟེ༔ འབྱུང་བཞི་འདུས་པའི་ཁུ་ཁྲག་ལུས་ཀྱི་གཞི་མ་གཉིས་ཀྱི་བར་དུ་དེར་སྐྱེ་བའི་ལས་ཅན་གྱི་སེམས་ཅན་དེའི་རླུང་སེམས་གཉིས་ཨའི་རྣམ་པར་མའི་གཤང་ལམ་ནས་ཞུགས་ཏེ༔ བཞི་པོ་དེ་ཆུ་དང་འོ་མ་བསྲེས་པ་ལྟར་དབྱེར་མེད་དུ་གནས་ཏེ་ལུས་བླང་བར༔ རབ་འབྱམས་ལས༔ རིག་པ་ཡིད་དུ་འགྱུ་བ་སྟེ༔ ཕ་མའི་བདེ་བ་སྲ་སྙམ་དུས༔ བར་དོའི་རྣམ་པར་ཤེས་པ་དེ༔ གཤང་ལམ་ཞུགས་ནས་མངལ་དུ་ནི༔ ཡི་གེ་ཨ་ཡི་ཚུལ་དུ་ཐིམ༔ ཆུ་ལ་ཆུ་བཞག་ཚུལ་དུ་འོང༔ མངལ་གྱི་རྒྱས་འཐུམ་བྱུང་ཚོར་འགགས༔ བདེ་བ་ཆེན་པོའི་ངང་དུ་གནས༔ སེམས་ཡིད་ལྷ་ཁང་ཁྱིམ་ཚུད་བསམ༔ རྣམ་ཤེས་རླུང་དང་རྒྱུ་རྐྱེན་བཞི༔ ཁྲག་དང་འོ་མ་འདྲེས་ལྟར་སོང་༔ ཞེས་སོ༔ དེ་ལས་ཁྱད་པར་དུ་ཁུ་ཁྲག་གཉིས་ཀུན་རྫོབ་པའི་འབྱུང་བའི་གཞིར་གྱུར་པ་ལས༔ བདུན་ཚན་བཞི་བཅུར་འབྱུང་བའི་བྱེར་ཟུག་གིས་ལུས་སྨིན་ནས་བསྐྱེད་པའི་ཚུལ༔ ཞག་བདུན་ཕྲག་དང་པོ་ལ༔ རླུང་གིས་རྒྱས་པར་བརྡལ་ཞིང་དྭངས་སྙིགས་ཕྱེད༔ ཆུས་དྭངས་མ་དཀྱིལ་དུ་བསྡུས༔ མེས་སྨིན་པར་བསྐྱེད༔ སས་འཐས་པར་བཅགས་ཏེ་མེར་མེར་པོའི་གཞི་ཉུང་འབྲུ་ཙམ་དུ་ཆགས༔ བདུན་ཚན་གཉིས་པ་ལ་འབྱུང་བཞིའི་བྱེད་པས་ནུར་ནུར་པོ་ཉུང་འབྲུ་གཉིས་ཀྱི་ཆ་ཙམ་དུ་ཆགས༔ གསུམ་པ་ལ་ལྟར་ལྟར་པོ་ཉུང་འབྲུ་བཅུའི་ཆ་ཙམ་དུ་ཆགས༔ བཞི་པ་ལ་གོར་གོར་པོ་ཉུང་འབྲུ་བརྒྱའི་ཆ་ཙམ་དུ་ཆགས་སོ༔ དེ་ནས་ལྔ་པའི་ཐོག་མར་མཁྲེང་གྱུར་གྱི་ཞག་དང་པོ་ནས་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་དབུ་མ་སྲོག་རླུང་དང་བཅས་པ་བསྐྱེད་ནས་སྤྱན་གཉིས་ལས་ལྟེ་བའི་འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུར་གྱུར༔ ཟླ་བའི་མིང་འཕོ་བ་གཉིས་པ་ལ་ཞག་རེ་རྩ་ཉིས་བརྒྱ་རེ་ཆགས་ནས་རུས་སྦལ་གྱི་རྣམ་པ་ལྟ་བུར་སྨིན་ནོ༔ འཕོ་བ་གསུམ་པ་ལ་ཕག་རྒོད་ལྟ་བུ༔ བཞི་པ་ལ་སེང་གེ་ལྟ་བུ༔ ལྔ་པ་ལ་རུས་དུམ་སུམ་བརྒྱ་དྲུག་ཅུ་ཆགས་པར་གྱུར་ནས་མི་ཡི་གཟུགས་སུ་སྨིན༔ དྲུག་པ་ལ་ས་ཁམས་ཀྱི་ཆ་ལས་མིག་གཉིས་ཆགས༔ བདུན་པ་ལ་ཆུ་ཁམས་རྣ་བུག༔ བརྒྱད་པ་ལ་མེ་ཁམས་སྣ་བུག༔ དགུ་པ་ལ་རླུང་ཁམས་ལྕེ༔ བཅུ་པ་ལ་ཁམས་དང་སྐྱེ་མཆེད་རྫོགས་ཏེ་ཕྱིར་འབྱོན་པ་སྟེ༔ ཀློང་གསལ་ལས༔ ཕོ་མོ་སྦྱོར་བ་བྱེད་པ་ལ༔ བདེ་བ་གཉིས་སྙོམས་འདྲེས་པའི་དུས༔ གཉིས་འཛིན་སེམས་ཏེ་མངལ་དུ་ཐིམ༔ ཕ་མ་གཉིས་ཀྱི་ཐིག་ལེ་དང་༔ རྒྱུ་རྐྱེན་འདི་དག་རབ་ཏུ་འདྲེས༔ ཁྲག་དང་ཞོ་ཡི་ཚུལ་ལྟར་རོ༔ འབྱུང་བ་བཞི་ཡི་ལུས་སུ་འོང་༔ ཞག་ནི་བདུན་ཚན་བརྒྱད་དག་ཏུ༔ མེར་མེར་ནུར་ནུར་གོར་གོར་པོ༔ ལྟར་ལྟར་མཁྲེད་གྱུར་ཁྱབ་འཇུག་དང་༔ རུས་སྦལ་སྦལ་བ་ལྟ་བུ་སྟེ༔ རིམ་པ་བཞིན་དུ་ལུས་རྒྱས་སོ༔ ཞེས་དང་༔ རབ་འབྱམས་ལས༔ དེ་ལྟར་བདུན་ཕྲག་བཞི་བཅུ་ལ༔ ཟླ་བ་དགུ་དང་ཞག་པོ་བརྒྱད༔ སྤྱིར་ན་ཟླ་དགུ་ངོ་བཅུ་ལ༔ མངལ་དུ་རྩོགས་པའི་འདུ་ཤེས་ཤར༔ འཕུལ་བྱེད་རླུང་གིས་མར་ལ་བསྡུས༔ མགོ་མཇུག་ལོག་ནས་ཕྱིར་ལ་ཐོན༔ དེ་ལྟར་མངལ་གྱི་རྒྱ་དང་བྲལ༔ སྔར་གྱི་བག་ཆགས་སྲབས་སུ་འོང་༔ ཕྱིས་ཀྱི་ཉེར་ལེན་ངོ་མ་འཕྲོད༔ ཤེས་པ་སྔར་བས་མི་གསལ་ཞིང་༔ རྩ་རླུང་ཀུན་གྱི་སྟོབས་མ་སྐྱེས༔ ཁམས་ཀྱི་དྭངས་སྙིགས་མ་ཕྱེ་བར༔ ནད་གདོན་མི་མཐུན་ཕྱོགས་རྣམས་ལྡང་༔ དེ་ནས་ཁམས་ཀྱི་ཟས་ཟོས་པས༔ དྭངས་མས་ཁམས་ཀྱི་ནུས་པ་བསྐྱེད༔ སྙིགས་མས་ལུས་ཀྱི་སྟོབས་བསྐྱེད་ནས༔ རིམ་གྱིས་ལུས་རྣམས་བསྐྱེད་པར་གྱུར༔ ཞེས་སོ༔ དེ་ཡང་ཕ་ལས་ཐོབ་པའི་ཐིག་ལེ་ལས་ཚིལ་རྐང་ཁུ་བར་སྨིན༔ མ་ལས་རཀྟས་ཤ་ཁྲག་ལྤགས་པར་སྨིན་ཏེ་ལུས་རྒྱས་པ་སྟེ༔ ལྷ་མོ་བཞིས་ཞུས་པ་ལས༔ ཆུ་ཁམས་ཕ་ལས་སྐྱེ་ཞེས་བྱ༔ མེ་ཡི་ཁམས་ནི་མ་ལས་སྐྱེ༔ ཤ་དང་ཁྲག་དང་ལྤགས་པ་ཡང་༔ མ་ལས་སྐྱེས་པ་ཞེས་བཤད་དོ༔ ཚིལ་དང་རྐང་དང་ཁུ་བར་ནི༔ ཕ་ལས་སྐྱེས་ཞེས་བཤད་པ་ཡིན༔ ཞེས་སོ༔ ཁམས་ཟས་དེ་ཡང་མའི་ལུས་ལ་ཡོད་དུས་མའི་ཁ་ཟས་ཟོས་པས་བུའི་ལུས་བསྐྱེད་པའི་ཆ་རྐྱེན་དུ་གྱུར་བ་ཡིན་ལ༔ བཙའ་ཟིན་ནས་རང་གིས་ཟོས་པ་ཉིད་ཀྱིས་དྭངས་སྙིགས་གཉིས་ཁམས་ལུས་ཀྱི་གསོས་སུ་སྨིན་པའོ༔ དེ་ལྟར་སྨིན་པའི་ལུས་དེ་མངལ་དུ་ཞག་རེ་རྩ་ཉིས་བརྒྱ་རེ་ཆགས་པས་ཟླ་རེ་ལ་དྲུག་སྟོང་ལོངས་ཏེ་ཟླ་དགུ་ངོ་བཅུ་ལ་སྟོང་ཕྲག་ལྔ་བཅུ་རྩ་བཞི༔ སྐྱེས་ནས་ཟླ་བ་གསུམ་པ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས༔ རུས་དུམ་སུམ་བརྒྱ་དྲུག་ཅུ་དང་༔ ཤ་སྤར་ཚད་ལྔ་བཅུ༔ ཁྲག་སྙིམ་པ་དྲུག༔ ཉ་སུལ་ཆེན་པོ་དྲུག༔ ཀླད་པ་སྙིམ་པ་གང་༔ རྒྱུ་མ་རང་འདོམས་གསུམ༔ སྐྲ་བརྒྱད་ཁྲི་བཞི་སྟོང་༔ བ་སྤུ་བྱེ་བ་གཅིག༔ སོ་སུམ་ཅུ་རྩ་གཉིས༔ སྒལ་ཚིགས་ཉེར་བརྒྱད༔ རྩིབ་མ་བཅུ་དྲུག་ལ་སོགས་པའི་རང་ལུས་འདོམ་གང་གྲུ་བཞིར་ཡོད་པ་རྫོགས་པར་ཆགས་པ་ཡང་༔ རབ་འབྱམས་ལས༔ དེ་ལྟར་རྫོགས་ལྡན་ལུས་འདི་ལ༔ རུས་དུམ་སུམ་བརྒྱ་དྲུག་ཅུ་ཡོད༔ ཤ་ལ་སྤར་ཚད་ལྔ་བཅུ་ཡོད༔ ཁྲག་ནི་རང་གི་སྙིམ་པ་དྲུག༔ རྩ་ནི་སྟོང་ཕྲག་བདུན་ཅུ་ཡོད༔ ཉ་སུལ་ཆེན་པོ་དྲུག་དུ་ཡོད༔ ཀླད་པ་རང་གི་སྙིམ་པ་གང་༔ རྒྱུ་མ་རང་འདོམ་གསུམ་པ་དང་༔ སྐྲ་ནི་བརྒྱད་ཁྲི་བཞི་སྟོང་ཡོད༔ བ་སྤུ་བྱེ་བ་གཅིག་ཡོད་དོ༔ སོ་ནི་སུམ་ཅུ་རྩ་གཉིས་ཡོད༔ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཡོད་༔ རྩིབ་མ་བཅུ་དྲུག་ལ་སོགས་ཏེ༔ འདོམ་གང་གྲུ་བཞི་རང་ལུས་རྫོགས༔ ཞེས་སོ༔
གཉིས་པ་བརྟེན་པ་རྩ་རླུང་ཐིག་ལེ་ཆགས་ནས་གནས་ཚུལ་ལ་གསུམ་ལས༔ དང་པོ་ལ༔ ཆགས་ཚུལ་ནི་སྔར་ཡང་ཐལ་ལ༔ གནས་ཚུལ་ལ་ཡང་ཡེ་ཤེས་དང་འབྱུང་བའི་རྩ་གཉིས་ཀྱི་ཆགས་གནས་སོ་སོར་ཡོད་ཀྱང་སྔ་མ་ནི་འོག་ཏུ་གསལ་བའི་འཆད་དོན་ཡིན་པས་འདིར་མ་སྨྲོས་ཀྱང་རྩ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཡིན་ལ༔ དེའི་ནང་ན་ཁམས་ཏིང་ངེ་འཛིན་སེམས་དཔའི་ཚུལ་དུ་བཞུགས་པ་ཉིད་དོ༔ ཕྱི་མ་འབྱུང་བ་རང་སའི་རྩ་ནི༔ སྤྱིར་དབུ་མ་དང་མཉམ་པོར་ཆགས་པའི་རོ་རྐྱང་གཉིས་ཀྱིས་གཡས་གཡོན་ནས་འཁྲིལ་ཞིང་ འཁོར་ལོ་དྲུག་དང་འཁོར་མཚམས་དྲུག་གི་འདུས་སོ་མདུད་པ་ཉེར་གཅིག་ཏུ་འཁྲིལ་བ་སྟེ་གསུམ་དང་༔ འབྱུང་བའི་རྩ་བཞི་སུམ་སྐོར་མ། འདོད་མ། འཁྱམ་མ། གཏུམ་མ་བདུད་བྲལ་དང་བཅས་བརྒྱད་དུ་ཡོད་པ་དང་༔ ཡང་གཡས་གཡོན་དབུས་ཀྱི་རོ་རྐྱང་དབུ་གསུམ་གྱི་དོན་ཆར་སྐྱེས་པའི་རྩ་རྩེ་བ་མ་སོགས་བརྒྱད་བརྒྱད་དེ་གནས་ཉེར་བཞིའི་རྩ་ཉེར་བཞིར་བཤད་པ་དང་དེ་ལ་སྔ་མ་བརྒྱད་བསྣན་པས་ཡུལ་སོ་གཉིས་ཀྱི་རྩ་ཞེས་དང་༔ རོ་རྐྱང་གི་མདུད་མཚམས་བཅུ་ལ་ཧེ་རུ་ཀའི་གནས་བཅུ་སུ་བཤད་པས་ས་བཅུ་སོགས་དང་སྦྱོར་བ་དང་༔ ཡང་རྩ་འཁོར་ལ་བཤད་དེ༔ སྤྱི་བོར་སོ་གཉིས༔ མགྲིན་པར་བཅུ་དྲུག༔ སྙིང་ཁར་བརྒྱད༔ ལྟེ་བར་དྲུག་ཅུ་རྩ་བཞི་བསྡོམས་པས་བརྒྱ་ཉི་ཤུ་དང་༔ ཡང་གཙུག་ཏོར་ན་རྩ་འདབ་མེད་པའམ་བཞི༔ བདེ་སྐྱོང་ན་རྩ་འདབ་བདུན་ཅུ་རྩ་གཉིས་ཡོད་པར་བཤད་པ་དང་༔ གནས་ཉེར་བཞིའི་རྩ་ལས་སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་གསུམ་གྱིས་ཏེ་བདུན་ཅུ་རྩགཉིས༔ དེ་རེ་རེ་ལ་འཁོར་རྩ་ཕྲན་སྟོང་སྟོང་སྟེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་བཤད་པ་སོགས་དང་༔ དགའ་བོ་མངལ་འཇུག་གི་མདོ་ལས་བརྒྱད་ཁྲི་བཞི་སྟོང་ལུས་ཀྱི་གཡས་གཡོན་མདུན་རྒྱབ་ཏུ་རྩ་ཉི་ཁྲི་ཆིག་སྟོང་རེ་བཤད་པ་སོགས་མི་འདྲ་བ་མང་ཡང་༔ དབྱེ་བསྡུས་ཁྱད་ཙམ་ལས་འགལ་བ་མིན་པས༔ འདིར་ཀློང་ཆེན་རབ་འབྱམས་རྒྱུད་ཀྱི་དགོངས་པ་ནི་དབུ་མ་དབུས་སུ་ཡོད་པ་ཁ་དོག་མཐིང་ཀ་རླུང་གི་ལམ༔ གཡས་རོ་མ་ཁ་དོག་དཀར་པོ་དཀར་ཆའི་ལམ༔ རྐྱང་མ་གཡོན་ནས་རྡུལ་གྱི་ལམ་དམར་པོ་གསུམ་གྱི་དབུས་མ་ལས་གྱེས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ་སྐུའི་ཡི་གེའི་རང་བཞིན་གྱི་ཐིག་ལེས་གང་བ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་བཅུ་དྲུག་གི་འདབ་ལྡན་གསུང་གི་ཡི་གེའི་རང་བཞིན་གྱི་ཐིག་ལེས་གང་བ༔ སྙིང་ག་པདྨ་འདབ་བརྒྱད་ཀྱིས་མཚོན་པའི་རྩ་སོ་གཉིས་ཐུགས་ཀྱི་ཡི་གེའི་རང་བཞིན་གྱི་ཐིག་ལེས་གང་བ་༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི་ཡོན་ཏན་གྱི་ཡི་གེའི་རང་བཞིན་གྱི་ཐིག་ལེའི་གང་བ༔ གསང་གནས་བདེ་བ་སྐྱོང་བ་རྩ་འདབ་ཉེར་བརྒྱད་དུ་ཕྲིན་ལས་ཀྱི་ཡི་གེའི་རང་བཞིན་གྱི་ཐིག་ལེས་གང་བ་རྣམས་བསྡོམས་པས་རྩ་འདབ་ལྔ་བརྒྱ་ཡོད་ལ༔ དེ་ལས་གྱེས་པའི་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བྱེ་བ་ཐེར་འབུམ་དུ་ཡང་ཡོད་དོ༔ དབུས་ཀྱི་རྩ་གསུམ་ལ་སྐུ་གསུང་ཐུགས་ཀྱི་འོད་རྩའི་ཁྱབ་པའི་ཁོངས་སུ་ཡི་གེ་ཨྃ་ཨཱ་ཧཱུྃ་གསུམ་གནས་ཤིང་སྒོ་གསུམ་དང་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པ༔ དེ་ཡང་དབུ་མའི་རིགས་འཛིན་པ་ཐམས་ཅད་རླུང་གིས་བསྐྱེད་ཅིང་དཀྱིལ་འཁོར་ཀྱང་དེ་ཤས་ཆེར་འབབས་ལ༔ རོ་མའི་རིགས་འཛིན་པ་ཐམས་ཅད་ཆུའི་དྭངས་མ་དཀྱིལ་འཁོར་ཀྱང་དེ་ཉིད་དང་༔ རྐྱང་མའི་རིགས་འཛིན་པ་ཐམས་ཅད་ས་ཡི་དྭངས་མ་དཀྱིལ་འཁོར་ཤས་ཆེར་མེ་འབབས་སོ༔ རོ་མས་ལྟེ་བའི་གཡོན་ནས་ཟུག་ཅིང་བྱང་སེམས་འབབས་པའི་ལས་བྱེད༔ རྐྱང་མས་སྙིང་རྩེ་གཡོན་ནས་ཐོན་ཏེ༔ མགྲིན་པ་ནས་གཉིས་སུ་གྱེས་པའི་ཡར་སྣེ་ཨ་འབྲས་གཉིས་སུ་ཟུག༔ ཀུན་འདར་མས་རྩེ་གསུམ་དུ་གྱུར་ཏེ་རྣ་བ་གཉིས་དང་སྤྱི་བོར་ཧར་བའོ༔ དབུ་མའི་དབུས་ནས་ཤེལ་སྦུག་ཅན་གྱིས་ཟང་ཐལ་དྲི་མ་མེད་པའི་འོད་ཟེར་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་འཕྲོའོ༔ དེ་སྐད་དུའང་རབ་འབྱམས་ལས༔ ལུས་ལ་གནས་པའི་རྩ་རྣམས་ནི༔ བྱེ་བ་ཐེར་འབུམ་གནས་པའོ༔ དེ་རྣམས་བསྡུས་པའི་རྣམ་གྲངས་ནི༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ༔ དེ་ཡང་ཚུར་ལ་བསྡུས་པ་ཡི༔ ལུས་ཀྱི་དཀྱིལ་འཁོར་ལྔ་རུ་འདུས༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་དང་༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ༔ རྩ་འདབ་བརྒྱད་གཉིས་བཅུ་དྲུག་གནས༔ སྙིང་ཀ་ཆོས་ཀྱི་འཁོར་ལོ་རུ༔ རྩ་འདབ་སུམ་ཅུ་སོ་གཉིས་གནས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྩ་འདབ་དྲུག་ཅུ་རྩ་བཞི་གནས༔ གསང་གནས་བདེ་སྐྱོང་འཁོར་ལོ་རུ༔ རྩ་འདབ་ཉི་ཤུ་རྩ་བརྒྱད་གནས༔ འཁོར་ལོ་ལྔ་པོ་དེ་ཡི་དབུས༔ སེམས་ཅན་ཀུན་གྱི་ལུས་ཀྱི་ནང་༔ ཙིཏྟ་རིན་ཆེན་གཞལ་ཡས་སུ༔ རྩ་ནི་སྟོང་ཕྲག་གྲངས་མང་ཡང་༔ ཁྱད་པར་ཆེན་པོའི་རྩ་བཞི་ནི༔ རོ་མ་རྐྱང་མ་ཀུན་འདར་མ༔ ཀ་ཏི་ཤེལ་སྦུག་ཅན་དང་བཞི༔ ཞེས་དང་༔ རོ་མ་གཡས་ལ་རྐྱང་མ་གཡོན༔ ཀུན་འདར་མ་ནི་དབུས་ན་གནས༔ རོ་མ་ཆུ་ཡི་དྭངས་མ་ཡིན༔ རྐྱང་མ་མེ་ཡི་དྭངས་མ་ཡིན༔ ཀུན་འདར་མ་ནི་རླུང་གིས་བསྐྱེད༔ ཤེལ་སྦུག་ཅན་ནི་ཞར་ལའོ༔ ཞེས་སོ༔ རྩ་འདི་དག་གི་ཤེལ་སྦུག་མ་གཏོགས་པ་ནི་འབྱུང་བ་ནང་གི་ལུས་ཕྲ་བ་ཡིན་པས་རྒྱུ་རྐྱེན་ལས་སྐྱེས་པའོ༔
གཉིས་པ་རླུང་གི་ཆགས་ཚུལ་དང་གནས་ཚུལ་གཉིས་ལས༔ དང་པོ་ནི༔ འཕོ་བ་དང་པོའི་ཐོག་མར་ཀུན་གཞི་སྲོག་རླུང་གི་ངོ་བོ་ལ་ཡན་ལག་ལྔ་ལྡན་གྱི་ཤེས་པའི་བག་ཆགས་ས་བོན་གྱི་རླུང་བཞིའི་འཁོར་ཅན་ནང་གི་རླུང་སེམས་དང་༔ ཁུ་ཁྲག་གཡོ་འགྱུར་གྱི་རླུང་རགས་པ་འབྱུང་རླུང་བཅས་སྙིང་གར་གནས་པ་ལས༔ མེར་ནུར་ལྟར་མཁྲེང་གོར་གོར་པོའི་གནས་སྐབས་བཞིར་སྲུབ་བརྡལ་ཁྱབ་པར་གནས༔ འཕོ་བ་གཉིས་པ་ལ་སྲོག་ལས་ཐུར་སེལ་འཕྲོས༔ གསུམ་པ་ལ་སྲོག་ལས་གྱེན་རྒྱུ་ལོགས་སུ་ཕྱེས༔ བཞི་པ་ལ་ཁྱབ་བྱེད་ཀྱི་རླུང་འཕྲོས༔ ལྔ་པ་ལ་མཉམ་གནས་ཀྱིས་ནང་གི་གནས་གཞན་བསྒྲུབ༔ དྲུག་པ་ལ་ཁྱབ་བྱེད་ཀྱི་ལས་ཀླུའི་རླུང་༔ བདུན་པ་ལ་ཀླུ་ལས་རུས་སྦལ༔ བརྒྱད་པ་ལ་དེ་ལས་རྩངས་བ༔ དགུ་བ་ལ་དེ་ལས་ལྷ་བྱིན་གྱི་རླུང་༔ བཅུ་པ་ལ་དེ་ལས་གཞུ་རྒྱལ་སྤྲོ་བའི་རིམ་པས་ཆགས་སོ༔ རྡོ་རྗེ་ཕྲེང་བ་ལས༔ ཉོན་མོངས་ཅན་ནི་སྲོག་རླུང་ཉིད༔ སྐད་ཅིག་གཅིག་ལ་ཡང་དག་འགྲོ༔ ཐོག་མར་འཕོ་བའི་དུས་སུ་ནི༔ ཉ་ཡི་རྣམ་པ་ལྟ་བུར་འགྱུར༔ འཕོ་བ་གཉིས་པའི་དུས་སུ་ནི༔ སླར་ཡང་ཁྲག་དང་འདྲེས་པ་ན༔ སྟེང་དང་འོག་གི་དབྱེ་བ་ཡིས༔ སྲོག་གི་རླུང་ནི་གཉིས་སུ་འགྲོ༔ ཐུར་སེལ་རླུང་གི་འགྲོ་འོང་ལ༔ རུས་སྦལ་རྣམ་པར་འཛིན་པར་འགྱུར༔ དེ་ནས་འཕོ་བ་གསུམ་པ་ལ༔ ཁྲག་དང་ཁུ་བ་ཟོས་པ་ན༔ ཐུར་དུ་སེལ་བའི་རླུང་གི་ཚོགས༔ བསྐམས་ནས་ཀུན་ཏུ་རླུང་ནི་འབྱུང་༔ སྟེང་དུ་ཁ་བལྟས་ནས་ནི་གནས༔ ཕག་རྒོད་འདྲ་བའི་ལུས་འཆང་འགྱུར༔ སླར་ཡང་འཕོ་བ་བཞི་པ་ལ༔ ཁྲག་དང་ཁུ་བ་བསྒོས་པ་ནི༔ གྱེན་དུ་རྒྱུ་བའི་རླུང་བཀུགས་ནི༔ འོག་ཏུ་ཁ་བལྟས་ནས་ནི་འགྲོ༔ སེང་གེའི་རྣམ་པ་ཡིས་ཀྱང་ནི༔ ཁྱབ་བྱེད་རླུང་ནི་སྤྲོ་བར་བྱེད༔ དེ་ནས་འཕོ་བ་ལྔ་པ་ལ༔ ཁྲག་དང་ཁུ་བ་འཕེལ་ནས་ནི༔ མཉམ་གནས་རླུང་ནི་འདར་ནས་ནི༔ མེ་ཡི་གཟུགས་རེར་རིམ་བཞིན་འགྲོ༔ མཉམ་གནས་རླུང་གིས་ཁྱབ་བྱེད་སྤྲོ༔ གང་གིས་འགུལ་དང་འདར་བར་འགྱུར༔ ཕུང་པོ་ལྔ་ནི་རྫོགས་པ་ན༔ དེ་ལྟར་གསུངས་པ་དེ་ལས་སླར༔ འཕོ་བ་དྲུག་པའི་དུས་ཚོད་ལ༔ ས་ཡི་ཁམས་དང་མིག་གཉིས་དང་༔ ཁྱབ་བྱེད་རླུང་གིས་ཀླུ་རླུང་སྤྲོ༔ རླུང་གིས་དངོས་པོ་འཕེལ་བར་བྱེད༔ དེ་ནས་འཕོ་བ་བདུན་པ་ལ༔ ཆུ་ཡི་ཁམས་དང་སྣ་བུག་དོད༔ ཀླུ་ཡི་རླུང་གིས་རུས་སྦལ་རླུང་༔ སྤྲོས་ནས་གཉིས་སུ་མེད་པར་སྤྲོད་༔ དེ་ནས་འཕོ་བ་བརྒྱད་པ་ལ༔ མེ་དང་སྣ་ཡི་བུ་ག་འབྱུང་༔ རུས་སྦལ་རླུང་གིས་རྩངས་རླུང་སྤྲོ༔ རང་གི་རང་བཞིན་ཤེས་པར་བྱེད༔ དེ་ནས་འཕོ་བ་དགུ་པ་ལ༔ རླུང་གི་ཁམས་དང་རོ་ནི་ཚོར༔ རྩངས་པ་ཞེས་བྱའི་རླུང་ཆེན་པོས༔ ལྷ་སྦྱིན་རླུང་ནི་སྤྲོ་བར་བྱེད༔ དེ་རྗེས་འཕོ་བ་བཅུ་པ་ལ༔ ལྷ་སྦྱིན་རླུང་གིས་གཞུ་རྒྱལ་སྤྲོ༔ རླུང་ཀུན་བསྡུས་པའི་མཚན་ཉིད་ཅན༔ དགུ་པའི་དུས་ན་ཁྱབ་པའི་ཁམས༔ ཕྲ་ཞིང་ཐོགས་མེད་མཚན་ཉིད་ཅན༔ རྩ་དང་རྒྱུ་མ་རྒྱུས་པའི་སྦུབས༔ སྒོ་ནི་དགུ་བོ་རྒྱས་པར་བཤད༔ ལུས་ཀྱི་མཆོག་ཏུ་ཚོར་བ་དང་༔ གཅིག་ཏུ་རེག་པའི་མཚན་ཉིད་འཛིན༔ ནོར་བུའི་རྩེར་ལྷན་སྐྱེས་སད་པར་བྱེད་པའི་རྩ་རབ་སད་མཆོག་ནི་སྙིང་ག་ནམ་མཁའི་འཁོར་ལ༔ འོད་གསལ་བཟང་པོའི་ཡེ་ཤེས་ཡང་དག་གནས༔ སངས་རྒྱས་རྣམས་ཀྱི་ཤེས་པ་བཅུ་ས་བཅུའི་ཡེ་ཤེས༔ དེ་ལྟ་བུ་ཉིད་བཤད་པར་བྱ༔ ཞེས་སོ༔
གཉིས་པ་གནས་ཚུལ་རླུང་གི་ངོ་བོ་ཡེ་ཤེས་ལྔ་ཡིན་ཏེ༔ རྡོ་རྗེ་ཕྲེང་བ་ལས༔ ཐོག་མར་རླུང་གི་དེ་ཉིད་དང་༔ དེ་ནས་སྔགས་ཀྱི་གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོའི་སྔགས་སམ་སྔགས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྦྱར་ཚུལ་དེ་ཉིད་གསལ༔ དེ་ལ་རླུང་གི་འོད་ཟེར་མཆོག༔ གསལ་བ་ཆེན་པོ་ཁ་དོག་ལྔ༔ དེ་བཞིན་གཤེགས་པ་ལྔའི་རང་བཞིན༔ དེ་ནི་ཡེ་ཤེས་ལྔར་དག་པ༔ རླུང་ལྔ་དཀར་པོ་རྡོ་རྗེ་གཉིས་ནས་མགོན་པོའི་རླུང་དལ་བར་རྒྱུ། སེར་པོ་དྲག་པོར་རིན་ཆེན་མགོན་པོ། དམར་པོ་པདྨ་གཡས་མགོན་པོ། ལྗང་སེར་ལས་གཡོན་ཏུ་ཀྱི་མགོན་པོའི་རླུང་རྣམས་སྣ་ནས་རྒྱུ། ནམ་མཁའི་མགོན་པོའམ་རླུང་དབུ་མར་སྲོག་རླུང་དང་ལྷན་ཅིག་གནས་ནས་འཆི་ཁར་རྒྱུ་རུ་ནི་རྒྱུ་བར་བྱེད༔ ཅེས་སོ༔ རྣམ་པ་ཡེ་རླུང་གསུང་རང་བཞིན་འོད་ཀྱི་ཐིག་ལེ་སོགས་སུ་བཞུགས་ཚུལ་འོག་ནས་འབྱུང་འགྱུར་ལྟར་དུ༔ རབ་འབྱམས་ལས༔ ཨེ་མ་རྡོ་རྗེ་སེམས་དཔའི་རྩལ༔ ཡེ་ཤེས་རླུང་གི་མ་ཁྱབ་མེད༔ དེ་ལ་རྣམ་གྲངས་མང་ན་ཡང་༔ ལས་རླུང་ཡེ་ཤེས་རླུང་གཉིས་སོ༔ ཡེ་ཤེས་རླུང་ནི་སེམས་དང་འདྲེས༔ སེམས་ནི་ལས་རླུང་དག་དང་འདྲེས༔ རླུང་སེམས་གཉིས་སུ་མེད་པའི་སྟེ༔ ཀུན་འདུས་རླུང་གིས་ལས་ཀུན་བྱེད༔ ཅེས་སོ༔ དེ་ཡང་སྙིང་ནང་ནས་རྩ་གསུམ་གྱི་ནང་སོགས་ལུས་ཀུན་ལ་འཕྲོ་བའི་རླུང༔ འདེགས་བྱེད་ཀྱི་རླུང་དཀར་པོ་སྙིང་ནས་མཚེར་བ་ལ་བརྒྱུད་དེ་ལུས་ཀུན་ལ་ཁྱབ་སྟེ༔ ལྷུ་ཚིགས་བཞི་ལ་གནས་ནས་ཤ་རུས་ལྤགས་པའི་སྟོབས་བསྐྱེད༔ གཟི་མདངས་ཀྱི་རླུང་སེར་པོ་སྙིང་ནས་ཕྱིར་མཁལ་རྩ་བརྒྱུད་དེ་སྨིན་ཕྲག་ཏུ་ཐོན་ནས་ལུས་ཀུན་གྱི་བཀྲག་མདངས་བསྐྱེད༔ མེ་མཉམ་དྲོད་འབེབ་པའི་རླུང་འོད་དམར་པོའི་རང་བཞིན་མཆིན་རྩ་ནས་ཐོན་ཏེ་ལུས་ཀྱི་མགོ་མཇུག་ཀུན་ཁྱབ་ཅིང་ཕོ་བར་ཟས་འཇུ་པའི་ལས་བྱེད༔ དྭངས་སྙིགས་ཕྱེད་པའི་རླུང་ལྗང་གུ་སྙིང་ནས་གློ་བ་ལ་སོང་དེ་ལུས་ཀུན་ཁྱབ༔ ཁྱད་པར་ཁ་སྣ་ནས་རྒྱུ་ཞིང་གནས༔ ཟས་དྭངས་སྙིགས་འབྱེད་ནས་དྭངས་མ་ལུས་སྟོབས་ཀྱི་གསོས་སུ་བསྟིམ༔ སྙིགས་མས་དྲི་ཆེ་ཆུང་ཕྱིར་འདོར༔ སྙིང་རྗེ་མེད་པའི་རླུང་འོད་མཐིང་གི་རང་བཞིན་སྙིང་ནས་རིག་པ་དང་གཉིས་མེད་དུ་གནས་ནས་འཁོར་འདས་ཀྱི་སྲོག་གཅོད་དོ༔ རྒྱུ་མཚན་དེས་ན༔ སྲོག་འཛིན་སྙིང་ཀར་གནས༔ མེ་མཉམ་ཕོ་བར༔ ཁྱབ་བྱེད་ཡན་ལག་ཏུ༔ ཐུར་སེལ་འདོམས་ན༔ གྱེན་རྒྱུ་སྟོད་ན་གནས་པས་གྱེན་རྒྱུའི་རླུང་ལ་ཕྱིར་ས་ཆུ་མེ་རླུང་བཞིའི་རླུང་ལྔ་སྟོང་བཞི་བརྒྱ་རེ་ཉིན་ཞག་གཅིག་ལ་རྒྱུ་བས་ཉི་ཁྲི་དྲུག་སྟོང་དྲུག་བརྒྱའི་དཀྱིལ་འཁོར་རྒྱུའོ༔ གཞན་རྩ་ནས་འགྱུ་བའི་རླུང་ཆིག་འབུམ་གཉིས་དང་ཉི་ཁྲི་གཉིས་རྒྱུ་བས་ཐབས་ཤེས་ཀྱིས་ཕྱེ་བས་རྟོག་པའི་རྟ་བྱེད་པ་དང་༔ འཁོར་ལོ་ལྔའི་དཀྱིལ་ན་གནས་པའི་རླུང་སྤྱི་བོ་ན་རླུང་ལྔ་འཁོར་ལོ་རྩིབས་ལྔ་མུ་ཁྱུད་དང་བཅས་པའི་དབྱིབས་སུ་ཡོད་དོ༔ མགྲིན་པ་ན་ལྕེ་སྤྱང་གི་ལྕེ་ལྟ་བུ༔ སྙིང་ཀ་ན་རིན་ཆེན་ཟུར་བརྒྱད་ཀྱི་རྣམ་པ༔ ལྟེ་བ་ན་རླུང་ལྔ་བ་དན་གྱི་རྣམ་པར་ཡོད་པ༔ རང་རང་གི་ཁམས་ཀྱི་འབྱུང་བའི་རླུང་རེ་རེ་གཙོ་བོ་ལ༔ གཞན་རྣམས་འཁོར་དུ་ལྡན་པའི་ཚུལ་གྱིས་དང་༔ གསང་བའི་རླུང་གཞུའི་རྣམ་པ་སྟེ་ཉི་ཤུ་རྩ་ལྔ་འོད་ཟེར་འབར་བའི་རང་བཞིན་དུ་ཡོད་དོ༔ དེ་དག་གི་གནས་སྙིང་དང་རྩ་གསུམ་ན་གནས་ཤིང་སྨིན་སོ་སོ་སོ་ནས་གནས་སྐབས་ཀྱང་རྩ་ལ་རྒྱུ༔ འགྱུ་ཞིང་ལུས་ངག་སེམས་ཀུན་གྱི་རྟ་རུ་ཁམས་གསུམ་ཀུན་ཏུ་རྒྱུ་བའང་༔ རབ་འབྱམས་ལས༔ རླུང་ནི་རྩ་གསུམ་ནང་ནས་འགྱུ༔ ལྔ་སྟོང་བཞི་བརྒྱ་ས་རླུང་སྟེ༔ མེ་ཆུ་གཉིས་ཀྱང་དེ་ཙམ་མོ༔ ཉི་ཁྲི་དྲུག་སྟོང་དྲུག་བརྒྱས་འགྱུ༔ བྱེད་པའི་ལས་ནི་གཉིས་ཡིན་ཏེ༔ གྱེན་རྒྱུ་ཐུར་དུ་གཤང་ལྕི་འཕེན༔ སྣང་སྲིད་ཐམས་ཅད་རླུང་ལ་བརྟེན༔ རླུང་ནི་ཐམས་ཅད་ལས་བྱེད་དོ༔ ཞེས་དང་༔ འདེགས་བྱེད་རླུང་ནི་འོད་དཀར་ཚུལ༔ སྙིང་ནས་མཚེར་རྩའི་ནང་ནས་ཐོན༔ ལུས་ཀུན་ཁྱབ་པར་དེ་གནས་སོ༔ བཀྲག་མདངས་རླུང་ནི་འོད་སེར་ཚུལ༔ སྙིང་ནས་མཁལ་རྩའི་ནང་དུ་ཐོན༔ མེ་མཉམ་དྲོད་དང་འབེབས་པའི་རླུང་༔སྙིང་ནས་འོད་དམར་ཚུལ་དུ་གནས༔ དྭངས་སྙིགས་འབྱེད་པའི་རླུང་ལྗང་གུ༔ འོད་དང་བཅས་པར་སྙིང་ནང་གནས༔ སྙིང་རྗེ་མེད་པའི་ལས་ཀྱི་རླུང་༔ མཐིང་ཀའི་འོད་ཅན་སྙིང་ནང་གནས༔ ཞེས་དང་༔ དྲན་པ་འདུས་པའི་རླུང་ལྔ་ནི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་ཚུལ༔ མགྲིན་པ་རོ་རྣམས་འདུས་པ་ནི༔ ལྕེ་སྤྱང་ལྕེ་འདྲའི་རླུང་གི་གཟུགས༔ རྩེ་མོ་རྣམ་བཀོད་རླུང་ལྔ་ནི༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས༔ ཞེས་དང༔ ཉི་ཁྲི་གཅིག་དང་སྟོང་ཕྲག་གཉིས༔འགྱུ་བ་ཆེན་པོའི་རླུང་དུ་འོང་༔ རྩ་ནས་ངེས་པར་འགྱུ་བ་ནི༔ འབུམ་ཕྲག་གཅིག་དང་ཉི་ཁྲི་གཉིས༔ འགྱུ་བ་ཆུང་ངུའི་རླུང་དུ་འོང་༔ ཞེས་སོགས་གསུངས་པ་ལྟར་རོ༔
གསུམ་པ་ཐིག་ལེ་བཤད་པ་ལ༔ དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་ནི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པའི་འབྱུང་འགྱུར་བཞིན་ལ༔ དེ་ལ་བརྟེན་ནས་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་རིག་པའི་ཡེ་ཤེས་ལྷན་སྐྱེས་ཀྱི་ཆོས་གསུམ་ལྡན་དུ་བཞུགས་པ་དང་བཅས་པའོ༔ ཁམས་ལྔ་རྫས་ཀྱི་ཐིག་ལེ་ནི༔ ཀུན་རྫོབ་རྟེན་གྱི་འབྱུང་བའི་དྭངས་མ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཉིད་རོ་མ་ན་བཞུགས་པས་ན་ཁུ་བ་སྙིང་སྟོབས་དང་༔ ཟླ་བ་ཐབས་ཀྱི་ཆ་དེ་ལས་དེའི་རིགས་འཛིན་པའི་སྟོང་ཕྲག་ཉི་ཤུ་རྩ་བཞི་ན་ཐིག་ལེ་དཀར་ཆ་ཡོད་ཀྱང་ཁྱད་པར་དུ་རོ་མའི་ཡར་སྣེ་ནས་དབུ་མའི་རྩེ་མོར་ཞུགས་པས་ཧཾ་ཡིག་གི་རྣམ་པ་ནི་གཙོ་བོའི་བཞུགས་གནས་ཡིན་ལ༔ རྐྱང་མ་ནི་དམར་ཆ་རྡུལ་རང་བཞིན་གྱི་ཐིག་ལེ་བཞུགས་པའི་རིགས་སྟོང་ཕྲག་ཉི་ཤུ་རྩ་བཞི༔ ཁྲག་ཉི་མ་ཤེས་རབ་ཀྱི་ཆ་རྐྱང་མའི་མར་ཁུག་ལྟེ་འོག་སོར་བཞི་ནས་དབུ་མ་ལ་ཞུགས་ཤིང་ཨཱེའི་རྣམ་པར་ཤར་བ་སྟེ༔ རྒྱུ་མཚན་དེ་གཉིས་ཀྱི་རོ་རྐྱང་གཉིས་ཀྱི་ཁ་སྟེང་འོག་ན་ཡོད་དོ་ཟེར་བ་ལས་གཞན་མེད་པའང་མིན་ནོ་ཞེས་ཤེས་རོ་རྐྱང་གཉིས་ལ་སྟེང་འོག་གཉིས་ཀ་ན་ཁ་ཡོད་པར་འདྲ་ཡང་ཁམས་འཕེན་སྡུད་ཀྱི་ཁྱད་པར་གྱིས་ཕྱོགས་རེ་རེ་ལས་མེད་པར་བཤད་པར་བྱ་བ་སྟེ༔ དེ་ལྟར་རྟེན་གྱི་ཐིག་ལེ་དེ་ལ་བརྟེན་ནས་ཡེ་ཤེས་ཀུན་རྫོབ་མཁའ་འགྲོའི་སྲོག་གི་ངོ་བོར་གནས་པའི་ཀུན་རྫོབ་པའི་ཐིག་ལེ་བསྲེལ་བའི་ཆོ་གས་ལྷན་སྐྱེས་སྤྲོས་བྲལ་གྱི་ཐིག་ལེ་མངོན་དུ་འགྱུར་བ་ཡིན་ནོ༔ དབུ་རྐྱང་རོ་གསུམ་དེ་ལས་གྱེས་པའི་རྩ་སྟོང་ཕྲག་ཉེར་བཞི་ཚན་གཉིས་ཀྱི་གཙོས་ཐམས་ཅད་ལ་ཐབས་ཤེས་དཀར་དམར་གྱི་རང་བཞིན་ཁྱབ་བརྡལ་ཆེན་པོ་དཔའ་བོ་ཡབ་ཡུམ་ཟུང་འཇུག་གི་ངོ་བོར་གནས་པ་ནི་ནང་གི་ཁམས་ཡིན་ལ༔ སྤྱི་བོའི་མི་ཕྱེད་མ་ལས་སོ་དང་སེན་མོ་འབབ་པ་ལ་སོགས་དྲི་མ་འབབས་པ་ནི་ཕྱིའི་ཁམས་ཞེས་བྱ་བའོ༔ ཁྱད་པར་དུ་ཡང་ཁ་ཟས་ཟོས་པ་ཉིད་ཕོ་བར་ལས་བྱེད་ཀྱི་ལྷས་མཁྲིས་པ་བཞུ་བྱེད་ཀྱིས་འཇུ་བད་ཀན་མྱག་བྱེད་ཀྱིས་འདུལ་རླུང་མེ་མཉམ་ཀྱིས་དྭངས་སྙིགས་འབྱེད་དེ་སྦྱངས་ཏེ་མཆོད་པའི་རྩ་ཤར་ལྷོ་ མགོན་པོ་ཆེན་པོ། ལྷོ་ནུབ་སྒྲ་ཆེན་པོ། ནུབ་བྱང ་ཉེར་དགའ། བྱང་ཤར་མྱོས་པོ་ཆེན་པོ། བཞི་ལ་ཐིམ་པའི་དྭངས་མ་ཁམས་ཀྱི་གསོས་སུ་གྱུར༔ དེ་ལས་སྙིགས་མ་ལ་དྭངས་སྙིགས་བདུན་གཉིས་ལས་ཕྱི་ནང་གི་ལུས་ཟུང་༼ ཟུངས་དཔྱད། ༽བསྐྱེད་པར་བྱེད་པའོ༔ གཞན་ཡང་འཁྲུལ་བ་མ་རིག་པའི་ཐིག་ལེ་ཞེས་བྱ་བ༔ ཀུན་གཞི་ཚོགས་བརྒྱད་རང་བཅས་པར་འཁྲུལ་བ་ཡེ་ཤེས་ལྔའི་ངོ་བོ་ཅན་དེ་ཉིད་ཡིན་ལ༔ རླུང་གི་ཕྱེད་བཅིངས་སོགས་ལས་སྐྱེས་པའི་རྟོག་མེད་ཀྱི་འདི་འབྲས་བུ་ཡེ་ཤེས་ནི་རླུང་གི་ཐིག་ལེ་དང་༔ གདོངས་གི་སྣ་རྩེར་རླུང་གི་ཐིག་ལེའམ་འོད་ཀྱི་ཐིག་ལེ། སྙིང་གི་སྣ་རྩེ་སྔགས་ཀྱི་ཐིགས་ལེ། མས་ཀྱི་སྣ་རྩེར་རྫས་ཀྱི་ཐིག་ལེ། བསྒོམས་པའི་སྲོག་རྩོལ་སྟེ་སྣ་རྩེར་གསུམ་དུ་ཐིག་ལེ་བསྒོམ་པའི་སྟོབས་ཀྱིས་ཡིད་ཤེས་བདེ་མྱུར་དུ་སྐྱོབས་པའི་ཕྱིར་སྔགས་ཀྱི་ཐིག་ལེ་ཞེས་འདི་རྒྱུ་ཡིན་བྱ་བའོ༔ དེ་ལས་ཁམས་ལྔ་རྫས་ཀྱི་ཐིག་ལེ་དངོས་ནི༔ ཕ་མའི་འམ་ཐབས་ཤེས་དཀར་དམར་གྱི་ཆ་འཛིན་པའི་ཐིག་ལེ་ཡི་གེའི་སྤྲིན་དུ་གནས་པ་ཉིད་མཁའ་འགྲོའི་སྲོག་གི་ངོ་བོར་གནས་པས་ན་ཁམས་མཆོད་ན་མཁའ་འགྲོ་མཉེས་པའི་དོན་ཀྱང་དེ་ཡིན་ལ༔ ཁམས་བསྲེལ་བའི་རྩ་ཐིག་རླུང་གི་རྣལ་འབྱོར་རྣམས་ཀྱིས་དེ་ལ་བརྟེན་པའི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པའི་ཐིག་ལེའང་ཞར་ལ་ཕྱེད་བཅིངས་སུ་འགྱུར་བའི་ཕྱིར་ན་ལམ་གཞན་ལས་རྩ་རླུང་མྱུར་བའི་ཐ་ཚིག་གིས་དེས་སྙིང་པོ་ཡེ་ཤེས་ཀྱི་ཐིག་ལེ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་བའང་ཡིན་ནོ༔ རྒྱུ་མཚན་དེའི་ཕྱིར་དང་༔ ཕུང་པོ་ལྔའི་ངོ་བོ་ཡེ་ནས་སངས་རྒྱས་སུ་ཡོད་པས་ཚོགས་དང་གཏོར་མཆོད་ཕྱི་རུ་མི་བྱེད་པར་ནང་རང་བཞིན་གྲུབ་པའི་ལྷ་ལ་བྱ་བར་གསུངས་པ་དང་༔ ཐིག་ལེ་ཉམས་ན་མཁའ་འགྲོའི་གྲོང་ཁྱེར་བཤིག་པའི་རྩ་ལྟུང་དུ་འགྱུར་ཚུལ་གསུངས་པའོ༔ དེ་དག་ཀྱང་༔ རབ་འབྱམས་ལས༔ རྩ་ཡི་དྲྭ་བ་ཐིག་ལེས་ཁྱབ༔ ཐིག་ལེ་ཡི་གེ་སྐུ་ཡེ་ཤེས༔ རྩ་རེའི་ནང་ན་རླུང་རེ་གནས༔ རླུང་རེའི་ནང་ན་ཐིག་ལེ་རྣམས༔ ཉུང་འབྲུ་ཙམ་གྱིས་ཁྱབ་པའོ༔ ཕོ་ལ་ཐིག་ལེ་དངོས་སུ་འབབས༔ མོ་ལ་བདེ་བ་རྒྱས་དུས་སུ༔ སྣ་བུག་གཡས་ནས་འབབ་པའོ༔ འབྱུང་བ་ལྔ་ཡི་དྭངས་མ་ཡིན༔ མཁའ་འགྲོ་རྣམས་ཀྱི་སྲོག་ཡིན་ཏེ༔ དེ་ལ་ཡེ་ཤེས་ཐིག་ལེ་གནས༔ དོན་དམ་ཀུན་རྫོབ་ཐིག་ལེ་གཉིས༔ དབྱེར་མེད་གཅིག་གི་རང་བཞིན་ནོ༔ ཀླད་པ་རྐང་མར་རུས་པ་རྣམས༔ རྩ་དང་ཆུ་རྒྱུས་ཞག་ཚིལ་བུ༔ ཕ་ཡི་ཐིག་ལེ་དཀར་པོ་ཡི༔ ཤ་ཁྲག་ཆུ་སེར་སྤུ་ལྤགས་རྣམས༔ མ་ཡི་ཐིག་ལེ་དམར་པོས་བསྐྱོད༔ དེ་ནས་ལུས་ཀྱི་རྩལ་རྫོགས་ཏེ༔ ཁ་མིག་རྣ་བ་ཅན་དུ་བྱོན༔ བྱེ་བྲག་ཐིག་ལེའི་གནས་ལུགས་ནི༔ ཁྱད་པར་འཁོར་ལོ་བཞི་པོ་ན༔ ཕ་མའི་ཐིག་ལེ་ཉུང་འབྲུ་ཙམ༔ དངུལ་ཆུ་རྒྱ་སྐག་ཚུལ་དུ་གནས༔ ཁ་དོག་ལྔ་ལྡན་ཡེ་ཤེས་འོད༔ ཡིག་འབྲུ་སྐུ་ཡི་ཚུལ་དུའོ༔ བ་སྤུའི་བུ་ག་ཚུན་ཆད་ཀྱི༔ གྲངས་ཅན་གྲངས་མེད་བསམ་ལས་འདས༔ ཕ་མ་གཉིས་ཀྱི་ཐིག་ལེས་ཁྱབ༔ ཐིག་ལེ་ཡེ་ཤེས་རིག་པའི་རྩལ༔ འབྱུང་བ་ལྔ་འདུས་དྭངས་མ་ཡིན༔ འདས་དང་མ་འོངས་སྲོག་ཡིན་ནོ༔ ཞེས་དང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྒྱལ་བའི་དཀྱིལ་འཁོར་ཆེན་པོའོ༔ དབང་པོ་འདོད་ཡོན་ཐམས་ཅད་ཀུན༔ ཕྱི་རུ་མི་འབུལ་ནང་དུ་འབུལ༔ ཞེས་དང་༔ དེ་ལྟར་མི་ཤེས་བླུན་པོ་རྣམས༔ ཡི་དམ་ཕྱི་ནས་བསྒོམ་པ་དང་༔ ཡེ་ཤེས་ཕྱི་རུ་འཚོལ་བ་དང་༔ ཐིག་ལེ་སྤོང་དང་ཤེས་རབ་བྲལ༔ ཚོགས་མཆོད་འདོད་ཡོན་ཕྱི་རུ་འབུལ༔ ལྟ་བསྒོམ་སྤྱོད་པ་ཕྱི་ནས་འཚོལ༔ སངས་རྒྱས་གཞན་ནས་རེ་བ་རྣམས༔ བསྐལ་པ་ཞིང་གི་རྡུལ་སྙེད་དུ༔ བྱེ་བ་དགུ་ཁྲིའི་སྲིད་མཐར་ཡང་༔ བསོད་ནམས་བསགས་ཀྱང་ག་ལ་གྲོལ༔ ཞེས་དང་༔ ཀུན་རྫོབ་ཐིག་ལེ་སྦྱང་བ་ཡིས༔ དོན་དམ་ཡི་གེའི་ཐིག་ལེར་མཇལ༔ འདོད་ཆགས་ཅན་གྱི་རྣལ་འབྱོར་བས༔ རིག་མ་མཚན་ཉིད་ལྡན་པ་ལ༔ ཀུན་རྫོབ་ཐིག་ལེ་མི་སྤོ་བར༔ ཕབ་ཅིང་གཟུང་དང་དབབ་པ་ཡིས༔ རྩ་ལ་གདབས་དང་རླུང་ལ་བསྲེ༔ སྟོང་པ་ཉིད་དང་བློ་རྗེས་བཅད༔ ལུས་དང་སེམས་གཉིས་གོ་ལྡོག་བྱ༔ དེ་ལྟར་བྱས་པའི་ཡོན་ཏན་ནི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་འགྲུབ༔ ཅེས་དང་༔ སྒྲོན་མ་འདུས་བའི་རྒྱུད་ལས༔ རྩ་ཡི་དྲྭ་བ་ལྷ་མོ་སྟེ༔ དེ་བཞིན་ཁམས་དང་ཉེར་བཅས་པའི༔ བུད་མེད་རྣལ་འབྱོར་མའི་དཀྱིལ་འཁོར༔ སྤངས་ནས་ཕྱིའི་རི་མོ་གཟུགས་བརྙན་གྱིས་དཀྱིལ་འཁོར་སུ་ཞིག་ལེན༔ ཞེས་སོ༔
གསུམ་པ་ངོ་བོ་སྐུ་གསུམ་དུ་མངོན་པར་བྱང་ཆུབ་པའི་ཚུལ་ནི༔ དང་པོ་སེམས་སྟོང་ཉིད་མིང་བཞིའི་རང་བཞིན་དེ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ༔ ཕ་མའི་ཁུ་ཁྲག་ལ་བརྟེན་པ་ནི་གདན་ཟླ་ཉི་ལ་བྱང་ཆུབ་པ༔ མེར་ནུར་ལྟར་གོར་དུ་ཡི་གེའི་ཚུལ་དུ་ཡོད་པས་གསུང་ཡིག་འབྲུ་ལ་བྱང་ཆུབ་པ༔ མཁྲང་གྱུར་སོགས་སུ་ཕྱག་མཚན་གྱི་ཚུལ་དུ་ཡོད་པས་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ༔ ཡན་ལག་ཡོངས་སུ་རྫོགས་ནས་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ༔ དེ་ནས་སྐྱེ་བའི་དུས་སུ་ཕྲུ་མའི་ཆོས་གོས་གྱོན༔ ཨ་ཧཾ་གི་ཆོས་སྒྲ་སྒྲོགས༔ མགོ་བོར་ཐལ་སྦྱར་གྱི་ཕྱག༔ མ་མཁན་པོ་ལས་རང་བྱུང་གི་དགེ་སློང་ཚངས་པར་སྤྱོད་པས་ལོ་བཅུ་དྲུག་ཚུན་ལ་སྤྲུལ་སྐུ༔ དེ་ཕན་བཟའ་ཚོ་ལོངས་སྐུ༔ འཆི་བ་ཆོས་སྐུ་དང་༔ སད་རྨི་གཉིད་འཐུག་སྐུ་གསུམ་ཡིན་པ་དང་༔ ཟླ་བཅུ་ས་བཅུའི་ཚུལ་ལོ༔ སྐྱེ་གནས་རང་བཞིན་སྤྲུལ་སྐུ་ལ་སོགས་པར་གནས་པའི་ཚུལ་ཀྱང་༔ བརྟག་གཉིས་ལས༔ མངལ་གྱི་ཕྲུ་མ་ཆོས་གོས་ཉིད༔ དེ་བཞིན་མ་ནི་མཁན་པོ་ཉིད༔ མགོ་བོར་ཐལ་མོ་སྦྱར་བ་ཕྱག༔ འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས༔ སྔགས་ཀྱི་བཟླས་པ་ཨ་དང་ཧཾ༔ སྐྱེ་གནས་འཁོར་ལོའི་རྣམ་བ་ཨཱ༔ བདེ་ཆེན་གྱི་ཡང་རྣམ་པ་ཧཾ༔ གཅེར་བུ་སྐྲ་དང་ཁ་སྤུ་བྲེགས༔ སྔགས་འདོན་སྐྱེས་པ་དགེ་སློང་ཉིད༔ འདི་དག་རྐྱེན་གྱིས་སེམས་ཅན་རྣམས༔ སངས་རྒྱས་ཉིད་དུ་ཐེ་ཚོམ་མེད༔ ཟླ་བ་བཅུ་ཡང་ས་བཅུ་ཡིན༔ སེམས་ཅན་ས་བཅུའི་དབང་ཕྱུག་ཡིན༔ ཞེས་དང་༔ ཀློང་གསལ་ལས༔ མི་ལུས་རིན་ཆེན་དེ་དག་ཀྱང་༔ མངལ་ཞུགས་བྱང་ཆུབ་རྣམ་པ་ལྔ༔ ཟླ་བ་དགུ་ནི་ཐེག་དགུའོ༔ ངོ་བཅུ་ས་བཅུའི་ཚུལ་དུའོ༔ སྐྱེ་གནས་རང་བཞིན་སྤྲུལ་པའི་སྐུ༔ ཡེ་ཤེས་ཆེན་པོའི་འབྱུང་གནས་སོ༔ ལུས་ཅན་ཀུན་ལ་བཟང་ངན་མེད༔ ཅེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ འཕོ་བ་བཅུ་ནི་ས་བཅུ་སྟེ༔ རིམ་པའི་སར་ནི་རྣམ་པར་ཤེས༔ མ་ནི་ཤེས་རབ་ཕ་རོལ་ཕྱིན༔ བྷ་ག་ཕྱག་རྒྱ་ཆེན་པོར་བཤད༔ བྱིས་པ་ཡང་དག་རྫོགས་སངས་རྒྱས༔ མགོ་བོའི་སྐྲ་ནི་བྲེགས་པ་ཕྱག༔ དཔལ་དང་ལྡན་པའི་ཐལ་མོ་སྦྱར༔ ཕྲུ་མའི་ཆོས་གོས་དམར་པོ་གྱོན༔ མཚན་ནི་སུམ་ཅུ་རྩ་གསུམ་དང་༔ དཔེ་བྱད་བརྒྱད་ཅུས་རབ་ཏུ་བརྒྱན༔ ཞེས་གང་གསུངས་པ་དག་གོ༔ དེ་ཡང་སེམས་ཅན་སྐྱེས་པ་ཙམ་གྱིས་བཞིན་ལེགས་ཁ་དོག་གི་རྣམ་པར་གནས་པས་ན་མཚན་དཔེའི་ས་དམིགས་སོགས་ཀྱང་ཡོད་པ་ཡིན་པའི་གནད་ཀྱིས་མངོན་དུ་མ་གྱུར་པ་ཙམ་ལས༔ སེམས་ཅན་ཐམས་ཅད་བཟང་ངན་བྲི་བཀོལ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པར༔ གདན་བཞི་ལས༔ བཞིན་ལེགས་ཁ་དོག་རྣམ་པར་ནི༔ མཆོག་ཏུ་བདེ་བའི་གཟུགས་མེད་པས༔ དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས༔ རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད༔ རྣམ་དག་རྣམ་པས་སེམས་ཀྱིས་ནི༔ རང་བཞིན་མྱ་ངན་འདས་པ་ཉིད༔ ལྷ་ཡི་རྣམ་པས་གཟུགས་ཀྱིས་ནི༔ བཞིན་ལེགས་ཁ་དོག་གནས་པ་ནི༔ སྐྱེས་པ་ཙམ་གྱིས་རྣམ་པར་གནས༔ འོན་ཀྱང་བག་ཆགས་ཕལ་པའོ༔ ཞེས་དང་༔ གཉིས་མེད་རྣམ་རྒྱལ་ལས༔ བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས༔ སེམས་ཅན་ཀུན་གྱི་ལུས་ལ་ངེས་པར་བཞུགས༔ ཕྲི་བསྣན་མེད་པར་འཆར་བས་གསལ་བར་བྱེད༔ དེ་ནི་སྦས་པའི་དོན་དུ་ཚུལ་འདི་བསྟན༔ ཞེས་དང་༔ ལུག་ངག་ཡིད་ནི་བྱང་ཆུབ་པ་སངས་རྒྱས་ཡིན༔ གསང་བ་དངོས་པོའི་འམ་སྐུ་གསུང་ཐུགས་ཀྱི་དོན་ཡིན་ཏེ༔ ལུས་ནི་བྱང་ཆུབ་རྣམ་ལྔ་དང་༔ རྩ་དང་བྱང་ཆུབ་སེམས་དང་ནི༔ མི་གཙང་རྫས་དང་རྣམ་རྟོག་གིས༔ ལུས་ཀྱི་ཆོས་ནི་བསྡུས་པ་ཡིན་ཡིན་པ་གསུམ་དང་གྲུབ་པ་བཞིར་གནས་པས་ཐམས་ཅད་བྱང་ཆུབ་པའོ༔ ངག་ནི་འབྱུང་བ་ལྔ་ཡི་རླུང་དག་དང་༔ ཡི་གེ་སྒྲ་དཔྱངས་དང་སྔགས་བརྗོད་པའི་གཏམ་རྣམས་དེ༔ བརྗོད་པ་དང་ནི་དབྱངས་རྣམས་ཀྱིས༔ ངག་གི་ཆོས་ནི་བསྡུས་པ་ཡིན༔ སེམས་ནི་ཡེ་ཤེས་ལྔ་དག་དང་༔ ཡེ་ཤེས་ཀྱི་ཐིག་ལེ་མི་འགྱུར་བའི་བདེ་བ་ཉིད་དང་ཡང་༔ སྣང་བ་གསུམ་གྱི་འོད་གསལ་དང་མི་རྟོག་པའི་ཏིང་འཛིན་༔ སེམས་ཀྱི་ཆོས་ནི་གནས་པ་ཡིན་༔ ཞེས་དང་༔ ཀྱཻ་རྡོར་ལས༔ སངས་རྒྱས་མ་ཡིན་སེམས་ཅན་ནི༔ གཅིག་ཀྱང་ཡོད་པ་མ་ཡིན་ནོ༔ དམྱལ་བ་ཡི་དྭགས་བྱོལ་སོང་དང་༔ བཤང་བའི་སྲིན་བུ་ལ་སོགས་པ༔ ལྷ་དང་ལྷ་མིན་མི་རྣམས་ཀྱང་༔ བདེ་བ་གང་གིས་མི་ཤེས་པ༔ རྟག་ཏུ་རང་བཞིན་བདེ་བ་ཅན༔ འཇིག་རྟེན་ཁམས་ནི་མང་དུའང་༔ སངས་རྒྱས་གཞན་དུ་རྙེད་མི་འགྱུར༔ སེམས་ནི་རྫོགས་པའི་སངས་རྒྱས་ཉིད༔ གདོལ་བ་སྨྱིགས་མ་མཁན་ལ་སོགས༔ གསོད་གཅོད་དོན་དུ་གཉེར་རྣམས་ཀྱང་༔ ཀྱཻ་ཡི་རྡོ་རྗེ་རབ་ཤེས་ན༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་སོ༔
གསུམ་པ་བཅུད་སེམས་ཅན་དུ་འཁྲུལ་འབྲས་ལ་འབྲས་བུ་དངོས་དང་འདྲ་དཔེ་བསྟན་པའི་ཚུལ་གཉིས་ལས། དང་པོ་ནི༔ རིག་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་འོད་ལ་འཛིན་པ་སྐྱེས་པས་འོད་ཕྱི་མ་ནང་གི་ཚུལ་དུ༔ ཀུན་གཞི་དང་རྣམ་ཤེས་དང་༔ ཡིད་དུ་བྱུང་བའི་བག་ཆགས་སོ་སོར་བཞག་རིམ་གྱིས༔ མི་གཡོ་བའི་ལས་ལ་གོམས་པས༔ གཟུགས་མེད་ཞི་གནས་རྩེ་གཅིག་པའི་སེམས༔ གཟུགས་ཁམས་བསམ་གཏན་གྱི་སེམས་ལྷག་མཐོང་ཤས་ཆེ་ཞི་སྒོ་གཅིག་པའི་ཤེས་རབ་དང་མ་འབྲེལ་བ༔ འདོད་ཁམས་རྟོག་བཅས་རགས་པའི་སེམས་འགྱུ་རྟོག་གི་རང་བཞིན་ཅན་དང་གསུམ་གྱིས་ཁྱབ་པའི་འབྲས་བུར་རྣམ་པར་སྨིན་པའོ༔ འདོད་ཁམས་ཀྱི་སེམས་ལ་ཕྱེ་ན༔ དམྱལ་བ་སྡུག༵་བསྔ༵ལ་བཟོ༵ད་ལྡན༵་གྱི་སེམས༔ ཡི་དྭགས་བཀྲེན༵་པས་གདུང་བ་དང་ལྡན༵་ཅིང་རྣམ་རྟོག་གཞན་འགོག་པས་ཟས་འདོད་པ་གཅིག་པུའི་ཡིད༵་ལྡན༵༔ བྱོལ་སོང་བླུན་རྨོངས་མུན་པས་མྱོས༵་ལྡན༵་གྱིའམ༔ བླང་དོར་འབྱེད་མི་ཤེས་པ་ཆ་མཉམ་བཏ༵ང་སྙོམ༵ས་ལྡན༵་པའི༔ མི་འདོ༵ད་པའི་སེམས་ཤེས་ཆེ་བར་ལྡན༵་པས༔ ལྷ་མིན་རྩོད༵་པའི་སེམས་ཕྲག་དོག་ཤས་ཆེ་བར་ལྡན༵་པས༔ ལྷ་དགའ༵་བདེའི་ལོངས་སྤྱོད་ལ་གཡེངས་བའི་སེམས་དང་ལྡན༵་པ་དྲུག་གོ༔ དེ་ལྟར་སེམས་ཅན་གྱི་རྟོག་པའི་སྦུབས་གྲུབ་ཟིན་པའི་ཡེ་ཤེས་ཀྱི་འོད་ཀྱང་ཅུང་ཟད་ནུབ་པས་ཡུལ་གསལ་དུ་མེད་དོ༔ སེམས་དེ་དག་ཡེ་ཤེས་ལྔའམ་དྲུག་བསྒྲིབ་རིམ་གྱིས་སྙིགས་མ་ལྔར་བྱུང་བས་སྤྱིར་བཏང་ལས༔ ཉོན་མོངས་ལྔ་རིགས་དྲུག་གི་རྒྱུ་དང་དེ་དུས་ཀྱི་རྒྱུ་མཐུན་ཤས་ཆེ་བའི་ཕྱིར༔ ཁམས་གསུམ་ལ་དུག་གསུམ༔ འདོད་པ་ལ་དུག་ལྔ་སེར་སྣ་དང་དྲུག་ལ་སོགས་སྙིགས་མར་ལྡན་དུ་དགོངས་ནས༔ སྒྱུ་འཕྲུལ་ལས༔ སྙིགས་མ་ལྔ་ཉིད་བདེ་ལྡན་གནས༔ ཞེས་པ་ཀུན་མཁྱེན་པས་འགྲེལ་ཚུལ་དང་༔ ཀུན་གསལ་ལས༔ དམྱལ་བའི་གནས་ནི་བཟོད་དང་ལྡན༔ ཡི་དྭགས་གནས་ནི་ཡིད་དང་ལྡན༔ བྱོལ་སོང་གནས་ནི་མྱོས་དང་ལྡན༔ མི་ཡི་གནས་ནི་འདོད་དང་ལྡན༔ ལྷ་མིན་གནས་ནི་རྩོད་དང་ལྡན༔ ལྷ་ཡི་གནས་ནི་དགའ་ལྡན་ནོ༔ ཞེས་དང་༔ རྩལ་རྫོགས་ལས༔ དགའ་ལྡན་རྩོད་ལྡན་ཆ་མཉམ་ལྡན༔ ཉིས་ལྡན་བཀྲེན་ལྡན་སྡུག་བསྔལ་ལྡན་དུ་བཞག་པའོ༔ རབ་འབྱམས་ལས༔ ནང་བཅུད་སེམས་ཅན་ཆགས་ཚུལ་ནི༔ འཁྲུལ་གཞི་ཡེ་ཤེས་ལྔ་ཡིས་བྱས༔ ཞེས་དབྱིངས་ལྔ་ལ་དབྱེར་མེད་དུ་བརྟེན་པའི་ཐུགས་ལྔ་སེམས་ཉོན་མོངས་ལྔར་འཁྲུལ་བས་སྔར་ས་ལ་བརྟེན་ནས་གཏི་མུག་བྱུང་༔ ཞེས་གང་གསུངས་སོ༔
གཉིས་པ་འདྲ་དཔེ་ནི༔ ཡེ་ཤེས་ལྔའི་འཁྲུལ་གཞིར་སོང་ནས་འཁྲུལ་བའི་རྣམ་ཤེས་ཚོགས་བརྒྱད་པོའི་ཀུན་གཞི་ཁྱིམ་དང་འདྲ་བ་ལ་གནས་དོན་ལུས་ཀྱི་བག་ཆགས་སོགས་ཤིང་གང་སྟོང་འཕེལ་འགྲིབ་བྱེད༔ ཉོན་ཡིད་ཆུང་མ་དང་འདྲ་བས་ང་བདག་དང་དགག་སྒྲུབ་ཆགས་སྡང་དུ་འཛིན་པར་བྱེད༔ ཡིད་ཤེས་ཁྱོ་དང་འདྲ་བས་སྒོ་ལྔ་བསླད་ནས་ཆགས་སོགས་ལས་གསོགས༔ མིག་རྣ་སྣ་ལྕེ་སྒོ་བཞི་བུ་དང་འདྲ་བས་ཡུལ་ཀུན་ལ་རིས་དང་བདག་བཟུང་བྱེད་པའི་སྒོ་ནས་འཁོར་བར་འཁོར་ཞིང་གནས་པ་སྟེ༔ རབ་འབྱམས་ལས༔ འཁྲུལ་བའི་འདྲ་དཔེ་བསྟན་པ་ནི༔ ཀུན་གཞིའི་རྣམ་ཤེས་ཁྱིམ་དང་འདྲ༔ གཟུང་འཛིན་ནོར་རྣམས་སོགས་པར་བྱེད༔ ཉོན་མོངས་ཡིད་ནི་ཆུང་མ་འདྲ༔ བདག་འཛིན་དབྱེ་བ་འཛིན་པར་བྱེད༔ ཡིད་ཀྱི་རྣམ་ཤེས་ཁྱོ་དང་འདྲ༔ སྒོ་ལ་ཞུགས་ཏེ་ལས་རྣམ་གསོགས༔ སྒོ་བཞིའི་རྣམ་ཤེས་བུ་དང་འདྲ༔ ཀུན་ལ་རིས་དང་བདག་བཟུང་བྱེད༔ ཞེས་སོ༔
གཉིས་པ་སོ་སོར་གྲུབ་པའི་འབྲས་བུ་དྭངས་སྙིགས་དབྱེ་བའི་སྒོ་ནས་བསྟན་པ་ལ༔ སྦུབས་གསུམ་ངོ་བོའི་སྒོ་ནས་འབྱུང་བ་དྭངས་སྙིགས་ཀྱི་ལུས་རྣམ་པར་དབྱེ་བ་དང་༔ བྱེ་བྲག་ནང་གསེས་ཀྱི་དྭངས་སྙིགས་ཀྱི་ཡན་ལག་རྣམ་པར་དབྱེ་བ་གཉིས་ལས༔
དང་པོ་ནི༔ སྦུབས་གསུམ་གྱི་ནང་ནས་རིན་པོ་ཆེའི་སྦུབས༔ སྐུ་ཐམས་ཅད་ཀྱི་འཆར་གཞི་ངོ་བོ་ཆོས་སྐུ༔ འོད་ཐམས་ཅད་ཀྱི་འཆར་གཞི་རང་བཞིན་ལོངས་སྐུ༔ ཐུགས་ཐམས་ཅད་ཀྱི་དབྱིངས་ཐུགས་རྗེ་ཡངས་པའི་ཡེ་ཤེས་གསུམ་དབྱེར་མེད་པ་ཤེས་རབ་མཁའ་ལ་བསྐྱོད་པའི་སྣང་བ་ནང་གསལ་གྱི་བུམ་སྐུ་ལྟ་བུ༔ འོད་ནང་གསལ་བུམ་ནང་གི་མར་མེ་ལྟ་བུ༔ ཡེ་ཤེས་ནང་གསལ་རྨ་བྱའི་སྒོ་ནང་ན་འོད་ལྔ་ཡོད་ཅིང་ཕྱིར་མི་སྣང་བ་ང་ལྟ་བུ་རང་བྱུང་གི་རིག་སྟོང་ཐིག་ལེ་ཉག་གཅིག་ཆེན་པོ་ཡང་གསང་དྭངས་མའི་དྭངས་མ་འབྱུང་བ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ སྐུ་ནི་ནང་གསལ་བུམ་པའི་སྐུ༔ འོད་ནི་བུམ་པའི་མར་མེ་བཞིན༔ ཡེ་ཤེས་རྨ་བྱའི་སྒོ་ང་འདྲ༔ ཞེས་དང༔ རང་ཤར་ལས༔ འབྱུང་བ་ཆེན་པོ་བཅོམ་ལྡན་འདས༔ སེམས་ཅན་ཀུན་ལ་རང་བཞིན་གནས༔ ཞེས་དང་༔ སྣང་བ་འགགས་མེད་འབྱུང་བའི་ཆོ་འཕྲུལ་ཡིན༔ རིག་པ་འགྱུར་མེད་འབྱུང་བའི་ངོ་བོ་ཡིན༔ དེ་ལྟར་འབྱུང་བ་ཆེན་པོ་ལྔ་སངས་རྒྱས་ལས་ཀྱང་སྔར་སངས་རྒྱས༔ ཞེས་དང་༔ ངོ་བོ་འགྱུར་བ་མེད་པས་འབྱུང་བ་ས་ཡང་ཡིན༔ རིག་པའི་ཡེ་ཤེས་དོན་ལ་སྤྱོད་པས་འབྱུང་བ་མེ་ཡང་ཡིན༔ རིག་པའི་ཡེ་ཤེས་མི་བསྐྱོད་དབྱིངས་སུ་ཤེས་པས་འབྱུང་བ་རླུང་ཡང་ཡིན༔ རིག་པའི་ཡེ་ཤེས་སྦུབས་གསུམ་གཅིག་ཏུ་འདྲིལ་བས་འབྱུང་བ་ཆུ་ཡང་ཡིན༔ སྟོང་གསལ་གཉིས་མེད་ངང་དུ་ཐིམ་པས་འབྱུང་བ་ནམ་མཁའ་ཡིན༔ ཞེས་དང་༔ བང་མཛོད་འཕྲུལ་ལྡེ་ལས༔ ང་ཡི་བྱང་ཆུབ་སེམས་ཉིད་ནི༔ འབྱུང་བ་ལྔ་ཡི་རང་བཞིན་པ་༔ དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ༔ ཞེས་པ་ལྟར་རོ༔ དེ་ཡང་ཆ་ཆེ་ཆུང་གིས་ངོ་བོ་སྐུ་རང་བཞིན་འོད་ཐུགས་རྗེ་ཡེ་ཤེས་ཀྱི་འཆར་གཞིར་སྨོས་པ་ཡིན་གྱི་གཞན་ངོ་བོ་དབྱེར་མེད་པས་སྔར་སེམས་གསུམ་དང་སྒོ་གསུམ་ལ་བརྗོད་པ་སོགས་དང་འགལ་བར་བལྟ་བ་ནི་མིག་རྒྱང་ཐུང་ངོ༔ གཉིས་པ་དེ་ལས་ཤར་བའི་ཡེ་ཤེས་འོད་ཀྱི་སྦུབས་ན་ཡོད་པའི་སྐུ་འོད་ཡེ་ཤེས་མཚན་ཉིད་འཛིན་པ་ལྔ་དང་བཅས་པ་ནི་འབྱུང་བ་དྭངས་མ་སྟེ༔ དེ་ཡང་དྭངས་མ་ཡེ་ཤེས་ལྔ་འོད་ལྔའི་རྣམ་པ་དང་བཅས་པར༔ ཀུན་གསལ་ལས༔ དྭངས་མ་ལྔ་ཡི་ངོ་བོ་ནི༔ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ༔ ཞེས་པ་དང༔ འོད་ལྔ་དྭངས་མ་ལྔ་ཡི་གོ་རུ་ཐིམ༔ ཞེས་པའོ༔ དེ་ནས་རང་བཞིན་དང་གཟུགས་བརྙན་ཡེ་ཤེས་ཀྱི་འོད་གསུམ་དུ་གྱུར་ནས་སྤྲུལ་སྐུའི་སྣང་བ་ལ་ལོག་པར་རྟོག་པས་བག་ཆགས་ཀྱི་སྦུབས་གནས་དོན་ལུས་གསུམ་གྲུབ་པ་ནི་སྙིགས་མའི་འབྱུང་བ་སྟེ༔ དེ་ལྟར་བག་ཆགས་ཀྱི་སྦུབས་གྲུབ་ཟིན་དུས་འོད་ཀྱི་སྦུབས་དེ་སྐུ་ནང་གསལ༔ འོད་བར་གསལ༔ ཐུགས་རྗེ་སྒྲོན་མ་ཕྱིར་གསལ་དུ་རྡོ་རྗེའི་ལུས་ལ་རྟེན་ཆོས་སུ་ཡོད་པ་འབྱུང་མ་རག་པ་བཞིན་ནོ༔ ཀུན་གསལ་ལས༔ སྙིགས་མ་ལྔ་ཡི་ངོ་བོ་ནི༔ ས་ཆུ་མེ་རླུང་ནམ་མཁའ་འོ༔ ཞེས་སོ༔ དེ་ཡང་ཕྱི་ནང་འབྱུང་དང་འབྱུང་འགྱུར་གྱི་རྣམ་པས་སོ༔ ཀློང་གསལ་ལས༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཐུགས་རྗེ་མེ་ལོང་ངོས་ལྟར་གསལ༔ ཞེས་སོ༔
གཉིས་པ་བྱེ་བྲག་ནང་གསེས་ཀྱི་དྭངས་སྙིགས་གཉིས་ལ༔ སྦུབས་ཀྱི་ཁྱད་པར་གྱིས་རྣམ་པ་གསུམ་ལས༔ དང་པོ་ནི༔ ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་དྭངས་སྙིགས་མེད་དེ་ངོ་བོ་དབྱེར་མེད་པའི་ཕྱིར་དང་༔ ཕྱིར་མི་གཡོ་བའི་ཕྱིར་རོ༔ གལ་ཏེ་བཞག་ན་གཞི་དང་གཞི་སྣང་ལས་སྦུབས་བར་གཞི་ལ་གནས་པའི་ཡེ་ཤེས་གསུམ་དྭངས་མ་དང་། གཞི་སྣང་མཚན་ཉིད་འཛིན་པའི་ཡེ་ཤེས་འོད་དང་བཅས་པ་སྙིགས་མར་བཞག་པ་ཙམ་མོ། །མར་ངེས་སོ༔
གཉིས་པ་ནི༔ ལོངས་སྐུ་འོད་ཀྱི་སྦུབས་དེའི་ངོ་བོ་ཡེ་ཤེས་ལྔ་ནི་དྭངས་མ༔ དེའི་རང་མདངས་འོད་ལྔ་ནི་སྙིགས་མ་ཡིན་ཏེ་ཤར་གཞི་དང་ཤར་ཆོས་ལས་སོ༔ དེའི་སྙིགས་མ་ནི་དངོས་དང་ལོག་བརྟགས་ཀྱི་ཁྱད་པར་ལས་རྣམ་སྨིན་གྱི་སྦུབས་སོ༔ རབ་འབྱམས་ལས༔ ཡེ་ཤེས་ལྔ་ནི་དྭངས་མ་ལ༔ ཕྱི་ཤར་འོད་ལྔ་སྙིགས་མའོ༔ ཞེས་སོ༔
གསུམ་པ་བག་ཆགས་ཀྱི་སྦུབས་ལ་ནང་འབྱུང་བ་དངོས་དང་ཕྱི་གཟུགས་བརྙན་ཏེ་ཕྱི་ནང་གི་ཁྱད་པར་གྱིས་གཉིས་ལས༔ དང་པོ་ལ༔ གཉུག་མའི་ལུས་ཤིན་ཕྲ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་སྙིང་ལ་གནས་པ་ས་ཡི་རང་བཞིན་ནམ་དྭངས་མ་དང་༔ དེའི་སྙིགས་མ་རྩ་གསུམ༔ དེའི་སྙིགས་མ་ཤ་རུས་ལྤགས་སྤུའོ༔ ཀློང་གསལ་ལས༔ ཕྱི་འབྱུང་ལྔ་པོ་ནང་དང་སྦྱར༔ ཤ་འདི་ས་ཡི་རང་བཞིན་ཏེ༔ ཤ་རུས་ལྤགས་སྤུ་སྙིགས་མ་ཡིན༔ དེ་ཡི་དྭངས་མ་རྩ་གསུམ་སྟེ༔ ཞེས་དང་༔ རབ་འབྱམས་ལས༔ ནང་འབྱུང་དྭངས་སྙིགས་དབྱེ་བ་ལ༔ ཤ་རུས་ལྤགས་སྤུ་སྙིགས་མ་ལ༔ དེ་ཡི་དྭངས་མ་ཀ་ཏི་ཀ༔ ཤེལ་དཀར་སྐུད་པ་སྙིང་ལ་གནས༔ ཞེས་སོ༔ ཁྲག་གི་དྭངས་མ་རྒྱ་མཚལ་ཅོག་ལ་མའི་ཁུ་བ་ལྟ་བུའམ་གཞི་བརྟན་པའི་ཁྲག༔ རང་བཞིན་གྱི་ཐིག་ལེ་མཐེ་བོང་ཙམ་དུ་སྙིང་ལ་གནས་པ་ནི་ཆུའི་རང་བཞིན་ནམ་དྭངས་མ་ལ༔ དེའི་སྙིགས་མ་ཁྲག་དང་ཆུ་སེར་ལ་སོགས་པ་རྩ་ན་ཡོད་པ་སྟེ༔ ཀློང་ཆེན་ལས༔ ཁྲག་འདི་ཆུ་ཡི་རང་བཞིན་ཏེ༔ ཁྲག་དང་ཆུ་སེར་སྙིགས་མ་ཡིན༔ དེ་ཡི་དྭངས་མ་གཞི་བརྟན་ཁྲག༔ རང་བཞིན་ཐིག་ལེ་སྙིང་ལ་གནས༔ ཞེས་དང་༔ རབ་འབྱམས་ལས༔ ཁྲག་དང་ཆུ་སེར་སྙིགས་མ་ཡིན༔ དེ་ཡི་དྭངས་མ་ཁྲག་ཐིག་ནི༔ མཐེ་བོང་ཙམ་ཞིག་སྙིང་ལ་གནས༔ ཞེས་སོ༔ མེ་ཡི་རང་བཞིན་ནམ་དྭངས་མ་བདེ་བྱེད་ཀྱི་མེ་ར་སྣའི་རྣམ་པ་ཅན་ཉི་འོད་ཙམ་ཞིག་སྙིང་ལ་གནས་པའི་རང་ཟེར་ལྟེ་བ་ན་ཡོད་པ་དང་༔ དེའི་སྙིགས་མ་ལུས་ཀྱི་དྲོད་འདི་ཡིན་པར༔ རབ་འབྱམས་ལས༔ འབྱུང་བ་མེ་འདི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་རང་དྲོད་ནི༔ ཉི་འོད་ཙམ་ཞིག་སྙིང་ལ་གནས༔ ཞེས་དང་༔ ཀློང་གསལ་ལས༔ དྲོད་འདི་མེ་ཡི་རང་བཞིན་ཏེ༔ རང་དྲོད་འདི་ནི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་བདེ་བྱེད་མེ༔ ར་སྣའི་རྣམ་པ་ལྟེ་བར་གནས༔ ཞེས་སོ༔ ཡང་ངག་ཐམས་ཅད་ཀྱི་གཞི་གཉུག་མའི་རླུང་འོད་ཟེར་ལྔ་པ་སྲོག་ཆེན་པོའི་ཡན་ལག་བཞི་ལྡན་རྟ་རྔ་ཙམ་ཞིག་སྙིང་ལ་གནས་པ་ནི་རླུང་གི་རང་བཞིན་ནམ་དྭངས་མ༔ དེ་ལས་ཤར་པའི་ཕྱི་ནང་དུ་འགྱུ་པའི་རླུང་བཅུ་ནི་མེ་ཆུ་རླུང་སོགས་ནང་གི་རླུང་ལྔ། གྱེན་རྒྱུ་སོགས་ཕྱིའི་རླུང་ལྔ་སྟེ་བཅུ་སྙིགས་མ་ཡིན་པར༔ རབ་འབྱམས་ལས༔ འགྱུ་བ་རླུང་ནི་སྙིགས་མ་སྟེ༔ དེ་ཡི་དྭངས་མ་དབུགས་ཉིད་ནི༔ རྟ་རྔ་ཙམ་ཞིག་སྙིང་ལ་གནས༔ ཞེས་དང་༔ ཀློང་གསལ་ལས༔ དབུགས་འདི་རླུང་གི་རང་བཞིན་ཏེ༔ འགྱུ་བྱེད་འདི་ཉིད་སྙིགས་མ་ཡིན༔ དེ་ཡི་དྭངས་མ་ཀུན་གྱི་རྩལ༔ ལུས་རྣམས་ཀུན་ལ་ཁྱབ་པར་གནས༔ ཞེས་སོ༔ ཡང་ནམ་མཁའི་རང་བཞིན་ནམ་ཡིད་ཐམས་ཅད་པའི་འཆར་གཞི་སྟོང་གསལ་ཐིག་ལེ་ཉག་གཅིག་གཉུག་མའི་ཕྲ་ཡིད་ཉིད་ནི་ཡེ་ཤེས་ཆེན་པོའི་ཐིག་ལེའང་ཟེར༔ རིག་པ་རང་བྱུང་གི་ཡེ་ཤེས་དེ་ནི་དྭངས་མ་ལ༔ དེ་ལས་ཤར་བའི་སེམས་ཉིད་སྟོང་པ་ཧད་པོ་ནི་སྙིགས་མའམ༔ ཡང་བྱང་ཁོག་རྩ་སྦུབས་སྟོང་བ་ནི་སྙིགས་མ་སྟེ༔ ཀློང་གསལ་ལས༔ སེམས་འདི་ནམ་མཁའི་རང་བཞིན་ལ༔ སྟོང་བ་ཧད་པོ་སྙིགས་མ་ལ༔ དེ་ཡི་དྭངས་མ་གཞི་ཡི་རྟེན༔ ཐིག་ལེ་སྟོང་གསལ་སྙིང་དཀྱིལ་གནས༔ ཞེས་དང་༔ རབ་འབྱམས་ལས༔ བྱང་ཁོག་རྩ་སྦུབས་སྟོང་པ་སྙིགས་༔ དེ་ཡི་དྭངས་མ་ཁྲ་ཡི་མིག་ཁྲ་ཚང་ན་གནས་པའི་མིག་མི་གཡོ་བ་ལྟ་བུ༔ སྟོང་གསལ་སྙིང་གི་དཀྱིལ་ན་གནས༔ ཞེས་སོ༔ འདི་དག་ནི་སྙིགས་མའི་དྭངས་མ་ནང་འབྱུང་ཡང་ཟེར་རོ༔
གསུམ་པ་ནི་དེ་དག་ལས་འབྱུང་གཟུགས་སུ་ཕྱི་ས་ཆུ་མེ་རླུང་ནམ་མཁའ་ལྔར་ཤར་པ་ལའང་དྭངས་སྙིགས་གཉིས་རེ་སྟེ༔ དེ་ཡང་སའི་དྭངས་མ་རྩི་ཐོག་ལ་སོགས་པ་ལུང་གིས་ཇི་ལྟར་གསལ་བ་ནི༔ ཀློང་གསལ་ལས༔ འབྱུང་བ་ས་འདི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་རྩི་ཐོག་ཡིན༔ འབྱུང་བ་ཆུ་འདི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་ཟླ་བ་དང་ཆུ་ཤེལ་ཡིན༔ འབྱུང་བ་མེ་འདི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་ཉི་མ་ཡིན༔ འབྱུང་བ་རླུང་འདི་སྙིགས་མ་ཡིན༔ དེ་ཡི་དྭངས་མ་རང་རྩལ་ཡིན༔ འབྱུང་བ་ནམ་མཁའ་སྙིགས་མ་ཡིན༔ དེ་ཡི་དྭངས་མ་འཇའ་ཚོན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ ས་རྡོ་རི་བྲག་སྙིགས་མ་ཡིན༔ དེ་ཡི་དྭངས་མ་རྩི་ཤིང་ནགས་ཚལ་དང་༔ འབྲུ་སྣ་ཤིང་ཐོག་ལ་སོགས་པའོ༔ གླིང་བཞི་གླིང་ཕྲན་སྙིགས་མ་ལ༔ རི་རྒྱལ་རི་བདུན་དྭངས་མའོ༔ ཆུ་ཡི་དྭངས་མ་ཟླ་ཆུ་ཤེལ༔ མེ་ཡི་དྭངས་མ་ཉི་མེ་ཤེལ༔ རྡོ་ཡི་དྭངས་མ་གཡུ་རྙིང་ལ༔ ས་ཡི་དྭངས་མ་གསེར་ལ་སོགས༔ རླུང་གི་དྭངས་མ་རང་སྒྲ་སྟེཿ ཀུན་འདུས་དྭངས་མ་འཇའ་གཟའ་སྐར༔ ཞེས་སོ༔ དེ་ལྟར་འབྱུང་བ་ཕྱི་ནང་གསང་གསུམ་འོད་དང་རྣམ་སྨིན་གྱི་སྦུབས་ལ་བརྩི་ཤིང་དེ་ལ་དྭངས་སྙིགས་སུམ་ཅུར་དབྱེ་བ་དང་དེ་དག་ཐམས་ཅད་པའི་འཆར་གཞི་རིན་པོ་ཆེའི་སྦུབས་དང་སོ་གཅིག་འོད་ཀྱི་སྦུབས་ལ་ཕུང་ལྔ་རྣམ་པར་དག་པའི་དྭངས་མ་ཡེ་ཤེས་ཀྱི་ཕྱག་རྒྱ་སྐུ་ལྔ༔ འབྱུང་ལྔ་རྣམ་པར་དག་པ་དབྱིངས་ཀྱི་ཕྱག་རྒྱ་ཡུམ་ལྔ་ལ་སོགས་པ་མཐའ་ཡས་པར་དྭངས་སྙིགས་ཀྱི་ཚུལ་དུ་ཤར་བ་སྟེ༔ རབ་འབྱམས་ལས༔ འབྱུང་བའི་དྭངས་སྙིགས་འབྱེད་པ་ལ༔ ཕྱི་དང་ནང་དང་གསང་བ་གསུམ༔ ཞེས་དང་༔ ཀློང་གསལ་ལས༔ ཕྱི་ལྟར་འབྱུང་བ་རྣམ་ལྔ་ལ༔ ནང་ལྟར་ཡེ་ཤེས་རྣམ་པ་ལྔ༔ གསང་བ་ལྟར་ན་འཇའ་ཚོན་ལྔ༔ ཡང་གསང་ལྟར་ན་མཁའ་འགྲོ་ལྔ༔ བླ་མེད་ལྟར་ན་སྲོག་ཡིག་ལྔ༔ ཞེས་དང་༔ རབ་འབྱམས་ལས༔ འགྲོ་བའི་ལུས་ལ་སྐུ་ལྔ་དང༔ ཡེ་ཤེས་ལྔ་དང་རིགས་ལྔ་དང་༔ འོད་ལྔ་རླུང་ལྔ་ཤེས་རབ་ལྔ༔ ཡེ་ནས་གནས་པ་རྟགས་ཉིད་དུ༔ མ་དག་རང་ངོ་མ་ཤེས་དུས༔ ཕུང་པོ་ལྔ་དང་འབྱུང་བ་ལྔ༔ དབང་པོ་ལྔ་དང་འདོད་ཡོན་ལྔ༔ ཉོན་མོངས་ཕྱོགས་ལྔ་ལ་སོགས་འཛིན༔ ཕུང་པོ་སངས་རྒྱས་སྐུ་ལྔའི་བདག༔ ཅེས་སོགས་གསུངས་པའང་ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི་སྦུགས་དག་དྭངས་སྙིགས་ཀྱི་ཚུལ་དུ་བྱུང་བའི་རྣམ་གྲངས་སོ༔ དེའི་ཕྱིར་ན་རྒྱུད་བཤད་ཁ་ཅིག་གིས་རང་བཞིན་གྱི་རྟགས་སུ་བཤད་དོ༔ དེ་ཡང་ཅུང་ཟད་དབྱེ་ན་དྭངས་མ་འབྲས་ཆོས་ལྔའི་དབང་ལས་སྙིགས་མ་འཁྲུལ་འབྲས་གསུམ་ལ་སོགས་པ་ཐམས་ཅད་དྭངས་སྙིགས་ཤིན་ཏུ་མང་པོ་ཞི་ཁྲོ་རིགས་བརྒྱའི་དག་པ་དེ་དྭངས་སྙིགས་ཡིན་པ་སོགས་རྣམ་པར་འཕྲུལ་བ་མཐའ་མེད་པ་སྟེ༔ ཡེ་ཤེས་ལྔ་ལས་ཚོགས་བརྒྱད༔ སྐུ་རིགས་བརྒྱ་དང་སོ་སོའི་རྟོག་པ༔ འོད་དམ་ཞིང་ཁམས་ལས་གནས་རིས༔ ཡང་སྐུ་རྐྱང་པར་ནང་གིས་དབྱེ་ནའང༔ སྐུ་ལས་རྣམ་སྣང་གི་རྒྱུ་འབྲས་སོགས་ཀྱི་གཟུགས༔ དེའི་བྱེ་བྲག་གི་ཕྱི་སེམས་བཞི་དང་༔ ཡེ་ཤེས་ལས་རིགས་བཞིའི་མིང་བཞི་དང༔ བྱེ་བྲག་ནང་སེམས༔ འོད་ལས་ཡུམ་བཞི་ལས་འབྱུང་བ༔ བྱེ་བྲག་སེམས་མ་བརྒྱད་ལས་ཡུལ་བརྒྱད་དམ་ཡུལ་དུས་བརྒྱད༔ འཇོམས་པ་དང་མུ་སྐྱེ་སོགས་མཐའ་ཡས༔ ཡང་ཡེ་ཤེས་ལ་ཉེར་ལྔར་ཕྱེ་བ་དབྱིངས་ཀྱི་ཆ་དང་བཅས་པ་ལ་སོགས་པའོ༔ དེ་ལྟ་བུའི་ཚུལ་གྱིས་ཤེས་པར་བྱ་བ་ཁོ་ནའོ༔
ཞར་བྱུང་འབྱུང་བའི་བྱེར་ཟུག་སྙོམས་འཁྲུགས་ཀྱི་ཚུལ་ཅུང་བསྒོམ་བསྒྲུབ་ཀྱི་ལས་སོགས་དང་བཏགས་གྲོལ་སོགས་ཀྱི་དོན་དུ་བཤད་པ་ཟད་ཀྱང་ཕྱི་འབྱུང་བ་དང་ནང་ཕུང་པོ་ལ་བརྩི་བས་སྔ་མ་ལ་བསྐལ་བ་དང་ལོ་དང་ཟླ་བ་ཞག་གི་བྱེར་ཟུག་གསུམ་ལས་དར་རྒུད་འབྱུང་བའོ༔ དེ་ཡང་ཟུག་པས་འབྱུང་བ་བཞི་གཅིག་གྲོགས་གཅིག་གིས་བྱས་ནས་རྩལ་གྱི་ཡོན་ཏན་དྭངས་མ་ཕྱི་ནང་རྣམས་སྨིན་པའི་ལས་འགྲུབ༔ སྙོམས་པས་ཆ་ཆེ་ཆུང་མེད་པ་དར་བས་གནས་པའི་ལས་གྲུབ༔ བྱེར་བས་སོ་སོར་ནུས་པའི་ཤུགས་ཡལ་ནས་གུད་པའི་ལས་བྱེད༔ འཁྲུགས་པས་གཅིག་དགྲ་གཅིག་གིས་བྱས་ནས་སྟོངས་པའི་ལས་བྱེད་པ་སྟེ༔ ཀློང་གསལ་ལས༔ དེ་རྣམས་འབྱུང་བ་དར་རྒུད་དོ༔ བྱེར་ཟུག་གཞན་ཡང་དེ་དང་འདྲ༔ བསྐལ་པ་ལོ་ཟླ་ཞག་ཟ་མ༔ བྱེར་དང་ཟུག་དང་སྙོམས་པའོ༔ འཁྲུགས་པ་དག་དང་བཞི་རུ་འདུས༔ ཞེས་པ་ལྟར་རོ་ཞེས་སྤྱིར་བསྟན༔ དེ་ལྟ་ན་བསྐལ་བ་ལ་སྦྱར་ན༔ འབྱུང་བཞི་ཟུག་པ་ལས་ལེགས་པར་ཆགས༔ སྙོམས་པ་ལས་གནས༔ བྱེར་བ་ལས་མེ་ཡིས་ཞེ་དགུ༔ ཆུ་ཡིས་བདུན༔ རླུང་གིས་གཅིག་གཏོར་ཏེ་འཇིག༔ དེ་ནས་སྟོངས་པ་ནམ་མཁའ་གཅིག་དུ་གྱུར་པ་ནི་འཁྲུགས་པ་སྟེ༔ དེ་ཉིད་ལས༔ བསྐལ་པའི་བྱེར་ཟུག་འདི་ལྟ་སྟེ༔ བསྐལ་པ་འཇིག་དུས་བྱེར་བའོ༔ བསྐལ་པ་ཆགས་དུས་ཟུག་པའོ༔ བསྐལ་པ་གནས་དུས་སྙོམས་པ་ཡིན་བསྐལ་པ་སྟོངས་དུས་འཁྲུགས་པའོ༔ ཞེས་སོ༔ དེ་བཞིན་དུ་ལོ་ལ་བཟང་ངན་གྱི་རྟེན་འབྲེལ་ལས་གང་ལ་ཡང་ཤེས་མིན་དགྲ་གྲོགས་བརྩི་ཚུལ་ཆོས་ཉིད་ཀྱི་རིག་པ་ལ་ཐུག་པ་ནི༔ དེ་ཉིད་ལས༔ ལོ་ཡི་བྱེར་ཟུག་འདི་ལྟར་རོ༔ བྱ་སྤྲེལ་ཁྱི་ཡི་ལོ་ལ་བྱེར༔ སྟག་ཡོས་རྟ་ཡི་ལོ་ལ་ཟུག༔ བྱི་ཕག་གླང་གི་ལོ་ལ་སྙོམས༔ འབྲུག་སྦྲུལ་ལུག་གི་ལོ་ལ་འཁྲུགས༔ ཞེས་སོ༔ དེ་བཞིན་དུ་ཟླ་བའི་བྱེར་ཟུག་ནི༔ དབྱར་ཟླ་བ་གསུམ་ལ་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་ནས་འབྱུང་བཞི་སྨིན་ནས་རྒྱས་དུས་ཉི་མའང་རིང་ཞིང་ཚ་བ་འབྱུང་བའི་སྟོབས་དང་༔ རྩི་ཤིང་མེ་ཏོག་རྒྱས༔ སྟོན་འབྱུང་བ་སྙོམས་པས་ཉིན་ཞག་དང་བསིལ་དྲོད་མཉམ༔ ལོ་ཐོག་དང་འབྲས་བུ་སྨིན༔ དགུན་འབྱུང་བཞི་བག་ཙམ་སྟོབས་ཆུང་བས་གཅིག་དགྲ་གཅིག་གིས་བྱས་ནས་ཉི་མ་ཡང་ཐུང་ཞིང་དྲོད་མེད་རྩི་བཅུད་དང་འབྲས་བུ་ཉམས༔ དཔྱིད་འབྱུང་བ་བྱེར་པས་ཉི་མ་མཉམ་ཞིང་འོད་ཉམས༔ སྣོད་བཅུད་ཀྱི་མདངས་སྟོབས་ཉམས་པ་ཁ་ཆར་དང་བུ་ཡུག་མོད་ཅིང་གནོད་དེ་འབྱུང་བ་དར་རྒུད་སྙོམས་པའི་ཁྱད་པར་དུ་གནས་སོ༔ འབྱུང་བའི་དྭངས་མ་དུས་གཅིག་ཏུ་བྱེར་པས་ཉི་ཟླ་འགྲིབ་པ་དང་༔ གཟའ་སྐར་གྱི་འཕོ་འགྱུར་འཕེལ་འགྲིབ་ལས་དར་རྒུད་འབྱུང་བའི་རྒྱུ་མཚན་ཀྱང་དེ་ཡིན་ནོ༔ ཡང་འབྱུང་བཞི་འཁྲུགས་སྨིན་གྱི་རླངས་པ་ལས་ཁ་འཆར་བབས་པས་དབྱར་དགུན་གྱི་འབྱུང་བ་སྨིན་ཉམས་ཀྱང་དེ་ཡིན་ནོ༔ དེ་སྐད་དུའང་ཀློང་གསལ་ལས༔ ཟླ་བའི་བྱེར་ཟུག་འདི་ལྟར་རོ༔ འབྱུང་བཞི་བྱེར་དུས་ཉི་མ་འཆི༔ འབྱུང་བཞི་ཟུག་དུས་ཉི་མ་རིང་༔ འབྱུང་བཞི་སྙོམས་དུས་ཉིན་མཚན་སྙོམས༔ འབྱུང་བཞི་འཁྲུགས་དུས་ཉི་མ་ཐུང་༔ དྲོད་མདངས་ཐམས་ཅད་ཉམས་པའོ༔ ཁ་ཆར་བུ་ཡུག་ཐམས་ཅད་ཀུན༔ འབྱུང་བ་བཞི་ཡི་རྩལ་ཡིན་ནོ༔ ཞེས་དང་༔ དཔྱིད་ཟླ་གསུམ་ལ་འབྱུང་བཞི་བྱེར༔ དབྱར་ཟླ་གསུམ་ལ་འབྱུང་བཞི་ཟུག༔ སྟོན་ཟླ་གསུམ་ལ་འབྱུང་བཞི་སྙོམས༔ དགུན་ཟླ་གསུམ་ལ་འབྱུང་བཞི་འཁྲུགས༔ ཞེས་སོ༔ དེ་བཞིན་དུ་ཞག་གི་ཡང་ནམ་ལངས་ནས་ཉི་མ་ཤར་གྱི་བར་ལ་འབྱུང་བ་བྱེར་བ་སོགས་སྦྱོར་ཚུལ༔ དེ་ཉིད་ལས༔ ཞག་གི་བྱེར་ཟུག་འདི་ལྟར་རོ༔ ནམ་ལངས་ཉི་ཤར་འབྱུང་བཞི་བྱེར༔ ཉིན་པར་འབྱུང་བཞི་སྙོམས་པའོ༔ དགོང་མོ་འབྱུང་བཞི་འཁྲུགས་པའོ༔ ནམ་ཕྱེད་འབྱུང་བཞི་ཟུག་པའོ༔ ཞེས་སོ༔ ཡང་ནང་ཕུང་པོའི་བྱེར་ཟུག་ཀྱང་ཟས་ཟོས་པ་མེས་བཞུས༔ རླུང་གིས་དྭངས་སྙིགས་ཕྱེ་ནས༔ ཆུས་བསྡུས༔ སས་སྲ་བར་བྱས་ཏེ་ཤ་ཁྲག་དང་དེའི་དྭངས་མ་རྐང་མར་དེ་ལས་ཐིག་ལེ་འཕེལ་ནས༔ སྐྱེས་ནས་ལོ་བཅུ་དྲུག་གི་དུས་སུ་སྨིན་ཞིང་རྒྱས་པ་ཟུག་པའི་བྱེད་ལས༔ སུམ་ཅུའི་བར་ལ་མ་ཉམས་པའི་དྭངས་མ་རང་སོར་གནས་པས་སྙོམས༔ དེ་ནས་གཅིག་དགྲ་གཅིག་གིས་བྱས་ཏེ་རྒུད་ནས་བྱེར་བའི་དུས་བྱེད་དོ༔ སྤྱིར་བཏང་འབྱུང་བའི་བྱེར་ཟུག་དེ་ལྟར་ལ་ཞིབ་ཏུ་དཔྱད་ན་འབྱུང་བ་སོ་སོའི་བྱེར་ཟུག་གི་ལས་ཐ་དད་ཀྱིས་ལུས་ལ་དར་གུད་འབྱུང་བའི་ཆ་ཡང་༔ ཀློང་གསལ་ལས༔ དང་པོ་འབྱུང་བཞིས་བསྐྱེད་པར་བྱེད༔ བར་དུ་འབྱུང་བཞིས་སྙོམས་པར་གནས༔ ཐ་མ་འབྱུང་འཁྲུགས་བྱེར་བས་འཇོམས༔ ཞེས་དང་༔ ཐལ་འགྱུར་ལས༔ བྱེར་ཟུག་སྙོམས་ལ་བཅུ་གཉིས་ཏེ༔ ས་ཆུ་མེ་རླུང་བཞི་ལ་ཡང༔ གསུམ་གསུམ་ཉིད་དེ་བཅུ་གཉིས་ལ༔ ཆུ་ཡི་ཟུག་པས་དབང་པོ་འབྱིན༔ ཞེས་སོགས་གསུངས་ཀྱང་འབྲས་རྟགས་ལས་མི་འབྱེད་པས་བརྩི་བ་ལ་མི་ཕན་པས་མ་སྤྲོས་སོ༔ དེ་ལྟར་བྱེར་ཟུག་གི་ལས་གང་ལ་ཤེས་པའི་འགྱུར་བརྩི་ན་མ་བུ་དགྲ་གྲོགས་བརྩི་བ་བཟང་བས༔ ལོ་ཟླ་ཞག་དུས་ལས་ནང་གི་རླུང་དུས་ཚོད་ཀྱི་ཟིན་པས་འཕྲད་ལྔའི་བྱེ་བྲག་གིས་སྲོག་ལུས་དབང་ཐང་ལ་བརྟགས་པའི་ཉི་མ་ནི་ཕོ་དྲུག་སྟག་མོ་སྤྲེལ་གྱི་ཚེས་པས་བརྩི་བར་བྱས་པས་ཞི་རྒྱས་དབང་དྲག་གི་ལས་གང་ལའང་སྤྱིར་ཟུག་སྨིན་ཤེས༔ བྱེར་འཁྲུགས་ཅུང་དམན་ཀྱང་ཁྱད་པར་རང་ལས་གང་བརྩམས་ནི༔ ལོ་ཟླ་ཞག་དུས་བཞི་ཀ་རང་ལ་བསྔགས་པ་དེ་མཆོག་ཏུ་གྱུར༔ གསུམ་རབ༔ གཉིས་ཐ་མ༔ གཅིག་དེ་ལས་ཀྱང་དམན་པས་མི་བརྩམས༔ ལུས་ངག་ཡིད་ཀྱི་བྱ་བ་ལ་ལོ་ཟླ་ཞག་གསུམ་དུས་ཀྱི་འགྱུར་བ་དང་སྦྱོར༔ ཡང་ཞི་བ་ལ་མ༔ རྒྱས་པ་ལ་གྲོགས༔ དབང་ལ་བུ༔ དྲག་པོ་ལ་ནང་དགྲ་ནི་གང་ལའང་མི་བཟང་ངོ༔ འདི་དག་འབྱུང་བ་དགྲ་གྲོགས་སོགས་དང་༔ ལས་དགྲ་གྲོགས༔ བྱེར་ཟུག་དགྲ་གྲོགས་སོགས་ལས་འཕྲུལ་ཤེས་ན་རྟེན་འབྲེལ་མཆོག་ཏུ་རྣོ་བར་ཁོ་བོས་རིག་གོ༔ དགྲ་གྲོལ་རླུང་དང་སྦྱར་ནས་བྱེར་དུས་ཞི་བ་འགྲུབ་རྡོར་སེམས་ལྕེ་རྡོ་རྗེ། ཟུག་པའི་དུས་རིན་འབྱུང་ལྕེ་རིན་པོ་ཆེ། སྙོམ་པའི་དུས་སྣང་མཐའ་ལྕེ་པདྨ། འཁྲུགས་པའི་དུས་སུ་ལྕེ་རལ་གྲི་ལྷ་དོན་གྲུབ་བསྒོམ་ཕྱོགས་སོ་སོར་བལྟས་ཏེ་བཏགས་གྲོལ་བཟླ་ལྷ་བསྒྱུར་བ་དང་ལས་གང་ལ་རྐྱང་དཔྱད་སོགས་ལ་ཕན་དོན་ཀྱང་༔ དོན་ཆེན་པོ་ལ་ཐམས་ཅད་འཕྲོད་ལེགས༔ འབྲིང་ལ་གཉིས་སོགས་སོ༔ དེ་ཡང་རྟོགས་བྱེད་ནི༔ ཀློང་གསལ་ལས༔ དེ་ལས་བྱེར་ཟུག་བརྩི་བར་བྱ༔ བྱེར་བའི་དུས་སུ་ཞི་བ་འགྲུབ༔ ཟུག་པའི་དུས་སུ་རྒྱས་པ་འགྲུབ༔ སྙོམས་པའི་དུས་སུ་དབང་རྣམས་འགྲུབ༔ འཁྲུགས་པའི་དུས་སུ་དྲག་པོའོ༔ དེ་ལྟར་དུས་རྣམས་སྦྱར་ཤེས་ན༔ འབྱུང་བཞི་ཐམས་ཅད་དབང་དུ་འདུས༔ ཞེས་སོ༔
གཉིས་པ་འཁྲུལ་བ་དེའི་འབྲས་བུ་རིགས་དྲུག་གི་སྡུག་བསྔལ་མྱོང་ཚུལ་ནི༔ ཡུལ་ལུས་སེམས་སུ་སྨིན་ཟིན་ནས་རྣམ་སྨིན་གྱི་ཕུང་པོའི་ཉེ་བར་ལེན་པའི་སྡུག་བསྔལ་སྣ་ཚོགས་སུ་སྨིན་པ་ནི༔ དམྱལ་བའི་ཚ་གྲང་༔ ཡི་དྭགས་ཀྱི་བཀྲེས་སྐོམ༔ དུད་འགྲོའི་གླེན་སྐུགས༼ ལྐུགས། དཔྱད། ༽༔ ལྷ་མིན་འཐབ་རྩོད༔ ལྷའི་ཕམ་༼ འཕོ། དཔྱད། ༽ལྟུང་༔ མི་སྐྱེ་རྒ་ན་འཆི་ལ་སོགས་པ༔ རང་རང་གི་ལས་ཀྱིས་འབྲས་བུ་སྣ་ཚོགས་མྱོང་བཞིན་འཁོར་བར་བར་མེད་དུ་འཁྱམས་པ་ནི༔ དེ་ཉིད་ལས༔ འགྲོ་བ་རིགས་དྲུག་དེ་དག་ལ༔ ང་དང་བདག་ཏུ་བཟུང་བ་ལ༔ ལྷ་ལ་ཕམ་༼ འཕོ། དཔྱད། ༽ལྟུང་སྡུག་བསྔལ་དང་༔ ལྷ་མ་ཡིན་ལ་འཁྲུག་རྩོད་དང་༔ མི་ལ་བྲེལ་ཕོངས་སྡུག་བསྔལ་དང་༔ བྱོལ་སོང་རྣམས་ལ་གླེན་ལྐུགས་དང་༔ ཡི་དྭགས་རྣམས་ལ་བཀྲེས་སྐོམ་དང་༔ དམྱལ་བ་རྣམས་ལ་བཙོ་བསྲེག་གོ༔ འཁོར་བ་ཉིད་དུ་འཁོར་བའོ༔ ཞེས་སོ༔
གསུམ་པ་ངོ་བོ་དབྱེར་མེད་མཉམ་པའི་བྱིན་རླབས་ནི༔ གྲོལ་འཁྲུལ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་གཅིག་པས་གཅིག་ཐ་དད་ལས་འདས་པ་ཀ་དག་གི་ཡེ་ཤེས་སུ་ཆོས་སྐུའི་ངོ་བོར་སངས་རྒྱས་པ་ཡང་༔ ནམ་མཁའ་ཆེ་ལས༔ ཡང་ན་གཅིག་དང་དུ་མ་ཡི༔ རང་བཞིན་མེད་དེ་གཟུགས་བརྙན་བཞིན༔ འཁོར་འདས་ཆོས་ཀྱི་བྱེ་བྲག་གྲངས༔ མཚན་མ་ཡོད་པ་མ་ཡིན་ནོ༔ ཞེས་སོ༔ དེ་ལྟ་བུའི་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་བྱིན་བརླབས་ལས་འཁོར་འདས་ཐམས་ཅད་རྩལ་དུ་ཤར་བ་ཡིན་པས་ངོ་བོ་ལ་བཟང་ངན་མེད་དེ་ལོངས་སྐུའི་ངོ་བོར་ཡེ་གྲོལ་དུ་ཡོད་པ་ཡང༔ ཀུན་ཏུ་བཟང་པོའི་ཆེ་བ་རང་གནས་ཀྱི་རྒྱུད་ལས༔ ཆོས་ཉིད་མེད་པའི་སྔོན་རོལ་ན༔ སངས་རྒྱས་སེམས་ཅན་མིང་ཡང་མེད༔ ཆོས་ཉིད་ཆེ་བའི་བྱིན་རླབས་ལས༔ ཇི་ལྟར་སྣང་བ་དེ་ལྟར་ཡིན༔ ཞེས་སོ༔ འཁོར་འདས་གྲོལ་འཁྲུལ་གཉིས་སུ་སྣང་ཡང་དོན་ལ་ཁྱད་པར་མེད་དེ༔ གཞི་སྣང་གཅིག་གི་རང་བཞིན་དུ་མཉམ་པའི་ཕྱིར་དེ་ཉིད་ལས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་དང་༔ མ་རིག་འཁྲུལ་པའི་སེམས་ཅན་གཉིས༔ ཆེ་ཆུང་ཁྱད་པར་བྱུང་བ་ཡང་༔ གསེར་མགར་འདྲ་སྟེ་གཞི་སྣང་གཅིག༔ ཅེས་སོ༔ འཁོར་བའི་ངོ་བོ་མྱང་འདས་སུ་བཞུགས་པས་ཀྱང་ངོ་བོ་དབྱེར་མེད་པར་མཉམ་པ་སྟེ༔ དེ་ཉིད་ལས༔ དེ་བཞིན་བརྟན་གཡོ་ལ་སོགས་ཀུན༔ དོན་གཅིག་གཉིས་མེད་ཐ་མི་དད༔ ཐམས་ཅད་དེ་ཡང་བྱང་ཆུབ་སེམས༔ སངས་རྒྱས་ཉིད་ལས་རིམ་བཞིན་མེད༔ སྣོད་བཅུད་ཆོས་སྐུར་མྱ་ངན་འདས༔ མྱ་ངན་འདས་ལས་མ་གཏོགས་པ༔ འཁོར་བ་ངན་སོང་མིང་ཡང་མེད༔ ཅེས་སོ༔ དེ་ལྟར་མཉམ་པ་བཞིའི་ངོ་བོ་དབྱེར་མེད་ཡིན་པའི་གནད་དམ་བྱིན་རླབས་ཀྱིས་རྒྱུ་མྱ་ངན་ལས་འདས་པ་གཅིག་ལས་མེད་ཀྱང་རིག་མ་རིག་གིས་འཁོར་འདས་སུ་འབྱུང་གི༔ གཞན་དུ་འཁོར་བ་རང་བཞིན་གྱིས་གྲུབ་ནས་འཁྲུལ་བ་ཡེ་ཡོད་ཡིན་ན་ལམ་བསྒྲུབ་པས་སངས་རྒྱས་སུ་མི་རུང་བ་མཆིང་བུ་ནོར་བུར་བསྒྱུར་དུ་མི་བཏུབ་པ་ལྟ་བུ་ཡིན་པ་ལ༔ སངས་རྒྱས་ཡེ་ནས་མིན་ན་སླད་ནས་སངས་རྒྱས་སུ་མི་འོས་པ༔ འདུས་མ་བྱས་རྒྱུ་རྐྱེན་གྱིས་བསྐྱེད་པ་མི་འཐད་པའི་ཕྱིར༔ ཆེ་བ་རང་གནས་ལས༔ རྒྱུ་འབྲས་རིམ་གྱིས་གསུངས་པའང་༔ དུས་གསུམ་འགྱུར་བ་མེད་པའི་ཕྱིར༔ རྒྱུ་དང་འབྲས་བུ་བསྟན་པ་མེད༔ རང་སེམས་སངས་རྒྱས་མ་ཡིན་ན༔ མཆིང་བུ་ནོར་བུར་མི་འགྱུར་བཞིན༔ ལས་དང་ལས་མིན་ཅི་བཙལ་ཀྱང་༔ སངས་རྒྱས་བྱང་ཆུབ་ཐོབ་པ་མེད༔ རྒྱུ་ཉིད་འབྲས་བུ་ཡིན་ཤེས་ན༔ ས་གསེར་བཞིན་དུ་ཡེ་དག་པས༔ སངས་རྒྱས་ཡེ་ནས་ཡིན་པ་ལ༔ བཙལ་བས་བསམ་པས་དབྱིངས་མི་བསྐྱོད༔ སངས་རྒྱས་མ་འཚོལ་སེམས་ལ་ཡོད༔ ཅེས་སོ༔ རྒྱུ་གཅིག་དུ་ཡོད་པས་གྲོལ་རུང་ལ་སྣང་བ་ཐ་དད་དུ་ཡོད་པས་འཁྲུལ་བ་འབྱུང་བར་འཐད་ཅིང་༔ གྲོལ་འཁྲུལ་འཁོར་འདས་རྒྱུ་མེད་དུ་མི་འགྱུར་བ་དང་༔ རྒྱུ་ལ་འབྲས་གནས་ཀྱི་རྟོགས་པ་མངོན་གྱུར་ཡིན་མི་དགོས་པ་ཐམས་ཅད་འདི་ལ་རག་ལས་པ་སྟེ༔ སེང་གེ་རྩལ་རྫོགས་ལས༔ སངས་རྒྱས་ཡེ་ནས་གནས་པའི་དོན༔ སེམས་ཅན་ཀུན་ལ་གནས་པ་ནི༔ རྒྱལ་བ་ཉིད་ཀྱིས་རབ་ཏུ་བཤད༔ རིག་དང་མ་རིག་སྣང་བ་ཉིད༔ སངས་རྒྱས་དང་ནི་སེམས་ཅན་ཉིད༔ རིག་པ་སོ་སོ་མ་ཡིན་ཏེ༔ སྣང་བ་སོ་སོ་ཉིད་དུ་བཤད༔ སྣང་བ་སོ་སོ་མ་ཡིན་ན༔ སངས་རྒྱས་ས་ལ་དོན་གོ་མེད༔ ཅེས་དང་༔ དང་པོ་གཅིག་ལས་མེད་པ་ལ༔ དེ་ནས་བརྟགས་པས་གཉིས་སུ་བྱུང་༔ དེ་ཡང་རྒྱུ་ལ་ཁྱད་མེད་པས༔ སྣང་བ་སོ་སོར་ བྱང་བའོ༔ ཞེས་སོ༔ ཚུལ་ཇི་ལྟ་བ་འདི་མི་ཤེས་པའི་གང་ཟག་གིས་མགོན་པོ ་ཀླུས་རིགས་ཁམས་ཀྱི་སྣང་སྟོང་གིས་ཟུང་དུ་མ་སྦྲེལ་བར་ཕྱོགས་རེ་ལས་རིམ་པར་འགྲེལ་བའི་ཚིག་སྤར་ཟིན་གྱིས༔ གང་ལ་སྟོང་པ་ཉིད་རུང་བ༔ དེ་ལ་ཐམས་ཅད་རུང་བར་འགྱུར༔ གང་ལ་སྟོང་ཉིད་མི་རུང་བ༔ དེ་ལ་ཐམས་ཅད་རུང་མི་འགྱུར༔ ཞེས་བརྗོད་ན༔རི་བོང་ལ་རྭ་མི་རུང་བ་སྟོང་ཉིད་མི་རུང་བས་ཡིན་པ་ཞིག་དང་འདྲ༔ ཐམས་ཅད་རྟེན་འབྱུང་ཡིན་ཞེས་སྨྲ་སྟེ་རྒྱུ་རྐྱེན་འདུས་བྱས་ཀྱི་ལོངས་སྐུ་ངེས་པ་ལྔ་ལྡན་བསྐྱེད་དུ་ཡོད་པར་ལྟ༔ སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཡོད་ན་རྟག་པའི་མཐའ་ལ་ལྟུང་ཟེར་ནས་རྟག་དངོས་གཞི་མཐུན་མི་སྲིད་བཞིན་དུ་ཐལ་བ་འབྲེལ་མེད་འཕེན་པའི་ཤུགས་ལས༔ སྟོང་ཉིད་འདུས་མ་བྱས་ཡིན་ན་རྟག་པ་ལ་འོས་མེད་པ་ལ་ནི་རྣམ་ཤེས་ལྐོག་ཏུ་གྱུར་པ་སྟེ༔ མི་བརྗོད་བདག་བརྗོད་ཀྱི་གཏེར་སྟོན་སར་པ་ངོ་མཚར་ཆེ་བ་ཞིག་གོ༔ ཨ་ལ་ལ་ཧོཿ འདི་ལྟར་ཤེས་པས་བློ་སྐྱོན་དེ་དག་ཐམས་ཅད་དཔྱིས་ནས་འབྱིན་པའི་བྱིན་རླབས་ཀྱང་ཡོད་དོ༔
དོན་བཞི་པ་འཁྲུལ་དུས་གནས་པ་ཁྱབ་ཚུལ་གྱི་སྐུའམ་ཁྱབ་པ་སྙིང་པོའི་གཞི་ཁོང་གསལ་གྱི་ཡེ་ཤེས་ཆེན་པོའི་ཁྱབ་ཚུལ་ལ༔ ཁྱབ་བྱ་དང་༔ ཁྱབ་ཆོས༔ ཁྱབ་པའི་འདྲ་དཔེ་བཤད་པ་དང་གསུམ་ལས༔
དང་པོ་ནི༔ སྣང་སྟོང་བདེན་གཉིས་ཐབས་ཤེས་བསྐྱེད་རྫོགས་སྒྱུ་འོད་ཀྱི་ངེས་པས༔ སྤྱིར་སྣང་བ་ཀུན་རྫོབ་འཁྲུལ་པའི་ཕུང་པོ་ལྔས་བསྡུས་པའི་འཁོར་བའི་ཆོས་ཉི་ཤུ་དང་༔ ཡང་ཕྱི་ཡུལ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནང་འབྱུང་ལུས་ཀྱི་གཟུགས་བརྙན་ཙམ་ལས་དོན་དུ་གྲུབ་པ་མེད་པ་དེ་ལས་ཕྲ་བ་ཕྱི་མ་ནང་གི་རང་བཞིན་གྱི་འོད་ལ་བདག་ཏུ་བཟུང་བས་སྣང་བ་སྒྱུ་མ་ལུས་དང་༔ གསང་བ་ཆོས་དབྱིངས་དང་ཆོས་སྐུའི་ཡེ་ཤེས་ལ་འཁྲུལ་བའི་སེམས་ཏེ་གསུམ་པོ་དེ་དག་ཕྱི་ནང་གསང་བའི་ཚུལ་གྱིས་སམ༔ ཡོ་ག་གསུམ་གཞི་ལམ་འབྲས་བུ་ལྟར་ཤར་བའི་ངོས་སྐལ་གྱི་ཁྱབ་བྱའོ༔
གཉིས་པ་ལ་ཁྱབ་ཆོས་ངོས་བཟུང་བའི་སྒོ་ནས་མདོར་བསྟན༔ ཁྱབ་པའི་ངེས་པ་བརྗོད་པའི་སྒོ་ནས་རྒྱས་པར་བཤད་པའོ༔ དང་པོ་ནི༔ ཕྱི་མཚན་ཉིད་པས་ཀུན་རྫོབ་འཁྲུལ་བའི་ཆོས་ཐམས་ཅད་ལ་དོན་དམ་ཆོས་སྐུས་ཁྱབ་པའི་ཆོས་ཉིད་ཀུན་ཏུ་འགྲོ་བ་དང་༔ མདོ་སྔགས་མཚམས་སྦྱོར་གྱི་བཀའ་ཐ་མ་ལས༔ སངས་རྒྱས་ཆོས་གཟུགས་ཀྱི་སྐུ་གཉིས་ཀའི་རིགས་ཁམས་བདེ་བཤེགས་སྙིང་པོ་སྣང་སྟོང་འགྱུར་རུང་གི་འོད་གསལ་གྱི་དང་༔ མ་ཧཱ་ལས་དེ་ཡང་ད་ལྟ་ནས་རྒྱུ་འབྲས་དབྱེར་མེད་སྐུ་དང་ཡེ་ཤེས་ཞིང་ཁམས་ཀྱི་འཁོར་ལོའི་བརྟན་གཡོ་ཀུན་ལ་ཁྱབ་པ་དང་༔ ཨ་ནུ་རྫོགས་རིམ་པས༔ རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་སྐུ་དང་ཡེ་ཤེས་ཞིང་ཁམས་དབྱིངས་ཡེ་སྒྱུར་འོད་དབྱེར་མེད་ཟུང་འཇུག་གི་དཀྱིལ་འཁོར་གྱི་ཡེ་གྲུབ་ཏུ་དང་༔ ཨ་ཏི་བླ་མེད་ཀྱིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སྙིང་པོ་ཆོས་ཉིད་དག་པའི་ཡེ་གདངས་དང་བཅས་པས་ཁྱབ་པར་འདོད་པའོ༔ འདི་དག་ལའང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་ཚུལ་བཞིའི་དོན་ལྟར་འབྲེལ་བས་སྒྲ་བཤད་འཇུག་གཉིས་ཀ་ཡོད་པ་ཡིན་པའི་གནད་ཀྱིས་སྦས་མཐར་རིག་པ་འཛིན་པའི་སྡེ་སྣོད་ལས་ཐབས་ཤེས་སྣང་སྟོང་བསྐྱེད་རྫོགས་ཀྱི་གཞི་དཀྱིལ་གཉིས་ཀའི་འབྲས་བུ་ཆོས་སྐུའི་སྒྲུབ་གཞི་དོན་དམ་འོད་གསལ་ཀ་དག་སྣང་མེད་ཀྱི་ཕྱོགས་ཐམས་ཅད་ནི་ཆོས་ཉིད་རང་བཞིན་གནས་རིགས་སྦས་མཐར་གྱི་དོན་ཡིན་ལ༔ དེའི་ཚིག་སྤྱིའི་དོན་གྱི་འབྲེལ་བར་གྱུར་པ་བཀའ་བར་པ་ཡིན༔ སྦས་མཐར་གཟུགས་སྐུའི་སྒྲུབ་གཞི་ཀུན་རྫོབ་ཡང་དག་ལྷུན་གྲུབ་སྣང་བཅས་ཀྱི་ཆ་ཐམས་ཅད་ཚིག་སྤྱིའི་དོན་གྱི་ཚུལ་དུ་སྟོན་པ་ནི་བཀའ་ཐ་མ་ཡིན་པས་ཐ་སྙད་མཐར་ཐུག་དག་ཆེན་ཀུན་རྫོབ་ཆོས་ཅན་རང་བཞིན་གནས་རིགས་གཙོ་བོར་བཤད་བྱེད་དུ་གྱུར་པ་དང་༔ དེ་ལྟར་ཐ་དད་ཀྱི་རིགས་ཁམས་གཉིས་བདེན་པ་དབྱེར་མེད་ཀྱི་ངོ་བོ་ཉིད་དུ་ཚུལ་བཞིའི་སྒོ་ནས་ཡང་དག་པར་འཆད་བྱེད་གསང་སྔགས་ཡིན་པས་ན༔ ཀུན་གྱི་རྩེ་རྒྱལ་མཐར་ཐུག་གི་དོན་སྟོན་པ་རྫོགས་ཆེན་ལས་ཀ་དག་དང་ལྷུན་གྲུབ་སྣང་སྟོང་གི་ཁྱབ་པ་དབྱེར་མེད་གཉིས་ལྡན་ཏེ༔ དོན་དུ་ཐམས་ཅད་སྐུ་གཉིས་ཀྱི་ངང་མ་འདུས་པ་མེད་པས་ན་ཁྱབ་བྱེད་ཀྱི་མདོར་བསྡུས་པ་དེ་ཉིད་དུ༔ སྒྱུ་འཕྲུལ་ལས༔ བསྐྱེད་དང་རྫོགས་པའི་བསོད་ནམས་དང་༔ ཡེ་ཤེས་ཚོགས་གཉིས༔ ཞེས་དང༔ དེ་ལྟར་ཡང་རྒྱུད་བླ་མ་ལས༔ གཏེར་དང་འབྲས་བུའི་ཤིང་བཞིན་དུ༔ རིགས་དེ་རྣམ་གཉིས་ཤེས་བྱ་སྟེ༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ ཁྱབ་པ་རྣམ་པ་གཉིས་ཡིན་ཏེ༔ སྟོང་པས་ཁྱབ་དང་གསལ་བས་ཁྱབ༔ ཅེས་དང་༔ རྔམ་གློག་ལས་ཀྱང་༔ གང་དོན་དམ་པའི་བདེན་པ་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་སྔགས་ཀྱི་ལྟ་བ་ཡིན་པར་ཤེས་པར་བྱའོ༔ དེ་ཉིད་རྒྱུའི་ཚུལ་དུ་གནས་པ་ལས་འབྲས་བུའི་ཚུལ་དུ་ཀུན་རྫོབ་ཀྱི་བདེན་པ་དང་གཟུགས་ཀྱི་སྐུར་སྣང་སྟེ༔ ཞེས་སོ༔
གཉིས་པ་ཁྱབ་པའི་ངེས་པ་བརྗོད་པའི་སྒོ་ནས་རྒྱས་པར་བཤད་པ་ལ༔ རྟོག་གེ་དང་སྐྱེ་འཕགས་ཀྱི་ཡུལ་དུ་མངོན་སུམ་དང་ཇི་བཞིན་པར་མ་གྱུར་པའི་ཚུལ་བཤད༔ ལུང་ཚད་མ་ལ་འཁྲུལ་བ་མེད་པར་བཤད༔ ལུང་སོ་སོའི་དགོངས་པའི་ངེས་པ་སྙིང་ལ་བཅགས་ཚུལ་དང་གསུམ་ལས༔
དང་པོ་ནི༔ གསང་སྔགས་མཐར་ཐུག་གི་དགོངས་ཀློང་ནི་འགལ་འབྲེལ་བརྩི་བས་སྒྲ་རྟོག་གི་ཡུལ་དུ་མ་གྱུར་བའི་ཕྱིར་དང་༔ གསང་སྦས་བདུན་གྱིས་ཆོད་པས་རྟོགས་པར་དཀའ་བའི་ཕྱིར་དང་༔ དེང་སང་ལྟ་བའི་སྙིགས་མར་གྱུར་པས་གང་ཟག་བསོད་ནམས་དང་ལས་འཕྲོ་ངན་པ་དབང་པོ་དམན་པས་གཞན་གྱིས་དྲིངས་སུ་འཇོག་པའི་རྟུལ་པོའི་ཡུལ་དུ་མི་འགྱུར་ཏེ༔ མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས༔ དེ་ལྟའི་གཟུགས་ནི་ཇི་ལྟར་སྔོན༔ རྟོག་གེ་པ་རྣམས་མི་ཤེས་སོ༔ ཞེས་དང་༔ དཀོན་མཆོག་སྤྲིན་ལས༔ རྟོག་གེའི་སྤྱོད་ཡུལ་མ་ཡིན་པ༔ རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ༔ ཞེས་དང་མདོ་ཆེན་པོས༔ གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ༔ ཚིག་གི་སྤྱོད་ཡུལ་མ་ཡིན་པས༔ བརྗོད་པས་རྟོགས་པར་མི་ནུས་ཏེ༔ བདག་གིས་བགྲོ་བར་རབ་ཏུ་དཀའ༔ དཔེའམ་ཚད་མ་གཏན་ཚིག་གིས༔ རྗེས་སུ་དཔག་པའི་ཤེས་རབ་ཀྱིས༔ རྟོགས་པར་ནུས་པ་མ་ཡིན་ཏེ༔ དམུས་ལོང་མཁའ་ལ་མཐོ་འཇལ་འདྲ༔ ཞེས་དང་༔ ས་ར་ཧས༔ གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན༔ དེ་ཉིད་ཐུབ་པའི་བསྟན་ལ་ཆོས་སྲིད་ཉམས་པའང་ཡིན༔ ཞེས་དང་༔ དཔལ་ཆོས་ཀྱི་གྲགས་པས༔ རྗེས་དཔག་གཏན་ཚིག་བརྟེན་མི་བྱེད༔ དེ་ཡིས་རང་རིག་རྟོགས་པ་མིན༔ དེ་ཉིད་དོན་གྱི་སྙིང་པོ་ནི༔ རྗེས་དཔག་ཤེས་པས་ཉམས་མྱོང་མིན༔ ཞེས་དང་༔ ཇོ་བོ་རྗེས༔ རྟོག་གེ་ཐམས་ཅད་མི་མཐུན་པས༔ ཚད་མས་གཞལ་བའི་ཆོས་ཉིད་ཀྱང་༔ མང་པོ་ཉིད་དུ་མི་འགྱུར་རམ༔ མངོན་སུམ་རྗེས་དཔག་དགོས་པ་མེད༔ ཅེས་དང་༔ དགོངས་པ་ངེས་འགྲེལ་ལས༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ༔ རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ༔ དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད༔ ཅེས་དང་༔ གཤེད་དམར་རྒྱུད་ལས༔ རྟོག་ཅིང་དཔྱོད་པའི་རྟོག་གེ་བ༔ དེ་ལ་སྦྱོར་བའི་དངོས་གྲུབ་རིང་༔ ཞེས་དང་༔ ལེ་ལག་ལས༔ ཡོན་ཏན་མཆོག་གི་སྙིང་པོ་ནི༔ རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ༔ ཞེས་སོ༔ གསང་བ་བཞི་ནི༔ རྔམ་གློག་ལས༔ རང་བཞིན་དོན་གྱི་ཆོས་ཉིད་རང་བཞིན་གྱིས་གསང་བས་ན། གསང་བ་དང༔ གབ་པ་སྟོན་པའི་ཐུགས་ཀློང་ནས་བསྐུངས་བ་དང་སྦས་པའི་གསང་བ་དང་༔ བསྟན་མེད་དམན་ལ་མི་བསྟན་པའི་རྫས་དང་རྫས་ཀྱི་གསང་བ་དང་༔ སྣོད་མེད་གསང་སྔགས་ཟབ་མོའི་དོན་རྟོགས་དཀའ་བས་བསྟན་པར་མི་བྱ་བ་སྟེ་བཀའ་ཡི་གསང་བའོ༔ ཞེས་དང་༔ སྦས་པ་གསུམ་ནི༔ དེ་ཉིད་ལས༔ སྦས་པ་རྣམ་པ་གསུམ་ཡིན་ཏེ༔ ཕྱི་རོལ་དང་ཐེག་དམན་ཀྱི་བློར་མི་ཤོང་ཞིང་སྐྲག་པས་ཕྱི་ཡི་སྦས་པ་གསང་བ་དང་༔ དེ་བཞིན་ནང་གི་སྦས་པ་ཐེག་ཆེན་གྱི་རྣལ་འབྱོར་གཞན་གྱིས་རྟོགས་ཤིང་ཁོང་དུ་ཆུད་དཀའ་བས་དང་༔ གཉིས་ཀར་མ་ངེས་སྦས་པ་བདེན་པ་གཉིས་དབྱེར་མེད་པས་རྒྱལ་བའི་སྤྱོད་ཡུལ་ཡིན་པས་སྟེ༔ ཞེས་སོ༔ བླ་མ་དགེ་བའི་བཤེས་གཉེན་ཡང་དག་པས་རྗེས་སུ་ཟིན་ནས་བྱིན་རླབས་ཀྱིས་སྒྲིབ་པ་བསལ་སྟོབས་ནི་མ་གཏོགས་རང་ཚོད་འོལ་དཔག་གིས་ཆོས་ཉིད་མི་མཐོང་བ་ནི༔ མདོ་ལས༔ དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པས་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ༔ ཞེས་བྱུང་བས་མཚོན་འོག་ནས་འབྱུང་བ་ལྟར་རོ༔ དེ་ལྟར་དུ་འཆིང་བ་ཀུན་ལྡན་གྱི་སོ་སོའི་སྐྱེ་བོ་མ་ཟད་ས་བཅུ་པ་ན་གནས་པའི་བྱང་སེམས་ཀྱིས་ཀྱང་མཚན་མོའི་གཟུགས་ལྟ་བུ་ལས་མངོན་སུམ་ཇི་བཞིན་པར་མི་མཐོང་བར་གསུངས་ཏེ༔ མྱང་འདས་ལས༔ མདོ་སྡེ་འདི་མ་གསུང་ན་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ས་བཅུའི་བར་དུ་གནས་པས་ཀྱང་སངས་རྒྱས་གྱི་རང་བཞིན་མི་མཐོང་བ་ནི་དེ་དང་འདྲའོ༔ ཞེས་དང༔ རྒྱུད་བླ་མ་ལས༔ སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༔ སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ༔ དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན༔ འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན༔ ཞེས་དང་༔ བཙས་པའི་ཁྱིམ་ན་བུ་ཆུང་གིས༔ ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་༔ ཞེས་སོགས་གསུངས༔ མདོ་ཆེན་པོ་ལས༔ དཔེར་ན་ཉི་མའི་དཀྱིལ་འཁོར་ནི༔ མིག་གི་དབང་པོས་རབ་བརྟགས་ན༔ སྙིང་པོ་གང་དེ་མི་རྟོགས་ཀྱི༔ འོད་ཟེར་ཚོགས་ཀྱིས་མིག་རྫི་ལ༔ དེ་བཞིན་བྱིས་དང་བློ་ཞན་པས༔ སྙིང་པོའི་དོན་ལ་ཅིར་བརྟགས་ཀྱང་༔ གསང་བའི་སྙིང་པོ་མི་མཐོང་གི༔ བློ་ཞན་བྱིས་པ་ཀ་ཆད་རྒྱུ༔ ཞེས་སོ༔ དེ་ཡང་འཕགས་པས་མི་མཐོང་བར་གསུངས་པའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ཙམ་གཅིག་པུ་རིགས་ཁམས་ཡིན་ན་ས་དང་པོ་ཐོབ་པ་ནས་སྟོང་ཉིད་མངོན་སུམ་མ་རྟོགས་པ་མི་སྲིད་ན༔ འདི་རང་བཞིན་ལོངས་སྐུའི་གོ་འཕང་བརྙེས་ནས་རྟག་པ་ལྔ་ལྡན་གྱི་རང་སྣང་མངོན་དུ་མ་གྱུར་བ་ལས་གཞན་ལ་བཞག་པར་དཀའ་བའི་ཚུལ་ཇི་བཞིན་དུ་བསམ་པར་བྱའོ༔ ཡང་རྣམ་མཁྱེན་གྱི་ཡུལ་མངོན་སུམ་ཡིན་ན་ས་བོན་ལས་འབྲས་བུ་འབྱུང་རུང་ཙམ་གྱི་རིགས་ལ་ཅི་ཞིག་མངོན་སུམ་དུ་གཟིགས་རྒྱུ་ཡོད་ཀྱང་དཔྱད་བཟོད་མི་སྲིད་ཅིང་རྗེས་དཔག་དེ་ཙམ་གྱིས་ཀྱང་འཕགས་པའི་བྱང་ཆེན་ལ་བསྐུར་འདེབས་སུ་བཅོམ་ལྡན་འདས་ལ་སུས་ཁུ་གདབས༔ འོ་ན༔ ཡང་དག་བླང་བ་མཆོག་ཡིན་ནོ༔ ཞེས་པས་རྒྱས་འགྱུར་ཙམ་ས་བོན་གྱིས་འབྲས་བུ་ཤིང་བཞིན་དུ་འདོད་པ་ལས་ཆོས་ཅན་རང་བཞིན་གནས་པའི་རིགས་ཡོད་པར་མ་གསུངས་བར་འཆོས་ཀྱང་༔ དེ་ནི་རྒྱུ་ཡི་ཐེག་པའི་ངེས་ཚིག་གིས་དེ་ཙམ་དུ་འགྲེལ་བའི་ཚུལ་ལས་སངས་རྒྱས་ཀྱི་དགོངས་གཞི་མཐར་ཐུག་ནི་གསང་སྔགས་རྡོ་རྗེ་ཐེག་པ་གཞི་འབྲས་དབྱེར་མེད་དུ་བསྟན་པ་ཉིད་དེ༔ འདི་གཉིས་གཞི་བརྗོད་པའི་ཚུལ་ཀྱང་༔ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ༔ ཞེས་མདོ་ལས་དགོས་དབང་གིས་ལྡེམ་པོར་གསུངས་ཏེ་སེམས་ཅན་རྣམས་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཙམ་དུ་གསུངས་ཤིང་༔ གསང་སྔགས་ལས་ནི་འབྲས་བུ་རང་ཆས་སུ་བཤད་དེ༔ ཐམས་ཅད་གསང་བའི་རྒྱུད་དང་༔ དགྱེས་རྡོར༔ གསང་སྙིང་སོགས་ལས༔ རང་སེམས་རྫོགས་པའི་སངས་རྒྱས་ཉིད༔ སེམས་ཉིད་ལ་ནི་རྟོགས་པར་བྱ༔ ཞེས་དང་༔ སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད༔ ཅེས་དང༔ བརྟག་གཉིས་ལས༔ སེམས་ཅན་རྣམས་ནི་སངས་རྒྱས་ཉིད༔ འོན་ཀྱང་གློ་བུར་དྲི་མས་བསྒྲིབ༔ དེ་བསལ་ན་ནི་སངས་རྒྱས་དངོས༔ ཞེས་པ་ལ་སོགས་པས་སངས་རྒྱས་དངོས་སུ་གསུངས་པ་གང་ལྟར་ཡང་དོན་དུ་ཆོས་ཅན་གྱི་གནས་རིགས་ཕུང་པོ་སངས་རྒྱས་ལ་སོགས་པའི་གནས་ལུགས་མངོན་དུ་མ་གྱུར་པའི་དོན་ལས་ཡིན༔ ཕྱེད་སྤྲུལ་ལོངས་སྐུ་སོགས་མཐོང་བ་ནི་གཉིས་སྣང་གི་སེལ་ཞུགས་ཏེ་ཇི་བཞིན་པའི་རིགས་ཁམས་ལྷུན་གྱིས་གྲུབ་པར་རང་སྣང་རོ་གཅིག་ཏུ་མ་གྱུར་བས་གཞན་དུ་བཞག་གོ༔
གཉིས་པ་ནི༔ ལུང་ཚད་མ་ལ་ནི་འཁྲུལ་པ་མེད་དེ༔ ཆགས་ཐོགས་སྙོམས་འཇུག་གི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་དང་༔ ཇི་ལྟ་ཇི་སྙེད་མཁྱེན་པའི་རྟོགས་པ་ཡང་དག་པར་ཐོབ་པའི་ཕྱིར་དང་༔ སྲོག་གི་ཕྱིར་དང་༡ཀུར་སྟིའི་དོན་༢ལོངས་སྤྱོད་༣ མི་ཤེས་པས་བཤད་པ་༤རྫུན་གྱི་རྒྱུ་བཞི་ཟད་པའི་སངས་རྒྱས་ཀྱི་གསུངས་ཡིན་པས༔ བསྔགས་བསྟོད་ལས༔ བཅོམ་ལྡན་དུས་ཀུན་རྟོགས་པའི་ཆོས༔ རྣམ་ཀུན་འབྱུང་གནས་ཐམས་ཅད་ནི༔ ལག་མཐིལ་སྐྱུ་རུ་ར་བཞག་ལྟར༔ ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་འགྱུར༔ ཆོས་རྣམས་གཡོ་དང་མི་གཡོ་བཅས༔ གཅིག་དང་སྣ་ཚོགས་སོ་སོ་ལ༔ མཁའ་ལ་རླུང་དག་རྒྱུ་བ་བཞིན༔ ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ༔ ཞེས་དང་༔ མདོ་སྡེའི་རྒྱན་ལས་དང་འཇམ་དཔལ་སྒྱུ་དྲྭ་མཐུན་པར༔ ལུང་མ་རྟོགས་པའི་རྟོག་གེ་ཡིས༔ ཆོས་གཞན་རྣམ་དག་གནས་མ་ཡིན༔ དྲང་སྲོང་རྣམས་ཀྱིས་ཤེས་ན་ཡང་༔ དེ་ཡང་ལུང་ནི་སྔོན་དུ་གཏོང༔ ཞེས་སོ༔ དེས་ན་ལུང་དང་བྲལ་བས་རང་གཞན་གྱི་དོན་དུ་འཆད་རྩོད་རྩོམ་གསུམ་གང་ཡང་མི་བྱ་སྟེ༔ མ་རྟོག་ལོག་རྟོག་ཕྱོགས་རྟོག་གི་དྲི་མས་བསྒྲིབ་པས་ཡང་དག་མིན་པར་སྨྲས་ན་དམྱལ་བའི་ལས་མཁན་རྣམས་ཀྱིས་དེའི་ལྕེ་ལ་ཞིང་རྨོ་བའི་རྒྱུར་འགྱུར་ཏེ༔ སློབ་དཔོན་འཕགས་པའི་མན་ངག་དྲུག་ཅུ་པ་ལས༔ གང་དག་བདག་དང་གཞན་གྱི་དོན་ལ་མངོན་བརྩོན་པས༔ ལུང་དག་ཀུན་ཏུ་སྤངས་ནས་སྨྲ་བར་མི་བྱ་སྟེ༔ ཤིན་ཏུ་ཡང་དག་མིན་པས་སྨྲ་གྱུར་ན༔ ལྟུང་འགྱུར་ལྕགས་བསྲེགས་བརྒྱ་ཕྲག་ལྕེ་ལ་འདེབས༔ ཞེས་སོ༔ ཡང་ལུང་ལ་ཡིད་མི་ཆེས་པར་གང་ཟག་ལ་་རྟོན་པ་དག་ནི་བདུད་ཀྱི་བྱིན་གྱིས་རླབས་པར་རིག་སྟེ༔ དཀོན་མཆོག་སྤྲིན་ལས༔ དེ་ལ་ཡིད་མི་ཆེས་པ་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་གཏི་མུག་ཅན་ནོ༔ དེ་ལ་སེམས་པ་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའོ༔ ཞེས་སོ༔ མདོ་ལས༔ ནམ་མཁའ་ས་གཞིར་འགྱུར་བའམ༔ ས་གཞིར་ནམ་མཁར་འགྱུར་ཡང་སྲིད༔ དེ་བཞིན་གཤེགས་པས་གསུངས་པ་ལ༔ གཞན་དུ་འགྱུར་བ་མི་སྲིད་དོ༔ རི་རབ་གནས་ནས་འཕོ་བའམ༔ ཉི་ཟླ་ཐང་ལ་ལྷུང་ཡང་སྲིད༔ དེ་བཞིན་གཤེགས་པས་གསུངས་པ་ལ༔ གཞན་དུ་འགྱུར་བ་མི་སྲིད་དོ༔ ཅེས་སོ༔ ལར་ཐོས་བསམ་བསྒོམ་གསུམ་གང་ལ་ཡང་ཀུན་ཁྱབ་ཀྱི་ཚད་མ་གསུམ་ཀ་དགོས་པར༔ ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་སྒྲོན་མེ་ལས༔ བསྒོམ་པ་གང་ཡིན་ལུང་དང་ནི༔ རིགས་པ་དང་ཡང་མི་འགལ་ལ༔ བླ་མའི་གདམས་ངག་དང་ལྡན་པར༔ བསྒོམ་པ་དེ་ཉིད་བསྒོམ་པར་འོས༔ ཞེས་དང་༔ བཤད་རྒྱུད་ཆེན་པོ་རྡོ་རྗེ་མེ་ལོང་ལས༔ ལུང་དང་རིགས་པ་མན་ངག་གི༔ ཚད་མ་དག་གིས་གང་གཞལ་བས༔ ཤེས་བྱ་ཁོང་དུ་ཆུད་པར་འགྱུར༔ ཞེས་དང་༔ འགྲེལ་ཆུང་ལས༔ ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི༔ ལུང་དང་མན་ངག་རིགས་པས་གཏན་ལ་དབབ༔ ཅེས་སོ༔
དོན་གསུམ་པ་ལུང་སོ་སོའི་དགོངས་པས་ཁྱབ་པའི་ངེས་པ་སྙིང་ལ་བཅག་ཚུལ་ལ༔ ཕྱི་ནང་གསང་བ་ཡང་གསང་གི་ལུང་བཞིའི་དགོངས་པ་སྟེ་བཞི་ལས༔
དང་པོ་ནི་ཕྱི་ལྟར་བཀའ་བར་བ་དགོངས་འགྲེལ་དང་བཅས་པས་བདག་གཉིས་དང་ལམ་དང་གཉེན་པོ་ལ་ཞེན་པ་གཅོད་པའི་ཆེད་དུ་དང༔ དེ་ཙམ་དུ་མ་ཟད་གཙོ་ཆེར་རྒྱུ་འབྲས་ངོ་བོ་ཉིད་གསུམ་རྣམ་ཐར་སྒོ་གསུམ་དུ་གཏན་ཚིགས་གིས་གཏན་ལ་ཕབས་ནས་ཆོས་ཉིད་རང་བཞིན་གནས་རིགས་སྤྲོས་བྲལ་གྱི་དོན་སྟོན་པ་དང་དབྱིངས་ཀྱི་ཕྱོགས་གཅིག་ཡིན་པས་ཉན་རང་གི་བདག་མེད་ཀྱང་རིགས་དེ་འགྲེལ་པ་ཡིན་ཏེ༔ མགོན་པོ་བྱམས་པས༔ ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར༔ རིགས་ནི་ཐ་དད་རུང་མ་ཡིན༔ ཞེས་དང་༔ ཐེག་གསུམ་གཅིག་ཏུ་བསྟན་པའི་ཕྱིར་རོ༔ མྱང་འདས་ལས༔ སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བརྗོད་པ་ལས་ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བརྗོད་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་ཡོངས་སུ་དྲངས་པའི་ཕྱིར་བཤད་ཀྱི་ཡང་དག་པར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ༔ ཞེས་དང་༔ སྡོང་པོ་བཀོད་པ་ལས༔ གང་ཞིག་བདག་དང་སངས་རྒྱས་རྣམས༔ རང་བཞིན་མཉམ་པར་རབ་གནས་ཤིང་མི་གནས་ལེན་པ་མེད་པ་སྟེ༔ དེ་དག་དེ་བཞིན་གཤེགས་པར་འགྱུར༔ ཞེས་དང་སྙིང་པོ་བསྟན་པའི་མདོ་ལས༔ ཐོག་མ་མེད་པའི་དུས་ཀྱི་དབྱིངས༔ ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ༔ འདི་ཡོད་པས་ན་འགྲོ་བ་ཀུན༔ མྱ་ངན་འདས་པ་ཐོབ་པ་ཡིན༔ ཞེས་སོ༔ ཤེས་རབ་ཕར་ཕྱིན་འཕགས་བཞིའི་བསྐྱེད་ཡུམ་དུ་གསུངས་པ་ལྟ་བུ་དག་གོ༔ ཡང་བཀའ་ཐ་མས་ནི་སྤྱིར་རིགས་གཉིས་ཀ་བཤད་དེ༔ གཙོ་ཆེར་ཆོས་ཅན་རང་བཞིན་གནས་རིགས་མཚན་དང་དཔེ་བྱད་སྐུ་དང་ཡེ་ཤེས་ཡོན་ཏན་ད་ལྟ་ནས་ཡོད་ཀྱང་མཐོང་བསྒོམ་ལམ་གྱི་སྤང་བྱར་གྱུར་པའི་མ་དག་པའི་དྲི་མ་དགུ་ལ་སོགས་པས་སྒྲིབ་པས་མི་མཐོང་ཡང་༔ འབྲས་བུ་རྒྱུ་ལ་ལྟོས་པ་དང་༔ རྒྱུས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ༔ ངོ་བོ་ཐ་སྙད་ཀྱི་ཆོས་ཉིད་ལ་ཐུག་པའི་རྒྱུ་མཚན་ཚོལ་དུ་མེད་པའི་རིགས་པ་དང་༔ རྒྱུ་མཚན་དེ་གསུམ་དང་སངས་རྒྱས་འཕགས་པས་མངོན་སུམ་གཟིགས་པའི་ལུང་ཚད་མ་ལས་སོ་སྐྱེས་རྗེས་སུ་དཔག་པའི་ཚད་མས་གཞལ་བས་འཐད་པ་གྲུབ་པའི་རིགས་པ་དང་བཞིས་ཡང་དག་པར་གཏན་ལ་འབེབས་བྱེད་དུ༔ རྒྱུད་བླ་མ་ལས༔ རྫོགས་སངས་རྒྱས་སྐུ་ནི་འཕྲོ་ཕྱིར་དང་༔ དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་༔ རིགས་ཡོད་ཕྱིར་ན་ལུས་ཅན་ཀུན༔ རྟག་ཏུ་སངས་རྒྱས་སྙིང་པོ་ཅན༔ ཞེས་སོ༔ དེ་ལྟར་གཏན་ལ་འབེབ་རྒྱུའི་རིགས་ཁམས་ཀྱང་༔ སྡོང་པོ་བཀོད་པ་ལས༔ གཟུགས་དང་ཚོར་བ་འདུ་ཤེས་དང་༔ རྣམ་པར་ཤེས་དང་སེམས་པ་དག༔ གྲངས་མེད་དེ་བཞིན་གཤེགས་པ་རྣམས༔ དེ་དག་ཐུབ་པ་ཆེན་པོར་འགྱུར༔ ཞེས་དང་༔ མྱང་འདས་ལས༔ རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང༔ མི་འཇིགས་པ་བཞི་དང་༔ མཚན་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ༔ ཅེས་སོ༔ དེ་ལྟར་རིགས་གཉིས་ཡོད་པས་མཐར་ཐུག་ཆོས་གཟུགས་ཀྱི་སྐུ་གཉིས་སམ་གསུམ་གྱི་འབྲས་བུ་འགྲུབ་པར༔ རིན་ཆེན་ཕྲེང་བ་ལས༔ སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ༔ བསོད་ནམས་ཚོགས་ལས་སྐྱེས་པ་སྟེ༔ ཆོས་ཀྱི་སྐུ་ནི་མདོར་བསྡུས་ན༔ རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས༔ ཞེས་སོ༔ དེ་ཡང་བསོད་ནམས་ཀྱི་ཚོགས་ལས་སྨིན་པ་ཡིན་ཅིང་བྲལ་གཞི་རང་ལ་ཡོད་པར༔ བྱམས་པས༔ རིགས་འདི་གཉིས་ལས་སངས་རྒྱས་ཀྱི༔ སྐུ་གསུམ་ཐོབ་པར་འདོད་པ་ཡིན༔ དང་པོའི་སྐུ་ནི་དང་པོས་སྟེ༔ གཉིས་པ་ཡིས་ནི་ཕྱི་མ་གཉིས༔ ཞེས་སོ༔ སྔགས་ཕྱི་བས་ནི་འབྲས་བུ་དང་ཉེ་བའི་ལམ་བྱེད་དང་༔ རྣམ་པ་མཐུན་པའི་བསྐྱེད་རིམ་གྱི་སྣང་བ་བསྡུ་གཤེགས་ལམ་བྱེད་ཀྱང་གནས་འགྱུར་འདོད་པས་རྒྱུ་ཐུབ་པ་རྒྱུད་ཅེས་བྱའོ༔
གཉིས་པ་ནང་ལྟར་སྔགས་བླ་མེད་མ་ཧཱ་ཡོ་གའི་རྒྱུད་ལས་རྣམ་པ་མཐུན་པ་དང་འབྲས་བུ་དངོས་ལམ་བྱེད་ཀྱི་གཞི་ནི་བྲལ་འབྲས་སུ་གསུངས་ཚུལ་ལའང་༔ རིགས་གཉིས་ལས་བཟུང་སྟེ་ཆོས་ཉིད་ཀྱི་དབང་དུ༔ གཉིས་མེད་རྣམ་རྒྱལ་ལས༔ དྲི་མེད་མྱུ་གུ་བསྐྱེད་པ་ཡི༔ ས་བོན་འདིས་ནི་ཀུན་ཁྱབ་པོ༔ ཆོས་དབྱིངས་མངོན་པར་བྱང་ཆུབ་པ༔ བྱང་ཆུབ་ཚུལ་འདི་བསྟན་པའོ༔ ཞེས་དང་༔ གསང་འདུས་ལས༔ ཆོས་རྣམས་རང་བཞིན་འོད་གསལ་བ༔ གདོད་ནས་དག་པ་ནམ་མཁའ་བཞིན༔ བྱང་ཆུབ་སེམས་ཀྱང་མངོན་རྟོགས་མེད༔ བྱང་ཆུབ་ཚུལ་འདི་བསྟན་པའོ༔ ཞེས་དང་༔ གསང་སྙིང་ལས༔ ཐོག་མཐའ་དབུས་མེད་དེ་བཞིན་ཉིད༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ༔ རང་བྱུང་ཡེ་ཤེས་གནས་མེད་སྣང༔ ཞེས་སོ་༔ ཆོས་ཅན་གྱི་རིགས་ལས༔ གསང་འདུས་ལས༔ མདོར་ན་ཕུང་པོ་ལྔ་རྣམས་ནི༔ སངས་རྒྱས་ལྔར་ནི་རབ་ཏུ་གྲགས༔ རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དག༔ ས་ནི་སྤྱན་ཞེས་བྱ་བ་ཡིན་༔ ཆུ་ཡི་ཁམས་ནི་མ་མཱ་ཀི༔ དཀར་དང་སྒྲོལ་མ་ཞེས་བྱ་བ༔ མེ་དང་རླུང་དུ་རབ་ཏུ་གྲགས་༔ མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི༔ རྡོ་རྗེ་འཛིན་པ་དེ་ཉིད་ཡིན༔ ཞེས་དང་༔ རྙིང་མའི་སྒྱུ་འཕྲུལ་ལས༔ རྡོ་རྗེ་ཕུང་པོའི་ཡན་ལག་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ༔ ས་ཆུ་སྤྱན་དང་མ་མཱ་ཀི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ ཞེས་དང་༔ བདུད་རྩི་མངོན་འབྱུང་གི་རྒྱུད་ལས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་སྣང་བ་མཐའ་ཡས་ཉིད༔ འདུ་བྱེད་དོན་ཡོད་གྲུབ་པ་སྟེ༔ རྣམ་པར་ཤེས་པ་མི་བསྐྱོད་པ༔ ཞེས་པ་ལ་སོགས་པ་ལྟར་རོ༔
གསུམ་པ་གསང་བ་ལྟར་ཤེས་རབ་མའི་རྒྱུད་ཀྱི་དབང་དུ་ཆོས་ཉིད་ལ༔ མདོ་དགོངས་འདུས་ལས༔ རང་བཞིན་ངང་གིས་མ་བཅོས་པ༔ རྣམ་རྟོག་སངས་པས་ངང་གིས་གསལ༔ ཀུན་གྱི་སྙིང་པོ་དེ་ཉིད་པས༔ ཅེས་ཀྱང་མི་བསྒྲིབ་ནམ་མཁའ་ཆེ༔ ཞེས་དང་༔ གསར་རྒྱུད་ཕྱག་ཆེན་ཐིག་ལེ་ལས༔ ཇི་ལྟར་ཏིལ་ལ་མར་ཡོད་དང་༔ ཇི་ལྟར་ཤིང་ལ་མེ་ཡོད་པར༔ དེ་བཞིན་ཆོས་རྣམས་ཀུན་ལ་ཡང་༔ ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་ནི༔ ཡོད་ན་ཡང་ནི་མཐོང་མི་འགྱུར༔ ཞེས་དང་༔ བདེ་མཆོག་ལས༔ ཆོས་དབྱིངས་དང་མཉམ་མི་མཉམ་པ༔ ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར༔ དངོས་པོ་ཐམས་ཅད་དེ་ཡིན་ཏེ༔ ནམ་མཁའ་ཀུན་གྱི་སྐབས་ན་དཔལ༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ ཞེས་དང༔ བདེ་མཆོག་འབྱུང་བའི་རྒྱུད་ལས༔ བྱང་ཆུབ་གནས་ནི་དཔེ་མེད་པ༔ གང་ཞིག་འགྲོ་ལ་རྣམ་གནས་པ༔ ལ་ལར་ངས་ནི་མ་བཤད་དེ༔ སོ་སོར་མཉམ་པའི་དེ་ཉིད་ནི༔ རྒྱལ་བ་ཡིས་ནི་གསུངས་པ་ཡིན༔ ཞེས་པ་དང་༔ མཁའ་འགྲོ་རྒྱ་མཚོ་ལས༔ ཤེས་རབ་རྒྱུད་ནི་རང་བྱུང་ཉིད༔ རང་གི་རང་བཞིན་རྟག་ཏུ་གནས༔ ཅེས་སོ༔ ཆོས་ཅན་གྱི་རིགས་ལས་བཤད་དེ༔ ངེས་བརྗོད་བླ་མ་ལས༔ གཟུགས་ནི་རྣམ་པར་སྣང་མཛད་ཉིད༔ ཅེས་སོགས་དང་༔ དཔའ་བོ་ཀེང་རུས་ཆེན་པོ། ཐོད་པའི་དུམ་བུ། འཇིགས་བྱེད་རྡོ་རྗེའི་རལ་པ་ཅན་སོགས་དཔའ་བོ་ཉི་ཤུ་རྩ་བཞི་ཡིས༔ སེམས་ཅན་འདི་ཀུན་ཐམས་ཅད་ཁྱབ༔ ཅེས་སོ༔ རྙིང་མའི་མ་རྒྱུད་ཀློང་གསལ་ལས༔ ཕུང་པོ་ལྔ་ནི་རིགས་ལྔའི་དངོས༔ ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས༔ ཞེས་སོ༔
དོན་བཞི་པ་ཡང་གསང་ཐིག་ལེ་ཉག་གཅིག་རྫོགས་པ་ཆེན་པོའི་དགོངས་པ་ལྟར་ཀྱིས་ངེས་པ་བསྐྱེད་པ་ལ་གཞི་ཀ་དག་དང་ལྷུན་གྲུབ་གཙོ་བོར་སྟོན་པའི་ཚུལ་གཉིས་ལས༔
དང་པོ་ནི༔ རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་རང་བྱུང་གི་ཡེ་ཤེས་ཤེས་རབ་སྒྲོན་མ་སེམས་ཀློང་སྤྱི་དང་མན་ངག་གསང་སྐོར་མན་ཆད་ཀྱིས་ཁྲེགས་ཆོད་ལྟར་བཤད་དེ༔ རྨད་བྱུང་དོན་གྱི་སྙིང་པོ་ལས༔ དེ་ཡང་རང་བཞིན་གནས་རིགས་ལ༔ རང་བྱུང་ངོ་བོ་ཉིད་ཀྱི་སྐུ༔ སེམས་ཅན་ཀུན་གྱི་ལུས་ནང་ན༔ རང་རིག་རྒྱལ་པོ་ཡེ་ཤེས་ཏེ༔ རང་གི་སེམས་ལ་ཡེ་ནས་གནས༔ ད་ཡང་འདུས་བའི་སྙིང་པོ་ཉོན༔ ཡང་དག་ངེས་པའི་ཆོས་སྐུ་ནི༔ དངོས་པོར་མ་གྲུབ་ཡུལ་ལས་འདས༔ རིག་པ་རྒྱུན་ཆགས་དེ་ཉིད་ནི༔ འགྲོ་དྲུག་ཀུན་གྱི་སེམས་ལ་གནས༔ ཞེས་དང་༔ རྒྱས་འགྱུར་གཙོ་བའི་སྒོ་ནས༔ དེ་ཉིད་ལས༔ དེ་ཕྱིར་ཉོན་མོངས་སྦུབས་ནང་ན༔ ཀུན་བཟང་ཡེ་ཤེས་སེམས་ལ་གནས༔ དེ་དོན་གཞན་ནས་བསྒྲུབ་མི་དགོས༔ སེམས་ཅན་སངས་རྒྱས་སུ་འདོད་པ༔ ཀུན་གཞིའི་གསེབ་ནས་དོན་ཚོལ་ལ༔ ཞེས་སོགས་ལྟར་རོ༔ དེ་ཡང་ཆོས་སྐུའི་ཡེ་ཤེས་ཀྱི་ངོ་བོ་ཀ་ནས་སམ་ཡེ་ཐོག་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་དང་༔ དེའི་རྩལ་སྣང་ཡེ་ཤེས་ཀྱི་སྦུབས་འཆར་གཞི་རང་བཞིན་གསལ་བའི་བདེ་ཆེན་དང་བཅས་པ་མ་འགགས་པས་ཀུན་རྫོབ་ཀྱི་ཆོས་ཉིད་དུ་གྲུབ་ཟིན་པས་ཆོས་ཅན་ལྷུན་གྲུབ་ཅེས་བྱ་ལ༔ དེ་གཉིས་དབྱེར་མེད་པས་སྒྲོ་བསྐུར་གང་གི་ཕྱོགས་ཆར་མ་ལྟུང་བ་བདེན་གཅིག་བྱང་ཆུབ་ཀྱི་སེམས༔ རྣམ་པར་མི་རྟོག་པའི་ཐུགས་རྗེ་ཀུན་ལ་ཁྱབ་པས་གཉིས་མེད་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ༔ རིམ་པ་བཞིན་དུ་ཆོས་སྐུ༔ ལོངས་སྐུ༔ སྤྲུལ་སྐུ་གསུམ་གྱི་རིགས་སམ་བསྒྲུབ་གཞིའོ༔ འདི་ལ་ནི་རྒྱུ་ལས་མ་བྱུང་བས་ཡེ་ནས་རྫོགས་པའི་ཐིག་ལེ་ཉག་གཅིག་རང་བྱུང་ལྷུན་གྲུབ་ཅེས༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འཇུག་པའི་བྲལ་རྒྱུའི་བྲལ་གཞིའམ་རིགས་སུ་གནས་པའོ༔ དེ་ལྟར་ཡང་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ གཉིས་མེད་ཐིག་ལེ་ཉག་གཅིག་ལ༔ གཤིས་ཉིད་མ་གྲུབ་ངོ་བོས་སྟོང༔ ཆོས་ཉིད་ཀྱིས་ནི་ལྷུན་གྲུབ་བོ༔ ཆོས་ཅན་ཐམས་ཅད་རྩལ་མ་འགགས༔ ཆོས་ཅན་ལྷུན་གྲུབ་ཉིད་དུ་གནས༔ ཆོས་རྣམས་ངོ་བོ་ཅིར་མི་རྟོག༔ གཉིས་མེད་ལྷུན་གྲུབ་ཆེན་པོར་གནས༔ དེ་ཉིད་སུས་ཀྱང་བྱས་པ་མེད༔ རང་བྱུང་ལྷུན་གྲུབ་གདོད་གནས་སོ༔ ཞེས་སོ༔
གཉིས་པ་ནི་མཚོན་བྱེད་ཐབས་ཀྱི་རྒྱུད་བཅུ་བདུན་སོགས་ལས་ཐོད་བརྒལ་གྱི་དབང་བཙན་དུ་བྱས་ནས་གཞིའི་རང་རྩལ་གདངས་དང་བཅས་པའི་རིགས་ཁམས་སྣང་སྟོང་ཟུང་འཇུག་གི་ཁྱབ་ཚུལ་བཤད་པ་ལ༔ སྤྱི་དང་བྱེ་བྲག་གཉིས་ལས༔
དང་པོ་ནི༔ རྩ་རྒྱུད་ཐལ་འགྱུར་ལས༔ གལ་ཏེ་འཁྲུལ་པའི་སེམས་ཅན་ལ༔ སྐུ་དང་ཡེ་ཤེས་རང་ལུགས་ཏེ༔ སོ་མ་རྣལ་མ་ལྷུག་པ་སྟེ༔ གྱིན་འདར་གནས་པ་ཁོ་ནའོ༔ ཞེས་དང་༔ རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ གཞི་དང་སྙིང་པོ་མེ་ཏོག་ནི༔ སངས་རྒྱས་ཀུན་གྱི་རང་བཞིན་རྒྱུད༔ ཅེས་དང་༔ ཡེ་ཤེས་རྣམས་ཀྱི་སྡོམ་པ་ནི༔ མཚན་ཉིད་ཁྱབ་ཅིང་གསལ་བ་ལ༔ རང་བཞིན་གསལ་སྟོང་དབྱེར་མི་ཕྱེད༔ ངོ་བོ་གང་དུ་ཕྱེ་བ་མེད༔ དབྱེ་བ་བཞི་ཡིས་བསྡུས་པ་ལས༔ ལྟ་བ་རྟོགས་སྒོམ་པས་འཇུག་སྤྱོད་པའི་ཐབས་ཀྱི་བྱེ་བྲག་སྟོན༔ གཞི་དང་ཐབས་ཀྱི་བྱེ་བྲག་གིས༔ འབྲས་བུ་མཛེས་ཤིང་ཡང་དག་རྫོགས་པ་ཉིད༔ ཁྱབ་བྱ་ཡུལ་ལུས་སེམས་གསུམ་དང་ཁྱབ་བྱེད་སྐུ་གསུང་ཐུགས་ཚུལ་གྱིས་ཡང་༔ རང་སྣང་གཞི་ལ་སྟོན་པ་དང༔ རྣམ་རྟོག་ཟད་པར་བྱེད་པའོ༔ ཞེས་དང་༔ ཕྲེང་བ་ལས༔ སེམས་ཅན་འཁོར་བ་དེ་དག་ནི༔ རང་གི་རྣམ་རྟོག་ལས་ཀྱིས་བཅིངས༔ རང་བཞིན་མེད་ལས་གྲོལ་བར་ངེས༔ ཆོས་ཀྱི་དབྱིངས་སུ་མཉམ་པའི་ཕྱིར༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རིགས་དང་རིགས་ཀྱི་བདག་པོར་ཅེས་ཀུན་རྫོབ་དག་ཆེན་བསྟན་གྲོལ༔ ཞེས་དང་༔ རང་ཤར་ལས༔ ཨེ་མ་ཧོ་སྐུ་གཅིག་ཀུན་ལ་ཁྱབ་པའི་སྐུ༔ མཐོང་ཞིང་རྟོག་པར་དཀའ་ཞིང་བརྗོད་པའི་ཚིག་དང་བྲལ༔ ཁྱབ་བརྡལ་འུབ་ཆུབ་ཀུན་གྱི་སྙིང་པོ་ཡིན༔ རང་བྱུང་འགགས་མེད་དཀྱིལ་འཁོར་ཆེན་པོ་ནི༔ རང་རང་ཙིཏྟའི་དཀྱིལ་ན་ཁ་དོག་འབར༔ ཞེས་སོ༔
གཉིས་པ་ལྔ་ཚན་ངེས་པའི་སྒོ་ནས་བྱེ་བྲག་ཏུ་བཤད་པ་ལ༔ ཕྱི་བསྐྱེད་རིམ་དང་མཐུན་པར་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཕྱི་ནང་བར་གསུམ་གྱི་ལུས་དང་སེམས་ལ་རྫོགས་ཚུལ་དང་༔ ནང་ལྟར་རིག་པ་སེམས་ཀྱི་ངོ་བོ་ལ་རྫོགས་པའི་ཚུལ་གཉིས་ལས།
དང་པོ་ནི༔ སྔར་འཁྲུལ་པའི་གཞི་བཤད་དུས་ཀྱི་དབྱིངས་ཀྱི་ཆ་ལས་ཕྱེ་བས༔ ཡུལ་དང་ལུས་སུ་སྣང་བའི་ཆོས་རྣམས་ལ་ཡུམ་ལྔ་དང་དབྱིངས་ལྔ་འོད་ལྔ་ཞིང་ཁམས་ལྔ་དང་ཤེས་རབ་དང་༔ ཡེ་ཤེས་ལས་སེམས་སུ་སྣང་ཞིང་འཁྲུལ་པ་ཐམས་ཅད༔ ཡེ་ཤེས་ལྔ་དང་༔ རླུང་ལྔ་ཡབ་ལྔ་ལ་སོགས་པར་འབྲས་ཆོས་མཐའ་དག་ཡེ་ནས་ལྷུན་གྱིས་རྫོགས་པ་སྟེ༔ དེ་ཡང་ལྡན་གཞི་དང་ལྡན་ཆོས་གནས་འགྱུར་དང་དེ་བྱུང་གི་འབྲེལ་བ་ལྟ་བུ་མ་ཡིན་པར་ངོ་བོ་དབྱེར་མེད་དུ་གྲོལ་བར་གནས་པས་བྲལ་འབྲས་སུ་གསུངས་པའི་ཕྱིར་རོ༔ བདེ་བ་ཆེན་པོའི་རྒྱུད་ལས༔ དཀྱིལ་འཁོར་ཆེན་པོ་རང་ལ་གནས༔ རང་གི་ཕུང་པོ་ལྔ་པོ་ནི༔ རྫོགས་པའི་སངས་རྒྱས་ལྔ་ཡིན་ལ༔ རྣམ་ཤེས་སྐྱེ་མཆེད་ཁམས་རྣམས་ཀུན༔ བྱང་ཆུབ་སེམས་དཔའ་སེམས་མ་ཡིན༔ མ་བསླད་དཀྱིལ་འཁོར་ངོ་བོ་ཉིད༔ ས་ཆུ་སྤྱན་དང་མ་མཱ་ཀི༔ མེ་རླུང་གོས་དཀར་སྒྲོལ་མ་སྟེ༔ ནམ་མཁའི་ཁམས་ཀྱི་ཤེས་རབ་ཡུམ༔ ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན༔ ཞེས་དང་༔ ཀློང་གསལ་ལས༔ ཡེ་ནས་རང་ལུས་ཡེ་ཤེས་ལ༔ ད་ལྟ་འཁྲུལ་ཀྱང་ཡེ་ཤེས་རྩལ༔ རང་ངོ་ཤེས་ན་ཡེ་ཤེས་ཉིད༔ སེམས་ཅན་རང་རྒྱུད་རྟོག་ཚོགས་ནི༔ བཞི་བཅུ་རྩ་གཉིས་སངས་རྒྱས་ཏེ༔ ཞེས་དང་༔ ཐོག་མའི་ཀ་དག་ཡེ་ཤེས་ལྔ༔ དེ་ལ་དབྱེར་མེད་སྐུ་ལྔ་སྟེ༔ དེ་གསལ་འོད་ལྔ་དེ་སྐུ་ལྔ༔ ཡེ་ཤེས་མཁའ་འགྲོ་ཤེས་རབ་ལྔ༔ ཀུན་ཀྱང་ཡེ་ཤེས་རྩལ་ཡིན་ནོ༔ དེ་ལྟར་ལུས་དང་སེམས་ལ་གནས༔ ཞེས་གང་གསུངས་པ་ལྟར་རོ༔
གཉིས་པ་ནང་སྒྱུ་འོད་ལུས་དཀྱིལ་གྱི་སྒྲུབ་གཞིའི་ཚུལ་དང་ཕྱོགས་མཐུན་པར༔ ལུས་ངག་ཡིད་གསུམ་གྱི་སྦུབས་ཀྱི་ནང་ན༔ རིག་པ་སྐུ་དང་ཡེ་ཤེས་ཡོངས་རྫོགས་ཀྱི་ངོ་བོར་བཞུགས་པ་ལས༔ སོ་སོར་དབྱེ་བ་ནི་དེ་ཉིད་གྱི་རྒྱན་དུ་སྟོང་ཕྱོགས་ནས་བཤད་པ་དང་༔ སྣང་ཕྱོགས་ནས་འོག་ཏུ་འཆད་མ་རག་པ་ལྟར་རོ༔
དོན་གསུམ་པ་ཁྱབ་པའི་འདྲ་དཔེའམ་ཁྱབ་པ་དཔེས་མཚོན་པ་ནི༔ ཏིལ་ལམ་ཉུང་འབྲུ་ལ་མར་གྱིས་ཁྱབ་ཀྱང་མ་བཙིར་བར་དུ་མཐོང་བ་མེད་པ་ལྟ་བུ་དང་༔ དངོས་པོ་ཀུན་ལ་བསྐྱེད་སྡུད་སྨིན་པར་བྱེད་པའི་ཆུས་ཁྱབ་པ་ལྟ་བུ་དང་༔ འབྱུང་བ་བཞི་ལ་སོགས་པའི་ཆོས་ཐམས་ཅད་ལ་ནམ་མཁས་དབྱེར་མེད་དུ་ཁྱབ་ཅིང་ཐམས་ཅད་དེའི་ཀློང་ལས་མ་འདས་པ་ལྟ་བུ་དང༔ གསེར་ཉིད་བསྐལ་པའི་བར་དུ་ས་འོག་དང་འདམ་རྫབ་སུ་གནས་ཀྱང་ངོ་བོ་འགྱུར་བ་མེད་པར་གནས་པ་ལྟར༔ ཆོས་ཐམས་ཅད་ཀྱི་ཁོང་ན་ཆོས་སྐུའི་ཡེ་ཤེས་མཐུན་པའི་འོད་གཟུགས་སྐུའི་སྣང་བ་དང་བཅས་པ་རང་ཆས་སུ་ཡོད་ཀྱང་བླ་མའི་མན་ངག་གིས་མ་བསྟན་ན་མི་མཐོང་བ་དང་༔ ཆོས་ཐམས་ཅད་བསྐྱེད་སྡུད་སྨིན་པའི་རྒྱུ་རྐྱེན་ལྟ་བུའམ་ཀུན་གྱི་གཤིས་ན་ཁྱབ་པར་བཞུགས་པའི་ཕྱིར་དང་༔ སྐྱེ་འགག་གནས་པར་སྣང་བ་སོགས་ཐམས་ཅད་ཀློང་ལས་ཤར་ཞིང་གནས་པའི་དབྱིངས་དང་༔ ལས་དང་ཉོན་མོངས་ཀྱི་དྲི་མའི་སྦུབས་ན་གནས་ཀྱང་ངོ་བོ་ལ་དྲི་མ་དེ་དག་གིས་གོས་པ་དང་གཤིས་ལ་ཞུགས་པ་མེད་པར་ཐོག་མ་ཇི་ལྟ་བུར་ཡེ་སངས་རྒྱས་པར་བཞུགས་པའོ༔ དེ་དག་གི་ཚུལ་ཀྱང་བདེ་བའི་འཁོར་ལོ་ལས༔ ཏིལ་ལ་མར་གྱི་ཁྱབ་པ་བཞིན༔ འགྲོ་དྲུག་ཀུན་ལ་རང་རིག་ཁྱབ༔ དཔེར་ན་ས་གཏིང་ནམ་མཁའ་བཞིན༔ འགྲོ་འོང་མེད་པར་ཆོས་སྐུ་གནས༔ ཞེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ རིག་པའི་སྙིང་པོ་ཁྱབ་རུང་ཉིད༔ ཆུ་ཡིས་ཡོངས་ཁྱབ་ཇི་བཞིན་ནོ༔ ཞེས་དང༔ དཔེར་ན་ནམ་མཁའ་སྟོང་པ་ཡི༔ ཀློང་ན་ཡོད་པའི་འབྱུང་ཆེན་སོགས༔ སྣོད་བཅུད་ཀུན་ཁྱབ་ཇི་བཞིན་ནོ༔ ཞེས་དང༔ ཐལ་འགྱུར་ལ༔ དེ་ཉིད་ཡེ་ཤེས་གནད་བསྟན་པས༔ དང་པོ་གཞི་ལ་ཁྱབ་ཚུལ་ལ༔ བར་དུ་ལམ་ལ་རྫོགས་པ་ཡི༔ ཐ་མ་འགྲོ་བའི་ལུས་ལ་ཁྱབ༔ ཅེས་སོ༔ ཡང་མཚོ་ལ་དར་ཆགས་པའི་ཚེ་འབར་འབུར་དང་སྒང་ཤོང་མེད་པར་མཉམ་པ་བཞིན་དུ་གཞི༵་རང༵་བཞི༵ན་གྱི༵་རྒྱུད༵་དམ་ངོ་བོའི་གན༵ས་པ༵་ཆོས༵་ཉིད༵་ཀྱི་གཞིའི༵་འཁོར་འདས་མཉམ་པ་ཉིད་དུ་ཁྱབ་ཅིང་གདལ་བ་དང་༔ ཏིལ་ལ་མར་གྱི་ཁྱབ་པ་ལྟར་སྙིང༵་པོ༵་རང༵་བཞི༵ན་གྱི༵་རྒྱུད༵་དམ་ཁྱབ༵་པའི༵་གཞི༵་ཞེས་གནས་སྐབས་ཀྱི་གཞིར་གནས་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་གཟུགས་སྐུའི་མཐུན་པའི་འོད་དང་བཅས་པས་ཁྱབ་པ་དང་འབྱུང་བའི་གཞི་གཞི་སྣང་ཤར་བའི་འོད་ཀྱི་སྦུབས་ནི་རྒྱལ་པོའི་བང་མཛོད་ལས་དངོས་པོ་བཟང་ངན་ཐམས་ཅད་འབྱུང་བ་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བ་དང༔ ཡང་མཉམ་པར་བཞག་པའི་རྣལ་འབྱོར་གྱིས་རྟོགས་པའི་ཚད་སྨིན་ནས་བཅུད་དུ་འདྲིལ་བའང་འདི་ལས་བྱུང་བའི་ཕྱིར་དང་༔ གཡོ་བའི་གཞི་ནི་ཞིང་ས་བཟང་པོ་ལས་ས་བོན་གང་བཏབ་སྨིན་པ་ལྟར་ལས་དང་ཡེ་ཤེས་ཀྱི་རླུང་གཡོས་པའི་བྱེ་བྲག་ལས༔ རྩལ་ཡང་ལོག་ཏུ་ཤར་བས་སྒྲོན་མའི་མེ་ཏོག་དང་འཁྲུལ་བའི་འབྲས་བུ་སྣོད་བཅུད་ཀྱི་རོལ་བ་སྣ་ཚོགས་སུ་སྣང་བའི་ཕྱིར་དང་༔ གསེར་གྱི་དཔེ་དང་བཞིའི་མཚོན་ཏེ༔ སྣང་གསལ་སྤུ་གྲིའི་རྒྱུད་ལས༔ ཁྱབ་པའི་གཞི་དང་གནས་པའི་གཞི༔ གཡོ་བའི་གཞི་དང་འབྱུང་བའི་གཞིའོ༔ ཞེས་དང་༔ མཚོ་ལ་དར་ཆགས་ཞིང་ས་དང་༔ རྒྱལ་པོའི་བང་མཛོད་གསེར་དང་བཞི༔ གཞི་ཡི་གནས་ལུགས་མཚོན་དཔེར་གསུངས༔ ཞེས་དང་༔ དཔེར་ན་རིན་ཆེན་གསེར་བཞིན་དུ༔ ཀུན་ཏུ་འགྱུར་བ་མེད་པར་གནས༔ ཞེས་དང་༔ ཕྲ་བཀོད་དང་རབ་འབྱམས་མཐུན་པར༔ ཏིལ་འབྲུའམ་ནི་ཡུངས་འབྲུ་ལ༔ མར་ཉིད་ཡེ་ནས་ལྷུན་གྲུབ་ལྟར༔ སེམས་ཅན་ལུས་སེམས་འདི་ཉིད་ལ༔ དེ་བཞིན་གཤེགས་པའི་སྙིང་པོ་ནི༔ མཐུན་པའི་འོད་དང་བཅས་པར་སྣང་༔ ཞེས་དང་༔ ཐམས་ཅད་རྫོགས་པའི་རྒྱུད་ལས༔ དཔེར་ན་རྫའམ་གསེར་ལྟ་བུ༔ དེ་བཞིན་རྒྱུ་མ་འགྱུར་བ་ལ༔ རྐྱེན་གྱི་འགྱུར་བ་བསྲེགས་པ་བཞིན༔ ཆོས་རྣམས་ཀུན་གྱི་སྙིང་པོ་འདི༔ གསེར་དང་མཁའ་བཞིན་མི་འགྱུར་བས༔ མི་ནུབ་སྟོར་བྲལ་མེད་པ་ཡི༔ ཆོས་ཀྱི་དམ་པས་དོན་པོ་མཆོག༔ ཅེས་སོ༔ ཡང་གནས་པ་ཆོས་སྐུའི་གཞི་རང་བཞིན་གྱི་རྒྱུད་ནི་འཁོར་འདས་ཀྱི་བར་དོ་ཡིན་པས་ཕྱི་གསལ་དུ་མི་གཡོ་བས་གཏིང་གསལ་བུམ་པའི་སྐུ་ལྟ་བུར་བཞུགས་པའི་ཁོང་གསལ་དང་༔ ཁྱབ་པ་སྙིང་པོའི་རྒྱུད་དམ་གཞི་ནི་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ངོ་བོ་ཉིད་མ་དག་གསུམ་བརྩེགས་སམ་རང་སའི་སྒྲིབ་པ་ལ་སོགས་དང་བག་ཆགས་ལུས་ངག་ཡིད་གསུམ་གྱི་སྦུབས་ཀྱི་ནང་ན་མ་འགགས་པར་རྫོགས་ཤིང་༔ དེ་བཞིན་དུ་རྩལ་ཡང་ལོག་ཏུ་གཡོ་བའི་གཞི་ལས་དང་ཡེ་རླུང་གཉིས་ཀྱི་རོལ་བ་མེ་ཏོག་གི་སྒྲོན་མ་ཤེས་བྱེད་ཤེས་རབ་ཀྱི་རྩལ་དང་བཅས་པ་ནི༔ ཐམས་ཅད་མཁྱེན་པ་སྤྲུལ་སྐུའི་ངོ་བོར་རྫོགས་པའང་འཁྲུལ་བའི་ཡུལ་དབང་ཡིད་བྱེད་ཀྱི་སྦུབས་སུ་གཡུར་བའི་ཁོང་ན་མ་འགགས་པར་རང་གསལ་བ་དང་༔ འཁོར་འདས་ལམ་གྱི་ཆོས་ཐམས་ཅད་འབྱུང་བ་ཕྱེད་ལོངས་སྐུའི་བདག་ཉིད་བཅུད་ཀྱི་རྒྱུད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པའི་སྦུབས་ན་སྨིན་རུང་དུ་ཡོད་པས་ཁོང་གསལ་གྱི་ཐ་སྙད་ཐོབ་པ་སྟེ༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ ཁོང་གསལ་མ་འགགས་ལོངས་སྐུར་རྫོགས༔ ཆོས་ལས་འདས་པའི་ཆོས་སྐུ་རྫོགས༔ ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་རྫོགས༔ ཞེས་དང་༔ རྩལ་རྫོགས་ལས༔ གསང་བའི་ཡེ་ཤེས་ལྷུན་རྫོགས་པས༔ བྱ་བའི་ཡུལ་དུ་མི་གནས་པས༔ མཚན་མ་གཡེངས་པའི་དུས་མེད་པས༔ རང་རིག་དཀྱིལ་འཁོར་རྣམ་ལྔ་རྫོགས༔ གསང་བའི་ཡེ་ཤེས་ཁོང་གསལ་བས༔ བརྗོད་པ་ཚིག་ལས་འདས་པའོ༔ ཡེ་ཤེས་སྐུ་ལ་རབ་གནས་པས༔ དུས་དང་མཐའ་ལ་མི་གནས་པའོ༔ ཞེས་སོ༔ ཁོང་གསལ་གྱི་སྒྲ་དོན་དང་༔ འདི་གཉིས་མི་ཟློས་པ་ནི་སྤྱི་བྱེ་བྲག་ཏུ་ཡང་ཁྱད་པར་ཡོད་ལ༔ སྔ་མ་ནི་གཞིའི་སྒྲ་དོན་རྐྱང་བ་འདི་ནི་གཞི་རྒྱུད་སྦྱོར་བའི་རྒྱུད་ཀྱི་དབང་བཙན་དུ་འགྲེལ་བ་ཡིན་པས་སོ༔
དོན་ལྔ་བ་ཁྱབ་ཅིང་ཁོང་ནས་གསལ་བར་གནས་གང་རུང་ཇི་ལྟར་བཞུགས་པའི་ཚུལ་ལ༔ གང་ཞིག་གནས་པའི་ངོ་བོ་བཤད་པ༔ གང་དུ་གནས་པའི་རྟེན་ཡུལ་གནས་ས་བཤད་པ༔འདིའི་ས་བཅད་གཉིས་ལས་ཕྱི་མ་ཆད་འདུག་སྙམ།དཔྱད།ཇི་ལྟར་གནས་པའི་ཚུལ་བཤད་པ་དང་གསུམ་ལས༔
དང་པོ་ནི༔ ངོ་བོ་ངོས་བཟུང་བ་དང་༔ དེའི་ཁྱད་ཆོས་བཤད་པ་གཉིས་ལས༔ དང་པོ་ནི་༔ བཤད་མ་ཐག་པའི་གཞི་ལམ་གྱི་ཡེ་ཤེས་ཏེ༔ སྔར་དེ་ཉིད་ཀྱི་རྒྱན་དུ་སེམས་དང་ཡེ་ཤེས་རྣམ་པར་དབྱེ་བའི་གཞི་རིག་པ་བྱང་ཆུབ་ཀྱི་སེམས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་དེ་ཉིད་ལམ་མཐུན་པའི་འོད་དང་བཅས་པ་དབྱེར་མེད་རྫོགས་པ་ཆེན་པོ་ཡིན་ཏེ༔ འདིར་རང་བཞིན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྟེགས་དེ་ལ་འཆའ་བའི་ཕྱིར་རོ༔ རང་ཤར་ལས༔ སེམས་ལ་འབྲས་བུ་མི་འཚོལ་ཏེ༔ རིག་པའི་ཡེ་ཤེས་ཡོད་པའི་ཕྱིར༔ ཞེས་པའི་ཕྱིར་རོ༔
གཉིས་པ་དེའི་ཁྱད་ཆོས་ནི༔ འདི་མན་ཆད་ཀྱི་ཐེག་པའི་རིམ་པ་རྣམས་དང་འདིའི་ཚིག་སྤྱིར་འཆད་པའི་སྒོ་ནས་ལུས་སེམས་གཉིས་ལ་དཀར་ཆོས་རྫོགས་པར་བརྩི་བའི་དགོངས་གཞི་ནི༔ སྒོ་གསུམ་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་ལ་བདག་ཏུ་བཟུང་བའི་རྩལ་ལས་ཤར་བ་སྟེ༔ དཔེར་ན་ཉི་མའི་རྩལ་ལས་ཤར་བའི་ཟེར་འོད་ལྟ་བུ་ཡིན་པའི་གནད་ཀྱིས་ཉི་གདངས་ལ་ཉི་མ་ཞེས་བརྗོད་པ་ལྟར་གནས་སྣང་གཅིག་ཏུ་བྱས་ཏེ་བཤད་པའོ༔ དེའི་དགོས་པ་ནི་ལམ་གྱི་ཕྱེད་རྩོལ་ལས་ཞེན་སྣང་དག་ནས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་རྟོགས་པ་མངོན་གྱུར་དུ་ལམ་དང་རིག་འཛིན་བཞིའི་རིམ་པས་འགྱུར་བར་རུང་བ་ལས་སོ༔ དངོས་ལ་གནོད་བྱེད་དུ་གཟུགས་སྣང་མཛད་ཡིན་ན་དེ་ཕ་མའི་ཁུ་ཁྲག་གི་རྒྱུ་རྐྱེན་ལས་སྐྱེས་པ་དང་མིང་བཞི་སོགས་ཀྱང་ན་ཚ་བདེ་སྡུག་ཆགས་སྡང་སྐྱེ་འགགས་འདོར་ལེན་འདུས་བྱས་སྡུག་བསྔལ་ཟག་བཅས་རྒྱུ་འབྲས་རྣམ་སྨིན་གྱི་རང་བཞིན་ལས་མ་འཕགས་པས་ཆོས་ཉིད་དང་རྟགས་པ་ལྔ་ལྡན་དུ་མི་འཐད་པ་དང་༔ ཀུན་གཞི་ནི་སྐད་ཅིག་གི་ཆོས་ཅན་བག་ཆགས་སྣ་ཚོགས་འཛིན་པས་ཆོས་སྐུར་མི་རུང་བའི་ཕྱིར་རོ༔ ཡེ་ཤེས་མཁའ་མཉམ་ལས༔ སེམས་ལ་དུས་གསུམ་ཡོད་པའི་ཕྱིར༔ ཚེ་ལ་སྔ་ཕྱི་ད་ལྟ་འབྱུང་༔ སེམས་ལ་འཕོ་འགྱུར་ཡོད་པའི་ཕྱིར༔ དེ་ཕྱིར་ལུས་ལ་འདོར་ལེན་བྱུང༔ ན་ཚ་བདེ་སྡུག་ལ་སོགས་པ༔ རང་སེམས་ཡིན་ཕྱིར་འཁོར་བར་སྨིན༔ ཞེས་སོ༔ འོན་ཀྱང་གནས་ཚུལ་ལམ་འཆར་གཞི་དངོས་ཀྱི་གཟུགས་ལྟ་བུའི་རིག་པའི་ཡེ་ཤེས་སྐུ་གསུམ་གྱི་བསྒྲུབ་གཞིའམ་འབྲས་བུའི་ངོ་བོ་ཉིད་དུ་ཡོད་པས་ན༔ དེའི་རྣམ་ཆ་བརྩིར་རུང་བའི་གཟུགས་བརྙན་ལྟ་བུའི་ལུས་སེམས་ལ༔ དོན་དུ་ཞེན་པ་ལྟ་བུར་བསྒྲུབ་གཞིར་བཟུང་བ་ནི་འབྲས་བུ་ལམ་བྱེད་ཡིན་པར་རློམ་ཀྱང་ད་རུང་ཆ་འདྲར་སོང་པའི་གནས་སྣང་ལ་ཡིད་དཔྱོད་ཀྱི་ལྟ་རྟོག་དབྱེར་མེད་དུ་འཆོས་པའི་ལྟ་བ་རྗེས་དཔག་གི་མཐའ་ལ་གནས་ཤིང་འབྲས་བུ་ཕྱི་དུས་སུ་རེ་བའི་ཆོམ་རྐུན་ཞུགས་པ་ལ༔ འདིར་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པ་ཐུན་མོང་མ་ཡིན་པའི་དབང་དུ་ནི༔ དེ་དག་གི་གནས་ཚུལ་ད་ལྟ་ལྐོག་གྱུར་དཔྱད་བཞག་ཙམ་ལ་སྒྲོ་མི་རེག་པར་བྱས་ནས༔ སྐུ་གསུང་ཐུགས་དང་སྐུ་གསུམ་གྱི་རང་ཞལ་སྦུབས་ཀྱི་དྲི་མ་དང་མ་འདྲེས་པའི་ཡེ་ཤེས་ཟང་ཐལ་ཆེན་པོ་བཅར་ཕོག་ཏུ་རང་ལ་མཚོན་ནས་དེའི་ངོ་བོ་ལས་མི་འདའ་བར་ཆོས་ཉིད་ཀྱི་འཁོར་ལོ་ལ་འབྱམས་ཀླས་པས་འབྲས་བུ་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དངོས་ལམ་བྱེད་དུ་འགྲོ་བས་ཁྱད་པར་དུ་འཕགས་པ་ཡིན་ནོ༔ ཡེ་ཤེས་གཏིང་རྫོགས་ལས༔ རྫོགས་ཆེན་ཨ་ཏི་ཡོ་ག་ནི༔ གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས༔ ཆོས་སྐུ་ཇི་བཞིན་མ་ནོར་རྟོགས་པ་ཡི༔ འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས༔ ཞེས་སོ༔
གཉིས་པ་གང་དུ་གནས་པའི་རྟེན་ཡུལ་གནས་ས་བཤད་པ་ལ༔ སྤྱིར་སངས་རྒྱས་སྐུ་གསུམ་མམ་གཉིས་ཀྱི་དཀྱིལ་འཁོར་རང་གི་ལུས་ལ་བརྟེན་ནས་ཡོད་པར་བཤད་པ་དང་༔ དམིགས་ངེས་པའི་སྒོ་ནས་སོ་སོར་བསྟན་པ༔ གཞན་གྱི་ལོག་རྟོག་བསལ་བ་དང་གསུམ་ལས༔
དང་པོ་ནི༔ དེ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་བརྟེན་པའི་ཡུལ་ནི་རང་གི་ལུས་ཡིན་ཏེ༔ དེ་ཕྱི་ལྟར་རྩ་སྤྲུལ་སྐུ༔ རླུང་ལོངས་སྐུ༔ ཐིག་ལེ་ཆོས་སྐུ༔ སེམས་དག་པ་ངོ་བོ་ཉིད་སྐུའི་རང་བཞིན་དུ་བཤད་པའི་ཕྱིར་དང་༔ ནང་ཕྲ་བའི་བསྒྲུབ་གཞི་མི་ཤིགས་པའི་དྭངས་མ་གསུམ་ཞེས་རྩ་རླུང་ཐིག་ལེ་ཐིག་ལེ་གསུམ་ལ་སོགས་པའང་ལུས་ལ་གནས་ཤིང་བརྟེན་པའི་ཕྱིར་དང་འདིར་ཤིན་ཏུ་རྣམ་པར་དག་པའི་རང་ཆས་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱང་ལུས་ལ་བརྟེན་པར་གསུངས་པ་བཞིན་དུ་ངེས་པ་སྟེ༔ ལུང་ཡེ་ཤེས་མར་མེའི་རྒྱུད་ལས༔ རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་དྲུག་སྟོང་བཞུགས་ཡོད་དོ༔ གྲོང་ཁྱེར་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁེངས་ནས་ཡོད་དོ༔ ཞེས་དང་༔ སངས་རྒྱས་རང་ཆས་པའི་རྒྱུད་ལས༔ སངས་རྒྱས་བརྟེན་པ་རང་གི་ལུས་བརྟེན་ནོ༔ ཞེས་སོ༔
གཉིས་པ་ལ་ཕྱི་ལུས་ཀྱི་དམིགས་དང༔ ནང་རྩ་ཡི་དམིགས་གཉིས་སུ་ཡོད་པ་ལས༔ དང་པོ་ནི༔ དེ་ཡང་ཞིབ་ཏུ་བཤད་ན༔ སངས་རྒྱས་ཞི་བའི་དཀྱིལ་འཁོར་བྱང་ཁོག་སྟོད་ན་བརྟེན་པར་བཤད་དེ༔ རབ་འབྱམས་ལས༔ བརྟེན་ནི་བྱང་ཁོག་སྟོད་ལ་བརྟེན༔ ཞེས་སོ༔ ཁྲོ་བོ་མགོ་ལ་བརྟེན་ནས་བཞུགས་པའང༔ བརྟེན་པ་རང་གི་མགོ་ལ་བརྟེན༔ ཞེས་དང་༔ ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་ལ་བརྟེན་པའང༔ རྟེན་ནི་ཆུ་བུར་མིག་ལ་བརྟེན༔ ཞེས་སོ༔ སངས་རྒྱས་ཆོས་ཀྱི་སྐུ་གཞིར་གནས་ཆེན་པོ་སྐུ་གསུམ་སུམ་བརྩེགས་ཀྱི་རང་བཞིན་དུ་སྙིང་ལ་གནས་པའི་གནད་ཀྱིས་རྫོགས་རིམ་པས་གནད་དུ་བསྣུན་བྱའི་གཙོ་བོར་འདི་ལ་མཛད་པ་ཡིན་ཞིང་སྙིང་ཀ་ཆོས་ཀྱི་འཁོར་ལོའི་ངེས་ཚིག་གིས་བསྲུང་བའོ༔ དེ་ནས་འོད་འཕྲོས་པའི་ཟེར་ལས་སྤྱི་བོ་ན་ཁྲག་འཐུང་གི་སྐུ་གཞུགས་པ་ལས་དེ་ནི་ལོངས་སྐུའི་བཞུགས་གནས་ཏེ༔ བར་གསལ་ཞི་བའི་རང་མདངས་ཡིན་པས་སོ༔ དེ་དག་གི་ཕྲིན་ལས་ཀྱི་རྩལ་ལམ་སྐུ་ནི་ཐུབ་པ་དྲུག་གི་ངོ་བོར་གཞུང་བ་ལ་སོགས་པའི་རྩ་ན་བཞུགས་པ་དང་༔ དེ་དག་གི་གསུང་གི་ངོ་བོ་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་ནི་གསུངས་མི་ཤིགས་པའི་ཐིག་ལེའི་ཚུལ་དུ་འཁོར་ལོ་ལྔ་ནས་མཐར་ཐུག་གི་རྩའི་ནང་ན་ཡོད་པའི་ཕྱིར༔ ཐིག་ལེ་རང་བྱུང་གི་བཞུགས་གནས་རྩ་ཡིན་ནོ༔ མིག་རྒྱང་ཞགས་ཆུའི་དྭངས་མ་ནས་སྒྲོན་མ་དྲུག་ཏུ་སྨིན་པས་ཡེ་ཤེས་ནང་གནས་ཟང་ཐལ་མཁའ་ལ་གསལ་བར་བསྐྱོད་དེ་འཁྲུལ་བ་ཞིང་ཁམས་སུ་སྟོན་པས་ན༔ ཡེ་ཤེས་ཟེར་གདངས་ལ་གནས་པའི་ཡུལ་ནི་མིག་ཡིན་ནོ༔ དེ་དག་གི་ངེས་པའང་བསྟན་པ་བུ་གཅིག་གི་རྒྱུད་ལས༔ ཡེ་ཤེས་ཟང་ཐལ་གྱི་ཡུལ་རང་གི་བྱད་ཡིན་ནོ༔ ལོངས་སྐུའི་ཡུལ་རང་གི་མགོ་ཡིན་ནོ༔ སྤྲུལ་སྐུའི་ཡུལ་རང་གི་སྒལ་ཚིགས་ཡིན་ནོ༔ ཡང་སྤྲུལ་ཐིག་ལེའི་ཡུལ་རང་གི་ལུས་ཐམས་ཅད་ཡིན་ནོ༔ ཞེས་དང་༔ སངས་རྒྱས་རང་ཆས་དང་ཡེ་ཤེས་མར་མེའི་རྒྱུད་མཐུན་པར༔ སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ༔ ཡེ་ཤེས་ཟང་ཐལ་གྱི་སྐུ་རང་གི་མིག་གི་དཀྱིལ་ན་བཞུགས་སོ༔ སངས་རྒྱས་ཁྲོ་བོའི་སྐུར་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ༔ ཞེས་དང་༔ ཀློང་གསལ་ལས༔ སྙིང་དང་རྩ་དང་དུང་ཁང་དང་༔ མིག་དང་བཞི་ཡི་གཞལ་མེད་དུ༔ ཡེ་ཤེས་ཆེན་པོ་དེ་ན་གནས༔ ཞེས་དང་༔ ཐལ་འགྱུར་ལས༔ སྤྱི་དང་ཙིཏྟ་རྩ་ནད་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་དང་༔ ཕྲ་བཀོད་ལས༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ ཞེས་དང་༔ ངོ་སྤྲོད་སྤྲས་པ་ལས༔ དོན་ནི་རང་གི་ལུས་དཀྱིལ་ན༔ སྙིང་ནང་ཡེ་ཤེས་ཆེན་པོར་བཞུགས༔ ཞེས་དང་༔ རྩལ་རྫོགས་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་དང་༔ རིན་ཆེན་རྩ་ཡི་གཞལ་ཡས་དང་༔ རྣམ་དག་དུང་ཁང་གཞལ་ཡས་དང་༔ བྲི་ཀུ་ཏ་ཡི་གཞལ་ཡས་སོ༔ གཞལ་ཡས་ཆེན་པོ་དེ་རྣམས་ན༔ རིག་པའི་ངོ་བོ་རྩལ་ལྟར་གནས༔ ཞེས་དང་༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་དང་ཕྲ་བཀོད་ཆེན་པོ་མཐུན་པར༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང་༔ དུང་ཁང་བྷནྡྷའི་གཞལ་ཡས་དང་༔ ལྟ་བྱེད་མིག་གི་གཞལ་ཡས་ཁང་༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ ཞེས་དང་༔ རབ་འབྱམས་ལས༔ རང་ལ་ཚུར་བལྟས་ཆོས་སྐུའི་ཡུལ༔ རང་གི་བྱང་ཁོག་སྟོད་ན་གནས༔ ཞེས་དང་༔ ལོངས་སྤྱོད་རྫོགས་པ་སྐུ་ཡི་ཡུལ༔ རང་གི་མགོ་ཡི་དུང་ཁང་ཡིན་༔ ཞེས་དང་༔ སྤྲུལ་སྐུའི་བཞུགས་གནས་སྒལ་ཚིགས་སོ༔ ཡེ་ཤེས་ཟང་ཐལ་མིག་གི་དཀྱིལ༔ ཞེས་སོ༔ དེ་ལྟར་གང་གནས་པའི་ཚིག་གི་རྣམ་བཅད་ཀྱིས་གཞན་སེལ་བར་ནི་རྒྱུ་མཚན་ཀུན་ཏུ་ཡང་སྐུ་ལ་ཐུགས་མེད་པ་དང་༔ ཐུགས་ལ་སྐུ་དང་འོད་ཟེར་མེད་པ་མིན་ཏེ༔ དེས་ན་གང་དུའང་ཡེ་ཤེས་སུམ་ལྡན་གྱི་ཚུལ་སྐུ་གསུང་ཐུགས་གསུམ་འདུ་འབྲལ་མི་སྲིད་པའི་ཕྱིར་སྐུ་གསུམ་དགུ་སྤྲུགས་སུ་ལྡན་པའི་ཆའི་ཆེ་ཆུང་ངམ་གཞི་ལམ་འབྲས་བུའི་ཡང་གཞི་དབྱིངས་ཆོས་སྐུའི་དཀྱིལ་འཁོར་ཐུགས། ལམ་དབྱིངས་རྩ་ནས་སྣང་བས་ཕྱི་ནང་གི་བརྡ་སྤྲོད་ཀྱི་གསུང་། འབྲས་དབྱིངས་དེ་གཉིས་ཀྱི་སྤྲུལ་སྐུ་ཡིན་པས་སྐུར་བཤད་པ་དང་༔ ཡང་གཞི་དབྱིངས་ཀྱིས་ལམ་དང་འབྲས་བུའི་རྟེན་བྱེད་པས་སྐུ། ལམ་གྱིས་བརྡའ་སྤྲོད་པས་གསུངས། འབྲས་བུ་བྲལ་དག་གི་ཆོས་སྐུར་ཐུགས་སུ་སྦྱར་བ་ཏེ་དབྱིངས་རིག༔ ཐིག་ལེར་གྲུབ་པའི་ཐུགས་གསུང་སྐུ་རིམ་དང་རིམ་མིན་དུ་བཞག་ཚུལ་དང༔ དེ་དག་གི་འོད་གསལ་ལས་ཕྱི་ནང་གི་རྒྱུད་ཐམས་ཅད་ནས་སྙིང་ཀ་ཐུགས་ཆོས་ཀྱི་སྐུའི་ལྟོས་འཇོག་ནང་ཚན་གྱི་བཟུང་སྟེ་སྙིང་ཀ་ཐུགས་ཀྱི་འཁོར་ལོར་བཞག་ཅིང་ཐིག་ལེའི་རྣམ་པར་བཞུགས་པ་ནས་བཟུང་སྟེ་མགྲིན་པ་དང་རྩ་གནས་གསུང་གི་ནང་གི་ཐུགས་རྗེ་སྤྲུལ་སྐུའི་ལུས་དཀྱིལ་དང་། ཕྱིར་ཟང་ཐལ་གྱི་སྐུའམ་སྤྲུལ་སྐུར། ཞི་བའི་རང་མདངས་ཀྱི་ཁྲོ་བོ་ལོངས་སྐུར་མཛད་དེའི་ལྷ་སྐུའི་སྒྱུ་མ་ལས་ངོ་བོ་ངོ་བོ་སྐུའི་ཚུལ་དུ་སྙིང་ཀ་ན་བཞུགས་རང་བཞིན་འོད་དུ་རྩ་ན། ཐུགས་རྗེ་སྒྲོན་མར་བྷྲི་ཀུ་ཏ་ན་བཞུགས་སྐུར་བཤད་པ་ལྟོས་འཇོག་ནང་ཚན་གྱི་ཁྱད་མ་འབྱེད་པའི་བློ་ཐག་གི་སྤུན་བཞིན་འཛིང་ནས་གར་ཐོད་དུ་སྨྲ་བ་དང་༔ ཡང་ཐེ་ཚོམ་གྱིས་ཆོས་སྤངས་པའི་གང་ཟག་གི་ཁ་བདུད་ཀྱིས་ཕྱེ་བ་ལ་ནི་ཡ་མཚན་ཅི་ཡང་མི་མངོན་པར་སྙིང་རྗེའི་ཡུལ་དུ་གནས་སོ༔ འདིའི་དགོངས་པ་ནི་རྒྱུད་སྡེ་གོང་འགྲིགས་པས་དཔྱད་བཟོད་དུ་ཡོད་ལ༔ དེ་ལྟར་ན་གོང་དུ་སྙིང་ཀའི་ཞི་བ་ཆོས་སྐུར་བྱས་པ་ནི་ཆོས་སྐུའི་དཀྱིལ་འཁོར་སྙིང་ལ་བཞུགས་པའི་སྤྱི་སྒྲར་སོང་བས་ཡིན་གྱི་དོན་དུ་ཞི་ཁྲོ་གཉིས་ཀ་ཆོས་སྐུའི་ལོངས་སྐུ་དང་༔ ལོངས་སྐུའི་ཆོས་སྐུར་དོན་གཅིག་གིས་རང་སྣང་ལོངས་སྐུ་ཡིན་པས༔ རང་ཤར་ལས༔ ཆོས་སྐུའི་ལོངས་སྐུ་ནི་འོད་ལྔའོ༔ ཞེས་དང༔ ལོངས་སྐུའི་ཆོས་སྐུ་ནི་ཡེ་ཤེས་ལྔའི་སྣང་བ་མ་འགགས་པར་སང་ངེ་གནས་པའོ༔ ཞེས་དང་༔ སྙིང་གི་དགོངས་པ་ལས་ཀྱང་༔ སངས་རྒྱས་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་སོ༔ ལོངས་སྐུ་ཡིན་ནོ༔ ཞེས་པ་ཡིན་པས་དེ་ཟུང་འཇུག་གི་ལྷ་སྐུའི་ངོ་བོ་སྐུར་བཞུགས་པ་དང་མི་འགལ་ལོ༔ ཡང་རང་བཞིན་གསུང་འོད་ཀྱི་ཐིག་ལེར་བཞུགས་པའི་ཕྱི་ནང་གི་ཁྱབ་པར་ལས་འབྱུང་བཞིའི་ས་བོན་ནམ་ཕ་མའི་རྒྱུའི་ཐིག་ལེ་ལ་ལྟོས་པའི་དོན་དམ་གྱི་ཐིག་ལེ་ཡེ་ཤེས་དང་དེའི་རང་གདངས་ལ་ལྟོས་པའི་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་ཡིག་འབྲུའི་རྣམ་པར་གནས་པ་ལ་བརྟེན་ནས་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་དུ་ལྷུན་གྱིས་གྲུབ་པ་ནི་ཕྱེད་སྤྲུལ་ལོངས་སྐུ་དང་༔ འདི་དང་ཐུགས་རྗེ་སྤྲུལ་པའི་སྐུ་གཞུང་པ་ན་བཞུགས་པ་ཚུལ་མཚུངས་སོ༔ ཡང་ཡེ་ཤེས་ཟང་ཐལ་གྱི་སྐུ་ནི་ཆོས་སྐུའི་སྤྲུལ་སྐུ་དང་༔ སྤྲུལ་སྐུའི་ཆོས་སྐུ་དོན་གཅིག་པས་དེ་ཉིད་ཡིན༔ རང་ཤར་ལས༔ ཆོས་སྐུའི་སྤྲུལ་སྐུ་ནི་མིག་གི་དབང་པོའི་མཐོང་བ་མ་འགགས་པའོ༔ ཞེས་དང་༔ སྤྲུལ་སྐུའི་ཆོས་སྐུ་ནི་སྒྲོན་མ་གཉིས༔ ཞེས་སྤྲུལ་སྐུའི་ངོ་བོ་ནི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན༔ དེའི་རང་གདངས་སུ་གནས་པས་དེ་ལ་ལྟོས་ནས་བཞག་པར་མཛད་པའོ༔
གསུམ་པ་གཞན་གྱི་ལོག་རྟོག་བསལ་བ་ནི༔ འདིར་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སྟོན་པའི་རྡོ་རྗེའི་གནས་ལ་བློ་གྲོས་སྐྱེས་སྦྱངས་ཀྱི་མིག་བུ་མ་དག་ཅིང་རྡོ་རྗེ་སྙིང་པོའི་ཐེག་མཆོག་དང་ལས་འབྲེལ་མེད་པ་ཁ་ཕྱིར་བལྟས་ཀྱི་རྟོག་གེ༔ སུན་ཅི་ཕྱིན་དུ་རྒོལ་བའི་ཚིག་དོན་ལྷུར་ལེན་ཅིང་ཆོས་སྤངས་ཆེན་པོའི་འབྲས་བུ་ངན་འགྲོའི་གཡང་ས་ལ་བག་ཚ་བ་མེད་པར་རྒྱུག་པ་ཁ་ཅིག་ན་རེ༔ ཁྱེད་ཀྱི་རྒྱུད་སྡེ་འདི་དག་ལས་སྔར་མ་གྲགས་པའི་བོན་དང་མུ་སྟེགས་འདྲ་འདྲེས་ཀྱི་ཡ་མཚན་པ་འགའ་བྱུང་སྟེ༔ རྣམ་པར་དག་པའི་གཡུང་དྲུང་རྒྱས་ལ༔ ཞེས་པ་ལ་སོགས་བོན་གྱི་ཚིག་མང་པོ་འདྲེས་ཤིང་༔ ཁྱད་པར་དུ་རྟག་པར་སྨྲ་བའི་གྲུབ་མཐའ་དང་དབྱེ་བ་མི་ཕྱེད་པའི༔ སེམས་ཅན་སངས་རྒྱས་ཀྱི་རྒྱུ་ཡིན་ཞེས་གསུངས་བ་ལ་སྒྲོ་བཏགས་ནས༔ སེམས་ཅན་སངས་རྒྱས་ཉིད་ད་ལྟ་ནས་ཡིན་ཞེས་དང་༔ བསོད་ནམས་ཚོགས་ཀྱི་སྨིན་རུང་གིས་གཟུགས་སྐུ་གཉིས་ལས་སྒྲོ་བཏགས་ཏེ༔ ཆོས་ཅན་རང་བཞིན་གནས་རིགས་སམ་རྒྱས་འགྱུར་གྱི་རིགས་ལོངས་སྐུའི་ངོ་བོར་ད་ལྟ་ནས་རྒྱུ་ལ་འབྲས་བུ་ཡོད་པར་བཤད་པ་དང་༔ མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས༔ སེམས་ཅན་སངས་རྒྱས་རྒྱུ་རུ་རིག༔ འབྲས་བུ་རྡོ་རྗེའི་ཐེག་པ་ཡིས༔ སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམས༔ ཞེས་པའི་འཐད་ལྡན་ལྟར༔ ཕུང་པོ་ལྔ་ལྷར་བསྒོམ་ན་སྟོང་ཉིད་ཀྱི་རྩལ་ཅིར་ཡང་འཆར་རུང་བ་ལ་སྒྲོ་བཏགས་ནས་ལུས་ལ་རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་ཡོད་ཅེས་བཤད་པ་དང་༔ ཕྲ་བའི་རྩ་ཐིག་གི་སྒྲུབ་གཞི་ཙམ་ལ་སྒྲོ་བཏགས་ནས་སྙིང་ཀར་ཞི་བ་སོགས་སྐུ་འོད་ཡེ་ཤེས་སུམ་བརྩེགས་སུ་གནས་པར་བཤད་པ་རྣམས་མི་འཐད་དེ༔ སེམས་ཅན་སངས་རྒྱས་ཉིད་ཡིན་ན་ཟག་མེད་ཀྱི་ཆོས་སྟོབས་སོགས་དང་མཚན་དཔེའི་ཡོན་ཏན་མེད་པའི་སངས་རྒྱས་ཡོད་པར་བསྐུར་བ་བཏབ༔ དེ་ལྟར་ན་ལམ་དང་ལམ་གྱི་བྱེད་རྩོལ་ལ་དགོས་འབྲས་མེད་པའི་ཆོས་སྤངས་དང་༔ ཟླ་གྲགས་ཀྱིས༔ སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ༔ ཞེས་དང་༔ རིན་ཆེན་ཕྲེང་བར༔ སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ༔ བསོད་ནམས་ཚོགས་ལས་སྐྱེས་པ་སྟེ༔ ཞེས་དང་༔ ཀླུ་སྒྲུབ་ཀྱིས༔ བསོད་ནམས་ཡེ་ཤེས་ལས་བྱུང་བ༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཅེས་སོགས་གསུངས་པའི་ཤིང་རྟ་རྣམས་ཀྱང་ཚད་མ་མིན་པར་བཤད་པའི་ཕྱིར་འཕགས་པའི་དགེ་འདུན་ལ་སྐུར་བ་འདེབས་རྒྱུ་ཡིན་ནམ་ཞེས་དང་༔ ཡང་དག་པ་ཆེན་པོའི་རང་བཞིན་སྐུ་དང་ཡེ་ཤེས་ལྷག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་གཙང་བར་འཛིན༔ སྙིང་ཀར་ཐིག་ལེ་འོད་ལྔའི་དྭངས་མ་ལ་བརྟེན་ནས་མཚན་མ་ཞལ་ཕྱག་ཅན་དུ་ཡོད་དོ་ཞེས་སོགས་མཚན་མར་འཛིན༔ རང་གི་དེ་ཁོ་ན་ཉིད་ཡིན་པར་ངོ་རང་ཐོག་ཏུ་སྤྲད་པས་བདག་ཏུ་བལྟ༔ འདུས་བྱས་མི་རྟག་དང་འགལ་བའི་ངེས་པ་ལྔ་ལྡན་ཆེན་པོ་འདི་རྟག་པར་ལྟ་བ་སྟེ་ཕྱིན་ཅི་ལོག་བཞི་ལ་གནས་ཤིང་༔ རྣམ་ཐར་གསུམ་གྱི་དོན་དང་འགལ་བའི་སངས་རྒྱས་སུ་འདོད༔ རང་བཞིན་ཆོས་ཉིད་དང་གནས་འགྱུར་ཙམ་མ་ཡིན་པ༔ གནས་ས༔ གནས་ལུགས༔ གནས་ཆོས་སོ་སོར་དབྱེ་བ་སོགས་དང་༔ ཡང་རེས་འགའ་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་སྟེ་གཅིག་ལ་རང་བཞིན་གསུམ་ལྡན་དུ་སྙིང་ཀ་ན་ཡོད་ཅེས་འབྲས་ཆོས་མཐའ་དག་གི་འགྱུར་བརྩི་བས༔ མཚན་མར་བལྟ་བ་འབའ་ཞིག་གོ༔ ཞེས་ཟེར་ཏེ༔ དེ་ལ་བཤད་པར་བྱས་ན་དེ་དག་འབྲེལ་བ་མེད་པའི་མ་ངེས་པ་ཆེན་པོར་གྲུབ་པར་མ་ཟད་༔ བཀའ་ལུང་རིགས་པ་གཉིས་ཆར་དང་འགལ་ཏེ༔ སངས་རྒྱས་ཡིན་པ་ཙམ་གྱིས་ཟག་མེད་འབྲས་ཆོས་གསལ་དགོས་ན༔ རང་བཞིན་རྣམ་དག་གི་སངས་རྒྱས་ཆོས་ཉིད་ཀྱི་རིགས་ཡོད་པར་སུས་ཀྱང་འདོད་ལ༔ དེའི་རང་རྩལ་འགགས་མེད་ཅིར་ཡང་སྟོང་པ་རྟེན་འབྲེལ་དུ་འཆར་བར་རུང་ན་ད་ལྟ་མི་འཆར་བའི་རྒྱུ་མཚན་ཀྱང་མེད་དོ་༡༔ དག་པའི་རྟེན་འབྲེལ་ཚང་དགོས་པར་བཟློ་ཡང་༔ འོ་ན་སྟོང་པ་རྟེན་འབྱུང་དུ་ཤར་བ་ནི་ཆོས་ཉིད་ཀྱི་རིགས་ཏེ་གང་ལ་བརྟེན་ཀྱང་ལྟོས་པ་ཅན་གྱི་ཕྱིར་དང་བྱ་བ་བྱེད་པའི་མི་རྟག་པས་ན་འདུས་མ་བྱས་འགྱུར་ནས་འདུས་བྱས་སུ་ལྡོག་གི་གཞན་དུ་མི་རུང་ཞིང་༢༔ སྟོང་པ་དེ་ཉིད་འབྲས་བུ་གཟུགས་སྐུའི་ཉེར་ལེན་ཡིན་ཕན་ཆོད་དེ་ཉིད་མ་འགྱུར་བཞིན་ཏུ་འབྲས་བུ་གཞན་འབྱུང་བར་ཡང་མི་རིགས་པ་༣༔ འཇིམ་པ་འགྱུར་བ་མེད་པའི་བུམ་པ་བཞིན་ཏེ༔ རྣམ་འགྲེལ་ལས༔ ཉེར་ལེན་འགྱུར་བ་མེད་པར་ནི༔ ཉེར་ལེན་ཅན་དག་འགྱུར་བ་ནི༔ བྱེད་པར་མི་ནུས་དཔེར་འཇིམ་པ༔ འགྱུར་བ་མེད་པའི་བུམ་སོགས་བཞིན༔ ཞེས་སོ༔ གལ་ཏེ་རང་བཞིན་སྟོང་ཉིད་འདུས་མ་བྱས་འགྱུར་དུ་ཆུག་ཀྱང་འབྲས་བུ་སྣང་བཅས་སྐུ་དང་ཡེ་ཤེས་སུ་མི་རུང་བ་ནས་དང་ས་ལུ་བཞིན་རིགས་འདྲའི་ཆའི་ཉེར་ལེན་མེད་པའི་ཕྱིར་༤༔ མྱང་འདས་ལས༔ ངས་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་དག་ལས༔ སྟོང་པ་ཉིད་དུ་བསྟན་པ་དེ་ཡང་རང་བཞིན་མེད་པ་ཙམ་ལ་དགོངས་ཏེ་གསུངས་པར་རིག་པར་གྱིས་ཤིག༔ གཞན་དུ་ཅི་ཡང་མེད་པའི་སྟོང་ཉིད་བསྒོམ་པ་ལས་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འབྱུང་བར་མི་འགྱུར་ཏེ་འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་རོ༔ ཞེས་སོ༔ ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་འབྲས་བུ་མི་འབྱུང་བ་སྐུ་དང་ཡེ་ཤེས་འདུས་མ་བྱས་ཡིན་པའི་གནད་ཀྱིས་ནམ་མཁའ་བསྐྱེད་དུ་མེད་པ་ལྟ་བུ་དང་༥༔ ཡང་གལ་ཏེ་རྒྱུ་རྐྱེན་གྱི་བྱས་པའི་འབྲས་བུ་འཇིག་པའི་ཕྱིར་ཡང་དགོས་པ་མེད་པ་༦སྟེ་གཏན་ཚིགས་དྲུག་པོ་དེ་དག་གིས་གཟུགས་སྐུའི་ཉེར་ལེན་གྱི་རིགས་མེད་ན་འབྲས་བུ་འབྱུང་བ་མི་འཐད་པའི་ཕྱིར༔ ཆོས་ཀྱི་གྲགས་པའི་ཞལ་ནས༔ སྐྱེ་བ་ཡོངས་སུ་ལེན་པ་ན༔ འབྱུང་རྔུབས་དབང་པོ་བློ་ལ་སོགས༔ རང་གི་རིགས་ལ་ལྟོས་མེད་ཅན༔ ལུས་ཉིད་འབའ་ཞིག་ལས་སྐྱེས་མིན༔ ཞེས་པ་ལྟར་རོ༔ རྣམ་འགྲེལ་ལས༔ དངོས་གང་འགྱུར་བ་མེད་པར་ན༔ དངོས་པོ་གང་ཞིག་རྣམ་གྱུར་པ༔ དེ་ཡི་ཉེར་ལེན་མི་རིགས་པ༔ བ་ལང་བ་མེན་ལ་སོགས་བཞིན༔ ཞེས་སོ༔ བྱས་པ་ལ་ནི་ངོ་བོ་མི་རྟག་པ་ལྡན་པའང་རྟོག་གེ་ལ་གྲུབ་པའི་ཕྱིར་རོ༔ ཡང་སྐྱེད་བྱེད་ཀྱི་རྒྱུ་འབྲས་དང་རྒྱུ་གཞན་ལ་འབྲས་བུ་གཞན་ལྷས་བྱིན་ནོར་ལྡན་ལྟ་བུར་མི་འདོད་དེ༔ སྒྲིབ་པས་མ་མཐོང་བ་ལས་གཞི་འབྲས་ངོ་བོ་བདག་གཅིག་གིས་འབྲེལ་ཞེས་བྱས་ན་ཕྱོགས་སྔ་མ་ངེས་པའི་ངན་སྨྲས་ཀྱི་དགག་པ་དེས་ཅི་བྱ༔ དབུལ་པོའི་ཕྱག་དར་ཁྲོད་ན་དྲི་མས་གོས་པའི་ནོར་བུ་ཡོད་པར་ངོ་མ་ཤེས་ཤིང་གསོལ་བ་མ་བཏབ་ཀྱང་ནོར་བུ་ཡིན་ན་དགོས་འདོད་སྐོང་བ་དང་རང་འོད་འཕྲོ་བའི་ཁྱབ་པ་མེད་བཞིན་སྟོབས་མཚན་སོགས་ཀྱང་དེ་དང་འདྲ་ལ༔ དེ་ཁྱོད་རང་གི་ཆོས་སྐུ་ལ་བརྒྱུད་ཆུ་འདྲེན་པའི་ཕྲིན་ལས་ཀྱི་ལྟག་ཆོད་ཞིག་གམ༔ དེ་བྲལ་པའི་མངོན་གྱུར་ལ་སྦྱོར་ན་ནི༔ དེའི་རྒྱུ་མཚན་གཟུགས་སྐུ་ལ་ཡང་མཚུངས་པའི་ཕྱིར་དང་༔ ཚོགས་གཉིས་ཀྱང་གསལ་པའི་རྒྱུ་ཞེས་བྱ་ཡི༔ བསྐྱེད་པའི་རྒྱུ་མེད་ན་དེས་ཅི་ཡང་མི་ཕན་པ་ས་བོན་མེད་པའི་སོ་ནམས་དང་འདྲ་བ་ལ་དགོངས་ནས༔ འདི་ལྟར་ཆོས་ཅན་གནས་རིགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད༔ བྱ་བྱེད་ལྟོས་པ་ཆོས་ཉིད་ཀྱི་རིགས་པས་འགྲུབ་སྟེ༔ གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས༔ སུམ་ཡོ་གའི་ལྷ་སུམ་ཅུ་རྩ་བདུན་ནོ། །ཅུ་རྩ་བདུན་ཡང་དག་རྒྱུ༔ འབྲས་བུ་གཉིས་མེད་ཡེ་ཤེས་ཏེ༔ དེ་ཕྱིར་འབྲས་བུ་སྔོན་འགྲོ་ནི༔ རྒྱུ་ནི་གཙོ་བོར་གྱུར་པ་ཡིན༔ ཞེས་དང་༔ རྒྱུ་ནོར་བ་ལས་མ་ཡིན་ཏེ༔ གྲོ་ལས་ནས་ཀྱི་མྱུ་གུ་མིན༔ མ་ཚང་བ་ལས་མ་ཡིན་ཏེ༔ འབྲུ་ཉམས་པ་ལས་མྱུ་གུ་མེད༔ རྒྱུ་མེད་པ་ལས་མ་ཡིན་ཏེ༔ ནམ་མཁའི་མེ་ཏོག་ལས་ནི་དྲི༔ རྒྱུ་དེ་རྐྱེན་མེད་པས་ཀྱང་མིན༔ ནགས་བསྲེགས་མེ་ལ་རླུང་མེད་བཞིན༔ ཞེས་དང་༔ ཐུན་མོང་གི་དཔལ་རིན་ཆེན་འབར་བའི་རྒྱུད་ལས༔ གང་ཞིག་འབྲས་བུ་འདོད་པ་ལ༔ རྒྱུ་ཉིད་གཙོ་བོར་གྱུར་བ་སྟེ༔ ས་ལུ་ལས་ནི་མྱུ་གུ་བཞིན༔ དེ་ཕྱིར་དང་པོ་རྒྱུ་མི་དགག༔ ལྷན་ཅིག་སྐྱེས་གཉིས་རྒྱུ་ཡིན་ཏེ༔ རང་བཞིན་ཆོས་སྐུ་རང་བཞིན་གནས་རིག་སྟོང་པ་ལྷན་ཅིག་སྐྱེས་པ་བཀའ་བར་བའི་དོན་དེ་དེ་ཡན་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་ཕྱིར་དང་༔ ལྷན་ཅིག་གཟུགས་སྐུ་རང་བཞིན་གནས་རིག་གསལ་བ་ལྷན་ཅིག་བཀའ་ཐ་མ་ལས་མཐར་ཐུག་རྡོ་རྗེའི་ཐེག་པའི་ཆོས་ཅན་གྱི་རིགས་སྐྱེས་པ་སྟེ༔ ཐུན་མོང་དོན་དམ་རང་བཞིན་གནས་རིགས་དང་ནི་ཀུན་རྫོབ་དག་པ་ཆེན་པོའི་རངབཞིན་གནས་རིགས་གསང་སྔགས་ཐུན་མོང་མིན༔ བླ་མའི་ཞལ་ལས་ཤེས་པའི་ཕྱིར༔ ཞེས་དང་༔ མེའི་ཕྲེང་བའི་རྒྱུད་ལས༔ དེ་ལྟའི་དཔལ་ལྡན་ཧེ་རུ་ཀ༔ རྟག་ཏུ་ལུས་དང་སེམས་ལ་གནས༔ ཞེས་དང་༔ སེམས་ཉིད་རིག་པ་སྟོང་པར་གནས༔ སྟོབས་སོགས་ཕུན་སུམ་ཚོགས་པས་ན༔ རང་བཞིན་ལྷུན་ཅིག་སྐྱེས་པ་དང་༔ གཟུགས་སྐུའི་རྒྱུ་རྐྱེན་ལ་སོགས་ལྡན༔ ཤྲི་ཞེས་བྱ་བར་མངོན་པར་བརྗོད༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད༔ ཅེས་སོ༔ དེས་ན་རང་བཞིན་གནས་རིགས་ཀྱང་བསྐྱེད་པའི་ཕྱིར་ལམ་གྱི་བྱེད་རྩོལ་ལ་དགོས་པ་མེད་དེ་འདུས་མ་བྱས་འགྱུར་བ་མི་རུང་བས་སོ༔ རྒྱུ་ས་བོན་ཙམ་ཡོད་པའི་རྐྱེན་གྱིས་ཚོགས་པའང་༔ མ་ཚང་ན་འབྲས་བུ་མི་འབྱུང་བ་བཞིན་དུ༔ ཡང་དག་བླངས་བ་ལས་བྱུང་བ་གསལ་བའི་རྒྱུ་མེད་ན་མི་འབྱུང་བ་ལ་དགོངས་ནས༔ སློབ་དཔོན་རྣམས་ཀྱིས༔ བསོད་ནམས་ཡེ་ཤེས་ལས་བྱུང་བ༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཅེས་དང་༔ སྒྱུ་འཕྲུལ་ལས༔ བསྐྱེད་དང་རྫོགས་པའི་བསོད་ནམས་དང༔ ཡེ་ཤེས་ཚོགས་གཉིས་དབང་གསུམ་དང༔ གཅིག་ནི་རང་བཞིན་དེ་ཁོ་ན༔ གཞན་ནི་དབྱེ་བས་དཔག་ཏུ་མེད༔ ཅེས་དང་༔ ཡང་༔ ཆོས་ཀྱི་སྐུ་ནི་མདོར་བསྡུ་ན༔ རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས༔ ཞེས་གསུངས་པའང་སྨིན་འབྲས་སམ་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་སྐུར་འགྲེལ་བཏང་ན་འདུས་མ་བྱས་ལྷུན་གྲུབ་ལ་མི་འཇུག་པའི་སྒྲུབ་བྱེད་ཚིག་འདི་ལས་གསལ་བར་འཕགས་པ་ཀླུ་སྒྲུབ་ཀྱིས་ཚིག་སྒྲོས་བཅད་དེ་མ་གསུངས་པས་ན་དེ་ལྟར་འདུས་བྱས་སུ་འགྲོའམ༔ ཡང་བདག་ཉིད་ཆེན་པོ་ལ་ཁ་ཟེར་རྒྱུ་འདྲ་ཡིན་ནམ་སྟེ༔ ཡང་འཇམ་དཔལ་མཚན་བརྗོད་ལས༔ དེ་བཞིན་ཉིད་བདག་དག་པའི་བདག༔ ཅེས་དོན་དམ་སྤྲོས་བྲལ་རང་བཞིན་གྱི་དང་༔ ཀུན་རྫོབ་དག་ཆེན་སྐུ་དང་ཡེ་ཤེས་སུ་བཤད་པ་དང་༔ རྒྱུད་བླ་མ་ལས༔ གཙང་བདག་བདེ་དང་རྟག་ཉིད་ཀྱི༔ ཡོན་ཏན་ཕ་རོལ་ཕྱིན་པ་འབྲས༔ ཞེས་དང་༔ ཕྱག་ཆེན་ཐིག་ལེ་ལས༔ བདག་ནི་ཐམས་ཅད་ཀུན་གྱི་ནང་༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ བདག་ནི་མེད་ན་འགྲོ་བ་ཀུན༔ ཇི་ལྟར་རྩ་བཅད་ཤིང་བཞིན་འགྱུར༔ དངོས་པོ་ཀུན་གྱི་བདག་ཉིད་ལ༔ དེ་ནི་ཁྱབ་པར་ཡོད་པ་སྟེ༔ ཞེས་འདིར་ཕྱིན་ཅི་ལོག་བཞི་ནི་རང་བཞིན་ལ་འགྲེལ་ཀྱང་འདྲ་ལ༔ ཆོས་སྐུ་ཡང་སྟོང་ཉིད་ཕྱོགས་ཆད་མ་ཡིན་པར་ཡེ་ཤེས་ལ་བཤད་པ་ལ་སོགས་པ་ནི་མ་མཐོང་བར་ཟད་དོ༔ བསྒོམ་ན་འགྱུར་རུང་ཙམ་མ་ཡིན་པར་བསྒོམས་རུང་མ་བསྒོམས་རུང་སངས་རྒྱས་ཀྱི་གྲོང་ཁྱེར་ལུས་ལ་ཡོད་པའང་བདེ་མཆོག་གི་རྒྱུད་སོགས་ནས་གསུངས་ཏེ༔ སྡོམ་འབྱུང་ལས༔ ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི༔ ལུས་ནི་སྡུག་ཅིང་འཛིན་པ་དང་༔ ལུས་ནི་དབང་པོའི་རང་བཞིན་ཅན༔ འདི་དེ་སངས་རྒྱས་ཀུན་དང་མཚུངས༔ ཞེས་རྩ་དང་ཁམས་དཔའ་བོ་དང་མཁའ་འགྲོའི་དཀྱིལ་འཁོར་དུ་གསུངས་ཤིང་དེ་དག་གི་ཞལ་ཕྱག་ལ་སོགས་པའི་ཚུལ་གསུངས་པ་དང་༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ལུས་འདི་སངས་རྒྱས་རང་བཞིན་སྐུ༔ ཆ་ཤས་བྱང་ཆུབ་ཡན་ལག་གནས༔ དེ་ཡི་བ་སྤུ་དགྲ་བཅོམ་པ༔ ཞེས་དང་༔ སམྦུ་ཊའི་རྒྱུད་ལས༔ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་༔ བཞི་སྟོང་དག་གི་ཚོགས་རྣམས་ཀྱི༔ ལུས་ཀྱི་དེ་ཉིད་མི་ཤེས་པས༔ དེ་དག་ཐམས་ཅད་འབྲས་བུ་མེད༔ ཅེས་དང་༔ རྡོ་རྗེ་གུར་ལས༔ དེ་ལྟ་བུའི་ལུས་གློ་བུར་གྱི་དྲི་མས་སྦག་པ་དག་པར་བྱས་པའི་སངས་རྒྱས་ཀྱི་སྐུའི་རྣམ་པར་བསྒོམ་པར་བགྱི༔ ཞེས་བྲལ་འབྲས་སམ་ད་ལྟ་ནས་ཡོད་པར་བཤད་དེ༔ དེའི་སྣང་ཆའང་སྒྲིབ་བྱེད་ལུས་ཀྱི་སྦུབས་བོར་བ་ན་འཆར་བར༔ དཔལ་བརྟག་གཉིས་ལས༔ སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའང་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ནས་འཆར་རོ༔ ཞེས་གསུངས་ཤིང་༔ གཉིས་མེད་རྣམ་རྒྱལ་ལས༔ བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས༔ སེམས་ཅན་ཀུན་གྱི་ལུས་ལ་ངེས་པར་བཞུགས༔ བྲི་བསྣན་མེད་པར་འཆར་བས་གསལ་བར་བྱེད༔ དེ་ཉིད་སྦས་པའི་དོན་དུ་ཚུལ་འདི་བསྟན༔ ཞེས་དང་༔ གུར་ལས༔ རང་ལུས་རྡོ་རྗེ་སངས་རྒྱས་ཉིད༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ གཞན་ནས་སངས་རྒྱས་བསྟན་དུ་མེད༔ དེ་ཉིད་འགྲོ་བའི་བདག་ཉིད་དེ༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ ཞེས་གསུངས་སོ༔ རྒྱུ་མཚན་དེ་ཐམས་ཅད་ཀྱང་སྒྲོ་བཏགས་སུ་འདྲེན་པ་དང་༔ ཆོས་ཅན་གྱི་རིགས་རྩ་ཐིག་ཕྲ་བ་དེ་དག་སྒྲུབ་གཞིར་བཟུང་བའི་མི་ཤིགས་པའི་ངེས་ཚིག་ཅན་ཕུང་ཁམས་རགས་པ་དང་ཁྱད་པར་འདི་ཡོད་ཟེར་རྒྱུ་ཞིག་དགོས་ཏེ༔ འཁོར་བས་བསྡུས་པའི་རྟེན་འབྲེལ་འདུས་བྱས་ལ་མི་ཤིགས་པ་ཞིག་ག་ནས་འོང་དཔྱད༔ སྐུ་དང་འོད་ཡོད་པས་ཕུང་ན་འོད་ཟེར་ལྔ་རླུང་ལ་སོགས་པའང་ཅིར་འགྱུར༔ ཐིག་ལེ་སྙིང་ལ་གནས་པ་ཙམ་ཡང་འདིར་མ་ཟད་རྒྱུད་སྡེ་ཐམས་ཅད་ནས་གསལ་བ་སྟེ༔ རྡོ་རྗེ་དྲིལ་བུ་པས༔ རྟག་ཏུ་སྙིང་ལ་གནས་པ་ཡི༔ ཐིག་ལེ་གཅིག་ལ་འགྱུར་མེད་པ༔ དེ་བསྒོམ་བྱེད་པའི་སྐྱེ་བོ་ལ༔ ངེས་པར་ཡེ་ཤེས་སྐྱེ་བར་འགྱུར༔ ཞེས་དང་༔ གཉིས་མེད་རྣམ་རྒྱལ་ལས༔ སེམས་ཅན་ཀུན་གྱི་སྙིང་ལ་ནི༔ ཐུགས་ཀྱི་གསང་བ་སྙིང་པོ་གནས༔ དེ་ཉིད་སྙིང་པོ་གསུམ་ལྡན་པ༔ བདེ་གཤེགས་སྙིང་པོ་འཇུག་པ་ཉིད༔ ཅེས་དང་༔ ལྷ་མོ་བཞིའི་ཞུས་ལས༔ ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག༔ ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས༔ རྟག་ཏུ་སྙིང་གི་དབུས་གནས་པ༔ འོད་ཟེར་ཆེན་པོ་འབར་བ་ཅན༔ ཞེས་དང་༔ མངོན་བརྗོད་བླ་མ་ལས༔ དེ་ལྟ་ལྟེ་བའི་འཁོར་ལོ་ཆེ༔ ཐམས་ཅད་མཁྱེན་པ་ཞེས་བྱར་བཤད༔ རྡོ་རྗེ་ཅན་ནི་དེར་བཞུགས་ཏེ༔ ཆ་མེད་ཆ་ནི་རྣམ་པར་སྤངས༔ ལུས་ཅན་ཀུན་གྱི་ནང་ན་རོལ༔ ལུས་ལས་འདས་ཤིང་གོས་པ་མེད༔ ལ་ལར་གཟུགས་ཅན་དག་ཏུ་བཞུགས༔ ཞེས་སོགས་རིན་ཆེན་སྒྲོམ་བུ་ལས་སྨྲས་ཟིན་པས༔ འདིར་མ་བཟློས་ཤིང་༔ ཡེ་ཤེས་སུམ་བརྩེགས་སུ་ཡོད་པའང་སྙིང་པོ་གསུམ་ལྡན་ཡིན་ཞིང༔ དེ་ཡང་ངོ་བོ་སྐུར་ཡོད་བའི་ཕྱིར་ན༔ སམ་བྷུ་ཊི་ལས༔ དེ་ཡི་དབུས་ན་དཔའ་བོ་ནི༔ ཡུངས་དཀར་སྦོམ་པོའི་ཚད་ཙམ་སྟེ༔ ཞེས་དང༔ རང་བཞིན་འོད་དུ་ཡོད་པས་ན༔ དེ་ཉིད་ལས༔ དྲི་མེད་ཤེལ་དང་མཚུངས་པའི་འོད༔ བྱང་ཆུབ་སེམས་ནི་འོད་གསལ་བ༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ ཡུངས་དཀར་སྦོམ་པོའི་ཚད་ཙམ་དག༔ དེ་ཡི་དབུས་ན་གནས་པའི་ལྷ༔ མི་གསལ་གསལ་བའི་རང་བཞིན་ཅན༔ ཞེས་དང་༔ ཐུགས་རྗེ་ཐིག་ལེ་ཕྱི་གསལ་དུ་ཡོད་པས༔ ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས༔ འོད་ཟེར་ཆེན་པོ་འབར་བ་ཅན༔ རྟག་ཏུ་སྙིང་གི་དབུས་ན་གནས༔ ཞེས་པ་དག་ཀྱང་མཚན་མར་འགྱུར་རོ༔ ཡང་གནས་ས་གནས་ལུགས་ཀྱང་དེ་ཡིན་ཏེ༔ གནས་ས་ནི་རྟག་ཏུ་སྙིང་གི་དཀྱིལ༔ གནས་ལུགས་སྐུ་འོད་ཡེ་ཤེས་ཀྱི་ཚུལ༔ གནས་པའི་ངོ་བོ་ བྱང་ཆུབ་ཀྱི་སེམས་སོ༔ མངོན་བརྗོད་ལས༔ མགོན་པོ ་སངས་རྒྱས་ཀུན་བདག་སྟེ༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ ཞེས་སོ༔ ཡང་སྤྱི་བོ་ན་ཁྲོ་བོའི་དཀྱིལ་འཁོར་ལོངས་སྐུའི་སྤྲུལ་སྐུའམ་དགེ་འདུན་གྱི་ཚུལ་དུ་བཞུགས་པ༔ ཀྱེ་རྡོ་རྗེར༔ གང་ཕྱིར་བདེ་ཆེན་མགོར་གནས་པ༔ བདེ་བའི་ངོ་བོ་དགེ་འདུན་ཆེ༔ ཞེས་སོ༔ ལོངས་སྐུའི་ཆོས་སྐུ་ཞི་བའི་ལྷ་ཚོགས་ངོ་བོ་གདངས་དང་བཅས་པ་བཞུགས་པའང༔ སེམས་ནི་ཆོས་ཀྱི་རང་བཞིན་ཏེ༔ ཆོས་ཀྱི་སྐུ་ནི་སྙིང་གར་གནས༔ ཞེས་དང༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་འཁོར་ལོ་ལྔའི་མཐར་ཐུག་གི་བར་དུ་གནས་པས་ནའང་༔ སྐུ་གསུམ་ལུས་ཀྱི་ནང་དུ་ནི༔ འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ༔ ཞེས་དང་༔ སྤྱི་བོར་ཁྲག་འཐུང་༔ མགྲིན་པར་རིག་འཛིན༔ སྙིང་ཀར་ཞི་བ༔ ལྟེ་བར་མཁའ་འགྲོ་རྔམ་མའི་ཐིག་ལེ་ལ་བརྟེན་ནས་བཞུགས་པར༔ སྐྱེ་གནས་མགྲིན་སྙིང་མགོ་བོར་ཡང་༔ སྐུ་གསུམ་པོ་ནི་རྣམ་པར་གནས༔ ཞེས་པ་དང་༔ ཡང་གཅིག་ཏུ་ན་ཐུགས་རྗེ་སྒྲོན་མ་མཁའ་ལ་གསལ་བར་ཡོད་པའི་ཕྱིར་འཆར་བའི་མེ་ཏོག་གི་རྒྱུད་ལས་བཟུང་སྟེ་སྟོང་གཟུགས་མཐའ་དག་རྒྱུད་སྡེ་ཀུན་ལས་བཤད་པས་དེ་དག་མཚན་མ་ཅན་དུ་འདྲེན་པར་མ་གྱུར་ཅིག༔
དོན་གསུམ་པ་སྙིང་པོ་གསང་བའི་ཡེ་ཤེས་ཁོང་གསལ་གྱི་སྐུ་གསུམ་ཇི་ལྟ་བཞུགས་པའི་ཚུལ་ལ༔ ངོ་བོ་ངོས་བཟུང་བ༔ མཚན་ཉིད་ཤས་སུ་དབྱེ་བ༔ མཐའ་སྡུད་ཀྱི་ཆིངས་སུ་བཅིངས་པའོ༔
དང་པོ་ནི༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ ཆོས་ལས་འདས་པ་ཆོས་སྐུར་རྫོགས༔ ཁོང་གསལ་མ་འགགས་ལོངས་སྐུར་རྫོགས༔ ཐམས་ཅད་མཁྱེན་པ་སྤྲུལ་སྐུར་རྫོགས༔ ཞེས་སོ༔ དེ་ཡང་སྔ་མ་ཆོས་སྐུ་དང༔ ཕྱི་མ་གཉིས་གཟུགས་སྐུར་གནས་པའི་ཕྱིར་རིགས་གཉིས་ལ་འདུ་སྟེ༔ མུ་ཏིག་ཕྲེང་བ་ལས༔ སྟོང་པས་ཁྱབ་དང་གསལ་བས་ཁྱབ༔ ཅེས་དང་༔ སྒྲོན་མ་སྣང་བྱེད་ལས༔ ཁྱབ་པ་རྣམ་པ་གཉིས་སུ་བཤད༔ སྣང་བས་ཁྱབ་དང་གསལ་བས་ཁྱབ༔ ཅེས་སོ༔
གཉིས་པ་ལ༔ སངས་རྒྱས་ཆོས་ཀྱི་སྐུའི་སྙིང་པོ་གསང་བའི་ཡེ་ཤེས་ཁོང་གསལ་གྱི་ཚུལ་དུ་བཞུགས་པའི་རྣམ་ངེས་དང་༔ གཟུགས་ཀྱི་སྐུར་སྙིང་པོ་ཁོང་གསལ་གྱི་གསང་བའི་ཡེ་ཤེས་སུ་བཞུགས་པའི་རྣམ་པར་ངེས་པ་དང་༔ དེ་ལས་སངས་རྒྱས་ཀྱི་ལམ་དུ་རང་ཤར་བར་བསྟན་པ་དང་གསུམ་ལས༔
དང་པོ་ལ་ངོ་བོ་མདོར་བསྟན༔ རང་བཞིན་རྒྱས་པར་བཤད་པ༔ སྙིང་པོའི་དོན་བསྡུ་བ་དང་གསུམ་ལས༔
དང་པོ་ནི༔ སངས་རྒྱས་ཆོས་ཀྱི་སྐུའི་སྐུ་གསུམ་ནང་གསལ་གྱི་གཤིས་ལུགས་ཡིན་པས་རྟག་བརྟན་འཕོ་འགྱུར་མེད་པ་འདུས་མ་བྱས་ཁྲེགས་ཆོད་ཀྱི་ལྟ་བའི་དམིགས་ཡུལ་ལོ༔ དེ་ཡང་རང་གི་རིག་པ་ངོས་བཟུང་ལས་འདས་པ་སངས་རྒྱས་ཆོས་ཀྱི་སྐུ་ལ་མཁྱེན་རིག་གི་ཆ་མ་འགགས་པར་གསལ་བས་ན་ཡེ་ཤེས་ཀྱི་ཁ་མིག་རྣ་བ་ཅན་ཞེས་བྱའོ༔ ཤེས་རབ་ཀྱི་རང་རྩལ་མ་འགགས་པ་ལོངས་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་རིག་པ་ཅིར་ཡང་འཆར་བའི་རང་གདངས་ལས་སྤྲུལ་སྐུ་འོད་ཀྱི་ཁ་མིག་ཅན༔ སྐུ་གསུམ་དབྱེར་མེད་འོད་གསལ་བྱང་ཆུབ་སེམས་མཆོག་དབྱིངས་རིག་འདུ་འབྲལ་མེད་པའི་གཞིར་གནས་ཀྱི་རིག་པ་ཀུན་ཏུ་བཟང་པོ་དང་༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཡབ་ཡུམ་ཟུང་དུ་འཇུག་པ་ཆོས་སྐུ་ཁོང་ནས་གསལ་བའི་ཡེ་ཤེས་ཆེན་པོ་ཞེས་བྱའོ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ རང་གི་སྙིང་གི་དཀྱིལ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་མ་འགགས་པ་ཆོས་ཀྱི་སྐུ་ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཤེས་རབ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཡང་སྤྲུལ་ཟེར་གྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཞེས་དང་༔ རབ་འབྱམས་ལས༔ རིག་པ་མ་འགགས་ཟང་ཐལ་བ༔ ཡེ་ཤེས་ཁ་མིག་ཅན་གྱི་སྐུ༔ ཞེས་དང་༔ ཚིག་གསུམ་པའི་རྒྱུད་ལས༔ ཤེས་རབ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ གདུལ་བྱ་ལ་སྣང་བ་ཐུགས་རྗེ་སྤྲུལ་བའི་སྐུ་འོད་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཡང་སྤྲུལ་ཟེར་གྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ༔ ཞེས་སོ༔ རབ་འབྱམས་ལས༔ གསལ་བ་ཤེས་རབ་ཉིད་ཀྱི་སྐུ༔ འོད་ཀྱི་ཁ་མིག་སྤྲུལ་བའི་སྐུ༔ ཟེར་གྱི་ཁ་མིག་སྣ་ཚོགས་སྐུ༔ ཞེས་དང་༔ ཚིག་གསུམ་པའི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ་ཁྱོད་ཉོན་ཅིག༔ རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དངོས་པོ་དང་ཁ་དོག་གི་ངོ་བོར་མ་གྲུབ་པའི་སྟོང་སང་ངེ་བར་འདུག་པ་འདི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ༔ རང་གི་ཤེས་རིག་གི་ངོ་བོ་སྟོང་བརྡོ་ཙ་ན་སྟོང་པ་བྱིན་ཆད་དུ་མ་སོང་བར་ཤེས་རིག་མ་འགགས་པར་གསལ་བ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ༔ ཞེས་དང་༔ རྩལ་རྫོགས་ལས༔ སྟོང་རིག་གསལ་བའི་སྐུ་ལ་འགྱུར་བ་མེད༔ འབྱུང་བའི་རྐྱེན་གྱིས་མ་གོས་རང་གསལ་བདོ་བའི་སྐུ༔ རྟོག་པའི་ཕྱོགས་སུ་མ་ལྟུང་སངས་རྒྱས་དགོངས་པ་ཉིད༔ ཆོས་ཉིད་ཤེས་རབ་ཁོང༵་ནས་གས༵ལ་བ་ཡི༔ ཡུལ་སེམས་བྲལ་བའི་དགོངས་པར་རང་སྣང་ངོ༔ མཚན་མའི་ཡུལ་ལ་འཛིན་པའི་རྟོག་པ་བཅོམ༔ མ་རིག་ཀློང་ན་ཡེ་ཤེས་སྣང་བ་སངས༔ ཀ་དག་དབྱིངས་སུ་ཆོས་སྐུ་ཆེན་པོ་རྙེད༔ ཅེས་སོ༔
གཉིས་པ་རྒྱས་པར་བཤད་པ་ལ༔ ཆོས་སྐུ་ཡེ་ཤེས་ཀྱི་ཁ་མིག་རྣ་བ་ཅན་དང་༔ ལོངས་སྐུ་ཤེས་རབ་ཀྱི་ཁ་མིག་རྣ་བ་ཅན་དང་༔ སྤྲུལ་སྐུ་འོད་ཀྱི་ཁ་མིག་རྣ་བ་ཅན་དང་༔ ཡང་སྤྲུལ་ཟེར་གྱི་ཁ་མིག་རྣ་བ་ཅན་དུ་བཞུགས་པའི་ཚུལ་བཤད་པའོ༔
དང་པོ་ལ་དངོས་མེད་མཚན་བྲལ་དུ་བཞུགས་ཚུལ༔ འགག་མེད་རང་གསལ་དུ་བཞུགས་ཚུལ༔ སྒྲིབ་མེད་ཟང་ཐལ་དུ་བཞུགས་པར་བཤད་པ༔ ལྷུན་གྲུབ་འཆར་གཞིར་བཞུགས་པར་བཤད་པ་དང་བཞི་སྟེ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་མཚན་མར་མ་གྲུབ་པའི་སྟོང་བར་བཞུགས་སོ༔ རིག་པ་མ་འགགས་པར་གསལ་བར་བཞུགས་སོ༔ སྒྲིབ་བྱེད་མེད་པར་ཟང་ཐལ་དུ་བཞུགས་སོ༔ ལྷུན་གྱིས་གྲུབ་པའི་འཆར་གཞིར་མ་འགགས་པར་བཞུགས་སོ༔ ཞེས་པས།
དང་པོ་ནི༔ བླ་མའི་མན་ངག་གིས་རྩད་བཅད་མཚང་བཙལ་བྱས་དུས་ཡེ་ནས་སེམས་ཀྱི་གཤིས་ལུགས་གཟུགས་དབྱིབས་ཁ་དོག་གི་དངོས་མཚན་གང་དུའང་མ་གྲུབ་ཅིང་མཚན་མའི་ལུས་ལྔས་སྟོང་པ་ནི༔ དངོས་མེད་མཚན་བྲལ་ཀ་དག་གི་བཞུགས་ཚུལ་ལོ༔ དེ་ཉིད་ལས༔ རང་གི་ཤེས་རིག་གི་ངོ་བོ་སེང་ངེ་བ་འདི་དངོས་པོ་དང་ཁ་དོག་གང་དུའང་མ་གྲུབ་པར་སྟོང་སང་ངེ་བར་འདུག་པ་འདི་ཡིན་ནོ༔ ཀྱེ༔ གསང་བའི་བདག་པོ་རྡོས་བཅས་ཤ་ཁྲག་གི་ལུས་ཀྱིས་སྟོང་༔ དམིགས་པ་རྣམ་པར་དག་པ་ཏིང་ངེ་འཛིན་གྱི་ལུས་ཀྱིས་སྟོང་༔ མཚན་མ་འོད་ཀྱི་ལུས་ཀྱིས་སྟོང་༔ དཔྱོད་བྱེད་ཤེས་རབ་ཀྱི་ལུས་ཀྱིས་སྟོང༔ འགྱུ་བྱེད་ཡིད་ཀྱི་ལུས་ཀྱིས་སྟོང་ངོ༔ དེ་ལྟར་སྟོང་བས་མཚན་མར་མ་གྲུབ་པའོ༔ ཞེས་དང་༔ སྙིང་གི་དགོངས་པ་ལས༔ ཀྱེ་གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་དང་༔ ཡེ་ཤེས་ཀྱི་སྐུ་དང་༔ འོད་ཀྱི་སྐུ་རུ་བཞུགས་པས་མཚན་མའི་གཟུགས་སམ༔ མཚན་མའི་ལུས་མེད་དེ༔ ཞེས་དང་༔ རབ་འབྱམས་ལས༔ གདོས་བཅས་ཕུང་པོའི་ལུས་ཀྱིས་སྟོང་༔ འགྱུ་བྱེད་ཡིད་ཀྱི་ལུས་ཀྱིས་སྟོང་༔ དམིགས་བཅས་ཏིང་འཛིན་ལུས་ཀྱིས་སྟོང༔ དཔྱོད་བྱེད་ཤེས་རབ་འོད་ལུས་དག༔ ཅེས་གསུངས་སོ༔
གཉིས་པ་ལ་བཞི་ལས༔ ཆོས་སྐུའི་ཡེ་ཤེས་མ་སྐྱེས་མཉམ་པ་ཉིད་དུ༔ ཡེ་ཤེས་ཟང་ཐལ་དུ༔ ཡུལ་དང་ཡུལ་ཅན་གཉིས་མེད་དུ༔ དགོངས་པ་ཉག་གཅིག་ཏུ་གསལ་བའོ༔
དང་པོ་ནི༔ ཁོང་གསལ་ཆོས་ཀྱི་སྐུའི་ཡེ་ཤེས་དེ་ཉིད༔ འདས་པའི་དུས་ན་སྐྱེ་བ་མེད་པས་རྒྱུ་ལས་མ་བྱུང་བའི་ལྷུན་གྲུབ༔ མ་འོངས་པའི་དུས་ན་འགགས་ཤིང་འཆི་བ་མེད་པའི་རྡོ་རྗེའི་སྐུ༔ ད་ལྟའི་དུས་ན་སེམས་ཀྱི་དབང་དུ་མ་གྱུར་བས་ཡེ་སངས་རྒྱས་སུ་རང་གསལ་ཞིང༔ ངོ་བོ་དང་ཀློང་ཤར་འཁོར་འདས་ཀྱི་ཆོས་ཡེ་སྔར་ངོ་བོ་དབྱེར་མེད་མཉམ་པའི་བྱིན་རླབས་སུ་བཤད་པ་ལྟར་མཉམ་ཕྱག་རྒྱ་ཆེན་པོའི་ཆུ་སྲིན་ཆིངས་ཀྱིས་བསྡམས་པས་ན་བདུད་བཞི་བཅོམ་པའི་དཔའ་བོ་ཞེས་བྱ་སྟེ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ་རང་གི་རིག་པ་སྐྱེ་ཤི་མེད་པས་དུས་གསུམ་མཉམ་ཉིད་དུ་གསལ་ལོ༔ ཞེས་དང་༔ སངས་རྒྱས་རང་ཆས་པའི་རྒྱུད་ལས༔ རང་གི་རིག་པ་ལ་སྐྱེ་འཆི་མེད་པར་དུས་གསུམ་མཉམ་པ་ཉིད་དུ་བཞུགས་པ་ཡིན༔ ཞེས་དང༔ དོན་གསལ་ལས༔ གཉིས་མེད་ཆོས་ཀྱི་སྐུ་མི་འགྱུར་པས་སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་སྐུ༔ ཞེས་དང་༔ ཀུན་གསལ་ལས༔ ཆོས་སྐུ་སྐྱེ་བ་མེད་པས་འཆི་བདག་གི་བདུད་བཅོམ༔ མཚན་མ་མེད་པས་ཕུང་པོའི་བདུད་བཅོམ༔ དེ་གཉིས་སུ་མེད་པས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ་མོ༔ ཞེས་སོ༔
གཉིས་པ་ནི༔ སངས་རྒྱས་ཆོས་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པས་མདུན་རྒྱབ་ཀྱི་སྤྲོས་པ་བྲལ༔ ཡེ་ཤེས་རང་རིག་ཕྱི་ནང་མེད་ཅིང་སྦུབས་ཀྱིས་མ་སྒྲིབ་པས་ཟང་ཐལ་དུ་ཟང་ཐལ་བཅུའི་རང་བཞིན་དུ་གསལ་བས་གསལ་བས་ཀུན་ཏུ་ཞལ་ཡིན་ནོ༔ རྒྱས་པར་ནི་འབྱུང་མ་རག་པ་བཞིན་ནོ༔ རྩལ་རྫོགས་ལས༔ རིག་པའི་ཞལ་ནི་མ་འགགས་ཕྱོགས་བཅུར་གསལ༔ ཞེས་དང་༔ མར་མེ་ལས༔ སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པས་ཡེ་ཤེས་ཟང་ཐལ་དུ་གསལ་ལོ༔ ཞེས་དང་༔ མེ་ལོང་ལས༔ ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད༔ ཅེས་སོ༔
གསུམ་པ་ནི༔ ཕྱི་སེམས་ཀྱི་ཆོ་འཕྲུལ་ལམ་རང་གདངས་སྣ་ཚོགས་འཆར་བའང་རྨི་ལམ་གྱི་ཡུལ་ཤེས་ལྟར་ཐ་དད་དུ་གྲུབ་པ་མེད་པར་གཉིས་མེད་ཉམས་མྱོང་གི་གསལ་བས་དོན་དུ་སྣང་བ་དང་༔ དེའི་འཆར་གཞི་ནང་རིག་པ་རང་བྱུང་གི་ཡེ་ཤེས་རང་གདངས་ཟུང་འཇུག་གཟུགས་སྐུའི་སྣང་བ་དང་བཅས་པ་དབྱེར་མེད་ཐིག་ལེ་ཉག་གཅིག་གི་བདེ་ཀློང་དུ་འཁྱིལ་བས༔ ཁམས་གསུམ་གྱི་རྣམ་པར་རྟོག་པ་གཉིས་སྣང་འཛིན་པར་བཅས་ལས་ལྡོག་པའི་སྤྲོས་མེད་རང་ཆས་སུ་གསལ་བའོ༔ དེ་ཉིད་ལས༔ ཡེ་ཤེས་ཀྱི་གདངས་ལ་ཕྱི་ནང་མེད་པས་ཡུལ་དང་ཡུལ་ཅན་གཉིས་མེད་དུ་གསལ་ལོ༔
བཞི་པ་ནི༔ ཐུགས་རྗེ་ཀུན་ལ་ཁྱབ་པར་འཇུག་ཀྱང་ཕྱོགས་དང་རིས་སུ་བཅད་དེ་རྟོག་པ་མེད་ཅིང་༔ ཆོས་ཉིད་ཇི་ལྟ་བའི་བཞུགས་ཚུལ་ལས་མི་གཡོ་བས་དབྱིངས་རིག་ཟུང་འཇུག་སངས་རྒྱས་ཀྱི་དགོངས་པ་ཉག་གཅིག་དུ་རང་གསལ་བའང༔ དེ་ཉིད་ལས༔ མཁྱེན་པ་ལ་ཕྱོགས་རིས་མེད་པས་ཡེ་ཤེས་ཀྱི་སྤྱན་ལ་ཆོས་ཐམས་ཅད་ཀྱི་དགོངས་པ་ཉག་གཅིག་དུ་གསལ་ལོ༔ ཞེས་སོ༔
གསུམ་པ་སྒྲིབ་མེད་ཟང་ཐལ་དུ་བཞུགས་པ་ནི༔ འདིས་ནི་ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་ན་བཞུགས་པའི་གོ་དོན་ཡང་གསལ་ཏེ༔ ཡེ་ཤེས་འཆར་བའི་ལམ་དང་སྒོ་ནས་གནས་པ་ཙིཏྟ་ན་གཞི་འཛིན་ལ་གསལ་ཞིང་མཐོང་བ་མ་འགགས་པས་ཟང་ཐལ་༡༔ རིག་པ་མཐུན་པའི་སྒྲོན་འོད་དང་བཅས་པ་འདས་མ་འོངས་ད་ལྟའི་དུས་གསུམ་དུ་རང་གསལ་པས་དུས་སྔ་ཕྱིས་མ་བསྒྲིབ་པར་ཟང་ཐལ་༢༔ རྟག་ཆད་སྐྱེ་འཆི་བགྲེས་རྒུད་ཀྱི་སྡུག་བསྔལ་གང་གིས་མ་གོས་པས་ཟང་ཐལ་༣༔ མཚན་མའི་ལུས་ལྔས་མ་བསྒྲིབ་པར་རྟགས་མངོན་སུམ་དུ་ཡུལ་ལ་གསལ་བས་ཟང་ཐལ་༤༔ གཟུགས་ཀྱི་དངོས་པོའི་ཆ་ཤས་ལས་འདས་པས་མདུན་རྒྱབ་མེད་པར་ཟང་ཐལ་བ་༥༔ དགེ་སྡིག་གི་སྐྱོན་ཡོན་བག་ཆགས་ཀྱི་མ་བསྒྱུར་ཞིང་ངོ་བོ་ལ་གསལ་མི་གསལ་དུ་སྒྲིབ་པ་མེད་པས་ཟང་ཐལ་༦༔ རང་རིག་ཡེ་ཤེས་རང་འོད་གསལ་ཞིང་མཁྱེན་པ་ལ་ཕྱོགས་རིས་དང་གདངས་ཀྱི་སྒྲོན་མ་ལ་ཕྱི་ནང་སྒྲིབ་པ་བྲལ་བས་ཟང་ཐལ་༧༔ ཡུལ་ཤེས་ཀྱི་སྤྲོས་པ་གང་གི་དྲྭ་བར་མ་ཚུད་པས་ཟང་ཐལ་༨༔ ཡུལ་རྐྱེན་གྱིས་གཟུང་འཛིན་ཅན་དུ་བྱར་མེད་པས་ཟང་ཐལ་༩༔ ཡེ་ཤེས་ལྔ་ལྡན་གྱི་སྤྱན་ལ་གསལ་འགྲིབ་མེད་པས་ཟང་ཐལ་༡༠བ་སྟེ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ གསང་བའི་བདག་པོ་སངས་རྒྱས་ཀྱི་སྐུ་བརྟེན་པ་རང་གི་ལུས་ལ་བརྟེན་ནོ༔ བཞུགས་པ་སྙིང་གི་དཀྱིལ་ན་བཞུགས་སོ༔ གསལ་བ་རང་གི་མིག་ནས་ཕར་གསལ་ལོ༔ སངས་རྒྱས་རང་གི་སྙིང་གི་ནང་ན་བཞུགས་པས་ཤ་ཁྲག་གི་ལུས་ཀྱིས་བཏུམ་ཀྱང་མ་ཐུམ་པར་རང་གི་མིག་གི་ནང་ནས་མཐོང་བ་མ་འགགས་པར་གསལ་བ་ཟང་ཐལ་ལེ་བ་འདི་ཀ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཟང་ཐལ་ཡིན་ནོ༔ གསང་བདག་དུས་སྔ་ཕྱིས་མ་བསྒྲིབ་པས་དུས་གསུམ་ཟང་ཐལ་དུ་བཞུགས་སོ༔ རང་གི་རིག་པ་ལ་སྐྱེ་ཤི་མེད་པའི་ཡོན་ཏན་ཡིན་ནོ༔ མཚན་མའི་ལུས་ལྔས་མ་བསྒྲིབ་པར་ཟང་ཐལ་དུ་བཞུགས་སོ༔ སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་མདུན་རྒྱབ་མེད་པའི་ཡོན་ཏན་ཡིན་ནོ༔ ལས་དགེ་སྡིག་གི་བག་ཆགས་ཀྱིས་མ་བསྒྲིབ་པས་ཟང་ཐལ་དུ་བཞུགས་སོ༔ ཡེ་ཤེས་ཀྱི་གདངས་ལ་ཕྱི་ནང་མེད་པའི་ཡོན་ཏན་ཡིན་ནོ༔ མུན་སྣང་གི་རྐྱེན་གྱིས་མ་བསྒྲིབ་པར་ཟང་ཐལ་དུ་བཞུགས་སོ༔ ཡེ་ཤེས་ཀྱི་རྐྱེན་ལ་གསལ་འགྲིབ་མེད་པའི་ཡོན་ཏན་ཡིན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ མཐོང་བ་མ་འགགས་ཟང་ཐལ་སྐུ༔ དུས་ཀྱིས་མ་བསྒྲིབ་ཟང་ཐལ་སྐུ༔ སྐྱེ་ཤི་མེད་པས་ཟང་ཐལ་སྐུ༔ ལུས་ལྔ་མ་བསྒྲིབ་ཟང་ཐལ་སྐུ༔ མདུན་རྒྱབ་མེད་པས་ཟང་ཐལ་སྐུ༔ དགེ་སྡིག་མ་བསྒྲིབ་ཟང་ཐལ་སྐུ༔ ཕྱི་ནང་མེད་པས་ཟང་ཐལ་སྐུ༔ ཡུལ་ཤེས་གཉིས་མེད་ཟང་ཐལ་སྐུ༔ རྐྱེན་གྱི་མ་བསྒྲིབ་ཟང་ཐལ་སྐུ༔ ཡེ་ཤེས་སྤྱན་ལྡན་ཟང་ཐལ་སྐུ༔ བཅུ་ཡི་ཚུལ་དུ་ཤེས་པར་གྱིས༔ ཞེས་སོ༔ འདི་ལྟར་ཟང་ཐལ་གྱི་སྐུ་སྒྲོན་མ་མིག་ནས་འཆར་བ་ལ་དགོངས་ཀྱི་འབད་མེད་ཀྱི་གཞི་ལམ་ལ་མ་འབྲེལ་སྙམ་པ་ནི་དཔྱོད་རྒྱ་ཆུང་བས་ཡིན་གྱི༔ རྒྱ་མཚོ་ཅོག་བཞག་དང་རྒྱས་འདེབས་ཆེན་པོའི་དྭངས་སངས་འབྱེད་པའི་ཡེ་ཤེས་འཆར་བ་ལས་བསམས་ཏེ་འདིར་ནམ་མཁའ་སུམ་སྤྲུག་གི་ཉམས་ལེན་ཀྱང༔ ཚིག་གསུམ་པའི་རྒྱུད་ལས༔ རང་གི་ཤེས་པ་མིག་ལ་གཏད་དེ་མིག་བར་སྣང་ལ་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ དེ་ལ་གནས་ལུགས་ཟང་ཐལ་གྱི་དགོངས་པ་ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་གིས་མ་བསླད་པའི་རིག་པ་གནས་ལུགས་ཆོས་ཀྱི་སྐུ་ད་ལྟར་གྱི་ཤེས་པ་གསལ་ལ་མ་འགགས་པར་སལ་ལེ་ཧྲིག་གེ་བ༔ ཧུར་རེ་རྗེན་ནེ་བ༔ རྣམ་རྟོག་གང་གིས་ཀྱང་མ་བསླད་པའི་རྟོག་མེད་ཀྱི་རིག་པ་མ་འགགས་པར་རྐྱང་པ་འཆར་བ༔ ཤེས་པ་དྭངས་སངས་ངེ་བ༔ རིག་པ་དྭངས་སང་ངེ་བ༔ དྲན་པ་མ་འགགས་པ་འཛིན་རིག་མ་ཞུགས་པའི་གནས་ལུགས་མ་བཅོས་པ་དེ་ཀ་ལ་ཉམས་སུ་བླངས་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ ཞེས་གསུངས་པའི་ཕྱིར་རོ༔
བཞི་པ་ལྷུན་གྲུབ་འཆར་གཞིར་བཞུགས་པ་ནི༔ དེ་ལྟ་བུའི་རང་བྱུང་ཡེ་ཤེས་ཀྱི་རང་རྩལ་སྒོ་ལྔའི་རྣམ་པར་ཤེས་པ་ནི་ཡུལ་ལ་ཤར་བའི་བྱེད་ལས་རྟོག་མེད་ཀྱི་ཆ་ནས་ལོངས་སྐུའི་སྤྲུལ་སྐུར་གྲུབ་ཅིང་༔ དེའི་ངོ་བོ་ཆོས་སྐུའི་ཡེ་ཤེས་ཅེར་གྲོལ་གྱི་ཤེས་སྐུར་ངེས་པའི་ཕྱིར་ན༔ རྣམ་ཤེས་ཐམས་ཅད་ཀྱི་འཆར་གཞི་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཡེ་ཤེས་ལྷུན་གྲུབ་འོད་ཀྱི་ཕུང་པོ་མ་འགགས་པར་བཞུགས་སོ༔ མར་མེ་ལས༔ གསང་བདག་ལྷུན་གྱིས་གྲུབ་པ་ནི་རང་གི་སྙིང་གི་དཀྱིལ་ན་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་ཡིན་ནོ༔ ཐམས་ཅད་དུ་འཆར་གཞི་མ་འགགས་པ་ནི་ཞེས་སོགས་གང་གསུངས་པ་ལྟར་རོ༔
གཉིས་པ་ལོངས་སྐུ་ཤེས་རབ་ཀྱི་ཁ་མིག་རྣ་བ་ཅན་ནི༔ རིག་སྟོང་ཟུང་འཇུག་གི་རྩལ་ཤེས་རབ་ལྔར་འབར་ཞིང་༔ དེ་ཡང་རྒྱུ་རྐྱེན་གྱིས་བསྐྱེད་པའི་སེམས་བྱུང་མ་ཡིན་པ་དང་༔ སྐུ་དང་ཡེ་ཤེས་གཉིས་སུ་འཛིན་པའི་གཟུང་འཛིན་མེད་པ༔ ཡུལ་གཞན་བྱུང་གི་སྤྲོས་པ་མེད་པའི་རང་བྱུང་གི་ཡེ་ཤེས་ཆོས་སྐུར་རང་གསལ་བའི་ཕྱིར༔ དེ་ཉིད་ལས༔ ཀྱེ་རྡོ་རྗེ་འཛིན་པ་ཤེས་རབ་ཀྱི་སྐུ་ལ་མཚན་མའི་གཟུགས་མེད༔ སྐུ་དང་ཡེ་ཤེས་ཐ་དད་དུ་འཛིན་པའི་རྟོག་པ་ལས་གྲོལ་ཏེ༔ ངོ་བོ་ཉིད་ཆོས་སྐུར་གསལ་བ་ཤེས་རབ་རང་གསལ་གྱི་སྐུ་ལ་ཡུལ་སྣང་མེད་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཤེས་རབ་མེད་དེ༔ རང་བྱུང་གི་ཡེ་ཤེས་སུ་གསལ་ལོ༔ ཞེས་སོ༔
གསུམ་པ་སྤྲུལ་སྐུ་འོད་ཀྱི་ཁ་མིག་ཅན་ནི༔ ཡེ་ཤེས་ལྔ་ནི་ཆོས་སྐུའི་སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ངོ་བོའམ་སྙིང་པོ་ཡིན་པས་དེའི་རང་གདངས་སམ་སྙིང་པོ་འོད་ལྔའི་སྐུ་ལྔར་སྨིན་པའི་གོ་དོན་གྱིས་འོད་ཀྱི་ཁ་མིག་ཅན་ཞེས་བྱའོ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ་རང་གི་རིག་པའི་ངོ་བོ་སྟོང་པར་འདུག་པ་འདི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ༔ དེའི་གདངས་འོད་མཐིང་ཀར་ཤར་རོ༔ དེའི་ཡོན་ཏན་རྣམ་པར་སྣང་མཛད་ཀྱི་སྐུར་སྨིན་ནོ༔ ཞེས་དཀྲུགས་པ་འོག་མ་དག་ལ་སྡེབས་ཏེ་བཤད་པ་ལྟར་གོང་འོག་བསྣོལ་བའོ༔ ཀྱེ་གསང་བའི་བདག་པོ་ཡེ་ཤེས་ལྔ་བོ་འདི་གཞི་ལ་གནས་པའི་ཡེ་ཤེས་ཞེས་བྱའོ༔ འོད་ལྔ་ནི་མཚན་ཉིད་འཛིན་པའི་འོད་ཅེས་བྱའོ༔ སྐུ་ལྔ་ནི་ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་ཞེས་བྱའོ༔ ཞེས་པ་ལྟར་རོ༔ འདི་ནི་ཆོས་སྐུའི་སྤྲུལ་སྐུ་ཡིན་པས་ན་འོད་ལྔ་ཕྱོགས་སུ་ཤོར་བའི་རགས་པ་ལ་ཁས་ལེན་པ་མ་ཡིན་ཏེ་འོད་ཀྱི་འཆར་གཞི་གོ་མ་འགགས་པའི་སྒོ་ཡོད་པས་ན་དེ་ལྟར་དགོངས་པ་བླང་ངོ༔
བཞི་པ་ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་ནི་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པར་བཤད་པས་ཆོས་སྐུའི་ཕྲིན་ལས་ལ་དགོངས་པ་འོག་ནས་འབྱུང་བ་བཞིན་ནོ༔
གསུམ་པ་དོན་བསྡུ་བ་ནི༔ དེ་དག་ཀྱང་སྙིང་པོ་ལྔ་ལྡན་གྱི་ཆོས་སྐུ་ཞེས་བྱ་སྟེ༔ ངོ་བོ་སྟོང་པ་ཉིད་དུ་ཀ་ནས་དག་ཀྱང་བེམ་སྟོང་བྱིང་མ་ཆད་དེ་ཤེས་ཤིང་རིག་པའི་མཁྱེན་པ་རང་གསལ་བའི་བདེ་ཆེན་ལྷུན་གྲུབ་འདུས་མ་བྱས་དང་དབྱེར་མ་མཆིས་པས་ན་སྟོང༵་པ༵་རིག༵་པའི༵་སྙིང༵་པོ༵་ཅན༵་ནམ་ཆོས༵་སྐུ༵་ཡེ༵་ཤེས༵་ཀྱི༵་ཁ༵་མིག༵་ཅན་ཞེས་ཟེར་རོ༔ སྟོང་གསལ་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཡང་གཞན་རྟོག་གི་གཟུང་འཛིན་མེད་བཞིན་དུ་ཤེས་རབ་བཞིའི་མཁྱེན་ཆ་རང་གསལ་གྱི་སྤྱན་དང་ལྡན་པས་རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན༔ ཤེས་རབ་དེས་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མཁྱེན་པའི་བྱེད་ལས་མ་འགགས་པར་འཇུག་པའི་ཐུགས་རྗེའི་འདུལ་བ་ཅན་དུ་ཡོད་པ་ནི་ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན་ནམ་ལོངས་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་ཞེས་བྱའོ༔ ཐུགས་རྗེའི་ངོ་བོ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་བཞུགས་པའི་ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་གཞིར་གནས་ཀྱི་ཡེ་ཤེས་སོ༔ ཡེ་ཤེས་དེའི་ཤར་གཞི་དང་ཤར་ཆོས་ལས་སྙིང་པོའི་རང་གདངས་བཅུད་ཀྱི་ཞིང་ཁམས་འོད་ལྔ་དང་དེའི་རྣམ་རྟགས་སྐུ་ལྔའི་བཅུད་དུ་འདྲིལ་བ་ནི་སྤྲུལ་སྐུ་འོད་ཀྱི་ཁ་མིག་ཅན་ཏེ༔ དེ་ལྟ་བུའི་སྐུ་གསུམ་ཡེ་ཤེས་དང་བཅས་པའི་ངོ་བོར་བྱང་ཆུབ་སེམས་ཀྱི་རྡོ་རྗེ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་འདུ་འབྲལ་མེད་པར་བཞུགས་པ་ནི་ཀུན་བཟང་ཡབ་ཡུམ་དབྱེར་མེད་པའི་སྙིང་པོ་ལྔའི་རྒྱུད་ཀྱིས་ཁྱབ་པ་ཞེས་ལུང་གི་ཚིག་ཅུང་ཟད་གཅུས་པར་ཡོད་ཀྱང་ཡེ་ཤེས་མར་མེའི་རྒྱུད་ལས༔ སྙིང་པོ་ལྔ་ནི་སངས་རྒྱས་ཆོས་ཀྱི་སྐུ༔ སྟོང་པ་རིག་པའི་སྙིང་པོ་ཅན་དུ་བཞུགས་སོ༔ རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན་དུ་བཞུགས་སོ༔ ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན་དུ་བཞུགས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ༔ ཡེ་ཤེས་འོད་ཀྱི་ལུས་ཅན་དུ་གནས་སོ༔ འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ༔ ཞེས་སོ༔ དེ་ལྟར་ཆོས་འདས་ཆོས་ཀྱི་སྐུ་ཁོང་གསལ་ཆེན་པོའི་བཞུགས་ཚུལ་ཀྱང་༔ སེང་གེ་རྩལ་རྫོགས་ལས༔ གསང་བའི་ཡེ་ཤེས་ཁོང༵་གས༵ལ་བས༔ བརྗོད་པའི་ཚིག་ལས་འདས་པའོ༔ ཡེ་ཤེས་སྐུ་ལ་རབ་གནས་པ༔ དུས་དང་མཐའ་ལ་མི་གནས་པའོ༔ གཅིག་ཏུ་མེད་པའི་དོན་དམ་ཉིད༔ ཕྱོགས་སུ་མ་སོང་ལྟ་དང་བྲལ༔ བཅོས་སུ་མེད་པས་བསྒོམ་དང་བྲལ༔ ཞེས་དང་༔ ཤེས་རབ་གསལ་བ་ལོངས་སྐུ་ཁོང་གསལ་ཀྱང༔ ཕྲ་བཀོད་ལས༔ ཆོས་མིན་ཤེས་རབ་ཁོང༵་གས༵ལ་བ༔ དྲན་བྱེད་ཡུལ་དུ་མེད་པའོ༔ ཞེས་དང་༔ ཤེས་རབ་ཡེ་ཤེས་ཁོང་ནས་གསལ༔ དེ་ནས་སྣང་དང་གསལ་བ་དང་༔ རང་བཞིན་ཀུན་ཏུ་ཁྱབ་པའོ༔ ཞེས་སོ༔ དེ་ལྟར་ཆོས་སྐུ་ཁོང་གསལ་གྱི་ཡེ་ཤེས་ནི་ལྷུན་གྲུབ་ཕྱི་རྒྱ་མ་རལ་པའི་སྣང་ཆའི་སྤྲོས་བྲལ་མི་འགྱུར་བའི་ཆ་ནས་ལྗང་གུ་ནང་སྔོ་སེར་ལྗང་གསུམ་འདུས་པ་བཞིན་འོད་ཀྱི་སྦུབས་སྐུ་གསུམ་ནང་དུ་ལོག་སྟེ་བཞུགས་པའི་དོན་དུ་ལོག༔ མཐིང་ཀ་མི་འགྱུར་བ་བཞིན་ཕྱིར་ཐོན་ཞེས་བྱའོ༔ རབ་འབྱམས་ལས༔ འོད་ཟེར་མཐིང་ཀ་ཕྱི་རུ་ཐོན༔ ལྗང་གུ་ནང་དུ་ལོག་ནས་ཀྱང་༔ ཡེ་ཤེས་ཁོང་གསལ་ཆེན་པོར་གནས༔ དེ་ནི་ཆོས་སྐུའི་ལྷུན་གྲུབ་ཡིན༔ ཞེས་པ་ལྟར་རོ༔ དེ་ལ་འདི་ལྟར་རང་བྱུང་གི་ཆོས་སྐུ་ཁོང་གསལ་སྙིང་པོ་ལྔ་ལྡན་ཉིད་སྙིང་གར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་ཡེ་ཤེས་ཆེན་པོའི་ཐིག་ལེར་གནས་པ་ཉིད་ཡིན་ནོ༔ འདི་ན་ཡེ་ཤེས་དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་ཡིན་པར་དོན་གྱི་སྒྲ་ཐོབ་བོ༔ འཆད་ཚུལ་ངོ་བོ་བདག་གཅིག་གིས་འབྲེལ་བའི་ཕྱིར་རླུང་གསུང་ཤེས་ཐུགས་སྐུ་སྐུ་ནི་གསུམ་སྟེ་གསུམ་ཀ་ཐུགས་རྗེ་རིག་པའི་ཡེ་ཤེས་ལ་བསྡུ་བ་ཡང་འབྱུང་བས་འདིར་ནི་ངོ་བོ་རང་བཞིན་ཐུགས་རྗེ་ལ་སྐུ་འོད་ཡེ་ཤེས་སུ་བཤད་པ་ལྟར་རོ༔
གཉིས་པ་གཟུགས་སྐུ་ཁོང་གསལ་སྙིང་པོ་གསང་བའི་ཡེ་ཤེས་ཀྱི་བཞུགས་ཚུལ་བཤད་པ་ལ༔ དོན་གྱི་གནས་ལུགས་བསྟན་པའི་སྒོ་ནས་བསྡུས་ཏེ༔ རྣམ་པར་འགྲོལ་བའི་སྒོ་ནས་རྒྱ་ཆེར་བཤད་པའོ༔
དང་པོ་ནི༔ དེ་ལྟར་ཆོས༵་སྐུ༵་ནང་གསལ་གྱི་ཡེ་ཤེས་ཁོང༵་གས༵ལ་ཉིད་ཀྱང༔ དབུ་མ་ཆེན་པོ་དང༔ རང་བཞིན་གནས་རིགས་དང༔ འོད་གསལ་ཞེས་བཤད་པ་དེ་ཡིན་ལ༔ གཟུག༵ས་སྐུ༵་ཁོང༵་གས༵ལ་ནི༔ གསང་སྔགས་སྤྱི་སྐད་དུ་རྩ་མི་ཤིགས་པའི་ཐིག་ལེ་ལ་སོགས་པ་བཤད་པའི་དགོངས་གཞི་མཐར་ཐུག་པ༔ གཟུགས་སྐུའི་ངོ་བོ་ཉིད་ཆོས་ཅན་རང་བཞིན་གནས་རིགས་ལོངས་སྤྲུལ་གཉིས་སེམས་ཅན་ལ་གནས་པའོ༔ དེ་ཡང་གཉུག་མའི་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པའི་གནད་ཀྱིས༔ ཐིག་ལེ་མི་ཤིགས་པའི་སྐུ་རྡོ་རྗེའི་ངོ་བོ་ཉིད་ནི་ཆོས་སྐུའི་དུས་ན་སྤྲོས་བྲལ་དབྱིངས་ཀྱི་ཐིག་ལེ༔ ལོངས་སྐུའི་དུས་ན་འོད་ལྔ་རང་ཆས་ཀྱི་སྒྲོན་མའི་སྐུའི་དཀྱིལ་འཁོར༔ སྤྲུལ་སྐུའི་དུས་ན་ཞིང་ཁམས་གཟུགས་སྐུ་དང་བཅས་པ༔ འཁྲུལ་པའི་དུས་ན་ཕྱི་ནང་གི་ལུས་དང་རྩ་གྲུབ་པའི་དཀར་དམར་ལུས་ཀྱི་གཞི་མའོ༔ གསུང་རྡོ་རྗེའི་རང་བཞིན་གཉུག་མའི་རླུང་ནི༔ ཆོས་སྐུ་རང་གསལ་རིག་སྟོང་ཤེས་རབ་ཀྱི་སྙིང་པོ་ཅན་སྐྱེ་མེད་ནམ་མཁའི་གསུང་གི་ངོ་བོའམ་སྒྲ་གདངས་ལྡན་པ༔ ལོངས་སྐུ་སྲོག་རླུང་ཡན་ལག་ལྔའི་སྐུ་འོད་ཐིག་ལེ་འབྱུང་ཆེན་གྱི་ངོ་བོའི་རྟ་དགོངས་པ་བརྡའི་གསུང་གི་སྒྲ་གདངས་ཅན༔ སྤྲུལ་སྐུའི་ཚངས་དབྱངས་ཚིག་བརྗོད་ཀྱི་སྒྲ་གདངས༔ འཁྲུལ་པའི་ཤེས་པ་དང་ལུས་ངག་གི་གཡོ་རྩོལ་ཉོན་མོངས་སྣ་ཚོགས་པའི་རྟེན་དུ་གྱུར་པའི་བྱེད་རྩོལ་ངག་གི་སྒྲ་གདངས་ཅན་ནོ༔ གཉུག་མའི་སེམས་མི་ཤིགས་པའི་ཐིག་ལེ་ནི༔ ཆོས་སྐུའི་གཞིར་གནས༔ ལོངས་སྐུའི་མཚན་ཉིད་འཛིན༔ སྤྲུལ་སྐུའི་ཡུལ་ཁྱབ་ཀྱི་ཡེ་ཤེས༔ སེམས་ཅན་གྱི་ཚོགས་བརྒྱད་གཟུང་འཛིན་གྱི་སེམས་སུ་བྱུང་བས་ན་སྒོ་གསུམ་དང་རྡོ་རྗེ་གསུམ་འདུ་འབྲལ་མེད་ཅིང་༔ ལུས་ངག་ཡིད་གསུམ་ཞིག་གྲུབ་ཕན་ཆད་དེའི་ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས་ཡོད་པར་གྲུབ་ཅིང་༔ ཡང་ལུས་གར་ཡོད་དུ་རྩ༔ དེ་ལ་ཕ་མའི་ཐིག་ལེ༔ དེ་དག་ལ་བཞོན་པའི་ལས་རླུང་༔ དེ་ལ་ཆོས་ཉིད་ཡེ་རླུང་༔ དེ་ལ་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་གྲུབ༔ དེའི་གཟུགས་རང་བཞིན་འོད་ཀྱི་ཐིག་ལེ་ཡི་གེའི་ཕྲ་མོ༔ དེའི་ངོ་བོ་སྐུ་ཞལ་ཕྱག་གི་སྣང་ཆ༔ དེའི་ཐུགས་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་བརྟེན་པའང་འགྲུབ་པའི་ཕྱིར༔ རྒྱུད་སྡེ་ཀུན་ནས་ཕྲ་བའི་བསྒྲུབ་གཞིར་གསུངས་པ་དང་༔ ཡེ་ཤེས་སེམས་དཔའ་སྙིང་ལ་བསྒོམ་པ་དང་༔ རྫོགས་རིམ་པས་ཐིག་ལེ་སྙིང་ལ་བསྒོམ་པ་ཡིན་ནོ༔ འདིར་དེ་དག་གི་མཐར་ཐུག་པའི་དགོངས་གཞི་ཡེ་ཤེས་ཀྱི་རང་སྣང་ལོང་སྤྱོད་རྫོགས་པའི་སྐུ་སྙིང་ལ་གནས་པ་ལ་སུས་ཀྱང་མ་མཐོང་བས་གས༵ང་བའི༵་ཡེ༵་ཤེས༵༔ མ་འགགས་པར་གསལ་བས་ཁོང༵་གས༵ལ༔ འགྱུར་བའི་ཟུག་རྔུ་མེད་པས་གཞོན༵་ནུ༵༔ ཕྱི་གསལ་ཡུལ་ལ་མི་སྣང་བས་བུམ༵་པའི་སྐུ༵་ཞེས་བྱ་སྟེ༔ རྩལ་རྫོགས་ལས༔ སངས་རྒྱས་ཡེ་ཤེས་སེམས་དཔའ་ཡིས༔ རང་གི་ལུས་ལ་རྫོགས་པར་བཤད༔ ཅེས་སོ༔ འདི་ལས་གཞལ་ན༔ རྩ་ཐིག་རླུང་གསུམ་སྐུ་གསུམ་དང་སྐུ་གསུང་ཐུགས་ལ་སྦྱོར་བ་ལའང་ལྟོས་འཇོག་མཐའ་དག་ཡོད་པར་ཤེས་དགོས༔ ཡང་ཡེ་ཤེས་མེད་ན་སེམས་མི་འབྱུང་༔ སྲོག་ཆེན་པོ་མེད་ན་རླུང་མི་འབྱུང་འོད་དང་ཐིག་ལེའི་སྒྲོན་མ་མེད་ན་ལུས་མི་འབྱུང་ཞིང་༔ ཡེ་ཤེས་ཡོད་པས་དེའི་རྟར་གདངས་ཀྱི་རླུང་སྲོག་ངོ་བོ་དབྱེར་མེད་དུ་བྱུང་༔ ཡེ་ཤེས་ལ་སྐུའམ་དབྱིངས་ཡོད་པས་འོད་དང་ཐིག་ལེ་བྱུང་༔ སྲོག་ལ་ཡན་ལག་གི་རླུང་བཞི་ཡན་ལག་ཡོད་པས་སྒྲོན་མ་ཁོང་གསལ། མཁའ་གསལ། ཡུལ་གསལ་ལོ། །གསལ་གསུམ་དུ་བྱུང་ངོ༔ རྒྱུ་མཚན་དེས་ན་མཉམ་དུ་གྲུབ་པར་གསུངས་པའང་གཞི་དུས་སུ་ཡིན་གྱི༔ གཞན་དུ་ཡེ་ཤེས་ཡོད་ཙམ་མས་ལུས་ངག་ཡིད་གསུམ་ཡོད་པའང་༔ ཡེ་ཐོག་དང་འབྲས་དུས་ཀྱི་དངོས་ལ་གནོད་བྱེད་ཡོད་པ་དང་༔ སེམས་མེད་ན་རླུང་མི་འབྱུང་བའང་ཡེ་རླུང་ཕྲ་བའི་འོད་ཟེར་ལྔ་བ་ལས་མ་ངེས་པ་དང་༔ གཞི་དུས་ཀྱི་རླུང་སེམས་དབྱེར་མེད་དེ་རྡོ་རྗེ་གསུམ་གྱི་སྒྲུབ་གཞིར་བྱེད་ན༔ རླུང་ལ་ཁ་དོག་ཡོད་པར་བཤད་ནས་རླུང་སྐུའི༔ སྒྱུ་ལུསདང་དེའི་རང་སྒྲ་གསུང༔ སེམས་ཐུགས་ཀྱི་སྒྲུབ་གཞིར་གསུངས་པ་དང་༔ འདིར་རླུང་མེད་རླུང་གི་ཁ་དོག་སྒྱུ་ལུས་ཀྱི་བསྒྲུབ་གཞི་ལས་ཐིག་ལེ་མི་འབྱུང་ཞེས་ཐིག་ལེ་སྐུའི་ངོ་བོར་བཤད་པ་དང་༔ དབྱིངས་ཐིག་གི་རྟར་རླུང་ཡོད་པར་བཤད་པའང་ངོ་བོ་དབྱེར་མེད་ཡིན་པས་ཆེས་ཕྲ་བར་འབྱེད་དཀའོ༔ ཡང་དཀར་དམར་རླུང་གསུམ་སྐུ་གསུམ་དང་སྐུ་གསུང་ཐུགས་ཀྱི་སྒྲུབ་གཞིར་བཤད་པ་དང་༔ རྩ་རླུང་ཐིག་ལེ་སྐུ་གསུང་ཐུགས་སུ་བཤད་པ་དང་དེ་ལ་སོགས་པའི་མཚང་འདྲ་ཚིག་གཟུགས་པོར་འགྲེལ་ནས་འདྲི་རྒྱུ་ཡིན་ན་ཕ་མཐའ་ཡས་ཀྱང་༔ ཁོ་བོ་དོན་ལ་རྟོན་པས་རང་བྱུང་པདྨ་འབྱུང་གནས་ཀྱི་དགོངས་པ་དེ་ལྟར་ཡིན་ནོ༔ རབ་འབྱམས་ལས༔ མ་རིག་གཉིས་སྣང་འཛིན་པ་ཡིས༔ ཡེ་ཤེས་རྩལ་ཡང་འབྱུང་བཞིར་འདུས༔ འབྱུང་བཞིའི་ལས་ཀྱིས་ལུས་སུ་གྲུབ༔ ལུས་དང་མཉམ་དུ་རྩ་རྣམས་གྲུབ༔ རྩ་དང་དུས་མཉམ་ཐིག་ལེ་གྲུབ༔ དེ་གྲུབ་སྐུ་དང་ཡེ་ཤེས་གྲུབ༔ ཅེས་དང་༔ ཀློང་གསལ་ལས༔ འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ༔ དེ་བཞིན་གཤེགས་པའི་སྙིང་པོ་ནི༔ སྐུ་དང་ཡེ་ཤེས་རྩ་དང་རླུང་༔ ཐིག་ལེ་ཉག་གཅིག་སྐུ་རྣམས་ནི༔ ཏིལ་ལ་མར་གྱི་ཁྱབ་བཞིན་ནོ༔ སྤྱིར་ན་རྩ་རླུང་རིག་པ་གསུམ༔ ཐ་དད་བཤད་ཀྱང་གཅིག་ཏུ་འདུས༔ རིག་པ་མེད་ན་སེམས་མི་འབྱུང་༔ སེམས་འདི་མེད་ན་རླུང་མི་འབྱུང་༔ སེམས་ཅིག་བྱུང་ནས་ཡེ་ཤེས་གྲུབ༔ ཡེ་ཤེས་རྩལ་ལས་འགག་མེད་འཆར༔ རྩ་རླུང་ཐིག་ལེ་རིག་པ་སེམས༔ ཐམས་ཅད་དབྱེར་མེད་རོ་གཅིག་འདྲེས༔ མ་ཤེས་སོ་སོར་བཟུང་བ་ཡིས༔ མིང་མེད་མིང་དུ་སོང་བ་བཞིན༔ ཞེས་དང་༔ རྩ་ཡི་དྲྭ་བ་ཐིག་ལེས་ཁྱབ༔ ཐིག་ལེ་ཡིག་འབྲུ་སྐུ་ཡེ་ཤེས༔ རྩ་རེའི་ནང་ན་རླུང་རེས་ཁྱབ༔ རླུང་ཡང་ཡེ་ཤེས་ཐིག་ལེ་རྣམས༔ ཉུངས་འབྲུ་ཙམ་གྱིས་ཐམས་ཅད་ཁྱབ༔ ཅེས་སོ༔ དེ་ཡང་སྔར་བཤད་པའི་འོད་རྩ་ཤེལ་གྱི་སྦུ་གུ་ཅན་དེ་ནི་གཉུག་མའི་རྩ་མི་ཤིགས་པའི་ཐིག་ལེ་ཡིན་ལ༔ དེའི་རྩ་བའི་འཕྲོ་གཞི་སྙིང་དབུས་གསེར་གྱི་རྩ་ཆེན་ལ༔ སྔར་ཁ་དོག་ལྔ་དང་ལྡན་པའི་རླུང་ཡོད་པར་བཤད་པ་ནི་སྲོག་མི་ཤིགས་པའི་ངོ་བོ་ལས་ཀུན་བྱེད་པའི་གསུང་རྡོ་རྗེ་སྐྱེ་མེད་ཀྱི་རང་སྒྲ་ཅན་དེའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རབ་འབྱམས་རྒྱ་མཚོའི་འཁོར་ལོས་བསྒྱུར་ཞིང་༔ བྱང་ཆུབ་སེམས་ཀྱི་རང་རྩལ་ཡེ་ཤེས་ལྔ་དང་ཡུལ་ཁྱབ་གཉིས་ཐུགས་ཀྱི་མཚན་ཉིད་འཛིན་པ་ལོངས་སྐུས༔ ཁྱབ༵་པའི༵་གཞི༵་སྙིང༵་པོའི༵་རྒྱུད༵་ཁོང༵་གས༵ལ་གྱི་ཚུལ་ལོ༔
གཉིས་པ་གཟུགས་སྐུས་ཁྱབ་པའི་ཁོང་གསལ་གྱི་གནས་ལུགས་རྣམ་པར་འགྲོལ་བའི་སྒོ་ནས་རྒྱ་ཆེར་བཤད་པ་ལ༔ རྣམ་རྟགས་ཀྱི་ཕྱག་རྒྱ་དང་སྦྱར་ནས་ངོ་བོ་སྐུར་བཞུགས་པའི་ཚུལ༔ ནང་ཡི་གེའི་རང་འོད་སྒྲ་དབྱངས་དང་བཅས་པའི་གསུང་ཐིག་ལེ་རང་བྱུང་རང་བཞིན་འོད་དུ་རྩ་ནང་ན་བཞུགས་པའི་ཚུལ༔ གསང་བའི་ཐུགས་ཀྱི་ཕྲིན་ལས་ཟང་ཐལ་བའི་ཡེ་ཤེས་ཐུགས་རྗེ་སྒྲོན་མར་བཞུགས་ཚུལ༔ དབྱེར་མེད་ཀུན་ཏུ་ལྡན་པའི་གནས་ལུགས༔ ཡོན་ཏན་གྱི་ཁྱད་པར༔ སྐུ་གཉིས་སུ་ཕྱེ་བས་མཇུག་སྡུད་པ་དང་དྲུག་གི༔
དང་པོ་ལ༔ སངས་རྒྱས་ཀྱི་རང་ལུས༔ རྣམ་རྟགས་ལྷ་སྐུའི་ཕྱག་རྒྱ་བཞུགས་ཚུལ་༡༥༔ དེ་དག་གི་སྣང་གཞི༔ རང་གསལ་གྱི་ཡེ་ཤེས་སུ་བཤད་པ་དང་བཞི་ལས༔
དང་པོ༔ སངས་རྒྱས་ཀྱི་རང་ལུས་ནི༔ རང་གི་རིག་པ་འོད་ལྔའི་ཕུང་པོར་བཞུགས་སོ༔ དེ་ཡང་འོད་ཁ་དོག་ལྔ་ལྡན་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་བཀྲག་ཅིང་མེ་རེ་རེ་ཡོད་དོ༔ གལ་ཏེ་དེ་ལྟར་མིན་ན་སངས་རྒྱས་ཞེས་བྱ་བ་སྣང་གསལ་གྱི་མཐའ་འགགས་ནས་མུ་སྟེགས་ཆད་ལྟའི་འཕྲང་ལས་རྒལ་མི་ནུས་པས་ན༔ རབ་འབྱམས་ལས༔ སྐུ་ལྔ་ཡེ་ཤེས་ཆོས་ཀྱི་སྐུ༔ རིག་པ་འོད་ལུས་ཡེ་གདོད་ནས༔ ཡུལ་དག་སྣང་བ་མ་འགགས་གནས༔ སངས་རྒྱས་རང་ཆས་སྐུ་ཡེ་ཤེས༔ འོད་དང་རིག་པ་ཟང་ཐལ་ཡུལ༔ ཡེ་ནས་རང་ཆས་ཙིཏྟ་གནས༔ འོད་དང་འོད་ཁྱིམ་ཚུལ་དུ་སྣང་༔ ཞེས་དང་༔ སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་བུ་གཅིག་གི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ་ཡུལ་ཆོས་ཀྱི་དབྱིངས་སུ་རྟོགས་སོ༔ མཚན་མར་སྣང་བ་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་རྟོགས་སོ༔ འོད་ལྔ་སངས་རྒྱས་ཀྱི་རང་ལུས་ཡིན་པར་རྟོགས་སོ༔ ཞེས་དང་༔ སངས་རྒྱས་ཀྱི་ལུས་འོད་ལྔར་གསལ་ལོ༔ ཞེས་སོ༔ ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་སུ་ནི་ལུས་འོད་ལས་འཁྲུལ་པ་དང་༔ འོད་རྩ་དང་༔ འོད་ལྔའི་རླུང་དང་ཐིག་ལེ་ལ་རང་ལུས་སུའམ་ངོ་བོ་སྐུ་རྡོ་རྗེའི་བསྒྲུབ་གཞིར་བཞག་ཚུལ་ཐམས་ཅད་འདིར་འདུམ་མོ༔ རབ་འབྱམས་ལས༔ རྩ་རླུང་ཐིག་ལེ་བདེ་ཆེན་སྐུ༔ ཞི་ཁྲོ་རིགས་བརྒྱ་རང་ལུས་གྲུབ༔ ཕྱག་རྒྱ་ཆེན་པོའི་ས་ལ་གནས༔ ཞེས་སོ༔
གཉིས་པ་རྣམ་རྟགས་ལྷ་སྐུའི་ཕྱག་རྒྱའི་བཞུགས་ས་ནི༔ ཆོས་སྐུ་ཞི་བ་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་སྙིང་ལ་བཞུགས་པར༔ ལོངས་སྐུ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་མགོ་ལ་བཞུགས་པར༔ སྤྲུལ་སྐུ་རོལ་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་གཞུང་བ་ན་བཞུགས་པར༔ ཡང་སྤྲུལ་སྒྱུ་འཕྲུལ་ཅིར་ཡང་བསྒྱུར་བའི་དཀྱིལ་འཁོར་རྩ་ན་བཞུགས་པར༔ སུམ་སྤྲུལ་སྐྱེ་བ་སྣ་ཚོགས་སྟོན་པའི་དཀྱིལ་འཁོར་གཟུང་འཛིན་ཕྱི་རོལ་དུ་བཞུགས་པར་བཤད་པ་དང༔ ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་གྱི་དཀྱིལ་ན་བཞུགས་པའི་རྣམ་རྟགས་བཤད་པ་དང་དྲུག་ལས༔
དང་པོ་ལ༔ སེམས་ཅན་ཐམས་ཅད་ཀྱི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་གསེར་གྱི་རྩ་ཆེན་པོ་ལ་ཡན་ལག་བཞིའི་རླུང་གིས་གཞི་སྣང་ཆེན་པོར་བསྐྱོད་པའི་ཡེ་ཤེས་ལྔའི་རིགས་ཀྱི་ཁ་དོག་ཅན་ལ་ནང་གསེས་ཀྱི་འོད་ལྔ་ལྔ་མ་འདྲེས་པའི་མཚན་ཉིད་འཛིན་པའི་ཕུབ་ལྔའི་ནང་དུ་འོད་ལྔའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ་རིག་པ་ཀུན་ཏུ་བཟང་པོའི་གདངས་ལས༔ མཚན་ཉིད་འཛིན་པའི་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀར་བཞུགས་སོ༔ ཆོས་ཉིད་ཀུན་ཏུ་བཟང་མོའི་གདངས་ལས་མཚན་ཉིད་འཛིན་པ་ཀུན་ཏུ་བཟང་མོ་མཐིང་སྐྱར་མཉམ་བཞག་གི་ཕྱག་རྒྱ་ཅན༔ དེའི་དམ་ཚིག་གི་སེམས་དཔའི་ཚུལ་དུ༔ སེང་གེའི་ཁྲི་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་སྐུ་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ཀ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ འཁོར་ལོ་རྩིབས་བརྒྱད་པ་འཛིན་པ་རིགས་ཆུང་གི་སེམས་དཔས་རྒྱས་པ༔ དེའི་ཕྱོགས་བཞིར་ཡེ་ཤེས་བཞིའི་རྟགས་ཀྱི་ཕྱག་རྒྱ་ཆེན་པོ་གླང་ཆེན་རྟ་དང་རྨ་བྱ་ཤང་ཤང་གི་གདན་ལ༔ རྡོར་སེམས༔ རིན་འབྱུང་༔ མཐའ་ཡས་དོན་གྲུབ་རྣམས༔ སྐུ་མདོག་དཀར་སེར་དམར་ལྗང་༔ ཡུམ་སངས་རྒྱས་སྤྱན་དང་མ་ཀཱི༔ གོས་དམར་མོ༔ དམ་ཚིག་སྒྲོལ་མ་རྣམས་དང་ཡབ་ཡུམ་ཟུང་འཇུག་འཁྲིལ་སྦྱོར་དུ་བཞུགས་པའི་ཕྱག་ཡབ་གྱིས་གཡས་ཡུམ་གྱིས་གཡོན་ས་གནོན་མཆོག་སྦྱིན་མཉམ་བཞག་སྐྱབས་སྦྱིན་གྱི་ཕྱག་རྒྱའི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་བ་དང་༔ ནོར་བུ་རིན་པོ་ཆེ་དང་༔ པདྨ་འདབ་མ་བརྒྱད་པ་དང༔ རྡོ་རྗེ་རྒྱ་གྲམ་བསྣམས་ཤིང་༔ ཡུམ་གྱིས་གཡས་ཡབ་གྱིས་གཡོན་ཐམས་ཅད་ན་རང་རིགས་ཀྱི་དྲིལ་བུ་འཛིན་པ༔ རིགས་བཞིའི་སངས་རྒྱས་ཀྱི་གཡས་གཡོན་དུ་ཡབ་ལྔའི་ཐབས་འགགས་མེད་ཀྱི་ཆ་འཛིན་པའི་སེམས་དཔའ་རིམ་པར་གཉིས་གཉིས་ཏེ༔ ས་སྙིང་བྱམས་པ༔ ཀུན་བཟང་ནམ་སྙིང་༔ སྤྱན་གཟིགས་འཇམ་དཔལ༔ སྒྲིབ་སེལ་ཕྱག་རྡོར་རྣམས་དང་༔ མདུན་རྒྱབ་ཏུ་རིམ་པར་ཡུམ་བཞིའི་ཤེས་རབ་འགྱུར་མེད་ཀྱི་ཆ་འཛིན་པའི་བྱང་ཆུབ་སེམས་མ་ལ་སྱེ༔ པུཥྤེ༔ མ་ལྱེ༔ དྷཱུ་པེ༔ གིརྟི༔ ཨ་ལོ་ཀེ༔ གནྡྷེ༔ ནིརྟི་མ་སྟེ་སྤྲུལ་སྐུ་བཅུ་དྲུག་གིས་བསྐོར་ཞིང་གནས་སོ༔ ཕྱོགས་བཞིར་སྒོ་བ་བཞི་དང་༔ སྒོ་མ་བཞི་སྟེ་ལྷ་ཚོགས་དེ་དག་འོད་ལྔའི་རང་ལུས་སུ་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་པའོ༔ དེ་ལས་ཀུན་བཟང་ཡབ་ཡུམ་ནི་ལོངས་སྐུའི་ཆོས་སྐུ༔ རིགས་ལྔ་ལོངས་སྐུ༔ གཞན་སྤྲུལ་སྐུའི་ཚུལ་དུ་བཞུགས་སོ༔ དེ་སྐད་དུ་རབ་འབྱམས་ལས༔ ཙིཏྟ་རིན་ཆེན་ཟུར་བརྒྱད་དུ༔ ས་བོན་ཡི་གེའི་ཚུལ་མདངས་ཅན༔ རྩ་རྣམས་དྭངས་མ་ཀུན་འདུས་པ༔ རྒྱ་མཚོ་གསེར་གྱི་ཉི་མ་ཅན༔ ཡེ་ཤེས་ངོ་བོ་ཆོས་སྐུ་བཞུགས༔ མཚན་མའི་ལུས་སམ་ཞལ་ཕྱག་མེད༔ ཅེས་གཞི་ཀུན་བཟང་ཡབ་ཡུམ་བསྟན༔ དེ་ལས་འོད་ལྔ་རང་ཤར་གྱི་དཀྱིལ་འཁོར་འབྲས་བུ་དང་བཅས་པར་བཤད་དེ༔ ཨེ་མ་རང་གི་སྙིང་དཀྱིལ་ན༔ ཐིག་ལེ་ཉག་གཅིག་ཀུན་བཟང་ང༔ ལྔ་ལྡན་འོད་ཁྱིམ་ཚུལ་དུ་གནས༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ༔ ཆོས་དབྱིངས་ཡེ་ཤེས་མཐིང་ཀའི་ཕུབ༔ ཡེ་ནས་ངོས་བཟུང་བྲལ་བར་གནས༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ༔ མེ་ལོང་ཡེ་ཤེས་དཀར་པོའི་ཕུབ༔ ཡེ་ནས་ངོས་བཟུང་བྲལ་བར་གནས༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ༔ མཉམ་ཉིད་ཡེ་ཤེས་སེར་པོའི་ཕུབ༔ ཡེ་ནས་ངོས་བཟུང་བྲལ་བར་གནས༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ༔ སོར་རྟོག་ཡེ་ཤེས་དམར་པོའི་ཕུབ༔ ཡེ་ནས་ངོས་བཟུང་བྲལ་བར་གནས༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ༔ བྱ་གྲུབ་ཡེ་ཤེས་ལྗང་གུའི་ཕུབ༔ ཡེ་ནས་ངོས་བཟུང་བྲལ་བར་གནས༔ ཞེས་དང་༔ འབྲས་བུ་ནི༔ དེ་ཉིད་ལས༔ རང་གི་སྙིང་ཀའི་དཀྱིལ་དག་ན༔ སེང་ཆེན་བསྣོལ་བའི་ཁྲི་སྟེང་ན༔ རིག་པ་ཀུན་ཏུ་བཟང་པོ་མཐིང་༔ ཡིད་བྱེད་ཀུན་ཏུ་བཟང་མོ་འདི༔ དཀར་གསལ་ཚུལ་དུ་ཡེ་ནས་བཞུགས༔ དེ་མདངས་རྣམ་པར་སྣང་མཛད་དཀར༔ འཁོར་ལོ་བསྣམས་ཤིང་སེང་སྟེང་འགྱིང་༔ ཤར་དུ་རྡོ་རྗེ་མི་བསྐྱོད་མཐིང་༔ སངས་རྒྱས་སྤྱན་དང་གཉིས་སུ་མེད༔ ས་སྙིང་བྱམས་པ་མཻ་ཏྲི་ལ༔ ལ་སྱེ་མ་དང་མཱ་ལྱེས་བསྐོར༔ ཤར་ཕྱོགས་ཚོམ་བུ་དྲུག་ཏུ་བཞུགས༔ རིན་འབྱུང་ཡབ་ཡུམ་རྟ་མཆོག་གདན༔ ནམ་སྙིང་ཀུན་ཏུ་བཟང་པོ་དང་༔ གིརྟི་ནིརྟི་གཉིས་བཞིས་བསྐོར༔ རང་གི་སྙིང་གི་ལྷོ་ན་བཞུགས༔ སྣང་མཐའ་ཡབ་ཡུམ་པད་གདན་དམར༔ སྤྱན་རས་གཟིགས་དང་འཇམ་དཔལ་དང༔ པུཥྤེ་དྷཱུཥྤེ་བཞིས་བསྐོར་ནས༔ ཚོམ་བུའི་སྐུ་དྲུག་ནུབ་ན་བཞུགས༔ དོན་གྲུབ་ཡབ་ཡུམ་ལྗང་གུ་ལ༔ ཕྱག་རྡོར་སྒྲིབ་པ་རྣམ་པར་སེལ༔ ཨཱ་ལོ་ཀེ་དང་གྷནྡྷེ་མ༔ ཚོམ་བུའི་སྐུ་དྲུག་བྱང་དུ་བཞུགས༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་གཉིས༔ ལྷོ་སྒོར་གཤིན་རྗེ་ཞགས་པ་མ༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོགས་མ༔ བྱང་སྒོར་བདུད་རྩི་དྲིལ་བུ་བཞིའི༔ ཞེས་དང་༔ ཉུངས་འབྲུ་ཙམ་ལ་ཕུལ་ཐག་སྤྱན༔ ཞེས་དང་བསྟན་བུ་ལས༔ ཀུན་བཟང་ཡབ་ཡུམ་ཆོས་སྐུར་གནས༔ ཞེས་དང་ལོངས་སྐུ་ཡབ་ཡུམ་རིགས་ལྔ་ཡིན༔ ཞེས་དང་༔ བཅུ་དྲུག་སྤྲུལ་པའི་སྐུ་ཡིན་ཏེ༔ ཞེས་སོ༔ འདི་ལ་བཤད་པ་དང་དཔང་ལུང་མི་འདྲ་བ་བཀོད་ཚུལ་དང་སྐུ་མདོག་གི་ཁྱད་པར་ལ་མང་ཡང༔ རྫོགས་ཆེན་གྱི་རྒྱུད་དང་མན་ངག་གི་འཁྲུགས་སྡེབ་རྒྱུ་ཡིན་པས་འགལ་བ་མ་མཐོང་ཞིང་འབྲེལ་བའི་དགོས་ཆེད་ཀྱང་རབ་ཏུ་མང་ངོ་༔
གཉིས་པ་ལོངས་སྐུ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་མགོ་བོ་ལ་ཇི་ལྟར་གནས་པའི་ཚུལ་བཤད་པ་ལ༔ ལུས་ལ་དཀྱིལ་འཁོར་གནས་པའི་ངོ་བོ་བཤད་པ༔ དེའི་ཁྱད་པར་སོ་སོར་བཤད་པ་གཉིས་ལས།
དང་པོ་ནི༔ དུང་ཁང་ཀླད་རྒྱའི་དབུས་བརྟེན་ནས༔ དེ་ཡང་སྐུ་རྐྱང་བར་མེད་དེ་སྔར་བཤད་པའི་གཞི་སྣང་ལྷུན་གྲུབ་ཀྱི་རྩ་གསེར་གྱི་ཉི་མ་ནས༔ རྩེ་མོ་གསུམ་དུ་གྱེས་པའི་དབུས་མ་སྟོང་བ་རང་གྲོལ་གྱི་ནང་ན༔ ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཤེས་རབ་རང་བཞིན་གྱི་ཁྲོ་བོའི་སྐུ་སུམ་ཅུ་དང་༔ ཀླད་རྒྱའི་མཚམས་ནས་དར་དཀར་སྣལ་མ་དང༔ ཕྲ་ལ་འཁྲིལ་གྱི་ནང་ན་སྤྲུལ་སྐུ་དབང་ཕྱུག་ཉེར་བརྒྱད་ཀྱི་དབུར་མཛད་པའི་དགུ་ཁྲིའི་གྲངས་ཀྱི་མཐའ་བཟུང་ཀྱང་དོན་ལ་བསམ་གྱིས་མི་ཁྱབ་པ་སྐུ་རྟེན་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་བརྟེན་ནས་ཞལ་ཕྱག་མཚན་དཔེའི་རྣམ་པས་གནས་པ་ལ་བརྟེན་པ༔ དོན་དམ་པའི་ཐིག་ལེ་ཤེས་རབ་ཡེ་ཤེས་ལྔའི་རང་བཞིན་གྱི་ཐུགས་དང་ལྡན་པར་བཞུགས་པའང༔ རྩ་བ་རབ་འབྱམས་ལས༔ དུང་ཁང་ནང་ན་ཁྲོ་བོའི་སྐུ༔ ཡབ་དང་ཡུམ་དུ་རྣམ་པར་མངོན༔ ཁྲོ་བོ་ཁྲོ་མོའི་ཚུལ་འཆང་ཞིང་༔ ཡེ་ཤེས་ལྔ་ལྔ་དག་དང་ལྡན༔ གསལ་འཚེར་གཟི་བརྗིད་རབ་ཏུ་འབར༔ བུམ་པའི་སྐུ་དང་བུམ་ནང་གི༔ མར་མེའི་རྩལ་ཟེར་འཇའ་འོད་གནས༔ ཞེས་དང་༔ དུང་ཁང་ཀླད་རྒྱའི་ནང་དག་ན༔ སྣ་ཚོགས་གཅེར་གྲོལ་དགུ་ཁྲིའི་གྲངས༔ ཀླད་ནང་འོད་ལྔས་གང་ནས་ཡོད༔ ཅེས་སོ༔ དེ་ཡང་འདིར་ཞི་ཁྲོ་གཉིས་ཀ་རིགས་བརྒྱའི་གྲངས་ཀྱིས་བསྙད་པ་ལས༔ དེ་རྗེན་པར་ངེས་པའི་ཟད་མཐའི་གྲངས་སུ་མ་ཡིན་ཏེ༔ བདེ་ཀྱེ་སོགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཐུགས་ཤེས་རབ་ཡེ་ཤེས་ལྔའི་རྣམ་རོལ་གྱི་སྐུར་བསམ་གྱིས་མི་ཁྱབ་པའི་ཚིག་གི་མང་སྒྲར་དགུ་ཁྲི་དང༔ ཡང་དེ་ལས༔ བྱེ་བ་ཁྲག་ཁྲིག་འབུམ་དང་བཅས༔ ཤར་ཕྱོགས་གཅིག་པར་བསྒྲང་མི་ལངས༔ བལྟ་བས་མི་སྐྱོ་གསལ་འཚེར་འཕྲོ༔ ཞེས་མཐའ་དག་གི་བསྒྲུབ་གཞི་ཡོད་པའོ༔
གཉིས་པ་ལྷའི་གྲངས་ངེས་པའི་སྒོ་ནས་རྒྱས་པར་བཤད་པ་ལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཁྲོ་བོའི་ཕྱག་རྒྱ་བཤད་པ་ལས༔
དང་པོ་ནི༔ དབུས་སུ་ཆེ་མཆོག་ཧེ་རུ་ཀ་ཡེ་ཤེས་སེམས་དཔར་བཞུགས་པའི་བུདྡྷ་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཞལ་གསུམ་ཕྱག་དྲུག༔ ཞབས་བཞི་པ་ཞལ་གཡས་དཀར་གཡོན་དམར་དབུས་སྨུག་ནག༔ གཡས་དང་པོ་འཁོར་ལོ༔ བར་བ་དགྲ་སྟྭ༔ ཐ་མས་རལ་གྲི་བསྣམས་པ༔ གཡོན་དྲིལ་བུ༔ བྷནྡྷ༔ ཐོང་གཤོལ་བསྣམས་པ༔ ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ༔ མགུལ་ནས་འཁྱུད་པ༔ ཞལ་དུ་སྟོབ་པའོ༔ རྔམ་༢༠ཚུལ་༢༠སྒོ་༢༠ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་དུ་གསལ་བརྗིད་༢༠དང་ལྡན་པའི་དུར་ཁྲོད་དཔལ་ཆས་ཀྱིས་བརྒྱན་པར་བཞུགས་སོ༔ དེ་བཞིན་དུ་ཤར་ན་བཛྲ་ཀྲོ་ཏི་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི༔ གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སྟྭ་དང་༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཐོང་གཤོལ་བསྣམས་པ༔ ལྷོར་རཏྣ་ཧེ་རུ་ཀ་སེར་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི༔ གཡས་གསུམ་རིན་ཆེན༔ ཁ་ཊྭཱྃ༔ བེ་ཅོན་དང་༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཏྲི་ཤུལ་བསྣམས་པ༔ ནུབ་ཏུ་པདྨ་ཧེ་རུ་ཀ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི༔ གཡས་གསུམ་པདྨ་ཁ་ཊྭཱྃ་དབྱུག་ཏོ་དང་༔ གཡོན་གསུམ་དྲིལ་བུ་བྷནྡྷ་རྔེའུ་ཆུང་བསྣམས་པ༔ བྱང་དུ་ཀརྨ་ཁྲག་འཐུང་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི༔ གཡས་གསུམ་རལ་གྲི་ཁ་ཊཱྃ་དབྱུག་ཏོ༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཐོང་གཤོལ་བསྣམས་པ་རྣམས་ལ་ཡུམ་བཛྲ༔ རཏྣ༔ པདྨ༔ ཀརྨ་ཀྲོ་ཏི་ཤྭ་རི་བཞི་གཡས་རང་རིགས་ཀྱི་ཕྱག་མཚན༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ༔ གཡོན་དུང་དམར་སྟོབས་པ༔ ཡབ་རྣམས་ཞབས་བཞི་གྱད་ཀྱི་དོར་སྟབས༔ ཡུམ་རྣམས་གར་སྟབས་ཀྱི་འཁྲིལ་བ༔ ཁྲོ་ཚུལ་བཟོད་པར་དཀའ་བའི་འཚམས་རྔམ་ཀྱིས་རང་འོད་ཐིག་ལེ་ཉུངས་འབྲུ་ཙམ་ལ་བརྟེན་ནས༔ གསུང་གིས་ཆོས་ཉིད་རང་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུ༔ ཐུགས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཤེས་རབ་གསལ་བ་ཡེ་ཤེས་ལྔའི་ཆོས་འཁོར་རྟག་པ་རྒྱུན་གྱི་སྟོན་པར་བཞུགས་སོ༔ དེ་དག་ནི་ཆོས་སྐུའི་ཚུལ་ལོ༔
ལོངས་སྐུའི་ཚུལ་དུ་སྲས་མོ་ཉི་ཤུ་ནི༔ ཞལ་གསུམ་ཕྱག་དྲུག་གི་ཚུལ་འབྲིང་པོ་ལྟར་ཡོད་ཀྱང་བསྒོམ་བདེ་བའི་དབང་གིས་ཕྱག་གཉིས་པར་བཤད་པ་སྟེ༔
གཉིས་པ་ལོངས་སྐུའི་ཕྱག་རྒྱ་ནི༔ ཀཱཽ་རི་བརྒྱད་ནི༔ ཀཱཽ་རི་གཡས་གཡོན་ཞིང་དབྱུག་དང་བྷནྡྷ་འཛིན་པ་༡༔ ཙོའུ་རི་མདའ་གཞུ་འགེང་བ་༢༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དང་བྷན་དམར་འཛིན་པ་༣༔ བེ་ཏ་རྡོ་རྗེ་བྷནྡྷ་འཛིན་པ་༤༔ པུཥྐ་གཡས་རྒྱུ་མ་གཟེང་ཞིང་གཡོན་པས་ཞལ་དུ་འཛུད་པ་༥༔ གྷསྨ་གཡས་སྡིགས་མཛུབ་ཀྱིས་གཡོན་པའི་དུང་དམར་དཀྲུགས་ནས་འཐུང་བ་༦༔ ཙནྡྷ་ཙིཏྟ་དང་བམ་ཟ་བ་༧༔ སྨ་ཤ་བམ་མགོ་ལུས་འདྲལ་བ་༨དང་ཁྲག་ལྡགས་པས་ཁྲག་འཐུང་ཡུམ་ལྔ་ལ་བསྐོར་ཞིང་འཁྱིལ་ཁུག་དང་པོའི་ཕྱོགས་མཚམས་བརྒྱད་དང༔ ཕྲ་མེན་ཆེན་མོ་བརྒྱད་ཀྱང་ཕྱོགས་བཞིར༔ སེངྷ་རོ་བཟུང་ཕྱག་གཉིས་བསྣོལ་ཟ༔ བྷཱེ་ཀྲི་ལག་བསྣོལ་འབྲུ་ཚུགས་སུ་བལྟ་ཞིང་མཆེ་བ་གཉེར་བ༔ སྲི་ལ་རལ་གྲིས་བམ་ཆེན་ཁོག་འདྲལ་ཁྲག་ལྡག་པ༔ ཤྭ་ན་གཡོན་རོ་ཐོག་གི་ཁོག་གཡས་ཀྱི་ཕྱེ་བ༔ འཚམས་བཞིར་ཀྲི་ཏ་ཕྲག་ལ་ཞིང་བཀལ་ཀེང་རུས་ཐོག་པ༔ ཀཾ་ཀ་ཞིང་ཕྲག་ལ་ཁུར་བ༔ ཁ་ཁ་བྷན་གྲི་གློ་སྙིང་ཟ་བ༔ ཧུ་ལུ་རྡོར་བྷན་བསྣམས་ནས་ཁྲག་ཚིལ་ལྡག་ཅིང་ཟ་བའོ༔ དེ་དག་ཀྱང་འཁྱིལ་ཁུག་བར་མ་ན་ཡབ་ལྔ་ལ་བསྐོར་ནས་ཡོད་དོ༔ ཡབ་ཡུམ་ལ་བསྐོར་རོ་ཞེས་པའི་དོན་ནི་ཡུལ་དང་ཡུལ་ཅན་ཐབས་ཤེས་ཟུང་འཇུག་གི་རྟགས་སུ་བཤད་ཀྱི༔ གཉིས་ཀ་ལ་བསྐོར་བའོ༔ དྲྭ་ཁུག་ཕྱི་མ་ལ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་སྒོ་མ་ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོགས༔ དྲིལ་བུ་འཛིན་པའོ༔ ཁུག་པ་འདི་དག་ཀྱང་གསེར་ཁྱམས་ཕྱི་ནང་གི་སྒོ་བསྒྲགས་དང་བཅས་པའི་ཚུལ་ལོ༔
གསུམ་པ་སྤྲུལ་སྐུ་ཁྲོ་མོ་ཉི་ཤུ་རྩ་བརྒྱད་ནི༔ སྲིན་མོ་རྡོ་རྗེ་ཐོད་ཁྲག༔ ཚངས་པ་པདྨ༔ ལྷ་ཆེན་རྡོ་རྗེ༔ གཏོགས་འདོད་འཁོར་ལོ༔ དགའ་བ་སྤུ་གྲི༔ གཞོན་ནུ་མདུང་ཐུང་འཕེན་པ༔ རྡོ་རྗེ་ལྕགས་ཀྱུ་ཐོགས་པ་བདུན་ཤར་དུ༔ བརྒྱ་བྱིན་གྱིས་རྒྱུ་ཞགས༔ ཞི་བས་བུམ་པ༔ བདུད་རྩིས་པདྨ༔ ཟླ་བས་རྡོ་རྗེ༔ བེ་ཅོན་གྱིས་དབྱུག་ཏོ༔ སྲིན་མོས་ཐོད་ཁྲག༔ སེར་མོས་ཞགས་པ་ཐོགས་པ་སྟེ་མ་བདུན་ལྷོ་ན་བཞུགས༔ ཟ་བས་བེ་ཅོན༔ དགའ་བས་ཁོག་ཆེན༔ སྟོབས་ཆེན་གྱིས་དབྱུག་ཏོ༔ སྲིན་མོས་སྤུ་གྲི༔ འདོད་པས་མདའ་གཞུ་འགེང༔ ནོར་སྲུང་གིས་བུམ་པ༔ དམར་མོས་ལྕགས་ཀྱུ་སྟེ་མ་བདུན་ནུབ་ཏུ༔ རླུང་ལྷས་བ་དན༔ མི་མོས་གསལ་ཤིང༔ ཕག་མོས་མཆེ་ཞགས༔ དམར་མོས་ཞིང་ཆུང་༔ སྣ་ཆེན་གྱིས་ཐོད་ཁྲག༔ ཆུ་ལྷས་སྦྲུལ་ཞགས༔ ལྗང་ནག་གིས་དྲིལ་བུ་འཛིན་པ་སྟེ་མ་བདུན་བྱང་ན་བཞུགས་སོ༔ དེ་དག་ཀྱང་སྐུ་མདོག་དང་མགོ་བརྙན་ནི་ལུང་གིས་གསལ་ཞིང་རྣམ་འགྱུར་དང་ཆ་ལུགས་ཅིར་ཡང་བསྒྱུར་བའི་འཇིགས་རྔམ་ཀྱི་གཟུགས་ཅན་སྐུ་ཡུང་འབྲུ་ཙམ་ལ་མཚན་དཔེའི་ཚད་ཕུལ་ཐགས་སུ་ཡོད་པ་དལ་དཀར་དང་ཕྲ་ལ་འཁྲིལ་གྱི་གཡས་གཡོན་འཁྱིལ་བའི་དྲྭ་ཁུག་ཏུ་འཁོད་པའི་ཀླད་རྒྱའི་བར་ན་ཡོད་པའི་དྭངས་སྙིགས་ཀྱིས་ཁྲག་ཁྱམས་ཞེས་སྒྲས་བཅད་ཀྱིས་སྔ་མ་ལས་གཞན་དུ་བཞག་གོ༔ རབ་འབྱམས་ལས༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས༔ བྷུདྡྷ་ཧེ་རུ་སྨུག་ནག་པ༔ དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ༔ རང་གི་ཀླད་པའི་དཀྱིལ་ན་བཞུགས༔ བཛྲ་ཧེ་རུ་མཐིང་ནག་པ༔ དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ༔ རང་གི་ཀླད་པའི་ཤར་ན་བཞུགས༔ རཏྣ་ཧེ་རུ་སེར་ནག་པ༔ དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ༔ རང་གི་ཀླད་པའི་ལྷོ་ན་བཞུགས༔ པདྨ་ཧེ་རུ་དམར་ནག་པ༔ དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ༔ རང་གི་ཀླད་པའི་ནུབ་ན་བཞུགས༔ ཀརྨ་ཧེ་རུ་ལྗང་ནག་པ༔ དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ༔ རང་གི་ཀླད་པའི་བྱང་ན་བཞུགས༔ ཀུན་ཀྱང་ཕྱག་མཚན་སྣ་ཚོགས་འཛིན༔ གསལ་འཚེར་གཅེར་གྲོལ་ཉིད་དུ་བཞུགས༔ ཤར་ན་ཀོའུ་རི་དཀར་མོ་སྟེ༔ ལྷོ་ན་ཅཽ་རཱི་སེར་མོ་དང་༔ ནུབ་ན་པྲ་མོ་དམར་མོ་དང༔ བྱང་ན་བེ་ཏ་ནག་མོ་དང་༔ ཤར་ལྷོ་པུསྐ་དམར་སེར་དང་༔ ལྷོ་ནུབ་གྷསྨ་ལྗང་ནག་དང༔ ནུབ་བྱང་ཙནྡྷ་སེར་སྐྱ་དང་༔ བྱང་ཤར་སྨ་ཤ་མཐིང་ནག་པ༔ ཁྲག་འཐུང་ཡབ་ཡུམ་བཅུ་ལ་བསྐོར༔ ཀླད་ནང་མངོན་སུམ་ཉིད་དུ་བཞུགས༔ དེ་ཡི་ཕྱི་རོལ་འཁོར་རྩིབས་ལ༔ ཤར་ན་སེངྷ་སྨུག་ནག་དང་༔ ལྷོ་ན་བྷེ་གྷྲི་སྟག་མགོ་དམར༔ ནུབ་ན་སྲི་ལ་ཝ་མགོ་ནག༔ བྱང་ན་ཤྭ་ན་སྤྱང་གདོང་མཐིང༔ ཤར་ལྷོ་ཀྲི་ཏ་རྒོད་མགོ་དང༔ ལྷོ་ནུབ་ཀཾ་ཀ་དམར་ནག་པ༔ ནུབ་བྱང་ཁ་ཁྭ་བྱ་མགོ་ནག༔ བྱང་ཤར་ཧུ་ལུ་འུག་མགོ་མཐིང་༔ ཡུལ་གྱི་ཕྲ་མེན་བརྒྱད་པོ་དེས༔ ཁྲག་འཐུང་རྣམས་ལ་བསྐོར་ནས་བཞུགས༔ ཤར་སྒོར་རྟ་མགོ་ལྕགས་ཀྱུ་དཀར༔ ལྷོ་སྒོར་ཕག་མགོ་ཞགས་པ་སེར༔ ནུབ་སྒོར་སེང་མགོ་ལྕགས་སྒྲོག་དམར༔ བྱང་སྒོར་སྦྲུལ་མགོ་དྲིལ་བུ་ལྗང་༔ དེ་ལྟར་ཀླད་པའི་དཀྱིལ་ན་གནས༔ དྲག་པོའི་ལྷ་ཚོགས་སུམ་ཅུ་བཞུགས༔ ཕྱི་རོལ་དབང་ཕྱུག་ཉེར་བརྒྱད་ནི༔ བྱང་ཤར་ནས་བཟུང་འདི་བཞིན་ནོ༔ སྲིན་མོ་སྨུག་ནག་གཡག་མགོ་དང་༔ ཚངས་པ་སྦྲུལ་མགོ་སེར་མོ་དང་༔ ལྷ་ཆེན་དཀར་ལྗང་གཟིག་མགོ་དང་༔ གཏོགས་འདོད་སྲེ་མགོ་སྔོན་མོ་དང༔ དགའ་བ་སེར་མོ་ཕ་ཝཾ་མགོ༔ གཞོན་ནུ་དྲེད་མགོ་དམར་མོ་དང༔ བརྒྱ་བྱིན་དོམ་མགོ་དཀར་མོ་དང་༔ ཞི་བ་དམར་མོ་ཆུ་སྲིན་མགོ༔ བདུད་རྩི་དམར་མོ་སྡིག་པའི་མགོ༔ ཟླ་བ་དམར་མོ་ཁྲ་ཡི་མགོ༔ བེ་ཅོན་ཝ་མགོ་ལྗང་ནག་དང་༔ སྲིན་མོ་སྟག་གདོང་དམར་མོ་དང་༔ ཟ་བ་ལྗང་ནག་བྱ་རྒོད་མགོ༔ དགའ་བ་དམར་མོ་རྟ་ཡི་མགོ༔ སྟོབས་ཆེན་དམར་མོ་ཁྱུང་གི་མགོ༔ སྲིན་མོ་ཁྱི་མགོ་སེར་མོ་དང་༔ འདོད་པ་དམར་མོ་པུ་ཤུད་མགོ༔ ནོར་སྲུང་ལྗང་གུ་ཤ་བའི་མགོ༔ རླུང་ལྷ་སྔོན་མོ་སྤྱང་མགོ་དང༔ མི་མོ་དམར་མོ་སྐྱིན་གྱི་མགོ༔ ཕག་མོ་ནག་མོ་ཕག་གི་མགོ༔ རྡོ་རྗེ་དམར་མོ་ཁྲ་ཡི་མགོ༔ སྣ་ཆེན་ལྗང་ནག་གླང་ཆེན་མགོ༔ ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ༔ སྒོ་མ་བཞི་ནི་འདི་ལྟ་སྟེ༔ རྡོ་རྗེ་དཀར་མོ་ཁུ་བྱུག་ཤར༔ རྡོ་རྗེ་སེར་མོ་ར་མགོ་ལྷོ༔ རྡོ་རྗེ་དམར་མོ་སེང་མགོ་ནུབ༔ རྡོ་རྗེ་ལྗང་ནག་སྦྲུལ་མགོ་བྱང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ༔ ཧེ་རུ་དྲག་པོའི་ལྷ་ཚོགས་ལས༔ རང་བྱུང་སྐུ་ཡི་རྩལ་དུ་ཤར༔ སྐུ་ནི་ཉུང་འབྲུ་རྩམ་པ་ལ༔ མཁྱེན་དཔྱོད་མ་འགགས་ཐུགས་རྗེའི་སྤྱན༔ ཕུལ་ཐག་ཙམ་གཟིགས་ཕྱི་ནང་མེད༔ ཟང་ཐལ་གཅེར་གྲོལ་ཆེན་པོར་བཞུགས༔ ཞེས་པ་ལྟར་རོ༔
གསུམ་པ་སྤྲུལ་སྐུ་རོལ་པ་རྨད་དུ་བྱུང་བའི་ཐུགས་རྗེ་གཞུང་བ་ན་བཞུགས་པར་བཤད་པ་ལ་ནི༔ བྱེ་བྲག་གི་དོན་དུ་འབྲེལ་བ་དང༔ སྤྱིར་དབང་བཙན་གྱིས་རྣམ་པར་དག་པའི་སྒོ་ནས་དང་༔ འཕྲོས་དོན་ཞི་ཁྲོ་གང་ལའང་སྤྲུལ་བའི་རོལ་པ་ཚད་མེད་པར་བཤད་པའོ༔
དང་པོ༔ སྙིང་ཀའི་ཞི་བའི་རང་རྩལ་ལས༔ རྩ་ཆེན་ཆོས་དབྱིངས་ཀྱི་རང་བཞིན་གསེར་གྱི་གཞི་སྣང་གི་ཡེ་ཤེས་བཞིའི་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ལམ་དུ་གྱེས་པའི་འོད་ཟེར་ཤེལ་སྦུག་མེ་ལོང་དར་དཀར་སོར་རྟོགས་ཕྲ་ལ་འཁྲིལ་བྱ་གྲུབ་སྟོང་པ་རང་གྲོལ་མཉམ་ཉིད་རྣམས་ཀྱི་ཆ་ཤས་ཀྱི་ཕྱི་རོ་རྐྱང་ཀུན་འདར་གྱི་རྩ་གསུམ་འཁོར་ལོ་ལྔའི་ཡན་ལག་རྩ་ཁམས་ཕྲ་མོ་ཡན་ཆད་ལ་འཕྲོས་པས་རགས་པའི་རྩ་གར་ཡོད་དུ་ཀུན་རྫོབ་དཀར་དམར་གྱི་ཐིག་ལེ་དང་༔ ཡི་གེ་ཆོས་འབྱུང་གཞི་སྣང་གི་རྩ་ལ་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པའི་ཐིག་ལེས་ཁྱབ་པ་དང༔ དེ་ལ་བཞོན་པའི་ལས་དང་ཡེ་རླུང་རང་སྒྲ་ཡེ་ཤེས་དང་བཅས་པའི་ཕྱག་རྒྱ་གྲངས་ལས་འདས་ཤིང་རྨད་དུ་བྱུང་བའི་ཐུགས་རྗེ་སྤྲུལ་སྐུ་ཐུབ་པ་དྲུག་གི་རྡུལ་སྙེད་རབ་འབྱམས་སུ་ཤར་པ་ནི༔ དེ་ཡང་རྩ་ཐམས་ཅད་ན་འོད་དང་རླུང་ཡོད་པའི་འོད་རྩས་ཁྱབ་པར་མངོན་ཏེ༔ བ་སྤུའི་རྩེ་མོར་ཐིག་ལེ་འོད་ཀྱིས་འཁྲིགས་པ་དང་༔ རླུང་ཐམས་ཅད་ལ་འོད་དང་ཐིག་ལེས་ཁྱབ་པའི་ཁ་སྣའི་རླུང་ལའང་འོད་ལྔ་མ་འདྲེས་པའི་ཁ་དོག་གི་ཆ་ཤས༔ ཐིག་ལེ་དང་རྩ་ཁམས་ཐམས་ཅད་དུ་ཡེ་ཤེས་ཀྱིས་ཁྱབ་པས་ཟིན་པའི་ཕུང་པོའི་རེག་ཚོར་མྱོང་པ་སྟེ༔ དེས་ན་ལོངས་སྐུའི་རང་མདངས་སྤྲུལ་པའི་སྐུ་གསུང་ཐུགས་སུ་རྫོགས་པའོ༔ དེ་ཡང་རང་གི་སྤྱི་གཙུག་བདེ་བ་ཆེན་པོའི་རྩའི་དཀྱིལ་ན་ཐིག་ལེ་དཀར་པོའི་དབུས་སུ་རང་བྱུང་གི་དབང་པོ་བརྒྱ་བྱིན་སྐུ་མདོག་དཀར་པོ་པི་ཝཾ་དང་དུང་ཆེན་བསྣམས་པ༔ ལྟག་པའི་རྩ་བ་མེན་རྭ་ལྟ་བུའི་ནང་ན་ཐིག་ལེ་ལྗང་གུའི་ཀློང་དུ་རང་བྱུང་གི་ཐག་བཟང་རིས་སྐུ་མདོག་ལྗང་གུ་གོ་མཚོན་འཛིན་པ༔ སྙིང་ཀ་སྲོག་རྩ་ཤེལ་གྱི་སྦུ་གུའི་འོད་ཀློང་ན་ཐིག་ལེ་སེར་པོའི་དབུས་སུ་རང་བྱུང་གི་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་གསེགས་པར་འཛིན་པ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དཀྱིལ་ན་ཐིག་ལེ་མཐིང་ཀའི་དབུས་སུ་སེང་གེ་རབ་བརྟན་སྐུ་མདོག་མཐིང་ག་པོ་ཏི་འཛིན་པ་བཞུགས་སོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་ཐིག་ལེ་དམར་པོའི་དཀྱིལ་ན་ཁ་འབར་མ་སྐུ་མདོག་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ༔ རྐང་མཐིལ་གྱི་རྩ་བ་ཞགས་འཁྱིལ་བ་ལྟ་བུའི་དཀྱིལ་ན་ཐིག་ལེ་ནག་པོའི་དབུས་སུ་རང་བྱུང་གི་ཨ་ཝ་གླང་མགོ་སྐུ་མདོག་ནག་པོར་བཞུགས་སོ༔ དེ་སྐད་དུ་རབ་འབྱམས་ལས༔ སྤྱི་བོར་བརྒྱ་བྱིན་སྐུ་མདོག་དཀར༔ ལྟག་པར་ལྷ་མིན་ཐག་བཟང་ལྗང་༔ སྲོག་རྩར་ཤཱཀ་ཐུབ་སེར་པོ་དང༔ གསང་བར་བྱོལ་སོང་ཐུབ་པ་མཐིང་༔ ལྟེ་བར་ཁ་འབར་དམར་པོ་དང་༔ རྐང་མཐིལ་ཨ་ཝ་ནག་པོ་བཞུགས༔ ཞེས་ཡེ་ཤེས་མར་མེའི་རྒྱུད་དང་འདི་གཉིས་ལས་ཁ་འབར་མ་ལྟེ་བ་དང་༔ རབ་བརྟན་གསང་བར་བཤད༔ སྙིང་དགོངས་དང་བུ་གཅིག་གི་རྒྱུད་སོགས་ནས་བཤད་པ་འདི་ལྟར་ཡོད་ཀྱང་ཅིག་ཤོས་འཁྲུགས་པར་མངོན་ནོ༔ རྒྱུ་མཚན་ནི་ལྟེ་བར་དུད་འགྲོའི་ས་བོན་བཀོད་པའི་ཕྱིར༔ དེ་གཉིས་དག་མ་དག་གི་ས་བོན་དུ་རྒྱབ་འགལ་དུ་མ་སོང་པའི་དོན་ལྟག་མ་ཤལ་བས་ནའོ༔ དེས་ན་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལས༔ སྤྱི་གཙུག་ནས་བརྒྱ་བྱིན༔ ལྟག་པ་ནས་ཐག་བཟང་རིས༔ སྲོག་རྩ་ནས་ཤཱཀྱ་ཐུབ་པ༔ ལྟེ་བ་ནས་སེང་གེ་རབ་བརྟན༔ གསང་བ་ནས་ཁ་འབར་མ༔ རྐང་མཐིལ་ནས་གླང་མགོ་ཅན་ཞེས་པས་ཤེས་སོ༔ དེ་ནི་ལུས་ཀྱི་གཞུང་བ་ན་བཞུགས་ཞེས་པའི་དོན་ཡིན་ནོ༔
གཉིས་པ་སྤྱིར་རྣམ་པར་བཞག་པའི་སྒོ་ནས་བཤད་པ་ནི༔ གཞན་ཡང་སྙིང་ཀ་ཆོས་ཀྱི་འཁོར་ལོའི་ཕྱི་རྩ་བརྒྱད་དུ་ནང་གི་འོད་ཟེར་འཕྲོས་པས་ས་བོན་དྲུག་ཡོད་པར་བཤད་པ་དེའི་ཆོས་ཉིད་དུ་ཐུབ་དྲུག་གི་ཕྱག་རྒྱ་སྙིང་ཀ་ན་རྫོགས་པར་ཡོད་དེ༔ རྒྱུ་མཚན་ནི་རིགས་མ་འདྲེས་པར་ཁྱམས་ལ་ཐུབ་དྲུག་བཀོད་པའི་ཕྱིར་ནང་གི་རྩ་ཆེན་ལས་ཕྱིར་འཕགས་པ་འཐད་ཅིང་༔ རྒྱུད་སྡེ་ཀུན་ནས་སྙིང་གར་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྫོགས་རིམ་གསུངས་པའི་ཕྱིར་རོ༔ འོན་ཀྱང་དེ་སྔར་བཤད་རྣམས་སྙིང་ཀ་ནས་འཕྲོས་པའི་ཕུག་བཅོལ་ལས་ཀྱང་དེ་ལས་གཞན་མེད་པར་ཁ་ཚོན་མི་ཆོད་དེ་ཁྲོ་བོ་དང་མཁའ་འགྲོས་མ་ངེས་སོ༔ མན་ངག་སྙིང་གི་དགོངས་པ་ལས་ཙིཏྟའི་དཀྱིལ་ན་ཞི་བ་བཞུགས་ཚུལ་ཞེས་གསུངས་པ་དང་༔ རབ་འབྱམས་ལས་ཀྱང་༔ ཁྱད་པར་རིན་ཆེན་ཟུར་བརྒྱད་ཀྱི༔ སྐུ་དང་ཡེ་ཤེས་འོད་དང་གསུམ༔ སྐུ་ནི་མི་འགྱུར་མི་གཡོ་བ༔ ཞི་བའི་སྐུ་ནི་ཡུང་འབྲུ་ཙམ༔ མཚན་དཔེའི་ཚད་ནི་ཕུལ་ཐག་ཙམ༔ སྣ་ཚོགས་གཅེར་གྲོལ་ཉིད་དུ་སྟེ༔ ཐབས་ཤེས་གཉིས་མེད་ཡབ་ཡུམ་ཚུལ༔ ཡབ་ཀྱི་ཆ་འཛིན་སེམས་དཔའ་བརྒྱད༔ ཡུམ་གྱི་ཆ་འཛིན་སེམས་མ་བརྒྱད༔ སྒོ་བ་ཡབ་ཡུམ་ཐུབ་པ་དྲུག༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་བཅུ༔ བཞི་བཅུ་རྩ་གཉིས་བུམ་སྐུའི་ཚུལ༔ ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས༔ ཞེས་པ་ལྟར་རོ༔
གསུམ་པ་འཕྲོས་དོན་ཞི་ཁྲོ་གང་ལའང་སྤྲུལ་པའི་རོལ་པ་ཚད་མེད་པར་བཤད་པ་ནི༔ དེ་ལྟར་སྤྲུལ་པའི་སྐུ་ལ་ཡང་རོལ་བ་ཚད་མེད་པས་དཔྲལ་བ་ལྕེ་སྙིང་ག་དང་ལྟེ་བ་གསང་གནས་རྐང་མཐིལ་རྣམས་སུ་གཞི་དུས་སུ་ས་བོན་དྲུག་གནས་པ་དང་ལམ་དུས་སུ་ཐུབ་དྲུག་གི་དཀྱིལ་འཁོར་བཀོད་པ་དང་༔ འབྲས་དུས་སུ་ལོངས་སྐུའི་འོད་ཟེར་འཕྲོ་བའི་གནས་དྲུག་ལས་ཁ་དོག་དྲུག་གི་རྩེ་ལས་རིག་པའི་སྐྱེས་བུ་གྲངས་མེད་པ་སྤྲོས་པའི་ཕྱིར་གྱིས་ཀྱང་ཚད་བཟུང་དུ་མེད་ལ༔ ཡང་བྱམས་པ་ལ་སོགས་ཀྱི་གཞི་དུས་རྟོག་པ་མིག་ལ་གནས་པ་དང་༔ ལམ་དུས་སོ་སོའི་དབང་པོ་སོགས་ལ་ཡན་ལག་གི་ལྷ་འགོད་པ་དང་༔ བར་སྲིད་དུས་སུ་གནས་སོ་སོ་ནས་ལྷ་འཕྲོ་བའི་ཕྱིར་ན་འདི་རྐྱང་བའོ༔ གཞན་མིན་ནོ་ཞེས་པ་ནི་ནམ་ཡང་མི་སྨྲ་བར་གཟུ་བོར་གནས་པར་བྱའོ༔ མན་ངག་སྙིང་དགོངས་ལས༔ མཛོད་སྤུ་ལས་ཕྱག་རྡོར༔ ལྗགས་ལས་འཇམ་དཔལ༔ མགྲིན་པ་ནས་སྤྱན་རས་གཟིགས༔ སངས་རྒྱས་ཐམས་ཅད་རང་ལ་འཆར་ཏེ༔ ཞེས་དང༔ ཀློང་གསལ་ལས༔ ཉི་ཟླས་བརྒྱན་པའི་རིན་ཆེན་ཁང་པ་ན༔ འོད་ལྔ་མ་འདྲེས་ཡེ་ཤེས་ཚོམ་བུ་གསལ༔ ལྔ་ལྡན་ཚོམ་བུའི་ལྷ་ཚོགས་རྣམས༔ དཔག་མེད་དམིགས་མེད་བསམ་ཡུལ་བྲལ༔ ཕྱི་ནང་མེད་པར་ཟང་ཐལ་སྣང༔ ཞི་ཁྲོ་སྤྲུལ་པ་ཡང་སྤྲུལ་ཚོགས༔ རང་གི་འོད་དང་ཟེར་བཞིན་དུ༔ རང་ཆས་རྣམས་སུ་རྣམ་པར་འབྱུང་༔ ཞེས་ཞི་ཁྲོ་ཐམས་ཅད་ལ་ཡང་སྤྲུལ་གྲངས་མེད་པ་ཡོད་པས༔ སྤྱི་བོར་འཇམ་དཔལ་སྐུའི་ལྷ་ཚོགས་ལ་སོགས་པའི་ལུས་དཀྱིལ་གསུངས་པའང་གཞི་ལ་རང་བཞིན་དུ་ཡོད་པས་ལམ་དང་འབྲེལ་བ་ཡིན་ཏེ༔ རྒྱུ་མཚན་དེས་ན་ཡེ་ཤེས་མར་མེའི་རྒྱུད་ལས༔ རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་ཡོད་དོ༔ གྲོང་ཁྱེར་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁྱབ་ནས་ཡོད་དོ༔ ཞེས་དང་༔ བསྟན་བུ་ལས་ཀྱང་དེ་དང་མཐུན་པར་གསུངས་སོ༔ ཡང་རང་གི་རྩའི་ནང་ཐམས་ཅད་སངས་རྒྱས་ཀྱི་སྐུའི་གང་ནས་ཡོད་དོ༔ ཞེས་སོ༔
བཞི་པ་ཡང་སྤྲུལ་སྒྱུ་འཕྲུལ་ཅིར་ཡང་བསྒྱུར་བའི་དཀྱིལ་འཁོར་རྩ་ན་བཞུགས་པར་བཤད་པ་ལ༔ ངོ་བོའི་སྒོ་ནས་དམིགས་ཕྱེ་བ༔ རྣམ་པའི་སྒོ་ནས་ཞལ་ཕྱག་སོགས་བཤད་པའོ༔
དང་པོ་ནི༔ རྩ་གནས་སུ་འོད་རྩས་ཁྱབ་པའི་རང་འོད་ཡི་གེ་ཐིག་ལེ་ཕྱག་མཚན་གྱི་ངོ་བོའི་སྐུ་མཁའ་འགྲོ་ཡབ་ཡུམ་བསམ་གྱིས་མི་ཁྱབ་པར་བཤད་པའང་༔ ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེའམ་མ་དག་པའི་ཀུན་རྫོབ་དང་སྤྱོར་༼ སྦྱར། དཔྱད། ༽ན་དོན་དམ་གྱི་ཐིག་ལེ་དེ་དག་གི་དྭངས་མའི་དྭངས་མ་སྙིང་ཀར་བཞུགས་པས་ཆོས་སྐུ༔ འཁོ༷ར་ལོའི༷་ལྟེ༷་བའི༷་མཁ༷འ་འ༷གྲོ་གཙོ་མོ་བཅུ་ལོངས་སྐུའི་ཚུལ༔ དེའི་རང་མདངས་འཁོར་ལོའི་དཀྱིལ་གྱི་རྩ་ཡིག་ལ་བརྟེན་ནས་ཡོད་པ་གནས་ཉི་ཤུ་རྩ་བཞི་དང༔ དུར་ཁྲོད་ཆེན་པོ་བརྒྱད༔ ཧེ་རུ་ཀའི་གནས་བཅུར་བཀོད་པ་ལུས་དཀྱིལ་དུ་རྫོགས་པ་རྣམས་སུ་ཁ་འཐོར་གྱི་རང་བཞིན་གྲངས་ལས་འདས་པར་ཡོད་པ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་རྣམ་པར་རོལ་བའི་ཚུལ་དུ་བཞུགས་པའོ༔ རབ་འབྱམས་ལས༔ དེ་ལྟར་དཀྱིལ་འཁོར་ཆེན་པོ་རྣམས༔ རང་རང་ལུས་ལ་རྫོགས་པ་སྟེ༔ གཞལ་ཡས་རྣམ་པར་རང་ལུས་ལ༔ ཡེ་རྫོགས་སྒྲུབ་རྟེན་མཆོད་རྫས་དང་༔ དུར་ཁྲོད་བརྒྱད་དང་བཅས་པ་སྟེ༔ རང་རིག་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་རྫོགས་ཐིག་ལེ་ཉག་གཅིག་དང་༔ རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ༔ ཞེས་སོ༔ དེས་ན་ཡུམ་ཆེན་ཞི་ཁྲོ་འདི་དང་འཁོར༷་ལོའི༷་ལྟེ༷་བའི༷་མཁ༷འ་འ༷གྲོ་ཞེས་པའི་བར་ན་ཟློས་སྐྱོན་ཡོད་དམ་སྙམས་ཀྱང་གོང་མ་འདི་སྐུ་གསུམ་ལ་སྦྱར་བ་དང་འོག་མ་འདི་སྐུ་འོད་ཡེ་ཤེས་གསུམ་མམ་སྐུ་གསུང་ཐུགས་ལ་སྦྱར་བས་མི་ཟློས་པ་འདྲའོ། །དཔྱད་ཀྱང་བརྡ་ལ་འཁྲུགས་པས་མ་འབྱེད། ལྔ་ནི་ཆོས་སྐུ་ངོ་བོ་སྐུའི་ཚུལ༔ དེའི་རང་བཞིན་འོད་ཀྱི་ཚུལ་མཁའ་འགྲོ་ལྔ་ནི་ལོངས་སྐུ༔ དེའི་སྤྲུལ་པ་བྱེད་བ་ཕྲག་འབུམ་ནི་སྤྲུལ་སྐུ་སྒྲོན་མའི་རང་བཞིན་དུ་ཐུགས་རྗེའི་ཕྲིན་ལས་སུ་ཤར་བའོ༔
གཉིས་པ་རྣམ་པའི་སྒོ་ནས་ཞལ་ཕྱག་སོགས་བཤད་པ་ནི༔ ཆོས་སྐུ་ནི་སྙིང་ཀར་ཡེ་ཤེས་ལྔའི་སྲོག་ཡན་ལག་ལྔ་ལྡན་དུ་གཞིའི་ཐིག་ལེ་ལ་བརྟེན་ནས་བཞུགས་ཚུལ་གྱིས་བཤད་ཟིན་ཏོ༔
གཟུགས་སྐུ་རྣམ་པ་གཉིས་ལས་དང་པོ་ནི༔ གང་དུ་ཡོད་པའི་གནས་ཀྱི་རྩའི་ཁྱད་པར༔ གང་གིས་འདེགས་པའི་རླུང་གི་ཁྱད་པར༔ གང་ལ་བརྟེན་པའི་ཐིག་ལེའི་བཀོད་པ༔ གང་ཞིག་བརྟེན་པའི་རྣམ་པའི་ཞལ་ཕྱག་གོ༔
དང་པོ་ནི༔ སྤྲུལ་སྐུའི་ཆོས་སྐུའི་ཚུལ་དུ་མཁའ་འགྲོ་མ་སྡེ་ལྔའི་དཀྱིལ་འཁོར་རྩ་འདབ་ལྔའི་ལྟེ་བ་དབུ་མའི་དབུས༔ འོད་རྩ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡི་གེ་ཆོས་འབྱུང་གི་ཡུམ་མཁའ་ན་ཐིག་ལེ་ལ་བརྟེན་ནས་བཞུགས་ཏེ༔ ཀླད་པ་དུང་ཁང་གི་དབུས་སུ་རྩེ་མོ་རྣམ་པར་བཀོད་དུ་རྩ་འདབ་སུམ་བརྒྱ་དྲུག་ཅུར་གྱེས་གཞི་འོད་རྩའི་ཆ་ཤས་ཀྱིས་ཁྱབ་པའི་དབུ་མ་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གཉིས་གཉིས་བཞུགས་སོ༔ མགྲིན་པའི་དབུ་མའི་རྩ་འདབ་བཅུ་དྲུག་གི་དཀྱིལ་ན་རིན་ཆེན་མཁའ་འགྲོ༔ སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་སངས་རྒྱས་མཁའ་འགྲོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི་དབུས་ན་པདྨ་མཁའ་འགྲོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ན་ཀརྨ་མཁའ་འགྲོ་ཡབ་ཡུམ་བཞུགས་པ་སྟེ༔ གཙོ་མོ་འདི་དག་ནི་རྩ་མདུད་ཀྱི་དབུས་ན་བཞུགས་པའོ༔
གཉིས་པ་ནི༔ སྤྱིར་ཡེ་རླུང་གིས་ཁྱབ་པར་མཉམ་ཀྱང་ལྷའི་དུས་སུ་རང་རིག་གཙོ་བོར་གྱུར་བའི་འཁོར་རིགས་ཆུང་གི་རྒྱས་པའི་རྣམ་བཞག་༼ གཞག་དཔྱད། ༽བཞིན༔ རྩ་རླུང་ཐིག་ལེའི་སྨིན་སོ་ཐ་དད་པའི་ཡེ་ཤེས་འོད་སྐུ་སྒྲོན་མར་བཅས་པ་ལའང་དེ་བཞིན་དུ་བྱུང་བ་ཡིན་པའི༔ སྤྱི་བོ་སྐུའི་འཁོར་ལོ་ལ་ཆུ་རླུང་རྩ་བར་སྨིན་པ་འོད་ཁ་དོག་དཀར་པོ་ཅན་གྱེན་དུ་རྒྱུའི་གཙོ་བོར་གྱུར་པའི་རླུང་ལྔའི་ཡེ་ཤེས་འོད་སྐུ་དང་བཅས་པའི་རྟར་བྱུང༔ མགྲིན་པ་རོ་རྣམས་འདུས་སུ་མེ་མཉམ་དམར་པོ་རྩ་བར་གྱུར་པའི་དང༔ སྙིང་ཀར་དྲན་པ་རྣམ་བཀོད་དུ་སྲོག་འཛིན་མཐིང་ཀ་དང་༔ ལྟེ་བ་སྤྲུལ་བའི་འཁོར་ལོ་ན་གཟི་མདངས་བསྐྱེད་པའི་རླུང་སེར་པོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་ཁྱབ་རླུང་རྩ་བར་གྱུར་བའི་ལྗང་གུའི་ནང་འོད་ཁ་ཏོག་༼ དོག །དཔྱད། ༽སྣ་ལྔ་ཚངས་བ་དག་འདེགས་པའི་རྟར་བྱུང་ངོ༔ འོ་ན་རབ་འབྱམས་ལས༔ ས་རླུང་སེར་པོ་ལྟེ་བར་གནས༔ དྲན་པར་ཆུ་རླུང་དཀར་པོ་གནས༔ རོ་འདུས་མེ་རླུང་དམར་པོ་གནས༔ རྩེ་མོར་རླུང་གི་རླུང་གནས་སོ༔ ཞེས་རླུང་གི་རླུང་ཡིན་ན་དེའི་སྙིང་པོའམ་དྭངས་མ་ཡཾ་ཡིན་པས་ན་དེ་སྤྱི་བོ་ན་ཡོད་པར་མི་བཤད་པར་ཆུ་སྙིང་ཡོད་དོན་མེད་པ་དང༔ ཁྱོད་ཀྱིས་སྤྱི་བོར་ཆུ་རླུང་ཡོད་པར་བཤད་པ་རྣམས་ནང་ཕན་ཚུན་མི་འདྲ་བས་མི་འཐད་དོ་ཞེ་ན༔ དེ་ནི་འབྱུང་བ་རེ་རེ་ལ་ལྔ་ལྔ་ཚང་བའི་ཕྱིར་དང་༔ འཁོར་ལོའི་དབྱེ་བསྡུའི་གྲངས་ཀྱིས་འདི་འཁོར་ལོ་བཞིར་བྱས་པས་རིགས་བཞིའི་ནང་དུ་རླུང་དང་ཕྲིན་ལས་རིགས་བཙུད་པ་ཡིན་གྱི་རྒྱུད་འཁྲུགས་པའང་མ་ཡིན་ལ༔ དེ་ཅིས་མངོན་ན༔ དེ་ཉིད་གཞུགས་ཐོག་ཏུ་འཁོར་ལོ་ལྔར་དབྱེ་བ་ན༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་ནི༔ ལྟེ་བའི་རྩ་མདུད་དབུས་དག་ན༔ འབྱུང་བ་ཆུ་ཡི་དྭངས་མ་མཆོག༔ ཕ་མའི་རྒྱུ་གྲུབ་ཐིག་ལེ་དཀར༔ ཡི་གེ་ཧ་དང་ར་རུ་གནས༔ ཞེས་དང་༔ དེ་ལྟར་ཤར་བའི་ཕྱག་རྒྱའི་དུས་སུ་ཆུ་རྣམ་པར་དག་པ་རྡོ་རྗེ་མཁའ་འགྲོར་བཤད་ལ༔ དེ་ཡང་ལྷུན་གྲུབ་འོད་ཀྱི་སྐུ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དཔའ་བོ་ར་ཡི་ཚུལ༔ ཞེས་དང་༔ རླུང་གི་སྙིང་པོའི་ཕྱག་རྒྱ་འབྱུང་བའི་ཡི་གེ་གསང་གནས་ལ་བཀོད་དེ༔ འབྱུང་བཞིའི་དྭངས་མ་ཁུ་ཁྲག་ལྗང་༔ ཡི་གེ་ཡ་དང་ས་རུ་གནས༔ རླུང་གི་དྭངས་མ་ཡཾ་གནས་སོ༔ ཞེས་པས་གསལ་ལ༔ ཡང་མེ་རླུང་མགྲིན་པར་ཡོད་ན་སའི་དྭངས་མ་དེ་ན་ཡོད་པར་པདྨ་མཁའ་འགྲོ་ལྟེ་བ་དང་རིན་ཆེན་མགྲིན་པར་འོང་བ་མི་འཐད་པར་བཤད་པ་ལ༔ དེ་ཡང་བདེན་ཏེ༔ འདི་རིགས་འཕོ་སྣ་ཚོགས་འཐད་པས་ཡིན་གྱིས༔ གཞན་དུ་མགྲིན་པ་གསུང་གི་འཁོར་ལོ་དང་༔ མེ་པདྨའི་རིགས་ཡིན་པ་དང་༔ པདྨ་གསུང་གི་རིགས་དང་༔ པདྨ་མཁའ་འགྲོ་དེའི་ལྷ་ཡིན་པའི་ཕྱིར་དང་༔ ལྷ་རྟོག་གྱི་གནས་འགྱུར་ལ་གཞལ་བས་ཀྱང་༔ པདྨ་མགྲིན་པར་འཐད་དེ༔ དེ་གསང་སྔགས་སྤྱི་དོན་བཞིན་དུ་དཀྲུགས་སྡེབས་ཀྱིས་བཤད་ཀྱང་འགལ་བ་མ་མཐོང་ལ༔ འདིར་ཚིག་དོན་ལྟར་འགྲེལ་བའི་ཕྱིར་དང་༔ མང་བའི་ཤུགས་དང་ཡང་བསྟུན་ཏེ༔ རླུང་དང་འབྱུང་བའི་ཡི་གེ་ཡོད་ཚུལ་ཐམས་ཅད་ཀློང་གསལ་དང་རབ་འབྱམས་གཉིས་ཀ་ནས་འདི་ལྟར་གསུངས་པ་དང་༔ འཐད་ལྡན་ཀྱང་མེའི་དྭངས་མ་ར་སྣའི་རྣམ་པར་ལྟེ་བ་ན་ཡོད་པར་བཤད་པ་དང་༔ གཏུམ་མོའི་མེ་གནས་དང་༔ མེ་མཉམ་གྱི་རླུང་ཕོ་བ་ན་ཡོད་པར་བཤད་པ་ལ་སོགས་པ་ཡོད་དོ༔
གསུམ་པ་གང་ལ་བརྟེན་པའི་ཐིག་ལེའི་བཀོད་པ་ནི༔ བརྟེན་པ་རྩའི་ཐིག་ལེའམ་རྩ་མཁའ་འགྲོའི་ཡི་གེར་ཡོད་པ་དང༔ གཡོ་བ་རླུང་གི་ཐིག་ལེ་དང་སྒྲ་གདངས་མཁའ་འགྲོའི་སྲོག་ཏུ་ཡོད་པ་དང་༔ བཀོད་པ་དྭངས་སྙིགས་ཀྱི་ཐིག་ལེ་མཁའ་འགྲོའི་ཕྱག་མཚན་ཡི་གེའི་རང་འོད་ཅན་དུ་ཡོད་པའི་ཕྱིར༔ དེ་དག་གསུངས་མི་ཤིགས་པའི་ཐིག་ལེ་ཉིད་མཁའ་འགྲོའི་འཆར་གཞིར་གནས་སོ༔ བདེ་མཆོག་འབྱུང་བའི་རྒྱུད་ལས༔ རྩ་ཀུན་མཁའ་འགྲོ་མ་རྣམས་ཏེ༔ ཞེས་དང་༔ མངོན་བརྗོད་ལས༔ དེ་ལྟར་འདི་དག་ཐམས་ཅད་ནི༔ སྒྲ་དང་རྩ་ཡི་རང་བཞིན་ནོ༔ གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ༔ མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ༔ ཞེས་སོ༔ འདི་ལ་དགོངས་ནས་ནང་གསུང་དང་སྦྱར་ཏེ་མཁའ་འགྲོར་བཤད་པ་ཡིན་ནོ༔ ཁོ་བོས་ཀྱང་འདི་དག་གོང་བསྡེབས་ནས་བཤད་པ་རྒྱུད་རྒྱུད་ཀྱིས་བཤད་དུ་ཡོད་པས་ཞེན་ལྟ་དག་པར་བྱོས་ཤིག༔
བཞི་པ་ཕྱེད་སྤྲུལ་ལོངས་སྐུའི་ངོ་བོ་བུམ་པའི་སྐུའི་རྣམ་པར་བཤད་པ་དང་༔ ལོངས་སྐུ་འོད་སྐུའི་རྣམ་པར་བཤད་པའོ༔
དང་པོ་ནི༔ རྩེ་མོ་རྣམ་བཀོད་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དཀར་པོ་རྡོ་རྗེ་ཐོད་ཁྲག་ཅན༔ རྡོ་རྗེའི་གདན་ལ་གར་སྟབས་སུ་བཞུགས་པ༔ རོ་རྣམས་འདུས་སུ་རིན་ཆེན་མཁའ་འགྲོ་རིན་ཆེན་ཐོད་ཁྲག་འཛིན་པ་ཡབ་ཡུམ་སེར་པོ་རིན་པོའི་གདན་ལ་གར་སྟབས་སུ་བཞུགས་པ༔ དྲན་བྱེད་ན་སངས་རྒྱས་ཡབ་ཡུམ་སྔོན་པོ་འཁོར་ལོ་ཐོད་ཁྲག་འཛིན་པ་འཁོར་ལོའི་གདན་ལ་གར་སྟབས་སུ་བཞུགས་པ༔ སྐྱེད་བྱེད་ན་པདྨ་ཡབ་ཡུམ་པདྨ་ཐོད་ཁྲག་འཛིན་པ་དམར་པོ་པདྨའི་གདན་ལ་གར་སྟབས་སུ་བཞུགས་པ༔ བདེ་སྐྱོང་ན་ཀརྨ་ཡབ་ཡུམ་ལྗང་གུ་རལ་གྲི་ཐོད་ཁྲག་འཛིན་པ་རྒྱ་གྲམ་གྱི་གདན་ལ་གར་སྟབས་སུ་བསྒྱུར་ཞིང་འཁྲིལ་པས་བཞེངས་པ་ནི༔ རབ་འབྱམས་ལས༔ རྩེ་མོ་རྣམ་པར་བཀོད་པ་ན༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡི༔ ལྟེ་བར་རྩ་མདུད་དབུས་དག་ན༔ འབྱུང་བ་ཆུ་ཡི་དྭངས་མ་མཆོག༔ ཕ་མའི་རྒྱུས་གྲུབ་ཐིག་ལེ་དཀར༔ ཡེ་ཤེས་རང་འོད་ལྔ་དང་ལྡན༔ ཡི་གེ་ཧ་དང་ར་རུ་གནས༔ དེ་ཡང་ལྷུན་གྲུབ་བུམ་པའི་སྐུ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་ཐོད་ཁྲག༔ རྡོ་རྗེ་དཔའ་མོ་ར་ཡི་ཚུལ༔ དཀར་གསལ་འཁྲིལ་སྦྱོར་ལྡན་པར་བཞུགས༔ ཞེས་དང༔ མགྲིན་པར་རོ་འདུས་འཁོར་ལོ་ན༔ རྩ་འདབ་བཅུ་དྲུག་རྩ་བདུན་ན༔ འབྱུང་བ་ས་ཡི་དྭངས་མ་མཆོག༔ ཕ་མའི་ཁུ་ཁྲག་ལས་གྲུབ་པ༔ ཐིག་ལེ་ཡི་གེ་རི་དང་ཙ༔ ཡེ་ཤེས་ཁ་དོག་ལྔ་ལྡན་དེ༔ རང་བཞིན་རཏྣ་ཊཱཀྐི་དངོས༔ ཡབ་ཡུམ་ཕྱག་གཡས་རིན་ཆེན་ལ༔ གཡོན་པས་ཐོད་པ་ཞབས་བརྐྱང་བསྐུམ༔ སེར་གསལ་རིན་ཆེན་གདན་ལ་བཞུགས༔ ཞེས་དང༔ སྙིང་ཀ་དྲན་པ་རྣམ་བཀོད་དུ༔ རྩ་འདབ་སུམ་ཅུ་རྩ་གཉིས་ལ༔ ལྟེ་བའི་རིན་ཆེན་ཟུར་བརྒྱད་ན༔ ཕ་མའི་ཐིག་ལེ་ཡེ་ཤེས་མདོག༔ མཐིང་ཀ་རང་འོད་ལྔ་དང་ལྡན༔ རང་བཞིན་བུམ་སྐུ་ཞལ་ཕྱག་ཚུལ༔ ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་བཞུགས༔ རུས་རྒྱན་ཞབས་གཉིས་བརྐྱང་བསྐུམ་སྟེ༔ ཞེས་དང་༔ ལྟེ་བ་སྐྱེད་བྱེད་དྲུག་ཅུ་བཞི༔ རྩ་མདུད་དབུས་ཀྱི་ལྟེ་བ་ལ༔ འབྱུང་བཞིའི་དྭངས་མ་ཕ་མའི་རྒྱུ༔ ཁ་དོག་ལྔ་ལྡན་ཐིག་ལེ་དམར༔ ཡི་གེ་ཧྲཱི་ནི་འོད་ཀྱི་སྐུ༔ པདྨ་ཊཱཀྐི་འཁྲིལ་སྦྱོར་ཅན༔ བརྐྱང་བསྐུམ་པདྨའི་གདན་ལ་བཞུགས༔ ཞེས་དང་༔ གསང་གནས་བདེ་བ་མྱོང་བྱེད་ན༔ རྩ་འདབ་ཉི་ཤུ་རྩ་བརྒྱད་དེ༔ ལྟེ་བའི་རྩ་མདུད་དབུས་ཉིད་ན༔ ཕ་མའི་ཁུ་ཁྲག་ཐིག་ལེ་ལྗང་༔ ཡེ་ཤེས་རང་མདངས་ལྔ་ལྡན་པ༔ ས་ཡིའི་ཡི་གེ་འོད་ཀྱི་སྐུ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་༔ རལ་གྲི་ཐོད་པ་གཡས་གཡོན་བསྣམས༔ རྒྱ་གྲམ་གདན་ལ་འཁྲིལ་སྦྱོར་བཞུགས༔ ཞེས་སོ༔
གཉིས་པ་ནི༔ རྩ་ཡི་གེའི་དཀྱིལ་འཁོར་དུ་རླུང་དང་ཐིག་ལེ་རང་སྲོག་སོ་སོའི་ངོ་བོ་ཅན་དུ་བཞུགས་པའི་སྐུར་སྤྱི་བོ་ན་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སུམ་བརྒྱ་མགྲིན་པར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག༔ སྙིང་ཀར་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སོ་གཉིས༔ ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ་རེ་བཞི༔ གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཟུང་སྦྱོར་ཉེར་བརྒྱད༔ དེ་རྣམས་རང་བཞིན་འོད་ཀྱི་སྐུ་ལ་སྐུ་མདོག་ཕྱག་མཚན་བཞུགས་སྟངས་ངོ་བོའི་སྐུ་དང་མཚུངས་པ་ཡོད་དོ༔ དེ་ཡང་རབ་འབྱམས་ལས༔ རྩ་འདབ་སུམ་རྒྱ་དྲུག་ཅུ་ལ༔ ཐིག་ལེ་ཡིག་འབྲུ་ཧ་ར་ལས༔ རྡོ་རྗེ་ཊཱཀྐི་ཡབ་ཡུམ་ནི༔ ཕྱག་མཚན་ཁ་དོག་གཙོ་མོ་འདྲ༔ སུམ་བརྒྱ་དྲུག་ཅུ་འོད་སྐུར་གནས༔ ཞེས་དང་༔ རྩ་འདབ་བཅུ་དྲུག་རི་དང་ཙ༔ གཙོ་བོ་ཡབ་ཡུམ་འདྲ་བར་གནས༔ ཞེས་དང་༔ རྩ་འདབ་སུམ་ཅུ་སོ་གསུམ་ལ༔ མ་ཧཱུྃ་ཐིག་ལེ་ཡིག་འབྲུས་བརྒྱན༔ གཙོ་བོ་འདྲ་བར་གང་ནས་ཡོད༔ ཅེས་དང་༔ རྩ་མདུད་དྲུག་ཅུ་རྩ་བཞི་ལ༔ ཐིག་ལེ་ཧྲཱི་ནི་འོད་ཀྱི་སྐུ༔ གཙོ་མོ་འདྲ་བས་གང་བར་གནས༔ ཞེས་དང་༔ རྩ་འདབ་ཉེར་བརྒྱད་ཐིག་ལེ་ནི༔ ས་ཡའི་རྣམ་པ་གཙོ་བོ་འདྲ༔ ཐམས་ཅད་གང་བར་གནས་པའོ༔ བཞི་བརྒྱ་བདུན་ཅུ་རྩ་གཉིས་ལ༔ ཊཱཀྐི་ཞལ་སྦྱོར་བསམ་མི་ཁྱབ༔ ཅེས་སོ༔
གཉིས་པ་སྤྲུལ་སྐུ་སྒྲོན་མའི་རྣམ་པ་བཤད་པ་ནི༔ སྔར་བཤད་པའི་གནས་ཉི་ཤུ་རྩ་བཞིའི་རྩ་མདུད་ན་མཁའ་འགྲོ་ཡབ་ཡུམ་དེའི་གྲངས་སུ་བཞུགས་པས་མཚོན༔ རྩ་གར་ཡོད་དུ་རླུང་༔ རླུང་གར་ཡོད་དུ་ཐིག་ལེ༔ ཐིག་ལེ་གར་ཡོད་དུ་ཡེ་ཤེས་ཀྱི་ཆས་ཁྱབ་པས་མཁའ་འགྲོའི་གྲོང་ཁྱེར་བྱེ་བ་འབུམ་ས་ཡའི་གྲངས་ལས་འདས་པ་བརྗོད་ཀྱིས་མི་ལང་བར་སྤྲུལ་སྐུ་ཡེ་ཤེས་ཀྱི་སྒྲོན་མའི་ཚུལ་དུ་ནང་གསེས་ཀྱིས་དབྱེར་ཡོད་དོ༔ རབ་འབྱམས་ལས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ༔ ས་ཡ་གྲངས་འདས་བརྗོད་མི་ལངས༔ ཉུང་འབྲུའི་ལུས་ལ་སྤྱན་ཕུལ་ཐག༔ རྒྱུ་དང་འབྲས་བུ་ཁྱད་པར་ཉིད༔ ཅེས་སོ་སོར་བསྒྲངས་སུ་མི་ནུས་ཀྱང་མདོར་ན་བདེ་མཆོག་གིས་ལུས་ཀྱི་དཀྱིལ་འཁོར་ཆེན་པོས་འགྲོ་བ་ཀུན་ལ་ཁྱབ་པར་བཤད་པ་ཉིད་ཀྱི་ལྟར་རོ༔ ཞལ་ཕྱག་མཚན་མའི་རྣམ་པར་ཐ་དད་པར་བཞུགས་པའང་༔ བདེ་མཆོག་ལས༔ ལ་ལར་གཟུགས་ཅན་དག་ཏུ་བཞུགས༔ ཞེས་དང་༔ ངེས་བརྗོད་བླ་མ་ལས༔ དཔའ་པོ་ཉི་ཤུ་རྩ་བཞི་ཡིས༔ འགྲོ་བ་འདི་དག་ཐམས་ཅད་ཁྱབ༔ རྣལ་འབྱོར་མ་ནི་རབ་གཏུམ་སོགས༔ ཐམས་ཅད་ཀུན་ཏུ་སྒྲུབ་པ་པོའི་༔ འཁོར་ལོ་བཞུགས་པར་བལྟ་བར་བྱ༔ ཞེས་དང་༔ མངོན་བརྗོད་ལས༔ ཉི་ཤུ་རྩ་བཞིའི་དཔའ་བོ་རྣམས༔ དེ་ཡིས་འགྲོ་བ་གྲངས་མེད་ཁྱབ༔ དཔའ་བོ་དང་ནི་མཁའ་འགྲོ་ཉིད༔ རྣལ་འབྱོར་མ་དང་མཱ་ལ་དང་༔ དུམ་སྐྱེས་མ་དང་དེ་བཞིན་ཏེ༔ འཁོར་ལོའི་གནས་སུ་རྣམ་པར་བལྟ༔ ཞེས་པ་ལྟར་རོ༔ འདིའི་དབང་པོ་འབྲིང་གི་བསྒོམ་བྱ་དང་འཁོར་ལོའི་ལྟེ་བའི་དཀྱིལ་འཁོར་ནི་སྔ་མ་གཉིས་དང་གཅིག་ལ༔ ཡང་མཐར་འཁོད་པ་རྣམས་སྤྲུལ་སྐུའི་དཀྱིལ་འཁོར་དུ་བཤད་པ་ཡིན་ནོ༔ རབ་འབྱམས་ལས༔ སྤྲུལ་པའི་གྲོང་ཁྱེར་དགུ་ཁྲི་འབུམ༔ ཐིག་ལེ་རང་བྱུང་གཟུགས་ལ་བརྟེན༔ རྩ་རྣམས་ཀུན་གྱི་ནང་ན་བཞུགས༔ ཞེས་སོ༔ ཐུགས་ཀྱི་དཀྱིལ་འཁོར་ཀྱང་འཕྲོ་བ་སྙིང་ག་དང་༔ སྨིན་སོ་སྤྱི་གཙུག་ཏུ་ཡོད་པས་ན་འཁོར་ལོའི་དབུས་ཀྱི་རྩ་མདུད་དག་དང་ཉེ་རིང་གི་རྩ་བ་ཡན་ལག་གི་ཁྱད་པར་གྱིས་གཟུགས་སྐུའི་དབྱེ་བ་བྱས་པའོ༔
ལྔ་བ་སུམ་སྤྲུལ་སྐྱེ་བ་སྣ་ཚོགས་སྟོན་པའི་དཀྱིལ་འཁོར་གཟུང་འཛིན་གྱི་ཕྱི་རོལ་དུ་བཞུགས་པར་དེ་ལྟར་ནང་ན་རིག་པའི་ཡེ་ཤེས་ལ་སྐུ་གསུམ་གྱི་རྣམ་པར་རོལ་བ་བསམ་གྱིས་མི་ཁྱབ་པ་རང་རྫོགས་པས༔ དེའི་སྤྱི་གཟུགས་ལས་ཤར་བའི་སེམས་དང་ལུས་ལ་རྣམ་པ་མཐུན་པར་ཡོད་པ་ལས༔ གཟུགས་བརྙན་ཕྱི་རོལ་གྱི་སྣང་བ་མ་འགགས་ཤིང༔ དེ་ཡང་ཟིན་མ་ཟིན་བཟང་ངན་བར་མའི་ཞེན་སྣང་ཀུན་བརྟགས་སྣ་ཚོགས་པའི་ཆོ་རོལ་དུ༔ ནང་རང་ལུས་སྐྱེ་བ་སྤྲུལ་སྐུས་མཚོན་པའི་ཡང་སྤྲུལ་ཟེར་གྱི་ཁ་མིག་རྣ་བ་ཅན་དང་༔ ཕྱི་སྣང་བའང་སྤྲུལ་སྐུ་ཡིན་ཏེ་སེམས་དང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཙམ་དུ་གནས་པའི་ཕྱིར་དང་༔ དེས་ན་རང་ངོར་སྣང་བའི་དགེ་བའི་བཤེས་གཉེན་ལ་སོགས་པའང་རང་ལས་གཞན་དུ་ཡོད་ན་འབྲེལ་བ་མེད་པའི་ཕྱིར༔ དེ་མེད་ན་མངོན་རྗེས་ཀྱི་ཚད་མས་འཐད་སྒྲུབ་མ་མངོན་པས་ན་སྐྱེ་མེད་སྐྱེ་བར་སྟོན་པའི་བཟོ་སྐྱེ་བེམ་པོ་ཐམས་ཅད་ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་ཞེས་བྱ་བར་ཚད་བཟུང་དུ་མེད་པར་རང་ལས་འཕྲུལ་པའང་༔ རབ་འབྱམས་ལས༔ ལུས་དང་སེམས་ལ་ཚང་བའི་ཕྱིར༔ ཕྱི་རོལ་སྣང་བ་ཉིད་ལས་གྲུབ༔ དེ་ཡང་ཐོག་མའི་ཡེ་ཤེས་གསུམ༔ ཀ་དག་གཞི་ཡི་སྟེང་ན་ཚང་༔ དེ་ལྟར་རྟོགས་པར་གྱུར་པ་ན༔ འདི་ལྟར་ཁམས་གསུམ་འཁོར་བ་ཡང༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ ཅེས་དང་༔ ཡང་སྤྲུལ་བྱེ་བ་ཕྲག་ཁྲིག་སྐུ༔ ཟེར་གྱི་ཁ་མིག་སྣ་ཚོགས་སྐུ༔ ཞེས་སོ༔ དེའི་ངོས་བཟུང་ཀྱང༔ ཡེ་ཤེས་མར་མེའི་རྒྱུད་ལས༔ ཡུམ་གྱི་ཟ་མ་ཏོག་གི་འོག་པདྨའི་རྫིང་བུར་ཟླ་བ་དགུ་ངོ་བཅུར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་དེ་ནི་ཡང་སྤྲུལ་ཟེར་གྱི་ཁ་མིག་རྣ་བ་ཅན་ཡིན་ནོ༔ ཞེས་གསུངས་སོ༔ དེའི་འཐད་ལྡན་ཀྱང་བྲམ་ཟེ་ཆེན་པོས༔ སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ༔ སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད༔ དེ་ཕྱིར་སྣང་སེམས་གཉིས་མེད་ལྷན་ཅིག་སྐྱེས༔ ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ༔ ཞེས་པ་ལྟར་རོ༔
དྲུག་པ་ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་ཀྱི་དཀྱིལ་ན་བཞུགས་ཚུལ་ནི༔ རྒྱང་ཞགས་ཆུའི་སྒྲོན་མའི་རྩ་སྣ་ནས་སྐུ་འོད་ཡེ་ཤེས་ཀྱི་སྒྲོན་མའི་གདངས་འཆར་རུང་དུ་བཞུགས་པ་སྟེ་འོག་ཏུ་བསྟན་པས་འཐུས་སོ༔
གསུམ་པ་བཞུགས་ཚུལ་ནི༔ གཞིར་གནས་དབྱིངས་རིག་དབྱེར་མེད་ཀྱི་ཆོས་སྐུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་གནད་ཀྱིས་འགྱུར་མེད་གསལ་སྟོང་དུ་ལྷང་ངེར་བཞུགས་༡སོ༔ ཡེ་ཤེས་ཟེར་གདངས་ལ་ད་ལྟའང་མཐོང་བས་ནུབ་པ་མེད་པར་བཞུགས་༢སོ༔ ཡེ་ཤེས་རང་སྣང་དང་བཅས་པའང་དངོས་པོ་དང་མཚན་མའི་ཆོས་སུ་གྲུབ་པ་མེད་ཅིང་བློའི་ཡུལ་ལས་འདས་པའི་ཐུག་པ་མེད་པར་བཞུགས་༣སོ༔ ཉོན་ཤེས་ཀྱི་དྲི་མའི་སྦུབས་ཀྱིས་མ་བསྒྲིབ་པར་ཟང་ཐལ་བས་འདུལ་ཡུལ་སོ་སོ་ལ་ཐུགས་རྗེ་ཐོགས་རྡུགས་མེད་པར་བཞུགས་༤སོ༔ གནས་རང་གི་སྙིང་ཀ་ན་ངོ་བོ་ཡེ་སྟོང་ཐིག་ལེ་ཉག་གཅིག་ཏུ་བཞུགས་༥སོ༔ མཁྱེན་པ་རང་གསལ་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་དུ་བཞུགས་༦སོ༔ རང་འོད་ལྟ་བུའི་ཡོན་ཏན་སྣ་ཚོགས་སུ་ཤར་བས་ཁ་དོག་ཕྱེད་པར་བཞུགས་༧སོ༔ ཚད་དུ་ཕྱིན་པས་འཁྲུལ་སྣང་ཡེ་ཤེས་ཀྱིས་འགོག་པའི་གཟི་བརྗིད་ཆེན་པོས་འཚེར་༨བའོ༔ སྣང་བ་ཐམས་ཅད་ཀྱི་གཞི་རང་བཞིན་འོད་ཐིག་ལོངས་སྐུའི་ངོ་བོར་རྫོགས་པས་འོད་དུ་གྲོལ་བར་བཞུགས་༩སོ༔ འཁྲུལ་སྣང་རང་དུས་ཀྱང་དེ་ལས་འགྱུར་མ་མྱོང་བས་སྐུ་མི་གཡོ་བར་བཞུགས་༡༠སོ༔ ཕྱོགས་དང་རིས་སུ་ཆད་པ་མེད་པའི་མཉམ་པ་ཉིད་པས་ཀྱང་དག་པ་ཆེན་པོར་བཞུགས་༡༡སོ༔ དེ་སྐད་དུའང་རྡོ་རྗེ་འཆང་གིས༔ ཡེ་ཤེས་ལྷང་ངེ་བར་བཞུགས་སོ༔ ནུབ་པ་མེད་པར་བཞུགས་སོ༔ མཐའ་ཐུག་པ་མེད་པར་བཞུགས་སོ༔ མ་འགགས་པར་སྣང་བ་ལ་ཐོགས་རྡུགས་མེད་པར་བཞུགས་སོ༔ ངོ་བོ་སྟོང་པར་བཞུགས་སོ༔ ཡེ་ཤེས་གསལ་བར་བཞུགས་སོ༔ ཁ་དོག་ཕྱེད་པར་བཞུགས་སོ༔ གསལ་ལ་འཚེར་བར་བཞུགས་སོ༔ འོད་དུ་གྲོལ་བར་བཞུགས་སོ༔ སྐུ་མི་གཡོ་བར་བཞུགས་སོ༔ ཡེ་ནས་ཕྱོགས་དང་རིས་སུ་མེད་པར་སྐུ་དག་པ་ཆེན་པོར་བཞུགས་སོ༔ ཞེས་གསུངས་སོ༔ གཞན་ཡང་སྐུ་སོ་སོའི་མཚན་ཉིད་འཛིན་པར་བཞུགས་སོ༔ མཚན་དཔེ་རྫོགས་པར་བཞུགས་སོ༔ སོ་སོར་མ་འདྲེས་པར་བཞུགས་སོ༔ གཙོ་འཁོར་ཕྱེད་པར་བཞུགས་སོ༔ རྟོག་པ་མེད་པར་བཞུགས་སོ༔ དཀྱིལ་འཁོར་ཚང་བར་བཞུགས་སོ༔ ཚོམ་བུར་རིགས་ངེས་སུ་བཞུགས་སོ༔ ཀུན་ཏུ་བཟང་པོར་བཞུགས་སོ༔ ཡོངས་སུ་ཁྱབ་པར་བཞུགས་སོ༔ འདི་དག་ཀྱང་བདག་འདྲ་པདྨ་འབྱུང་གནས་ལ་སློབ་དཔོན་དགའ་རབ་རྡོ་རྗེས་ཨོ་རྒྱན་གྱི་ཡུལ་དུ་བཞུགས་དུས་གསུངས་པ་ཡིན་ནོ༔ ཀྱཻ༔ པདྨའི་གསལ་དང་བྱང་ཆུབ་འབྲོ་བཟའ་བཙུན༔ མངའ་བདག་ཆེན་པོའི་བཀའ་ནི་བཙན་པ་ལས༔ གདམས་ཟབ་རིན་ཆེན་དབང་གི་རྒྱལ་པོ་འདི༔ སྐལ་བར་ལྡན་པའི་ཆོས་སྐལ་མཁྱེན་ནས་གཏད༔ ཤར་ལྷོར་ང་ཡི་ཐུགས་ཡོན་སྤྲུལ་པའི་སྐུའི༔ གདུལ་བྱ་དུས་བབས་དེད་དཔོན་གྱིས་དྲངས་སུ༔ ཁྱེད་ཅག་ཆོས་ལ་དབང་བའི་རྒྱལ་པོར་གྱུར༔ འཆད་རྩོད་རྩོམ་པས་རྒྱལ་མཚན་རྩེར་མཆོད་ཤོག༔ དེ་འབྲས་སྲིད་པར་བདེ་བས་དབུལ་བའི་འགྲོ༔ ཀུན་ལ་འཕྲལ་ཕུགས་ཕན་པ་རྒྱ་ཆེན་པོའི༔ དགོས་འདོད་ཡིད་བཞིན་རྩོལ་བའི་གྲུ་ཆར་ནི༔ ཁྱབ་སྙོམས་ཡངས་པ་རྟག་ཏུ་འབེབས་གྱུར་ཅིག༔ ཅེས་གསུངས་ནས༔ དགོངས་པ་དལ་ཅིག་མཉམ་པར་བཞག་གོ༔ དེ་ནས་རྗེ་བཙུན་སྲས་གསུམ་དང་༔ གྲོགས་ཡེ་ཤེས་མཁའ་འགྲོ་གླེང་པ༔ ཀྱཻ༔ སངས་རྒྱས་ཀུན་གྱི་རྗེ་བཙུན་པདྨ་འབྱུང་༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་མངའ་བ་ཁྱེད༔ མཉམ་བཞག་རྗེས་ཀྱི་དབྱེ་བ་མི་དམིགས་ཀྱང་༔ ཆོས་ཀྱི་ཆེ་བར་དགོངས་ནས་བཀའ་རྒྱ་དམ༔ སླར་ཡང་འཆད་པའི་ཆུ་འགོ་འཛིན་གང་གིས༔ ཐུགས་སུ་མ་གབ་ཚིག་བརྒྱུད་རོལ་མོ་བརྡུང༔ ཕྲིན་ལས་བར་ཆད་རིགས་མིན་དེ་ཡི་ཕྱིར༔ སྔར་གསུངས་རྟིང་ནས་བརྩམས་ཏེ་བཀའ་དྲིན་ཞུ༔ དེ་ནས་གུ་རུ་ཆེན་པོས་གྲགས་སྟོང་གསུང༔ ཚིག་ཏུ་མ་བྱོན་རང་གསལ་དགོངས་པས་བརླབས༔ བརྡའ་ཐབས་ཨཱཿ་ཉིད་ཨོཾ་ལ་གཟིགས་པ་སྟེ༔ ཨོཾ་སྲོག་ཧཱུྃ་གི་ཕྲ་རབ་གནས་ལ་འཁྱིལ༔ གསུང་དང་ཕྲིན་ལས་སྐབས་གསུམ་འཛིན་པ་ལས༔ ཕྱོགས་བཅིངས་ཆོས་སྐུ་ངོ་བོ་བཅུ་དྲུག་གི༔ བཅུད་ལ་སྤྱན་བྲེ་ཁྱབ་ལྡན་བུམ་པ་བཀྲམ༔ ཞེས་ཚིག་གི་འབྲུ་གཉེར་བའི་ངོ་སྐལ་ལ༔ ཙཀྵུ་པྲཛྙཱ་བྷཱ་ཏྲཿ
བཞི་པ་དེ་དག་གི་སྣང་གཞི་རང་གསལ་གྱི་ཡེ་ཤེས་སུ་བཤད་པ་ནི༔ སྐུ་དེ་དག་ཀྱང་འཆར་བའི་གཞི་ནི་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་གོ་ཕྱེ་ནས་དབྱིངས་སམ་ལུས་སུ་ཕྱུང་༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱི་མཚན་དཔེའི་རྣམ་པར་རྒྱུར་གསལ༔ ཐུགས་རྗེ་ཟེར་གདངས་ལ་བསྐྱོད་པས་བདག་རྐྱེན་དང་འདྲ་བས་བདག་ནས་ཐབས་ཤེས་ཟུང་འཇུག་ལྷ་སྐུའི་ཕྱག་རྒྱའི་མཚན་མ་མཚོན་བྱེད་ཡེ་ཤེས་སེམས་དཔའ་རང་ལ་ཡོད་པ་ཞེས་བྱ་སྟེ༔ གཉིས་མེད་ཐིག་ལེ་ཆེན་པོར་རང་ཆས་པའི་ལ་བཟློ་ཡེ་ཟིན་གྱི་དགོངས་པ་ཤར་བའོ༔ རྩལ་རྫོགས་ལས༔ ཨེ་མ་ཡེ་ཤེས་སེམས་དཔའ་ཉིད༔ སྐུ་ཡི་སྣང་བ་ཁོ་ནའོ༔ ཞེས་དང་༔ རྩ་བ་ལས༔ ཅི་ཕྱིར་ཡེ་ཤེས་རང་གསལ་འདི༔ རང་ལ་རང་ཆས་ཡོད་པའི་ཕྱིར༔ ཞི་ཁྲོ་རིགས་བརྒྱ་རང་ལས་གྲུབ༔ མཁའ་འགྲོ་སྡེ་ལྔ་རང་ལས་གྲུབ༔ དཔའ་བོ་སྡེ་ལྔ་རང་ལས་གྲུབ༔ རིག་པའི་རྩལ་ཤུགས་མ་འགགས་པས༔ ཐབས་ཀྱི་རང་བཞིན་ཕོ་རུ་སྣང་༔ ཤེས་རབ་རང་བཞིན་མོ་རུ་སྣང་༔ སྣང་སྟོང་གཉིས་མེད་ཆོས་ཀྱི་སྐུ༔ ཞེས་སོ༔
དྲུག་པ་ནི་ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་ན་བཞུགས་པའི་བཅུད་རང་བཞིན་རྒྱུད་དུ་སྨིན་པས་ཚད་ཕེབས་ཀྱི་དུས་ན་སྣང་བ་རྣམས་ཡིན་ལ༔ རང་བཞིན་དུ་ཐིག་ལེ་སྐུའི་གཞལ་ཡས་ཁང་དབྱིངས་རྣམས་ཞིང་ཁམས་ཆེན་པོའི་དབུས་སུ་སྣང་བའི་ནང་ན༔ ལུ་གུ་རྒྱུད་སྐུའི་ངོ་བོ་ཅན་དུ་རང་སྣང་བའོ༔ དེ་དག་ཆོས་སྐུ་སྙིང་ཀ་ན་བཞུགས་པའི་ངོ་བོ་སྐུ་ཐམས་ཅད་ལ་སྤྱི་སྒྲར་འཕྲོ་གཞི་ལས་བཞུགས་སོ༔
གཉིས་པ་ནང་ཐིག་ལེ་རང་བྱུང་གི་སྐུའི་མཚན་གྱི་རྣམ་གྲངས་ཅན་ཡི་གེ་རང་འོད་སྒྲ་དབྱངས་དང་བཅས་སུ་གསུང་རང་བཞིན་འོད་རྩ་ན་བཞུགས་པའི་ཚུལ་ལ༔ གོ་དོན་སྤྱིར་དཔོག་པ་དང་༔ རྣམ་པ་ཐ་དད་དུ་བསྒྲང་བའོ༔
དང་པོ་ནི༔ ཕྲ་བཀོད་ལས༔ གསང་བའི་འོད་ནི་ཙིཏྟའི་ནང་དུ་གསལ༔ ཞེས་པ་འོད་ཁོང་གསལ་གྱིས་མཚོན་པས༔ ནང་ལྟར་གསུང་གི་བདག་ཉིད་དམ་མི་ཤིགས་པའི་ཐིག་ལེ་རྩ་ན་གནས་པར་གསུངས་པའམ་རང་བཞིན་འོད་ཀྱི་ཐིག་ལེ་ཡི་གེར་བཞུགས་པ་ནི༔ རྩ་རླུང་ཐིག་ལེ་གསུམ་ཀའི་སྤྱི་དོན་ཡིན་ཏེ༔ ལུས་དང་ལུས་གནས་རྩའི་ཡི་གེའི་དྲྭ་བ་དེའི་རགས་པ་ཕའི་ཐིག་ལེ་དཀར་ཆས་བསྐྱེད་པ་དང་ཐབས་ཀྱི་ཆ་ཤས་ཡིན་པས་ན༔ སྒྲ་དེར་ཞུགས་ནས་ཀློང་ཆེན་ལས་ཡི་གེ་ཁམས་དཀར་པོ་གནས་པར་གསུངས་པ་ནི༔ སྒྲ་ཇི་བཞིན་པས་མ་ཁྱབ་པ་གཞན་ཡང་ཡོད་དེ༔ དེའི་རྩ་དྭངས་སྙིགས་ཀྱི་དབྱིབས་ཀྱང་ཡི་གེར་ཡོད་པས་ཡིན་ནོ༔ རླུང་དང་ངག་ལ་ཡི་གེ་དང་མཁའ་འགྲོ་མར་གསུངས་བའང་འགྱུ་བས་འཚམས་སྦྱར་ཏེ་རྟོག་ཚོགས་ཡི་གེའི་འཁོར་ལོ་སྒྲ་དོན་འདྲེ་རུང་གཉིས་ཀྱི་ངོ་བོར་ཤར་བ་དང༔ སྒྲ་གདངས་གསུང་གི་རང་བཞིན་ཨཱ་ལི་ཀཱ་ལིའི་འབྲུར་ཡེ་ནས་སྨིན་པའི་བརྡའ་སྤྲོད་དང་༔ ཡང་ཕ་མའི་ས་བོན་ནམ་ཀུན་རྫོབ་དོན་དམ་གྱི་ཐིག་ལེ་རྣམས་མཁའ་འགྲོའི་སྲོག་གི་ངོ་བོར་ཐབས་ཤེས་ཀྱི་ཚུལ་དུ་བཞུགས་པ་དྭངས་སྙིགས་གཉིས་ཀའང་དབྱིབས་ཀྱི་ཆར་ཡང་མི་རུང་བ་ནི་མ་ཡིན་ཏེ་འོད་མདངས་དེའི་རང་བཞིན་གསུང་གི་འཁོར་ལོར་རྫོགས་པ་དང་༔ ཕྱག་མཚན་གྱི་དབྱིབས་སུ་ཡང་ཡོད་པར་བཤད་དེ་ཕྱོགས་གཅིག་གི་སྲིད་པ་འཛིན་དུས་མངོན་བྱང་ལྔའི་སྒོ་ནས་སྤྲུལ་སྐུར་བཞེངས་པའི་དམིགས་ཆུང་ཕྱག་མཚན་དུ་སྨིན་པའི་ཆ་བཟུང་བས་གཞན་ཐིག་ལེ་ལ་ཡི་གེའི་དབྱིབས་མེད་པའང་མིན་པས་ཨ་འཐས་ཁོང་ལོང་གིས་གླང་པོ་གཞལ་བ་ལྟ་བུར་མ་སོང་བ་ཞིག་དགོས་སོ༔ མངོན་བྱང་འདིའི་གཞན་ཡང་ཐམས་ཅད་ལ་སྒྲུབ་མ་དག་པའི་སྣང་བ་ཐམས་ཅད་དག་པར་བྱེད་རྨད་དུ་བྱུང་བར་ཁོ་བོས་རིག་གོ༔ མདོར་ན་དྭངས་མའི་རྩ་ཐིག་རླུང་གསུམ་པོ་གང་ལ་ཞི་ཁྲོ་དང་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་མཚན་དཔེའང་སྒྲུབ་གཞི་མ་ཚང་པ་མེད་པར་ལྷུན་གྱིས་རྫོགས་པའི་འགྲེལ་ཕྱོགས་ཐམས་ཅད་ངོ་བོ་དབྱེར་མེད་པའི་དང་གནས་གཅིག་ཏུ་ལམ་ཐ་དད་ནས་ཕྱིན་པ་ལྟ་བུར་མི་འགལ་བར་ཤེས་དགོས་ཀྱི་གཞན་དུ་རྣམ་པར་འཁྱམས་སོ༔ དེས་ནི་མཐོང་ཐོས་དྲན་པའི་ལུས་ངག་ཡིད་གསུམ་ཐམས་ཅད་ནི་ཡེ་ནས་ཡི་གེ་སྐུ་གསུམ་གྱི་ངོ་བོ་སངས་རྒྱས་པ༔ ཞེས་སྒྱུ་འཕྲུལ་ལས་གང་གསུངས་པ་ལྟར་རོ༔ ཀློང་གསལ་ལས༔ ད་ནི་ཡི་གེའི་གནས་ལུགས་བཤད༔ རྩ་རླུང་ཐིག་ལེ་གསུམ་གྱི་རྩལ༔ ཡེ་ཤེས་འོད་ཀྱི་གོང་བུར་གནས༔ ཡི་གེའི་གྲངས་ནི་བསམ་མི་ཁྱབ༔ བྱེ་བ་འབུམ་ཐེར་ས་ཡ་སྟེ༔ བསྡུ་ན་གྲངས་ཅན་འདི་ལྟར་རོ༔ ཞེས་དང་༔ ཐལ་འགྱུར་ལས༔ གནས་པ་རང་གི་ལུས་ངག་ལ༔ ཨཱ་ལི་ཀཱ་ལིའི་ཕྲེང་བར་གནས༔ ངག་ཏུ་ཇི་ལྟར་བརྗོད་པ་རྣམས༔ ཨཱ་ལི་ཀཱ་ལིའི་བཟླས་པའོ༔ དེ་ལྟར་ཤེས་པའི་རྣལ་འབྱོར་ནི༔ ངག་ཏུ་བརྗོད་པ་སྔགས་ཡིན་པས༔ དམིགས་མེད་སྔགས་ཀྱི་ཕྲེང་བའོ༔ དེ་ཕྱིར་གང་བསམ་བསམ་གཏན་ཡིན༔ ཞེས་དང་༔ བདེ་མཆོག་ལས༔ ལུས་ཅན་ལུས་ཀྱི་ནང་རོལ་ན༔ ལུས་ལས་འདས་ཤིང་གོས་པ་མེད༔ ལ་ལར་གཟུགས་ཅན་དག་ཏུ་སྟེ༔ ཞེས་དང་༔ ལ་ལར་སྲོག་ཏུ་རྣམ་པར་གནས༔ ཞེས་སོགས་སོ་སོར་སྦྱར་ནས༔ དེའི་ངོ་བོ་ལས༔ ཐམས་ཅད་མཁྱེན་པ་ཞེས་བྱར་བཤད༔ རྡོ་རྗེ་ཅན་ནི་དེར་བཞུགས་པ༔ ཞེས་སོ༔ འདིར་རྩ་ན་བཞུགས་ཞེས་པ་ནི་རླུང་ཐིག་ཡེ་ཤེས་ཐམས་ཅད་ཀྱི་ཕྱིའི་རྟེན་རྩ་ཡིན་པ་ལ་དགོངས་ནས་གསུངས་སོ༔ ཞི་ཁྲོ་ཐམས་ཅད་ལ་མཚུངས་ཀྱང་ཡན་ལག་ཏུ་འཕྲོས་པ་མང་བས་ཕྱོགས་ཀྱི་བརྗོད་ཚུལ་གཞན་ཏུ་མཁའ་འགྲོའི་ངོ་བོར་ཡིན་ནམ་བཞགས་པའོ༔ དེས་ན་རྩ་ཐིག་རླུང་གསུམ་ལ་ཡི་གེའི་རང་བཞིན་འོད་ཐིག་གི་དབྱེར་མེད་དུ་ཁྱབ་པའོ༔
གཉིས་པ་ཐ་དད་ལ་བསྒྲང་བ་ནི༔ རྩ་རླུང་ཐིག་ལེའི་རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པ་བསྟན་པ་དང༔ དེ་དག་གི་ངེས་པ་ཕྱོགས་གཅིག་ཏུ་དྲིལ་བ་དང་གཉིས་ལས༔
དང་པོ་ལ་གསུམ་ལས༔ དང་པོ་རྩ་རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པ་ན༔ རྩའི་རང་བཞིན་གསུངས་མཐར་ཐུག་ཨཱ་ལཱི་དམར༔ ཀ་ལཱི་དཀར་པོ་ཤེས་ཐབས་གཉིས༔ ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་གདངས་ཁ་དོག་ཡུམ་གྱི་བདེ་ཆེན་ལས༔ གྲུབ་པའི་ཕྱིར་ཆོས་འབྱུང་ཡི་གེའི་ཡུམ་མཁར་འབྲེལ་བར་གཙོ་མོ་གསུམ་དང་འོད་རྩ་ཡེ་ཤེས་ཀྱི་རྟེན་རྣམས་ཁ་དོག་འོད་ཀྱི་རང་གདངས་སུ་བཅས་པར་དྭངས་སྙིགས་ཀྱི་ཚུལ་དུ་ཡོད་དེ༔ དེ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྐུ་མི་ཤིགས་པའི་རང་བཞིན་འོད་ཀྱི་ཐིག་ལེ་ཡིན་ནོ༔ སྒྲོན་མ་སྣང་བྱེད་ལས༔ ཨ་ལཱི་ཀ་ལཱིའི་ཚོགས་རྣམས་ཀྱི༔ རྩ་རྣམས་བསྐྱེད་པར་བྱེད་པས་ན༔ ཁ་དོག་དབྱེ་བ་ཤེས་པར་བྱ༔ ཞེས་སོ༔ དེར་མ་ཟད་རྩའི་དབྱིབས་ཀྱང་ཡི་གེར་ཡོད་པར་སྔར་བསྟན་ལྟར༔ ཕག་མོ་མངོན་འབྱུང་གི་རྒྱུད་ལས༔ ཡིག་འབྲུ་རྣམས་ཀྱི་གནས་ལུགས་ནི༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་ན༔ བདེ་བྱེད་སྐུ་ཡི་ཡི་གེ་བཞི༔ རང་བཞིན་རྩ་ཡི་དབྱིབས་ཅན་ནོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ན༔ གསུང་མཆོག་ཡི་གེ་རྣམ་བཞི་ནི༔ རང་བཞིན་རྩ་ཡི་དབྱིབས་ཅན་ནོ༔ སྙིང་ཀ་ཆོས་ཀྱི་འཁོར་ལོ་ན༔ ཐུགས་མཆོག་ཡི་གེ་རྣམ་བཞི་ནི༔ རྩ་ཡི་དབྱིབས་དང་མཐུན་པར་གནས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ རྟེན་བྱེད་ཡོན་ཏན་ཡི་གེ་བཞི༔ དེ་ཡི་རང་བཞིན་རྩ་ཡི་དབྱིབས༔ ཕྲིན་ལས་ཡི་གེ་རྣམ་བཞི་ནི༔ ཞི་རྒྱས་དབང་དྲག་ཡི་གེ་བཞི༔ ལས་དང་རྗེས་མཐུན་གཟུགས་སུ་གནས༔ ཞེས་སོ༔
གཉིས་པ་རླུང་མི་ཤིགས་པའི་ཐིག་ལེ་ནི༔ འབྱུང་ཁམས་ཡུམ་གྱི་རང་བཞིན་ལས་བཟུང་ནས་མཁའ་འགྲོར་འབྲེལ་ཀྱང་གཞན་མེད་པ་ནི་མིན་ཏེ་ཨ་དཱི་ཀ་དཱི་ཚང་པར་ལྡན་པ་ཞི་ཁྲོ་ཡོངས་རྫོགས་ཀྱི་གསུང་རང་བཞིན་འོད་ཀྱི་ཐིག་ལེར་གྲུབ་པའོ༔ དེ་ཡང་ངག་གིས་བརྗོད་པའི་སྒྲ་དབྱངས་འབྲས་བུའི་རྟགས་ཀྱི་དེའི་རྒྱུ་གདངས་རླུང་ཡི་གེར་ཡོད་པ་རྟོགས་པས་ལམ་དུས་སུ་རླུང་གི་བྱེད་བཅིངས་ལ་སྐྱེ་མེད་ཀྱི་བཟླས་པ་འཐད༔ རྒྱུ་མཚན་དེ་དག་གིས་ངག་ཡི་གེ་འབྲུ་ཚོགས་སུ་སྨིན་པ་སྟེ༔ མན་ངག་རྣམས་ལས་རླུང་ལྔ་ཡི་གེ་ལ་སྦྱར་བའང་ ཡིན་ནོ༔ སྒྲོན་མ་སྣང་བྱེད་ལས༔ འབོད་པའི་སྒྲ་ནི་ཨ་ལི་དང་༔ ཀ་ལི་སུམ་ཅུ་བཞི་ལ་སོགས༔ གཞི་རྩལ་སྣ་ཚོགས་སྣང་བས་ན༔ འདི་ཉིད་ཀྱང་ནི་ངོ་བོས་སྟོང་༔ ཞེས་སོ༔ རླུང་རང་བཞིན་འོད་ཀྱི་ཐིག་ལེར་གནས་པའི་གནད་ཀྱིས་མགོན་པོ་ལྔའི་རླུང་འོད་ཟེར་ལྔ་བར་བཤད་པ་དང་༔ སྔ་འགྱུར་གྱི་རྒྱུད་རབ་འབྱམས་ལས༔ ཤར་རླུང་དཀར་ཏེ་འགྱུ་བར་བྱེད༔ ལྷོ་རླུང་སེར་ཏེ་རབ་ཏུ་ཐིམ༔ ནུབ་རླུང་འབར་ཏེ་རབ་ཏུ་དམར༔ ཡེ་ཤེས་ལྔ་ལྡན་ཁྲ་བོ་སྟེ༔ བྱང་རླུང་ལྗང་ལ་རབ་ཏུ་གཡོ༔ ཞེས་འོད་དང་ཐིག་ལེ་སྣ་ཚོགས་པར་ཡོད་པས་ཀྱང་གསུང་དུ་བཤད་དོ༔
གསུམ་པ་ཐིག་ལེ་གསུང་རང་བཞིན་འོད་དུ་ཐིག་ལེར་བཞུགས་པར་བསྟན་པ་ནི༔ རྩ་ཐམས་ཅད་ན་རླུང་ཡོད་ལ༔ དེ་ན་ཐིག་ལེ༔ དེ་ཡི་གེའི་གཟུགས་ཀྱི་གནས་པས་ན་གཙོ་མོ་གསུམ་ལ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་རྩ་རླུང་ཐིག་ལེའི་འོད་ཀྱི་མི་ཤིགས་པའི་ཡི་གེའི་འཕྲོ་གཞིར་གནས་ཏེ༔ དེའི་སྤྲུལ་སྐུ་གྲངས་མེད་པར་ཀུན་ཏུ་ཁྱབ་པའི་གནས་གསུམ་ཁྱབ་འཇུག་གི་ཡི་གེ་ཞེས་བྱའོ༔ དེའི་ཆོ་འཕྲུལ་ཐམས་ཅད་ཀྱང་སྲོག་ལྡན་གྱི་གསལ་བྱེད་སོ་བཞི་ཐབས་དང་༔ སྲོག་དབྱངས་བཅུ་དྲུག་ཤེས་རབ་དང་༔ དེས་བརྩམས་པས༔ རྐྱང་པ༔ བརྩེགས་མ༔ འདོགས་ཅན་བརྒྱད་ཁྲི་བཞི་སྟོང་དུ༔ རྩའི་དཀྱིལ་དང་༔ འཁོར་ལོ་དང་༔ ཡང་ཕྲན་དུ་མཆེད་པ་ཀུན་ལ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན༔ དྭངས་མ་དཀར་དམར་དང་རླུང་གི་དབུས་ན་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་ལྔའི་རང་བཞིན་སྤུས་བྲིས་པ་ཙམ་རེ་རང་གསལ་དུ་ཡོད་དོ༔ ཀློང་གསལ་ལས༔ རྒྱུ་ཡི་ཐིག་ལེ་ཡིག་འབྲུར་གནས༔ དེ་ལ་སྐུ་དང་ཡེ་ཤེས་ཀྱི༔ ཐིག་ལེ་དག་ནི་གནས་པའོ༔ ཞེས་སོ༔ འདི་ཡང་ཐིག་ལེའི་འོད་ལྟར་སྣང་བས་ཡུམ་དབྱིངས་ཀྱི་མཁའ་འགྲོའི་ཆ་ལྡན་གྱི་གསུངས་མཁའ་འགྲོའི་སྲོག་ཡིག་ཏུ་མ་རྒྱུད་དག་ལས་འགྲེལ་ཀྱང་༔ གཞན་མེད་པ་ནི་མ་ཡིན་ཞི་ཁྲོ་རིགས་བརྒྱ་དང་གྲངས་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོའང་སྐུ་རང་རང་གི་གསུང་ཆོས་ཀྱི་ཕྱག་རྒྱར་རོལ་བ་ཡང་༔ གནས་པའི་སྒྲ་ཡིག་ཅེས་ཀྱང་བྱ་སྟེ་དོན་དུ་ལུས་གནས་རྩའི་ཡི་གེ་ཡིན་ནོ༔ འདི་ཡང་གསུང་དཀྱིལ་གྱི་ཐུགས་སམ་གཙོ་མོ་མཁའ་འགྲོའི་སྲོག༔ ཧ་རི་ནི་ས་དང་༔ ར་ཙ་ཧྲི་ཡ་ལ་སོགས་པའི་གནས་པ་ལ་བརྟེན་ནས་སྐུ་གསུམ་སུམ་བརྩེགས་སུ་བཞུགས་པ་སྔར་བཤད་ཟིན་པ་དང་༔ དེའི་ཡང་ཕྲན་དུ་འཕྲོས་པའང་བི་མའི་དུམ་ཁྲིག་གི་གནད་ཡིག་ལས་གསུངས་པ་ཐམས་ཅད་ཐིག་ལེ་ཡི་གེའི་རང་བཞིན་ཡིན་ཏེ་དེ་དག་གི་མཚོན་རྒྱས་པར་བཤད་ཀྱི་མི་ལངས་བ་རྒྱུད་ཐ་དད་ན་ཡོད་པ་ལྟར་ངེས་པར་བྱེད་པའི་མིག་འདིས་ཕྱེས་ནས་བསྡུས་པའོ༔ ཀློང་གསལ་ལས༔ རིན་ཆེན་ཟུར་བརྒྱད་སྙིང་གི་དཀྱིལ༔ ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི༔ ས་བོན་ཡི་གེའི་ཚུལ་དུ་གནས༔ དེ་ཉིད་ངོ་བོ་ཤེས་པས་ཆོག༔ ཅེས་དང་༔ རབ་འབྱམས་ལས༔ རྒྱ་མཚོ་གསེར་གྱི་ཉི་རྩ་ཆེན་མ་ཅན༔ ཙིཏྟ་རིན་ཆེན་ཟུར་བརྒྱད་དུ༔ ས་བོན་ཡི་གེའི་ཚུལ་མདངས་ཅན༔ རྩ་རྣམས་དྭངས་མ་ཀུན་འདུས་པ༔ རྒྱ་མཚོ་གསེར་གྱི་ཉི་མ་ཅན༔ ཡེ་ཤེས་ཚུལ་དུ་ཆོས་སྐུར་བཞུགས༔ ཞེས་དང་༔ སྒྲོན་མ་སྣང་བྱེད་ལས༔ ལུས་ལ་གནས་པའི་ཡི་གེ་སྟེ༔ སྙིང་གི་དཀྱིལ་ན་ཀུན་གནས་ཏེ༔ ཞེས་དང་༔ གནས་པ་རང་གི་ལུས་ཉིད་ལ༔ ཨ་ལི་ཀ་ལིའི་ཕྲེང་གནས་པ༔ ཞེས་དང་༔ མདོ་སྒྱུ་སེམས་གསུམ་ལས་དེ་དང་ཚུལ་མཐུན་པའི་ཡི་གེ་ཡོད་པར་གསུངས་པའོ༔ རབ་འབྱམས་ལས་ཀྱང་༔ མཁའ་འགྲོའི་སྲོག་སྔགས་དམ་པ་རྣམས༔ རང་ལ་ཡེ་ནས་མི་གནས་ན༔ བསྒྲུབ་ཀྱང་འགྲུབ་པར་ག་ལ་འགྱུར༔ རང་ལ་གནས་པ་རང་གསལ་གདབ༔ དེ་ཕྱིར་རྩ་རླུང་བདེ་སྟོང་སྤྱད༔ ཅེས་གསུངས་སོ༔
གཉིས་པ་ངེས་པ་ཕྱོགས་གཅིག་ཏུ་བསྒྲིལ་པས་མཇུག་བསྡུ་བ་ནི༔ འདི་ལྟར་གསུང་རང་བཞིན་འོད་ཀྱི་ཐིག་ལེ་ཀུན་ཏུ་ཁྱབ་པ་ཐམས་ཅད་ལའང༔ ཆོས་སྐུ་སྙིང་ཀ་ན་བཞུགས་པ༔ ལོངས་སྐུ་མགོ་བོ་ན༔ སྤྲུལ་སྐུ་གཞུང་བ་ན༔ ཡང་སྤྲུལ་རྩ་ན་ཡོད་པས་སྲོག་གི་གནས་ཚུལ་གྱི་སྐུ་དང་འདྲ་བའི་འོད་ལ་དབྱེར་ཡོད་པ་ཤེས་པར་བྱ་སྟེ༔ ཀློང་གསལ་ལས༔ སྒྱུ་མ་ལུས་ཀྱི་རྩ་ནང་ན༔ རིག་པའི་ངོ་བོ་ཡི་གེར་གྲུབ༔ ཅེས་པས་ན་ངོ་བོ་དང་རྩ་ནང་གི་སྒྲོན་མ་བཞིའི་གདངས་དེའི་ཆོ་འཕྲུལ་ངག་གིས་བརྗོད་པ་སྒྲ་ཡི་གེར་གནས་པ་དང་༔ རྟོག་ཚོགས་ཡི་གེའི་འཁོར་ལོར་འབྱུང་བ་ནི་གཞིའི་དཀྱིལ་འཁོར་དང་༔ རྩ་ནང་གི་སྒྲོན་མའི་གདངས་བཞི་ཆར་དང་༔ ལམ་དུ་སྒྲོན་མའི་ནང་ན་ཚད་ཕེབས་ཀྱི་སྔོན་ཐོག་ལུག་གུ་རྒྱུད་ཀྱི་ནང་དུ་ཡི་གེའི་སྐྱེ་མཆེད་མཐོང་བ་དང་༔ ཡེ་ཤེས་ཟང་ཐལ་བྱད་ཀྱི་དཀྱིལ་ན་ཡོད་པའི་མཁའ་གསལ་ཡིན་ནོ༔ ཤེས་རབ་ཀྱི་རང་རྩལ་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་བ་དང་༔ འབྲས་བུའི་དུས་སུ་སངས་རྒྱས་སྐུ་གསུམ་གྱི་གསུང་དང་༔ ལོངས་སྐུའི་གནས་ཀྱི་འོད་ཟེར་ཐམས་ཅད་ཀྱང་རྩ་རླུང་ཐིག་ལེའི་རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པ་ལས་རང་བྱུང་བའོ༔ དེ་དག་ཀྱང་སྒྲོན་མ་སྣང་བྱེད་ལས༔ ལུས་ལ་གནས་པའི་ཡི་གེ་དང༔ སྙིང་གི་དཀྱིལ་ན་ཀུན་གནས་ཏེ༔ ལྕེ་དང་མཆུ་དང་སོ་རྣམས་དང་༔ རྐན་དང་མགྲིན་པ་དག་ནས་བྱུང༔ ཞེས་ཆོ་འཕྲུལ་འབྱུང་བ་ལས་འགྲོལ་ནས༔ ངག་ཏུ་ཇི་ལྟར་བརྗོད་པ་རྣམས༔ ཨ་ལི་ཀ་ལིའི་བཟླས་པའོ༔ ཞེས་སོགས་བྱུང་ལ༔ ཕྲ་བཀོད་ལས༔ རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས༔ ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ༔ ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ༔ གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ༔ དེ་ཡང་གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ འགྲོ་དང་འོང་བར་གནས་པའོ༔ ཞེས་མཁའ་འགྲོ་དང་ཞི་ཁྲོའི་སྐུའི་དཀྱིལ་འཁོར་གཞལ་ཡས་སུ་གནས་པར་གསུངས༔ ཀློང་གསལ་དང་ཀློང་ཆེན་ལས༔ ནང་ལྟར་ཊཱཀྐི་ཡབ་ཡུམ་ལྔ༔ རྩ་རྣམས་ནང་ན་ཡི་གེར་གསལ༔ དེ་ཡང་གསུང་གི་ཚུལ་དུའོ༔ ཞེས་ཐིག་ལེ་གསུངས་ལ་སྦྱོར་བའི་ཕྱོགས་གཉིས་དང་༔ ཡང་སྤྲུལ་ཐིག་ལེའི་སྐུ་རྩ་ན་བཞུགས་པར་བཤད་པ་ཐམས་ཅད་གོང་སྦྲེལ་ཏེ་སྨྲོས་པའི་ནང་ཕན་ཚུན་འགལ་བ་མེད་པའི་ཁྱད་པར་གྱི་ཆོས་སུ་མངོན་པའོ༔
གསུམ་པ་གསང་བ་ཐུགས་ཀྱི་ཕྲིན་ལས་ཟང་ཐལ་བའི་ཡེ་ཤེས་ཐུགས་རྗེ་སྒྲོན་མར་བཞུགས་པར་བཤད་པ་ལ༔ གཞི་ཤེས་འབྲས་བུ་ཐོབ་ལྟ་བས་རྟོགས་སྒོམ་པས་འཇུག་རྣམ་གྲངས་ཀྱི་སྒོ་ནས་སྒྲོན་མ་དགུ་དང་དྲུག་ཏུ་བསྒྲང་བ༔ རྒྱུ་མཚན་གྱི་དབང་གིས་བཞིར་བསྡུས་ཏེ་བཤད་པ༔ རྒྱས་པར་ལམ་དང་འཆར་སྒོ་ནས་འབྱུང་བར་བསྟན་པ་དང་གསུམ་ལས༔
དང་པོ་ལ་ཤེས་བྱ་གཞིའི༔ ཉམས་ལེན་ལམ་གྱི༔ རྟོགས་པ་འོད་གསལ་གྱི༔ བར་དོ་དུས༔ མཐར་ཐུག་འབྲས་བུའི་སྒྲོན་མ་དང་ལྔ་ལས༔
དང་པོ་ཤེས་པར་བྱ་བ་གནས་ལུགས་གཞིའི་སྒྲོན་མ་ཞེས་སྔར་བཤད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ་མཐུན་པའི་འོད་དང་བཅས་པ་སྙིང་ཀར་གཞི་སྣང་ཆད་ལྷག་མེད་པར་འཆར་གཞིར་བཞུགས་པ་སྟེ༔ མེ་ལོང་ལས༔ དེ་ལྟར་གཞི་སྣང་ལྔ་རྣམས་ཀྱང༔ འཁྲུལ་དུས་ནང་གསལ་འཆར་གཞིའི་ཚུལ༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ འགྲོ་དྲུག་སྣང་བ་དེ་ལྟར་རོ༔ ཞེས་སོ༔ ཁྲེགས་ཆོད་ལའང་རིག་པའི་ཡེ་ཤེས་གཞི་འཁོར་འདས་ཀྱི་བར་དོར་བཤད་པའང་འདི་ཉིད་ཡིན་ནོ༔ དེ་ཡང་སྙིང་གི་ངོས་འཛིན་བྱས་ན་ཙིཏྟ་ཤ་ཡི་སྒྲོན་མ་ཞེས་པ་གློ་སྙིང་གི་དེ་ལ་ཟེར་བ་མིན་ཏེ༔ རྒྱུ་མཚན་དུ་བཀོད་ན་སྙིང་ཀའི་ནང་ན་འོད་རྩ་དང་དབུ་རྐྱང་རོ་གསུམ་ཡོད་ལུགས་ཀྱང་མེད་དེ་ཡོད་ན་གཡས་གཡོན་དང་མགོ་ཐུར་དུ་བསྟན་པའི་ཕྱིར་རྩ་གུག་པ་དང་༔ ཡང་སྣེའུའི་ཕུག་རྡུགས་ཏུ་སོང་བས་རྩའི་ཕུག་པའི་ཤུལ་མ་མཐོང་བ་དང་བཅས་བའི་ཕྱིར་འཐད་པ་མིན་ལ༔ རིན་ཆེན་ཟུར་བརྒྱད་ཅེས་པའི་ངེས་ཚིག་ཀྱང་རྩ་འདབ་མ་བརྒྱད་དུ་ཡོད་པ་ལ༔ གསང་ཐིག་ནས་མདུན་ཆོས་ཉིད་༣གཡས་ཡེ་ཤེས་༡རྒྱབ་ཡོན་ཏན་༡གཡོན་རང་རྒྱུད་༣ལ་བྱེ་བྲག་དྲུག་ནི་འདི་རྣམས་ཀྱི་ནང་ན་རིགས་དྲུག་དང་སྐུ་གསུམ་གྱི་ས་བོན་གནས་པས་ཡིན་ནམ་སྙམ་གསུངས་གམ་བརྒྱད་དཀྱིལ་དུ་བཞག་པར་མཛད་པ་དང་༔ གསང་འདུས་ལས་རྩ་འཁོར་གྱི་སྙིང་ག་ན༔ དབུ་རྐྱང་རོ་གསུམ་སུམ་སྐོར་འདོད་མ་འཁྱིམ་གཏུམ་རྡུལ་བྲལ་མ་ལ་སོགས་ཡུམ་བཞི་མཆོད་པའི་བཞི་སྟེ་བརྒྱད་དུ་གསུངས་པའི་རྩ་ཆེན་རྣམས་ཀྱི་དབུས་ཡིན་པའི་ཟུར་བརྒྱད་པའོ༔ དེ་ཀུན་གྱི་དབུས་སུ་འོད་ཟེར་ལྔ་པའི་རླུང་ནི་དབུ་མའི་ནང་གསེར་གྱི་རྩ་ན་ཡོད་དེ་རྒྱུད་སྡེ་དེ་དག་རྫོགས་ཆེན་རྡོ་རྗེའི་གནས་སྟོན་བྱེད་ཁྱད་པར་གྱི་གནས་མ་ཡིན་པའི་ཕྱིར་གབ་ནས་མཐར་ཐུག་འདིར་གསལ་བའོ༔ དེ་ཡིན་པར་ལུང་གིས་ཀྱང་གྲུབ་སྟེ་རྩ་འཁོར་གྱི་སྙིང་ཀ་ནི་ནུ་བར་ཡིན་པའི་གློ་སྙིང་ལས་མཐོན་པོར་ཡོད་པ༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ དྲན་བྱེད་འཁོར་ལོ་ལྟེ་བ་ནས༔ སོར་བརྒྱད་ཅེས་རགས་རམ་ཙམ་ལས་དོན་ལ་འཁོར་ལོ་རེའི་བར་དུ་སོར་ཕྱེད་བཅུ་གསུམ་ཡོད་དོ། །ཡར་བཅད་སྙིང་ཀ་ན༔ རྩ་རྣམས་ཡལ་ཀ་སུམ་ཅུ་གཉིས༔ རང་བཞིན་ཡེ་ཤེས་འོད་ཐིག་ཚུལ༔ འཁོར་ལོའི་ལྟེ་བར་ཁམས་དཀར་པོ་ཡབ་ཡུམ་ཡི་གེ་མ་དང་ཧཱུྃ༔ འོད་ཀྱི་གོང་བུའི་ཚུལ་དུ་གནས༔ ཞེས་གསུངས་ནས་ཀུན་བཟང་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སོ་གཉིས་ཀྱི་གནས་རྩ་འཁོར་གྱི་དབུས་སུ་ངོས་བཟུང་བས་ཀྱང་གྲུབ་པ་དང་༔ དབུ་མ་སྙིང་གི་དཀྱིལ་ན་མེད་པའི་གནད་ཀྱིས་དབུ་མ་དང་འབྲེལ་ཚུལ་གསུངས་ཀུན་མཁྱེན་གྱིས་གསུངས་ཀྱང་མ་རྙེད་པས་འཚོལ་དགོས་ཀྱང་དགོངས་བཤད་ཙམ་དུ་སྔ་རབས་པའི་རྗེས་སུ་འབྲངས་བ་ལས༔ དོན་དུ་སྙིང་དཀྱིལ་ན་ཡོད་དུས་འཐད་བཤད་མི་དགོས་ཤིང་༔ འཐད་བཤད་བྱས་དུས་དབུ་མའི་དབུས་སུ་འོད་རྩ་ཡོད་པར་ལུང་གིས་ཀྱང་བསྟན་ལ་བཤད་པ་དག་ཀྱང་དངོས་ཤུགས་འགལ་བའི་མ་བརྟགས་བབ་ཅོལ་སྨྲའོ་ཞེས་སུ་ཞིག་གིས་སྐུར་བ་འདེབས་ཕོད༔ དེས་ན་དབུ་མའི་དབུས་ན་ཡོད་པར་བཤད་པའི་རྩ་འཁོར་གྱི་དབུས་སུ་མེད་པ་ནི་ནམ་ཡང་སྤོང་མི་ནུས་ཤིང་རོ་རྐྱང་རྩ་འཁོར་དང་བཅས་པ་སྙིང་ནང་ན་ཡོད་པའང་བསྒྲུབ་མི་ནུས་སོ༔ སྙིང་དབུས་ཀྱི་དབུ་མ་དེའི་ནང་ན་འོད་གསལ་སྐུ་འོད་སྒྲོན་མ་སུམ་བརྩེགས་བུམ་ནང་གི་མར་མེ་ལྟར་གནས་པས་ན༔ ཀློང་གསལ་ལས༔ དེ་རྣམས་རྩ་ཡི་ཕྱི་ཤར་ཡིན༔ ཉུང་ངུར་བསྡུས་ན་སྙིང་ལ་འདུས༔ ཙིཏྟ་རིན་ཆེན་གཞལ་ཡས་སུ༔ རྩ་ནི་སྟོང་ཕྲག་གྲངས་མང་ཡང་༔ ཁྱད་པར་རྩ་ཆེན་བཞི་རུ་འདུས༔ རོ་མ་རྐྱང་མ་ཀུན་འདར་མ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་དང་༔ ཀུན་གསལ་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ༔ འོད་ལྔའི་ཀློང་ན་རྫོགས་པར་བཞུགས༔ ཞེས་དང་༔ ཐིག་ལེ་འདུས་པ་ལས༔ སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ༔ ཆོས་གསུམ་ཉིད་ཀྱི་ངོ་བོར་གནས༔ ཞེས་སོ༔
གཉིས་པ་ནི༔ སྒྲོན་མ་དཀར་འཇམ་རྩའི་སྒྲོན་མ་བསྣན་པའོ། །ལྔའི་སྒྱུ་འོད་སོ་སོར་སྣང་བའོ༔
གསུམ་པ་འོད་གསལ་ཡེ་ཤེས་ཀྱི་སྒྲོན་མ་ནི༔ འོད་གསལ་མི་གཡོ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་ཡིན་ནོ༔ སྒྲོན་མ་དྲུག་གི་རྟོགས་པ་ཡར་ལྡན་དུ་འཁྲུངས་པའི་རྣམ་དག་དང་དེའི་རྩལ་ལས་སྤྱན་དང་མངོན་ཤེས་ཀྱི་ཡོན་ཏན་ཀྱང་འདི་ཉིད་དུ་འདུས་སོ༔
བཞི་བ་བར་དོ་དུས་ཀྱི་སྒྲོན་མ་ནི༔ སྐུ་གསུམ་གྱི་འོད་གསལ་ལྷ་སྐུ་དང་བཅས་ཤར་བའོ༔
ལྔ་པ་མཐར་ཐུག་འབྲས་བུའི་སྒྲོན་མ་ནི་རང་བྱུང་གི་ཆོས་༣ཚིག་༥མཐར་ཕྱིན་བུམ་པའི་སྐུར་གྲོལ་ཞིང་ནང་གསལ་སྐུ་དང་ཡེ་ཤེས་ཕྱི་གསལ་གྱི་མཛད་པ་དང་བཅས་རང་རྫོགས་པའི་བྲལ་སྨིན་ལའོ༔ དེ་ལྟར་བཞི་ལས་ཤེས་ཐོབ་རྟོགས་འཇུག་ལམ་གྱི་སྒྲོན་མ་ནི་གཞི་དབྱེ་བ་ཡ་གྱལ་ལ་མ་བསྒྲངས་ན་ལམ་གྱི་སྒྲོན་མ་ལྔ་དང་དགུའམ༔ བསྒྲངས་ན་བཅུར་ཡོད་དོ༔
གཉིས་པ་ནི༔ ཙིཏྟ་ཤ་ཡི་སྒྲོན་མ་ཡེ་ཤེས་ཆོས་ཀྱི་སྐུའི་བཞུགས་གནས་རིན་ཆེན་ཟུར་བརྒྱད་པ་དང༔ དཀར་འཇམ་རྩ་ཡི་སྒྲོན་མ་འཆར་པའི་ལམ་ཐིག་ལེ་རང་བྱུང་གི་དབྱིངས་ཀྱི་སྣོད༔ རྒྱང་ཞགས་ཆུའི་སྒྲོན་མ་ཟང་ཐལ་གྱི་སྐུ་བཞུགས་པའི་སྣོད་གསུམ་དང་༔ ཤེས་རབ་རང་བྱུང་གི་ཆོས་ཀྱི་སྐུ་སུམ་བརྩེགས་ཀྱི་རྒྱན་དང་བཅས༔ ཐིག་ལེ་སྟོང་པའི་སྒྲོན་མ་སྐུའི་གཞལ་ཡས་ལོངས་སྐུའི་རང་བཞིན༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞིང་ཁམས་རྣམ་དག་གི་རྒྱན་ཏེ་བཅུད་ཀྱི་སྒྲོན་མ་གསུམ་དང་དྲུག་གོ༔ དེ་དག་ལས༔ གཞི་སྒྲོན་མ་དྲུག་གི་སྙིང་པོའི་རྒྱུད་ཀྱིས་ཁྱབ་པ་ནི་ཤེས་བྱ་ཡིན༔ དེ་རྟོགས་པ་མངོན་གྱུར་དུ་དག་པ་གཉིས་ལྡན་ཆེན་པོར་བྱས་པའམ་གདེང་ཐོབ་པ་ནི་འབྲས་བུ་ཡིན་ནོ༔ གཞི་ཤེས་བྱེད་འབྲས་བུ་ཐོབ་བྱེད་ཀྱི་རྐྱེན་དུ་གྱུར་པའི་འཇུག་ངོགས་ནི་ལམ་གྱི་སྒྲོན་དྲུག་གི་ཉམས་ལེན་ཡིན་ལ༔ ཉམས་ཞར་བྱུང་གི་འོད་གསལ་ཡེ་ཤེས་ཀྱི་སྒྲོན་མའི་རྟོགས་པ་གདེང་ཚད་ཟིན༔ བར་དོའི་སུན་མ་ལ་གྲོལ་བའི་ལམ་དུ་རང་ཤར་ནས༔ འབྲས་བུ་ཡེ་ཤེས་ཀྱི་སྒྲོན་མ་མངོན་དུ་གྱུར་པའོ༔
གཉིས་པ་རྒྱུ་མཚན་གྱི་དབང་གིས་སྒྲོན་མ་བཞིར་བསྡུས་པའི་གནད་བཤད་པ་ལ༔ རྒྱུ་མཚན་བཤད་པ་དང་༔ མཆེད་ཅིང་སྨིན་ཚུལ་བཤད་པ་གཉིས་ལས༔
དང་པོ་ནི༔ འདིར་རྣལ་འབྱོར་པས་ལམ་ཉམས་སུ་ལེན་པ་ལ༔ ཁྱབ་བྱེད་ཀྱི་གཞི་དག་པ་ཡེ་ཤེས་ཀྱི་སྒྲོན་མ་བཞི་པོ་འདིར་འདུས་ཏེ༔ འོད་རྩ་དང་རྒྱང་ཞགས་ནི་སྒྲོན་མའི་སྤྱན་ཡིན་པར་ངོ་བོ་གཅིག་པའི་ཕྱིར་འདིར་འདུས་ཤིང་༔ བར་དོར་ཤར་བའང་སྒྲིབ་བྱེད་སྦུབས་གསུམ་དང་བྲལ་བས་འདི་དག་རང་ལ་སྣང་བས་གཞི་སྣང་ཡིན་ལ༔ གནས་ལུགས་གཞིའི་སྒྲོན་མའང་བཞིར་སྣང་བ་འདི་དག་གི་ངོ་བོའི་གནས་ཚུལ་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པ་དང་༔ སྒྲོན་མ་བཞི་པོ་བྲལ་དག་ཡུལ་གསལ་དུ་སོང་བ་འབྲས་བུའི་སྒྲོན་མ་ཡིན་པས༔ གཞི་ཆོས་སྐུ་ཆོས་དབྱིངས་འདུ་འབྲལ་མེད་པའི་རིག་སྟོང་གི་ཡེ་ཤེས་གཞིར་གནས་ལ༔ ལམ་སྒྲོན་མའི་རང་བཞིན་མཚན་ཉིད་འཛིན་པའི་གདངས་སམ་ཐུགས་རྗེའི་སྒྲོན་མར༔ རླུང་ལྔའི་བཀྲག་མདངས་སམ་སྟོབས་ཤུགས་འདེགས་བསྐྱེད་ཀྱིས་བསྐྱེད་པས་ཀྱི་ཁྱད་པར་སྟོན་པའི་དབང་བཞིའི་གདམས་ངག་གི་དངོས་གཞི་འབྲས་བུ་ལམ་བྱེད༔ སྐུ་བཞི་ཐོབ་པའི་ཡེ་ཤེས་རང་སྣང་གི་ཐབས་ཀྱི་གསང་སྒོ་བཞི་པོ་འདིའི་ཆ་རྐྱེན་ཐམས་ཅད་ཚང་པའི་ཕྱིར་ཆད་ལྷག་མེད་པའི་གྲངས་སུ་རིགས་པས་གྲུབ་པས་ཐེ་ཚོམ་གྱི་སྨག་དང་བྲལ་བ་དགའ་རབ་དཔའ་བོའི་མཐར་ཐུག་གི་གསང་ཆེན་ངེས་པའི་དོན་རྒྱུད་ཀྱི་བང་མཛོད༔ རྡོ་རྗེའི་ཚིག་གི་ཐབས་རྒྱུད་ལས་ཡང་དག་པར་བྱུང་བའོ༔ དེས་ན་རང་ཤར་ལས༔ སྒྲོན་མ་རྣམ་བཞི་འདི་ལྟ་སྟེ༔ ཐིག་ལེ་སྟོང་པའི་སྒྲོན་མ་དང༔ རིག་པ་དབྱིངས་ཀྱི་སྒྲོན་མ་དང༔ ཤེས་རབ་རང་བྱུང་སྒྲོན་མ་དང༔ རྒྱངས་ཞགས་ཆུ་ཡི་སྒྲོན་མའོ༔ ཞེས་སོ༔
གཉིས་པ་ཇི་ལྟར་མཆེད་ཅིང་སྨིན་ཚུལ་ལ༔ སྤྱི་དང་ཁྱད་པར་གཉིས་ལས༔
དང་པོ་ནི༔ ཐོག་མར་མངལ་དུ་ཞུགས་དུས་ས་བོན་དཀར་དམར་གཉིས་ཀྱིས་ཀུན་རྫོབ་བས་འབྱུང་བཞི་བསྐྱེད་པའི་རྒྱུ་རྐྱེན་བྱེད་ལས་དང་ལྡན་པའི་ལུས་གྲུབ་ཚུལ་སྔར་བཤད་པ་ལྟར་ལས༔ རླུང་སེམས་གཉིས་ལ་ནི་ཆོས་ཉིད་དུ་མྱ་ངན་ལས་འདས་པའི་རྒྱུ་སྐུ་དང་ཡེ་ཤེས་དང༔ འོད་དང་ཐིག་ལེ་དང༔ རིག་པ་རང་གི་ངོ་བོར་གནས་པའི་གནད་ཀྱིས་དོན་དམ་པའི་འབྱུང་བ་ལྔའི་རྒྱུ་སྐུ་དང་ཡེ་ཤེས༔ རྐྱེན་འོད་དང་ཁ་དོག༔ བྱེད་ལས་སྒྲོན་མ་བཞིར་སྨིན་པ་ཡིན་ཏེ༔ དེ་ཡང་ཙིཏྟ་ཤ་ཡི་སྒྲོན་མ་ནས་སྐུར་སྨིན་པས་སྔར་བཤད་པ་ལྟར་སྐུ་གསུམ་སེམས་དཔའ་སུམ་བརྩེགས་སུ་ཡོད་ལ༔ རྩ་རྣམས་སུ་དབྱིངས་དང་ཐིག་ལེར་སྨིན་པས་མཁའ་འགྲོའི་གྲོང་ཁྱེར་གྱིས་མཚོན་པའི་གསུང་རང་བཞིན་འོད་དུ་རྫོགས་ཤིང་༔ དུང་ཁང་དུ་འོད་ཟེར་ཡེ་ཤེས་ཀྱི་ཁྲོ་བོ༔ བྷྲི་ཀུ་ཏ་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གཙོ་བོས་སྒོ་ནས་སྨིན་ཏེ་སྒྲོན་མ་གསུམ་ཁ་ཚང་བར་རྒྱང་ཞགས་ལ་རང་གདངས་འཆར་བའི་དབང་ཐོབ་པ་ནི་སྣོད་ཡེ་ཤེས་འོད་ཀྱི་རྩ་ཆེན་སྒྲོན་མ་ཀུན་གྱི་སྨིན་བྱེད་དམ་རྟེན་གྱི་སྦུབས་ན་དེ་དག་ཡོད་པ་དང༔ རྩ་དེའི་སྣ་མིག་ལ་ཟུག་པས་ཡིན་ཏེ་དཔེར་ན་ཤེལ་གྱི་ནང་གི་འོད་ལྔ་ནི་ཤེལ་དེའི་ཕྱོགས་ནས་མཐོང་བ་ལྟ་བུའོ༔ སྒྲོན་མ་དྲུག་པོ་དེ་དག་ལའང་ངོ་བོ་དང་གདངས་གཉིས་སུ་ཡོད་ལ་ཕྱི་མ་ལའང་ནང་རྩ་ལྔ་ན་ཡོད་པ་དང་༔ ཕྱིའི་ཡུལ་ལ་ཤར་བའི་སྒྲོན་མ་གཉིས་དེའི་དང་པོ་ལའང་རྩའི་ནང་ནས་འཆར་གཞིར་ཡོད་པ་དང་༔ རྩ་སྣ་རྒྱང་ཞགས་སུ་འཆར་བྱེད་དུ་ཡོད་པ་སྟེ༔ སྔ་མ་དབྱིངས་ཐིག་ལུག་རྒྱུད་ནི་རང་བཞིན་འོད་ཀྱི་ཐིག་ལེ་དང་༔ ཕྱི་མ་ནི་དེའི་ཕྲིན་ལས་ཡིན་པའི་ཕྱིར་འདིར་ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་ན་བཞུགས་པར་གསུངས་པ་དང་ཐུགས་རྗེ་སྒྲོན་མར་གནས་པ་ཉིད་དེ༔ དེ་ལས་སྦུབས་ཀྱིས་མ་བསྒྲིབས་པར་ཟང་ཐལ་པར་འཆར་ཆ་ཕྱིར་སྣང་བའོ༔ དེ་ལྟར་ཕྱིར་སྣང་བ་དེ་ཡང་རིམ་པར་ངོ་བོ་དང་གདངས་ཡིན་ཚུལ་བུམ་ནང་གི་སྒྲོན་མ་དང་དེའི་ཁའི་སྟོང་ཆའི་སྦྲེལ་ཐག་གི་དང་དེའི་ཁང་བའི་ཡ་ཕིབ་ལ་ཕོག་པའི་འོད་ལྟར་དཔེའི་མཚོན་ཕྱོགས་ཀྱང་སྣང་ལུགས་ལ་ཡིན་གྱི་གཤིས་ཀྱི་ངོས་ནས་གཉིས་སྣང་གི་སེལ་ཞུགས་པའི་ཕྱི་ནང་ལྟར་ཤར་བ་ལས་དེ་བྱུང་ཙམ་མིན་པར་བདག་གཅིག་ཏུ་ཡོད་པས་ན༔ ཆོས་ཉིད་ཟད་པ་ལ་གཉིས་སྣང་མཐའ་དག་ནང་དབྱིངས་སུ་ལྡོག་པའི་མ་རིག་བག་ཆགས་ཀྱི་ས་དང་བཅས་ལྷག་མ་མེད་པར་ཤེས་རབ་གཞོན་ནུ་བུམ་པའི་སྐུའི་སྤྱན་དུ་ས་ལེ་བར་ཡེ་ཤེས་ཆོས་སྐུར་འཁྱིལ་བའོ༔ དེ་ཡང་རྒྱང་ཞགས་ཆུའི་སྒྲོན་མ་ནི་རྩ་སྣ་ལ་བཏགས་པའི་དེའི་རྩའི་ནང་ན་ལུས་ལ་ཁྲག་གི་ཁྱབ་པ་བཞིན༔ སྟོང་སྒྲོན་དང་དེའི་རྟེན་དབྱིངས་ཀྱི་སྒྲོན་མ་ཡེ་ཤེས་རྟོག་བྲལ་ཀྱི་ཤེས་རབ་འགག་མེད་རྣམས་དང་ཤེས་རབ་ཀྱི་གདངས་ལུ་གུ་རྒྱུད་ཀྱིས་གང་བས་ན་རྩ་སྣ་ནས་འཆར་བའམ་རྩ་དེ་ལ་དེ་དག་གི་འབྱུང་བའི་ནུས་པ་གསལ་བའི་ཕྱིར་ཟང་ཐལ་དུ་འཆར་བ་འཐད་པ་ཡིན་ནོ༔
གཉིས་པ་ཁྱད་པར་དུ་སྒྲོན་མ་སོ་སོར་ལམ་སྣང་དུ་མཆེད་ཚུལ་ལ་འོད་གསལ་དང་༔ སྒྱུ་ལུས་ཀྱི་གཙོ་བོར་སྒྲོན་མ་སྨིན་ཅིང་འཆར་ཚུལ་གཉིས་ལས༔
དང་པོ་ནི༔ འོད་རྩ་དྭངས་གསལ་ཟང་ཐལ་སྒྲིབ་པ་མེད་པ་ཡིན་པས་སྙིང་གའི་ཞི་བ་དང་སྤྱི་བོའི་ཁྲོ་བོའི་གདངས་ལྷན་ཅིག་ཏུ་འཆར་བའི་གོ་མ་འགགས་པ་དང་༔ ཕྱི་མིག་གཉིས་ནས་རིག་པའི་རང་གདངས་ཀྱི་སྒྲོན་མ་རང་གསལ་ལས་མ་གཡོས་པའི་གཏད་པའི་འབེན་ལས༔ དེ་དང་ངོ་བོ་དབྱེར་མེད་རོ་གཅིག་པའི་གནད་ཀྱིས༔ དབུ་མའི་འོད་རྩའི་སྟོང་གདངས་ཤེས་རབ་ཀྱི་ངོ་བོ་འཆར་བ་ཁྲོ་བོའི་ཡེ་ཤེས་དང་༔ སྙིང་ཀ་གསེར་ཅན་ནས་སུམ་བརྩེགས་ཀྱི་ཡེ་ཤེས་གསལ་བ་དང་༔ གློ་བའི་ཤེལ་སྦུག་གི་སྣ་ཀ་ལས་ཐུགས་རྗེའི་རིག་གདངས་ཤེས་རབ་དང་ཡེ་ཤེས་ཀྱི་རྩལ་དང་བཅས་པར་འཆར་བའང་ཡེ་རླུང་ཀུན་ཁྱབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་དག་པ་སྐུ་དང་ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་པའི་སྲོག་བཟུང་བའི༔ ལས་རླུང་རང་རྩལ་དང་བཅས་པ་དབྱིངས་སུ་གཅོད་ཅིང་བསྒྲལ་ནས༔ བཀྲག་མདངས་གཟི་མདངས་འབྱེད་པར༔ རྐྱེན་གསུམ་བྲལ་བའི་མཁའ་ལ་བསྐྱོད་པ་ནི་དོན་དམ་པའི་འབྱུང་བཞི་རྣམ་པར་དག་པ་སྒྲོན་མར་སྨིན་པ་ཟེར་ལ་རོལ་པས་མཆེད་པ་ཡིན་ནོ༔ དེ་ཡང་ཡེ་ཤེས་སྨིན་བྱེད་ཀྱི་རྩ་ནི་ཤེལ་གྱི་སྦུ་གུ་ཅན་ཡིན་ཀྱང་༔ འདིར་དབུ་མའི་དབུས་ན་ཡོད་པའི་ཀུན་འདར་མ་ལ་བསྡུས་ཤིང་དེའི་སྨིན་པའི་ངེས་བྱེད་དུ༔ རབ་འབྱམས་ལས༔ སྒྲོན་མ་ཉིད་ཀྱང་འདིར་སྨིན་ཏེ༔ ཙིཏྟར་སྐུ་རྣམས་སྨིན་བྱས་ནས༔ རྩ་རྣམས་ཐིག་ལེར་སྨིན་པར་བྱེད༔ ཅེས་པ་ལ་སོགས་པ་དང་༔ དོན་དམ་འོད་ཀྱི་ཐིག་ལེ་ནི༔ ཉུང་འབྲུ་ཙམ་ལ་རང་གསལ་ཟླུམ༔ རླུང་གིས་བསྐྱོད་དུས་འགྱུ་བ་སྟེ༔ ཞེས་དང་༔ ཀློང་གསལ་ལས་༔ འདས་པ་རླུང་གི་ལས་བཟུང་ནས༔ རླུང་གི་བཀྲགས་མདངས་གཟི་མདངས་བསྐྱེད༔ བསྒྱུར་ཞིང་ཡེ་ཤེས་སྣང་བ་སྟོན༔ ཐིག་ལེ་སྟོང་པས་ལས་ཀུན་བྱེད༔ ཅེས་དང་༔ ཕྲེང་བ་ལས༔ ལམ་ནི་རྩ་བཞི་འགྱུ་བྱེད་རླུང༔ འཆར་བྱེད་སྒོ་ནི་མིག་གཉིས་སོ༔ ཅེས་སོ༔ མིག་ནི་གདངས་དེ་དག་ཐམས་ཅད་ཟང་ཐལ་དུ་འཆར་པའི་སྒོ་དང་བརྟེན་པའི་གནས་ཡིན་པས་ན༔ རྒྱུད་ལས༔ ཡེ་ཤེས་ཟང་ཐལ་ཀྱི་སྐུ་རང་གི་མིག་གི་དཀྱིལ་ན་བཞུགས་སོ༔ ཞེས་སོ༔
གཉིས་པ་སྒྱུ་ལུས་སུ་སྨིན་ཚུལ་ཟང་ཐལ་ཡེ་ཤེས་ཀྱི་སྒྲོན་མ་ནི་སྐུ་གསུམ་ཡེ་ཤེས་དང་བཅས་པ་ནང་ན་བཞུགས་པའི་ཐུགས་རྗེ་གྲོལ་ལམ་དུ་ཤར་པ་ཡིན་པའི་ཕྱིར་འཆར་གཞི་སྔར་གྱི་སྐུ་ལྔའི་བཞུགས་ཚུལ་དང་༔ གསུང་རང་བཞིན་འོད་འབར་བའི་ཐིག་ལེ་རྩ་ན་ཡོད་པ་ལས་གཞན་ཏུ་མེད་པར་འབྲེལ་ཀྱང་༔ དེའི་ཟང་ཐལ་དུ་འཆར་བའི་སྒོ་མིག་གི་ཨ་འབྲས་ཀྱི་ནང་རྩ་ན་ཡོད་པའི་སྦུབས་གསུམ་གྱིས་མ་བསྒྲིབ་པར་འོད་གསལ་ལྷ་སྐུ་དང་བཅས་པའི་མཐོང་བ་མ་འགགས་པར་རང་འཆར་བས་ནི་ཉི་ཟེར་གྱི་འོད་ལྟར་འཁྲུལ་པའི་མུན་པ་ཆོས་ཉིད་ཀྱིས་གསལ་བ་ལ་སྒྲོན་མེ་དང་མཚུངས་པའི་ཕྱིར༔ སྐད་ཅིག་དང་པོར་སངས་རྒྱས་པའི་གདམས་པ་ཞེས་བྱ་སྟེ༔ དེ་ལ་བཞི་ལས་དང་པོ༔ སངས་རྒྱས་ཆོས་ཀྱི་སྐུ་སྙིང་ཀ་ན་བཞུགས་པའི་ཐུགས་རྗེ་སྒྲོན་མའི་ཚུལ་དུ་མིག་ནས་གསལ་བ་ནི༔ རབ་འབྱམས་ལས༔ བཞུགས་ནི་ཙིཏྟའི་དཀྱིལ་ན་བཞུགས༔ གསལ་བ་ནམ་མཁའི་ངང་དུ་གསལ༔ སངས་རྒྱས་པ་ན་ཟག་པ་བྲལ༔ གསང་ཆེན་གསེར་གྱི་མཎྜལ་ལ༔ གཡུ་ཡི་མེ་ཏོག་ལེགས་བཀྲམ་སྟེ༔ ཉི་ཟླ་གཉིས་ཀྱེ་དཀྱིལ་ན་བཞུགས༔ ཞེས་སོ༔ དེ་ཡང་ཇི་ལྟར་གསལ་ན་འདིའི་ངོས་སྐལ་གྱི་ཐུགས་རྗེའི་སྒྲོན་མ་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡིན་ཏེ་འོད་ལས་སྐུར་སྨིན་པ་དང༔ གཞིའི་དབྱིངས་རིག་སྙིང་ན་བཞུགས་པ་འཆར་བའི་ཕྱིར་རོ༔ དེ་ཉིད་ལས༔ དག་པ་དབྱིངས་ཀྱི་སྒྲོན་མ་ཉིད༔ རིག་པ་ཕྱིར་འཕྲོས་མཁའ་ལ་གསལ༔ རང་ཤེས་ནང་དུ་གསལ་བའི་ཚེ༔ ཙིཏྟའི་ནང་དུ་གནས་པ་ཡིས༔ ཞེས་སྙིང་གའི་དཀྱིལ་འཁོར་དང་འབྲེལ་མར་གསུངས་པའི་ཕྱིར་དང་ཞི་བ་ནི་ལོངས་སྐུ་ཡེ་ཤེས་ཀྱི་སྐུ་ཅན་ཡིན་ལ་དེའི་ཡེ་ཤེས་ནི་མཚན་ཉིད་འཛིན་པ༔ དེའི་འོད་ནི་དབྱིངས་རྣམ་པར་དག་པ་ཡིན་པས་ཀྱང་ངོ་༔ གཉིས་པ་ནི༔ སངས་རྒྱས་ཁྲོ་བོའི་ཐུགས་རྗེ་མགོ་ནས་མིག་ལ་བརྒྱུད་དེ་འཆར་བ་དང༔ དེའི་ངོས་སྐལ་དུ་འབྲེལ་བའི་ཤེས་རབ་རང་བྱུང་ལུག་རྒྱུད་ཀྱི་རྣམ་པར་སྣང་བ་ནི༔ དེ་ཉིད་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་རྣམས་བཞུགས༔ བརྟེན་པ་མགོ་སྟེ་གནས་དུང་ཁང་༔ སྙིང་མིག་ཀླད་པར་ཀུན་འབྲེལ་ནས༔ གསལ་བ་མིག་དང་མེ་ལོང་གསལ༔ ཞེས་དང་༔ དེ་ལ་འབྲེལ་ནས་ཤེས་རབ་ལུ་གུ་རྒྱུད་གསུངས་པའང་ཞི་ཁྲོ་ལོངས་སྐུ་ཡིན་པ་འདྲ་ཡང་ཁྲོ་བོ་ཤེས་རབ་གྱི་སྐུ་ཡིན་པས༔ བསང་སྙིང་ལས༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཞེས་དང་༔ རང་གི་ཤེས་རིག་ཕྱོགས་མེད་ཤར༔ ཤེས་རབ་ཉིད་ཀྱི་སྐུ་ཡིན་ནོ༔ ཞེས་དང་༔ དེའི་གཞི་དཀྱིལ་གྱི་འོད་ཟེར་ལ༔ རྒྱུད་ལས༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ བདེ་ཆེན་ཚངས་པའི་སྒོ་ནས་གསལ༔ ཞེས་སྒྱུ་འོད་གཉིས་ཆར་ཀྱང་ངེས་སོ༔ གསུམ་པ་སྤྲུལ་སྐུ་གཞུང་པ་དང་༔ རྩ་ན་བཞུགས་པའི་ཐུགས་རྗེ་སྒྲོན་མར་སྨིན་པ་ནི་ཐིག་ལེ་སྟོང་པ་ཡིན་ཏེ༔ དེ་ལ་ཀུན་རྫོབ་དང་དོན་དམ་པས་ཕྱི་མའི་གདངས་མིག་ནས་འཆར་བ་ནི༔ དེ་ཉིད་ལས༔ ཐིག་ལེ་ཟླ་བྲལ་ཉིད་དུའོ༔ ཀ་ཏི་གསེར་གྱི་རྩ་ཆེན་དང་༔ དར་དཀར་སྣལ་མ་ཕྲ་ལ་འདྲིལ༔ ཤེལ་སྦུག་ཅན་དང་འདི་བཞིའི་ནང་༔ རང་གནས་སུས་ཀྱང་བྱས་པ་མེད༔ ཅེས་དང་༔ འཆར་བྱེད་མ་འགགས་སེམས་ཅན་མིག༔ ཙཀྱུ་ཞེས་པའི་སྒོ་ནས་ཐོན༔ ཉི་མའི་དཀྱིལ་འཁོར་བཞིན་དུ་སྣང་༔ ཀུན་གྱི་མིག་ནས་འཆར་པ་ཡིན༔ ཞེས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་བཞུགས་ཚུལ་དེ་ཉིད་ཀྱི་ངེས་པ་ནི༔ ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་པདྨ་ཀ་རའི་ཐུགས་ཀྱི་ཡང་ཞུན་ལས༔ ཉོན་ཅིག་རང་རྩལ་འཁོར་རྣམས་ཉོན༔ སེམས་ཅན་ཀུན་གྱི་མིག་ཉིད་ལ༔ ཐུགས་རྗེ་སྒྲོན་མ་འདི་ལྟར་རོ༔ ཉི་ཟེར་གྱི་ནི་སྒྲོན་འོད་ལྟར༔ སྒྲོན་འོད་གཏིང་ལ་ཐུག་པ་མེད༔ ཞེས་དང་༔ ཡེ་ཤེས་ཟང་ཐལ་མིག་གི་དཀྱིལ༔ ཐུགས་རྗེ་སྤྲུལ་སྐུར་ཡེ་ནས་བཞུགས༔ བརྟེན་ནི་ཆུ་བུར་མིག་ལ་བརྟེན༔ བཞུགས་ཀྱང་ཨ་འབྲས་དཀྱིལ་ན་བཞུགས༔ ཞེས་དང་༔ སངས་རྒྱས་རང་གི་སྙིང་བཞུགས་པ༔ ཤ་ཁྲག་ལུས་ཀྱིས་མ་འཐུམ་པར༔ ཆུ་བུར་མིག་ལ་ཟང་ཐལ་ནས༔ མཐོང་བ་མ་འགགས་ཆེན་པོར་བཞུགས༔ ཞེས་དང་༔ རང་བྱུང་བྲག་ཕུག་གཉིས་པོ་ན༔ ཐོག་མའི་སངས་རྒྱས་འོད་མི་འགྱུར༔ མངོན་སུམ་བཞུགས་པ་ང་ལ་དྲིས༔ གནས་སྙིང་ལུས་རྟེན་སྐུར་ཤར་ཏེ༔ འོད་ལུས་ཟང་ཐལ་མིག་ལ་སྨིན༔ རྒྱ་མཚོའི་གཏིང་དུ་ནོར་བུ་སྦས༔ རིན་ཆེན་རི་རབ་རྩེ་ལ་ཐོན༔ འོད་ཟེར་ཉི་ཟླ་མཁའ་ལ་འཕྲོ༔ སྐད་ཅིག་དང་པོར་སངས་རྒྱས་སོ༔ ཞེས་གང་གསུངས་པའོ༔
གསུམ་པ་རྒྱས་པར་ལམ་དང་འཆར་སྒོ་ནས་འབྱུང་བར་བསྟན་པ་ནི༔ དེ་ལྟ་བུའི་ཡེ་ཤེས་ཟང་ཐལ་ཀྱི་སྒྲོན་མ་དྲུག་གམ་བཅུའམ་བཞིའི༔ གནས་ཡུལ་རྟེན་བྱེད་ལས་ལམ་ངོ་བོ་ངེས་ཚིག་དབྱེ་བ་མཚན་ཉིད་མཚོན་དཔེ་ལ་སོགས་པ་ནི༔ སྔ་ཕྱིའི་གནས་སོ་སོ་ནས་བཙལ་དུ་ཡོད་པས་བཟློས་པ་སྤངས་ནས་འདིར་མ་བརྗོད་དོ༔
བཞི་བ་དབྱེར་མེད་ཀུན་ཏུ་ལྡན་པའི་གནས་ལུགས་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་དེ་ཡང་རིང་བུ་སོ་སོར་བར་མ་ཆད་དུ་ངོ་བོ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས་པ་སྟེ༔ ངོ་བོ་སྐུ་ལུས་དང་རྩ་ཁམས་སྐུ་ལ་ཡོད་པས་སྐུ་གསུམ་འདུ་འབྲལ་མེད༔ ངོ་བོ་སྐུ་རང་བཞིན་གསུང་འོད་ཀྱི་ཐིག་ལེ་དང་རླུང་དང་ངག་ལ་ཡོད་པའི་རླུང་འོད་ཟེར་ལྔ་པ་དེ་ཐིག་ལེ་ཐིག་ཕྲན་སྐུས་བརྒྱན་པ་སྒྱུ་ལུས་དང་གཟུགས་སྐུའི་བསྒྲུབ་གཞིར་རང་ཤར༔ ངོ་བོ་སྐུ་ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མ་དང་སེམས་ལ་ཡོད་པས་སྒྲོན་མ་སྐུར་སྨིན་པ་དང་སེམས་ཆོས་སྐུའི་བསྒྲུབ་གཞིར་ལྡན༔ གསུང་རང་བཞིན་འོད་ཀྱི་ཐིག་ལེ་ངོ་བོ་སྐུ་དང་ལུས་ལ་བཞུགས་པས་རྩ་ཁམས་ཐམས་ཅད་དང་འོད་རྩ་ཡི་གེ་ཆོས་འབྱུང་གི་དཀྱིལ་འཁོར་དང་བཅས་ཁ་དོག་ལྔར་རང་ཤར༔ གསུང་རང་བཞིན་འོད་ཀྱི་ཐིག་ལེ་ངག་རླུང་གསུང་ལ་ཡོད་པའི་རླུང་ཐིག་ལེའི་རང་འོད་སྒྲ་དབྱངས་ཡི་གེ་འཁོར་ལོའི་རྣམ་པས་གཟུགས་དང་བཅས༔ རང་བཞིན་གསུང་ཐུགས་རྗེ་སྒྲོན་མ་དང་སེམས་ལ་ཡོད་པའི་འོད་ལྔའི་བཀྲག་ཅིང་ཟད་པར་རྫོགས་པའི་འབྱེད་བྱེད་ཤེས་རབ་དྭངས་བཅས་སུ་གྱུར༔ ཐུགས་རྗེ་སྒྲོན་མ་སྐུ་དང་ལུས་ལ་ཡོད་པས་སྐུ་ཐིག་འདུ་འབྲལ་མེད་པ་དང་སྐུ་སྟོང་སྒྲོན་དུ་སྣང་བ་མ་འགགས༔ གསུང་དང་ངག་ལ་ཡོད་པས་རྣམ་པར་དག་པ་དབྱིངས་ཀྱི་སྒྲོན་མ་འབར༔ སྒྲོན་མ་དང་ཐུགས་ལ་ལྡན་པས་ཤེས་རབ་ལུ་གུ་རྒྱུད་དུ་ལྷུན་གྱིས་གྲུབ་པའོ༔
ལྔ་པ་ཡོན་ཏན་གྱི་ཁྱད་པར་བཤད་པ་ནི༔ གང་ལས་ཁྱད་པར་འཕགས་ན་མཚན་ཉིད་རྒྱུ་ཡི་ཐེག་པ་འབྲས་བུ་རྡོ་རྗེ་ཐེག་པ་ཐུན་མོང་གི་གསང་བ་ལས་འཕགས་པའོ༔ གང་འཕགས་ན་འོད་གསལ་རྡོ་རྗེ་སྙིང་པོ་ཉིད་འཕགས་སོ༔ ཅི་ཞིག་གིས་འཕགས་ན་སངས་རྒྱས་རང་ཆས་སུ་བཞུགས་པའི་གཞི་དང་༔ དེ་སྟོན་པའི་ལམ་གྱིས་འཕགས་སོ༔ དེའི་ཡོན་ཏན་གྱི་བྱེད་ལས་ནི༔ སངས་རྒྱས་རང་ལ་ཡོད་པའི་གནད་གཅུན་པ་ན་མངོན་སུམ་ཡེ་ཤེས་ཀྱི་རྒྱང་ཞགས་ལས་ཐོན་ཏེ་རང་བབས་སུ་ཤར་བས་ལྟ་བ་རྗེས་དཔག་གི་ཤེས་རབ་ལ་རག་མ་ལུས་༡དངོས་པ་དང་༔ འཁྲུལ་སྣང་བཙན་ཐབས་སུ་འགགས་ནས་འཁོར་བ་རུ་ལོག་༢དངོས༔ སྐུ་དང་ཡེ་ཤེས་སུ་གྲོལ་བའི་སྣང་སྲིད་གཞིར་བཞེངས་༣དངོས་པ་ནི༔ རིག་པ་འོད་ཀྱི་ཕུང་པོར་བཞུགས་པའི་ཡོན་ཏན་ཡིན་ནོ༔ དམན་པ་ལ་དགག་སྒྲ་སྦྱར་ནས་སྦྱངས་རྣོ་དང་༔ མ་སྦྱར་བར་རང་རྣོ་གཉིས་ཆར་ཡང་ཐོག་མ་དང་ད་ལྟ༔ ཆོས་ཉིད་ཀྱི་བར་དོ་ལ་རང་འོད་ངོ་ཤེས་ན་དུས་རིང་པོ་དང་༔ གཞི་ནས་སྒོམ་སྒྲུབ་མི་དགོས་པར་སངས་རྒྱས་༡ཤུགས་ཏེ༔ སངས་རྒྱས་འདུས་མ་བྱས་ཡིན་པའི་རྒྱུ་རྐྱེན་དྲངས་དོན་ཆོས་སྤྱོད་ཀྱིས་བསྐྱེད་མི་དགོས༔ དེ་མ་དགོས་པས་སངས་རྒྱས་པ་ལ་མྱུར་བའི་ཁྱད་༢པར་དང་ཤུགས༔ རྒྱུ་རྐྱེན་མིན་པའི་འདུས་བྱས་ལས་འབྲས་བུ་མིན་པ་མི་འགྲུབ་པའི་ངལ་བ་དོན་མེད་མི་ལེན་པའི་ཁྱད་༣པར་རྣམས་དང་ལྡན་ཤུགས་པའོ༔ རིག་པ་ངོ་ཤེས་ན་ཟག་བཅས་དགེ་སྡིག་གི་ལས་ཀྱི་བསླད་མི་འཇུག་པར་སྒྲིབ་མེད་ཟང་ཐལ་ལས་ལ་བཟང་ངན་མེད་པར་ལྷན་ཅིག་སངས་རྒྱས་པའང་༔ ཕྱལ་བ་རང་གནས་ཆེན་པོ་རང་བྱུང་ཡེ་གྲོལ་དུ་ཡོད་པའི་ཕྱིར་དང་༔ བྱས་པ་རྐྱེན་གྱིས་འཇིག་ཀྱང་འདུས་མ་བྱས་རྐྱེན་དབང་དུ་མ་ཟུར་༡གྱུར་པའི་དངོས་བསྟན་གསུམ་ཤུགས་བསྟན་གསུམ་ཟུར་བསྟན་གཅིག་སྟེ་གྱི་ཡོན་ཏན་བདུན་པོ་དེ་དང་ལྡན་པ་ནི་ཁོང་གསལ་གྱི་སྙིང་པོའི་གཞི་རྒྱུད་རང་ཤར་ལ་རང་ཆས་པའི་ཡོན་ཏན་ཡིན་ཏེ༔ རྡོ་རྗེའི་གད་མོ་ཆེན་པོ་དང་ངོ་མཚར་བའི་གསང་ཚིག་ཐམས་ཅད་ཀྱི་དོན་དུ་རང་ཤར་བའོ༔ རྩལ་རྫོགས་ལས༔ གསང་བའི་ཡེ་ཤེས་ཡེ་གནས་པས༔ དེ་ལ་གཉེན་པོས་བཤིག་ཏུ་མེད༔ རྒྱུ་དང་རྐྱེན་ལ་རག་མ་ལུས༔ ཡེ་ནས་རང་རིག་འོད་གསལ་བས༔ མུན་པས་ཕྱོགས་ཀྱིས་ང་མི་བསྒྲིབས༔ རང་རིག་ཡེ་ཤེས་གཏིང་ཟབ་པས༔ སྣང་བའི་ཕྱོགས་ཀྱིས་ང་མི་མཐོང༔ མུན་དང་སྣང་བའི་མཚམས་ཤེད་ན༔ རང་བྱུང་ཡེ་ཤེས་འོད་གསལ་བ༔ སུས་ཀྱང་མ་རྙེད་རིན་ཆེན་ལྟར༔ རྙེད་ན་ཡོན་ཏན་སྣ་ཚོགས་འབྱུང༔ ཞེས་སོ༔ དེ་ཡང་སངས་རྒྱས་རང་ཆས་པའི་རྒྱུད་ལས༔ སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ༔ སངས་རྒྱས་མིག་ནས་ཐོན་ཏེ༔ འཁོར་བ་རུ་ལོག་ནས་ཡུལ་ཡེ་ཤེས་སུ་འཆར་བ་སྟེ༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པའི་ཡོན་ཏན་ཡིན་ནོ༔ རང་འོད་ངོ་ཤེས་ན་བསྒོམས་བསྒྲུབ་མི་དགོས་པར་སངས་རྒྱས་པ་དེ༔ སངས་རྒྱས་ཆོས་ཀྱི་སྐུ་འདུས་མ་བྱས་སུ་བཞུགས་པའི་ཡོན་ཏན་ཡིན་ནོ༔ རང་གི་རིག་པ་རང་ངོ་ཤེས་ན་དགེ་སྡིག་གིས་མི་བསྒྲིབ་པར་སངས་རྒྱས་པ་དེ༔ རང་བྱུང་གི་ཡེ་ཤེས་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཡོན་ཏན་ཡིན་ནོ༔ ཞེས་སོ༔
དྲུག་པ་སྐུ་གཉིས་སུ་ཕྱེ་བས་མཇུག་བསྡུ་བ་ནི༔ གཟུགས་ཀྱི་སྐུ་ཁོང་གསལ་དེ་ལའང་ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་ཡོད་པ་རང་སྣང་དང་གཞན་སྣང་གིས་བསྡུས་པའི་ཕྱིར་རོ༔ དེའི་སྔ་མ་ལའང་འབྱུང་ཆེན་ངོ་བོའི་སྐུ་ནི་ཆོས་སྐུའི་གཏིང་གསལ་འཆར་གཞིར་ཡོད་པ་ལས་རང་ཤར་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ཉིད་གཞན་སྣང་འབྱུང་ཆེན་གྱི་བདག་ཉིད་ཅན་དང༔ གནས་པ་ཁྱབ་ཚུལ་གྱི་སྐུ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་སྐུ་འོད་སྒྲོན་མ་སུམ་བརྩེགས་ཀྱིས་ཁྱབ་པ་དང་༔ སྣང་བ་ལམ་གྱི་སྐུ་སྐྱེ་འགྲོ་ཀུན་ལ་བར་དོ་དང་གདུལ་བྱ་ལ་ལམ་སྣང་དུ་ཤར་བ་སྐུ་དང་ཞིང་ཁམས་ཡེ་ཤེས་ཀྱི་མཚན་དཔེ་རྣམ་པར་དག་པ་དང་༔ གདུལ་བྱ་ལ་སྣང་ཚུལ་གྱི་སྐུ་ནི་རང་བཞིན་སྤྲུལ་སྐུ་དང་དོན་གཅིག་གོ༔ འདིར་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ལ་འཆར་གཞིར་ཡོད་པའི་གཞི་སྣང་གཡོ་བའི་གཞིའི་སྒྱུ་མའི་སྦུབས་སུ་ལྷུན་གྱིས་གྲུབ་པ་ཉིད༔ གནས་སྐབས་ཀྱི་སྙིང་པོས་ཁྱབ་པའི་ཚུལ་དུ་སྙིང་དང་དུང་ཁང་རྩ་བཞིར་གནས་པ་མེ་ཏོག་མཛེས་རྒྱན་ཡེ་ཤེས་ཀྱི་སྒྲོན་མ་ལམ་སྣང་འཆར་རུང་དུ་ཡོད་པ་གནད་གཅུན་པས་གདུལ་བྱ་སྣང་ཚུལ་གྱི་སྐུའི་རྣམ་པར་ཡུལ་ན་མེད་ཀྱང་ཡོད་པ་ལྟར་སྣང་བའི་སྐུ་ལྔ་པོ་ཡེ་ཤེས་ཟང་ཐལ་སོགས་ལོངས་སྐུའི་སྐུ་གསུམ་དུ་འགྱུར་བ་ཡིན་ནོ༔ ཡང་གདུལ་བྱ་སྣང་ཚུལ་སྤྲུལ་སྐུ་ཡིན་པ་དང་༔ དེའི་སྙིགས་མ་ཕྱི་ཡུལ་དང་ནང་སེམས་ཀྱིས་བསྡུས་པའི་རྩ་བ་རྩ་ཐིག་རླུང་ཁམས་ཀུན་རྫོབ་པའི་རྒྱུས་བསྡུས་པའི་སྣང་ཚུལ་གཟུང་འཛིན་ཐམས་ཅད་པ་སྤྲུལ་སྐུ་ཟེར་ཀྱི་ཁ་མིག་ཅན་ཀྱི་ཆ་ཤས་སུ་ཡོད་པའི་མ་དག་སྤྲུལ་པ༔ ཕྱིར་སྣང་གི་འགྲོ་འདུལ་དང་བཅས་པར་སྣང་པ་ལ་རྟོགས་པ་མངོན་གྱུར་གྱི་དུས་སུ་གང་འདུལ་ཐབས་ཚུལ་སྟོན་པའང་འདི་ལས་ཤར་བའི་རྣམ་དག་གོ༔ དེས་ན་མ་རིག་བག་ཆགས་ཀྱི་ས་ཡོད་ཚུན་ཆད་ན་ལམ་སྣང་ཐམས་ཅད་རང་བཞིན་ལོངས་སྐུའི་སྣང་བར་མི་འགྱུར་ཡང་༔ དེ་ཟད་ཕན་ཆད་གཞན་སྣང་གིས་བསྡུས་པ་ཞིག་སངས་རྒྱས་རང་ངོ་ལ་མེད་པས་ན༔ སྣང་བ་གཉིས་ཀྱི་གཞིའི་གནས་ལུགས་ནི་དེར་མ་ཟད་གཞི་སེམས་ཅན་གྱི་དུས་ནའང་ཅུང་ཟད་ཙམ་དུ་འགྱུར་བ་མེད་པའི་ཆོས་ཅན་རང་བཞིན་གནས་རིགས་སམ༔ རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ༔ རྩལ་རྫོགས་ལས༔ ཡང་དག་དོན་གྱི་གཏན་ཚིགས་ནི༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ རང་རང་སྙིང་ཀའི་དཀྱིལ་ན་གནས༔ སྙིང་པོ་ཡེ་ཤེས་སུམ་བརྩེགས་ཏེ༔ དེ་ཡང་ངོ་བོ་བསྒྲིབ་མེད་དེ༔ སེམས་ཅན་རབ་རིབ་བློ་ཡིས་བསྒྲིབ༔ དེ་ཡང་བློ་ལ་སྣང་ལུགས་དང་༔ རྟོགས་པའི་དུས་ན་འཆར་ལུགས་སོ༔ བློ་ཡིས་ཡུལ་ལ་འཛིན་པས་ཏེ༔ རྟོགས་པའི་དུས་ན་རང་སྣང་ངོ༔ ཞེས་སོ༔ དེ་ལས་གཞན་ཆོས་ཉིད་ཀྱི་རིགས་དང་ཡང་སྣང་སྟོང་དབྱིངས་རིག་དབྱེར་མེད་པའི་དོན་ཐ་དད་དུ་མ་གྲུབ་པ་དང༔ བཅུད་དང་མེ་ཏོག་གནས་སྐབས་ཀྱི་དབྱེ་བ་ཙམ་ལས་དོན་རྒྱུད་སྣང་སྟོང་ཁྱབ་པ་གཉིས་ལྡན་འདི་ལས་གཞི་གཞན་ནི་མ་གྲུབ་པའོ༔ དེས་ན་སྒྲོན་མ་སྣང་བྱེད་ལས༔ རྒྱུད་ཀྱི་རང་བཞིན་དེ་དག་རྣམས༔ དོན་རྣམས་ཐ་དད་མ་ཡིན་ཏེ༔ དཔེར་ན་སྐྱེས་བུ་གང་ཞིག་ལ༔ མིང་ནི་མང་པོ་ཡོད་གྱུར་ཀྱང་༔ གང་ནས་བོས་ཀྱང་འོང་བ་བཞིན༔ འགྱུར་མེད་དོན་ཡང་དེ་བཞིན་ནོ༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ ངོ་བོ་གཞི་གཅིག་རང་བཞིན་སྟོང༔ ཐ་དད་མ་ཡིན་འགྱུར་བ་མེད༔ དཔེར་ན་སྐྱེས་བུ་གང་ཞིག་ལ༔ མིང་ནི་མང་པོ་ཡོད་གྱུར་ན༔ གང་ནས་བོས་ཀྱང་དེ་ལྟར་སྣང༔ འགྱུར་མེད་དོན་ཀྱང་དེ་བཞིན་ནོ༔ ཞེས་སོ༔
དོན་གསུམ་པ་དེ་ལ་སངས་རྒྱས་ཀྱི་ལམ་དུ་རང་ཤར་བར་བསྟན་པ་ལ༔ སངས་རྒྱས་ཀྱི་ལྟ་བ༔ ཡིན་པ་གསུམ༔ མིན་པ་གསུམ༔ ཆོག་པ་གསུམ༔ འོང་བ་གསུམ༔ དེ་དག་ཤར་བའི་འཐད་པ་བསྟན་པ་དང་དྲུག་ལས༔
དང་པོ་སངས་རྒྱས་སྐུ་ལ་ལྟ་བའི་ལྟ་བ་ལ་གཉིས་ཏེ༔ ཆོས་སྐུ་ལ་ལྟ་བའི་ལྟ་བ་ནི༔ རང་གི་ཤེས་པ་སོ་ལ་བཞག་ནས་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་རིག་གེ་རྗེན་ནེ་ཟང་མ་ཐལ་བྱུང་དུ་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་སྟོང་༔ རང་བཞིན་གསལ༔ ཐུགས་རྗེ་ཡེ་ཤེས་སུ་རྣམ་པར་དག་པ་ཤེས་རབ་ཀྱི་མཐའ་ལས་འདས་ནས་མངོན་སུམ་ཡོངས་གཅོད་རང་རིག་པས་སྤྱོད་ཡུལ་དུ་གྱུར་པའོ༔
གཟུགས་སྐུ་ལ་ལྟ་བ་ནི་གཉིས་ལས༔ ཡེ་ཤེས་ལ་ལྟ་བ་ནི་ཐིག་ལེའི་མཐོང་བ་བརྟོལ་ནས་མངོན་སུམ་སུ་ཡེ་ཤེས་རང་ལ་མཚོན་པའོ༔
དག་སྣང་ལ་ལྟ་བ་ནི༔ རྡོ་རྗེ་སེམས་དཔའི་མེ་ལོང་མིག་ལ་བཙུགས་ནས་བལྟས་པས་དཔེའི་ངོ་སྤྲོད་གཏན་ལ་ཕེབས་དོན་ཉིད་ཀྱི་གྲུབ་མཐའ་ཡིན་ཏེ་ཞིང་ཁམས་ཁ་དོག་ཕྱེད་པར་གསལ་ཞིང་དག་པ་ལ་སོགས་པའི་དག་སྣང་མཐའ་ཀླས་འཆར་བའོ༔ དེ་དག་གི་ཚུལ་ཇི་བཞིན་པར་མཚོན་ནུས་སོ༔ ཁྱད་པར་དུ་ཤེས་རབ་རང་བྱུང་གི་སྒྲོན་མར་ཤར་བའི་ཆོས་སྐུའི་ལྟ་བ་མཐའ་ཐུག༔ ཐིག་ལེ་རང་འོད་དང་བཅས་པའི་ཡེ་ཤེས་མཐར་ཐུག༔ དབྱིངས་རྣམ་པར་དག་པའི་དག་སྣང་མངོན་སུམ་དུ་མཐོང་བ་མཐར་ཐུག་པ་སྟེ༔ ཤེས་རབ་ཀྱིས་ནི་ཕུང་པོའི་གཏིང་ཡང་མི་རྟོགས་པས་འདི་མཐོང་དག་སྒྲོན་མའི་ལྟ་བ་ཞེས་བྱའོ༔ སངས་རྒྱས་རང་ཆས་ཀྱི་རྒྱུད་ལས༔ སངས་རྒྱས་ཀྱི་ལྟ་བ་ནི་གསུམ་སྟེ༔ ཆོས་སྐུ་ལྟ་བའི་ལྟ་བ་དང་༔ ཡེ་ཤེས་ལ་ལྟ་བའི་ལྟ་བ་དང་༔ དག་སྣང་ལྟ་བའི་ལྟ་བའོ༔ ཆོས་སྐུ་ལ་ལྟ་བའི་ལྟ་བ་ནི༔ རང་གི་ཤེས་པ་རང་སོ་ལ་གནས་པའི་དུས་ན་ཆོས་སྐུ་ཡིན་ནོ༔ རྡོ་རྗེ་སེམས་དཔའི་མེ་ལོང་མིག་ལ་བཙུགས་ནས་བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་འོད་ཁ་དོག་སྣ་ཚོགས་ཕྲ་ལ་དྭངས་བ་གསལ་ལ་འཚེར་བ༔ རང་བཞིན་བཀྲག་ལ་ཉམས་ང་བ་འཚེར་བ་འཆར་བ་དེ༔ སངས་རྒྱས་ཀྱི་ཞིང་ཁམས་ལ་བལྟ་བའི་ལྟ་བ་ཡིན་ནོ༔ ཞེན་པ་མེད་པའི་ཐིག་ལེའི་མཐོང་བ་བརྟོལ་པ་ནི་ཡེ་ཤེས་ལ་བལྟས་བའི་ལྟ་བའོ༔ དེས་ན་སངས་རྒྱས་ཀྱི་ལྟ་བ་ནི་ཡེ་ཤེས་འོད་གསུམ་ལྡན་པ་འོད་ཀྱི་ཕུང་པོ་ལ་བལྟ་བའོ༔ ཞེས་དང་༔ རྩལ་རྫོགས་ལས༔ སྤྱོད་པ་ཐབས་ཀྱི་ལྟ་བ་ནི༔ སྒྲོན་མ་ཉིད་ཀྱི་ལྟ་སྟངས་སོ༔ ཅེས་དང་༔ སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ ཁོ་ན་ཉིད་ཀྱི་དབྱིངས་རིག་གོ༔ ཞེས་སོ༔ འདི་དག་གི་དོན་ལ་བསམ་ཀྱང་སྒྲོན་མ་མཐར་ཐུག་གི་དགོངས་པ་མ་ཡིན་དགག་ཏུ་ཡོད་དོ༔
དོན་གཉིས་པ་ནི༔ དེ་ལྟ་བའི་དམིགས་ཡུལ་དུ་འཐད་པའང་༔ རང་གི་རིག་པའི་ངོ་བོ་ཀ་དག་ཆོས་སྐུ་སྟོང་པ་དང་འདུ་འབྲལ་མེད་པའི་སྐུ་དང་ཡེ་ཤེས་མཐུན་པའི་དོན་དང་བཅས་པ་རྒྱུན་མ་ཆད་པར་དུས་གསུམ་མཉམ་ཉིད་དུ་བཞུགས་པའི་ཕྱིར་དག་མཉམ་ཟུང་འཇུག་གི་དབྱིངས་ནི་ལྟ་བའི་ཡུལ་སྐུ་གསུམ་རང་ཆས་སུ་ལྡན་པ་ཡིན་ནོ༔ དེས་ན་སངས་རྒྱས་རང་ཆས་པའི་རྒྱུད་ལས༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་འདི་སངས་རྒྱས་ཀྱི་བརྡའོ༔ སངས་རྒྱས་ཀྱི་སྐུ་ལ་སྐུ་དང་ཡེ་ཤེས་རྒྱུན་ཆད་མེད་པར་བཞུགས་པ་ཡིན་ནོ༔ རང་གི་རིག་པ་སྐྱེ་འཆི་མེད་པར་དུས་གསུམ་མཉམ་ཉིད་དུ་བཞུགས་པ་ཡིན་ནོ༔ རིག་པ་ངོས་བཟུང་དང་བྲལ་བ་ཆོས་སྐུའོ༔ རིག་པ་ཤེས་རབ་ཀྱི་མཁྱེན་པ་མ་འགགས་པས་ལོངས་སྐུ༔ རིག་པ་ཅིར་ཡང་འཆར་པ་སྤྲུལ་སྐུའོ༔ རིག་པ་མིག་ནས་ཐོན་པས་ལོངས་སྐུ་ཁ་མིག་རྣ་བ་ཅན་གྱིས་སྣང་སྲིད་ཁོང་ནས་འཆར་བའོ༔ ཞེས༔ རྒྱུན་ཆད་མེད་པ་དང་༔ མཉམ་ཉིད་དང་༔ སྐུ་གསུམ་ལྷུན་གྲུབ་ཡིན་པར་བསྟན་པའོ༔
གསུམ་པ་ནི༔ དེ་ལྟར་ཡེ་ནས་སངས་རྒྱས་པ་མིན་ན་སངས་རྒྱས་རྒྱུ་འབྲས་ལས་འདས་པའི་ཆོས་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་ཅན་ངེས་པ་ལྔ་དང་ལྡན་པ་ཡིན་པས་ན་བྱ་བྱེད་རྩོལ་བས་འཆོས་ཤིང་ཐོབ་པ་མིན་ཏེ༔ རྒྱུ་འབྲས་འཛོལ་བ་དང་༔ རིགས་མི་མཐུན་པ་དང་༔ འདུས་མ་བྱས་བསྐྱེད་དུ་མེད་པ་དང་༔ མིན་པ་བསྒྱུར་དུ་མི་བཏུབ་པའི་ཕྱིར་རོ༔ རང་ཆས་ཀྱི་རྒྱུད་ལས༔ གསང་བའི་བདག་པོ༔ བྱས་པའི་ཆོས་ཀྱིས་མ་བྱས་པའི་སངས་རྒྱས་ཐོབ་པ་མིན་ནོ༔ སངས་རྒྱས་འདུས་མ་བྱས་པ་ཡིན་པས་ཆོས་ཀྱིས་སངས་རྒྱས་ཐོབ་པ་མིན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ དེ་ལྟར་ཡེ་སངས་རྒྱས་མིན་ན༔ བསྒོམ་ཀྱང་སངས་རྒྱས་མི་འབྱུང་ངོ༔ ས་ལེ་སྦྲམ་བུ་གསེར་མིན་ན༔ བཏུལ་བས་གསེར་དུ་ག་ལ་འགྱུར༔ དེ་ལྟར་ཡེ་སངས་ཡེ་རྒྱས་ཏེ༔ ངོ་བོ་ཉིད་ཀྱི་སྣང་བ་ལ༔ ངོ་བོ་ཉིད་ཀྱི་སྐུར་ཤར་བ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་གོ༔ ངོ་བོ་ཉིད་ཀྱི་སྣང་བ་ནི༔ ཡེ་ཤེས་ལྷུན་གྲུབ་ཆེན་པོར་བཞུགས༔ ཞེས་སོ༔
བཞི་བ་ནི༔ རྒྱུ་མཚན་དེས་ན་ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར་དེའི་མཚན་དཔེ་ལམ་དུ་ཤར་བ་སྒྲོན་མ་ཅེར་བཞག་གི་དགོངས་པའི་བག་བཙལ་ན་དེ་ལས་གཞན་དུ་ཅི་ཡང་མི་དགོས་པ་དང་༔ ཆོས་འདས་ངོ་བོ་ཉིད་ཀྱི་གཏན་ཚིག་གིས་དང་༔ སངས་རྒྱས་རྣམ་པར་དག་པའི་གཏན་ཚིག་གིས་རྟོགས་ལྡན་ཉལ་ཆོག་ཏུ་གནས་པའི་ཚུལ༔ སངས་རྒྱས་རང་ཆས་ལས༔ སངས་རྒྱས་ནི་ཆོས་ཐམས་ཅད་ལས་འདས་པ་ཡིན་པའི་བསྒོམ་པ་དང་༔ བཟླས་པ་དང་༔ འབད་རྩོལ་ཐམས་ཅད་དང་བྲལ་བར་ངོ་ཤེས་པས་ཆོག་གོ༔ སངས་རྒྱས་ཀྱི་སྐུ་རྡུལ་དང་བྲལ་བས་ཅི་དགའ་བྱས་པས་ཆོག་གོ༔ རིག་པ་འོད་ཀྱི་ཕུང་པོར་བཞུགས་ཏེ་འཆར་བས་ཆོག་གོ༔ ཞེས་སོ༔
ལྔ་བ་ནི༔ དེ་ལྟར་ཁོང་གསལ་རང་ལ་ཡོད་པའི་ལམ་ལ་འཆར་བ་དང་༔ བར་དོ་ལ་འཆར་བ་སྟེ༔ རང་ཤི་བའི་དུས་སུ་སུན་མ་གསུམ་འབྱུང་བ་དང་༔ ཆོས་ཉིད་ཀྱི་བར་དོ་ལ་མངོན་ཤེས་དྲུག་སོགས་འཆར་བ་དང་༔ གྲོལ་བ་ཐོབ་པའི་གང་ཟག་གི་མངོན་ཤེས་ལས་འགྲོ་ལ་ཕན་པའི་ཐུགས་རྗེ་སྤྲུལ་སྐུ་དང་བཅས་པ་ཉེ་བར་འབྱུང་སྟེ༔ དེ་ཉིད་ལས༔ རང་འཆི་བའི་དུས་སུ་སངས་རྒྱས་ཀྱི་སུན་མ་གསུམ་འོང་བ་ངོ་ཤེས་པར་གྱིས་ཤིག༔ སངས་རྒྱས་པ་དང་མངོན་པར་དྲུག་རང་བྱུང་དུ་འོང་ངོ༔ མངོན་པར་ཤེས་པ་ཤར་བ་དང་༔ ཐུགས་རྗེ་རང་བྱུང་དུ་འོང་ངོ༔ ཞེས་སོ༔
དྲུག་པ་དེ་དག་ཤར་བའི་འཐད་པ་བསྟན་པ་ནི༔ དེ་ལྟར་སྒྲོན་མ་རང་གསལ་མངོན་སུམ་གྱི་ལྟ་བ་འཆར་བ་དང་༔ སངས་རྒྱས་ཀྱི་ཡིན་མིན་དང་ཆོག་པ་འོང་བ་དང་བཅས་པ་ཐམས་ཅད་སྐུ་གཉིས་ཁོང་གསལ་གྱིས་ཁྱབ་པའི་གཞི་ཡོད་པས་ཡིན་གྱིས་གཞན་དུ་སྣང་གསལ་གྱི་མཐའ་འགགས་ནས་མུ་སྟེགས་ཆད་ལྟ་དང་ཁྱད་མེད་པར་གསུངས་ལ༔ འབྲས་བུ་མཐར་ཐུག་ཀྱང་འགྲུབ་དུ་ཡོད་པར་བྱས་པ་འཇིག་པའི་ཆོས་ཅན་གྱི་འཆི་བདུད་བཅོམ་པའི་སངས་རྒྱས་མི་སྲིད་པའི་གཡང་ལ་ལྷུང་བ་ལས་ཀྱང་འདིས་འཛིན་ནོ༔ རོ་བསྲེགས་ཐལ་བའི་རྒྱུད་ལས༔ ལུས་མེད་ལུས་ཡོད་ཁོང་གསལ་ངོ་བོ་སྐུ་འབྱུང་བའི་འཐད་པ་ལུས༔ ཞིང་ཁམས་རྣམ་དག་ཐུགས་སུ་ཚུད་རང་བཞིན་འོད་ཀྱི་འཐད་པ་ཐུགས་རྗེ་ཡེ་ཤེས་ཐུགས་ཀྱི་མཆོག༔ ཡོན་ཏན་ཡེ་ཤེས་ཟང་ཐལ༔ ཡེ་ཤེས་ཟང་ཐལ་གྱི་སྒྲོན་མའི་འཐད་པ་ཕྲིན་ལས་མིག་གཅིག་ལམ་གྱུར་ཀྱི་སྤྱན་དང་མངོན་ཤེས་ཀྱི་འཐད་པ་དྲི་མ་མེད༔ འབྲས་བུ་མཐར་ཐུག་གི་སྐུ་གསུམ་ཕྱིར་མི་ལྡོག་པའི་འཐད་པའོ། །ཀུན་ཏུ་འོད་ལ་ཐིམ༔ ཞེས་སོ༔
གསུམ་པ་མཐའ་སྡུད་ཀྱི་ཆིངས་སུ་བཅིང་བ་ལ༔ ལམ་རིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་དབྱེ༔ མཐའ་སྡུད་བུམ་པའི་སྐུའི་ཆིངས་གཉིས་ལས༔
དང་པོ་ནི༔ ལམ་གྱུར་མེ་ལོང་ཡེ་ཤེས་རང་གསལ་ཁྲེགས་ཆོད་ཀྱིས་གསུངས་པ་ནི་རིག་པའི་གསལ་ཆ་ཙམ་ཡིན་གྱི་སྐུ་འོད་གསང་སྔགས་ཚོགས་ཆེན་ཡེ་རྫོགས་ཀྱི་གཟུགས་སྐུ་མིན་ལ༔ འདི་ནི་སྐུ་གཉིས་ལྷུན་གྱིས་གྲུབ་པའི་དོན་རང་ལ་གནས་པར་བསྟན་པ་སྟེ༔ ལྷ་མིན་གཡུལ་བཟློག་གི་རྒྱུད་ལས༔ མེ་ལོང་ལྟ་བུའི་ཡེ་ཤེས་དང་༔ ཡེ་ཤེས་ཁོང༵་གས༵ལ་ཆེན་པོ་གཉིས༔ འདྲ་འདྲ་འདྲ་སྟེ་བརྟག་པར་དཀའ༔ ཞེས་སོ༔
གཉིས་པ་ནི༔ སྐུ་བཞིའམ་ལྔ་པོ་ཐམས་ཅད་ཀྱང་སྐུ་འོད་སྒྲོན་མ་སུམ་བརྩེགས་སུ་ཡོད་པ་ནི་སྐུ་ནང་གསལ་བུམ་སྐུ་ལྟ་བུ༔ འོད་བར་གསལ་བུམ་པའི་མར་མེ་ལྟ་བུ༔ སྒྲོན་མ་རང་གསལ་རྨ་བྱའི་སྒོ་ང་ལྟ་བུའམ་ཡེ་ཤེས་མེ་ལོང་གི་ངོས་འདུ་བ་ལྟ་བུ་སྟེ་དེ་ཡང་བུམ་པའི་ནང་ན་སྐུ་ཡོངས་སུ་རྫོགས་པ་ཞིག་ཡོད་ཀྱང་བུམ་རྒྱས་བསྒྲིབས་ཏེ་ཕྱིར་མི་སྣང་ན་ཡང་སྐུ་མེད་པ་མིན་པ་ལྟར་ད་ལྟ་སེམས་ཅན་གྱི་སྒོ་གསུམ་ཕྲ་རགས་ཀྱི་སྦུབས་ན་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་མ་འདྲེས་ཡོངས་སུ་རྫོགས་པར་མ་ཉམས་མ་སྨད་པར་ལྷུན་གྱིས་གྲུབ་ཀྱང་མི་མཐོང་ནའང་ཡོད་པ་དང་༔ འོད་བར་གསལ་ཆོས་ཉིད་དག་པའི་མཚན་དཔེ་གཏིང་གསལ་ཁ་དོག་ལས་འདས་པར་ཡོད་པ་དཔེར་ན་བུམ་ནང་གི་སྒྲོན་མེའི་འོད་འབར་དུ་ཡོད་ཀྱང་ཕྱིར་མི་མངོན་པ་ལྟ་བུ་དང་༔ ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མ་ལྷུན་གྱིས་གྲུབ་པར་འཇུག་པའི་ཐིག་ལེ་ལས་འཆར་རླུང་མ་ཤར་བ་རྨ་བྱའི་ཕྲུག་གུ་སྒོང་རྒྱ་མ་རལ་བའི་ཕྱིར་མི་སྣང་ཡང་ནང་ན་འོད་དང་ཐིག་ལེའི་འཕྲོ་གཞིར་ཡོད་པ་ལྟ་བུའོ༔ དེ་དག་ནི་ནང་གསལ་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་ཆོས་ཀྱི་མཐར་ཐུག་པ་སྟེ༔ རབ་འབྱམས་ལས༔ སངས་རྒྱས་ངོ་བོ་ཆོས་ཀྱི་སྐུ༔ རང་གི་སྙིང་གི་དཀྱིལ་ན་བཞུགས༔ སྐུ་ནི་ནང་གསལ་བུམ་སྐུ་ལ༔ འོད་ནི་བུམ་པའི་མར་མེ་བཞིན༔ ཡེ་ཤེས་རྨ་བྱའི་སྒོ་ང་བཞིན༔ སྐུ་ལྔ་ཡེ་ཤེས་ཆོས་ཀྱི་སྐུ༔ ཞེས་དང་༔ ཀློང་གསལ་ལས༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཐུགས་རྗེ་མེ་ལོང་ངོས་ལྟར་གསལ༔ ཞེས་སོ༔ ལོངས་སྐུའི་ཆོས་སྐུ་ཞི་བ་བཞི་བཅུ་རྩ་དྲུག་གི༔ སྐུ་ཞི་ཚུལ་དགུ་དང་ལྡན་པ༔ འོད་ཡོན་ཏན་གསལ་ཞིང་དག་པ༔ ཐིག་ལེ་སྲོག་དོན་དམ་འོད་གསལ་ཀྱི་སྙིང་པོར་གྲུབ་པས་ན༔ རབ་འབྱམས་ལས༔ སྐུ་དང་ཡེ་ཤེས་འོད་དང་གསུམ༔ འདུ་འབྲལ་མེད་པ་བུམ་པའི་སྐུ༔ ཞེས་དང་༔ ཁྱད་པར་རིན་ཆེན་ཟུར་བརྒྱད་ཀྱི༔ སྐུ་དང་ཡེ་ཤེས་འོད་དང་གསུམ༔ སྐུ་ནི་མི་འགྱུར་མི་གཡོ་བ༔ ཞི་བའི་སྐུ་ནི་ཉུང་འབྲུ་ཙམ༔ ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས༔ ཞེས་སོ༔ ལོངས་སྐུ་ཁྲོ་བོ་ལ་སྐུ་ནང་གསལ་བུམ་པ་ཉུང་འབྲུ་ཙམ་ཟང་ཐལ་ཅེར་གྲོལ་དུ་གར་གྱི་ཉམས་དགུ་དང་ལྡན་པར་བཞུགས་སོ༔ འོད་བར་གསལ་བུམ་ནང་གི་སྒྲོན་མེའི་འོད་ཀྱི་རང་གསལ་བ་ལྟ་བུ༔ ཡེ་ཤེས་ཟང་ཐལ་ཕྱི་གསལ་བུམ་ནང་གི་སྒྲོན་མེ་ལས་གདངས་མ་འགགས་ཀྱང་ཕྱིར་མི་འཕྲོ་བ་ལྟ་བུར་བཞུགས་པས་ན༔ རྨ་བྱའི་ཕྲུ་གུ་དང་དོན་གྱིས་མཚུངས་པར་སོང་བ་སྟེ༔ དེས་ན་ཁྲོ་བོའི་བཤད་པའི་མཐའ་སྡུད་དུ༔ རབ་འབྱམས་ལས༔ ཧེ་རུ་དྲག་པོའི་ལྷ་ཚོགས་ནི༔ སྐུ་ནི་ཉུང་འབྲུ་ཙམ་པ་ལ༔ མཁྱེན་དཔྱོད་མ་འགགས་ཐུགས་རྗེའི་སྤྱན༔ ཕུལ་ཐག་ཙམ་གཟིགས་ཕྱི་ནང་མེད༔ ཟང་ཐལ་ཅེར་གྲོལ་ཆེན་པོར་བཞུགས༔ རྒྱུ་རྐྱེན་ལས་འདས་ཡེ་ཤེས་ནི༔ དྭངས་མ་ལྔ་ཡི་རང་བཞིན་ཏེ༔ ཡེ་ཤེས་ངོ་བོར་ཟང་ཐལ་ལེ༔ རྟོག་མེད་ཡེ་ཤེས་ཁྱབ་ཆེའོ༔ འོད་ཀྱི་མཚན་ཉིད་དངོས་པོ་བྲལ༔ འབྱུང་ལྔའི་དྭངས་མ་ཁ་དོག་ལྔ༔ མ་འདྲེས་རང་གསལ་ཉིད་དུ་སྟེ༔ སྐུ་ལ་ཡེ་ཤེས་འོད་དུ་བྱུང༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་ནང་མར་མེ་འདྲ༔ འོད་ཟེར་མར་མེའི་འོད་དང་འདྲ༔ གནས་ཚུལ་འོད་ཀྱི་གོང་བུ་བཞིན༔ སྐུ་དང་ཡེ་ཤེས་འོད་དང་གསུམ༔ གསུམ་བརྩེགས་ཚུལ་དུ་བཞུགས་པའོ༔ ཞེས་སོ༔ ཐིག་ལེ་མཁའ་འགྲོའི་རང་བཞིན་འོད་ཀྱི་སུམ་བརྩེགས་སུ་བཞུགས་པའང་༔ རབ་འབྱམས་ལས༔ ཡེ་ཤེས་རང་འོད་ལྔ་དང་ལྡན༔ ཡི་གེ་ཧ་དང་ར་རུ་གནས༔ དེ་ཡང་ལྷུན་གྲུབ་བུམ་པའི་སྐུ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་པ༔ ཞེས་དང་༔ རྩ་བཤད་དུས༔ ཡབ་ཡུམ་ཡི་གེ་དེ་དང་མཐུན༔ འོད་ཀྱི་གོང་བུའི་ཚུལ་དུ་གནས༔ ཞེས་སོ༔ དེ་ལྟར་སྐུ་དང་འོད་དང་སྒྲོན་མ་ཀུན་ལའང༔ ནང་གསལ་བུམ་སྐུ་ལྟ་བུའི༔ བར་གསལ་བུམ་པའི་མར་མེ་ལྟ་བུ༔ ཕྱི་རྒྱ་མ་རལ་པ་རྨ་བྱའི་སྒོ་ང་ལྟ་བུར་སུམ་བརྩེགས་སུ་ལྷུན་གྱིས་གྲུབ་པའོ༔
དྲུག་པ་དབང་དང་གདམས་པའི་སྒོ་ནས་མཚོན་ཚུལ་གྱིས་ངོ་རང་ཐོག་ཏུ་སྤྲད་པ་ནི་ཟུར་བ་བཞིན་ནོ༔ གཞི་ཡེ་ཤེས་ཀྱི་སྒྲོན་མ་ཁོང་གསལ་བུམ་པའི་སྐུའི་གནས་ལུགས་བཤད་པ་སྟེ་རྡོ་རྗེའི་གནས་དང་པོའོ༔
༈གཉིས་པ་ལམ་ཡེ་ཤེས་ཀྱི་སྒྲོན་མ་མཁའ་གསལ་ཟང་ཐལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ་ལ༔ ཚེ་འདི་ལ་སྣང་ཚུལ་དང་༔ བར་དོ་ལ་འཆར་ཚུལ༔ མཁའ་གསལ་འདུས་མ་བྱས་པའི་འཐད་པ་བཤད་དེ་མཇུག་བསྡུ་བ་དང་གསུམ་ལས༔
དང་པོ་ལ་གང་ནས་འཆར་པའི་ལམ༔ གང་ལ་འཆར་བའི་སྒོ༔ གང་དུ་འཆར་བའི་ཡུལ༔ གང་གིས་གང་ཞིག་གང་ལྟར་འཆར་ཞིང་སྨིན་པའི་གདམས་ངག་ལག་ཁྲིད་དུ་བྱ་བའོ༔ དེ་དག་གི་ཁོངས་སུ་རྫོགས་པའི་དཔང་པོའང་༔ འདི་ཉིད་ཀྱི་རྩ་བ་རབ་འབྱམས་ལས༔ ལམ་སྒོ་ཡུལ་གྱི་སྣང་ཡུལ་དང་༔ ཐེག་པའི་དབྱེ་སྒོ་རྫོགས་ཚུལ་དང་༔ བླ་མས་སློབ་མར་དབང་བསྐུར་དང་༔ གྲོལ་བའི་གདམས་ངག་ལག་ཁྲིད་དང་༔ བར་འདི་ནས་ལུང་མི་དག་གོ །ལྟ་བསྒོམ་སྤྱོད་པ་བར་དོ་དང་༔ ཞེས་སོ༔
དང་པོ་གང་ནས་འཆར་བའི་ལམ་ལ༔ སྤྱི་དང་བྱེ་བྲག་གཉིས་ལས༔ དང་པོ་ནི༔ སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་འོད་སྣང་ལུས་ཀྱི་རྩ་ཆེན་བཞི་ལས་འཕྲོས་པའི་རྩ་ཡང་ཕྲན་དང་བཅས་པ་ཐམས་ཅད་ལ་འོད་རྩའི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཁྱབ་ཅིང་དེའི་ནང་གི་འོད་གསལ་གྱི་ཐིག་ལེ་སྣང་བ་རྣམས་ནི་ཡེ་ཤེས་ལྔའི་རྟེན་ཡིན་པས་ན༔ རབ་འབྱམས་ལས༔ སྙིང་ནང་གནས་པའི་ཡེ་ཤེས་ཏེ༔ སྤྱི་ལམ་རྩ་བཞི་ཡིན་པ་སྟེ༔ ཞེས་དང་༔ བསྐྱེད་བྱེད་རྩ་ནས་ཙིཏྟ་འཁོར༔ རོ་མ་རྐྱང་མ་ཀུན་འདར་མ༔ ཤེལ་སྦུག་ཁོག་པ་སྟོང་པའི་ནང༔ གསལ་བ་རང་ཤེས་ཆེན་པོར་བཞུགས༔ ཞེས་དང་༔ ཐལ་འགྱུར་ལས༔ རོ་མ་རྐྱང་མ་ཀུན་འདར་མ༔ ཤེལ་སྦུག་ཁོག་པ་སྟོང་པའི་ནང༔ མེ་ལོང་མཉམ་ཉིད་སོ་སོར་རྟོག༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི༔ ཐིག་ལེ་རྒྱུ་དང་མི་རྒྱུ་བ༔ རང་རྩལ་རྫོགས་པའི་རྟེན་གནས་པ༔ ཞེས་སོ༔ དེ་ལྟར་རྩ་ཆེན་བཞི་ལས་གསུམ་ནི་རྩ་ཐམས་ཅད་ཀྱི་མ་ཡིན་པས་ཀུན་རྫོབ་ཀྱི་འབྱུང་བའི་བསྐྱེད་བྱེད་དུ་དང་ཐིག་ལེའི་རྒྱུ་ལམ་དུའང་གྱུར་བ་སྟེ༔ དེས་ན་མ་རིག་པའི་རྒྱུ་འབྲས་མ་དག་སུམ་བརྩེགས་ཀྱང་བརྟེན་ཏེ་ཡང་ཀུན་རྫོབ་ཀྱི་ཐིག་ལེ་གཡས་ནས་འབྱུང་བའི་ཕྱིར་དང་༔ ལས་རླུང་རོ་རྐྱང་རྣམ་རྟོག་གི་རྩ་འདབས་སུ་རྒྱུ་བས་ནའོ༔ དེ་ཡང་ཀུན་རྫོབ་ཐིག་ལེ་གཡས་ནས་འབྱུང་༔ ཞེས་དང་༔ རོ་རྐྱང་གཉིས་ནི་རླུང་གི་ལམ༔ ཞེས་བཤད་པའོ༔ ཀུན་འདར་མའམ་དབུ་མར་མ་དག་པའི་གཏི་མུག་གི་རྟེན་ཏེ་རླུང་ཟིན་ཅིང་འདུས་པའི་གཟུགས་མེད་ཀྱི་སྐྱེ་གནས་སུ་འདུ་བྱེད་པ་ལས༔ ཤེལ་སྦུག་ཅན་ནི་རྣམ་པ་ཀུན་ཏུ་མ་དག་པའི་རྟེན་དུ་མེད་པའི་ཕྱིར༔ རྩ་གསུམ་ཕྲ་བའི་མི་ཤིགས་པའི་རྩ་དེའི་འཁྲུལ་གཞིར་སོང་ནས་རགས་པར་མཆེད་པ་ཡིན་པ་དང་༔ འདིའི་ཕྲ་བའི་ཡན་ལག་གི་འཕྲོས་པའི་འོད་ཟེར་གྱིས་ཁྱབ་པའི་ཆའི་ལམ་རྩ་བཞིར་བཞག་པ་ལས་དབུ་རྐྱང་རོ་གསུམ་མ་གསུམ་དེས་འཁྲུལ་པའི་སྒོ་གསུམ་གྱི་རྟེན་ཀྱང་བྱེད་པས་ན༔ དག་མ་དག་གཉིས་ཀའི་སྤྱི་མོའི་རྩར་ཡོད་པར་བཤད་པའི་ཕྱོགས་སོ༔
གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ༔ མཁའ་གསལ་དག་པ་ཡེ་ཤེས་ཀྱི་ལམ་བཤད་པའི་དངོས་དོན་ཤེས་པར་བྱ་བ༔ མ་དག་འཁོར་བའི་ལམ་བཤད་པའི་གོལ་ས་ཤེས་པར་བྱ་བ༔ ཞར་ལ་སེམས་དང་ཡེ་ཤེས་དབྱེ་བས་མཇུག་བསྐྱངས་པའོ༔
དང་པོ་ནི༔ ངོ་བོ༔ གནས་ལུགས༔ བྱེད་ལས་སོ༔ ཡེ་ཤེས་ཁྱད་པར་བའི་ལམ་ནི་ཀ་ཏི་ཤེལ་སྦུག་ཅན་ཡིན༔ དེའི་ཡལ་ག་ལྔ་གྱེས་པས་དག་པ་ཡེ་ཤེས་ཀྱི་རྩའི་ངོ་བོ་ནི་ཐུགས་ལྔའི་རང་མདངས་དྭངས་མའི་འོད་ལྔ་ལས་རང་བཞིན་གཟུགས་བརྙན་གྱི་ལུས་སུ་འཁྲུལ་རྐྱེན་དུ་གྱུར་པའི་གཞི་སྣང་ཕྱི་མ་ནང་གི་ལུས་ཕྲ་ཡིན་ནོ༔ གནས་ལུགས་ནི་ཆོས་སྐུ་ཆོས་དབྱིངས་དབྱེར་མེད་ཀྱི་གཞིར་སྣང་ལྷུན་སྟུག་པོ་བཀོད་པའི་གསེར་གྱི་རྩ་ཆེན་པོའི་གཞལ་ཡས་ཁང་ནས་ཡེ་ཤེས་ཀྱི་རང་སྣང་འཆར་བའི་སྒོ་བཞིར་ཕྱེས་པ་ནི༔ ཐུགས་མེ་ལོང་ཡེ་ཤེས་གཡོ་འགྱུར་མེད་ཅིང་སྟོང་པ་ཉིད་ཀྱི་རྣམ་ཐར་བྱམས་པ་ཚད་མེད་མཐར་ཕྱིན་པའི་ལམ་ཤེལ་གྱི་སྦུ་གུ་ཅན་ནས་ཡེ་ཤེས་འོད་གསལ་རླུང་ལྔའི་གདངས་དང་བཅས་པ་སྣང་ཞིང་གསལ་བའི་ཤར་གྱི་སྒོ་ཞེས་བྱ་སྟེ༔ རིག་པ་རང་བྱུང་ལས༔ ཤར་གྱི་སྒོ་ནི་རིག་པ་གསལ༔ རིག་པའི་ཡེ་ཤེས་མཚོན་པའི་ཕྱིར༔ ཡེ་ཤེས་དག་པའི་སྣང་བ་འཆར༔ དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ༔ ཞེས་དང་༔ སྒེག་རྡོར་གྱིས༔ ཡེ་ཤེས་ཀྱི་སྒྲོན་མེས་མ་རིག་པའི་མུན་པ་སེལ་བའི་ཕྱིར་ཤར་རོ༔ ཞེས་སོ༔ ཤེལ་སྦུག་ཅན་འདི་ཡེ་ཤེས་ཀྱི་ལམ་ཡིན་པ་དང་རྡོ་རྗེའི་རིགས་ཡིན་པས་ཡེ་ཤེས་བཞི་སྦྱོར་ལས་ཁྱད་པར་མེ་ལོང་ཡེ་ཤེས་ཀྱི་ལམ་དུ་ངོས་བཟུང་བར་བྱའོ༔ མཉམ་ཉིད་ཡེ་ཤེས་སྣང་སྟོང་ཟུང་འཇུག་དགག་སྒྲུབ་བླང་དོར་གྱི་སྨོན་པ་མེད་པའི་རྣམ་པར་ཐར་པ་བཏང་སྙོམས་ཚད་མེད་མཐར་མེད་མཐར་ཐུག་རིག་པ་སེམས་གསུམ་གྱི་རྟོག་མེད་རྡོ་རྗེ་ལུ་གུ་རྒྱུད་གདངས་དང་བཅས་པའི་ཆ་ཡེ་ཤེས་ཉི་ཤུ་རྩ་ལྔ་ལྷུན་རྫོགས་ཀྱི་ཡོན་ཏན་འབྱུང་བའི་རིན་པོ་ཆེ་ལྟ་བུ་སྟོང་པ་རང་གྲོལ་ལ་ལྷོ་ཡི་སྒོ་ཞེས་བྱའོ༔ དེས་ན་རང་བྱུང་ཆེན་པོའི་རྒྱུད་ལས༔ ལྷོ་འདི་ཡེ་ཤེས་བསྐྱེད་པའི་སྒོ༔ སྣང་བ་ལྷུག་པར་འཆར་བའི་རྟགས༔ ཡེ་ཤེས་ཉི་ཤུ་རྩ་གཅིག་རྫོགས༔ དེ་ཕྱིར་ལྷོ་ཡི་སྒོ་ཞེས་བྱ༔ ཞེས་དང་༔ སྒེག་རྡོར་གྱིས་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ལྷོ་ཕྱོགས་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ༔ ཞེས་སོ༔ སོ་སོར་རྟོགས་པའི་ཡེ་ཤེས་སྤྱི་དང་རང་འཛིན་གྱི་འདུ་ཤེས་རྣམ་པར་དག་པའི་མཚན་མ་མེད་པའི་རྣམ་ཐར་སྙིང་རྗེ་ཆེན་པོ་མཐར་ཐུག་གི་སྐུ་ལྔ་མཐར་ཕྱིན་རང་བྱུང་གི་ཡེ་ཤེས་ལྔ་ལྡན་གྱི་འོད་ལྔ་མ་འདྲེས་པར་རྫོགས་པ་ཡུལ་ལ་འཆར་བའི་མ་རིག་པ་བག་ཆགས་ཀྱི་ས་དང་བཅས་པ་དབྱིངས་སུ་ནུབ་པས་ན་ནུབ་ཀྱི་སྒོ་ཕྲ་ལ་འཁྲིལ་བ་ལ་བྱ་སྟེ༔ རང་བྱུང་ཆེན་པོ་ལས༔ ནུབ་སྒོ་བག་ཆགས་ནུབ་པའི་སྒོ༔ དུག་ལྔ་ཡེ་ཤེས་ལྔ་ལྡན་འོད༔ འོད་ལྔ་མ་འདྲེས་རྫོགས་པའི་ས༔ ཞེས་དང་༔ ནུབ་སྒོ་སྐུ་ལྔ་མཐར་ཕྱིན་སྒོ༔ ཞེས་མཐོང་བ་འདི་ལ་བརྟེན་ནས་སྐུ་ལྔ་མཐར་ཕྱིན་རྡོ་རྗེ་འཆང་གི་ས་ལ་སྦྱོར་བའི་གཞི་ལམ་འབྲས་གསུམ་འབྲེལ་མར་གསུངས་པ་དང་༔ སྒེག་རྡོར་གྱིས༔ རིག་པ་ཤར་བའི་མ་རིག་པ་ནུབ་པའི་ནུབ་སོ༔ ཞེས་སོ༔ བྱ་གྲུབ་ཡེ་ཤེས་སེམས་ཉིད་བྱ་རྩོལ་མེད་པར་མངོན་དུ་འགྱུར་བའི་མངོན་པར་འདུས་མ་བྱས་པའི་རྣམ་ཐར་དགའ་བ་ཚད་མེད་མཐར་ཕྱིར་པའི་ཆོས་ཉིད་མངོན་སུམ་གྱི་ལམ་སྦྱངས་བསྒྲོད་ཀྱི་ཀུན་སྦྱོར་བྱང་ཞིང་ཡེ་ཤེས་ཀྱི་གཟི་བརྗིད་ཆེན་པོས་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་རྣམ་སྨིན་མཚན་གཞིའི་ཀུན་བརྟགས་བཙན་ཐབས་སུ་བྱང་བས་ལམ་དར་དཀར་སྣལ་མ་ཅན་ལ་ཕྲིན་ལས་སྒོ་ཞེས་བྱའོ༔ རྫོགས་པ་རང་བྱུང་ལས༔ བྱང་སྒོ་ས་ལམ་བྱང་བའི་སྒོ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒོ༔ ལས་རབ་རྫོགས་པའི་སྒོ་ཆེན་འདི༔ མཁྱེན་གསལ་མིག་གིས་མྱུར་དུ་ལྟོས༔ ཞེས་དང་༔ ཉི་འོད་སེང་གེའི་ཞལ་ནས༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཉོན་མོངས་པའི་སྡུག་བསྔལ་བྱང་བས་ན་བྱང་ངོ༔ ཞེས་སོ༔
གཉིས་པ་གནས་ལུགས་བཤད་པ་ནི༔ ཁ་དོག་གི༔ གྱེས་ཚུལ་གྱི༔ དང་པོ་ཁ་དོག་གི་གནས་ལུགས་ནི༔ གསེར་གྱི་རྩ་ཆེན་སེར་པོར་ཡོད་དེ་ཡོན་ཏན་ལྷུན་སྟུག་པོ་མཚོན་པའི་རྒྱན་ལས་ཡིན་ནོ༔ རྒྱུ་མཚན་དེས་ན་དེའི་ཡེ་ཤེས་ཀྱི་སྐུ་རྣམ་པར་སྣང་མཛད་གསེར་མདོག་ལྟ་བུའང་ཡིན་ནོ༔ མདོ་དགོངས་འདུས་ལས་རྔམས་གློག་ཡིན་ནམ། དབུས་ཀྱི་ཕོ་བྲང་སྙིང་པོ་ལ༔ རྣམ་པར་སྣང་མཛད་སྙིང་པོ་ཆེ༔ འཛམ་བུ་ན་དའི་གསེར་འོད་འདྲ༔ རང་རྟགས་ལག་ན་འཁོར་ལོ་བསྣམས༔ ཞེས་སོ༔ ཤེལ་སྦུག་ཅན་ནི་ཁ་དོག་དཀར་པོར་ཡོད་དོ༔ སྟོང་པ་རང་གྲོལ་རིན་འབྱུང་གི་སྐུའི་རྩ་ནི་སྔོན་པོར་ཡོད་པའི་ལྷ་དེ་སྐུ་མདོག་སྔོན་པོར་རྔམས་གློག་གིས་གསུངས༔ ཕྲ་ལ་འཁྲིལ་ནི་དམར་པོར་ཡོད་དོ༔ དལ་དཀར་སྣལ་མ་ལྗང་ཀུར་ཡོད་དོ༔ རྩ་དེ་དག་ཐམས་ཅད་ཀྱང་ཁྲག་དང་ཆུ་སེར་གྱི་མ་གོས་པ་ཡེ་ཤེས་འོད་ཀྱི་རང་བཞིན་དུ་ཡོད་པས་ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་འདི་དག་ཕྲིན་ལས་བཞིའི་ཚུལ་དུ་ཡེ་རྫོགས་ལྷུན་གྱིས་གྲུབ་པར་བར་དོ་ལ་འཆར་བ་དང༔ ད་ལྟའང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་སྒོ་བཞི་ཕྱེ་བས་མཐོང་བསྟན་གྱི་དོན་ཀྱང་འདི་སད་རྐྱེན་ཡིན་ལ༔ ལམ་ཐོད་རྒལ་བསྒོམ་པའི་འཇུག་པའང་འདི་དག་གི་མངོན་སུམ་གྱི་ལམ་སྣང་ལ་བརྟེན་པ་ཡིན་ནོ༔ འདི་དག་ནི་ཡེ་ཤེས་ཉིད་ལས་མ་དག་པའི་རྟེན་དུ་མི་འགྱུར་བས་ཁྱད་པར་གྱི་ལམ་ཞེས་བྱ་སྟེ༔ རབ་འབྱམས་ལས༔ ཁྱད་པར་ཀ་ཏི་ཤེལ་སྦུག་ཅན༔ རྩ་ནི་དར་དཀར་སྐུད་དང་འདྲ༔ ཁྲག་དང་ཆུ་སེར་དེ་ལ་མེད༔ སྙིང་གི་རྩེ་ནས་ཡར་ཟུག་སྟེ༔ སྒལ་འདབས་གཡས་ནས་ཡར་གྱེས་ཏེ༔ རྩེ་ཆུང་གཡས་གཡོན་གཉིས་ནས་ཡར༔ སྣ་འདབས་གཉིས་ནས་ཀླད་པར་ཟུག༔ ཀླད་རྒྱའི་ནང་ནས་མིག་ལ་འབྲེལ༔ རྩ་སྣ་རྒྱལ་མོ་གཉིས་ལ་ཟུག༔ རྒྱལ་མོ་རྒྱང་ཞགས་ཆུ་སྒྲོན་ནོ༔ དར་དཀར་སྐུད་པ་ལྟ་བུ་སྟེ༔ སྙིང་ནང་ཡེ་ཤེས་ལམ་ཞུགས་འཆར༔ ཞེས་དང་༔ ཀ་ཏི་གསེར་གྱི་རྩ་ཆེན་དང་༔ དར་དཀར་སྣལ་མ་ཕྲ་ལ་འཁྲིལ༔ ཤེལ་སྦུག་ཅན་བཞིའི་ནང་ན་ནི༔ རང་གནས་སུས་ཀྱང་བྱས་པ་མེད༔ ཅེས་པ་ལ་སོགས་པས་བསྟན་ཏོ༔
གཉིས་པ་གྱེས་ཚུལ་གྱི་གནས་ལུགས་ནི༔ སྙིང་ཀའི་དབུས་སུ་ཀ་ཏི་གསེར་གྱི་རྩ་ཆེན་གཞལ་ཡས་གྲུ་བཞི་རྟ་བབས་དང་བཅས་སུ་ཡོད་པས་ན་དེའི་སྒོ་བཞིར་ཧར་བའི་ཤེལ་སྦུག་ཅན་ནི་སྙིང་གི་རྩ་བ་ནས་སྲོག་རྩར་འབྲེལ་བའོ༔ རྩ་གཞན་གསུམ་ནི་གསེར་གྱི་རྩའི་ཡར་སྣ་སྙིང་གི་རྩེ་ནས་སོར་བཞིའི་མཚམས་སུ་གསུམ་དུ་གྱུར་པའི་གཡས་པ་ལ་དར་དཀར༔ གཡོན་པ་ལ་ཕྲ་ལ་འཁྲིལ༔ དབུས་སྟོང་པ་རང་གྲོལ་ཚངས་བུག་ནས་ཟུག་པའོ༔ དེ་དག་ལས་དར་དཀར་སྣལ་མ་དང་ཕྲ་ལ་འཁྲིལ་འོད་གསལ་ཕྱིར་འཆར་བའི་བྱེད་པ་གཅིག་པས་བསྡོམས་ཏེ་བཞིར་བཤད་པ་དང་༔ སྟོང་པ་རང་གྲོལ་ཏེ་གསེར་གྱི་རྩ་ཆེན་པོའི་ཡར་རྩེ་ཡིན་པས་གཅིག་ཏུ་བྱས་ཏེ་ཡང་བཞིར་བཤད་པའོ༔ སྒྲོན་མ་འབར་བ་ལས༔ སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ༔ ཙིཏྟ་རིན་ཆེན་གཞལ་ཡས་ལས༔ རྩ་ནི་སྟོང་ཕྲག་གྲངས་མང་ཡང་༔ ཁྱད་པར་ཆེན་པོའི་རྩ་བཞི་ལས༔ ཀ་ཏི་གསེར་གྱི་རྩ་ཆེན་དང་༔ དར་དཀར་སྣལ་མ་ལྟ་བུ་དང་༔ ཕྲ་ལ་འཁྲིལ་དང་ཤེལ་སྦུག་ཅན༔ འདི་བཞིའི་ནང་དུ་ཁྱད་པར་དུ༔ གནས་ཤིང་རླུང་གི་རྟ་ལ་ཞོན༔ འབྱུང་དང་འཇུག་དང་རང་ཤར་དང་༔ སྣང་བ་ཡི་ནི་བདག་ཉིད་དུ༔ ཞེས་དང་༔ སྒྲོན་མ་སྣང་བྱེད་ལས༔ དེ་ཡང་གསང་དོན་གསུམ་དུ་བསྟན༔ སྒྲོན་མའི་གནས་ནི་སྙིང་ཡིན་ཏེ༔ ལམ་ནི་རྩ་ཆེན་བཞི་ཡིན་ནོ༔ སྒོ་ནི་མཐོང་བྱེད་མིག་གི་སྒོ༔ ཞེས་དང་༔ རང་ཤར་ལས༔ དཀར་འཇམ་སྟོང་པའི་རྩ་དག་དང་༔ རིན་ཆེན་འཕྲོ་བའི་རྩ་རྣམས་དང་༔ རྣམ་པར་གྲོལ་བྱེད་རྩ་ཆེན་དང་༔ ཤེལ་དཀར་རྒྱུ་བའི་རྩ་དག་ནས༔ རྣམ་ཤེས་རླུང་ལ་ཞོན་ནས་ནི༔ བྷྲི་གུ་ཏ་ཡི་སྒོ་ཆེན་ནས༔ ལམ་བྱུང་སྟོང་པའི་ངང་དུ་ཐིམ༔ ཐིམ་བྱེད་མེད་པར་ས་ལེར་གསལ༔ ཚོམ་བུ་ལྔ་ལྡན་ཡེ་ཤེས་རྫོགས༔ ཞེས་སོ༔
གསུམ་པ་བྱེད་ལས་ནི༔ གསེར་གྱི་རྩ་ཆེན་ནས་འོད་གསལ་གྱི་སྣང་བ་ཐམས་ཅད་འབྱུང་ཞིང་རྣམ་པར་འཆར་བའི་དབྱིངས་བྱུང་༔ དར་དཀར་སྣལ་མ་ནས་ཡུལ་ལ་འཇུག་ཤིང་སྐད་ཅིག་གིས་འཆར་བར་བྱེད༔ ཕྲ་ལ་འཁྲིལ་ནས་སྨིན་ཅིང་གོང་དུ་འཕེལ་རུང་བར་རང་ཤར་བའི་རྟེན་བྱེད༔ ཤེལ་སྦུག་ཅན་ནས་ཕྱིར་མི་གསལ་བར་ནང་སྲོག་རྩར་ཡེ་ཤེས་ཀྱི་གདངས་རང་གསལ་བས་ནང་དུ་རྣམ་པར་ནུབ་པའི་ལས་བྱེད༔ སྟོང་པ་རང་གྲོལ་ནས་ཚངས་བུག་ལ་ཟུག་སྟེ༔ རྡོ་རྗེ་ལུག་རྒྱུད་ཀྱི་སྐུས་རྟེན་བྱས་ནས་རྣམ་པར་རྟོག་གསུམ་སྐད་ཅིག་ལ་གཅོད་ཅིང་ནུབ་པའི་ལས་བྱེད་དོ༔ དེ་སྐད་དུ་ཡང་རང་ཤར་ལས༔ ཙིཏྟ་སྒོ་བཞི་མ་འགགས་གསལ༔ རྣམ་པར་འཆར་བར་བྱེད་པ་དང་༔ རྣམ་པར་ནུབ་པར་བྱེད་པ་དང་༔ སྐད་ཅིག་འཆར་བར་བྱེད་པ་དང་༔ སྐད་ཅིག་ནུབ་པར་བྱེད་པའོ༔ དེ་ཡང་མཚན་བརྗོད་འདི་ལྟ་སྟེ༔ ཀ་ཏི་གསེར་གྱི་རྩ་ཆེན་དང་༔ ཤེལ་གྱི་སྦུ་གུ་ཁོག་པ་སྟོང་༔ དར་དཀར་སྣལ་མ་ཕྲ་ལ་འཁྲིལ༔ སྟོང་པ་རང་གྲོལ་རྩ་ཆེན་པོ༔ དེ་ཡང་སྒོ་བཞི་རང་སྣང་རྩ༔ དེ་ནས་ལམ་བྱུང་དྷུ་ཏིར་ཐིམ༔ དྷུ་ཏིའི་ནང་ནས་འོད་འཕྲོས་ཏེ༔ སྒལ་ཚིགས་གཡས་ནས་ལམ་བྱུང་ནས༔ རྩེ་ཆུང་གཡས་ནས་དུང་ཁང་ཐིམ༔ དེ་ནས་འོད་འཕྲོས་སྒྲོན་མ་བཞི༔ མ་འགགས་ནམ་མཁའ་སྟོང་པ་ལ༔ སང་ངེ་ས་ལེ་འོད་ཀྱི་སྐུ༔ ལུ་གུ་རྒྱུད་ཀྱི་ཚུལ་དུ་གནས༔ ཞེས་དང་༔ སྒྲོན་མ་འབར་བ་ལས༔ འདི་བཞིན་ནང་དུ་ཁྱད་པར་དུ༔ གནས་ཤིང་རླུང་གི་རྟ་ལ་ཞོན༔ འབྱུང་དང་འཇུག་དང་རང་ཤར་དང་༔ སྣང་བ་ཡི་ནི་བདག་ཉིད་དུ༔ ཞེས་སོ༔ ཡང་ཀ་ཏི་གསེར་གྱི་རྩ་ཆེན་པོའི་སུམ་བརྩེགས་ཀྱི་ཡེ་ཤེས་གཞིའི་ཐིག་ལེ་ཆེན་པོའི་རྟེན་བྱས་ཏེ་སྙིང་ག་ལ་གནས་སོ༔ དར་དཀར་སྣལ་མས་ལམ་གྱི་ཐིག་ལེ་བཟང་པོ་མེ་ཏོག་གི་རྒྱུད་སྒྲོན་མ་བཞི་ཡུལ་ལ་འཇུག་པའི་རྟེན་བྱས་ནས་མིག་གཡས་ན་གནས་སོ༔ ཕྲ་ལ་འཁྲིལ་གྱིས་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་འོད་དང་ཡེ་ཤེས་སྨིན་པའི་ཐིག་ལེ་རང་ཤར་དུ་འབྱུང་བའི་རྟེན་བྱེད་ཅིང་མིག་གཡོན་ན་གནས་སོ༔ ཤེལ་སྦུག་ཅན་གྱི་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་ཚད་ཕེབས་ཀྱི་རིག་པ་སྨིན་པའི་སྐུ་སྣ་ཚོགས་པ་སྣང་བའི་རྟེན་བྱེད་ཅིང་སྲོག་རྩ་ན་གནས༔ སྟོང་པ་རང་གྲོལ་གྱིས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་རྟེན་བྱེད་དོ༔ དེ་དག་ཀྱང་སྒྲོན་མ་འབར་བ་དང་ཀློང་གསལ་གཉིས་ལས༔ གཞི་ཡི་ཐིག་ལེ་བཟང་པོ་དང་༔ ལམ་གྱི་ཐིག་ལེ་དེ་བཞིན་བཟང་༔ བཟང་པོ་རྣམས་ཀྱི་རྩེ་མོ་དང་༔ བཟང་པོའི་རྒྱན་དང་ལྡན་པར་ཡང་༔ རྩ་རྣམས་ཀྱི་ནི་ནང་ན་གནས༔ ཞེས་སོ༔ དེ་ལྟར་དག་པ་ཡེ་ཤེས་ཀྱི་ལམ་རྩ་བཞི་ཡིན་པར་ཡང་༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ སྙིང་ནང་གནས་པའི་ཡེ་ཤེས་ཏེ༔ སྤྱི་ལམ་རྩ་བཞི་ཡིན་པ་སྟེ༔ ཁྱད་པར་ཀ་ཏི་ཤེལ་སྦུག་ཅན༔ རྩ་ནི་དར་དཀར་སྐུད་དང་འདྲ༔ ཁྲག་དང་ཆུ་སེར་དེ་ལ་མེད༔ སྙིང་གི་རྩེ་ནས་ཡར་ཟུག་ནས༔ སྒལ་འདབས་གཡས་ནས་ཡར་གྱེས་ཏེ༔ རྩེའུ་ཆུང་གཡས་གཡོན་གཉིས་ནས་ཡར༔ སྣ་འདབས་གཉིས་ནས་ཀླད་པར་ཟུག༔ ཀླད་རྒྱའི་ནང་ནས་མིག་ལ་འབྲེལ༔ རྩ་སྣ་རྒྱལ་མོ་གཉིས་ལ་ཟུག༔ རྒྱལ་མོ་རྒྱང་ཞགས་ཆུ་སྒྲོན་ནོ༔ དར་དཀར་སྐུད་པ་ལྟ་བུ་སྟེ༔ སྙིང་ནང་ཡེ་ཤེས་ལམ་ཞུགས་འཆར༔ ཡེ་ཤེས་དེ་ཡི་རང་འོད་ནི༔ ཙཀྱུ་ཞེས་པའི་སྒོ་ལ་ཐོན༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོན༔ ཀུན་ལ་ཡོད་པའི་ཡེ་ཤེས་ཏེ༔ མེ་ལོང་དཀྱིལ་འཁོར་དངས་པ་ལ༔ གང་བསྟན་རྐྱེན་དེ་འོང་བ་བཞིན༔ རྣམ་དག་སྟོང་པའི་ནམ་མཁའ་ལ༔ དོན་གྱི་སྙིང་པོ་ཚོམ་བུ་ལྔ༔ མ་བསྐྱེད་ཡེ་རྫོགས་གནད་ཀྱང་། སྣོད་ཀྱིས་གསལ༔ སྣང་བར་ནུས་པ་འགྱུ་བྱེད་རླུང༔ རོ་རྐྱང་གཉིས་པོ་རླུང་གི་ལམ༔ ཀུན་འདར་མ་ནི་བྱང་ཆུབ་ལམ༔ ཤེལ་སྦུག་ཅན་གྱི་སྒྲོན་མའི་ལམ༔ འོད་དང་ཟེར་དུ་རབ་སྣང་སྟེ༔ དཔེར་ན་ཉ་ཡི་མིག་གིས་ནི༔ གསེར་གྱི་བྲག་རྒྱུད་ཆ་ཕྲ་བར༔ བཟོ་བོ་མཁས་པས་ལེགས་བརྒྱུས་ལྟར༔ མུ་ཏིག་ཕྲེང་ལྟར་ཡུལ་ལ་ཐོན༔ དེ་ནི་དག་པའི་ཡེ་ཤེས་ལམ༔ ཞེས་སོ༔
གཉིས་པ་མ་དག་འཁོར་བའི་ལམ་བཤད་པའི་གོལ་ས་ཤེས་པར་བྱ་བ་ལ༔ རྟེན༔ གནས༔ ལམ༔ སྒོ༔ ངོ་བོ༔ རྩལ༔ བྱེད་ལས༔ འབྲས་བུ་དང་བརྒྱད་ཀྱི་དང་པོ་ནི༔ གཟུགས་ཀྱི་ཕུང་པོའི་བྱང་ཁོག་སྟོད་ཀྱི་ཆ་ལ་བརྟེན་པའོ༔
གཉིས་པ་ནི༔ སྙིང་ནས་གློ་བ་འབྲེལ་བའི་རྩ་གྲོ་སོག་གི་སྦུ་གུ་ཙམ་ཡོད་པ་ནས༔ སྙིང་གི་རིག་གདངས་ཕར་སོང་ནས་གློ་བ་ན་ཤེས་པ་མེད་པའི་རླུང་ཡོད་པ་དང་འཕྲད་པས་རླུང་གི་རྟ་བྱས་ནས་སྒོ་ལྔ་སོ་སོའི་ཡུལ་ལ་རྒྱུ་བའོ༔
གསུམ་པ་ནི༔ སྲོག་རྩ་སྟེ་སྒལ་ཚིགས་གི་འདབས་ནས་ལམ་ཕྱུངས་ཏེ༔ རྩེ་ཆུང་གཡོན་དུ་འབྲེལ་ཞིང་དབུགས་ཀྱི་རྟ་ལ་ཞོན་ནས་མ་དག་སུམ་བརྩེགས་ཀྱི་རང་བཞིན་ཏུ་རྒྱུའོ༔ དེ་ནི་སེམས་ཀྱི་རྟ་སྲོག་རླུང་སྲོག་རྩར་རྒྱུ་བའི་ཕྱིར་རོ༔
བཞི་བ་ནི༔ འདོད་པའི་སྒོ་ཁ་དང་སྣ་གཉིས་ཏེ༔ དེར་རླུང་འབྱུང་འཇུག་གི་སྒོ་ཡིན་པས་སོ༔
ལྔ་པ་ནི༔ ཁམས་གསུམ་འཁོར་བའི་རང་བཞིན་ཅན་སྒྲོ་བཏགས་རྣམ་པར་རྟོག་པའི་གཟུང་འཛིན་ནོ༔
དྲུག་པ་ནི༔ དེ་ཡང་ངོ་བོ་མ་རིག་པ་ལ་བག་ཆགས་ཐམས་ཅད་སྡུད་པའི་གཞིར་གནས་པའི་སེམས་ཞེས་བྱ་ལ༔ ཡུལ་རྟོག་པའི་ཡིད་དང་ལྷན་ཅིག་གནས་པའི་བདག་ཏུ་འཛིན་བའི་རྩ་བ་ཅན་ནོ༔ ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའི་རང་རྩལ་སྣ་ཚོགས་སུ་ཤར་བའོ༔
བདུན་པ་ནི༔ སྣ་ཚོགས་པའི་བདེ་སྡུག་བར་གསུམ་ཟོ་ཆུའི་འཁྱུད་མོ་བཞིན་དུ་འདུ་བྱེད་དོ༔
བརྒྱད་པ་ནི༔ འཁོར་བ་དང་ངན་སོང་སྣ་ཚོགས་པའི་སྣང་བ་དུ་མ་འབྱུང་བའོ༔ དེ་ལྟར་ཡང་རང་ཤར་ལས༔ མ་དག་པ་ཡི་གནས་ལུགས་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ མ་དག་སུམ་བརྩེགས་གནས་པའོ༔ དེ་ཡང་གནས་ལུགས་འདི་ལྟ་སྟེ༔ སྙིང་དང་གློ་བའི་བར་ན་ཡང༔ བརྩེགས་མ་གསུམ་དུ་གནས་པའོ༔ དེ་ནི་རྩ་ནས་འགྱུ་བའོ༔ སྲོག་པ་རྩ་ནས་ལམ་བྱུང་ངོ་༔ སྒོ་ནི་ཁ་དང་སྣ་ནས་བྱུང་༔ དེ་ལས་སྟོང་ཕྲག་བརྒྱད་ཅུའོ༔ ཞེས་དང་༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ ཀྱེ་འགྲོ་བ་སྲོག་གིས་བསྡུས་པའི་སེམས་ཅན་རྣམས་ལ༔ ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེ་བར་གནས་སོ༔ དེ་ཡང་རྟེན་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་གནས་སྙིང་དང་གློ་བའི་བར་ན་གནས་སོ༔ དེ་ཡང་མ་རིག་པ་རྐྱང་པར་མེད་དེ་སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པའི་གཞིར་གནས་སོ༔ དེ་ལ་ཡིད་ཅེས་བྱ་བ་ཡུལ་རྟོག་པ་དང་ལྷན་ཅིག་ཏུ་གནས་སོ༔ དེ་གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ༔ འཁོར་བར་འཁོར་རོ༔ དེ་ལ་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ་༔ དེ་ནས་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་བྱུང་ངོ༔ དེ་རྣམས་ལམ་གང་ནས་བྱུང་ཞེ་ན༔ གློ་བ་དང་སྙིང་དུ་འབྲེལ་བའི་བར་ན༔ རྩ་སྲོག་རྩ་དམར་པོ་ཞེས་བྱ་བ་སོག་མའི་སྦུ་གུ་ཙམ་གྱི་ནང་ནས་ཡར་རྒྱུ་སྟེ༔ དེ་སྒལ་ཚིགས་ཀྱི་འདབས་ནས་ཡར་རྒྱུའོ༔ དེ་ཡང་རྩེའུ་ཆུང་གཡོན་པ་དང་འབྲེལ་ལོ༔ དེ་རྣམས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ༔ དེ་ཁ་དང་སྣ་ནས་རྒྱུ་སྟེ༔ དེ་ལས་ཉོན་མོངས་བ་སྣ་ཚོགས་འབྱུང་ངོ༔ རབ་འབྱམས་ལས༔ མ་དག་འཁོར་བའི་རྩ་ལམ་ནི༔ སྲོག་གིས་བསྡུས་པའི་སེམས་ཅན་ལ༔ ཉོན་མོངས་མ་རིག་ཤས་ཆེ་སྟེ༔ བརྟེན་ནི་གཟུགས་ཕུང་ལུས་ལ་བརྟེན༔ གློ་སྙིང་གཉིས་ཀྱི་བར་ཤེད་ན༔ སྲོག་རྩ་དམར་པོ་བྱ་བ་ནི༔ སོག་སྦུག་ཙམ་པ་གཅིག་གི་ནང༔ རིག་པ་མ་ཡིན་གཞི་ཡིས་ཁྱབ༔ སེམས་ཞེས་བྱ་བ་ཆགས་སྔང་༼ སྡང་དཔྱད། ༽ཅན༔ ཡིད་ཅེས་བྱ་བ་རྟོག་པ་ཅན༔ གསུམ་དུ་འདུས་པའི་མ་རིག་པ༔ དུག་ལྔ་དུག་གསུམ་བཅས་པ་རྒྱུ༔ རྩ་དེ་སྒལ་ཚིགས་གཡོན་པ་ནས༔ རྩེའུ་ཆུང་གཡས་གཡོན་དག་ནས་རྒྱུ༔ དབུགས་ཞེས་རླུང་གི་རྟ་ལ་ཞོན༔ སྒོ་ནི་ཁ་དང་སྣ་རུ་རྒྱུ༔ དེ་ལས་ཉེས་པ་སྣ་ཚོགས་འཆར༔ ཉོན་མོངས་འཁོར་བའི་རྨིང་རྡོ་བྱེད༔ རྟགས་ནི་མཚན་མོ་གློ་བྲིད་དུས༔ འོད་ཟེར་དམར་པོ་འཕྲོ་བ་འདྲ༔ མ་དག་ལམ་གྱི་འཇུག་སྒོར་བཤད༔ ཅེས་དང་༔ དེ་ཉིད་ལས༔ མ་དག་ཉོན་མོངས་ཞེས་པ་འདི༔ རླུང་ཆེན་གློ་བའི་གྲོང་ཁྱེར་ན༔ མ་རིག་པ་དང་སེམས་དང་ཡིད༔ རྣམ་པ་གསུམ་དུ་གནས་པ་སྟེ༔ མ་རིག་པ་ཞེས་འཐོམ་པ་དེས༔ རང་རིག་གཤིས་ལ་སྒྲིབ་པར་བྱེད༔ སེམས་ཀྱིས་ཡེ་ཤེས་ཉིད་ལ་སྒྲིབ༔ ཡིད་ཀྱིས་རིག་སྣང་ངོ་ལ་སྒྲིབ༔ དེ་ལས་ཉོན་མོངས་བག་ཆགས་དང༔ ཀུན་གཞི་ཉིད་དང་འཛིན་རྟོག་བྱུང་༔ གཟུང་འཛིན་ལམ་སྒོ་ལྔ་རུ་བྱུང་༔ ཉོན་མོངས་སྡུག་བསྔལ་ལྔ་ལ་སྤྱོད༔ ཅེས་སོ༔
གསུམ་པ་ཞར་ལ་དེ་དང་ཡེ་ཤེས་དབྱེ་བས་མཇུག་བསྐྱངས་བ་ནི༔ སེམས་དང་ཡེ་ཤེས་ཀྱི་ངོ་བོ་དང་མཚན་ཉིད་ཀྱི་དབྱེ་བ་ནི༔ དེ་ཉིད་གསལ་རྒྱན་དང་༔ ཆོས་ཉིད་དོན་གསལ་སོགས་ལས་ཐལ་ལ༔ འོན་ཀྱང་འདིར་དག་པ་སུམ་བརྩེགས་ཡེ་ཤེས་ཀྱི་བཞུགས་ཚུལ་རྒྱས་པར་སྔར་བཤད་པ་བསྡུས་ཏེ་གསལ་བར་བཤད་ན༔ རྟེན༔ གནས༔ ལམ༔ འབྲེལ་བ༔ སྒོ༔ སྣང་དེ་ལས་བྱུང་བའི་འོད་ཟེར་རམ་བ༔ ཡུལ༔ དུས༔ འགྲོ་ས༔ གྲོལ་ས༔ དཔེ་དང་བཅུ་གཅིག་ལས༔
རྟེན་ནི༔ གཟུགས་ཀྱི་ཕུང་པོའོ༔
གནས་ནི༔ ཙིཏྟ་རིན་པོ་ཆེ་སྙིང་གི་དཀྱིལ་ན་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་འོད་ལྔའི་དཀྱིལ་ན་སྐུ་དང་རིག་པ་འདུ་འབྲལ་མེད་པར་བཞུགས་སོ༔
ཡེ་ཤེས་ནི་ཀླད་པ་དུང་ཁང་དུ་ཁྲོ་བོའི་སྐུར་བཞུགས་སོ༔
ལམ་ནི་ཁྱད་པར་ཆེན་པོའི་རྩ་བཞི་དང་དེའི་གཞི་གསེར་གྱི་རྩ་ཆེན་པོ་རྣམས་ནས་འབྱུང་འཇུག་ཤར་སྣང་བྱེད་པའོ༔
འབྲེལ་བ་ནི༔ སྙིང་ནས་མིག་ཏུའོ༔
སྒོ་ནི་མིག་གི་དབང་པོ་ནས་ཡེ་ཤེས་འདུས་པའི་རྒྱང་ཞགས་ལས་རང་གསལ་བའོ༔
སྣང་བ་ནི༔ སྒྲོན་མ་གཉིས་ཏེ༔ དེ་ཡང་རིག་པ་དབྱིངས་ཀྱི་སྒྲོན་མ་མཐིང་ཀ་ཁྱབ་པ་ཆེན་པོ་དང་ལྔ་ལྔན་ ༼ ལྡན་དཔྱད། ༽མཉམ་པའི་དཀྱིལ་འཁོར་ཐིག་ལེ༔ ཐིག་ལེ་སྟོང་པའི་སྒྲོན་མ་གཉིས་སོ༔ དེའི་ཆ་ཤས་སྒྲོན་མའི་སྣང་བ་དབང་པོ་གཞན་རྣམས་ལའང་ཡོད་པ་ལ༔ ལམ་སྣང་འཆར་བྱེད་ཀྱི་སྒོ་མངོན་གྱུར་པ་ནི་འདི་གཉིས་གཙོ་བོའོ༔
ཡུལ་ནི་རྐྱེན་བྲལ་གསུམ་ལ་འཆར་བའོ༔
དུས་ནི༔ རིན་པོ་ཆེའི་སྦུབས་ལས་གྲོལ་འཁྲུལ་གྱི་སྟོབས་སོ་སོའི་སེམས་ཅན་རང་ག་དང་༔ གཞན་དོན་དུ་གཞིར་སྣང་སོ་སོ་ནས་ལམ་འབྱུང་སྟེ་འགྲོ་དོན་རྗོགས་ ༼ རྫོགས་དཔྱད། ༽པ་དང་༔ གཞི་འབྲས་ཀྱི་བར་དོར་ལམ་འོད་ཀྱི་སྦུབས་འཆར་བའི་ཕྱིར་བར་མ་དོའོ༔
འགྲོ་ས་ནི༔ སྔར་བྱུང་ས་དང་༔ ཐིམ་ས་གཉིས་ཀ་ཀ་དག་གི་ལུས་ཡིན་ལ༔ རིག་མ་རིག་ཁྱད་པར་གྱིས་གྲོལ་འཁྲུལ་གྱི་སྣང་བ་འབྱུང་བས་ཁ་བྲག་གི་ལམ་ལྟ་བུའོ༔
གྲོལ་ས་ནི༔ ཐོག་མའི་ཀ་དག་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་དབྱིངས་ལ་ཡེ་ཤེས་ཇི་བཞིན་པར་ཤར་ནས་དེ་བཞིན་དུ་གཤེགས་པའི་འབྲས་བུ་ཐོབ་པའོ༔
དཔེ་ནི་ཞར་བྱུང་གིས་ཤེས་སོ༔ དེ་སྐད་དུའང་༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ ཨ་ཧོ་ཀློང་ཆེན་པོ་རྣམས་ཉོན་ཅིག༔ འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྙིང་པོའི་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ༔ དེའང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ༔ གནས་ནི༔ སྙིང་དཀྱིལ་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ་དཔེར་ན་བསེའི་གའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ༔ དེ་ནི་རིག་པའི་གནས་སོ༔ དཔེར་ན་བུམ་པའི་སྐུ་ལྟ་བུའོ༔ དེ་ལས་བྱུང་བའི་ཡེ་ཤེས་ནི་གནས་ཀླད་པ་དུང་ཁང་ན་གནས་སོ༔ དེའང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ༔ དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ༔ དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་ལྟར་གསལ་ལ་དྭངས་པའམ་དཔེར་ན་ཉའི་མིག་བཞིན་དུ་འོད་ཟེར་གནས་སོ༔ དེ་ཡང་རིག་པའི་འབྲེལ་བ་ནི་སྙིང་གི་རྩེ་མོ་ནས་ཡར་རྩ་དར་དཀར་གྱི་སྣལ་མ་ཙམ་སྒལ་ཚིགས་འདབས་ན་ཡར་ཡོད་དོ༔ དེའི་ལམ་བྱུང་ནས་མགོའི་ནང་དུ་འཇུག་གོ༔ རྩ་དེ་ཡང་རྩེ་ཆུང་གཡོན་ནས་འཐོན་ནས་ཀླད་པར་འབྲེལ་ལོ༔ དེ་ཡང་རྣ་པའི་འདབས་གཡས་གཡོན་ནས་འཐོན་ནས་མིག་དང་འབྲེལ་ལོ༔ དེ་ལས་མིག་ནམ་མཁའ་ལ་བཟློག་སྟེ་རྩ་གཅུན་ཏེ་བལྟས་ན་ཡེ་ཤེས་ཀྱི་འོད་སྣང་གིས་ནམ་མཁའ་གང་བར་འགྱུར་རོ༔ ཞེས་དང་༔ རང་ཤར་ལས༔ ཀྱེ་གྲོགས་པོ་དག་ཉོན་ཅིག༔ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དཔེས་མཚོན་པར་བྱའོ༔ དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ༔ དཔེར་ན་ཁྲ་ཚང་ན་ཉལ་བ་ལྟ་བུའོ༔ གནས་ནི་སྙིང་ག་ན་གནས་ཏེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ༔ ལམ་ནི་རྩ་བཞི་ནས་འབྱུང་སྟེ༔ དཔེར་ན་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟ་བུའོ༔ འཁྱིལ་ནི་དུང་ཁང་དཀར་པོ་ན་འཁྱིལ་ཏེ་དཔེར་ན་བུམ་ནང་དུ་མར་མེ་ལྟ་བུའོ༔ སྒོ་ནི་མིག་ནས་འབྱུང་སྟེ་ཐིག་ལེ་སྟོང་པའི་སྒྲོན་མ་ནི་དཔེར་ན་རྨ་བྱའི་མདོངས་ལྟ་བུའོ༔ དབྱིངས་རིག་གི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུའོ༔ ཡུལ་ནི་ནམ་མཁའ་སྟོང་པའོ༔ དུས་ནི་བར་དོའི་སྟོང་པའོ༔ དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ༔ འགྲོ་ས་ནི༔ རིན་པོ་ཆེའི་ལུས་ཏེ་ཁ་བྲག་གི་ལམ་ལྟ་བུའོ༔ གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ༔ ཞེས་སོ༔ ཡང་རྟེན་ལུས་གནས་སྙིང་༔ སྒོ་ལམ་གཅིག་ཏུ་བརྩིས༔ ཡུལ་ནམ་མཁའ༔ སངས་རྒྱས་ཀྱི་རང་ལུས་སྒྲོན་མ་གཉིས་སྐུ་དང་ཡེ་ཤེས༔ སྒྲོན་མ་ཀུན་གྱི་ཤེས་བྱེད་ཤེས་རབ་རང་བྱུང་༔ ངོ་བོ་འོད་གསལ་བའི་བདེ་གཤེགས་སྙིང་པོ༔ དཔེ་མན་ཤེལ་དྲི་མེད་ལྟར་ཕྱི་ནང་གསང་བའི་གདངས་འགགས་པ་མེད་པ༔ དུས་ཆོས་ཉིད་ཀྱི་བར་དོར་འཆར་ལ༔ འགྲོ་ས་དང་གྲོལ་ས་རིན་པོ་ཆེའི་སྦུབས་སུ་བཤད་དེ༔ རང་ཤར་ལས་ཡེ་ཤེས་ཆེན་པོའི་སྣང་ལུགས་ཏེ༔ གནས་ནི་ཙིཏྟའི་དཀྱིལ་ན་གནས༔ ལམ་ནི་རྒྱ་མཚོའི་ནང་ནས་འབྱུང་༔ ཡུལ་ནི་ནམ་མཁའ་སྟོང་པའོ༔ ལུས་ནི་སྐུ་དང་ཡེ་ཤེས་སོ༔ སྤྱན་ནི་ཤེས་རབ་སྒྲོན་མའོ༔ སྙིང་པོ་ཀུན་གསལ་མེ་ལོང་ངོ་༔ དཔེར་མཚོན་མན་ཤེལ་དྲི་མེད་བཞིན༔ དུས་ནི་ཆོས་ཉིད་བར་དོའོ༔ རིན་ཆེན་སྦུབས་ལས་མཐར་ཕྱིན་ཏོ༔ སྣང་བ་འདི་ལ་སྣང་ལུགས་སོ༔ ཞེས་སོ༔ དེ་དག་ཀྱང་སྔར་བཤད་པ་ལྟར༔ ཀུན་རྫོབ་དང་དོན་དམ་གྱི་འབྱུང་བའི་བྱེ་བྲག་གིས་སོ་སོར་མ་འདྲེས་ཤིང་དྭངས་སྙིགས་ཕྱེད་པར་གྲུབ་པ་ལས༔ གནད་འདི་ཤེས་པ་ཙམ་གྱིས་ཁྱད་འབྱེད་དུ་སོང་བའི་ཕྱིར་ཟླ་བོར་བསྒྲངས་མ་དགོས་སོ༔
གཉིས་པ་མཁའ་གསལ་དག་པའི་ཡེ་ཤེས་གང་ནས་འཆར་བའི་སྒོ་བཤད་པ་ལ༔ སྒོ་ངོས་བཟུང་བ་དང་༔ ཇི་ལྟར་འཆར་ཚུལ་ལས༔
དང་པོ་ནི༔ ཡེ་ཤེས་ཀྱི་སྣང་བ་གནད་ལ་བརྟེན་ནས་ཕྱི་གསལ་དུ་འཆར་བའི་སྒོ་ནི༔ མིག་གཉིས་ཡིན་ཏེ༔ རིན་ཆེན་བཅུད་ཐིག་གི་རྒྱུད་ལས༔ མཁའ་གསལ་ཉིད་ནི་ནམ་མཁའ་ལ༔ འཆར་སྒོ་གསལ་བྱེད་མིག་བསྐྱོད་བསྒྲད༔ ཅེས་དང་༔ རབ་འབྱམས་ལས༔ ཙཀྱུ་ཡེ་ཤེས་འཆར་བའི་སྒོ༔ འདི་ལས་གཞན་ཞིག་ཡོད་མ་ཡིན༔ ཞེས་དང་།
ཇི་ལྟར་འཆར་པའི་ཚུལ་ནི༔ སྔར་བཤད་པའི་ཀུན་རྫོབ་དང་དོན་དམ་པའི་སྒྲོན་མ་དང་༔ འབྱུང་བའི་སྤྱན་དེ་ཉིད་ལྟེ་བ་ནས་སྙིང་ཀ༔ སྙིང་ག་ནས་མགྲིན་པ་དེ་ལས་ཀླད་པ་དུང་ཁང་གི་ནང་དུ་གཡས་སུ་འཁྱིལ་བའི་རྩ་བཞི་པ༔ ཡུལ་ལ་འཆར་བར་བྱེད་པའི་སྒོ་ལྔ་སོ་སོའི་རྟེན་སྒྲོན་མའི་ཆོས་ཉིད་ཅན་རེ་ཡོད་དེ༔ མིག་གཡས་ནས་ཐིག་ལེའི་སྒྲོན་མ་དང་༔ གཡོན་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་དང་༔ རྣ་བ་གཡས་ནས་དབྱིངས་དང་༔ གཡོན་ནས་རྒྱང་ཞགས༔ སྣ་ནས་ཤེས་རབ་ཀྱི་རང་མདངས་འོད་དང༔ ཁ་ནས་འོད་དང་ཐིག་ཕྲན་ལ་སོགས་པ་འཆར་བས་ཀྱང་ཤེས་སོ༔ སྒྲོན་མ་དགུ་སྐོར་ལས༔ ཡེ་ཤེས་འཆར་བའི་སྒོ་བཞི་ནི༔ མིག་གཡས་པ་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་བཅས་ཏེ་འཆར༔ མིག་གཡོན་པ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར༔ རྣ་བ་གཡས་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཆར༔ རྣ་བ་གཡོན་པ་རྒྱང་ཞགས་ཆུའི་སྒྲོན་མ་འཆར་ཏེ༔ སྒོ་ལྔའི་ཤེས་པ་བསྐྱེད་པའོ༔ ཞེས་སོ༔ ཡང་མིག་གཡས་ནས་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་རྒྱང་ཞགས་དང་རང་བྱུང་གི་སྒྲོན་མར་འཆར་ལ༔ གཡོན་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དབྱིངས་དང་ཐིག་ལེའི་སྒྲོན་མ་འཆར་བ་དང་༔ ཚངས་བུག་སྟོང་པ་རང་གྲོལ་གྱི་ལམ་ནས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཐིག་ལེ་དགུ་བརྩེགས་སུ་འཆར་བའང་༔ ཐལ་འགྱུར་ལས༔ དྭངས་མ་འདུས་པའི་མིག་གཉིས་ནས༔ ཐབས་དང་ཤེས་རབ་ཁྱད་པར་ལས༔ ཇི་ལྟ་མཁྱེན་པའི་ཐིག་ལེ་དང་༔ དག་པ་དབྱིངས་ཀྱི་སྒྲོན་མར་སྣང༔ ཇི་སྙེད་པ་ནི་རྒྱང་ཞགས་དང་༔ ཤེས་རབ་སྒྲོན་མར་སྨིན་པ་ཡི༔ འགྲོ་བ་རྣམས་ཀྱི་ལས་དང་ཡང་༔ དབང་པོའི་བྱེ་བྲག་ཇི་ལྟ་བར༔ དེ་ལ་བསླབ་པས་ཤེས་པར་འགྱུར༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ བདེ་ཆེན་ཚངས་པའི་སྒོ་ནས་སྣང༔ ཞེས་སོ༔ ལར་དབང་པོ་སྒོ་ལྔའི་རྩ་ལ་ཡེ་ཤེས་ཀྱི་རྒྱང་ཞགས་ཆོས་ཉིད་དུ་ཡོད་པ་མཚུངས་ཀྱང་༔ ཡེ་ཤེས་མངོན་གྱུར་གྱི་སྒོ་མིག་ཡིན་པ་དང་༔ ལམ་འདིའི་ཆ་རྐྱེན་དུ་དེ་ཉིད་གཙོ་ཆེ་བའི་ཕྱིར་དེ་ཉིད་སྒོ་རུ་གསུངས་པའོ༔ དེས་ཀྱང་ལུས་ཀྱི་བཅུད་དྭངས་མ་ཀུན་འདུས་པའི་སྤྱན་རྩ་བ་ཕྲ་ལ་ཁ་ཆེ་བ་དར་དཀར་གྱི་སྐུད་པ་ལྟ་བུ་དྭངས་སྙིགས་གཉིས་ལས༔ དྭངས་མ་དེ་ཡེ་ཤེས་ཀྱི་སྒོ་ཡིན་ཏེ་དེས་ལམ་སྣང་མཐོང་བའི་ཕྱིར་དང་༔ སྙིགས་མས་འཁྲུལ་སྣང་གི་ཆ་མཐོང་བས་ཡེ་ཤེས་ཀྱི་སྒོའི་རྟེན་ཙམ་ལས་དངོས་མ་ཡིན་ཀྱང༔ བྱེ་བྲག་གི་སྒྲ་སྤྱི་ལ་ཞུགས་ནས་མིག་ཡེ་ཤེས་ཀྱི་སྒོར་བཤད་པའང་༔ རབ་འབྱམས་ལས༔ ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན༔ ཡེ་ཤེས་འཆར་བའི་སྒོ་ཉིད་ནི༔ ལུས་བཅུད་དྭངས་མ་ཀུན་འདུས་པའི༔ ཙཀྱུ་ཞེས་པའི་སྒོ་ལ་གསལ༔ འཁོར་དང་མྱང་འདས་སྣང་བ་སྟོན༔ དར་སྐུད་བ་མེན་རྭ་འདྲ་བ༔ རྩ་བ་ཕྲ་ལ་ཁ་བྱེ་བ༔ ཨ་འབྲས་དཀྱིལ་དུ་ཟུག་པ་དེས༔ ནམ་མཁའ་དྭངས་པའི་དབྱིངས་སུ་བལྟ༔ ཡེ་ཤེས་སྣང་བ་ལྷུག་པར་འཆར༔ ཞེས་དང་༔ སྒྲོན་མ་འབར་བ་ལས༔ ཀླད་པ་དུང་ཁང་དཀར་པོ་ནས༔ གཡས་སུ་འཁྱིལ་བ་གསུམ་ཡོད་པའི་༔ རྩ་ནི་བ་མེན་རྭ་ཡི་དབྱིབས༔ དབང་པོའི་དྭངས་མ་ཀུན་འདུས་ནས༔ དབང་པོའི་ཡུལ་ལ་འཆར་བྱེད་བའི༔ རྩ་ཡི་ནང་ན་འདི་ཉིད་གནས༔ ཐོག་མར་རང་གི་ལུས་བསྐྱེད་པའི༔ མ་ཡི་མངལ་དུ་ཞུགས་པའི་ཚེ༔ ལུས་ཀུན་གྱི་ནི་དྭངས་མ་རུ༔ ལྟེ་བའི་རྩ་མདུད་ཆེན་པོ་ལས༔ དབུས་ཀྱི་གྲུ་གསུམ་ཉིད་དུ་ཡང་༔ ཕ་མའི་རྒྱུ་རྐྱེན་དྭངས་མ་ལས༔ མིག་གི་འབྲས་བུ་ཉིད་དུ་ཆགས༔ དེ་ཡང་ཕ་མའི་ཆ་ཉིད་ལས༔ དཀར་ནག་འདྲེས་པ་ཉིད་དུའོ༔ འཆར་བའི་སྒོ་ནི་མིག་གཉིས་དང་༔ ཞེས་དང་༔ ཐལ་འགྱུར་ལས༔ གཅིག་ལ་ཡལ་ཀ་ལྔ་ཡོད་པ༔ སོ་སོའི་དབང་པོའི་སྒོ་ལ་སྣང༔ ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པ༔ བ་མེན་རྭ་འདྲ་འཁྱིལ་བ་ལས༔ ཨ་འབྲས་ཞེས་པ་དཀར་ནག་ཕྱེད༔ རིག་ཅིང་གཟུགས་རྣམས་འཛིན་པ་དང་༔ ཤེས་པའི་རང་རྩལ་རྫོགས་པར་སྟོན༔ འདི་ལས་ཡེ་ཤེས་དངོས་འབྱུང་སྟེ༔ ཞེས་དང་༔ ཚུལ་འདི་ལྟར༔ ཨཱ་ར་ལིའི་རྒྱུད་ལས༔ མིག་དག་སྟེང་དུ་བཟློག་ནས་ནི༔ སྨིན་མའི་དབུས་སུ་སེམས་བྱས་ན༔ མི་ཟད་མུན་པའི་གཟུགས་སུ་ནི༔ སྒྲིབ་པོས་དང་པོར་མཐོང་བར་འགྱུར༔ ཞེས་དང་༔ ཨཱརྱ་དེ་བས་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༔ ཞེས་དང་༔ སྟོང་ཆེན་མོའི་མདོ་ལས༔ སྟོན་པའི་རྣལ་འབྱོར་བླ་མེད་རྟག་གྲུབ་པ༔ རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ༔ ཞེས་སོ༔ སྒོ་དེ་ལས་ཡེ་ཤེས་ཀྱི་སྣང་བ་གང་འཆར་ན༔ སྒྲོན་མ་བཞིའི་སྣང་བ་བརྟེན་ནས་འཆར་ཏེ༔ ཀློང་ཆེན་རབ་འབྱམས་ལས༔ ཐིག་ལེ་སྟོང་བའི་སྒྲོན་མ་དང་༔ དག་པ་དབྱིངས་ཀྱི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་སྒྲོན་ཉིད་དང་༔ རྒྱངས་ཞགས་ཆུའི་སྒྲོན་མ་རྣམས༔ འདིས་ནི་མངོན་སུམ་མཐོང་བ་སྟེ༔ ད་ལྟ་གཏན་ལ་དབབ་ཏུ་རུང་༔ ཡིད་དཔྱོད་མུན་ཡུགས་ཚིག་དང་བྲལ༔ ཞེས་སོ༔
གསུམ་པ་མཁ༵འ་གས༵ལ་གྱི་ཡེ་ཤེས་དེ་ཉིད་གང་དུ་འཆར་བའི་ཡུལ་བཤད་པ་ལ༔ སྤྱི་དང་༔ བྱེ་བྲག་གི་ཡུལ་གཉིས་སུ་ཡོད་པ་ལས༔
དང་པོ་ནི༔ གནས་རྐྱེན་བྲལ་མཐོ་ཞིང་དྭངས་སར༔ ཡུལ་རྐྱེན་མེད་ནམ་མཁའ་སྤྲིན་དང་བྲལ་བ་ལ༔ དབང་པོ་སྐྱོན་བྲལ་ཆུའི་སྒྲོན་མ་བཞག་པས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ཕྱིར༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར༔ ཞེས་དང་༔ བདུད་རྩི་བཅུད་ཐིག་ལས༔ མཁ༵འ་གས༵ལ་ནམ་མཁའི་དབྱིངས་ནས་བཟླས༔ ཞེས་དང་༔ ཡི་གེ་མེད་པའི་རྒྱུད་ལས༔ མིག་ནི་ནམ་མཁའི་མཐོངས་སུ་ལྟ༔ འོད་ནི་ཕྲ་ལ་འདྲིལ་བ་འབྱུང་༔ ཞེས་དང་༔ རབ་འབྱམས་ལས༔ ཡུལ་ནི་གང་དུ་སྣང་བ་ལགས༔ དེ་སྐད་སྟོན་པས་གསན་དགོངས་ནས༔ འཛུམ་པའི་མདངས་ཕྱུངས་ལན་འདི་གསུངས༔ ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ ཡུལ་ནི་ཡེ་ཤེས་སྒྲོན་མ་དེ༔ སྟོང་ཉིད་དབྱིངས་ཀྱི་ནམ་མཁའ་ལ༔ རིག་མདངས་འོད་ཕུང་ནམ་མཁའི་ཁམས༔ ཀུན་ཁྱབ་བག་ཆགས་དབུགས་ལ་བརྟེན༔ ཡེ་ཤེས་རིག་པ་དབྱིངས་ལ་སྦྱོར༔ བདག་རྐྱེན་གཞན་རྐྱེན་འབྱུང་བའི་རྐྱེན༔ གསུམ་བྲལ་དུས་གསུམ་ལྷུག་པར་འཆར༔ ཁྱད་པར་ནམ་མཁ༵འ་གས༵ལ་དྭངས་ལ༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད༔ རླུང་དང་བསིར་བུ་ཁུ་རླུངས་མེད༔ འཛིན་པ་མེད་པའི་བར་སྣང་ལ༔ ཡེ་ཤེས་ལྔ་ཡི་རང་མདངས་འཆར༔ ཞེས་དང་༔ སེང་གེ་རྩལ་རྫོགས་ལས༔ ཆོས་ཉིད་ཡུལ་གྱི་ནམ་མཁ༵འ་ལ༔ རིག་པའི་སྣང་བ་སྐུ་རུ་གས༵ལ༔ ཞེས་དང༔ ཡིད་གཉིས་བྲལ་བའི་ནམ་མཁ༵འ་ལ༔ གས༵ལ་འགྲིབ་མེད་པའི་སྒྲོན་མ་གསལ༔ ཞེས་དང་༔ སྒྲོན་མ་མཁ༵འ་ལ་གས༵ལ་པའི་ཕྱིར༔ དཀོན་མཆོག་གསུམ་པོར་རྒྱབ་ཕྱོགས་ན༔ ཞིང་ཁམས་ཐམས་ཅད་མཐོང་པར་འགྱུར༔ སྐུ་གསུམ་སྣང་བ་ཡོད་པའི་ཕྱིར༔ ཞེས་དང་༔ རྫོགས་ཆེན་ལྟ་བ་རང་གནས་ཉིད༔ བག་རྡུལ་དྭངས་པའི་ནམ་མཁ༵འ་ལ༔ མ་ཡེངས་ཚུལ་གྱིས་གས༵ལ་བའོ༔ ཞེས་དང༔གཡེངས་བྲལ་ཆོས་ཉིད་འགྱུར་བ་མེད༔ ཞེས་སོ༔ འདི་ལ་དགོངས་ཏེ་ཁོ་བོའི་ཕ་གཅིག་གིས་ཀྱང་ནམ་མཁའ་མིག་གིས་མ་བོར་བ་ཙམ་གྱིས་ཆོག་པར་གསུངས་པ་ལ༔ ཁ་ཅིག་གིས་མུ་སྟེགས་པ་དང་ཁྱད་མེད་པར་ལྟ་བ་ནི་རྡོ་རྗེ་འཆང་ལ་ཀླན་ཀར་སོང་བས་ཁོ་རང་མུ་སྟེགས་པར་ཤེས་སོ༔ དེ་ལྟ་བུའི་ཡུལ་ལའང་ཕྱི་ནམ་མཁའ་སྤྲིན་བྲལ༔ ནང་ཆོས་ཉིད་རང་དྭངས་ཀྱི་ནམ་མཁའ་ལ༔ བར་འཕེལ་སྣང་འོད་གསལ་གྱི་ཡོན་ཏན་ལས་འཆར་བ་སྟེ༔ ཐལ་འགྱུར་ལས༔ འདི་ཉིད་ཡུལ་གནད་འདི་ལྟ་སྟེ༔ སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ༔ རྣལ་འབྱོར་ནམ་མཁའི་བྱ་ལམ་གནས༔ འདི་དང་མ་བྲལ་ཆོས་ཉིད་དོ༔ སྤྱིར་ན་སོ་སོའི་མཚན་ཉིད་དེ༔ ཡུལ་ནི་ཐ་དད་གཅིག་རྫོགས་གནད༔ ཅེས་སོ༔
གཉིས་པ་བྱེ་བྲག་གི་ཡུལ་ནི༔ སྒྲོན་མ་སོ་སོའི་ཁོང་ནས་གསལ་བའི་ཕྱིར་མ་བཟློས་སོ༔
དོན་བཞི་བ་གང་གིས་གང་ཞིག་གང་ལྟར་འཆར་ཞིང་སྨིན་པར་བྱེད་པའི་གདམས་ངག་ལག་ཁྲིད་ལ༔ ཀློང་གསལ་ལས༔ ཉམས་ལེན་ཉིད་ཀྱི་རྩ་བ་ནི༔ གདམས་པ་སྦྱོར་དངོས་མཇུག་གསུམ་མོ༔ ཞེས་སྔོན་དུ་འགྲོ་བའི་ཆོས་དང༔ ཉམས་ལེན་དངོས་གཞིའི་རིམ་པ་དང༔ རྒྱབ་ཆོས་མཐའ་རྟེན་གྱི་མན་ངག་དང་གསུམ་དུ་ཡོད་པ་ལས༔
དང་པོ་ལ༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས༔
ཐུན་མོང་བ་ནི་སེམས་སྦྱོང་ཡང་དག་བདུན་སྔོན་དུ་བཏོང་བ་སྟེ༔ དེའི་དགོས་ཆེད་དང་བཅས་པའང༔ རབ་འབྱམས་ལས༔ སྐལ་བཟང་ཐར་བ་འདོད་པའི་མི༔ དབེན་ཞིང་ཉམས་དགའི་གནས་ཉིད་དུ༔ ཆོས་དང་མཐུན་པའི་གྲོགས་དང་འགྲོགས༔ སེམས་སྦྱང་བདུན་པོ་སྔོན་དུ་གཏང་༔ དཀོན་མཆོག་སྐྱབས་སོང་སེམས་བསྐྱེད་ལ༔ འཁོར་བའི་མཚན་ཉིད་མི་རྟག་བསམ༔ འགྲོ་ལ་སྙིང་རྗེ་བྱང་སེམས་བསྒོམ༔ བསོད་ནམས་ཚོགས་བསགས་སྡིག་པ་སྦྱངས༔ དེ་ལ་དགོས་ཆེད་རྣམ་པ་གཉིས༔ གནས་སྐབས་ཚེ་འདིར་བློ་བཟློག་ཅིང༔ ཅི་བྱས་ཆོས་སུ་འགྲོ་བ་དང༔ མཐར་ཐུག་རང་དང་གཞན་གྱི་དོན༔ རྒྱ་ཆེན་འགྲུབ་པ་དགོས་པ་ཡོད༔ ཅེས་དང་༔ ཀློང་གསལ་ལས༔ ཡོན་ཏན་འབྱུང་བའི་གནས་ཉིད་དུ༔ ནང་ཚངས་ཅན་གྱི་སྟན་ལ་ནི༔ མཉམ་བཞག་སྐྱིལ་མོ་ཀྲུང་དུ་བྱ༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱམས་སེམས་བསྒོམ༔ སྟོང་ཉིད་སྙིང་རྗེའི་ངང་ཅན་དེས༔ སེམས་ཅན་ཀུན་ལ་བརྩེ་བར་བྱ༔ ཡང་ཡང་སེམས་སྦྱངས་མི་རྟག་བསྒོམ༔ དེ་ཡང་སྔོན་དུ་འགྲོ་བ་གཅེས༔ ཞེས་སོ༔
གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ༔ སུའི་སྔོན་དུ་འགྲོ་བ་དང་༔ ཇི་ལྟར་འགྲོ༔ དཔེ་གང་ལྟར་འགྲོ༔ དངོས་ཀྱི་རབ་དབྱེ༔ སྤྱོད་ཚུལ༔ དགོས་པ་དང་དྲུག་ལས༔
དང་པོ་ནི༔ འཇིག་རྟེན་ལས་འདས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པའི་སྒོམ་པའི་སྔོན་དུ་འགྲོ་བའོ༔
གཉིས་པ་ནི༔ བསྐལ་པ་དཔག་ཏུ་མེད་པར་འཁོར་བ་ན་ཁ་བརྒྱུད་པའི་ཚེ༔ ཉོན་མོངས་པའི་དབང་གིས་བསགས་པའི་ལས་དང་བག་ཆགས་ཐམས་ཅད་དག་པར་བྱེད་ཅིང༔ དེས་དངོས་གཞི་འབད་མེད་དུ་རྒྱུད་ལ་སྐྱེ་བའི་ཕྱིར༔ དཔེར་ན་ཚོས་བསྒྱུར་བ་དེ་སྔ་རོལ་དུ་དྲི་མ་འཁྲུད་པས་ཁ་དོག་འཇུག་བདེ་བ་ལྟར་སྔོན་དུ་འགྲོ་བའོ༔
དཔེ་ནི་ཤིང་རྟའི་ཁ་ལོ་བ་བཞིན་དེ་མེད་ན་དངོས་གཞི་ལམ་དུ་མི་འགྲོ་བས་སྔོན་དུ་འགྲོ་དགོས་སོ༔
བཞི་པ་དངོས་ཀྱི་རབ་དབྱེ་ལ༔ ཕྱི་ནང་གསང་བ་ཡང་གསང་གི་རབ་ཏུ་དབྱེ་བ་བཞི་རུ་ཡོད་དེ༔ ཕྱི་ལུས་ངག་ཡིད་གསུམ་གྱི་མངོན་པར་ཞེན་པ་བཟློག་ཅིང་སྒོ་གསུམ་གྱི་སྡིག་སྒྲིབ་དག་པའི་ཕྱིར་ཕྱིའི་རུ་ཤན་ཞེས་བྱ་ལ༔ དེའི་བག་ཆགས་དང་རྒྱུ་ཉོན་མོངས་པ་དང་༔ བག་ཆགས་སོགས་ཡུལ་དང་ཉོན་མོངས་ཀུན་ནས་སྡང་བའི་ས་བོན་དུ་གྱུར་པའི་ལུས་གནས་མ་དག་པའི་རྩའི་ཡི་གེ་སྦྱོང་བའི་ཕྱིར་ནང་གི་རུ་ཤན་ཡིན་ལ༔ སྒོ་གསུམ་གྱི་ཞེན་སྣང་ཐ་མལ་པའི་ལོག་ཤེས་གནས་ལུགས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དག་པའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་གསང་བའི་རུ་ཤན༔ གཉེན་པོས་ངལ་ཞིང་དུབ་པའི་མཐའ་རུ་ལྟུང་བ་ལས་རྣལ་འབྱོར་རང་སོར་གཞུགས་པའི་ཕྱིར་ཡང་གསང་གི་རུ་ཤན་ཞེས་བྱའོ༔
ལྔ་བ་སྦྱོང་ཚུལ་ནི༔ ཕྱི་ནང་གསང་བ་ཡང་གསང་གི་རུ་ཤན་བྱེད་ཚུལ་བཞི་ལས༔
དང་པོ་ནི༔ མིའི་རྒྱུ་འགྲུལ་དང་མཐོང་ཐོས་མེད་པའི་གནས་དབེན་པར་གསང་བའི་གཉེར་གཏད་ཐུབ་པའི་རྡོ་རྗེའི་མཆེད་གྲོགས་དམ་ཚིག་ལ་སེལ་དང་ཉམས་ཆགས་མེད་པ་འགའ་ལས༔ དམ་ཉམས་སོགས་མ་འདྲེས་པ་ཞིག་དགོས་ཤིང་༔ དེ་དག་གིས་ཀྱང་ཐུན་མོང་བའི་སྔོན་འགྲོ་དང་༔ འདིའི་ཁྱད་པར་གྱི་དབང་སྔོན་དུ་སོང་བ་གལ་ཆེ༔ དེ་ནས་ཡུལ་དེའི་གནས་གཞིའི་བདག་པོ་སོགས་ལ་རུ་ང་དང་ཕྲག་དོག་མི་བྱེད་པར་སྐྱེམས་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ༔ བགེགས་མགྲོན་གླུད་གཏོར་གྱིས་བརྔན་ནས་བསྐྲད་ཅིང་འཚམས་རྔམས་ཀྱི་བརྟུལ་ཞུགས་སྤྱོད་དེ་མཚམས་གཅོད་བྱས་ལ༔ ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ འདི་ལྟར་འཁོར་བ་མཐའ་མེད་ཀྱི་ཁྲི་མུན་དུ་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་ཤིང་༔ བཟོད་མེད་སྤྱི་དང་རང་མཚན་གྱི་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ བདག་གི་ཚེ་རབས་ཐོག་མེད་ནས་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འདི་རྣམས་གཏན་བདེ་འགྱུར་མེད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ༔ དེའི་ཆེད་དུ་སྒོ་གསུམ་འཁོར་འདས་རུ་ཤན་ཕྱེས་ནས༔ ཕྱིན་ཆད་འཁོར་བར་མི་འཇུག་པ་ཞིག་བྱེད་དོ་སྙམ་དུ༔ ལུས་གཅེར་བུར་ཕྱུང་ཞིང་རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་འོད་ནག་གི་རྣམ་པར་བསྡུས་ཏེ་བདག་ལ་ཐིམ་པར་བསམ་ལ༔ དེ་ནས་བདག་དང་སེམས་ཅན་གྱི་ཞེ་སྡང་གི་དབང་གིས་སྲོག་བཅད་པས་མཚོན་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ལ་སོགས་པའི་བག་ཆགས་སྐད་ཅིག་ལ་སད་དེ་དམྱལ་བའི་གནས་སུ་ལྟུང་བར་འགྱུར་པའི་ཚ་གྲང་གི་སྡུག་བསྔལ་སྤེལ་མར་རང་གིས་དངོས་སུ་མྱོང་བར་མོས་ལ༔ ལུས་ཀྱི་འགྲེ་ལྡོག༔ ངག་གི་འོ་དོད༔ སེམས་ཀྱི་ཉེར་ལེན་སྣ་ཚོགས་དམྱལ་བའི་སེམས་ཅན་གྱི་རྣམ་འགྱུར་ཐམས་ཅད་བྱ་ཞིང་༔ ཞག་གསུམ་ཙམ་ལས་མི་ཉུང་བ་དང་༔ དེ་བཞིན་དུ་འདོད་ཆགས་ཀྱིས་ཡི་དྭགས༔ གཏི་མུག་གིས་དུད་འགྲོ༔ ཕྲག་དོག་གིས་ལྷ་མིན༔ ང་རྒྱལ་གྱིས་ལྷ༔ འཕེན་རྫོགས་དགེ་སྡིག་འདྲེས་མས་མི་རྣམས་སུ་སྣང་བ་བཙན་ཐབས་སུ་སད་པར་གྱུར་ནས་དེ་དག་གི་བདེ་སྡུག་དང་༔ ངག་གི་སྒྲ་སྐད་ཅ་ཅོ་སྣ་ཚོགས་དང་༔ ལུས་ཀྱི་རྣམ་འགྱུར་ཐ་དད་པ་ཡིད་ལ་དྲན་ཚད་དགག་བསྒྲུབ་མེད་པར་ཤུགས་འབྱུང་འགག་མེད་འགྱུ་བ་རང་དག་ཏུ་མ་གྱུར་གྱི་བར་དུ་བྱེད་ཅིང་ངལ་དུབ་ཆད་པར་གྱུར་ན་རྗེས་ཤེས་ཀྱི་རང་ངོ་ལྟ་ཞིང་ངལ་གསོ༔ ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་སྣ་ཚོགས་པ་དང་༔ ངག་གསུང་གསང་སྔགས་ཀྱི་སྒྲ་སྐད་དང་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་༔ ཡིད་དེ་དག་གི་རྣམ་པ་གསལ་བ༔ རྣམ་དག་དྲན་པ༔ ང་རྒྱལ་འཛིན་པ་ཅི་ནུས་སུ་བྱ་ཞིང་རྗེས་ཤེས་ཀྱི་རང་ངོ་བསྐྱངས་པས་ལུས་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་འཛིན་པ་ཞིག་པ་དང་༔ ངག་བླ་མའི་གདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་རྗེས་མཐུན་མ་སྐྱེས་ཀྱི་བར་དང་༔ སེམས་གསལ་སྟོང་བརྗོད་བྲལ་གྱི་ཉམས་རྩོལ་མེད་དུ་མ་ཤར་བར་དུ་རུ་ཤན་བྱེད་དོ༔ བྱེད་ཚུལ་དེ་དག་ཀྱང་རབ་འབྱམས་ལས༔ དང་པོ་ལུས་ཀྱི་སྔོན་འགྲོ་ནི༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ ཅེས་དང་༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་དང་༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ ཅེས་དང་༔ དེའི་བྱེད་ཚུལ་སངས་རྒྱས་སྲས་གཅིག་ལས༔ ལུས་ནི་རྒྱུག་དང་ཉལ་བ་དང་༔ ལངས་དང་ཡན་ལག་བསྐྱོད་པ་དང་༔ བསྐོར་བ་དང་ནི་ཕྱག་བྱ་དང་༔ ཡན་ལག་བསྐོར་དང་མགོ་བསྒྲིལ་དང༔ ཇི་ལྟར་དྲན་པའི་ལས་རྣམས་དང་༔ གར་དང་ཕྱག་རྒྱ་བསྒྱུར་བ་དང་༔ ཇི་ལྟར་དམིགས་པའི་ལས་རྣམས་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ལུས་ཀྱི་མངོན་ཞེན་རང་ཆོད་ནས༔ ལུས་ཀུན་རུ་ཤན་ཕྱེད་པར་ནི༔ འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ༔ ཞེས་སོ༔ ངག་གི་བྱེད་ཚུལ་ཀྱང་རབ་འབྱམས་ལས༔ ངག་གི་སྔོན་འགྲོ་རིགས་དྲུག་གི༔ སྒྲ་དང་ཞི་ཁྲོ་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་བརྗོད་པར་བྱ༔ ཞེས་དང་༔ གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས༔ དེ་འདས་ངག་གི་སྤྱོད་པ་བརྩམ༔ སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ༔ ཡོད་དང་མེད་པར་སྣང་བ་དང་༔ ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད༔ བྱོལ་སོང་སྣ་ཚོགས་བརྡའ་སྐད་དང་༔ སྐད་ནི་རྣམ་པ་སྣ་ཚོགས་པ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ངག་གི་མངོན་ཞེན་རང་ཆོད་ནས༔ འཁོར་འདས་རུ་ཤན་འདིས་བྱེད་དོ༔ ཞེས་དང་ཅིག་ཆོད་ལས༔ ངག་གི་རུ་ཤན་བྱེད་པ་ཧཱུྃ་དང་ཕཊ༔ མི་སྨྲ་བརྗོད་མེད་ལྷུག་པ་རླུང་དག་བཟུང་༔ ཞེས་སོ༔ སེམས་ཀྱི་དབང་དུ་བྱས་ཏེ་རབ་འབྱམས་ལས༔ སེམས་ཀྱི་སྔོན་དུ་འགྲོ་བ་ནི༔ དུག་གསུམ་བློ་རྟོག་སྣ་ཚོགས་དང་༔ དུག་ལྔ་དུག་གསུམ་ལྷའི་དཀྱིལ་འཁོར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང་༔ འདུས་པ་ཐམས་ཅད་མི་རྟག་པར༔ ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་བསྒོམ༔ ཞེས་དང་༔ ཐལ་འགྱུར་ལས༔ དེ་ལྟར་ཚད་ལ་ཕེབས་ནས་ཀྱང་༔ རྣལ་འབྱོར་པ་ཡིས་སེམས་སྦྱང་བྱ༔ འདས་དང་མ་འོངས་ད་ལྟར་གྱི༔ དྲན་བསམ་འཕྲོ་འདུའི་འཁོར་ལོ་བརྟེན༔ དགའ་དང་མི་དགའ་བཟང་ངན་སེམས༔ ཡོད་མེད་སྣ་ཚོགས་ཐམས་ཅད་ལ༔ ཕྱི་རུ་བརྟགས་ཏེ་ནང་དུ་བསམ༔ ཇི་ལྟར་བསམས་པའི་དྲན་པ་ཉིད༔ ཕྱི་ནས་སྐྱེ་རྒྱུན་འཆད་པར་ངེས༔ འདི་ཡི་དགོངས་པ་གང་གིས་དབྱེ༔ ཞེས་དང་༔ གཅིག་ཆོད་ལས༔ ཡིད་ཀྱི་རུ་ཤན་འབྱེད་པ་སྐྱོ་ཤས་དང་༔ དམིགས་པ་གཏད་པའི་འབེན་ལ་མ་ཡེངས་བྱ༔ ཞེས་སོ༔
གཉིས་པ་ནང་ལྟར་རུ་ཤན་སྦྱངས་ལུགས་ནི༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ལས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱངས་རུ་ཤན་དབྱེ༔ ཞེས་གསུངས་པ་ལྟར་འཁྲུལ་རྒྱུ་འཁོར་བའི་ས་བོན་སྦྱངས་པས་འབྲས་བུ་རིགས་དྲུག་གི་འཁོར་རྒྱུན་བཅད་པའི་ཕྱིར་སྦྱང་གཞི་འགྲོ་བའི་ལུས་གནས་དྲུག་ཏུ༔ སྦྱང་བྱ་སྤྱི་བོར་ལྷའི་ས་བོན་ཨཱཿདཀར་པོ༔ མགྲིན་པར་ལྷ་མིན་གྱི་ས་བོན་སུཿལྗང་སེར༔ སྙིང་ཁར་མིའི་ས་བོན་ནྲཿསྔོ་སྐྱ༔ ལྟེ་བར་དུད་འགྲོའི་ས་བོན་ཏྲིཿདམར་ནག༔ གསང་བར་ཡི་དྭགས་ཀྱི་ས་བོན་པྲེཿཐལ་སྐྱ༔ རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿནག་པོ་རྣམས་ལ་འགྲོ་བ་རིགས་དྲུག་གི་བག་ཆགས་ལྷན་སྐྱེས་སུ་གནས་པའི་རང་འོད་ཀྱི་ཐིག་ལེས་བརྒྱན་པ༔ སྦྱོང་བྱེད་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་སྙིང་པོ་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་ཀའི་ཁ་དོག་ཅན་གྲུབ་ཅིང་དེ་ལྟར་གསལ་བ་ལས༔ ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་འདུ་འཕྲོས་བདག་དང་སེམས་ཅན་གྱི་ས་བོན་བག་ཆགས་དང་བཅས་པ་གཞོབ་ཐུལ་དུ་བསྲེགས་པར་བསམ་ལ༔ རྡོར་བཟླས་བདུན་འབུམ་ལོངས་བར་བྱའོ༔ དེ་ཡང་ཀློང་གསལ་ལས༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ སྤྱི་བོ་མགྲིན་པ་སྙིང་ག་དང་༔ ལྟེ་བ་གསང་གནས་རྐང་མཐིལ་དྲུག༔ ཨ་ཏྲི་ནྲ་སུ་པྲེ་དུཿདྲུག་གནས་སོ༔ ཁ་དོག་དཀར་མཐིང་ལྗང་གུ་དང་༔ སེར་པོ་དམར་ནག་དུད་ཁ་དྲུག༔ ས་བོན་དྲུག་པོ་མ་དག་པས༔ རྒྱུན་དུ་རིགས་དྲུག་འཁོར་བར་འཁྱམས༔ ས་བོན་དེ་དྲུག་སྦྱང་སླད་དུ༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་གནས༔ ཡི་གེ་རྩལ་སྦྱང་རུ་ཤན་དབྱེ༔ དབྱེ་བ་དངོས་ནི་འདི་ལྟར་རོ༔ བདག་ཉིད་ཐ་མལ་པ་ཡི་ལུས༔ གནས་དྲུག་ཡིག་དྲུག་གསལ་བར་བསྒོམ༔ བདག་ཉིད་སྤྱི་གཙུག་ཨོཾ་དཀར་བསྒོམ༔ མགྲིན་པར་ཨཱཿདམར་སྙིང་གར་ཧཱུྃ་མཐིང་བསྒོམ༔ ཡི་གེ་གསུམ་ལས་ཡེ་ཤེས་མེ༔ དཀར་དམར་མཐིང་ག་གསུམ་འབར་བས༔ རིགས་དྲུག་ས་བོན་དྲུག་པོ་དང་༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་དང་༔ མ་རིག་པ་ཡི་བག་ཆགས་རྣམས༔ གཞོབ་ཏུ་ཐུལ་དུ་བསྲེག་པར་བསྒོམ༔ ཨོཾ་ཨཱཿཧཱུྃ་གསུམ་བདུན་འབུམ་བཟླས༔ ཞེས་སོ༔ དེ་ལྟར་སྡིག་པ་དག་པའི་རྟགས་དངོས་ཉམས་རྨི་ལམ་ཅི་རིགས་སུ་སྒོ་གསུམ་གྱི་མཚན་ཞེན་གྲོལ༔ བདེ་གསལ་མི་རྟོག་པའི་ཉམས་རྒྱུད་ལ་འཁྲུངས་ཀྱི་བར་དུ་བྱའོ༔
གསུམ་པ་གསང་བ་ལྟར་གྱི་སྤྱོད་པ་བྱེད་པ་ལ༔ ལུས་རྡོ་རྗེའི༔ ངག་ཡི་གེའི༔ སེམས་ལྟ་བས་སྦྱངས་པ་གསུམ་གྱི༔ དང་པོ་ནི་རང་གི་ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་གཅིག་ཏུ་བསྒོམས་པའི་འོད་ཟེར་གྱིས་ཕྱི་ནང་གི་ལུས་ཐམས་ཅད་རྡོ་རྗེར་དག་པར་བསམས་ཞིང་༔ རྐང་མཐིལ་གཉིས་སྦྱར༔ སོར་མོའི་རྩེ་བཅུ་ས་ལ་བཙུགས༔ པུས་མོ་གཉིས་ཕྱིར་རྒྱངས༔ ལག་གཉིས་སྤྱི་བོར་ཐལ་མོ་མ་རེག་པར་སྦྱར༔ དག་པ་དྲན་པ་ནི་ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ༔ གཞི་རང་བྱུང་གི་ཡེ་ཤེས་སམ་རིན་པོ་ཆེའི་སྦུབས་མཚོན༔ མར་རྩེ་གསུམ་སྐུ་གསུམ་སྟེ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་མཚོན༔ སྐེད་པ་གཅིག་ཏུ་འདྲིལ་བས་ལམ་ལྷུན་གྲུབ་རིན་པོ་ཆེ་དབྱེར་མི་ཕྱེད་པར་མཚོན་པའི་སྦུབས་གསུམ་དགོངས་གསུམ་གཅིག་ཏུ་འདྲིལ་བས་ཁམས་གསུམ་དུག་གསུམ་གནས་སུ་དག་པའི་བྱིན་རླབས་རྒྱུད་ལ་ཐོབ་སྟེ་ལུས་ལ་གནད་དུ་བསྣུན་པས་སེམས་ཀྱི་དྭངས་སྙིགས་འབྱེད་པའི་ཐབས་མཁས་ཀྱི་སྒོ་ཟབ་མོར་ཐལ་འགྱུར་ལས༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ ལུས་སྦྱང་སེམས་ལ་ཕན་པའོ༔ ཞེས་དང༔ རབ་འབྱམས་ལས༔ རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ༔ ལུས་སྦྱངས་སེམས་ལ་ཕན་པའོ༔ ལུས་ཀྱི་ཞེན་ལོག་སྡིག་པ་འདག༔ ཅེས་དང་༔ འདས་རྗེས་གཉིས་པ་ལས༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང༔ སྤྱི་བོར་ཐལ་མོ་སྦྱར་བར་བྱ༔ ཞེས་སོ༔
གཉིས་པ་ངག་ཡི་གེས་སྦྱངས་བ་ནི༔ རབ་འབྱམས་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལས༔ རྒྱས་གདབས་པ་དང་རྩལ་སྦྱངས་དང་༔ མཉེན་བཙལ་ལམ་དུ་ཞུགས་པ་ཡིས༔ དེ་ལྟར་ངག་སྦྱང་སེམས་ལ་ཕན༔ ངག་གི་ཞེན་ལོག་དྲི་མ་འདག༔ ཞེས་གསུངས་པའི་དོན་ལ་བཞི་ལས༔
དང་པོ་ལ༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ལུས་རྣམ་སྣང་ཆོས་བདུན་གྱི་གནས་པའི་སྙིང་ཁར་ཧཱུྃ་སྔོན་པོ་ཞིག་བསྒོམ་ལ་གསལ་སྣང་ཐོན་པར་བྱས་ཤིང་དེ་ལས་ཧཱུྃ་ཡིག་མང་པོ་སྣ་བུག་གཡས་ནས་འཕྲོས་པས་ཕྱི་སྣང་བའི་དངོས་པོ་ཐམས་ཅད་ལ་ཞུགས་པའི་མོད་ལ་ཆའི་ལན་ཚྭ་ལ་རེག་པ་ལྟར་དངོས་པོ་ཐམས་ཅད་ཧཱུྃ་དུ་ཞུ་བར་བསམས་ཞིང་ཧཱུྃ་གླུ་སྙན་ལ་དལ་བར་བརྗོད༔ ནང་ཕུང་པོ་ལ་རྒྱས་གདབས་པའི་ཕྱིར་ཕར་འཕྲོས་པས་ཧཱུྃ་རྣམས་གཅིག་ཕྱུང་གཉིས་བྱུང་ཚུར་འདུས་ནས་སྣ་བུག་གཡོན་ནས་ཞུགས་ཤིང་ལུས་ཀྱི་ནང་ཧཱུྃ་གིས་གང་ཞིང་མཐར་ལུས་ཧཱུྃ་གི་རྡུལ་ཕྲན་བརྩེགས་པར་བསྒོམ་པས་རང་ལུས་ཧཱུྃ་དུ་ང་རྒྱལ་ན་ཐེབ་པའི་ཚད་དོཿ
གཉིས་པ་རྩལ་སྦྱངས་པ་ནི་གཉིས་ཀྱི་དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ རང་གི་སྙིང་ཁའི་ཧཱུྃ་ལས་ཡུལ་དང་མཚམས་པའི་ཧཱུྃ་གི་འདུ་འཕྲོས་དངོས་པོ་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་ཕིག་བཅིང་དངོས་མེད་དུ་གཏོར་བར་བསམ་ལ་ཧཱུྃ་གླུ་བླང་ངོ་༔ བར་ཞིག་སྣང་འཛིན་རང་སར་ཞི་ན་རྩལ་འབྱོངས་པའི་ཚད་དོ༔
གཉིས་པ་ནང་རང་ལུས་ལ་རྩལ་སྦྱངས་བ་ནི༔ ཡང་དག་གིས་ཧཱུྃ་བརྗོད་པས་ཧཱུྃ་མཐིང་ནག་རྣོ་མྱུར་ཤུགས་ཆེན་གྱི་མཚན་ཉིད་བཞི་ལྡན་མཐོ་གང་བ་ཚུར་བྱུང་ནས་ལུས་ཐམས་ཅད་ཁོལ་བུར་བརྟོལ་ནས་དངོས་པོ་ཇེ་ཕྲ་ལ་ཧཱུྃ་ཡང་ཇེ་ཞིབ་ཏུ་སོང་ནས་མཐར་ལུས་ནམ་མཁའ་སྟོང་བར་དེངས་བར་བྱས་ཀྱི་བར་དུ་བཟློས་བསམ་གཅིག་དྲིལ་བྱའོ༔ ལུས་སུ་འཛིན་པ་རང་ཞི་ན་འབྱོངས་པའི་ཚད་དོ༔
གསུམ་པ་མཉེན་བཙལ་བ་ནི༔ མདུན་དུ་ཤིང་བུ་ཞིག་བཙུགས་ལ༔ རང་གི་སྙིང་ཀའི་ཧཱུྃ་ལས་ཧཱུྃ་གི་ཐག་པ་ཞིག་དམིགས་རྟེན་གྱི་རྩ་བ་ནས་དཀྲིས་ཤིང་རྩེ་མོར་ཧཱུྃ་སྔ་མ་དེ་ལངས་སྟབས་སུ་འདུག་པར་བསམས་ཞིང་དེ་ལས་སེམས་མ་ཡེངས་པར་བཟུང་ཞིང་རླུང་ཤེས་ཧཱུྃ་གསུམ་གཅིག་དྲིལ་གྱི་ཧཱུྃ་སྙན་ལ་རིང་པོར་བརྗོད་པའི་བཞག་ན་སྡོད་པར་གྱུར་པའི་ཞི་གནས་ལས་སུ་རུང་ན་འབྱོངས་པའི་ཚད་དོ༔
བཞི་བ་ལམ་དུ་ཞུགས་པ་ནི༔ དེ་ནས་རང་ལུས་ཧཱུྃ་མཐིང་ནག་ཁྲུ་གང་བ་ཞིག་ཏུ་གྱུར་ནས་མཐོང་དང་མི་མཐོང་རྒྱུས་ཡོད་མེད་ཀུན་ཏུ་སྲིན་བུའི་འགྲོས་ཀྱིས་ཕྱིན་ནས་མཐར༔ ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ་ཕྱིན་ནས༔ རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ༔ དབང་བསྐུར་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་མཛད་དེ༔ ཚོགས་རྫོགས་ཞིང་འབྱོངས༔ རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་ཤིང་༔ ངན་སོང་གི་གནས་སུ་སོང་ཧཱུྃ་གི་འོད་ཀྱིས་སོ་སོའི་སྡུག་བསྔལ་བསལ་ཁམས་གསུམ་དག་པའི་ཞིང་དུ་བསྒྱུར་པར་མོས་པས་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པའི་མཐར་སེམས་བཏང་ན་འགྲོ་བའི་རང་དབང་ཐོབ་ཚེ་ཧཱུྃ་གི་རྣམ་པ་དང་དམིགས་རྣམ་མ་ཉམས་པའི་ལྷག་མཐོང་དང་བཏང་འགྲོ་བཞག་སྡོད་ཀྱི་ཞི་གནས་ཟུང་དུ་ཚུད་པར་འགྱུར་རོ༔ མདོར་ན་འདིའི་སྔོན་འགྲོས་གཞན་གྱི་དངོས་གཞིའི་ཞི་ལྷག་ངོ་བོ་དབྱེར་མེད་འགྲུབ་པའི་ཐབས་ཁྱད་པར་ཅན་ཞིག་གོ༔ འདི་ལའང་ཧཱུྃ་གླུ་འགྲོས་དང་མཐུན་པར་དྲག་ལ་བཅད་ཐོན་པར་ལེན་ནོ༔ ལར་ཧཱུྃ་འདི་ཐུགས་ཀྱི་ས་བོན་ཡིན་པས་ན་སངས་རྒྱས་ཀུན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་དུས་གཅིག་ལ་འཇུག་པ་དང་༔ སེམས་ཀྱི་དྲི་མ་དག་པ་ལ་འདི་ལས་ཟབ་པ་ཅུང་ཟད་ཀྱང་མེད་དོ༔ འདས་རྗེས་ལས་ཀྱང་༔ རྒྱས་གདབ་གནད་ལ་ཞག་གསུམ་བྱ༔ རྩལ་སྦྱངས་མཉེན་བཙལ་ལམ་དུ་གཞུག༔ ཅེས་དང་༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་ཉིད་སྦྱངས༔ མཉེན་བཙལ་ལམ་དུ་གཞུགས་པ་ཡིས༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་གསུངས་པ་ལྟར་རོ༔
གསུམ་པ་སེམས་ལྟ་བས་སྦྱངས་བ་ནི༔ ཐལ་འགྱུར་ལས༔ སེམས་ནི་དང་པོ་བྱུང་ས་དང་༔ བར་དུ་གནས་ས་ཐ་མ་འགྲོ༔ དེ་ལྟར་གསུམ་ལ་བརྟག་དཔྱད་ན༔ སེམས་སྦྱོངས་སེམས་ཀྱི་གནས་ལུགས་ཤེས༔ ཞེས་པའི་དོན་ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པས་གཞན་གཉིས་སེམས་ཀྱིས་བཟོས་པ་ཙམ་ལས་མེད་པ་དང་༔ སེམས་ནི་ཀུན་བྱེད་ཀྱི་མཁན་པོར་ཐག་ཆོད་ནས༔ སེམས་ཞེས་བྱ་བའི་མྱོང་ཚུལ་སྣ་ཚོགས་པའི་བདག་པོར་མི་འགྱུ་དགུ་འགྱུའི་རྟོག་པ་དང་པོ་ཕྱི་ནང་སྣོད་བཅུད་གང་ལས་བྱུང་བརྟགས་པས༔ ཕྱི་འབྱུང་བ་ལས་བྱུང་ན་བྱུང་ས་དེ་དག་གི་རྡུལ་ཕྲན་ཆ་མེད་ཀྱི་བར་དུ་གཞིག་ནས་ཨེ་རྙེད་དང་༔ ནང་རང་ལུས་ལས་བྱུང་ན་ལུས་དེའི་ཆ་ཤས་བརྩལ༔ རང་གི་སེམས་ལས་སེམས་བྱུང་ན་བྱུང་ས་དང་བྱུང་རྒྱུའི་སེམས་ཆ་གཉིས་དུས་གཅིག་དུ་ཡོད་དམ་བརྟག༔ བྱུང་རྒྱུའི་སེམས་ཀྱི་ངོ་བོའང་ཅི་འདྲར་འདུག་བརྟགས་པས་ངོས་བཟུང་གི་ཆོས་སུ་གྲུབ་པར་མ་མཐོང་ཚེ༔ སྐྱེ་མེད་ཆོས་སྐུའི་དགོངས་པ་དང་འཕྲད་པ་ཡིན་ནོ༔
གཉིས་པ་བར་དུ་གནས་ས་དང་གནས་མཁན་ལ་བརྟག་པ་ནི༔ ཡང་སྔར་བཞིན་ཕྱི་ཡུལ་གྱི་དངོས་པོ་དམིགས་པའི་ཆོས་དང་༔ ནང་རང་གི་ལུས་ཀྱི་སྟོད་སྨད་བར་གསུམ་ཀུན་ཏུ་གནས་ས་བཙལ་བས་མ་རྙེད་པ་ན་གནས་མཁན་གྱི་རང་ངོ་ལ་བལྟས་པས་གཟུགས་དབྱིབས་ཁ་དོག་དངོས་མཚན་ཇི་འདྲར་འདུག་བརྟགས་ཤིང་དཔྱད་པས་ངོ་བོས་སྟོང་བཞིན་དུ་རང་གསལ་གཞི་མེད་རྩ་བྲལ་དུ་ལྷུན་གྱིས་གྲུབ་པ་ནི་འགགས་མེད་ལོངས་སྐུའི་དགོངས་པ་མངོན་དུ་གསལ་བ་ཡིན་ནོ༔
གསུམ་པ་ཐ་མ་འགྲོ་ས་ལ་བརྟག་པ་ནི༔ རྣམ་རྟོག་སར་བུ་བ་སྟེ་ཕྱི་ཡུལ་དང་ནང་ལུས་སེམས་སྣང་སྟོང་ཡོད་མེད་སོགས་གང་གི་ཕྱོགས་སུ་སོང་བརྟགས་པས་འགྲོ་ས་འདིའོ་ཞེས་ངོས་བཟུང་རྒྱུ་མ་རྙེད་ཚེ༔ འགྲོ་མཁན་དང་འགྲོ་ཚུལ་ལ་བལྟས་པས་བརྟག་སྣང་སེམས་ཀྱི་ལོག་རྟོག་ཙམ་ལས་ཅི་ཡང་མ་རྙེད་དེ༔ ངོ་བོ་སྟོང་གསལ་ཀུན་ཤེས་རྟོག་བྲལ་ཅེར་མཐོང་དུ་ཤར་བ་ནི༔ ཅིར་ཡང་སྤྲུལ་བ་སྐུའི་དགོངས་པ་ཞེས་བྱའོ༔ དེ་ལྟར་བྱུང་གནས་འགྲོ་གསུམ་ཐུན་མོང་མ་ཡིན་པའི་ཁོངས་ནི༔ རབ་འབྱམས་ལས༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ གཙོ་བོ་གང་ཡིན་ཐག་ཀྱང་བཅད༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་འཕྲད༔ དེ་ལྟར་སེམས་ཀྱི་འདུས་བྱས་པས༔ ཞེན་ལོག་བར་ཆད་ཞི་བ་དང་༔ སྒྲིབ་པ་སྐད་ཅིག་གོལ་ས་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ༔ ཞེས་དང་༔ འདས་རྗེས་ལས་ཀྱང་༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་འཕྲད༔ ཅེས་དང་༔ ཀློང་གསལ་ལས༔ སེམས་ལ་བྱུང་ས་མ་རྙེད་ན༔ སེམས་ཉིད་སྟོང་བར་ཐག་ཀྱང་བཅད༔ སྟོང་བ་ངོས་བཟུང་བྲལ་བ་དེ༔ ཆོས་ཀྱི་སྐུ་རུ་ངོ་ཡང་སྤྲད༔ ཅེས་དང་༔ སྟོང་གསལ་ངོས་བཟུང་བྲལ་བ་དེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་ནི༔ སྟོང་གསལ་འགགས་མེད་ངོ་ཡང་སྤྲད༔ རྒྱུན་དུ་དེ་ཉིད་ངང་གནས་བྱ༔ ཞེས་དང་༔ འགྲོ་བྱ་འགྲོ་བྱེད་མཁན་པོ་མེད༔ དེས་ན་སེམས་ཉིད་སྐྱེ་འགག་མེད༔ སྤྲུལ་པའི་སྐུ་དང་ངོ་ཡང་སྤྲད༔ དེ་ལྟར་སྐུ་གསུམ་སེམས་ལ་འཆང་༔ ཞེས་སོ༔
བཞི་པ་ཡང་གསང་ལྟར་རུ་ཤན་དབྱེ་བ་ལ༔ རྣལ་དུ་དབབ་པ་དང་༔ སོར་གཞུགས་པ་གཉིས་སུ་ཡོད་པ་ལས༔
དང་པོ་ནི༔ ཐལ་འགྱུར་ལས༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱ༔ ཞེས་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བས་ལུས་ཀྱི་འབྱུང་བ་འཁྲུགས་པ་རང་སར་ཞི་བའི་ཕྱིར་དང་༔ རྣལ་མ་མ་བཅོས་པའི་གཤིས་སུ་རང་བབས་སུ་འཇོག་པའི་ཕྱིར༔ རྣལ་དུ་དབབ་ཞེས་བྱ་ལ༔ དེ་ཇི་ལྟར་དབབ་པའི་ཚུལ་ནི༔ བྱ་བ་དགུ་སྤྲུགས་སུ་གཏོང་ཞིང་ཁུར་བོར་བ་སྟེ༔ རབ་འབྱམས་ལས༔ འདི་ལྟར་བྱ་བ་དགུ་སྤྲུགས་བཏང་༔ ལུས་ཕྱིའི་བྱ་བ་འགྲོ་འདུག་དང་༔ ནང་གི་བྱ་བ་ཕྱག་བསྐོར་དང་༔ གསང་བའི་བྱ་བ་འཁྲུལ་འཁོར་སྤང་༔ ངག་ཕྱིའི་བྱ་བ་ལོང་གཏམ་དང་༔ ནང་གི་བྱ་བ་ཁ་ཏོན་དང་༔ གསང་བའི་བྱ་བ་ལྷ་བསྙེན་སྤངས༔ སེམས་ཕྱིའི་བྱ་བ་སྤྲོ་རྟོག་དང་༔ ནང་གི་བྱ་བ་ལྷ་བསྒོམ་དང་༔ གསང་བའི་བྱ་བ་མི་རྟོག་བསྒོམ༔ འདི་ལྟར་གསུམ་གསུམ་དགུ་པོ་བཏང་༔ ཞེས་དང་༔ ཀློང་གསལ་ལས༔ ལུས་ངག་ཡིད་ཀྱིས་འབྱུང་འཁྲུགས་པ༔ དེ་དག་གྲོལ་ཕྱིར་རྣལ་དུ་དབབ༔ ཞེས་པའོ༔ དེ་ལྟར་བྱ་བ་དགུ་སྤྲུགས་སུ་བཏང་བས་དཔེར་ན་ཆུའི་རྙོག་མ་རང་སར་བཞག་པས་དྭངས་པ་ལྟར་གནད་འདིས་སྒོ་གསུམ་གཞི་ཐོག་ཏུ་དེངས་བར་འགྱུར་བ་ལ་ཟབ་པར་གྱུར་པའོ༔
སོར་གཞུག་པ་ནི༔ ཀློང་གསལ་ལས༔ ཀ་དག་དོན་ནི་རྟོགས་པའི་ཕྱིར༔ ཞེས་གསུངས་པས་སྔར་རྣལ་དབབ་ཀྱིས་སེམས་ཉིད་གསལ་སྟོང་འཛིན་མེད་ཀྱི་ངང་དུ་གནས་པ་དེ་ཉིད་སྤྱོད་ལམ་ཞི་དྲག་བར་གསུམ་གྱི་འཁྲིད་ནས་གོམས་པ་ལ་བསླབ་པའི་ཕྱིར་ཡིན་ཏེ༔ ཇི་ལྟར་བསླབ་པའི་ཚུལ་ནི༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡིས༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་གསུངས་པས༔
དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི༔ ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས༔ ངག་སྨྲ་བརྗོད་ཀུན་སྤངས་ཤིང་རླུང་རང་བབས་སུ་དྭངས་བར་བཞག༔ སེམས་མི་སྤྲོ་མི་བསྡུ་བསམ་བརྗོད་གང་ཡང་མི་གནས་པའི་རྣམ་པར་རྟོག་བྲལ་གྱི་ངང་ལ་བཞག་གོ༔ འདིར་མི་བསྒོམས་ན་མ་གཏོགས་གཞན་དུ་རྣམ་སྣང་ཆོས་བདུན་གྱི་གནས་དགོས་པར་མདོ་རྒྱུད་ཀུན་ནས་གསུངས་ཤིང་བསྒོམ་ཆེན་པ་རྣམས་ཀྱི་ཁ་སྐད་དུ་སོང་ཡང་གྲངས་སུ་འདྲེན་ཚུལ་ཡིད་བརྟན་ངེས་པ་མེད་པས་ཅ་ཅོ་སྣ་ཚོགས་པར་སྒྲོག་ལ༔ འདིར་ནི་རྒྱུད་ཀྱི་དགོངས་པས་དཔྱད་བཟོད་གཅིག་ཏུ་བསྒྲུབས་པའང་༔ རབ་འབྱམས་ལས༔ ནང་ཚང་ཅན་གྱི་གདན་སྟེང་དུ༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་༡བཅའ༔ ལག་པ་གཉིས་པོ་མཉམ་བཞག་༢བསྣོལ༔ ལུས་པོ་མདའ་སྙུག་བཞིན་དུ་༣བསྲིང༔ དཔུང་པ་རྒོད་གཤོགས་བཞིན་དུ་༤བརྒྱངས༔ མཇིང་པ་གཞུ་མོ་བཞིན་དུ་༥བཀུག༔ ལུས་ཁོག་ཕྲག་པ་གཟེངས་ལྟར་༦བསྟོད༔ མིག་དང་སྣ་རྩེ་སེམས་རྩེ་༧བསྟུན༔ ཞེས་དང་༔ ཀློང་གསལ་ལས༔ ཉོན་ཐོས་ཞི་བའི་ལྟ་སྟངས་ཀྱིས༔ ལུས་ངག་ཡིད་གསུམ་རྣལ་དུ་དབབ༔ ལུས་ནི་རྣམ་སྣང་ཆོས་བདུན་བརྟེན༔ ཕྱག་རྒྱ་མཉམ་གཞག་༡སྐྱིལ་ཀྲུང་༢བཅའ༔ གཞུངས་བསྲིང་༣མགྲིན་དགུག་༤མཇིང་བ་དགྱེ་༥༔ བསྒུལ་བསྐྱོད་མི་བྱ་ལྷན་ནེར་གནས༔ ངག་ནི་སྨྲ་བ་རྒྱུན་བཅད་ནས༔ སྒྲ་སྐད་གང་ཡང་མི་བྱའོ༔ སེམས་ནི་དྲན་གསལ་མི་སྤྲོ་ཞིང་༔ མིག་གཉིས་སྣ་ཡི་རྩེ་ལ་༦གཏད༔ སྣ་ཡང་སེམས་གྱི་རྩེ་༧ལ་གཏད༔ གཅིག་ཏུ་དྲིལ་ལ་མཉམ་པར་བཞག༔ དེ་ལྟར་ཉན་ཐོས་ཞི་བ་ཡི༔ ལྟ་སྟངས་ཉིད་ཀྱིས་ལུས་ངག་ཡིད༔ རྣལ་དུ་ཕབ་སྟེ་བསྒོམ་པའི་ཐབས༔ ཡང་དག་པ་ནི་དེ་ལྟར་རོ༔ ཞེས་སོ་༔ འདི་ཡང་ཕྱི་རབས་ཀྱི་སྒོམ་ཆེན་རྣམས་ཀྱི་གནད་མི་འཕྱུགས་པའི་ཕྱིར་གནམ་ཐིག་ཏུ་གདབ་པའོ༔
གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་སོར་གཞུགས་པ་ནི༔ དེ་ལས་མིག་བར་སྣང་ལ་ཧྲིག་གེར་འཕང་བསྟོད་དེ་བལྟས་པས་གསལ་ལ་མ་འགགས་པའི་སེམས་ཀྱི་གནས་ལུགས་སྣང་སྟོང་དབྱེར་མེད་བའི་ལྷག་མཐོང་ཤར་བའང་ཀློང་གསལ་ལས༔ བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས༔ རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར༔ ཞེས་སོ༔
གསུམ་པ་ཁྲོ་བོ་ཞི་ལྷག་ཟུང་འཇུག་ས་མ་ཏིའི་ངང་མ་ཤོར་བཞིན་ལངས་ཏེ༔ གོམ་པ་འདོར་སྟབས་སུ་བགྲད༔ མིག་ནམ་མཁར་མདུང་ཚུག་གིས་གཏད་པའམ་གཡོ་ཞིང་བལྟ༔ སེམས་གང་དུའང་མི་རྟོག་པར་རིག་པ་ཧུར་བཏོན༔ རང་བྱུང་རང་ཤར་བསལ་བཞག་མེད་པར་གྲོལ་བའི་ངང་དུ་རྩལ་སྦྱངས་བས་རྐྱེན་སྣང་གིས་རིག་པ་ལ་མི་གོས་ཤིང་༔ སྐྱེས་གྲོལ་གྱི་སྟོང་ཉིད་ཡེ་ཤེས་འཕེལ་བའི་བོག་འབྱིན་པའང་༔ དེ་ཉིད་ལས༔ ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས༔ རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ༔ ཅེས་གང་གསུངས་པ་ལྟར་སྦྱང་བར་བྱའོ༔
དྲུག་པ་དགོས་པ་ལ་རུ་ཤན་མ་སྦྱངས་པའི་སྐྱོན༔ སྦྱངས་པའི་ཡོན་ཏན་དང་གཉིས་ལས༔
དང་པོ་ནི༔ སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ་ལས༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་རུ་ཤན་མ་ཕྱེད་པས་ལུས་ཁམས་གསུམ་དུ་ལྡོག་པས་ན་ལུས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ ངག་རུ་ཤན་མ་བྱེད་ན་ངག་ཁམས་གསུམ་དུ་ལྡོག་པར་གྱུར་པས་ངག་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ སེམས་རུ་ཤན་མ་ཕྱེད་ན་སེམས་ཁམས་གསུམ་དུ་ལྡོག་པས་ན་སེམས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ ཞེས་སོ༔
གཉིས་པ་སྦྱངས་བའི་ཡོན་ཏན་ལ་སྤྱིར་བཤད་ན༔ དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་རུ་ཤན་ལུས་ཀྱི་སྒོ་ནས་ཕྱེད་པས་ལུས་འདོད་ཁམས་ཀྱི་སྲིད་པ་ལས་གྲོལ་ནས་མྱ་ངན་ལས་འདས་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའང་འདས་རྗེས་ལས༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་ལྡོག་བར་ཆད་ཞི༔ ཞེན་པ་ལྡོག་ཅིང་སྒྲིབ་པ་འདག༔ ལུས་དེ་སྤྲུལ་པའི་སྐུར་སྟོན་པས༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་འགྱུར་བའོ༔ ཞེས་དང་༔ ངག་གི་སྒོ་ནས་ཕྱེད་པས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའང་༔ དེ་ལྟར་ངག་གིས་སུས་བྱས་པས༔ ཞེན་ལོག་ངག་གི་སྒྲིབ་པ་དག༔ མི་ལྡོག་གཉིས་མེད་ལོངས་སྐུར་གྲོལ༔ ཞེས་སོ༔ དེ་ལྟར་སེམས་ཀྱི་རུ་ཤན་སུས་བྱས་པས་སེམས་མྱ་ངན་ལས་འདས་ཏེ་གཟུགས་མེད་ཀྱི་སྐྱེ་སྒོ་ཁེག༔ ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་བའི་དགོས་པ་འགྲུབ་པའང༔ དེ་ཉིད་ལས༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལོག་བར་ཆད་ཞི་བ་དང་༔ སྒྲིབ་དག་ཁམས་གསུམ་ལྡོག་པ་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ༔ ཞེས་སོ༔
དེ་ལྟར་ཐུན་མོང་གི་དགོས་པ་ལམ་དང་དངོས་གཞི་རྒྱུད་ལ་སྐྱེ་བའི་བར་ཆད་སེལ་བ་དང་༔ སྒོ་གསུམ་གྱི་ཞེན་པ་ལོག་པ་དང་༔ སྡིག་སྒྲིབ་བག་ཆགས་སྦྱོངས་པའི་དགོས་པ་ཁྱད་པར་ཅན་ཡོད་ལ༔ མཆོག་གི་དངོས་གྲུབ་ཁམས་གསུམ་དུ་མི་འཇུག་པར་སྐུ་གསུམ་དང་༔ སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་དགོས་པ་ཡོད་དོ༔ འདས་རྗེས་ལས༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ སྔོན་དུ་འགྲོ་བའི་གནད་ལ་མཁས་ན་མཆོག་དང་ཐུན་མོང་གི་དགོངས་པ་ལ་མཁས་པར་འགྱུར་རོ༔ དེ་ཡང་ལུས་ཀྱི་བྱ་བྱེད་འཁོར་ལོ་བསྐོར༔ ངག་ནི་ཅ་ཅོའི་འཁོར་ལོ་བསྐོར༔ སེམས་ནི་འཕྲོ་འདུའི་འཁོར་ལོ་བསྐོར༔ དེ་ལྟར་བྱ་བྱེད་འཁོར་ལོ་ལས༔ འདས་པ་མེད་པའི་ཆོས་ཉིད་ལས༔ འཁོར་ལོ་ཞེས་བྱའི་མིང་ནས་མེད༔ བར་ཆད་སེལ་དང་ཞེན་པ་ལོག༔ སྡིག་པ་མ་ལུས་འདག་པར་ནི༔ ཐུན་མོང་གྱུར་པའི་དགོས་པའོ༔ མཆོག་ལ་ཁམས་གསུམ་མི་འཇུག་དང་༔ སོ་སོའི་སྐུ་རུ་གྲོལ་བ་དང་༔ སྐུ་གསུང་ཐུགས་སུ་འདས་པ་ཡིས༔ འདི་དུས་སྦྱོང་བར་བྱས་པའོ༔ ཞེས་སོ༔
ཁྱད་པར་གྱི་དགོས་པ་ནི༔ ཕྱི་ལྟར་རུ་ཤན་དབྱེ་བ་འདིའི་རྣམ་རྟོག་ལས་རྣམ་རྟོག་སྦྱངས་བ་རྣ་བར་ཆུ་ཞུགས་པ་ཆུས་འདྲེན་པ་ལྟ་བུར་སྟེ༔ སྒོ་གསུམ་གྱི་ཞེན་པ་ལྡོག་པའང་ཐུན་མོང་གི་སྔགས་རྒྱུད་ལས་ཀྱང་༔ རྣམ་རྟོག་ལས་ནི་རྣམ་རྟོག་དང་༔ སྲིད་པ་ལས་ནི་སྲིད་པ་དག༔ ཇི་ལྟར་རྣ་བར་ཆུ་ཞུགས་པ༔ ཆུ་གཞན་གྱིས་ནི་དགུགས་པར་བྱེད༔ དེ་བཞིན་དངོས་པོའི་རྣམ་རྟོག་ཅིང་༔ རྣམ་པར་ངེས་པས་སྦྱང་བར་བྱ༔ ཞེས་དང་༔ མདོ་སྡེ་རྒྱན་ལས༔ གང་ཕྱིར་ཆགས་སོགས་དེ་ཉིད་ལ༔ ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར༔ དེ་ཡིས་རྣམ་གྲོལ་འགྱུར་ངེས་ན༔ དེ་ཡིས་དེ་དག་ལས་ངེས་འབྱུང་༔ ཞེས་དང་༔ ཀྱེ་རྡོར་ལས་ཀྱང་༔ བསྐྱེད་པའི་རིམ་པས་རྣལ་འབྱོར་གྱིས༔ བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ༔ སྤྲོས་པ་རྨི་ལམ་ལྟར་བྱས་ནས༔ སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད༔ ཅེས་དང་༔ ཆགས་པས་འཇིག་རྟེན་འཆིངས་གྱུར་ན༔ དེ་ཉིད་ཀྱིས་ནི་རྣམ་གྲོལ་འགྱུར༔ ཞེས་དང་༔ དབུས་མཐའ་ལས༔ དམིགས་པ་ལ་ནི་བརྟེན་ནས་སུ༔ མི་དམིགས་པ་ནི་རབ་ཏུ་སྐྱེ༔ མི་དམིགས་པ་ལ་བརྟེན་ནས་སུ༔ མི་དམིགས་པ་ནི་རབ་ཏུ་སྐྱེ༔ དེ་ཡི་ཕྱིར་ན་དམིགས་པ་ནི༔ མི་དམིགས་ངོ་བོ་ཉིད་དུ་གྲུབ༔ དེ་ལྟ་བས་ན་དམིགས་པ་དང་༔ མི་དམིགས་ངོ་བོར་ཤེས་པར་བྱ༔ ཞེས་པ་དང་ཚུལ་མཐུན་པར༔ གདན་བཞི་ལས༔ སྒྱུ་མས་སྒྱུ་མ་བཅོམ་པ་ལྟར༔ སྒྱུ་མས་སྒྱུ་མ་མཆོད་བྱེད་ལྟར༔ ཐབས་མཁས་སྤྱོད་པ་འདི་དག་གིས༔ རྨི་ལམ་བཞིན་དུ་སྔགས་སྤྱོད་པའོ༔ ཞེས་དང་༔ རྟོག་པས་རྟོག་པ་རྣམ་སྤོང་སྟེ༔ ཞེས་གསུངས་པས་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་སྤྱོད་པ་འདི་ལ་རྩེད་མོའི་རྣམ་པར་གཡེངས་བ་དོན་མེད་དུ་འཕྱར་ཀ་གཏོང་བ་ནི་བླུན་པོའི་རང་རྟགས་སུ་མངོན་ནོ༔ དེས་ན་ཕྱིའི་འཁྲུལ་པའི་རྐྱེན་དང་ལས་སྦྱོང་བ་ལ་འདི་ལས་ཟབ་པ་ཅུང་ཟད་ཀྱང་མེད་པས་དགོས་པ་ཁྱད་པར་ཅན་དང་ལྡན་པའོ༔ ནང་གི་རུ་ཤན་གྱི་དགོས་པ་ནི་འཁྲུལ་བའི་རྒྱུ་ཟད་པར་བྱེད་པ་སྟེ༔ ཀློང་གསལ་ལས༔ ནང་ལྟར་རུ་ཤན་སུས་དབྱེ་བ༔ འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས༔ ཁམས་གསུམ་འཁོར་བར་ལྡོག་པ་མེད༔ ཅེས་དང་༔ དེ་ལྟར་ས་བོན་མ་ཟད་ན༔ འཁོར་བའི་འབྲེལ་ཐག་ཆོད་པ་མེད༔ ཅེས་སོ༔ གསང་བ་དང་ཡང་གསང་གི་རུ་ཤན་གྱི་དགོས་པ་ནི༔ རང་རང་ལྟར་ལུང་གིས་བཤད་ཟིན་ཏོ༔
ཁྱད་པར་རྣལ་དུ་དབབ་པའི་དགོས་པ་ནི༔ ཀློང་གསལ་ལས༔ ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པ༔ དེ་དག་གྲོལ་ཕྱིར་རྣལ་དུ་དབབ༔ ཞེས་དང་༔ རབ་འབྱམས་ལས༔ དེ་ནས་རྣལ་དུ་དབབ་པ་ལ༔ ལུས་ཀྱི་རྣལ་འབེབས་མི་འགུལ་པས༔ ཕུང་ཁམས་རྒྱས་པའི་དགོས་པ་ཡོད༔ ངག་གི་རྣལ་འབེབས་མི་བྱ་ཞིང༔ བརྗོད་མེད་འཆར་པའི་དགོས་པ་ཡོད༔ སེམས་ཀྱི་རྣལ་འབེབས་འཕྲོ་འདུ་བཅད༔ ཞེན་འཛིན་གྲོལ་པའི་དགོས་པ་ཡོད༔ མཐར་ཐུག་དགོས་པ་ལུས་དལ་བས༔ སྤྲུལ་པའི་སྐུ་ལ་རེག་པ་ཡིན༔ ངག་དལ་ལོངས་སྐུར་རེག་པ་ཡིན༔ སེམས་དལ་ཆོས་སྐུར་རེག་པ་ཡིན༔ ཐུན་མོང་འབྱུང་བ་མི་འཁྲུགས་ཤིང་༔ མཐར་ཐུག་ལུས་ངག་ཡིད་གསུམ་གྱི༔ འཛིན་པ་རང་དག་དགོས་པའོ༔ ཞེས་སོ༔
གཉིས་པ་ཉམས་ལེན་དངོས་གཞིའི་རིམ་པ་ལ༔ སྙིང་ཐིག་གི་ལམ་ཁྱད་པར་འཕགས་ཚུལ་དང་༔ ཁྱད་འཕགས་ཀྱི་ལམ་དངོས་བཤད་པ་དང་གཉིས་སུ་ཡོད་པ་ལས༔
དང་པོ་ལ༔ ཐེག་པའི་དབྱེ་སྒོ་རྫོགས་ཚུལ་དང་༔ ཀུན་ལས་ཁྱད་པར་འཕགས་ཚུལ་དང་གཉིས་ལས༔
དང་པོ་ལ༔ འཐད་པ་བཤད་པ་དང་༔ རྫོགས་ཚུལ་དངོས་གཉིས་སོ༔ དང་པོ་ནི༔ དེ་ཡང་སྤྱིར་ཐེག་པ་ཐམས་ཅད་འབྲས་བུ་སངས་རྒྱས་བསྒྲུབ་པ་ལ་དོན་གཅིག་ཀྱང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དང་༔ གང་ཟག་གི་བློ་ཁྱད་དང་༔ རིམ་པར་འཇུག་པའི་གོ་རིམ་གྱིས་གོང་མའི་དོན་འོག་མར་རྫོགས་པར་མི་འདུ་བ་དང་༔ འོག་མའི་དོན་གོང་མ་ལ་ཁལ་ཅིག་གི་ནང་ན་བྲེ་གང་ཡོད་པ་ལྟར་འདུ་བ་ལ༔ འོག་མས་གོང་མའི་དོན་མཐར་ཐུག་ཐུན་མིན་ཀྱང་མི་རྟོགས༔ འོག་མའི་དོན་གོང་མས་རྟོགས་པའང་༔ རི་རབ་རི་ཕྲན་གྱི་རྩེ་ནས་སྤྱི་བོ་མཐོང་མི་མཐོང་གི་ཁྱད་ལྟ་བུའོ༔ དེས་ན་འདི་ལས་ཐེག་པ་ཐམས་ཅད་ཀྱི་དོན་འདུས་ཤིང་རྟོགས་པའི་འཐད་པ་དང་བཅས་པའོ༔
གཉིས་པ་ལ་མཚན་ཉིད་དང༔ ཕྱི་རྒྱུད་དང་༔ ནང་རྒྱུད་ཀྱི་ཐེག་པ་རིམ་དགུ་རྫོགས་ཚུལ་ལོ༔ དང་པོ་ནི༔ ནང་པ་སངས་རྒྱས་པ་ཐམས་ཅད་ལྟ་བ་ཆོས་དང་གང་ཟག་གི་བདག་མེད་པར་མཐུན་པ་དང་༔ སྤྱོད་པ་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་ལྷུར་མཛད་པས་མཐུན་པ་དང་༔ བསྒོམ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་དང་དུ་ལེན་པར་མཚུངས་པས་འོག་མ་ཀུན་གོང་མ་རྣམས་ཀྱི་ནང་ན་ཡོད་པ་ཡིན་པའི་ཕྱིར་དང་༔ ལྟ་སྒོམ་སྤྱོད་གསུམ་དུ་མ་འདུས་པ་གང་ཡང་མེད་པས་དེ་འདུ་ན་ཐམས་ཅད་འདུ་བ་ཡིན་ནོ༔
གཉིས་པ་ནི༔ ཕྱི་རྒྱུད་པས་ཀྱང་དེ་གཞི་བྱས་པའི་ཁྱད་ཆོས་ཀུན་རྫོབ་དག་པར་འགྱུར་རུང་གི་ལྟ་བ་བསྣན་ནས༔ སྤྱོད་པའི་གྲོགས་བྱ་བ་དྲུག་ལ་གནས་པ་ལ་སོགས་པ་དང་༔ བསྒོམ་པ་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་སློབ་པ་སྟེ་དེ་དག་ཐམས་ཅད་ཀྱི་སྣང་སྟོང་གི་ཕྱོགས་ཐམས་ཅད་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་བསྐྱེད་རྫོགས་ལྟ་བ་དང་བཅས་པ་ལ་མ་འདུས་པ་མེད་དེ་དག་མཉམ་ཟུང་འཇུག་གི་ངོ་བོ་ལ་གཅིག་པའི་ཕྱིར་རོ༔
གསུམ་པ་ལ་བསྐྱེད་རིམ་རྫོགས་རིམ་གཉིས་ལས༔ དང་པོ་ནི༔ དེ་མན་ཆད་ཀྱི་གནད་ཐམས་ཅད་ནང་རྒྱུད་བླ་མེད་དུ་འདུས་ཤིང་དེས་ཀྱང་བསྐྱེད་རིམ་རྫོགས་རིམ་གྱི་གཞི་དང་སྨིན་བྱེད་དུ་འདུས་པ་དང་༔ ཁྱད་པར་དུ་ཡང་རྫོགས་པ་ཆེན་པོས་ཀྱང་སྐད་ཅིག་དྲན་རྫོགས་ཀྱི་ལྷར་བསྐྱེད་པ་སོགས་འགའ་ཞིག་དུ་འབྱུང་བས་ཀྱང་ཤེས་ལ་དེ་ནི་དབྱིབས་ཀྱི་ལྷ་སྐུ་འབྲས་བུ་དང་ཆ་འདྲ་ལམ་དུ་བྱས་པ་ཡིན་པས་ཐུན་མོང་མ་ཡིན་པ་ནི་ཆོས་ཉིད་དོན་གྱི་ལྷ་རྫོགས་པའི་རིམ་པས་ཡེ་ཤེས་དངོས་ལམ་བྱེད་དུ་ཁྲེགས་ཆོད་རྐྱང་འདེད་དང་༔ ཆོས་ཅན་དག་པའི་ལྷ་མངོན་རྫོགས་ཆེན་པོའི་བསྐྱེད་རིམ་སྣང་བཅས་ཕྱག་རྒྱའི་བསྒྲུབ་པ་ཐོད་རྒལ་སྒྲོན་མ་བཞིའི་ལམ་བྱེད་ཟུང་འཇུག་ཏུ་ལྡན་པས་ཀྱང་མ་ཧའི་གནད་འདིར་འདུས་ལ་ཡར་ལྡན་དུ་ཡོད་པའོ༔ ཡང་ཕྱག་རྒྱའི་མཚན་མ་ཞིང་ཁམས་དང་བཅས་པ་སྒྲོན་མ་བཞིའི་བཀོད་པར་གསལ་བ་སྐུ་ཕྱག་ཆེན༔ དེ་ལ་ལམ་དུ་བྱེད་ཅིང་བཞག་ཐབས་ཏིང་འཛིན་གྱི་བཞུགས་སྟངས་གཟིགས་སྟངས་སོགས་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་ལྡན་པའི་ཆོས་ཟད་ཀྱི་ཡེ་ཤེས་རྗེན་པར་ལ་བཟློ་བ་དང་༔ དགོངས་ཀློང་ཡངས་པའི་མཚན་དཔེ་ཉིད་དུ་ཐུགས་སར་གཏུག་པ་གསུང་ཆོས་ཀྱི་ཕྱག་རྒྱའི་བཟླས་པ་བྱས་ནས༔ ཀ་དག་གི་ཡེ་ཤེས་ཤེས་རབ་རང་བྱུང་སྒྲོན་མའི་ངང་མངོན་དུ་གྱུར་པའི་མཉམ་བཞག་གི་ཐུགས་དམ་རྒྱ་སྟེ༔ འཁྱེར་སོ་གསུམ་ལྡན་གྱི་བསྐྱེད་རིམ་ཕྲ་རགས་ཐམས་ཅད་འདིར་མ་འདུས་པ་མེད་དོ༔
གཉིས་པ་ནི༔ དབེན་གཞི་རྣམ་པ་གསུམ་ཐོག་མ་མེད་པ་ན་ཐ་མལ་བའི་ང་རྒྱལ་གྱིས་གནས་པ་ལས་དེ་གཉེན་པོ་སྐུ་རྡོ་རྗེའི་བསྒྲུབ་གཞི་མཐར་ཐུག་པ་མཐོང་བའི་སྒོ་ནས་ཐ་མལ་བའི་སྒོ་གསུམ་གྱིས་དབེན་པར་འགྱུར་ཏེ༔ དེ་ཡང་ལུས་དབེན་མཉམ་བཞག་གི་བསྒོམ་དོན་བདེན་སྟོང་དབྱེར་མེད་ལྷན་སྐྱེས་ཀྱི་དགའ་བ་ཁྲེགས་ཆོད་ཀྱི་དང་༔ རྗེས་ཐོབ་ཀྱི་ལྷ་རིགས་བརྒྱ་རིགས་ལྔ་རིགས་གསུམ་གཅིག་སོགས་ཀྱི་བསྒྲུབ་གཞི་རང་ལ་ཡོད་པ་ཐོད་རྒལ་གྱི་མཐོང་བས་རིགས་དེ་དག་ཏུ་ལྡང་བར་སོང་བའི་ཕྱིར༔ དེ་བས་ན་ཁྲེགས་ཆོད་གདངས་སུ་མ་གྱུར་པ་བར་དུ་ཐོད་རྒལ་མི་སྒོམ་པའི་རྒྱུ་མཚན་ཡང་དེ་གཉིས་མཉམ་རྗེས་སུ་སྐྱོངས་ཚུལ་གྱི་ངེས་པ་ལས་ཡིན་ནོ༔ འདིར་ལྷན་སྐྱེས་ངེས་དོན་གྱི་ལྷ་བསྒོམ་པའི་ཕྱིར་ཐ་མལ་གྱི་ཞེན་པ་ཁེགས་པ་དང་༔ ལྷན་སྐྱེས་ཀྱི་རྣམ་རྟགས་ཕྱག་རྒྱའི་ཆོས་ལྷུན་གྱིས་གྲུབ་པའི་རང་ཞལ་ལ་བལྟ་བའི་ཕྱིར་ན༔ རིམ་པ་ཇི་ལྟ་བ་བཞིན་དུ་ཁྲེགས་ཆོད་ལ་ལྷ་བསྒོམ་པའི་སྣང་བཅས་དང་༔ ཐོད་རྒལ་ལ་ལུས་དབེན་གྱི་དོན་མེད་པ་མིན་ནོ༔ ལར་བླ་མེད་ཀྱི་རིམ་པ་དང་པོར་གང་སྣང་ལྷར་འཆར་བ་ཞིག་དགོས་པ་བཞིན་དུ༔ རིམ་པ་གཉིས་པར་གང་སྣང་བདེ་བར་འཆར་བའི་གྲོགས་སུ་འགྲོ་བ་ཞིག་དགོས་ལ༔ ལུགས་འདིའི་ལུས་དབེན་ནས་དེ་བསྒྲུབ་པ་ཡིན་ཞེས་གསུངས་པས་ཀྱང་བདེ་སྟོང་གི་ཡེ་ཤེས་མཐར་ཐུག་པ་འདི་ལ་ཡོད་པས་ལུས༵་དབེ༵ན་གྲུབ༵་པ༵་དང༵་༔ ཀུན་རྫོབ་དང་དོན་དམ་པའི་ཐིག་ལེ་མཐའ་དག་གི་འབྱུང་གནས་སྙིང་དབུས་མི་ཤིགས་པའི་རང་གདངས་ལས་མ་ཡེངས་པར་བཟློས་པའི་རྡོར༵་བཟླས༵་དང༵་༔ རླུང་སྔགས་རྫས་ཀྱི་ཐིག་ལེ་ལ་གོམས་དམིགས་སྡུད་རིམ་སོགས་ཀྱི་དོན་དུ་གྱུར་བས་ཐ་མལ་གྱི་ངག་གིས་དབེ༵ན་པ༵་དང༵་༔ ཡང་ལས་རླུང་གི་བྱེད་པ་གནད་དྲུག་གིས་དག་པའི་སེམས་དང་ཡེ་ཤེས་ནང་འཕྲད་དུ་མི་ཤིགས་པའི་སེམས་ལ་ཐིམ་པའི་བདེ་སྟོང་སྣང་མཆེད་ཐོབ་པའི་དཔེ་དོན་གྱི་འོད༵་གས༵ལ་མྱོང་བ་དང་༔ དེ་ལས་ལྡང་བའམ་དེ་དང་ཟུང༵་འཇུག༵་ཏུ་ཞིང་ཁམས་དང་སྐུའི་ངོ་བོ་དབྱིངས་རིག་གི་དགོངས་པ་ལ་འབྱམས་ཀླས་པས་སེམས་དབེན་ཀྱང་ལྷུན་གྱིས་གྲུབ་པའོ༔ དེ་ལྟར་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་སྣང་བ་རབ་ཏུ་རྒྱ་ཆེ་བའི་སྐབས་སུ་མངོན་སུམ་ཚོགས་ལམ༔ གོང་འཕེལ་སྦྱོར་མཐོང་རྣམ་སྨིན་དང་ཚེ་དབང་༔ ཚད་ཕེབས་ཕྱག་རྒྱར་བཞག་པའི་མུ་ཚོད་ཀྱི་སྨིན་པའི་ཐིག་ལེ་སོགས་སྐུ་ལ་སླེབ་པར༔ མོས་དང་རླུང་སེམས་འོད་གསལ་ཟུང་འཇུག་སློབ་པའི་ལྷ་སྐུའམ་དག་མ་དག་གི་སྒྱུ་ལུས་སུ་རིམ་པས་ཡིན་ཅིང༔ དེ་མན་ཆད་ལ་མ་དག་པའི་སྒོ་ཆེ་འབྲིང་ཆུང་གསུམ་སྣང་བས༔ ཡན་ཆད་དག་པའི་སྒྱུ་ལུས་ཡང་དག་དང་ཤིན་ཏུ་རྣམ་དག་ནི༔ མཐར་ལམ་ལྷུན་གྲུབ་རིག་འཛིན་ཆོས་ཟད་ས་དང་མཐར་ཐུག་གི་འབྲས་བུ་སྟེ༔ དེ་དུས་རླུང་སེམས་སྐབས་རེ་ཙམ་ལས་གཏན་ནས་མེད་པས་སོ༔ མཐར་ཐུག་པ་ནི་སངས་རྒྱས་ཀྱི་གཞོན་ནུ་བུམ་པའི་སྐུ་ཡང་དག་པའོ༔ དེས་ན་ཕ་རྒྱུད་ཀྱི་རྫོགས་རིམ་དང་བབས་སོ་གཅིག་ཏུ་ཡོད་ལ༔ ཡང་རང་ལུགས་ཧེ་རུ་ཀ་གལ་པོ་ལས་གསུངས་པའང་ཐ་མལ་པའི་ངག་གི་དབེན་པས་ངག་གི་བྱ་བ་གསུམ་སྤྲུགས་སུ་བཏང་བ་དང་ཆོས་ཉིད་དོན་གྱི་ཡེ་ཤེས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུ་ལ་བཟླ་བའི་ཚུལ་གྱིས་མཉམ་པར་འཇོག་པས་རྡོ༵་རྗེའི༵་བཟླས༵་པར༵་འགྲོ་སྟེ་དེས་རླུང་སྦྱངས་ཤིང་༔ ཇི་སྐད་དུ༔ བརྗོད་པ་དང་ནི་དམིགས་པ་དང་༔བརྡར་གྱུར་དང་ནི་དོན་དམ་མོ༔ ཞེས་པས་ཕྱི་མ་ལྟར་རོ༔ སྙིང་ཀའི་གཞིའི་སྐུ་གསུང་ཐུགས་ཡེ་ཤེས་སུམ་བརྩེགས་ཀྱི་གདངས་ཕྱིར་ཤར་བར་བཏགས་ཀྱང་དོན་དུ་རྒྱང་ཞགས་དྭངས་བ་ལས་ནང་མཐོང་བ་ཡིན་པར་གྲུབ་པས་ན་དེ་ལས་མ་གཡོས་པས་སེམ༵ས་ལ༵་དམི༵གས་པ་ཡིན་ནོ༔ དེའི་སེམས་དབེན་བསྒྲུབ་ཅིང་སེམས་སྦྱངས་སུ་འགྲོ་བ་དང་༔ ཁྲེགས་ཆོད་ཀྱང་དེ་དང་འདྲ་ལ༔ མཐོང་བའི་མངོན་སུམ་གྱི་ཆོས་ཉིད་དེ་དག་རླུང་སེམས་ཀྱིས་བསླད་པ་ཡོད་རིང་དང་སྣང་གསུམ་དང་དཔེའི་འོད་གསལ་གྱི་རང་ལ་མ༵་དག༵་པའི༵་སྒྱུ་ལུས༵་ཀྱི་ཆར་གཏོགས་དེ་རང་བཞིན་གནས་ལུགས་ཀྱི་དབང་དུ་དབྱེར་མེད་ལྷན་སྐྱེས་ངེས་དོན་གྱི་ལྷར་ཤེས་པས་གཉིས་མེད་མཉམ་པར་བཞག་པས་བད༵ག་བྱིན༵་བརླབ༵ས༔ ནང་ཤེས་རབ་རང་བྱུང་གི་སྒྲོན་མ་སྟོང་བཞིའི་མཐར་ཐུག་གི་ཡེ་ཤེས་སུ་རྫོགས་པས་འོད༵་གས༵ལ༔ རླུང་སེམས་ཅི་རིགས་དག་པའི་སྒྱུ་ལུས་སྐུ་གསུམ་ལམ་སྣང་དང་ཁྱད་པར་ཚད་ཕེབས་ཀྱི་འགོ་ཟིན་ནས་ཟུང༵་འཇུག༵་གི་ཕྱག་རྒྱར་བཞེངས་བར་སྣང་བས་ན༔ གལ་པོ་ལས༔ རྡོ་རྗེའི་བཟླས་དང་སེམས་ལ་དམིགས༔ བདག་བྱིན་བརླབས་དང་འོད་གསལ་དང་༔ ཟུང་དུ་འཇུག་པ་འདི་ལྔ་ལ༔ ཞེས་པའི་ཚུལ་དང་༔ ཡང་མ་རྒྱུད་ལྟར་གྱི་ཆོས་དྲུག་ཀྱང་༔ སྒྱུ༵་འོད༵་ནི་ཁྲེགས་ཐོད་ཟུང་འཇུག་གི་དོན་ཡིན་ལ༔ འོད་གསལ་གཉིད༵་དང་བསྲེའི་ཏིང་ངེ་འཛིན་གྱིས་རྨི་ལམ་སྦྱངས་ལ༔ སྒོ་གསུམ་གྱི་གནད་བཅིངས་བས་ལས་ཀྱི་གཏུམ་མོ༔ འགྱུར་ཤེས་ཀྱི་རྟགས་སྣང་འབྱུང་བ་ཉམས་ཀྱི་གཏུམ་མོ༔ སྐུ་གསུམ་འོད་གསལ་དབྱིངས་ཐིག་ལྷན་སྐྱེས་ཤེས་རབ་རང་བྱུང་སྒྲོན་མའི་ངོ་བོ་གདངས་དང་བཅས་པར་འབྱུང་བ་ནི་མཆོག་གི་གཏུམ་མོ་སྟེ་གཏུམ་མོ་ཀུན་འདི་ལ་འདུས་ཤིང༔ བ༵ར་དོའི༵་གྲོལ་བའི་གདམས་ངག་གི་དངོས་སུ་བཤད་པ་དང་གྲོང་འཕོ་དང་སྐུ་དང་ཡེ་ཤེས་འཇུག་པའི་གནད་དང་བཅས་པས་ཡར་ལྡན་དུ་འདུས་པའོ༔ ཡང་གཅིག་ཏུ་ན་གཉིས་སུ་མེད་པའི་རྒྱུད་ཀྱི་ལུགས་ལྟར་ཉིན་མཚན་ཁ་སྦྱོར་གྱི་རྣལ་འབྱོར་བསྒོམ་པ་ལ་བརྟེན་ནས་ཤེས་པ་ཡུལ་ལ་འཇུག་པ་འགགས་པས་རྟགས་བཅུའི་སྟོང་གཟུགས་ཁྱད་པར་བ་མེ་ཏོག་གི་སྒྲོན་མ་མཐོང་བས་སོར༵་སྡུད༵༔ གསལ་ལ་ངོས་བཟུང་མེད་པའི་སྒྲོན་མ་ཀ་དག་གམ་ཆོས་ཉིད་རང་ཞལ་མཇལ་བ་ཤེས༵་རབ༵༔ དེ་ལས་སྣང་བ་ཅེར་འཛིན་གྱི་དབང་པོས་མངོན་དུ་གྱུར་པའི་རྟོག༵་པ༵༔ སྒྲོན་མ་མཚན་མེད་དུ་རིག་པས་དཔྱོད༵་པ༵༔ དེ་ལས་ལུས་སེམས་ལ་དག༵འ་བདེ༵་དང་༔ ཡུལ་ཐ་དད་དུ་མེད་པར་འདྲེས་པའི་བ༵དེ་བ༵་དགོངས་པའི་ངང་ལས་མི་འདའ་བས་སེམས་རྩེ་གཅིག་པ་སྟེ་ཡན་ལག་ལྔ་དང་ལྡན་པའི་སྒྲོས་ཟུར་ཕྱིན་པའི་བས༵མ་གཏ༵ན༔ མཚན་དཔེས་བརྒྱན་པའི་སྐུ་ནི་དབྱིངས་ཐིག་འདི་དག་ཏུ་སྣང་བའོ༔ ལས་རླུང་དབྱིངས་སུ་དག་ཅིང་མ་ལ་ཞ་ནས་ཡེ་གྲོལ་སྤྲོས་བྲལ་དབུ་མ་ཆེན་པོར་བསྲེ་བའི་གནད་ཁ་ནས་བཏང་བས་སྲོག༵་རྩོལ༵་སྟེ༔ སྲོག་སྟེ་དབུགས༔ རྩོལ་བ་སྟེ་རིང་དུ་སྤྲོ་བའམ༔ ཡང་ན་སྲོག་སྟེ་རོ་རྐྱང་དུ་རྒྱུ་བའི་རླུང་༔ རྩོལ་བ་སྟེ་དབུ་མར་འཛུད་ཅིང་དག་པའི་ཐབས་སུ་དུས་འཁོར་ནས་བཤད༔ ཡང་ན་སྲོག་གི་རྒྱུ་བ་བཅད་པས༔ རྩོལ་བ་སྟེ་སེམས་ཀྱི་རྒྱུ་བ་ཟད་པའོ༔ འཕྲུལ་གསང་འདི་ལས་སེམས་རིག་ཐོག་ཏུ་འཕྲད་དེ་གཟུང་འཛིན་དབུ་མར་ཐིམ་པས་འཛི༵ན་པ༵་ཞེས་བྱ་སྟེ་རྒྱལ་བའི་གསུང་དུ་འགྱུར་རོ༔ བཞག་ཐབས་ཏིང་ངེ་འཛིན་བཞུགས་སྟངས་སོགས་གནད་ཀྱི་སྤྱོད་པ་བྱས་པ་དང་འདྲ་བ་ལྷན་སྐྱེས་སྐྱེས་པ་རྗེས༵་དྲན༵༔ ལས་རླུང་འགག་ཅིང་སེམས་ཀྱི་བསླད་པ་དང་བྲལ་སྟོབས་ཀྱི་གོང་དུ་འཕེལ་བའི་ཡེ་ཤེས་ཇི་ལྟ་ཇི་སྙེད་པས་གཟིགས་རྒྱ་ཆེར་མངོན་ལས་ཏིང༵་ངེ༵་འཛིན༵་གྱི་ཡན་ལག་ཚང་བ་སྟེ་རྒྱལ་བའི་ཐུགས་སུ་འགྲུབ་བོ༔ ཇི་སྐད་དུ༔ ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་སོགས་ལྟར་རོ༔ དུས་འཁོར་རྩ་རྒྱུད་དང་གསང་འདུས་རྒྱུད་ཕྱི་མ་ལས༔ སོ་སོར་སྡུད་དང་བསམ་གཏན་དང་༔ སྲོག་རྩོལ་དེ་བཞིན་འཛིན་པ་དང་༔ རྗེས་སུ་དྲན་དང་ཏིང་ངེ་འཛིན༔ སྦྱོར་བ་ཡན་ལག་དྲུག་ཏུ་འདོད༔ ཞེས་པའི་ཚུལ་ལོ༔ ཡང་གསང་བ་སྒྱུ་འཕྲུལ་བས་མི་ཤིགས་ཐིག་ལེ་སྙིང་ཀར་གནས་པར་བཤད་པ་དང་༔ གསང་ཐིག་གི་མན་ངག་ལྔ་བསྒོམ་པའི་གཞི་ཡང་འོད་ལྔ་ཡེ་ཤེས་མཁའ་འགྲོ་ལྔ་སྐུ་ལྔར་བཤད་པ་འདི་དག་ཡིན་ལ༔ འདིར་དངོས་ལམ་བྱེད་ཀྱིས་ཁྱད་པར་འཕགས་པའོ༔ མདོར་ན་གནས་འདི་དག་གིས་བདེ་གསལ་མི་རྟོག་པའི་འོད་གསལ་རྒྱུད་ལ་འདྲེན་པས་ན་རྫོགས་རིམ་ཀུན་གྱི་ཐབས་གནད་ཐབས་བྱུང་གི་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པ་ཡར་ལྡན་དུ་འདུས་པའོ༔
གཉིས་པ་ལའང་༔ སྙིང་ཐིག་སྤྱིའི་འཕགས་ཆོས་དང་༔ འོད་གསལ་ཆེན་པོའི་བྱེ་བྲག་གི་ཁྱད་པར་ལས༔
དང་པོ་ནི༔ འདི་ནི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་མཐར་ཐུག་ཡིན་པ་དང་༡༔ སྐུ་གསུམ་ལམ་སྣང་ལ་མངོན་སུམ་དུ་འཆར་བ་ཡིན་པས་དབང་པོ་ལ་རྣོ་རྟུལ་མེད་པ་དང་༢༔ དཀའ་ཐུབ་མིན་པའི་དོན་བསྙུང་བར་མི་གནས་པས་ན་ཚོད་ལ་རྒན་གཞོན་མེད་པ་དང་༣༔ གཤིས་ལ་མ་གྲུབ་པས་དགེ་སྡིག་རྒྱུ་འབྲས་ལས་འདས་པ་དང་༤༔ འབྲས་བུ་རང་གནས་ལམ་དུ་བྱེད་པས་དུས་རིང་པོར་མི་འགྱང་བར་སངས་རྒྱས་ལ་མྱུར་པས་ཁྱད་པར་༥༔ ཆོས་སྐུའི་ངོ་སྤྲོད་ཀྱི་རྗེས་སུ་དཔག་པའི་མཐའ་ལ་ལྟོས་མི་འཆའ་བས་འཕགས་པ་དང་༦༔ ཐབས་ཀྱི་གསང་སྒོ་ཟབ་པ་དང་རྟོན་པ་ཕྱིན་ཅི་མ་ལོག་པས་གདམས་ངག་ཐོབ་པའི་སྒོམ་དུ་འཆར་བ་སྟེ་༧༔ ཁྱད་པར་འཕགས་ཆོས་བདུན་པོ་དེ་ནི་བློ་ཅན་གཉིས་ལ་ཡོད་པས་སྤྱི་དམིགས་ཏེ༔ གཅིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསུངས་པའི་ཆོས༔ ཐམས་ཅད་མཐར་ཐུག་འདི་རུ་བསྟན་པ་ཡིན༔ འདི་ཉིད་གཞན་དང་མི་འདྲ་ཁྱད་པར་ཆེ༔ ཚིག་རྒྱུད་མ་ཡིན་དོན་རྒྱུད་སྙིང་པོ་ཡིན༔ བྱས་བཅོས་ཚིག་གི་རྒྱུད་ཀྱི་ཐེག་པ་རྣམས༔ བསྐལ་པ་དཀའ་སྤྱོད་གདོད་ཀྱི་སངས་རྒྱས་ཏེ༔ འདི་ཉིད་མཐོང་བ་ཙམ་གྱིས་གྲོལ་བ་སྟེ༔ བླ་མའི་དྲིན་ཐོབ་དབེན་པའི་གནས་ཉིད་དུ༔ ཞག་བདུན་དོན་རྟོགས་ཟླ་བདུན་ཕྱིར་མི་ལྡོག༔ མཐོང་པས་གྲོལ་དེ་ལོ་བདུན་མངོན་སངས་རྒྱས༔ ཐེག་པ་གཞན་རྣམས་སྡིག་སྤངས་དགེ་སྤེལ་ཡང་༔ སྤངས་བླང་ཆོས་ཀྱིས་སངས་རྒྱས་ཐོབ་པར་རེ༔ དོན་བརྒྱུད་འདི་ལ་དགེ་སྡིག་བླང་དོར་མེད༔ མཚམས་མེད་ལྔ་ཡི་ལས་བྱས་སྡིག་བཅུ་སྤྱོད༔ བསྐལ་པའི་མུན་ནག་སྒྲོན་མེ་གཅིག་འཇོམས་ལྟར༔ འདི་ཉིད་མཐོང་ན་སྡིག་མེད་མངོན་སངས་རྒྱས༔ སངས་རྒྱས་བསྒྲུབ་ལ་དགེ་བ་བཅུ་སྤྱོད་ཀྱང༔ ཐད་ཀའི་བདེ་ལས་འཁོར་བ་ལས་མི་འཕགས༔ དེ་ཕྱིར་འདི་ཉིད་མཐོང་བས་གྲོལ་བ་སྟེ༔ སྡིག་པ་མ་སྤངས་ཡེ་དག་ཆེན་པོ་ཡིན༔ དགེ་བ་མ་བྱས་ཡེ་རྫོགས་ཆེན་པོ་ཡིན༔ སངས་རྒྱས་མ་བསྒྲུབ་ལྷུན་གྲུབ་ཆེན་པོ་ཡིན༔ ཐེག་པ་གཞན་རྣམས་གཞོན་དུས་བསྒོམས་པ་ལས༔ རྒས་ནས་མི་ནུས་བསྒོམ་པ་མི་འོང་ཟེར༔ འདི་ཉིད་ལ་ནི་ན་སོ་རྒན་གཞོན་མེད༔ རྒྱུ་བ་ལྡང་མི་ཤེས་པའི་རྒན་པོ་ཡང༔ དགོས་པས་གཏམ་དེ་ཐོས་པས་གོ་བ་བཞིན༔ འདི་ཉིད་ཐོས་པ་ཙམ་གྱིས་གྲོལ་བར་འགྱུར༔ འདི་ཉིད་མ་རྟོགས་ན་སོ་དར་གྱུར་ཀྱང་༔ བྱིས་པ་ཡིན་ཏེ་སངས་རྒྱས་དོན་མ་རྟོགས༔ འདི་ཉིད་ཐོབ་ནས་བྱང་ཆུབ་མངོན་དུ་བྱེད༔ དེ་ཕྱིར་འདི་ཉིད་ཁྱད་པར་འཕགས་པ་སྟེ༔ བསྒོམ་མི་དགོས་ཏེ་ཐོས་པ་བསྒོམ་དུ་འཆར་༔ མ་བསྒོམ་བཞག་ཀྱང་མི་གསལ་དགག་ཏུ་མེད༔ ཐོས་པ་ཙམ་གྱི་ཡེ་བསྒོམ་ཆེན་པོ་ཡིན༔ གང་གིས་རྟོགས་པའི་སེམས་ཅན་སངས་རྒྱས་ཏེ༔ རྒྱལ་བ་ཀུན་གྱི་འགྲོ་དོན་ཕྲིན་ལས་འགྲུབ༔ དེ་ཕྱིར་འདི་ཉིད་གཞན་ལས་ཁྱད་པར་འཕགས༔ ཐེག་པ་གཞན་རྣམས་མིག་དང་སྣ་དང་ལྕེ༔ དབང་པོ་འགགས་ན་དོན་མེད་ཆོས་མི་འོས༔ འདི་ལ་དབང་པོ་དག་ལ་རྣོ་རྟུལ་མེད༔ ཅེས་སོ༔
གཉིས་པ་ནི༔ སྙིང་ཐིག་གི་ལམ་དེ་ལའང་དམིགས་པ་ཡུལ་གྱི་བློ་ཅན་དང༔ རིག་པ་རང་སྣང་གི་བློ་ཅན་གཉིས་ལ་དགོངས་ནས་འབད་བཅས་དང་འབད་མེད་ཀྱི་ལམ་ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་གསུངས་པ་ནི༔ རབ་འབྱམས་ལས༔ ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ ཉམས་ལེན་དངོས་གཞི་འདི་ལྟ་སྟེ༔ གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ༔ འབྲས་བུ་སྐུ་གསུམ་ཡོངས་རྫོགས་སོ༔ བློ་ཡི་རིམ་པ་རྣམ་གཉིས་ཀྱིས༔ དོན་གྱི་ངོ་བོ་ཉམས་སུ་བླང་༔ དམིགས་པ་ཡུལ་ཅན་ལམ་རྣམས་ལ༔ སྒོམ་དང་བསྒོམ་བྱའི་ཐབས་རྣམས་བསྟན༔ རིག་པ་རང་སྣང་བློ་རྣམས་ལ༔ བརྟག་པའི་ཐབས་རྣམས་གཅིག་ཏུ་བསྟན༔ དེ་ཀུན་སྡོམ་ཚིག་རྣམ་གཉིས་ཀྱིས༔ རིམ་པ་བྱེ་བྲག་གཉིས་ཕྱེ་ནས༔ སྐྱེས་བུ་རྣམས་ཀྱི་བློ་ལ་འཇུག༔ འདི་ཀུན་སྣང་བ་རང་ངེས་སོ༔ ཞེས་སོ༔ དེ་ལས་སྔ་མ་ནི་དེ་ཁོ་ན་ཉིད་ཀྱི་རྒྱན་དུ་ཐལ་ལོ༔ ཕྱི་མ་ལ་གཞི་ཁྲེགས་ཆོད་དེ་ལ་བརྟེན་ནས་རིག་པ་རང་ངོ་འཕྲོད་ཅིང༔ ལམ་ཐོད་རྒལ་ཆེན་པོ་ལ་བརྟེན་ནས་རིག་གདངས་མངོན་དུ་བྱས་ནས་བསྒོམ་དགོས་ཀྱི༔ གཞན་དུ་ལུག་རྒྱུད་དངོས་པོར་གོལ་བ་དང་སྟོང་པ་མཚན་འཛིན་གྱི་གཟེབ་ལ་འཕྱན་ནས་གཟུགས་ཁམས་སུ་འདུ་བྱེད་པའི་རྒྱུར་འགྱུར་བས་ན༔ ཇི་སྐད་དུ༔ ཁྲེགས་ཆོད་གདངས་སུ་མ་གྱུར་ན༔ ཐོད་རྒལ་ཤར་ཡང་གཉིས་འཛིན་ཅན༔ ཞེས་གསུངས་པས་ཁྲེགས་ཆོད་ཀྱིས་འཁོར་འདས་སྟོང་ཉིད་ཆེན་པོ་ཀ་དག་གི་ཆོས་སྐུ་རང་ཐོག་ཏུ་ངོ་འཕྲོད༔ ཡིན་ཐོག་ཏུ་ཐག་ཆོད༔ གྲོལ་ཐོག་ཏུ་གདངས་ཐོབ་པ་ན་ཐོད་རྒལ་ལ་གདོད་འཇུག་རན་པར་ཀློང་གསལ་ལས༔ དངོས་གཞི་ཁྲེགས་ཆོད་ཉིད་ལ་ནི༔ གནས་ས་བརྟེན་ས་འགྲོ་ས་གསུམ༔ ལུས་ངག་ཡིད་གསུམ་གདངས་ཐོབ་ནས༔ ཐོད་རྒལ་ཉིད་དུ་འཇུག་པ་སྟེ༔ ཕྱི་ནང་བྱ་བ་ཀུན་བཏང་ལ༔ འདི་ལྟར་རིམ་བཞིན་བསླབ་པར་བྱ༔ ཞེས་དང་༔ རབ་འབྱམས་ལས༔ ཁྲེགས་ཆོད་ཉིད་ལ་བརྟེན་བྱས་ནས༔ ཐོད་རྒལ་ལམ་ལ་དེ་ལྟར་འཇུག༔ ཅེས་སོ༔ དེ་ལྟར་འོད་གསལ་ཆེན་པོའི་ལམ་ལ་སྦྱར་བས་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་པའི་མྱུར་ལམ་རྨད་དུ་བྱུང་བར་གྲུབ་པ་སྟེ༔ ཁྲེགས་ཆོད་ཀྱིས་ངོ་བོ་ཙམ་ཉམས་སུ་ལེན་པས༔ ཆོས་སྐུའི་ལམ་བྱེད་ཙམ་ལས་གཟུགས་སྐུ་དག་པ་རབ་འབྱམས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཉམས་སུ་མི་ལོང་བའི་ཟུང་འཇུག་གི་ལམ་ཡང་དག་ཏུ་མ་སོང་བ་ལ་འདིར་སྐུ་གཉིས་ཟུང་འཇུག་གི་རྣལ་འབྱོར་ཏུ་གྱུར་པའི་ཁྱད་པར་༡དང་༔ ཁྲེགས་ཆོད་དུ་དེ་ལྟར་ན་འཁྲུལ་སྣང་དག་པར་མ་ནུས་པས་འཁྲུལ་འཛིན་རྒྱུན་ཆད་མེད་པ་ཆོས་ཉིད་ཡིན་པ་ལ་ཐོད་རྒལ་དུ་དག་སྣང་མངོན་དུ་བྱེད་པས་འཁྲུལ་འཛིན་དང་འཁྲུལ་བ་ལས་བཙན་ཐབས་སུ་གྲོལ་བ་ཁྱད་པར་༢དང་༔ ཁྲེགས་ཆོད་དུ་དག་སྣང་མངོན་སུམ་དུ་འཆར་བའི་ཐབས་ལ་རྨོངས་པ་ལས༔ འདིར་གནད་གསུམ་རྡོ་རྗེའི་ཆིངས་ཀྱིས་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོར་ལོངས་སྤྱོད་ནུས་པའི་ཐབས་ཀྱི་ཁྱད་པར་༣དང་༔ ཁྲེགས་ཆོད་རང་སྣང་གི་བློ་ཅན་ཨིནྡྲ་བྷོ་དྷི་འདྲ་བ་མ་གཏོགས་ཤེས་རབ་ཀྱི་དབང་པོའི་དོན་སྤྱི་མཐོང་བས་དཔེའི་ཡེ་ཤེས་ཙམ་ལས་འདའ་མ་ནུས་པར་ཡུལ་ཤེས་ཀྱི་དྭངས་འཚོལ་བའི་ཆོས་ཉིད་མངོན་སུམ་ལ་རྨོངས་པ་ལས་འདིར་རྟགས་སྣང་ལྷ་སྐུའི་མཐོང་བ་དང་༔ འོད་གསལ་རང་བྱུང་གི་ཡེ་ཤེས་ཤེས་རབ་རིག་པའི་སྒྲོན་མ་ཟུང་འཇུག་དོན་གྱི་ངོ་བོ་གནས་འགྱུར་གྱི་དབང་ཤེས་ཁྱད་པར་བས་མངོན་སུམ་དུ་མཐོང་བའི་ཁྱད་༤པར༔ ཁྲེགས་ཆོད་དུ་འཁྲུལ་སྣང་དང་འཁྲུལ་ཤེས་སུ་འདྲེས་པའི་འོད་གསལ་ལམ་དུ་བྱེད་པ་ལ༔ དེ་གཉིས་ཀྱི་དབྱེན་སྤྱོས་ནས་སངས་རྒྱས་ཐོབ་པ་ལ་ཡུན་རིང་དུ་འཐོགས་པ་ལས༔ འདིར་གཟུང་འཛིན་ཡུལ་མེད་དུ་དེངས་བས་འཕགས་ལམ་གྱི་རྣལ་འབྱོར་ཁྱད་པར་༥བས་ལམ་མྱུར་བ་དང༔ ཁྲེགས་ཆོད་རགས་པའི་རྩ་རླུང་ལ་བརྟེན་པས་སེམས་ཡིད་རྣམ་ཤེས་སུ་གེགས་དང་གོལ་ས་ཤིན་ཏུ་མང་བ་ལ༔ འདིར་ཡེ་ཤེས་ཀྱི་རླུང་གིས་ཆོས་ཉིད་ཀྱི་མཐོང་བ་མངོན་དུ་ཕྱེས་པའི་མངོན་སུམ་རང་གནད་ཀྱི་གེགས་དང་གོལ་ས་མེད་པའི་ཁྱད་པར་༦༔ ཁྲེགས་ཆོད་དུ་ལུས་རྡུལ་ཕྲན་དུ་དྭངས་བ་ཙམ་ལས་འོད་གསལ་དུ་མི་གྲོལ་བས༔ རྡོ་རྗེའི་སྐུ་མི་འགྲུབ་ཅིང་རྟེན་དེས་གཞན་དོན་རླབས་པོ་ཆེ་མི་འབྱུང་བ་དང་༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་ཆུང་བ་ལ་འདིར་འཕོ་ཆེན་དྭངས་མའི་སྐུས་གཞན་དོན་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་ཁྱད་པར་༧དུ་འཕགས་པའོ༔
གཉིས་པ་ཁྱད་པར་འཕགས་པའི་ལམ་དངོས་བཤད་པ་ལ༔ མཁའ་གསལ་གང་གིས་འཆར་བའི་གནད་ཀྱི་མན་ངག་སྤྱིར་བཤད་པ༔ རྣམ་པ་གང་གསལ་བའི་སོ་སོའི་ཉམས་ལེན་དང་བཅས་པ་བྱེ་བྲག་ཏུ་བཤད༔ དེ་གོང་དུ་འཕེལ་བའི་སྣང་བ་བཞིའི་རྟགས་ཚད་གདམས་ངག་དང་བཅས་པས་མཐའ་རྒྱས་པར་བྱ་བ་གསུམ་ལས༔
དང་པོ་ལ༔ གནད་གསུམ་རྡོ་རྗེའི་སྙིང་པོར་གཟིར་ལུགས་ཀྱིས་ཆོས་ཉིད་སྣང་བའི་མ་དང་སྤྲོད་པ༔ བཞག་ཐབས་བཞིའི་མན་ངག་གིས་རང་གནས་རྣལ་འབྱོར་ཀྱི་ཐོག་ཏུ་དབབ་པ༔ ལྟ་སྒོམ་རྒྱུན་གྱི་རྣལ་འབྱོར་ལས་གདམས་ངག་གནད་དུ་བསྣུན་པ༔ དུས་གསུམ་མཉམ་ཉིད་ཀྱི་ཐབས་ཀྱིས་དགོངས་པའི་ངང་སྐྱོང་ཚུལ༔ གདམས་ངག་ཟབ་མོས་ཁ་བསྒྱུར་བས་ཉིན་མཚན་འཁོར་ཡུག་ཏུ་བསྲེ་ཚུལ་བཤད༔ སྤྱོད་པ་དུས་བབ་ཀྱི་བོག་འདོན་ལ་རྗེས་ཐོབ་དོན་ཡོད་དུ་བྱེད་པ་དང་དྲུག་ལས༔
དང་པོ་ལ་སྤྱི་གནད་ཐབས་ཀྱི་ལྡེ་མིག་གིས་མ་དག་པའི་རྩ་རླུང་དབྱིངས་སུ་འཆིངས་ཤིང་གཉུག་མའི་རྩ་རླུང་དྲང་པོར་སྲོང་བས་སྙིང་པོ་ཁོང་ནས་གསལ་བའི་སྣང་བ་དབྱིངས་སུ་བསྐྱོད་པའི་སྒོ་ཕྱེད་པ༔ སྒོས་གནད་བྱེ་བྲག་གི་རྫུ་འཕྲུལ་གྱིས་མཁའ་གསལ་བུའི་རང་མདངས་མངོན་པར་འཆར་བའི་རྐྱེན་བྱེད་པ༔ ངོ་སྤྲོད་ཐབས་ཀྱི་རང་གདངས་གིས་གྲོལ་བའི་ཆོས་སྐུར་བཙན་ས་བཟུང་བས་ཆོས་ཉིད་མ་བུ་བསྲེ་བ་དང་གསུམ་ལས༔
དང་པོ་ལ་ལུས་གནད་སྐུ་རྡོ་རྗེའི་ཕྱག་རྒྱ་ཆེན་པོའི་ལྡེའུ་མིག་གིས་སྤྲུལ་པའི་སྐུའི་གཏེར་སྒོ་ཕྱེད་ནས་མྱ་ངན་ལས་འདའ་བར་བྱེད་པ་དང༔ ངག་གནད་གསུང་རྡོ་རྗེ་བརྗོད་དུ་མེད་པའི་ལྡེའུ་མིག་གིས་ལོངས་སྤྱོད་རྫོགས་པའི་གཏེར་སྒོ་ཕྱེད་ཅིང་༔ མྱ་ངན་ལས་འདས་པའི་དབྱིངས་སུ་བཟླ་བ༔ སེམས་གནད་རྣམ་པར་མི་རྟོག་པ་ཐུགས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའི་ཆོས་སྐུའི་གཏེར་སྒོ་ཕྱེད་དེ་སེམས་མྱ་ངན་ལས་འདའ་བར་བྱེད་པ་དང་གསུམ་མོ༔ དེ་དག་ཀྱང་རིན་ཆེན་བཅུད་ཐིག་ལས༔ ལུས་ངག་ཡིད་གསུམ་བྱ་བ་བཏང་༔ སྣང་ཚུལ་རོལ་བའི་སྐུར་གནས་མཆོད༔ ཅེས་དང་༔ འདས་རྗེས་ལས༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན་ལུས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འདའ་བར་བྱའོ༔ ངག་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན་ངག་སྨྲ་བ་བཅད་པའི་འཁོར་ལོ་ལས་མི་འདའ་བར་བྱའོ༔ རིགས་ཀྱི་བུ་སེམས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན༔ ཡུལ་ནམ་མཁའ་སྟོང་པ་དང་མི་འབྲལ་བར་བྱའོ༔ ཞེས་པའི་གནད་གསུམ་ལས༔
དང་པོ་ལ་གྲངས་ངེས༔ གནད་གཟིར་ལུགས༔ དེའི་དགོས་པ་གསུམ་ལས༔
དང་པོ་ནི༔ བཞུགས་སྟངས་ཀྱི་རྣམ་པ་རྒྱུད་མ་བུ་རྣམས་ལས་ཤིན་ཏུ་མང་ཡང་༔ གསུམ་པོ་འདི་རྩ་བར་གྱུར་པ་དང་༔ ཁོང་དུ་ཆུད་སླ་བ་དང་༔ གནད་ཀུན་ལས་ཟབ་པའི་ཕྱིར་དང་༔ དག་བྱའི་སྒོ་གསུམ་དག་བྱེད་ཐབས་ཀྱི་གདམས་པས་དག་འབྲས་སྐུ་གསུམ་དང་རྡོ་རྗེ་གསུམ་དུ་གྲངས་ངེས་པར་དེ་ལས་མང་མི་དགོས་ཤིང་༔ ཉུང་ན་མི་འདུས་པའི་ཕྱིར་རོ༔ དེས་ན་མ་རྒྱུད་ལས་ཤས་ཆེར་འདི་འབའ་ཞིག་ཏུ་གསུངས་པ་ཡིན་ཏེ༔ མུ་ཏིག་ཕྲེང་བ་ལས༔ ལུས་ཀྱི་གནད་ནི་རྣམ་གསུམ་སྟེ༔ སེང་གེའི་ཚུལ་དང་གླང་ཆེན་ཚུལ༔ དྲང་སྲོང་ཚུལ་ལ་གནས་པར་བྱ༔ ཞེས་དང་༔ རབ་འབྱམས་ལས༔ དེ་ཡང་ལུས་འདི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ཞེས་སོ༔
གཉིས་པ་གནད་གཟིར་ལུགས་དངོས་ལ་ཆོས་སྐུ་སེང་གེ་འགྱིངས་བ་ལྟ་བུའི་བཞུགས་སྟངས༔ ལོངས་སྐུའི་གླང་ཆེན་ཉལ་སྟབས་ལྟ་བུའི་བཞུགས་སྟངས༔ སྤྲུལ་སྐུའི་དྲང་སྲོང་ཙོག་པུར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུའི་བཞུགས་སྟངས་དང་གསུམ་ལས༔ དང་པོ་ལ་བཅའ་ཚུལ་དང་ཡོན་ཏན་ནོ༔
དང་པོ་ནི༔ དཔེར་ན་སེང་གེ་འགྱིངས་ཚུགས་སུ་གནས་པ་དང་འདྲ་སྟེ༔ པུས་མོ་གཉིས་ས་ལ་བཙུགས་པས་ཆུའི་རྩལ་གནོན་ཅིང་འབྱུང་བ་དྲོད་དུ་སྙོམས་པའི་གནད༔ རྟིང་པ་གཉིས་འཕོངས་ལ་སྦྱར་བས་རྣམ་རྟོག་འགགས་པའི་གནད༔ ལག་སོར་བཅུ་བསྐུངས་ཏེ་པུས་མོའི་ཕྱི་ལོག་ནས་ས་ལ་བཙུགས་པས་ལས་རླུང་ལྡོག་ཅིང་ཉོན་མོངས་པའི་རྒྱུ་བ་ཟད་པའི་གནད༔ རོ་སྟོད་གསང་ལ་བོར་བས་ཆོས་ཉིད་ཀྱི་ངང་ནས་མི་འཆུགས་ཤིང་སྒྲོན་མ་མྱུར་དུ་འཆར་བའི་གནད༔ སྒལ་ཚིགས་དྲང་པོར་བསྲངས་བས་ཡེ་རླུང་བདེ་ལུགས་སུ་རྒྱུ་བའི་གནད༔ མགོ་རྩལ་མཇིང་བ་ལ་བསྐུར་བས་དབྱིངས་རིག་དོན་དང་འབྲེལ་བའི་གནད་དོ༔ ཡང་ན་གནད་ཀྱི་དོན་པོ་འདྲ་ཡང་ལུས་སེང་གེ་ལྟར་ཁྱི་ཚུགས་སུ་འདུག༔ རྐང་མཐིལ་གཉིས་ས་ལ་བཙུགས༔ ལག་མཐིལ་གཉིས་སུ་པུས་མོའི་ནང་ལོག་ནས་ས་ལ་བཙུགས༔ སྒལ་ཚིགས་དྲང་པོར་བསྲངས༔ དཔུང་པ་གཉིས་བརྒྱང་༔ རྩལ་མཇིང་བ་ལ་བོར་རོ༔ བཞུགས་སྟངས་དེ་གཉིས་ཀྱི་ངེས་པའང་རབ་འབྱམས་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཛིན་པ་དང་བྲལ་ནས༔ མི་འགྱུར་རྡོ་རྗེའི་མིག་གིས་མཐོང་༔ དེ་ཡི་བཞུགས་སྟངས་འདི་ལྟར་རོ༔ པུས་མོ་གཉིས་པོ་ས་ལ་བཙུགས༔ ཡིད་ཙམ་ཕྱིར་ལ་བསྒྲད་པར་བྱ༔ རྟིང་པ་གཉིས་པོ་འཕོངས་ལ་སྦྱར༔ ལག་པ་པུས་མོའི་ཕྱིར་ལོགས་སུ༔ ཅུང་ཟད་བསྒྲད་ལ་ས་ལ་བཙུགས༔ སྒལ་ཚིགས་བསྲིངས་ལ་མཇིང་པ་དགྱེ༔ རོ་སྟོད་སེང་གེ་ལྟ་བུར་བྱ༔ ཞེས་དང་༔ ཀློང་གསལ་ལས༔ དང་པོ་ཆོས་སྐུའི་འཁྲུལ་འཁོར་ནི༔ སེང་གེ་ཁྱི་ཚུགས་འདུག་པ་ལྟར༔ ཡན་ལག་མཐིལ་བཞི་ས་ལ་བཙུགས༔ སྒལ་བ་བསྲངས་ལ་དཔུང་གཉིས་རྒྱང་༔ མཇིང་པ་ལྗིད་ནི་རྒྱབ་ཏུ་བོར༔ ཞེས་སོ༔
དེའི་ཡོན་ཏན་ནི་དབྱིངས་རིག་འདུ་འབྲལ་མེད་པར་ཆོས་སྐུའི་བདེ་ཆེན་གཞི་གནས་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་ཕེབས་ཤིང་༔ འཁྲུལ་བའི་འཛིན་པ་དང་བྲལ༔ འབྱུང་བ་རང་ཟད་དུ་དག༔ རྡོ་རྗེའི་སྤྱན་འདིའི་ཚིག་སྒྲོས་ལ་ལུང་གིས་བརྟག །མངོན་དུ་འགྱུར་བའི་དགོས་པ་ཡོད་དེ༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་པར་འགྱུར༔ ཞེས་དང་༔ རབ་འབྱམས་ལས༔ ནང་གི་འབྱུང་བ་རྣམས་ཟད་ནས༔ རྣམ་རྟོག་ཟིལ་གནོན་དགོས་པ་ཡོད༔ ཞེས་དང་༔ གསེར་གྱི་མེ་ཏོག་ལས༔ འདིར་ནི་ཆོས་སྐུའི་བདེ་ཆེན་ལ༔ རྣལ་འབྱོར་དག་ཏུ་བྱེད་པའོ༔ ཞེས་སོ༔
གཉིས་པ་ལོངས་སྐུའི་བཞུགས་སྟངས་ལ་བཅའ་བའི་གནད་དང་༔ དེའི་ཡོན་ཏན་ནོ༔ དང་པོ་ནི༔ ལུས་ཁ་སྦུབ་ཏུ་ཉལ་བས་ཚོགས་པའི་ཆོས་གནོན་ཅིང་༔ སྒོ་གསུམ་གྱི་ཞེན་འཛིན་ཟིལ་གྱིས་གནོན་པའི་སྟོབས་བྱེད༔ པུས་བྲང་སྦྱར་བས་ཐུན་མོང་དུ་འབྱུང་བའི་དྲོད་འབེབས༔ ཁྱད་པར་འཁྲུལ་པ་ཡེ་ཤེས་སུ་འཆར༔ རྐང་པའི་སོར་མོ་ཕྱིར་འཕུལ་བས་ལས་རླུང་རང་འགགས་པའི་གནད༔ ལག་པའི་གྲུ་མོ་ས་ལ་བཙུགས་པས་དབྱིངས་རིག་མངོན་སུམ་དུ་འདྲེན༔ ལག་མཐིལ་གྱི་ཨོལ་ཁུང་དུ་བརྟེན་པས་བདེ་ཆེན་དང་མི་འབྲལ་བའི་གནད༔ མཇིང་པ་གྱེན་ལ་བཏེགས་པས་ཡེ་རླུང་རང་སོར་ཆུད་པའི་གནད་ཡོད་དེ༔ རབ་འབྱམས་ལས༔ ལུས་གནད་བཞུགས་སྟངས་འདི་ལྟར་རོ༔ ཁ་སྦུབ་དྲང་པོར་ཉལ་བྱས་ལ༔ གྲུ་མོ་གཉིས་པོ་ས་ལ་བཙུག༔ ལག་མཐིལ་གཉིས་ཀྱིས་ཨོལ་ཁུང་བསྟེན༔ པུས་མོ་གཉིས་པོ་བྲང་ལ་སྦྱར༔ མཇིང་པ་བཏེགས་ལ་རྒྱབ་ཏུ་བོར༔ ཞེས་དང་༔ ཀློང་གསལ་ལས༔ ད་ནི་ལོངས་སྐུའི་འཁྲུལ་འཁོར་ནི༔ གླང་ཆེན་ཉལ་བ་ལྟ་བུ་སྟེ༔ གཞོགས་གཡས་ས་ལ་ཟིལ་ཕབ་སྟེ༔ པུས་མོ་གཉིས་པོ་བྲང་ལ་སྦྱར༔ ལག་མཐིལ་གཉིས་པོ་འགྲམ་ལ་སྦྱར༔ གྲུ་མོ་གཉིས་པོ་ས་ལ་བཙུགས༔ རྐང་སོར་ཐམས་ཅད་ཕྱིར་ལ་ཕུལ༔ ཞེས་སོ༔
གཉིས་པ་དེའི་ཡོན་ཏན་ནི༔ མཚན་ཉིད་འཛིན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞིང་ཁམས་རྣམ་པར་དག་པའི་མདངས་དང་བཅས་པ་ཆགས་མེད་པད་མའི་སྤྱན་གྱིས་མངོན་པར་མཐོང་བ་དང༔ སྐུ་གསུང་ཐུགས་ཀྱི་ཞིང་ཁམས་ལ་སྤྱོད་པ་དང་༔ ཡེ་ཤེས་གསལ་བའི་རླུང་ཟིན་པའི་ཡོན་ཏན་ཡོད་དེ༔ དེ་ཉིད་ལས༔ ད་ནི་ལོངས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལྟ་བུ་སྟེ༔ མཚན་ཉིད་འཛིན་པའི་རིག་པ་མཐོང་༔ གསལ་བྱེད་རླུང་ཟིན་དགོས་པ་ཡོད༔ ཅེས་དང་༔ ཆོས་ཉིད་རྣམས་ལ་ལོངས་སྤྱོད་དེ༔ པད་མའི་སྤྱན་གྱིས་མཐོང་བར་འགྱུར༔ ཞེས་དང་༔ ཀློང་གསལ་ལས༔ ཆོས་ཉིད་རྣམས་ལ་ལོངས་སྤྱོད་རྫོགས༔ རིག་མདངས་ལུག་རྒྱུད་མཐོང་བར་འགྱུར༔ ཞེས་དང༔་གསེར་གྱི་མཁའ་ལྡིང་ལས༔ ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས༔ འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད༔ ཅེས་སོ༔
གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་ནི༔ དྲང་སྲོང་གི་ཏིང་ངེ་འཛིན་ལ་གནས་པའི་ལུས་གནད་ལྟ་བུ་སྟེ༔ དེ་ལའང་བཅའ་བ་དངོས་དང་ཡོན་ཏན་ནོ༔ དང་པོ་ནི༔ ལུས་སྤྱི་ཙོག་པུར་གནས་པའི་རྣམ་ཤེས་འཇུག་པའི་རྩ་ཁ་སུམ་ནས་འཕྲོ་བའི་རླུང་ལྡོག་ཅིང༔ རྐང་གཉིས་གཤིབས་ཏེ་བསྒྲེངས་པས་ཐབས་ཤེས་ཟུང་འབྲེལ་གྱི་གནད༔ གསུས་པ་སྒལ་བ་ལ་སྦྱར་བས་འཕྲལ་རྟོག་འགགས་པའི་གནད༔ པུས་བྲང་སྦྱར་བས་ཐུན་མོང་དུ་ལུས་ཀྱི་འགྱུར་བ་སྙོམས༔ ཁྱད་པར་ཡེ་ཤེས་ཀྱི་རྩལ་འབྱིན༔ ལག་མཐིལ་གཉིས་ཀྱིས་འགྲམ་ཟུར་བཏེགས་པས་དབྱིངས་རིག་མ་བུ་འདྲེས་པའི་གནད༔ གྲུ་མོ་གཉིས་པུས་མོར་བཀབ་པས་རྩ་མི་འཁྱུས་པའི་གནད༔ རྐང་མཐིལ་ས་ལ་ཕབས་པས་ལས་དང་ཉོན་མོངས་པའི་རླུང་གནོན་པའི་གནད་རྣམས་ཡོད་དེ༔ རབ་འབྱམས་ལས༔ བཞུགས་སྟངས་ཉིད་ནི་འདི་ལྟར་རོ༔ ཙོག་པུ་རྐང་བ་གཉིས་པོ་གཤིབས༔ གསུས་པ་སྒལ་ལ་ཡུད་ཙམ་སྦྱར༔ པུས་མོ་གཉིས་པོ་བྲང་ལ་སྦྱར༔ གྲུ་མོ་གཉིས་པོས་པུས་མགོར་བཀབ༔ ལག་མཐིལ་གཉིས་ཀྱིས་འགྲམ་ཟུར་བཏེགས༔ ཞེས་དང་༔ ཀློང་གསལ་ལས༔ དེ་ནས་སྤྲུལ་སྐུའི་འཕྲུལ་འཁོར་ནི༔ དྲང་སྲོང་ཙོག་པུ་ལྟ་བུ་དེ༔ མགྲིན་དགུག་དཔུང་བསྲང་ཙོག་པུར་གཏད༔ པུས་གཉིས་བྲང་སྦྱར་ཕྱག་རྒྱ་གདབ༔ ཞེས་སོ༔
དེའི་ཡོན་ཏན་ནི་ཐུན་མོང་དུ་ལུས་ཀྱི་ཚོགས་པ་དག་ཁྱད་པར་ཡུལ་ཁྱབ་ཀྱི་ཡེ་ཤེས་རང་གདེངས་དང་བཅས་པ་མཁའ་གསལ་དུ་མངོན་པར་ཆུ་བུར་གྱི་མིག་གིས་མཐོང་བར༔ རབ་འབྱམས་ལས༔ ད་ནི་སྤྲུལ་སྐུའི་བཞུགས་སྟངས་བསྟན༔ དྲང་སྲོང་ལྟ་བུའི་ལུས་གནད་ཀྱིས༔ རང་གི་སྣང་བ་གཏན་ལ་ཕེབས༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་རྣམ་པར་རང་སྤྲུལ་ནས༔ ཆོས་ཉིད་མིག་གིས་མཐོང་བར་འགྱུར༔ གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས༔ རང་བཞིན་གནས་པའི་ཡེ་ཤེས་ལྔ༔ ཆུ་བུར་མིག་གིས་མཐོང་པར་འགྱུར༔ ཞེས་དང་༔ གསེར་གྱི་མཁའ་ལྡིང་ལས༔ ལུས་ཀྱི་འཚོགས་པ་དྭངས་བྱེད་པ༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད༔ ཅེས་སོ༔ དེ་ལྟར་ན་བཞུགས་སྟངས་དང་པོ་ལ་རྐང་པ་གཉིས་མཐིལ་སྤྲད་ཅིང༔ ལག་གཉིས་ཁུ་ཚུར་དེའི་དབུས་སུ་བཙུད་པ་དང་༔ བཞུགས་སྟངས་ཐ་མ་ལ་ལག་རྒྱབ་ཀྱི་ལྐོག་མ་བཏེགས་པ་རྣམས་ནི་རྒྱུད་ལུང་འདི་རྣམས་ཀྱིས་བསལ་བ་ཡིན་པས་གནད་མ་འཆུགས་པའི་གཟེར་བུ་འདི་ཁོ་ནའོ༔
གསུམ་པ་དེ་དག་གི་དགོས་པ་ནི་བྱེ་བྲག་སོ་སོར་བཤད་མ་ཐག་པ་ལྟར་ལ༔ སྤྱིར་རང་གནས་ཁོང་གསལ་གྱི་ཡེ་ཤེས་ཆེན་པོའི་ཀུན་ལ་ཁྱབ་ཅིང་གདལ་བར་བཞུགས་པར་རྒྱུད་ལུང་མན་ངག་ཞལ་མཐུན་པའང་མཁའ་གསལ་ཟང་ཐལ་དུ་མཐོང་བ་མེད་པ་ནི་ཐབས་ཀྱི་རྣམ་པ་ལ་རྨོངས་པས་ཡིན་ལ༔ དེ་ཡང་སྦྲུལ་ཀྱི་ལུས་ལ་རྐང་ལག་ཡོད་ཀྱང་མ་གཅུས་ན་མི་མངོན་པ་བཞིན་ཆོས་སྐུ་རྣམ་པར་དག་པའི་རྩ་རླུང་ཐིག་ལེ་རང་ལ་ཡོད་ཀྱང་གནད་མི་གཡོ་བ་གསུམ་གྱིས་བཅིངས་པས་དྲང་པོ་བཞི་དང་ལྡན་པའི་ཁྱད་ཆོས་ཀྱིས་མ་དག་པའི་རྩ་རླུང་ཐིག་ལེའི་བྱེད་པ་བཅོམ་པས་ཡེ་ཤེས་ཀྱི་སྣང་བ་བདེ་ལུགས་སུ་འཆར་བ་ནི༔ རབ་འབྱམས་ལས༔ དེ་ཡང་ལུས་ནི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ དཔེར་ན་སྦྲུལ་གྱི་ཡན་ལག་ནི༔ ཡོད་ཀྱང་མ་གཅུན་མི་སྣང་ལྟར༔ རིག་པ་ལུས་ལ་གནས་གྱུར་ཀྱང་༔ ལུགས་གནད་མ་གཟིར་མངོན་མི་འགྱུར༔ ཕྱི་དབྱིངས་སྟོང་པ་ཡུལ་དང་འདྲ༔ ནང་དབྱིངས་རྣམ་དག་ཁྱིམ་དང་འདྲ༔ རིག་པ་ལུག་རྒྱུད་བཟུང་བ་ལ༔ ལུས་གནད་གསུམ་གཟིར་མཆོག་ཡིན་ནོ༔ ཞེས་དང་༔ སྒྲོན་མ་སྣང་བྱེད་ལས༔ ལུས་ལ་ཁྲག་མེད་མ་ཡིན་ཏེ༔ ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན༔ སྐྱེས་བུ་ཐབས་དང་ལྡན་པ་ཡིས༔ རྩ་ལ་གཏར་ན་ཁྲག་བྱུང་ལྟར༔ ལུས་གནས་ཡེ་ཤེས་དེ་བཞིན་ནོ༔ ཞེས་དང་༔ གཞན་ལྟ་སྤྱོད་པའི་རྣལ་འབྱོར་པས༔ འདི་ཉིད་མ་བསྟན་བར་དུ་ནི༔ ཇི་ལྟར་བརྟགས་ཀྱང་མཐོང་བ་མིན༔ དམ་པའི་གདམས་ངག་འདི་བསྟན་ན༔ བ་རྣམས་ལུས་ལ་འོ་མས་ཁྱབ༔ མཁས་པས་ནུ་མ་ནས་འཐེན་ན༔ འོ་མ་དག་ནི་འབྱུང་བ་བཞིན༔ མངོན་དུ་གསལ་ཏེ་ལུས་གནད་ཀྱང་༔ རྟག་ཏུ་གོམས་དང་ཁྱད་མེད་མཐོང་༔ ཞེས་སོ༔ དེས་ལུས་རྡོ་རྗེ་སྤྲུལ་པ་སྐུའི་ངོ་བོར་སད་པའི་བྲལ་རྒྱུ་ཕྱེད་པའི་ཕྱིར་གཏེར་སྒོ་ཕྱེས་པའི་ཐ་སྙད་ཐོབ་པའོ༔ འདས་རྗེས་ལས༔ ལུས་ནི་མྱ་ངན་འདའ་འདོད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ འདི་ལྟར་སུ་ཡིས་བྱས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ཞེས་སོ༔
གཉིས་པ་ངག་གནད་གསུང་རྡོ་རྗེ་བརྗོད་དུ་མེད་པའི་ལྡེ་མིག་གིས་ལོངས་སྤྱོད་རྫོགས་པའི་གཏེར་སྒོ་ཕྱེད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་ལ་བཟླ་བ་ལ༔ ངག་གི་གནད་གཟིར་བ་དངོས་དང་༔ དེའི་དགོས་པའོ༔
དང་པོ་ལ་བཞི་ཡོད་དེ༔ ཐལ་འགྱུར་ལས༔ ངག་ནི་བསླབ་དང་གནས་པ་དང་༔ ལ་བཟླ་བརྟན་པར་བྱ་བའོ༔ ཞེས་པས་དང་པོ་བསླབ་པའི་རིམ་པ་ནི༔ ངག་གིས་འཁྲུལ་པའི་གཏམ་ཐམས་ཅད་སྤངས་ནས་བརྗོད་མེད་ཀྱི་ངང་དུ་རིམ་གྱིས་བཞག་པའི་ཐབས་སུ༔ ཆོས་སྤྱོད་འདོན་པ་སོགས་མི་སྤངས༔ གཞན་ཅི་ཡང་མི་སྨྲ་བར་གནས་ཤིང་སྐབས་སུ་དེས་སྐྱོན་ངག་གི་ལས་ལ་ཞེན་པ་སྦྱོང་ཕྱིར་མི་མེད་ལུང་སྟོང་ལ་སོགས་པར་ཕྱིན་ནས་སྔ་ཕྱི་དུས་གསུམ་གྱི་རྟོག་པ་བཟང་ངན་ཐམས་ཅད་བཙན་ཐབས་སུ་བསླངས་ནས་སྨྱོན་པ་རང་ཚིག་རྡོལ་བ་བཞིན་སྤང་བླང་མེད་པར་བརྗོད་བརྗོད་པས་ངག་དེས་ཆད་ནས་བརྗོད་སྙིང་མི་འདོད་པ་ན་མི་བརྗོད་པ་ལ་བསླབ་པ་སྟེ༔ རབ་འབྱམས་ལས༔ ངག་གི་གནད་ནི་འདི་ལྟ་སྟེ༔ ངག་ནི་བསླབ་དང་གནས་པ་དང་༔ ལ་བཟླ་བ་རུ་བསྟན་པའོ༔ དང་པོ་བསླབ་པར་བྱ་བ་ནི༔ དང་པོ་ཡུན་ཐུང་ཉིད་ལ་བསླབ༔ འཛབ་སོགས་འདོན་པ་མི་སྤངས་ཞིང་༔ འཁྲུལ་པའི་གཏམ་རྣམས་ཐམས་ཅད་སྤངས༔ ཚིག་ནི་ཞག་རིས་ཉུང་བར་བཏང་༔ དེ་ནས་ཡུན་རིང་ཉིད་ལ་བསླབ༔ སྐབས་སུ་བརྗོད་རྒྱུ་མེད་ཀྱང་བརྗོད༔ ཅེས་སོ༔
གཉིས་པ་གནས་པར་བྱ་བའི་རིམ་པ་ནི༔ ལུས་ཀྱི་བརྡའ་ཙམ་གཞན་ལ་བྱ་བ་མ་གཏོགས་ངག་གིས་འཁྲུལ་བའི་ཚིག་སྤངས་ནས་སྔགས་དང་ཁ་ཏོན་ཙམ་མི་བཀག་པར་བརྗོད་མེད་ལ་གནས་པ་སྟེ༔ དེས་བསླབ་ཚུལ་ནི་རབ་འབྱམས་ལས༔ དེ་ནས་གནས་པར་བྱ་བ་ནི༔ ཕྱག་བསྐོར་མདོ་བཟླས་ཀུན་སྤངས་ལ༔ སྔགས་ཀྱི་བརྗོད་པ་བཀག་མི་བྱ༔ གཞན་དང་ཚིག་ཟུར་ག་ལ་བརྗོད༔ ལུས་ཀྱིས་བརྡའ་ཉིད་བྱ་བ་སྟེ༔ ཞེས་སོ༔
གསུམ་པ་ལ་བཟླ་བ་ནི༔ སྔགས་ལ་སོགས་པ་ངག་གི་བརྗོད་པ་མཐའ་དག་བཀག་པར་བྱས་ལ་ལྐུགས་པ་བཞིན་དུ་གནས་ཤིང༔ སེམས་ཀྱི་བརྡའ་ཙམ་ལས་བརྗོད་མེད་དུ་བཞག་པའོ༔
བཞི་བ་བརྟན་པར་བྱ་བའི་རིམ་པ་ནི༔ དེ་ལྟར་བཞག་པའི་གཉུག་བསྲིང་བའི་གོམས་པ་རབ་ཏུ་གྱུར་ཏེ༔ ཡུལ་སེམས་དང་ལུས་སེམས་སྦྲེལ་བའི་ངག་གི་རྩ་བ་ལས་ཀྱི་རླུང་རང་བབས་སུ་ཞི་ནས༔ ཡིད་ཀྱི་འགྱུ་བ་རིམ་གྱིས་དག་པའོ༔ རབ་འབྱམས་ལས༔ དེ་ནས་བརྟན་ཞིང་ལ་བཟླ་བ༔ བརྗོད་པ་མཐའ་དག་བཀག་བྱས་ལ༔ ལྐུགས་པ་ལྟ་བུར་གནས་པར་བྱའོ༔ ལུས་ཀྱི་བརྡའ་ཡང་མི་བྱ་ཞིང༔ སེམས་ཀྱིས་བརྡའ་ཙམ་བྱ་བའོ༔ ངག་གི་བྱ་བ་འདི་ཆོད་ན༔ རྣལ་འབྱོར་བྱ་བའི་ཆོས་ཕྱེད་ཡིན༔ བརྗོད་མེད་དོན་ཉིད་རྒྱུད་ལ་འཆར༔ མྱུར་དུ་སངས་རྒྱས་གལ་མདོའོ༔ ཞེས་སོ༔
དེའི་དགོས་པ་ནི་ལར་ངག་གི་གཏམ་བྱེད་ཀྱང་ཁ་ནས་བརྗོད༔ སེམས་ཀྱིས་བསམ་པ་གཉིས་ཀ་ཤུགས་ལ་འབྱུང་བས་སྒོ་གསུམ་འཇུག་པ་གཅིག་དྲིལ་ཞིག་ཡིན་པའི་གནད་ཀྱིས་ངག་གཟིར་བས་ལུས་སེམས་ཀྱང་འབྱོངས་པ་ཆོས་ཉིད་ཡིན་ལ༔ དེས་ན་ཐུན་མོང་དུ་ལུས་ལ་སངས་རྒྱས་བྱང་སེམས་དང་དཔའ་བོ་མཁའ་འགྲོ་རྣམས་ཀྱི་བྱིན་རླབས་འཇུག༔ ངག་གི་བདེན་ཚིག་གྲུབ་ནས་མི་མ་ཡིན་རྣམས་ཀྱང་བརྡའ་འཕྲད་ཅིང་གཏམ་ཟེར་འབྱུང་ལ༔ སེམས་སུ་སྔར་མེད་པའི་མངོན་ཤེས་དུམ་བུ་བ་སོགས་འཆར་བ་དང་༔ མཆོག་གི་དངོས་གྲུབ་བརྗོད་མེད་ཀྱི་དོན་རྒྱུད་ལ་ཤར་ནས་ཡུལ་སེམས་ཀྱི་གཟུང་འཛིན་རང་ཞི་ཞིང་རྣམ་རྟོག་གི་འཕྲོ་འདུ་ཆད་པ་དང་༔ མཐར་ཐུག་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བའང་༔ གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས༔ ངག་ནི་ཇི་ལྟར་ལྐུགས་པ་བཞིན༔ སུ་དང་བརྡའ་ཙམ་ཉིད་མི་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ སེམས་ཀྱི་འཕྲོ་འདུ་རང་ཆོད་དོ༔ ཞེས་དང་༔ འདས་རྗེས་ལས་ཀྱང་༔ ངག་ནི་བསླབ་བྱའི་རིམ་པ་དང་༔ གནས་པ་བརྟན་ཞིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའོ༔ ཞེས་སོ༔
གསུམ་པ་སེམས་ཀྱི་གནད་རྣམ་པར་མི་རྟོག་པ་ཐུགས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱས་ཆོས་སྐུའི་གཏེར་སྒོ་ཕྱེད་དེ་སེམས་མྱ་ངན་ལས་འདའ་བར་བྱེད་པ་ལ༔ དངོས་དང་༔ དེའི་དགོས་པའོ༔
དང་པོ་ནི༔ སེམས་ཕྱིའི་ནམ་མཁའ་སྟོང་པའི་དཀྱིལ་དུ་བལྟ་བ་དང་༔ དེ་ལྟར་བལྟས་པས་ནང་གི་དབྱིངས་གཏད་པས་འབེན་གྱི་སྒྲོན་མ༔ གསལ་སྟོང་ཟུང་འཇུག་ཆེན་པོ་གཟི་བརྗིད་དང་ལྡན་པར་འཆར་བའི་དབུས་སུ་རིག་པ་ཐིམ་འགྲོ་བ་ལྟར་གཏད་ཅིང་༔ མིག་སྨིན་ཕྲག་གི་དབུས་སུ་འགྲིལ་ཏེ་གཅུན་པས་ལུག་རྒྱུད་དབྱིངས་ཀྱི་གོ་རར་ཚུད༔ སྐུ་གསུམ་རིག་པ་སྟོང་པ་ཁྲེགས་ཆོད་ཀྱི་དགོངས་པའི་ངོ་བོ་ཟིན་པའང་རབ་འབྱམས་ལས༔ སེམས་ཀྱི་གནད་ནི་འདི་ལྟ་སྟེ༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ གནད་གསུམ་མན་ངག་འགུལ་མི་བྱ༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ༔ རིག་པ་ཉིད་ནི་མ་བཅོས་འབེན་དུ་གཏད༔ མ་ཡེངས་གཏད་པས་ཕྱི་དབྱིངས་སྟོང་པ་ལ༔ ནང་དབྱིངས་རྣམ་དག་སྒྲོན་མ་སྟོང་གསལ་འཆར༔ མངོན་སུམ་གསལ་ཞིང་ལྷག་མེད་འཚང་རྒྱའོ༔ ཞེས་དང་༔
དགོས་པ་ནི༔ ཐལ་འགྱུར་ལས༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཅེས་དང་༔ འདས་རྗེས་ལས༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་དང་༔ ཀློང་གསལ་ལས༔ དེ་ལྟར་སེམས་ཀྱི་གནད་ཟིན་པས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་སོ༔ གནས་སྐབས་སུ་རིག་པ་ཡེ་ཤེས་གདངས་དང་བཅས་པ་མངོན་དུ་འཆར་ཞིང་༔ མཐར་ཐུག་ཕུང་པོ་ལྷག་མ་མེད་པར་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་བ་ཡིན་ནོ༔
གཉིས་པ་སྒོའི་གནད་བྱེ་བྲག་རྫུ་འཕྲུལ་གྱིས་མཁའ་གསལ་བུའི་རང་མདངས་མངོན་པར་འཆར་བའི་རྐྱེན་བྱེད་པ་ལ༔ གནད་རྣམ་པ་གསུམ་སྟེ༔ ཐལ་འགྱུར་ལས༔ གནད་གསུམ་མན་ངག་འབྲལ་མི་བྱ༔ དེ་ཡང་སྒོ་དང་ཡུལ་ཉིད་དང་༔ རླུང་དང་རིག་པའི་གནད་ཉིད་བསྟུན༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཡུལ་ནི་སྒྲིབ་བྱེད་བྲལ་བའོ༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་སོ༔ དེ་ཡང་དཔེར་ན་གནད་ལ་མདའ་ཡིས་ཕོག་ན་འཆི་བ་ལས་འོས་མེད་པ་བཞིན་དུ་གསུམ་པོ་འདི་ལ་བརྟེན་ནས་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རིག་དབྱེར་མེད་སངས་རྒྱས་ཀྱི་དགོངས་པ་ལས་འཁྱོལ་ས་མེད་དེ༔ སྒོ་གནད་ཀྱིས་མཐོང་བར་བྱེད༔ ཡུལ་གནད་ཀྱི་འཆར་ཞིང་མི་འགྱུར་བར་བྱེད༔ རླུང་རིག་གི་གནད་ཀྱིས་སེམས་འགགས༔ ཡེ་ཤེས་རྗེན་ལ་བྱུང་བས་རྗེས་དཔག་གི་ཤེས་རབ་ཀྱི་མཐའ་ལ་མི་གནས་པའོ༔ དེ་ཡང་རང་ཤར་ལས༔ དེ་ལྟར་ལུས་ལ་སོགས་པ་ཡི༔ གནད་ཀུན་རབ་ཏུ་གཟིར་བ་ཡིས༔ རིག་པ་ཉིད་དང་མངོན་སུམ་དུ༔ བླ་མའི་ལུང་ལས་ཤེས་པ་ཡིན༔ ཞེས་སོ༔
དེ་ལས་དང་པོ་ལ་དཔེ་དོན་སྦྱོར་བའི་སྒོ་ནས་དགོས་པ་བཤད་པ་དང་༔ གཟིགས་སྟངས་དངོས་གཅུན་པའི་ཚུལ་བཤད་པ་དང་གཉིས་ལས༔
དང་པོ་ལ་སྤྱིར་གཟིགས་སྟངས་ཀྱི་དགོས་པ་ནི་དཔེར་ན་ལྷ་ཁང་སྒོ་མེད་པ་ཞིག་གི་ནང་ན་ལྷ་ཚོགས་ཇི་ལྟར་ཡོད་ཀྱང་མི་མངོན་པ་བཞིན་དང་༔ བུམ་ནང་གི་སྒྲོན་མེ་ཁ་ཁྱེར་གྱི་སྟོང་ཆ་ཧར་པོར་ཕྱེས་པ་མེད་ན་མི་མཐོང་བ་ལྟར༔ སྒོ་གནད་ཀྱིས་མཚམས་མ་སྦྱར་ན་ཡེ་ཤེས་ལུས་ལ་ཡོད་ཀྱང་མངོན་སུམ་གནད་ཐོག་ཏུ་མི་འབེབས་པར༔ ཆོས་ཉིད་ཡིད་དཔྱོད་ལ་ལུས་པས་ཐེག་པ་ཐུན་མོང་པས་གནད་འདི་ལ་རྨོངས་པས་སངས་རྒྱས་མྱུར་དུ་ཐོབ་པའི་སྐལ་བ་མེད་པ་ཡིན་ལ༔ རྫོགས་ཆེན་གསང་སྐོར་ནས་ཀྱང་༔ གཟུགས་སྐུ་ལུས་ཀྱིས་བསྒྲིབས་ནས་མི་མཐོང་བས་ངོ་སྤྲོད་མེད་པར་བཤད་པའང་མངོན་སུམ་གྱི་ཐབས་མ་རྟོགས་པ་ཡིན་ནོ༔ དེ་ཡང་ཡེ་ཤེས་མཁའ་མཉམ་ལས༔ མངལ་གྱི་སྒྲིབ་གཡོགས་མ་བྲལ་བར༔ ལུང་ལྡན་རྐྱེན་དང་འཕྲད་སྲིད་ན༔ རང་སེམས་ཆོས་སྐུར་རྟོགས་པ་ལས༔ གཟུགས་སྐུ་མི་འབྱུང་ལུས་ཀྱིས་བསྒྲིབ༔ ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན༔ ཞེས་དང༔ ཀླུ་སྒྲུབ་ཀྱི་སེམས་འགྲེལ་ལས༔ ཇི་ལྟར་བུམ་ནང་སྒྲོན་མེ་ནི༔ ཕྱི་རོལ་ཀུན་ཏུ་མི་སྣང་ལྟར༔ དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་༔ ཕྱི་རོལ་ཀུན་ཏུ་སྣང་མ་ཡིན༔ ཞེས་གསུངས་ཤིང་བལྟར་མེད་པར་བཤད་དོ༔ དེས་ན་སྒོའི་གནད་འདི་ཤིན་ཏུ་ཟབ་པ་སྟེ༔ རབ་འབྱམས་ལས༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ རྒྱང་ཞགས་འགུལ་བ་མེད་པ་ན༔ འདི་དུས་ལྟ་སྟངས་གསུམ་པོ་བརྟེན༔ མིག་གི་གཟིགས་སྟངས་ཤེས་པ་ཡིས༔ ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་དོ༔ སེམས་འཆར་སྒོ་ནི་མིག་གཉིས་ཏེ༔ མིག་རྩ་བ་མེན་རྭ་འདྲ་ལ༔ རྩ་ནང་ཡེ་ཤེས་འཆར་སྒོ་ནི༔ དཔེར་ན་ལྷ་ཁང་སྒོ་མེད་ན༔ ནང་གི་ལྷ་ཚོགས་མི་སྣང་ལྟར༔ ལུས་ཀྱི་ཙིཏྟའི་ནང་ཉིད་ན༔ རིག་པ་ཡེ་ཤེས་གནས་པ་དེ༔ སྒོ་གནད་མ་ཤེས་མི་མངོན་པས༔ ཆོས་རྣམས་ཡིད་དཔྱོད་ལུས་པར་འགྱུར༔ ལྷ་ཁང་སྒོའམ་བུམ་ནང་གི༔ མེ་འོད་མཁའ་ལ་གསལ་བ་ལྟར༔ ཡེ་ཤེས་འཆར་སྒོ་མིག་ཉིད་དོ༔ གནད་ནི་གཟིགས་སྟངས་གསུམ་གྱིས་ལྟའོ༔ ཞེས་སོ༔
གཉིས་པ་གཟིགས་སྟངས་དངོས་གཅུན་པའི་ཚུལ་བཤད་པ་ལ༔ ཆོས་སྐུ་ཆོས་ཉིད་ཀྱི་སྤྱན་ཀྱིས་ཡེ་ཤེས་དངོས་སུ་མཐོང་བའི་གནད་དང་༔ ལོངས་སྐུ་ཡེ་ཤེས་ཀྱི་སྤྱན་གྱིས་ཞིང་ཁམས་རང་གསལ་དུ་མཐོང་པའི་གནད༔ སྤྲུལ་སྐུ་ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཁོང་ནས་གསལ་བའི་གནད་གསུམ་ལས༔
དང་པོ་ནི༔ མིག་གཉིས་མཉམ་པར་གྱེན་དུ་བཟློག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས༔ འཁོར་བའི་བག་ཆགས་ཐུར་ལ་སེལ་ཏེ་ཕྱིར་ངན་སོང་གི་སྐྱེ་རྒྱུན་ཆོད༔ སྨིན་མཚམས་སུ་གཅུན་པས་ལུག་རྒྱུད་བཙོན་དུ་ཟིན༔ ནམ་མཁར་གཏད་པས་སྣང་བར་རང་རྒྱས་ཐེབས་ཏེ་དབྱིངས་རིག་ལས་འགྱུར་བ་མེད་པའི་གནད་ཡོད་ལ༔ དེའི་གཞི་གནས་ཀྱི་ཡེ་ཤེས་ཆེན་པོའི་སྣང་བ་མཐོང་བའི་ཕྱིར་གཞི་ལ་གཟིགས་པ་ཞེས་བྱའོ༔
གཉིས་པ་ལོངས་སྐུའི་གཟིགས་སྟངས་ནི༔ མིག་གཉིས་མཉམ་པར་བལྟ་བ་སྟེ༔ དེའི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་མངོན་དུ་མཐོང་བས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད༔ མངོན་བྱང་དང་འདི་གཉིས་ལོངས་སྐུའི་གཟིགས་སྟངས་ཀྱི་ཡན་ལག་དུ་བྱུང་བ་ཡིན་རྡོ་རྗེའི་བཞུགས་སྟངས་གཟིགས་སྟངས་མེད་ན་གཡས་སུ་མདའ་སྲོང་བ་ལྟར་བལྟས་པས་འཁྲུལ་བ་འགགས་ཤིང་ཆོས་ཉིད་ལས་མི་འབྲལ༔ གཡོན་དུ་བལྟས་པས་དབྱིངས་རིག་འཆར་བདེ༔ ཤར་ནས་སྡོད་པའི་གནད་དུ་ཅུང་ཟད་མནན་པས་ལུག་རྒྱུད་ཨར་ལ་གཏད་པའི་ཐབས་མཆོག་ཏུ་གྱུར་པའོ༔
གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་དོན་དུ་ཐུར་ལ་ཕབས་པས༔ ཐུགས་རྗེ་ཀུན་ཁྱབ་ཀྱི་སྣང་བ་ལ་ལོངས་སྤྱོད་ཅིང་ཏིང་ངེ་འཛིན་རང་བབས་ཀྱིས་འཁོར་བའི་གནད༔ མཉམ་པར་གཟིགས་པས་ལྷག་མཐོང་མངོན་དུ་གྱུར་པའི་གནད་དོ༔ དེ་སྐད་ཀྱང་རབ་འབྱམས་ལས༔ སེང་གེ་ལྟ་བུའི་ལྟ་སྟངས་ཀྱིས༔ འཁྲུལ་པའི་ཡུལ་རྣམས་གཅིག་ཏུ་བལྟ༔ གླང་ཆེན་ལྟ་བུའི་ལྟ་སྟངས་ཀྱིས༔ དབྱིངས་རིག་གཉིས་པོ་གཅིག་ཏུ་བལྟ༔ དྲང་སྲོང་ཙོག་པུར་ལྟ་བུ་ཡིས༔ སྣང་བ་རྣམས་ཀྱི་ཚད་ཀྱང་ཟིན༔ ལྟ་སྟངས་རེ་དང་བཞུགས་སྟངས་བསྟུན༔ ཅེས་དང་༔ དེ་དག་གི་ངེས་པའང་ཀློང་གསལ་ལས༔ མིག་གཉིས་སྨིན་ཕྲག་མཁའ་ལ་གཏད༔ འགྱུར་ལྡོག་མེད་པར་ཧ་རེ་བགྲད༔ ཅེས་དང་༔ ལོངས་སྐུ་ལ་དེ་ཉིད་ལས༔ མིག་གཉིས་ཆེ་ཆུང་འགྱུར་ལྡོག་མེད༔ གཡས་དང་གཡོན་དུ་གཟིགས་ཤིང་བལྟ༔ ཞེས་དང་༔ སྤྲུལ་སྐུ་ལ་རབ་འབྱམས་ལས༔ ཡིད་ཙམ་ཕབ་ནས་མཁའ་ལ་བལྟ༔ སྤྲུལ་སྐུའི་ཞིང་ཁམས་མཐོང་བར་འགྱུར༔ ཞེས་དང་༔ གསང་བ་སྒྲ་རྒྱུད་ལས༔ ཕབ་དང་ལྡོག་དང་ཟིལ་གྱིས་ནི༔ གཟིགས་སྟངས་རྣམ་པ་གསུམ་དུ་གྲགས༔ ཞེས་དང་༔ ནམ་མཁའ་མཉམ་པའི་རྒྱུད་ལས༔ ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས༔ ཁམས་གསུམ་འཁོར་པ་སྤྱི་ནས་འདོན༔ ལོངས་སྐུས་སྲིད་པའི་གཞི་མ་འཇིག༔ སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ༔ ཞེས་སོ༔ ཀུན་ལའང་མིག་མི་འགུལ་བར་ཟིམ་པར་བལྟ་བ་གནད་ཡིན་གྱིས༔ གཞན་དུ་དབྱིངས་སྣང་མི་བརྟན་པ་དང་མ་དག་པའི་རྒྱང་ཞགས་ཀྱི་མཐོང་བའི་སྒྲིབ་པས་བསྒྲིབ་པར་འགྱུར་བའི་ཕྱིར་རོ༔ དེས་ན་མུ་ཏིག་ཕྲེང་བ་ལས༔ སྒོ་ནི་དེ་ཉིད་མ་འགུལ་དང་༔ གསལ་བྱེད་རྣམ་གཉིས་མ་འགུལ་བའོ༔ ཞེས་དང་༔ ཐལ་འགྱུར་ལས༔ རྒྱང་ཞགས་འགུལ་བ་མེད་པའི་གནད༔ འདི་དུས་ལྟ་སྟངས་གསུམ་དང་སྦྱར༔ ཞེས་དང་༔ ཀློང་གསལ་ལས༔ ཟིམ་བུ་ཚག་གིས་བལྟ་བར་བྱ༔ ཞེས་དང༔ རབ་འབྱམས་ལས༔ ཟིམ་བུ་མིག་གིས་བར་སྣང་བལྟ༔ ཞེས་སོ༔ འདི་ལ་དགོངས་ཏེ་རྡོ་རྗེ་སྙིང་བོ་རྒྱན་གྱི་རྒྱུད་ལས༔ ཇི་ལྟར་མར་མེ་བུམ་ནང་གནས༔ ཕ་རོལ་ཏུ་ནི་འོད་མི་གསལ༔ བུམ་པ་དེ་ཉིད་ཆག་གྱུར་ན༔ དེ་འོག་མར་མེ་གསལ་བར་འགྱུར༔ དེ་ནི་རང་ལུས་བུམ་པ་ཉིད༔ བླ་མའི་ཁ་ཡིས་ལེགས་བཅག་ནས༔ དེ་ཉིད་མར་མེ་ཉིད་ལྟ་བུ༔ སྦྱོར་བའི་དེ་ཉིད་སྟོན་པ་ཡིན༔ སྦྱོར་བ་དེ་ཉིད་ལ་གནས་ན༔ ཞེས་དང་༔ བླ་མའི་ཁ་ཡིས་ལེགས་པར་བཅག་ཚུལ་ནི༔ དུས་འཁོར་ལས་ཀྱང་༔ ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི༔ སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༔ འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་དང་ནི་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར༔ དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ ཞེས་སོ༔
གཉིས་པ་ཡུལ་གྱི་གནད་ནི་དང་པོའི་ལས་ཅན་གྱི་ཆོས་སྐུའི་རྟེན་ཉི་མ་དང་༔ ལོངས་སྐུའི་རྟེན་ཙནྡྲ༔ སྤྲུལ་སྐུའི་རྟེན་སྒྲོན་མེ༔ མངོན་བྱང་གི་མན་ཤེལ་རྣམས་ལ་བལྟ་བར་བྱ་ཞིང་༔ གོམས་པ་འབྲིངས་མཆོག་གིས་མི་འགྱུར་རྡོ་རྗེའི་རྟེན་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལ་གཏད་པས་རྟེན་དེ་རྣམས་ལས་ནང་གི་དབྱིངས་ཀྱི་སྒྲོན་མ་གཉིས་གསལ་ཞིང་སྡོད་དེ༔ དེའི་རིག་པ་ལུ་གུ་རྒྱུད་མི་འགུལ་བར་སྡོད་པས་དབྱིང༵ས་དང་རིག༵་པ་ཟུང་དུ་འཇུག་པའི་ལྟ་སྟངས་ཞེས་བྱའོ༔ གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས༔ དབྱིངས་དང་རིག་པའི་ལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་མཁའ་ལ་བལྟ༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ ཡུལ་གྱི་གནད་ཀྱང་རྣམ་གསུམ་ལཿ དག་པའི་དབྱིངས་ནི་སྡོད་པ་དང་༔ དེ་བཞིན་རིག་པའི་ངོ་བོ་སྡོད༔ སྣང་བ་ཐམས་ཅད་སྡོད་པའོ༔ ཞེས་དང་༔ རབ་འབྱམས་ལས༔ ཡུལ་ནི་སྒྲིབ་བྱེད་བྲལ་བ་ཡི༔ ནམ་མཁའ་རྐྱེན་མེད་ཉིད་དུའོ༔ མཁའ་ཉིད་སྤྲིན་བྲལ་དྭངས་པ་ལ༔ རིག་པ་མ་འཁྲུལ་རང་བྱུང་བ༔ ཞེས་དང་༔ མིག་གཉིས་སྨིན་ཕྲག་མཁའ་ལ་གཏད༔ ཟེར་གཉིས་དུས་སུ་ཁྱད་པར་བལྟ༔ ཉིན་པར་སུརྱ་བལྟ་བྱ་སྟེ༔ ནུབ་མོ་ཙནྡྲ་བལྟ་བར་བྱ༔ ཞེས་དང་༔ ཀློང་གསལ་ལས་ཀྱང་༔ མིག་གཉིས་ཟིམ་བུས་སུརྱ་བལྟ༔ ཞེས་དང་༔ ནུབ་མོ་ཙནྡྲ་བལྟ་བར་བྱ༔ སྐབས་སུ་བར་སྣང་རྐྱེན་བྲལ་བལྟ༔ ཞེས་དང་༔ རྟེན་གཞན་གྱི་ངེས་པ་ནི་བུ་རྒྱུད་རྣམས་ལས་བཤད་པ་སྟེ། རྟེན་དེ་རྣམས་ལ་བསླབ་ཐབས་དང་བཅས་པའང་ཡང་སྙིང་འཕྲུལ་ཀྱི་དུམ་བུ་ལས་གསུངས་པ་ལྟར༔ ཐོག་མར་སུརྱའི་རྟེན་ལས་ཁྲུ་གང་ངམ་མདའ་གང་གི་ཚད་ཙམ་དུ་མ་ཡེངས་བར་གཏད་པ་ནི་ཡང་དག་པའི་གནད་ཡིན་ནོ༔ དེ་ནས་གཟིགས་སྟངས་གཉིས་རིམ་གྱིས་བྱས་ནས་སྣང་བ་གཞན་དུ་ཁྲིད་ཅིང་ཉམས་སུ་བླངས་པ་ནི་མན་ངག་གོ༔ ལོངས་སྐུའི་བསླབ་ཐབས་ནི་ཙནྡྲ་སྟེ༔ གཞན་ཆོས་སྐུའི་རྟེན་ལ་སློབ་པ་དང་མཚུངས་པ་ལས༔ འདི་ལ་གཞན་དུ་མ་ཡིན་པར་ཙནྡྲ་ཉིད་ཀྱི་དཀྱིལ་དུ་གཏད་པ་ཡིན་ནོ༔ གཟིགས་སྟངས་ནི་ཆོས་སྐུ་ལ་སོགས་པ་གསུམ་གོ་རིམ་གྱི་བཞུགས་ལུགས་དང་བསྟུན་ལ་བྱའོ༔ སྤྲུལ་པ་སྐུ་ནི་ཨཱ་ལོ་ཀེ་ལ་བསླབ་པ་སྟེ་གོང་དང་མཚུངས་སོ༔ འདི་ལྟར་བསླབས་པས་དབང་པོ་རབ་ལོ་གཅིག་ན་འཁྲུལ་སྣང་འགགས༔ འབྲིང་གསུམ་ན༔ ཐ་མ་དགུ་ན་འགགས་པར་ངེས་པ་ཡིན་ནོ༔ ཡུལ་དེ་དག་ལས་ནམ་མཁའ་རྣམ་པར་དག་པ་ནི༔ རྩོལ་མེད་དང་གཞན་རྩོལ་བཅས་སུ་འཆར་བའི་གང་ཟག་གཉིས་ལ་དགོས་པ་ཆེ་བའི་ཕྱིར་གསུངས་པ་འདིའི་སྔ་མ་དང་ཚུལ་མཐུན་པར་དུས་འཁོར་ལས་ཀྱང་༔ ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་པ་ཡི་བགྲད་བའི་མིག་གིས་བལྟ་བྱ་སྟེ༔ རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩལ་ལ་མཐོང་བར་གྱུར་གྱི་བར་དུའོ༔ ཞེས་དང༔ ཡུམ་ལས༔ དོན་འདི་གང་ཡིན་ནམ་མཁའ་ཉིད་ལ་ལྟ་བར་གྱིས༔ ཞེས་སོ༔
གསུམ་པ་རླུང་རིག་གི་གནད་ནི༔ སྤྱིར་རླུང་དང་རིག་པ་གཉིས་སུ་ཡོད་པས་དང་༔ གནད་ཀྱང་སོ་སོར་ཡོད་དེ་འདིར་ལྷན་ཅིག་ཏུ་བཤད་པ་ནི༔ རླུང་རིག་བྱེད་པ་གཅིག་པས་རླུང་བཅིངས་ན་རིག་པ་རང་ངོ་རྡོ་རྗེ་ལྟ་བུའི་ངང་དུ་གནས་པ་ལ་དགོངས་ནས༔ གནད་གསུམ་གྱིས་ཚིག་སྒྲར་བྱུང་བ་ཡིན་ལ༔ འདིར་དེ་གཉིས་སོ་སོར་བཤད་པ་ལ་རླུང་གི་གནད་ནི་ཅི་ནས་ཀྱང་དལ་བའི་ངང་ཁ་ནས་འདྲེན་པ་སྟེ༔ དེ་ཡང་མ་དག་པའི་རླུང་ནི་སེམས་ཀྱི་རྟ་ཡིན་པའི་ཕྱིར་དང་རླུང་དེ་གློ་བ་ན་གནས་པས་ཕྱིར་ཁ་ནས་སྒོ་ཁ་ཡིན་པའི་ཕྱིར་རིངས་སྟབས་སུ་འཕངས་པས་རླུང་སེམས་ཀྱི་འབྲེལ་གྱིས་ཏེ༔ མི་ལྟ་བུའི་རིག་གདངས་སྙིང་གར་ཐིམ་ནས་འོད་གསལ་ཆོས་སྐུའི་དགོངས་པ་གཞི་ལ་གནས་པ་མངོན་སུམ་དུ་མཐོང་བའི་ལས་བྱེད་ཅིང་༔ རྟ་ལྟ་བུའི་ལས་རླུང་ཕྱིར་འགགས་ཤིང་དག་པའི་ཡེ་རླུང་སོར་གཟུད་པའི་གནད་དང་༔ རྟ་དང་རྟ་ཅན་བྲལ་བའི་རྣམ་རྟོག་རང་གྲོལ་དུ་སོང་ནས་སེམས་གསུམ་དབྱིངས་སུ་ལྡོག་པའི་གནད་དེ༔ རབ་འབྱམས་ལས༔ རླུང་གནད་ཤིན་ཏུ་དལ་བར་བསླབ༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཡིད་ཙམ་ཕྱིར་ལ་ནུར་བར་བྱ༔ སོ་གཉིས་བར་དུ་ནས་ཐར་ཙམ༔ ཞེས་དང་༔ རླུང་ནི་སྤྱི་གནད་དལ་བས་ཏེ༔ རྒྱང་རིང་ཕྱི་རུ་འཕངས་པ་ལས༔ ལུས་དང་སེམས་ཀྱི་འབྲེལ་ཆོད་འགྱུར༔ རླུང་རིག་དལ་བ་གནད་དུ་ཆེ༔ རིག་པ་ལུག་རྒྱུད་མངོན་སུམ་མཐོང་༔ ཞེས་སོ༔ རིག་པའི་གནད་ནི་མཁའ་གསལ་དབྱིངས་དང་ཐིག་ལེ་སྣང་བའི་དུས་སུ་ལུག་རྒྱུད་དབྱིངས་ཀྱི་ར་བར་འགུལ་འཕྲིག་མེད་པར་འཛིན་པ་སྟེ༔ རབ་འབྱམས་ལས༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ༔ རིག་པ་ཉིད་ནི་མ་བཅོས་འབེན་དུ་གཏད༔ ཅེས་དང་༔ སངས་རྒྱས་སྲས་གཅིག་ལས༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་འབྲལ་མི་བྱ༔ ཞེས་སོ༔ གནད་གསུམ་པོ་འདི་རྣམས་ཀྱིས༔ མཁའ་གསལ་བུའི་རང་མདངས་མངོན་པར་འཆར་བ་དང་དེའི་ངང་ལས་མི་གཡོ་བར་གནས་པར་ཡང་བྱེད་ལ༔ གདངས་བུའི་སྒྲོན་མ་རྣམས་ལས་མ་ཡེངས་པས་ནང་ཆོས་ཉིད་རིག་སྟོང་དོན་གྱི་དགོངས་པ་འཆར་པས་དབྱིངས་ཀྱི་སྣང་བ་བུའི་འཆར་གཞི་མའི་ཡེ་ཤེས་རྙེད་པའི་ཕྱིར་བུས་མ་འཚོལ་གྱི་གདམས་པ་དང་༔ མི་འགྱུར་བ་གསེར་གྱི་ཐུར་མའི་གདམས་པ་གཉིས་ཀ་གནད་འདི་ལ་འདུས་སོ༔
གསུམ་པ་ངོ་སྤྲོད་ཐབས་ཀྱི་རང་གདེངས་ཀྱིས་གྲོལ་བའི་ཆོས་སྐུར་བཙན་ས་བཟུང་བས་ཆོས་ཉིད་མ་བུ་བསྲེལ་བ་ལ་མངོན་སུམ་དོན་གྱི་གཞིའི་རང་ངོ་སྤྲད་པ༔ སྐྱོན་མེད་དག་མཉམ་ཆེན་པོར་ལ་བཟླ་ཞིང་སེམས་དང་སེམས་བྱུང་གི་བག་ཆགས་དག་ཚུལ་ཀྱང་འདིར་བཤད་བཙན་ས་བཟུང་བ༔ ལྟ་བར་གདམས་པའི་སྒོ་ནས་ཆོས་ཉིད་མ་བུ་བསྲེ་བ་དང་གསུམ་ལས༔
དང་པོ་ནི༔ དེ་ལྟར་གནད་གསུམ་གྱིས་མངོན་སུམ་དུ་མཐོང་བའི་ལམ་སྣང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་༔ སྒྲོན་མ་གཉིས་དབྱིངས་དང་ཐིག་ལེའི་ཟུང་དུ་འཇུག་པ་ནི༔ ཐུགས་རྗེ་དང་ལྷུན་གྲུབ་ཀྱི་རང་གདངས་དང་དེ་ལ་བལྟས་པས་རྣམ་པར་རྟོག་བྱེད་ཀུན་དང་བྲལ་བ་ནང་དུ་ཤར་བ་ནི་ཀ་དག་གི་རང་གདངས་ཏེ༔ དབྱིངས་རིག་དབྱེར་མེད་ཀྱི་དགོངས་པ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་བཟང་བདེ་གཤེགས་སྙིང་པོ་རང་ལ་ཡེ་ནས་ཡོད་པ༔ མ་འཁྲུལ་གཞིའི་སངས་རྒྱས་ཀྱི་ཞལ་རིས་ཡང་དག་པར་མཐོང་བ་སྟེ༔ རབ་འབྱམས་ལས༔ རིག་པ་ལུག་རྒྱུད་མངོན་སུམ་མཐོང་༔ གཞི་གནས་རིག་པ་ཀ་དག་ལ༔ ལམ་སྣང་རིག་པ་ལུག་རྒྱུད་དེ༔ འདུས་མ་བྱས་པའི་ཆོས་ཉིད་དོ༔ ལུག་རྒྱུད་གསེར་གྱི་ཕྲེང་བ་འདྲ༔ གསེར་སྐུད་དང་ནི་ཤེལ་ལྟར་འཚེར༔ དཔེར་ན་ལྕགས་ཐག་བརྒྱངས་པ་འདྲ༔ མངོན་སུམ་འདི་ཉིད་གཅེར་མཐོང་བས༔ ཡིད་དཔྱོད་འཛིན་པ་ཉིད་ལས་གྲོལ༔ རང་ངོ་རིག་པ་ལུ་གུ་རྒྱུད༔ འགྲོ་འོང་བྲལ་ཏེ་མཁའ་ལ་འོང་༔ ཡེ་ནས་གཞི་ལ་གནས་མོད་ཀྱང་༔ བར་དུ་རྐྱེན་མེད་རྐྱེན་གྱིས་གསལ༔ མངོན་སུམ་རང་ཐོག་ཉིད་དུ་ཕེབས༔ འདི་ནི་རིག་པའི་ངོ་བོ་སྟེ༔ འདས་དང་མ་འོངས་ད་ལྟ་བར༔ སུས་ཀྱང་བྱས་པ་མེད་པ་རུ༔ ཡེ་ཉིད་ནས་ནི་རང་གསལ་ལོ༔ ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི༔ རྣམ་རྟོག་བག་ཆགས་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་དང་༔ ཐལ་འགྱུར་ལས༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་སོ༔ དེ་ཡང་སྣང་ཆ་འོད་གསལ་གྱི་ངོས་ནས་ལུ་གུ་རྒྱུད་དངོས་འོད་རྩའི་གདངས་དང་དེའི་ཆ་ཤས་འོད་དང་ཐིག་ལེ་ཀུན་ལའང་བཤད་དེ༔ ལུ་གུ་རྒྱུད་ནི་གྲངས་མེད་པས༔ ཆ་ཤས་སྐུ་ནི་བསམ་མི་ཁྱབ༔ ཅེས་དང་༔ རབ་འབྱམས་ལས༔ རིག་པ་རྡོ་རྗེའི་ལུག་རྒྱུད་ལྟོས༔ ཡེ་ཤེས་སྒྲོན་མ་བཞི་ལྡན་འཆར༔ ཞེས་གསུངས་པའི་ཕྱིར་རོ༔ དེ་ནི་ཡེ་ཤེས་ལྔའི་སྐུའི་རང་མདངས་ཡིན་པར༔ རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ དེ་ཡང་འགྲོ་དང་འོང་བ་དང༔ འགུལ་བ་དང་ནི་འཕྲིག་པའོ༔ ཞེས་སོ༔ འོད་གསལ་གྱི་ངོས་འཛིན་འདི་ལྟར་ཐུན་མོང་གི་རྒྱུད་ལས་ཀྱང་གནང་སྟེ་དཔལ་ཡེ་ཤེས་ཆེན་པོའི་རྒྱུད་ལས་ཀྱང༔ བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལེགས༔ གང་དུ་གནས་པ་ཡིན༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འོད་གསལ་ནི་ནམ་མཁའི་དབུས་སུ་གནས་པའི་ཐིག་ལེའི་ངོ་བོ་སྟེ༔ དེས་ནི་ཕྱག་རྒྱ་ཆེན་པོ་རྙེད་པ་འགྱུར་རོ༔་ ཞེས་སོ༔
གཉིས་པ་ནི༔ དེ་ལྟ་བུའི་རིག་པ་ལུ་གུ་རྒྱུད་དེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དང་གཞི་ལམ་འབྲས་གསུམ་གང་གི་དུས་སུའང་སྐྱེ་ཤི་དང་འགྱུར་བ་མེད་པར་བརྟན་པར་གནས་པའི་ཕྱིར་དང་༔ སྡུག་ཀུན་དང་མཚན་མ༔ གཟུང་འཛིན་སེམས་ཀྱི་ཆོས་དང་བཅས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་ན་དེའི་ཆོས་ཉིད་ཀྱིས་བསྡུས་ནས་འཁོར་འདས་དག་མཉམ་ཆེན་པོར་གཞི་ནས་ཡེ་གྲོལ་དུ་ཡོད་པའང་རང་ཤར་ལས༔ མ་སྐྱེས་དབྱིངས་ན་ཡེ་ཤེས་འོད་གསལ་བ༔ ཀུན་ལ་ཡོད་དེ་ཀུན་ཀྱིས་མཐོང་བ་མེད༔ དཔག་པས་མི་དཔོག་ནམ་མཁའི་དབྱིངས་དང་འདྲ༔ གསལ་ལ་འཚེར་བས་ཉི་མའི་འོད་དང་འདྲ༔ འགྱུར་བ་མེད་པས་རི་རྒྱལ་ལྷུན་པོ་འདྲ༔ ཟབ་ཅིང་དཔག་དཀའ་རྒྱ་མཚོའི་གཏིང་དང་འདྲ༔ གོས་པ་མེད་པས་འདམ་གྱི་པདྨ་འདྲ༔ ཞེས་དང་༔ རབ་འབྱམས་ལས༔ ཡེ་ཤེས་འོད་འབར་སྣང་བ་ཡིས༔ སྐུ་ཡི་འོད་ནི་བསམ་ལས་འདས༔ མཚན་མའི་ཡུལ་ནི་ཀ་ནས་དག༔ དྲི་མའི་ཕྱོགས་ཀྱིས་ང་མི་སྒྲིབ༔ རང་རིག་ཡེ་ཤེས་འོད་གསལ་བས༔ འཁོར་བའི་མུན་པས་ང་མི་སྒྲིབ༔ ང་ལ་ལུས་རྡུལ་ཕྲན་དུ་མ་བསགས་པའི་སེམས་སྐྱེ་འགགས་མེད་པའི་སྐད་ཅིག་མའི་ཆོས་ལས་འདས་ཏེ་གཉིས་མེད་པས༔ སྡིག་པས་ང་ཡི་སྐུ་མི་བསྒྲིབ༔ ང་ལ་སྐྱེ་དང་འཆི་མེད་པས༔ དགེ་བའི་ཕྱོགས་ཀྱིས་ང་མི་སྐྱོབ༔ ང་ལ་ཞེ་སྡང་སེམས་མེད་པས༔ ཞི་གནས་ལྷག་མཐོང་ཅི་ཞིག་བྱ༔ ང་ལ་འཛིན་པའི་སེམས་མེད་པས༔ རྟོག་པའི་བསམ་པས་ང་མི་རྙེད༔ ཆོས་མེད་པ་ལ་ཆོས་ཉིད་བྱུང༔ ཡུལ་མེད་པ་ལ་ཡུལ་ལྟར་བྱུང་༔ ཐམས་ཅད་ཞིང་ཁམས་རྒྱས་པ་ལ༔ དྲན་བྱེད་ཡུལ་དུ་མེད་པའོ༔ ཞེས་སོ༔ ཡང་རྣལ་འབྱོར་བའི་དགོངས་པའི་ངང་ལ་བཞག་དུས་དེའི་མཚན་དཔེའི་གཟི་བརྗིད་ཆེན་པོའི་གཟུང་བ་ཡུལ་དང་༔ ནང་འོད་གསལ་ཤེས་རབ་ཀྱི་སྲོག་དང་ལྡན་པའི་འཛིན་པ་སེམས་ཟིལ་གྱིས་གནོན་པས་རྟོག་པ་རགས་པ་ནི་འགགས༔ ཕྲ་རྟོག་ཙམ་གྱིས་བསླད་པའང་དེ་མ་ཐག་ཏུ་བག་ཆགས་མི་གསོག་པ་དང་༔ ཚུགས་མི་ཐུབ་པར་ཤེས་རབ་ཆེན་པོའི་ངང་དུ་གྲོལ་བ་དང་༔ མ་ཟད་ཐོལ་སྐྱེས་གཟུང་འཛིན་དང་བྲལ་བའི་ཤེས་རབ་རྣོ་མྱུར་ཟབ་གསལ་འཆར་བའི་རྒྱུར་བྱུང་ནས་བསྒོམ་བསྒྲུབ་ལ་མི་གནོད་པར་བོག་འདོན་པ་དང་༔ ལེགས་པར་བརྟགས་ན་འདི་དུས་སེམས་ཀྱི་ཆོས་དང་བཅས་པ་ཡེ་ཤེས་ཀྱིས་བསྒྲིབས་པའི་སྣང་ཆ་ཤར་བས༔ དེ་མཐོང་བྱེད་ཀྱི་བློ་དེ་ཡང་རླུང་སེམས་དང་འདྲེ་ཆའི་རྟོག་རྟོག་ལྟར་ཡང་ཡོད་ཀྱང་༔ ངོ་བོའི་ཆ་ནས་དང་གཟུང་འཛིན་མེད་པར་མཁྱེན་ཆའི་ཤེས་རབ་ཡིན་པའི་ཕྱིར་ཡོན་ཏན་ལས་སྐྱོན་བསྐྱེད་མི་སྲིད་པའི་དྲན་པ་འགགས་མེད་འདི་སངས་རྒྱས་ལོངས་སྐུའི་རང་སྣང་མཁྱེན་གཟིགས་ཀྱི་རྗེས་སུ་སོང་བས་ན་སྤང་ལེན་བཅས་བཅོས་ཅི་ཡང་མི་དགོས་པར་རྣམ་པར་དག་པ་སྟེ༔ ཐལ་འགྱུར་ལས༔ དགོངས་པ་གཅིག་ལས་གཡོས་པ་མེད༔ སྣང་བ་སྣང་བའི་ཐོག་གསལ་བས༔ བཞིན་དང་མེ་ལོང་ལྟ་བུ་ལས༔ གྲོལ་བ་དེ་དང་དེ་ཉིད་གྲོལ༔ ཤེས་པ་འགྱུ་བ་སྟོང་ཡལ་བས༔ མཐོང་ཤེས་རིག་པ་ཐ་དད་མིན༔ དེ་ཉིད་རང་གི་ཐོག་ཏུ་གྲོལ༔ གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར༔ གཉིས་དང་གསུམ་གྱི་གྲངས་མཐའ་ཟད༔ རྟོག་ཅིང་འཛིན་པའི་ཡུལ་མི་སྣང་༔ འགྱུ་དང་འཛིན་པ་ཡེ་ནས་སྟོང་༔ སྟོང་པས་དགོངས་པ་གསལ་རྫོགས་པས༔ དུ་མའི་གྲངས་མཐའ་ཟད་པའོ༔ ཞེས་སོ༔
གསུམ་པ་དེ་ལ་བལྟ་བར་གདམས་པའི་སྒོ་ནས་ཆོས་ཉིད་མ་བུ་བསྲེ་བ་ལ༔ དབྱིངས་རིག་མཐོང་བའི་ཡོན་ཏན་སྤྱིར་བཤད་པ༔ ལུག་རྒྱུད་གོམས་པའི་ཡོན་ཏན་བྱེ་བྲག་ཏུ་བཤད་པ༔ དེ་ན་ལྟ་བར་གདམས་པ་དང་གསུམ་ལས༔
དང་པོ་དབྱིངས་རིག་མཐོང་བའི་ཡོན་ཏན་སྤྱིར་བཤད་པ་ནི༔ དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་མཇལ་བར་འདོད་པས་ཀྱང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཆོས་ཉིད་མངོན་སུམ་པའི་དོན་འདི་དག་ལ་བལྟ་བར་བྱ་ཞིང་༔ སྔོན་བྱས་ཀྱི་ལས་དང་སྡིག་སྒྲིབ་ཐམས་ཅད་དག་པར་འདོད་པ་དང་༔ ཁམས་གསུམ་མིང་མེད་དུ་གྲོལ་བར་འདོད་ཅིང་སྲིད་གསུམ་སྐུ་གསུམ་གྱི་ཆོས་ཉིད་དུ་གདར་ཤ་གཅོད་པར་འདོད་པས་ཀྱང་མངོན་སུམ་འདི་དང་མི་འབྲལ་བར་བྱ་སྟེ༔ དེ་བཞིན་དུ་ཐོག་མའི་སངས་རྒྱས་དབྱིངས་རིག་མངོན་སུམ་གྱི་དོན་འདི་མཐོང་ན་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པའང་ཡིན་པར་རབ་འབྱམས་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ བདེ་བར་གཤེགས་པ་ཐམས་ཅད་དང་༔ རིགས་ལྔའི་སངས་རྒྱས་རིགས་གསུམ་མགོན༔ སྐུ་དང་ཡེ་ཤེས་ཞིང་ཁམས་དང་༔ ཐམས་ཅད་མངོན་སུམ་མཇལ་བ་ཡིན༔ ལས་དང་སྡིག་སྒྲིབ་ཟད་པ་ཡིན༔ མངོན་སུམ་མཐོང་བའི་སྣང་བ་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ མངོན་སུམ་འདི་དང་མ་བྲལ་ཅིག༔ ཅེས་དང་༔ བསྟན་བུ་ལས༔ འདི་ལྟར་སུ་ཡིས་མཐོང་པ་དེ༔ ཐོག་མའི་ཀུན་ཏུ་བཟང་པོ་དང་༔ སྐལ་བ་ཉིད་ནི་མཉམ་པའོ༔ ཞེས་སོ༔
གཉིས་པ་ལུག་རྒྱུད་གོམས་པའི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི༔ ཆོས་ལས་འདས་པའི་སྐུ་དང་༔ ཡེ་ཤེས་ལྔ་ཤེས་པར་འདོད་པ་དང་༔ སྤྱན་ལྔའི་དེ་བཞིན་ཉིད་ཐོབ་པར་འདོད་པས་ཀྱང་༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟ་བར་བྱ་སྟེ༔ རབ་འབྱམས་ལས༔ ཆོས་འདས་ཆོས་སྐུ་མ་ཤེས་ན༔ ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས༔ ཡེ་ཤེས་རྣམ་ལྔ་མ་ཤེས་ན༔ རིག་པ་ལུག་རྒྱུད་མཁའ་ལ་ལྟོས༔ རིག་པའི་སྤྱན་ལྔ་མ་ཤེས་ན༔ རིག་པ་རྡོ་རྗེ་ལུག་རྒྱུད་ལྟོས༔ ཡེ་ཤེས་སྒྲོན་མ་བཞི་ལྡན་འཆར༔ དེ་ཡང་ཤ་ཡི་སྤྱན་གྱིས་མཐོང་༔ མཐོང་སྣང་མ་འགགས་ཤར་བ་དེ༔ ཕྱི་དང་ནང་གི་དོན་ཤེས་ཤིང་༔ དང་པོ་ཐམས་ཅད་རྟོགས་པ་ནི༔ ཤེས་རབ་སྤྱན་གྱིས་མཐོང་བའོ༔ དེ་ཉིད་ངང་ལས་ཕྱི་ནང་གི༔ ཆོས་རྣམས་རྫོགས་ཤིང་ཤར་བ་ནི༔ ཆོས་ཀྱི་སྤྱན་གྱིས་མཐོང་བའོ༔ དེ་ཡི་དོན་ལ་མ་འགགས་པར༔ ཆོས་ཀྱི་མཚན་ཉིད་ཤེས་པ་ནི༔ མཁྱེན་པའི་སྤྱན་གྱིས་ཐམས་ཅད་གཟིགས༔ དེ་ཡང་མིག་ནས་རིག་པའི་སྐུ༔ མངོན་སུམ་ངང་ལས་མ་ཡེངས་པ༔ རྣམ་པར་གྲོལ་བའི་སྤྱན་གྱིས་གཟིགས༔ དེ་ལྟར་སྤྱན་ལྔའི་གཟིགས་སྣང་རྣམས༔ རིག་པ་ལུག་རྒྱུད་ཉིད་ལ་ཐུག༔ ཅེས་སོ༔ དེ་བཞིན་དུ་གནས་སྐབས་སུ་རིག་པ་ལུ་གུ་རྒྱུད་ཀྱི་གདངས་ཤེས་རབ་ཡུམ་གྱི་ངོ་བོ་ཉིད་ལ་རྡོ་རྗེའི་མིག་གི་ལྟ་སྟངས་དང་མ་བྲལ་བས༔ ཐབས་སྣང་བའི་ཡེ་ཤེས་སྒྲོན་མའི་རང་བཞིན་ཀ་དག་གི་རིག་པ་ལ༔ སྤྲུལ་སྐུ་ཤེས་རབ་ཀུན་ཁྱབ་བཞིའི་རྩལ་གྱིས་བརྒྱན་དང་བཅས་པ་རབ་ཏུ་འབར་ནས༔ ལམ་གྱི་ཡོན་ཏན་ཐམས་ཅད་དང་༔ དེ་མཐར་ཐུག་ཏུ་སྨིན་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཡང་ལུ་གུ་རྒྱུད་ལ་གོམས་པར་བྱ་སྟེ༔ རབ་འབྱམས་ལས༔ ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ སྐྱེ་ཤི་མེད་པའི་སྲོག་འཛིན་ན༔ ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས༔ འགགས་མེད་རང་སར་གྲོལ་འདོད་ན༔ ལུ་གུ་རྒྱུད་ཀྱི་སྣང་བ་ལྟོས༔ ཆོས་ཅན་ཟིལ་གྱིས་གནོན་འདོད་ན༔ ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལྟོས༔ དུ་མ་མཐའ་མེད་ལྟ་འདོད་ན༔ ལུ་གུ་རྒྱུད་ཀྱི་སྣང་བ་ལྟོས༔ དྲན་མེད་ཆོས་སྐུ་ལྟ་འདོད་ན༔ ལུ་གུ་རྒྱུད་ཀྱི་དངོས་པོར་ལྟོས༔ ཕྱི་ནང་ཆོས་རྣམས་ཤེས་འདོད་ན༔ རིག་པ་ལུག་རྒྱུད་འགྱུ་བར་ལྟོས༔ གནས་མེད་སྐུ་ལ་ལྟ་འདོད་ན༔ རིག་པ་ལུག་རྒྱུད་སྣང་བར་ལྟོས༔ མཚན་མའི་ཆོས་ཉིད་ལྟ་འདོད་ན༔ ཆོས་ཉིད་ལུག་རྒྱུད་སྐུ་ལ་ལྟོས༔ སངས་རྒྱས་ཐུགས་དགོངས་ལྟ་འདོད་ན༔ ལུ་གུ་རྒྱུད་ཀྱི་ངོ་བོར་ལྟོས༔ ཕྱི་ནང་ཆོས་རྣམས་ཤེས་འདོད་ན༔ ལུག་རྒྱུད་སྐུ་དང་འབྲལ་མི་བྱ༔ ལྟ་སྒོམ་སྤྱོད་གསུམ་དྲིལ་འདོད་ན༔ ལུ་གུ་རྒྱུད་ལ་རྒྱུན་པར་ལྟོས༔ ཞེས་པ་དང་ཚུལ་མཐུན་པར་ཕྲ་བཀོད་ལས་ཀྱང་གསུངས་ཤིང༔ ཡང་ནོར་བུ་ཕྲ་བཀོད་ལས༔ ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན༔ དབྱིངས་དང་རིག་པའི་དོན་ཁོང་དུ་ཆུག་ཅིག༔ རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མ་འབྲལ་བར་གྱིས་ཤིག༔ སྣང་བ་ཐམས་ཅད་འོད་དུ་གསལ་བར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་མཁས་པར་གྱིས་ཤིག༔ ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཀྱང་༔ རྡོ་རྗེ་ལུ་གུ་རྒྱུད་ལ་ཐུག་གོ༔ རང་བྱུང་གི་ཡེ་ཤེས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་སྣང་བའི་འགྲོས་ནི༔ རྡོ་རྗེ་ལུ་གུ་རྒྱུད་དང་ནམ་མཁའ་རྣམ་པར་དག་པ་ལ་ཐུག་གོ༔ ཞེས་སོ༔ ལྟ་སྐུ་བསྐྱེད་རྫོགས་བསྒོམས་པ་གཞན་ནི་བློའི་ཉེ་བར་འཆོས་པའི་རི་མོ་རྗེས་དཔག་གི་ལྟ་སྒོམ་ཙམ་དུ་བྱས་ཤིང༔ འདི་ནི་འདུས་མ་བྱས་པའི་འོད་གསལ་དོན་གྱི་ལྷ་སྐུ་མངོན་སུམ་ལོངས་སྐུའི་དཀྱིལ་འཁོར་དངོས་སུ་མཇལ་བ་ཡིན་པས་དེས་ན་འཕགས་ལམ་གྱི་ལྟ་བསྒོམ་འདི་ལ་གནས་པར་བྱ་བ་ནི་བསྐྱེད་རྫོགས་མཆོག་ཏུ་གྱུར་པ་ཡིན་པར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལས་ཀྱང་༔ ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ༔ མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟག་པ་གང་༔ དེ་ནི་རི་མོ་ལ་སོགས་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན༔ ཞེས་སོ༔
གསུམ་པ་དེས་ན་ལྟ་བར་གདམས་པ་དངོས་ནི༔ སྤྱིར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ད་རེས་ཙམ་དུ་ཟད་ཅིང༔ བྱེ་བྲག་ཏུ་དམ་པའི་ཆོས་འབྱུང་བར་དཀོན་པ་དང་༔ དེ་ལས་ཀྱང་སྲིད་པ་ཐ་མའི་ཆོས་དང་འཕྲད་པ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལས་ཀྱང་འཕྲད་དཀའ་བའི་ཕྱིར་དང་༔ འདི་དང་མ་འཕྲད་ན་རྗེས་དཔག་ལྐོག་གྱུར་པའི་ལམ་གཞན་གྱིས་མྱུར་དུ་འཚང་རྒྱ་བར་མི་ནུས་པས་འཁོར་འདས་ཀྱི་སོ་འཚམས་འབྱེད་པ་ད་རེས་ཙམ་ལ་རག་ལས་པ་དང༔ འདིར་སྒྲོན་མ་ཡུལ་སྣང་མངོན་སུམ་གྱི་དགོངས་པ་འདི་ལ་གོམས་པ་ཙམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར༔ ལེ་ལོ་དང་ཕྱི་བཤོལ་གྱི་དབང་དང་གཞན་གྱི་དྲངས་སུ་བཏུབ་པ་དང་༔ གཞན་གྱི་དྲངས་སུ་འཇོག་པར་མི་བྱེད་པར་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་འབྱམས་ཀླས་པར་བྱ་དགོས་ཏེ༔ ཀློང་གསལ་ལས༔ རིག་པ་མངོན་སུམ་མཐོང་བ་ནི༔ བདེན་པ་མཐོང་བའི་གནད་ཀྱིས་སུ༔ ཁམས་གསུམ་བཟློག་པ་མ་ཡིན་ནོ༔ མངོན་སུམ་རིག་པ་མ་མཐོང་ན༔ ཆོས་ཉིད་ཡིད་དཔྱོད་མུན་པས་མཐའ་འཁོར་ནས༔ འཁོར་བ་ཉིད་དུ་རྣམ་པར་རྒྱུ༔ ཞེས་དང་༔ ཡུལ་དུ་སྒྲོན་མ་དག་པ་ནི༔ ལམ་སྣང་རིག་པ་ལུ་གུ་རྒྱུད༔ ལམ་སྣང་ལྷུན་གྲུབ་རིག་གདངས་ལྔ༔ ལམ་སྣང་ཐུགས་རྗེའི་དབང་པོ་གསལ༔ དེ་ལྟར་དབང་པོའི་མངོན་སུམ་དུ༔ གང་གིས་གོམས་པར་སངས་རྒྱའོ༔ ཞེས་སོ༔
གཉིས་པ་བཞག་ཐབས་བཞིའི་མན་ངག་གིས་རང་གནས་རྣལ་འབྱོར་གྱི་ཐོག་ཏུ་དབབ་པ་ནི༔ བཞག་ཐབས་བཞིའི་ངོ་བོ་མདོར་བསྟན༔ རང་བཞིན་རྒྱས་པར་བཤད༔ དེ་གང་གི་ཐབས་ཡིན་པར་སོ་སོར་བཤད༔ ཚད་དུ་ཕྱིན་པའི་ཁྱད་པར་སྦྱོར་བའི་མཇུག་བསྡུ་བ་དང་བཞི་ལས༔
དང་པོ་ནི༔ ཡི་གེ་མེད་པའི་རྒྱུད་ལས༔ ཕྱི་ནང་གི་བྱ་བ་དང་བྲལ་བར་བྱས་ཏེ༔ ལྟ་བའི་འཁྱེར་སོ་ཆེན་པོ་བཞི་པོ་འདི་དང་མ་བྲལ་ན༔ སངས་རྒྱས་ཀྱི་བདེན་པ་དང་མི་འབྲལ་བར་དོ་མེད་པར་སྐད་ཅིག་མ་ལ་འཚང་རྒྱའོ༔ ཞེས་དང་༔ ཨེ་མ་ཧོ༔ སངས་རྒྱས་ཆེན་པོའི་མཛད་སྤྱོད་ནི༔ ཅོག་བཞག་བཞི་ལས་གཡོ་བ་མེད༔ སངས་རྒྱས་ཉིད་ཀྱི་མཛད་པ་ནི༔ དེ་ལས་མེད་པར་ང་ཡིས་བསྟན༔ ཅེས་སོ༔
གཉིས་པ་ལ་རི་བོ་ཅོག་བཞག་གི་ཐབས༔ རྒྱ་མཚོ་ཅོག་བཞག་གི་ཐབས༔ སྣང་བ་ཅེར་བཞག་གི་ཐབས༔ རིག་པ་ཅོག་བཞག་གི་ཐབས་དང་བཞི་ལས༔
དང་པོ་ནི༔ དབྱིངས་རིག་དབྱེར་མེད་ཀྱི་དགོངས་པར་རི་བོ་ལྟ་བུར་འཕོ་འགྱུར་མེད་པའི་ཆོས་སྐུ་རང་ལ་གནས་པའི་ངང་ཉིད་ལས༔ རྐྱེན་སྣང་གི་རླུང་གིས་མ་བསྐྱོད་པར་བཞག་པ་སྟེ༔ ཡི་གེ་མེད་པ་ལས༔ རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད༔ ཐེ་ཚོམ་ཡོད་པ་མ་ཡིན་འགྱུ་བ་ངང་གིས་མེད༔ དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ༔ དོན་གྱི་ངོ་བོ་དེ་ཉིད་ལ༔ བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད༔ བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད༔ ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ༔ མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ༔ སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ༔ བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ༔ རྩོལ་བ་མ་ཡིན་རྩོལ་བསྒྲུབ་ཆོས་དང་བྲལ༔ གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ༔ ཕྱི་ནང་མེད་པས་ཕྱི་ནང་མེད་པར་གསལ༔ ལྟ་བྱ་མ་ཡིན་རྟག་ཆད་གཉིས་ལས་འདས༔ དེ་ལ་བལྟ་བ་མེད་པས་དེ་ལ་བལྟ་རུ་མེད༔ ལྟ་བའི་དོན་ལས་མི་འདའ་ལྟ་བ་ངང་གིས་མེད༔ དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས་པར་བྱ༔ ཞེས་སོ༔
གཉིས་པ་རྒྱ་མཚོ་ཅོག་བཞག་དགོངས་པ་ནི༔ མིག་ཆུའི་དྭངས་མ་ལ་རྒྱ་མཚོ་ཞེས་བྱ་ཞིང་དེ་ཉིད་གཟིགས་སྟངས་ལས་མ་འགུལ་བར་བཞག་པ་ནི་ཞི་ལྷག་ཟུང་འཇུག་གི་བསྐྱེད་རྫོགས་ཀྱི་རྒྱ་མཚོ་ཆེན་པོ་ལ་རྣམ་རྟོག་གི་རྦ་རླབས་དང་བྱིང་རྒོད་ཉམས་ཞེན་གྱི་རྙོགས་མ་མེད་པར་དྭངས་སངས་ཕྱེད་ནས་བཞག་པ་སྟེ༔ ཡི་གེ་མེད་པའི་རྒྱུད་ལས༔ གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ༔ ཡེ་ཤེས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག༔ གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས༔ ནུབ་པ་མེད་པའི་རྒྱལ་མཚན་རྩེ་ལ་ལྟོས༔ སྟོང་བའི་སེམས་མེད་མ་བཅོས་ཆེན་པོའི་སྐུ༔ བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ༔ ཡེ་ནས་མ་བཅོས་རང་བྱུང་ཅོག་བཞག་ཉིད༔ སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ༔ ཆོས་ཉིད་མཁའ་ལ་གནས་ན་དགོངས་པ་ཉིད་དུ་བསྟན༔ ཆོས་སྐུ་ཡེ་ཤེས་བསམ་པ་ཀུན་སྤངས་ཏེ༔ འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན༔ དམིགས་པའི་ཕྱོགས་དག་མི་འཛིན་ན༔ རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན༔ འཛིན་མེད་གསལ་ཆ་མ་འགགས་པས༔ དགོངས་པའི་འདུག་ཚུལ་དེ་བཞིན་ནོ༔ ཞེས་སོ༔
གསུམ་པ་སྣང་བ་ཅེར་བཞག་གི་ཐབས་བསྟན་པ་ནི༔ འབྱུང་བ་དྭངས་མའི་གཞི་སྣང་མཁའ་གསལ་ལ་འདི་དང་འདིའོ་སྙམ་པ་དཔྱད་རྒྱངས་དང་༔ དག་གྲོལ་གྱི་ངེས་ཤེས་དམ་པོས་མ་བཅིངས་པར་སྣང་ན་སྣང་ཐོག་འཛིན་པ་རང་གྲོལ་གྱི་བཞག་པ་སྟེ༔ སྔ་མ་ལས༔ སྣང་བ་ཅེར་བཞག་རིག་པའི་ཐབས་ཆེན་ནི༔ སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན༔ ལུང་འདི་ཁྲེགས་ཆོད་སྐབས་ཡིན་ཀྱང་ཐོད་རྒལ་ལ་སྦྱར་ན་དག་སྣང་ཕྱི་འོད་ལྔ་དང་། ནང་ཡེ་ཤེས་ལྔ་ལ་འབྱུང་བ་དང་འབྱུང་ཆེན་ཞེས་བྱ་འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་༔ ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ༔ མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག༔ གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ༔ ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག༔ རྡོ་རྗེ་སེམས་དཔའི་རིག་པ་ཅོག་བཞག་ནི༔ ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་བསྟན༔ ཡེ་ཤེས་དག་པའི་སྣང་བ་ཅིར་སྣང་བས༔ གསང་བའི་བཞག་ཐབས་ཅེར་བཞག་ཐབས་ཀྱི་ངང་༔ སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་པས༔ སྤང་བ་མ་ཡིན་རང་གི་དོན་ལ་ཞོག༔ ཆོས་ཉིད་ཀློང་ཡངས་ཅེར་སྣང་ཆེན་པོར་བརྟགས༔ རྫོགས་པ་ཆེན་པོར་བསྒོམ་རྒྱུ་མ་དམིགས་ཏེ༔ ཞེས་སོ༔
བཞི་པ་རིག་པ་ཅོག་བཞག་ནི༔ མིག་ཡུད་ཙམ་མནན་ནས་སྨིན་ཕྲག་ཏུ་བསྡུས་པའི་དབྱིངས་ཀྱི་ངང་དུ་གདངས་ལུ་གུ་རྒྱུད་བཙོན་དུ་འཛིན་པའི་ཐབས་དང་༔ དབྱིངས་རིག་གི་གདངས་ལ་མཉམ་པར་བཞག་དུས༔ ངོ་བོ་སྟོང་གསལ་བརྗོད་དུ་མེད་པའི་ཟང་ཐལ་གྱི་རིག་པ་ཤེས་རབ་བཞིའི་རྩལ་གྱིས་བརྒྱན་པ་ཤར་བའི་ངང་ལས་བཅས་བཅོས་སྤང་བླང་ཆེད་རྩོལ་མེད་པར་བཞག་པ་སྟེ༔ དེ་ཉིད་ལས༔ རིག་པ་ཅོག་བཞག་མན་ངག་ཉིད༔ འདི་ནི་གསང་བའི་ཐུག་ས་ཡིན༔ མིག་ནི་རབ་ཏུ་མནན་བྱ་སྟེ༔ དེ་ཡང་འདུ་འབྲལ་མེད་པར་བརྟག༔ མིག་ཟུར་གཉིས་ལ་དབྱིངས་འབྱུང་བས༔ འོད་ནི་ཕྲ་ལ་འཁྲིལ་བ་འབྱུང་༔ དེ་ལ་ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང༔ ཕྲ་དང་འཇུག་དང་འགྱུ་བའོ༔ མིག་ནི་ནམ་མཁའི་ཁམས་སུ་བརྟགས༔ སངས་རྒྱས་སྐུ་ཡེ་ཐིག་ལེར་འཆར༔ དེ་ཉིད་གོམས་པའི་དྲོད་རྙེད་ནས༔ རིག་པའི་སྐུ་ནི་ལུ་གུ་རྒྱུད༔ སྐུ་དང་བཅས་པ་སྣང་བའོ༔ སྣང་བ་གཅིག་ཆོད་དགོངས་པ་ནི༔ རིག་པ་ཉིད་ནི་བཞག་པ་བཙལ༔ ཞེས་སོ༔
གསུམ་པ་དེ་དག་གང་གི་ཐབས་ཡིན་པ་ནི༔ རང་གྲོལ་ལས་དམིགས་པ་ཡུལ་གྱི་བློ་ཅན་ལ་ཐབས་བཞི་སོ་སོར་བསྟན་པའི་ངེས་པ་དང༔ ཡི་གེ་མེད་པ་ལས་ཀྱང་༔ དེ་ཡང་འདི་ལྟར་ཤེས་པར་བྱའོ༔ རི་བོ་ཅོག་བཞག་གི་ལྟ་བ་དང་༔ རྒྱ་མཚོ་ཅོག་བཞག་གི་དགོངས་པ་དང་༔ རིག་པ་ཅོག་བཞག་གི་མན་ངག་བསྟན་པ་དང་༔ སྣང་བ་ཅེར་བཞག་གི་ཐབས་བསྟན་པའོ༔ ཞེས་སོ༔
བཞི་པ་ཚད་དུ་ཕྱིན་པའི་ཁྱད་པར་གྱིས་འཇུག་བསྡུ་བ་ནི༔ སྒྲོན་མ་སྣང་བྱེད་ལས༔ རི་བོ་ཅོག་བཞག་ལྟ་བའི་ཚད༔ རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད༔ སྣང་བ་ཅེར་བཞག་སྤྱོད་པའི་ཚད༔ རིག་པ་ཅོག་བཞག་འབྲས་བུའི་ཚད༔ ཚད་བཞི་ལྡན་པའི་རྣལ་འབྱོར་ཏེ༔ ངེས་པའི་དོན་དང་བློ་འདྲེས་པའོ༔ ཞེས་སོ༔ དེ་ཡང་ལྟ་བ་ནི་སྔོན་དུ་ཐག་ཆོད་གདེངས་སུ་གྱུར་ནས་ཐེ་ཚོམ་གྱི་རླུང་གིས་མི་བསྒུལ་བ་ཞིག་དགོས་པའི་ཕྱིར་དང༔ ཐག་ཆོད་ཐོག་ཏུ་འགྱུར་བ་མེད་པར་བཞག་པའི་དོན་གྱི་རི་བོ་ཅོག་བཞག་ཏུ་འཐད་ལ༔ གདེངས་སུ་གྱུར་ནས་སུས་ཀྱང་མི་ཕྱེད་པ་དང་༔ ནམ་ཡང་དེ་ལས་གཡོ་བ་མེད་པ་ན་ལྟ་བ་ཚད་དུ་ཕྱིན་པ་ཡིན་ནོ༔ བསྒོམ་པ་ནི་སྟོང་གསལ་གྱི་རིག་པའི་རང་བཞིན་གང་དུའང་མ་འདྲེས་ལ་གཟུང་འཛིན་རྣམ་རྟོག་གི་རྦ་རླབས་རང་སར་ཞི་ཞིང་༔ བྱིང་རྒོད་ཉམས་ཞེན་གྱི་སྐྱོན་ཐམས་ཅད་བསལ་ཏེ་འཇོག་པ་ཡིན་ལ༔ དེའི་རྒྱུན་གོམས་པས་གཡོ་བའི་ཉམས་རི་གཟར་གྱི་འབབས་ཆུ་ལྟ་བུ༔ ཐོབ་པའི་ཉམས་རོང་ཁུང་དོག་མོའི་ཆུ་ལྟ་བུ༔ གོམས་པའི་ཉམས་བྱང་ཐང་སྐྱ་མོའི་ཆུ་ལྟ་བུ༔ བརྟན་པའི་ཉམས་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ༔ མཐར་ཕྱིན་པའི་ཉམས་མཚོ་ཆེན་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་ཐོབ་པའི་ཚུལ་གྱིས་ངང་དྭངས་འོད་གསལ་གྱི་བསྒོམ་པ་འཁོར་ཡུག་ཏུ་གྱུར་བའི་རྒྱ་མཚོ་ཅོག་བཞག་བསྒོམ་པའི་ཚད་དུ་བསྟན་པའོ༔ ཕྱི་སྣང་བ་ཤར་བ་ཆེད་དུ་མ་དགག་པར་ཅེར་བཞག་མཐོང་ཡལ་རང་གྲོལ་ཏུ་རྩལ་སྦྱངས་པའི༔ བརྟན་པ་མཐར་ཐུག་དུས་སྣང་བ་རིག་པའི་གྲོགས་སུ་ཤར་བ་ལས་མ་གོས་པར་དག་པའི་འཇིག་རྟེན་པའི་རྗེས་སུ་ཐོབ་པ་དང་ཆ་མཚུངས་སུ་སོང་ན་ཡུལ་ངན་སྤངས་སྦྱངས་བསྒྱུར་བཀོད་ལ་སོགས་པ་གང་ཡང་མི་དགོས་པར་ཀུན་ཏུ་བཟང་པོའི་སྤྱོད་པར་ལྷུན་གྲུབ་ཀྱི་ཅེར་བཞག་མཐར་ཐུག་པ་ནི་ཚད་དུ་ཕྱིན་པ་ཡིན་པ་དང་༔ ད་ལྟ་རིག་པ་ཤེས་རབ་ཀྱི་སྒྲོན་མ་ལ་རླུང་སེམས་ཀྱི་ཤུན་པ་དང་བྲལ་ནས་བཞག་པ་འབྲས་བུ་མངོན་དུ་གྱུར་པའི་ཐབས་འབྲས་བུ་ལམ་བྱེད་ཀྱི་སྣང་བ་བཞིར་རིག་པ་སེམས་དང་བྲལ་བའི་ཚད་རིམ་གྱིས་སོ་སོར་མ་འདྲེས་པར་ཐོབ་པ་དང་༔ མཐར་ཐུག་པར་རིག་པ་སྣང་གསུམ་གྱི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ནི༔ ལམ་གྱུར་དང་མངོན་རྫོགས་ཀྱི་འབྲས་བུ་ཚད་དུ་ཕྱིན་པ་ཡིན་ནོ༔ ཞེས་པའི་དོན་ཏོ༔ དེ་ལྟར་ཅོག་བཞག་བཞི་པོ་འདི་དག་གི་ངོ་བོ་ངོས་བཟུང་གཞན་དང་འདྲ་མིན་ཅུད་ཟད་ཡོད་ཀྱང༔ རྒྱུད་ལ་འཆད་ཚུལ་མང་པོ་ལས༔ འདི་རིག་འཛིན་སྔ་མ་རྣམས་ཀྱི་མན་ངག་གི་ཡི་གེའི་རྗེས་སུ་འབྲངས་པ་ཡིན་ནོ༔ དེ་སྐད་དུ་ཡང་དུམ་དུམ་ཁྲིག་གི་མན་ངག་བདུན་ཅུ་པ་ལས༔ རི་བོ་ཅོག་བཞག་གི་ལྟ་བ༔ མི་འགྱུར་བའི་རིག་པ༔ དཔེ་རི་བོ་ལྟར་དཔངས་མཐོ་བ༔ བྱ་བྱེད་མེད་པ་ནམ་མཁའི་ངང་ལས་མ་གཡོས་པར་བཞག་སྟེ༔ རང་གིས་མི་འབྲལ་བར་བྱའོ༔ རང་གསལ་ཙམ་དུ་བཞག་པར་བྱ་སྟེ༔ དེ་ཡང་སྒྲོན་མ་ཉིད་མིག་གིས་མ་ཡེངས་པར་བསྟན་ཏེ༔ དབྱིངས་ཀྱི་སྒྲོན་མ་དང་མ་བྲལ་བར་བྱའོ༔ རྒྱ་མཚོ་ཅོག་བཞག་གི་དགོངས་པ༔ གཞན་གྱི་ཕྱོགས་སུ་མི་ལྟ་ཞིང་༔ དེའི་ངང་ལ་རླུང་གིས་མ་བསྐྱོད་པ་བཞིན་དུ༔ རྐྱེན་དབང་དུ་མི་འགྲོ་ཞིང་༔ གནས་པ་ཉིད་ལ་བྱ་ཞིང་དགོངས་པ་ལས་མི་འདའ་བར་གསལ་བ་མ་ཡེངས་པར་སྣང་བ་ལ་ཀུན་ཏུ་ཁྱབ་པ་ཆེན་པོ་ཡངས་པ་ལ་མཛེས་པར་སྣང་བ༔ སྒྲོན་མ་ལ་མིག་གི་ཟུར་གྱིས་བལྟ་བར་བྱ་སྟེ༔ དབྱིངས་ཀྱི་ངང་དུ་རིག་པ་ཉིད་དོ༔ རིག་པ་ཅོག་བཞག་གི་མན་ངག༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་བྱ་སྟེ༔ སྐུ་དེ་ཡང་སྒྲོན་མའི་ནང་དུ་བཟུང་སྟེ༔ བྱ་བྱེད་དང་བྲལ་བར་བྱ༔ དབྱིངས་ཀྱི་སྒྲོན་མ་དེ་ཉིད་ཀྱི་ནང་དུ་ཐབས་ཀྱི་ནང་དུ་ཐབས་ཀྱིས་གཟུང་བ་ལ་བྱ་སྟེ༔ མིག་མི་འགུལ་བའོ༔ དེ་ཡང་སྡོད་པ་གསུམ་མི་འགུལ་བ་གསུམ་ལ་བྱའོ༔ སྣང་བ་ཅེར་བཞག་གི་ཐབས་བསྟན་པ༔ ཐད་ཀའི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོ་སློང་བའོ༔ སྣང་བ་ཉིད་ཅེ་རེར་སྣང་ཡང་ཡིད་མ་ཤོར་ཞིང་དོན་ལ་མ་གྲུབ་པའོ༔ དེ་ཡང་སྣང་བའི་རང་བཞིན་ཇི་སྙེད་པ་ཐམས་ཅད་རྟོག་པ་མེད་ཅིང་རང་གི་སྒྲོན་མ་དེ་ཉིད་དང་མ་བྲལ་བར་གནས་ཏེ༔ ཕྱི་ནང་གི་བྱ་བ་བཏང་ཞིང་༔ རྐྱེན་མེད་པའི་ཡུལ་ཤིན་ཏུ་དབེན་པར༔ ཅོག་བཞག་རྣམས་ལ་བལྟ་བར་བྱའོ༔ ཞེས་སོ༔
གསུམ་པ་ལྟ་སྒོམ་སྤྱོད་འབྲས་རྒྱུན་བྱེད་བཞིའི་རྣལ་འབྱོར་གྱི་གདམས་ངག་གནད་དུ་བསྣུན་པ་ལ༔ སྙིང་ཐིག་སྤྱིར་བཏང་ལྟར་ན་རྒྱུན་བྱེད་བཞིའི་རྣལ་འབྱོར་གྱི་ཉམས་ལེན་བཤད་པ༔ སྐབས་ཀྱི་དོན་ངོས་བཟུང་ནས་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་རིམ་པ༔ དེའི་གོལ་སྒྲིབ་ཀྱི་འཕྲང་བསལ་བའོ༔
དང་པོ་ནི༔ མཉམ་བཞག་ཏུ་རང་བྱུང་གི་ཡེ་ཤེས་སྣང་སྟོང་ཟུང་འཇུག་གི་གནས་ལུགས་མངོན་སུམ་མཐོང་བའི་ལྟ་བ་དང་༔ རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་རྟོགས་པའི་ལྟ་བ་སྟེ༔ དེ་ལྟ་བུའི་གདེང་གིས་ཟིན་པར་བྱ་བ་དང་༔ བསྒོམ་པ་མཉམ་བཞག་ཏུ་ལྟ་བའི་ངང་ལ་གསལ་སྟོང་བརྗོད་བྲལ་དུ་བཞག་པ་དང་༔ རྗེས་ཐོབ་ཏུ་སྒྱུ་མའི་ཉམས་ལེན་མ་བརྗེད་པར་བྱའོ༔ སྤྱོད་པ་ནི༔ ཅི་ཤར་རང་གྲོལ་དུ་རྩལ་སྦྱང་ཞིང་༔ དུས་ཚོད་དང་མཐུན་པའི་སྤྱོད་པས་བོག་འདོན་པའོ༔ འབྲས་བུ་ནི་གནས་ལུགས་ལ་གདེང་ཐོབ་པའི་རིམ་པས་ལམ་གྱུར་གྱི་ཡོན་ཏན་རྒྱུད་ལ་ཤར་བའོ༔
གཉིས་པ་སྐབས་ཀྱི་དོན་ངོས་བཟུང་ནས་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་རིམ་པ་ལ༔ རྣལ་འབྱོར་བཞིའི་རིམ་པ་བཤད་པ་དང་༔ དེའི་དོན་བསྡུ་བ་གཉིས་ལས༔ དང་པོ་ལ༔ ལྟ་སྒོམ་སྤྱོད་འབྲས་བཞི་ལས༔ དང་པོ་ལ་ལྟ་བའི་ངོ་བོ་ངོས་བཟུང་བ༔ ཇི་ལྟར་རྣལ་འབྱོར་བྱ་བའི་ཚུལ་གཉིས་ལས༔
དང་པོ་ནི༔ ཕྱི་ཆོས་ཅན་ལྟ་བའི་ལྟ་བ༔ ནང་ཆོས་ཉིད་ལྟ་བའི་ལྟ་བ༔ གསང་བ་རང་རིག་ལྟ་བའི་ལྟ་བ་རྣམས་ནི་འདིའི་ལྟ་བ་ལ་ལྷུན་གྱིས་རྫོགས་ཀྱང་༔ བྱེ་བྲག་རང་གི་ཁྱད་པར་ནི་སྒྲོན་མ་མཐོང་དག་གི་ལྟ་བ་ཞེས་བྱའོ༔ ཅིའི་ཕྱིར་ན་ཆོས་ཉིད་མངོན་སུམ་གྱི་སྣང་བ་འདི་མཐོང་བའི་མོད་ལ་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་དབྱིངས་སུ་དག་པའི་ཕྱིར་རོ༔ དེ་ཡང་ཐལ་འགྱུར་ལས༔ བརྗོད་ཚིག་མིང་གི་རྣམ་གྲངས་ནི༔ ཕྱི་དང་ནང་དང་གསང་བ་དང་༔ བླ་ན་མེད་བའི་ལྟ་བ་བཞིའོ༔ ཕྱི་ནི་ཆོས་ཅན་ལ་བལྟ་བ༔ རིམ་བརྒྱད་སོ་སོའོ་འདོད་པ་ལ༔ ཡིད་དཔྱོད་འཛིན་པ་ཉིད་དུ་འདོད༔ ནང་གི་ཆོས་ཉིད་ལ་བལྟས་པས༔ ངོ་བོ་རང་བཞིན་སྟོང་བར་མཐོང་བ་མཉམ་བཞག་སྒྱུ་མར་མཐོང་བ་རྗེས་ཐོབ་སྟེ་འདི་སྔགས་ཀྱི་ཕྱག་ཆེན་སོགས་ཀྱི་ལྟ་བ༔ གསང་བ་རང་རིག་པའི་ཡེ་ཤེས་ལ་བལྟས་པས༔ ལུ་གུ་རྒྱུད་དང་རིག་སྟོང་དབྱེར་མེད་འབྲེལ་ཆགས་མཐོང་བ་ཡང་ཏི་ཁྲེགས་ཆོད་ཀྱི་ལྟ་བའི་མཐོང་ཚུལ་དང་༔ ཁོ་ན་ཉིད་ནི་དབྱིངས་ཐིག་དང་རིག་པ་རང་བྱུང་གི་སྒྲོན་མ་རིག་གདངས་ལུ་གུ་རྒྱུད་དང་བཅས་པ་གོ༔ ཞེས་སོ༔ འདིར་ནི་དབྱིངས་རིག་གི་སྒྲོན་མ་ཟུང་འཇུག་གི་ལྟ་བ་ཞེས་བྱ་སྟེ༔ དུས་གསུམ་སངས་རྒྱས་ཀུན་གྱི་ལྟ་ཕུག་མཐར་ཐུག་ཏུ་གནས་པ་སྟེ༔ རྩལ་རྫོགས་ལས༔ སངས་རྒྱས་ཀུན་གྱི་ལྟ་ཕུག་ནི༔ དབྱིངས་རིག་གཉིས་ལས་མ་འདས་པའོ༔ ཞེས་སོ༔ དེ་ཡང་དབྱིངས་རིག་གི་ངོས་བཟུང་ཀྱང་བག་རྡུལ་དྭངས་པའི་ནམ་མཁའ་ལ༔ མཁ༵འ་གས༵ལ་ཟང་ཐལ་གྱི་ཐིག་ལེའི་མཐོང་བ་བརྟོལ་བ་ཡིན་གྱི་གསལ་རིག་ཙམ་ཞིག་མ་ཡིན་པས་ན༔ དེ་ཉིད་ལས༔ རྫོགས་ཆེན་ལྟ་བ་རང་གནས་ཉིད༔ བག་རྡུལ་དྭངས་པའི་ནམ་མཁ༵འ་ལ༔ མ་ཡེངས་ཚུལ་གྱིས་གས༵ལ་བའོ༔ ཞེས་སོ༔ འདི་ནི་ཀུན་རྫོབ་དག་ཆེན་གྱི་ལྟ་བ་གཙོ་ཆེ་བའི་དབང་དུ་བྱས་ནས༔ དེ་དང་རོ་གཅིག་གི་བདེན་པ་དབྱེར་མེད་ཀྱི་ཆོས་སྐུ་ནི༔ སྤྱོད་པ་ཐབས་ཀྱི་ལྟ་བའི་ཐ་སྙད་བྱས་པ་སྟེ༔ དེ་ཉིད་ལས་ཡེ་ནས་རང་གསལ་ཆོས་ཉིད་ནི༔ གསང་བའི་ཡེ་ཤེས་མཁ༵འ་ལ་གས༵ལ༔ དོན་དམ་ཀུན་རྫོབ་གཉིས་མེད་ནི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ལྟ་བར་འདོད༔ ཅེས་དང་༔ སྤྱོད་པ་ཐབས་ཀྱི་ལྟ་བ་ནི༔ སྒྲོན་མ་ཉིད་ཀྱི་ལྟ་སྟངས་སོ༔ ཞེས་སོ༔
གཉིས་པ་རྣལ་འབྱོར་གྱི་རིམ་པ་དང་པོ་ནི༔ དེ་ལྟར་ལྟ་བའི་རྣམ་གྲངས་མང་ཡང་༔ ཆོས་ཉིད་དོན་གྱི་ལྟ་བ་ནི་རིག་པ་ཅོག་བཞག་གི་གནས་ལུགས་འདི་ཡིན་ཏེ༔ དེས་ནི་ཕྱི་སྣང་བ་རྣམ་པར་དག་པའི་སྟོང་གཟུགས་ལ་རིག་པ་ལུ་གུ་རྒྱུད་ཀྱི་སྣང་བ་ཟང་ཐལ་དུ་ཤར་དུས་གདངས་དེ་ལ་མིག་མི་འགུལ་བར་བལྟ་བས་ཉམས་སུ་བླང་བར་བྱ་བ་ཡིན་ཏེ༔ དེའི་དུས་ན་གང་སྣང་ཐམས་ཅད་རང་གདངས་ཆོས་ཉིད་ཀྱི་རོལ་བ་འབའ་ཞིག་ཡིན་པས༔ ངོ་བོ་ལ་སྙེམས་བྱེད་རྣམ་རྟོག་གི་གཟེག་མ་བསྐུར་བར་འཇོག་དགོས་པའོ༔ རབ་འབྱམས་ལས༔ ལྟ་བའི་དོན་ནི་ལུ་གུ་རྒྱུད༔ ཆོས་ཅན་ལྟ་བ་གྲངས་མང་ཡང་༔ ཆོས་ཉིད་དོན་ལ་གཅིག་ལས་མེད༔ ལྟ་བ་རྒྱུན་གྱི་རྣལ་འབྱོར་པས༔ དེ་ཡི་དོན་ལ་འགྱུར་མེད་བལྟ༔ ཞེས་དང་༔ རང་སྣང་ཆོས་ཉིད་རོལ་བ་སྟེ༔ ལྟ་བ་རྒྱུན་གྱི་རྣལ་འབྱོར་རྫོགས༔ ཞེས་སོ༔
གཉིས་པ་བསྒོམ་པ་རྒྱུན་བྱེད་ལ༔ངོ་བོ་ངོས་བཟུང་བ་དང་༔ རྣལ་འབྱོར་དུ་བྱ་བའི་ཚུལ་གཉིས་ལས༔ དང་པོ་ནི༔ སྤྱིར་བསྒོམ་པ་ལ་མཚན་མ་སེམས་ཀྱི་བསྒོམ་པ་དང་༔ ཡེ་ཤེས་རང་སྣང་གི་བསྒོམ་པ་གཉིས་སུ་ཡོད་པ་ལས༔ འདིར་ནི་ཕྱི་མ་རྩོལ་བྲལ་བཞག་ཐབས་ཀྱི་བསྒོམ་པ་ཡིན་ཏེ༔ རྩལ་རྫོགས་ལས༔ བཞག་ཐབས་རྩོལ་བྲལ་བསྒོམ་པ་ནི༔ དཔེར་ན་སེང་གེ་ལྟ་བུར་བསྟན༔ དེ་བཞིན་ལྟ་བསྒོམ་ཡེ་གནས་དོན༔ སུས་ཀྱང་མཐོང་བ་མ་ཡིན་ཏེ༔ རང་རིག་ཐབས་ཀྱིས་གོ་བར་བསྟན༔ ཞེས་སོ༔ དེ་ལའང་སྣང་སྟོང་གི་ལམ་གྱི་བསྒོམ་པ་གཉིས་ལས་འདིར་ཕྱི་མ་ཆོས་ཉིད་ཡུལ་འཇུག་མཁ༵འ་གས༵ལ་གྱི་བསྒོམ་པ་ཡིན་ཏེ༔ སེང་གེ་རྩལ་རྫོགས་ལས༔ རྟོག་མེད་ཕྱོགས་སངས་ཉིད་ཀྱི་མཁ༵འ་ལ་གས༵ལ༔ བདེ་བ་དངོས་བྲལ་ཆོས་ཉིད་ཡུལ་ལ་འཇུག༔ བཅོས་པ་མེད་པའི་ཏིང་འཛིན་རང་སྣང་ཡུལ༔ ཞེ་འདོད་མེད་པའི་བསྒོམ་པ་མཁ༵འ་ལ་གས༵ལ༔ ཞེས་དང་༔ ཡི་གེ་མེད་པ་ལས༔ བསྒོམ་པའི་སྐྱེལ་སོ་ལུ་གུ་རྒྱུད་དུ་བསྟན༔ ཞེས་སོ༔
གཉིས་པ་རྣལ་འབྱོར་དུ་བྱ་བའི་ཚུལ་ནི༔ ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་དབྱིངས་ཀྱི་རྭ་བར་གཏོད་ཅིང་དེའི་དགོངས་པ་ལས་མ་ཡེངས་ཤིང་གདངས་དུས་དང་དུས་མིན་དུ་མི་འབྲལ་བར་སྐྱོང་བ་ནི་བསྒོམ་པ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ཡིན་ནོ༔ རབ་འབྱམས་ལས༔ ལུ་གུ་རྒྱུད་དང་མ་བྲལ་ན༔ བསྒོམ་པ་རྒྱུན་གྱི་རྣལ་འབྱོར་རྫོགས༔ ཞེས་དང༔ ཕྲ་བཀོད་ལས༔ རང་རིག་བསྒོམ་པའི་རྒྱུན་མེད་ཀྱང་༔ སྒོམ་པ་རྒྱུན་གྱི་རྣལ་འབྱོར་འབྱུང་༔ དུས་དང་དུས་མིན་ཐམས་ཅད་དུ༔ ལུ་གུ་རྒྱུད་དང་མ་བྲལ་ན༔ སྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན༔ ཞེས་སོ༔
གསུམ་པ་སྤྱོད་པ་རྒྱུན་བྱེད་ལ༔ ངོ་བོ་དང་༔ རྣལ་འབྱོར་རོ༔ དང་པོ་ནི༔ རྫོགས་པ་ཆེན་པོའི་ཆོས་སྡེ་རུའང་ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལས་དང་པོ་པའི་ཆོས་སྤྱོད་བཅུའོ༔ གྲང་དུ་སྤྱོད་པ་ཉེར་གཅིག་སོགས་ནི་བརྟུལ་ཞུགས་རོ་སྙོམས་ཀྱི་སྤྱོད་པ་དང་༔ ཐུགས་རྗེ་གདུང་བ་དང་ཐུགས་རྗེ་ཆེན་པོ་སྟེ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་དང༔ མཚན་ཉིད་པའི་སྤྱོད་པ་མ་ཆགས་འཛིན་པའི་སྤྱོད་པ་སོགས་སྒྲས་བསྡུས་པ་དགག་སྒྲུབ་མེད་པའི་སྤྱོད་པ་གསང་སྔགས་ཕྱི་ནང་གིས་བསྡུས་པ་མང་དུ་ཡོད་ཀྱང་འདིར་ནི་དབྱིངས་རིག་འབྲལ་མེད་ཀྱི་སྤྱོད་པ་ཞེས་བྱ་སྟེ༔ ཐལ་འགྱུར་ལས༔ སྤྱོད་པའི་སྦྱོར་བ་དབྱིངས་རིག་ལ༔ གཟེར་གསུམ་བཞུགས་སྟངས་གསུམ་༡གཟིགས་སྟངས་༢སྒོ་ཡུལ་རླུང་གི་གནད་གསུམ་སྟེ་༣ལྡན་པ་འབྲལ་མེད་པར༔ རྟག་ཏུ་འདྲེས་ན་སྤྱོད་པ་བདེ༔ ཆོས་ཀུན་བྱ་བ་བྲལ་བ་དང་༔ འཁོར་འདས་འབྲེལ་བ་ཆད་པའི་དུས༔ རྟོག་བཅས་འཁྲུལ་བ་འགགས་པ་སྟེ༔ འཁོར་བའི་གཡང་ས་རྒྱུན་བཅད་པས༔ རྣལ་འབྱོར་ཆེན་པོའི་སྤྱོད་པའོ༔ ཞེས་སོ༔
གཉིས་པ་ནི༔ རིག་པ་ཟང་ཐལ་མངོན་སུམ་པའི་ལུ་གུ་རྒྱུད་ཀྱི་སྣང་བ་ལ་བློས་འཛིན་ཞེན་ཐམས་ཅད་དང་བྲལ་བར་ལོངས་སྤྱོད་པ་དང་རྒྱུན་དུ་མི་འབྲལ་བ་ནི༔ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་སྟེ༔ རབ་འབྱམས་ལས༔ ཟང་ཐལ་མངོན་སུམ་མ་བྲལ་ན༔ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་རྫོགས༔ ཞེས་དང་༔ ཕྲ་བཀོད་ལས༔ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་གྱིས༔ ལུ་གུ་རྒྱུད་ཀྱི་ངོ་བོ་དང་༔ དུས་བཞི་ཉིད་དུ་མ་བྲལ་ན༔ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན༔ ཞེས་སོ༔
བཞི་བ་ནི༔ འབྲས་བུ་ལྷུན་གྲུབ་རང་ཆས་ཀྱི་རིག་པ་ལུ་གུ་རྒྱུད་ལ་རེ་དོགས་མེད་པར་བཞག་པ་སྟེ༔ ཡི་གེ་མེད་པར༔ སངས་རྒྱས་ཀུན་གྱི་འབྲས་བུ་བྱར་མེད་ཀློང་༔ དེ་ལས་མ་འདས་ཆོས་ཉིད་བསྒྲུབ་ཏུ་མེད༔ ཅེས་སོ༔
གཉིས་པ་དེའི་དོན་བསྡུ་བ་ནི༔ ཇི་སྐད་དུ༔ གསང་སྔགས་རིག་པ་ཅོག་བཞག་ནི༔ ལྟ་བསྒོམ་སྤྱོད་པའི་མདོ་མདུད་ཡིན༔ ཞེས་དང་༔ རྩལ་རྫོགས་ལས༔ དབྱིངས་དང་རིག་པའི་དོན་ཉིད་ནི༔ ལྟ་བསྒོམ་སྤྱོད་པ་ཀུན་གྱི་དངོས༔ ཡེ་ཤེས་རང་སྣང་གཟུང་འཛིན་བྲལ༔ དབྱིངས་དང་རིག་པ་གཉིས་ཀྱི་དོན༔ འདི་ཡི་ངང་དུ་ཐམས་ཅད་འདུས༔ ཞེས་སོ༔
གསུམ་པ་དེའི་གོལ་སྒྲིབ་ཀྱི་འཕྲང་བསལ་པ་ལ༔ སྔ་མ་གསུམ་གྱི་གོལ་ས་བཤད༔ ཕྱི་མ་ལ་གོལ་ས་མེད་པར་བཤད་དོ༔
དང་པོ་ལ༔ ལྟ་བསྒོམ་སྤྱོད་པ་གསུམ་ལས༔ ལྟ་བ་རྒྱུན་བྱེད་ལ་གོལ་ས་རྣམ་པ་གསུམ་ཡོད་དེ༔ དེང་སང་སྟོན་ཆེན་པ་འགའ་ཞིག་གི་ལྟར་དུ་ལྟ་བ་སྟོང་པ་ཉིད་ཅི་ཡང་མཐོང་དུ་མེད་པ་ཞིག་ལ་གདེངས་འཆའ་ཞིང་དེ་ལ་ཨ་འཐས་སུ་ཞེན་ན༔ གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ༔ ཡང་འོད་གསལ་གྱི་སྣང་བ་ཉིད་ཕྲ་རགས་རྡུལ་ཕྲན་གྱི་གཟུགས་སུ་མ་གྲུབ་པ་དང་༔ ཡུལ་ལ་ཡོད་པ་མིན་པར་རང་མིན་གཞན་གྱིས་མི་མཐོང་བ་དང་གཏན་ནས་མེད་པའང་མིན་པས་བཀབ་པ་དང་མ་བཀབ་པའི་མིག་གི་རྟོག་པའི་ཕྱིར་གཟུགས་མ་ཡིན་པ་ལ༔ དོན་དམ་པའི་བདེན་པ་རང་གིས་མཚན་ཉིད་ཡེ་ཤེས་ཀྱི་མིག་གི་མཐོང་བ་ལ་དགའ་བྲོད་དུ་ཞེན་ནས་དངོས་པོར་བལྟས་ན་གཟུགས་ཁམས་སུ་གོལ་ལ༔ སྟོང་གཟུགས་དེ་ལ་མཚན་མར་བལྟས་ནས་ཆགས་པ་ཆེན་པོས་བཅིངས་ན་འདོད་ཁམས་སུ་གོལ་བས་ན་རབ་འབྱམས་ལས༔ སྟོང་པ་ཉིད་ལ་ཨ་འཐས་ན༔ གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ༔ ཞེས་དང་༔ རྩལ་རྫོགས་ལས༔ རང་གི་གནས་ལུགས་མཐོང་བ་ནི༔ ཡུལ་ལ་ཡོད་པ་མ་ཡིན་ཏེ༔ ཞེས་དང་༔ བདེ་མཆོག་སྟོད་འགྲེལ་ལས༔ གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་དེའི་ཕྱིར་གཟུགས་མ་ཡིན་ཞིང་༔ གཟུགས་ལས་གཞན་པ་ཡང་མ་ཡིན་ལ༔ མིག་གིས་རྟོགས་པ་ནི་མ་ཡིན་ལ༔ མིག་མེད་པར་རྟོགས་པ་ཡང་མ་ཡིན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ དངོས་པོ་ཅན་དུ་འཐས་པ་ན༔ གཟུགས་ཁམས་གནས་རིས་བཅུ་བདུན་དང་༔ བེམ་པོ་ལྟ་བུར་གོལ་བར་འགྱུར༔ ལུ་གུ་རྒྱུད་ཀྱི་སྣང་བ་ལ༔ རྟག་པ་ཅན་དུ་འཛིན་པ་ན༔ ཆགས་པ་ཆེན་པོས་བཅིངས་པར་འགྱུར༔ འགྲོ་དྲུག་གནས་སུ་དེ་གོལ་ལོ༔ ཞེས་སོ༔
གཉིས་པ་བསྒོམ་པ་རྒྱུད་བྱེད་ལའང་གོལ་ས་རྣམ་པ་གསུམ་ཡོད་དེ༔ ཞི་གནས་དང་བཏང་སྙོམས་ལུང་མ་བསྟན་དུ་སོང་ན་དེས་ཀྱང་ཁམས་གོང་མའི་ལས་ཙམ་སོགས་ཀྱི་ཞི་སྒོ་གཅིག་པུ་ཤེས་རབ་ལྷག་མཐོང་གི་བདེན་པ་དང་བྲལ་བས་ཐར་པའི་ལམ་མི་རྙེད་པས་ན༔ དེ་བཅད་པ་ལ་རིག་པ་ཀ་དག་ལྷག་མཐོང་གི་གནས་ལུགས་མཐོང་བའི་རྗེས་ལ་འཇོག་པ་གནད་རབ་ཏུ་ཟབ་པོ༔ ཡང་གསལ་བ་རིས་བཅད་ངོས་བཟུང་དང་བཅས་ན་མཐར་ལྟའི་ཕྱོགས་སུ་གོལ་བའི་ཕྱིར༔ འཛིན་མེད་རང་ཡན་གྱིས་རྒྱས་ཐེབ་པ་བཅད་པའི་གནད་དོ༔ ཡང་སྟོང་ཉིད་འཛིན་སྟངས་སུ་སོང་ནས་བྱུང་ཚོར་བཀག་པའི་མུ་སྟེགས་ཉི་མ་བའི་ཕྱོགས་སུ་གོལ་བས་ན༔ རབ་འབྱམས་ལས༔ བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ༔ གོལ་ས་རྣམ་པ་གསུམ་ཡོད་དེ༔ བཏང་སྙོམས་བདག་མེད་བསྒོམ་པ་ནི༔ སྟོང་སྣང་མུན་སྣང་ཉིད་དུ་གོལ༔ ཏིང་འཛིན་ཡིག་འབྲུ་སྒོམ་བྱེད་ན༔ ཆགས་བཟུང་འཁོར་བའི་གནས་སུ་གོལ༔ མི་རྟོག་སྟོང་པར་བསྒོམ་བྱས་ན༔ ཆད་པ་མུ་སྟེགས་ལྟ་བུར་གོལ༔ ཞེས་སོ༔
གསུམ་པ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ་གོལ་ས་གསུམ་ཡོད་དེ༔ སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཐོབ་པའམ་ཞེན་མེད་རང་གྲོལ་གྱི་དོན་རྒྱུད་ལ་མ་སྐྱེས་བར་དུ་གང་སྣང་བྱུང་རྒྱལ་ལ་སྨྱོན་པ་ལྟར་སྤྱོད་ན་ལྷ་མ་ཡིན་ཏུ་གོལ་བས་ཞེན་པ་བཅད་པ་གཅེས་སོ༔ ཁ་བཤད་ཚིག་ལ་ཞེན་ནས་དག་གྲོལ་དུ་བལྟས་པའི་སྤྱོད་པ་སྤྱད་ན་དེ་ལྟ་བ་དོན་གྱི་སྤྱོད་པ་མ་ཡིན་པའི་ཕྱིར་གྲུབ་མཐའི་མཐར་འཛིན་གཞིག་པ་གཅེས་སོ༔ སྣང་བ་ལ་བུ་ཆུང་ལྟར་འཛིན་ཞེན་མེད་པར་གཏི་མུག་གིས་སྤྱད་ན་ལུང་མ་བསྟན་དུ་གོལ་བ་དང་༔ རྒྱུ་འབྲས་ལ་མི་བརྩི་ན་ཐ་མལ་བའི་སྐྱེ་བོར་གོལ་བའི་ཕྱིར༔ དེ་ཉིད་ལས༔ སྤྱོད་པ་དག་ལ་གོལ་ས་གསུམ༔ འདི་ལྟར་སྣང་བ་ཐམས་ཅད་ཀུན༔ སྨྱོན་པ་ཐོ་ཅོ་སྤྱོད་པ་ན༔ ནམ་མཁའ་ལྟ་བུར་མཐའ་ཡས་གོལ༔ དོན་ལ་མྱང་མེད་ཁ་ཆོས་ཆེ༔ མུ་སྟེགས་ལྟ་བུར་གོལ་བར་འགྱུར༔ ཆོས་སྤྱོད་རྒྱུ་འབྲས་མི་བརྩི་ན༔ ཐ་མལ་སྐྱེ་བོར་གོལ་བའོ༔ ཞེས་སོ༔
འབྲས་བུ་རྒྱུན་བྱེད་ལ་གོལ་ས་མེད་དེ༔ འབྲས་བུ་མངོན་སུམ་དུ་མཐོང་བའི་ཕྱིར་རོ༔ དེས་ན་ཕྲ་བཀོད་ལས༔ ལུ་གུ་རྒྱུད་ལ་གོལ་ས་མེད༔ ཞེས་སོ༔ གོལ་ས་དེ་དག་ཀྱང་ཆོས་ཉིད་འགྱུར་མེད་ཀྱི་གཤིས་ལ་མེད་དེ་ལམ་པའི་བློ་ལ་བྱུང་བ་ཙམ་གྱི་ཕྱིར་རོ༔ རབ་འབྱམས་ལས༔ དོན་ལ་གོལ་སྒྲིབ་མེད་ནའང༔ ལམ་པའི་རྒྱུད་ལ་གོལ་ས་ཡོད༔ ཅེས་དང་༔ རྩ་བ་བདུད་བཞི་ཆོད་པ་ན༔ གོལ་ས་ཐམས་ཅད་ཆོད་པའོ༔ ཆོས་སྐུ་གཟུང་འཛིན་ཕྱོགས་བྲལ་ལ༔ མཚན་མའི་བདུད་དང་གོལ་སྒྲིབ་བྲལ༔ ཞེས་སོ༔
བཞི་བ་དུས་གསུམ་མཉམ་ཉིད་ཐབས་ཀྱི་དགོངས་པའི་ངང་སྐྱོང་ཚུལ་ནི༔ ཀློང་དྲུག་པ་ལས༔ སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པའི་གཞི་ཟང་ཐལ་དུ་རྟོགས་པའི་རྣལ་འབྱོར་བ་ནི༔ ང་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བྱུང་བ་སྟེ༔ འདས་པའི་སྐུ་གསུམ་ལ་ཐོག་མའི་གཞི་རྩ་བཅད་སྣ་གཏད༔ མ་འོངས་བར་དོ་ལ་གོམས་པར་བྱ་པའི་སྐུ་གསུམ་ལ་རྒྱབ་བརྟེན༔ ད་ལྟར་གྱི་སྐུ་གསུམ་ཉམས་སུ་བླངས་ལ་ལོངས་སྤྱོད་པ་ནི༔ སངས་རྒྱས་རྣམས་ཀྱི་འབྲས་བུ་མངོན་དུ་བྱས་པ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ཞེས་བྱའོ༔ འདས་པའི་ཡེ་ཤེས་ལྔ་ཡེ་རིག་ལ་སྐུ་དང་ཡེ་ཤེས་རང་ངོ་འཕྲོད་དེ་གདེང་བཅའ་བའམ་གཞི་ལྷུན་གྱིས་གྲུབ་པའི་ཡོན་ཏན་འཆར་ཚུལ་བསྟན་བཅའ༔ མ་འོངས་པའི་ཡེ་ཤེས་ལྔ་ལ་རྩེ་མོ་ལོངས་སྐུའི་འམ་གཟུགས་སྐུའི་ཡེ་ཤེས་བཞི་མཐར་ཐུག་པ་ལ་གྲོལ་གཞི་ལྷུན་གྲུབ་ཡིན་པའི་གནད་ཀྱིས་ཡེ་ཤེས་བཞི་སྦྱོར་ལ་ལམ་བྱས་ཏེ་གྲོལ་བས་གནས་སྐབས་ཡེ་ཤེས་བཞི་དང་མཐར་ཐུག་ཡེ་ཤེས་ལྔའོ། །གཏད༔ ད་ལྟར་གྱི་ཡེ་ཤེས་ལྔ་ལམ་དུ་བྱེད་པ་འདྲིས་པར་བྱ་ནི༔ གསལ་བ་འོད་དུ་འདུས་པ་ཞེས་བྱ་བ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ༔ འདས་པའི་རིག་པ་ཤེས་པ་རྗེས་སུ་ལ་ཡིད་ཆེས་བྱ༔ མ་འོངས་པའི་རིག་པ་ལ་སྣང་བ་གོང་ནས་གོང་དུ་ཚད་བཟུང༔ ད་ལྟར་གྱི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་མངོན་སུམ་དུ་བྱེད་པ་ནི༔ ཆོས་ཉིད་དབྱིངས་དང་དབྱེར་མེད་མ་ཡིས་བུ་བཟུང་བ་ཞེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ༔ འདས་པའི་ཐིག་ལེ་ལ་ཆ་སྤྲོས་མེད་དུ་བཟུང་༔ མ་འོངས་པའི་ཐིག་ལེ་ལམ་དུ་ལ་བློ་གཏད༔ ད་ལྟར་གྱི་ཐིག་ལེ་རྣམས་དབྱིངས་ཀྱི་ནང་དུ་གཅིག་ཏུ་བསྡུ་བ་ནི་ཉག་གཅིག་གི་རྩ་བ་བཅས་པ་ཞེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ནོ༔ འདས་པའི་དབྱིངས་དང་མཚམས་རྒྱུན་ཆད་མེད་པར་སྦྱར༔ མ་འོངས་པའི་དབྱིངས་དང་སྣང་བ་གོང་དུ་རྒྱ་བསྐྱེད༔ ད་ལྟར་གྱི་དབྱིངས་དྭངས་གཅིག་ནམ་མཁའ་དབྱིངས་དང་མིག་དང་རིག་པ་ལ་གནས་པ་ནི༔ རིག་པ་ཁྱིམ་དུ་ཚུད་པ་ཞེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འབྲེལ་བར་གནས་པ་ཞེས་བྱའོ༔ འདས་པའི་སྒྲོན་མ་རྣམས་ལ་ཡིད་ཆེས་སྣ་གཏད༔ མ་འོངས་པའི་སྒྲོན་མ་རྣམས་གཏེམ་ཞིང་བལྟ་ལམ་དུ་བཟུང་༔ ད་ལྟར་གྱི་སྒྲོན་མ་རྣམས་ལ་ཡང་ནས་ཡང་དུ་གསལ་གདབ་པ་ནི༔ སྟོང་པ་ཆོས་འབྱུང་གི་སྒྲོན་མ་རང་དག་གི་ལྟ་བ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་སྣང་བ་ཡིན་ནོ༔ འདས་པའི་ལྷུན་གྲུབ་ཀྱིས་འོད་རྣམས་ལ་ལམ་བཏོད༔ མ་འོངས་པའི་བར་དོའི་འོད་རྣམས་ལ་སེམས་བཞག༔ ད་ལྟར་གྱི་འོད་སྒྲོན་མ་རྣམས་ལ་བློ་ཕབ་པ་ནི༔ སྣང་བ་ཐམས་ཅད་རང་རྒྱས་ཐེབས་པ་ཞེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འདུ་འབྲལ་མེད་པའོ༔ ཞེས་དང་༔ ཀློང་གསལ་ལས༔ དེ་ལྟར་སྐུ་གསུམ་དེ་དག་ལ༔ འདས་པའི་སྐུ་གསུམ་ལ་སྣ་གཏད༔ མ་འོངས་སྐུ་གསུམ་ལ་རྒྱབ་བསྟན༔ ད་ལྟར་སྐུ་གསུམ་ལ་ལོངས་སྤྱོད༔ དེ་ལྟར་དུས་གསུམ་མཉམ་ཉིད་ཡིན་ཞེས་སོ༔ ཐོག་མ་དང་ཐ་མ་མེད་པའི་སངས་རྒྱས་གཞི་སྐུ་གསུང་ཐུགས་ཡེ་ཤེས་ལྔ་ལྡན་དབྱིངས་རིག་ཐིག་ལེའི་རྣམ་པར་བཞུགས་པ་གཏན་ལ་ཕབ་ནས་བསྒྲུབ་གཞིར་བཟུང་བའི་དོན་ཡིན་ལ༔ མ་འོངས་པ་ནི་བར་དོ་ལ་གཞི་སྣང་ཤར་བ་དེ་དག་ཏུ་འབྲས་བུ་རང་ས་ཟིན་པའི་ཚད་མངོན་དུ་གྱུར་བ་ཞིག་བྱ་དགོས་པའི་དོན་ཡིན༔ ད་ལྟ་སྒོ་ཡུལ་རིག་གནད་ཀྱི་གཞི་སྣང་དུ་འཕྲོས་པའི་སྐུ་གསུམ་སྒྲོན་མ་སུམ་བརྩེགས་དེ་ལ་ལམ་བྱས་ནས་སྒོམ་དགོས་པའི་དོན་ཡིན་ནོ༔
ལྔ་པ་གདམ་ངག་ཟབ་མོའི་ཁ་བསྒྱུར་བས་ཉིན་མཚན་འཁོར་ཡུག་ཏུ་བསྲེ་ཚུལ་མངོན་སུམ་གནད་ཀྱི་མན་ངག་སྒྲོན་མ་གཏེམ་པ་ནི་འོག་ཏུ་འབྱུང་བ་ལྟར་ལ༔ འདིར་དེ་ལ་གོམས་པའི་ཆེད་དུ་བློ་རྩལ་དང་བརྩོན་འགྲུས་ཞན་པའི་གང་ཟག་གིས་དབང་པོ་གནད་དུ་བསྡུ་པ༔ ཤེས་བྱ་བུམ་པར་བསྡུ་པ༔ ཐོ་རངས་འབྱུང་ཁམས་དག་སྦྱོར་དུ་བྱེད་པའི་ཐབས་གསུམ་ལས༔
དང་པོ་ནི༔ ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་ཁ་དོག་ལྔ་དང་ལྡན་པ་གསལ་འཚེར་འོད་འབར་བའི་རང་བཞིན་ཅན་ཞིག་བསྒོམ་ལ༔ དེའི་འོད་ཟེར་ལུས་གནས་འོད་རྩའི་ཕྲ་བ་ཕར་བྱུང་སྟེ༔ མ་དག་སྙིགས་མའི་རྩ་ཐིག་རླུང་གསུམ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོའི་རང་བཞིན་དུ་ཞུ་བས་འཇའ་ལུས་ཟང་ཐལ་གྱི་ལྟེ་བར་སྒྲོན་མ་གསལ་བ་ལ་ཤེས་པ་བཅུག་ནས་མནལ་བས༔ ཤེས་པ་ཇེ་ཕྲ་ལ་ཐིག་ལེ་ཞིབ་པ་དང་༔ ཤེས་པ་ཇེ་རྩིང་དུ་ཐིག་ལེ་ཡང་ཇེ་ཆེར་འཕེལ་འགྲིབ་ལྟར་བསྒོམ་པས་དྲན་པའི་རྒྱུན་འགགས་ཤིང་༔ མཐར་དམིགས་བསམ་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག་པས་གཉིད་འོད་གསལ་དུ་འཆར་བའོ༔
གཉིས་པ་ནམ་ཕྱེད་ཤེས་བྱ་བུམ་པར་བསྡུ་བའི་ཕྱིར་དུ་སྙིང་ཀའི་དབུས་སུ་ཐིག་ལེ་གཅིག་དང་༔ སྤྱི་བོར་ཐིག་ལེ་གཅིག་གི་བར་དུ་ཐིག་ལེ་འོད་དང་ལྡན་པ་བཅུ་དགུ་གསལ་གདབ་ལ༔ དེའི་འོད་ཀྱིས་ལུས་ནང་ཐམས་ཅད་ཁྱབ་པ་ལ་སེམས་བཟུང་ཞིང་མཐར་མས་ཐིམ་གྱི་སྙིང་དབུས་གཞོན་ནུ་བུམ་པ་སྐུའི་རང་བཞིན་འོད་ཀྱི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པས་སུམ་བརྩེགས་ཀྱི་ཡེ་ཤེས་ཆེན་པོའི་གནས་ལུགས་ལ་སེམས་བཟུང་པས༔ གཉིད་ཀྱི་ཡུལ་སྣང་འཛིན་པ་བག་ཆགས་དང་བཅས་པ་དབྱིངས་སུ་དག་ནས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་རང་བྱན་ཚུད་པར་འགྱུར་རོ༔ སྒྲོན་མ་སྣང་བྱེད་ལས༔ མཚན་དུས་ཤེས་བྱ་བུམ་པར་གཞུག༔ ཤེས་པ་ཉིད་ནི་སྙིང་ལ་བསྡུ༔ སྒྲོན་མ་ཙིཏྟའི་དཀྱིལ་དུ་བརྟེན༔ ཐིག་ལེ་རྩ་ཡི་ནང་ན་སྦ༔ དེས་ནི་ཡེ་ཤེས་ནང་ན་གསལ༔ ཞེས་སོ༔
གསུམ་པ་ཐོ་རངས་འབྱུང་ཁམས་དག་སྦྱོར་ནི༔ སྙིང་ཁའི་ཐིག་ལེ་ལས་གཉིས་པ་ཞིག་མགྲིན་པའི་རྩ་མདུད་ཀྱི་དབུས་སུ་ཆད་དེ་འོད་འབར་བའི་རང་བཞིན་དུ་གནས་པར་བསྒོམས་ལ་རིག་པ་དེ་ལ་བཅུག་ནས་དལ་གཅིག་བཞག་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སྤྱོད་ཅིང་༔ གཉིས་སུ་མེད་པའི་ཉམས་རྒྱུད་ལ་སྐྱེས་ནས༔ ཟས་ཀྱི་ཞེན་པ་ཆོད་པའི་བསམ་གཏན་གྱི་ཐུན་དུའང་འགྱུར་རོ༔ དེ་ནས་སྤྱི་བོའི་ཐད་ཀྱི་མདའ་གང་གི་ནམ་མཁའ་ལ་འཕགས་ཏེ་འོད་ཟེར་རབ་ཏུ་འབར་བའི་སྣོད་བཅུད་ཐམས་ཅད་ལ་ཕོག་པ་ཙམ་གྱིས་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་གསལ་དབྱིངས་ཀྱི་སྒྲོན་མའི་ངོ་བོར་གོ་འཕོས་པར་བསམ་ལ༔ སླར་དེ་ཡང་གཞི་སྣང་གཞི་ལ་ཐིམ་པའི་ཚུལ་གྱིས་ཐིག་ལེ་ལ་འདུས་ཤིང་༔ སྙིང་ཀར་འདུས་པར་བསམ་ལ༔ དེས་འབྱུང་ཁམས་དྭངས་མའི་དབྱིངས་སུ་དག་ཅིང་དྭངས་མའང་དྭངས་མའི་དྭངས་མ་ཡེ་ཤེས་ལྔ་ལ་རྫོགས་ནས་ཀ་དག་གདོད་མའི་ཡེ་ཤེས་ཀྱིས་སྨིན་བྱེད་དུ་འགྲོའོ༔ གནད་དེ་དག་ཀྱང་ཐིག་ལེ་གཅིག་གིས་ཆོག་པས་གཞན་སྤྲོས་པ་མ་བྱས་ཀྱང་ཆད་པའི་ཉེས་པ་མེད་དོ༔ ཀློང་དྲུག་པའི་རྒྱུད་ལས༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི༔ སུ་ཞིག་སྒོམ་པར་བྱེད་པའི་མིས༔ མི་འགྱུར་བ་ཡིས་གནད་གཟིར་ཕྱིར༔ ལུས་ཀྱི་འདུག་སྟངས་གཟིར་བྱས་ནས༔ ཤེས་པ་ནམ་མཁའི་མཐོངས་སུ་འཕང་༔ དེ་བཞིན་མིག་གིས་བར་སྣང་ལ༔ གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས༔ དྲན་མེད་རྒྱས་འདེབས་ཆེན་པོར་བཞག༔ དེ་ལྟར་རིག་པ་ནམ་མཁར་གཏད༔ འདི་དང་འབྲལ་བ་མེད་པར་ནི༔ རྣལ་འབྱོར་རྒྱུན་དུ་གང་བསྒོམ་པ༔ ཉིན་དུས་སྣང་བ་རྒྱས་འདེབས་སོ༔ མཚན་དུས་རང་གི་གནས་ཁང་དུ༔ དུས་བཞི་མཉམ་པའི་ཚད་གཟུང་ཕྱིར༔ དབང་པོའི་སྒོ་རྣམས་རང་བསྡུས་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ལ༔ རྣལ་འབྱོར་ལྡན་པས་སེམས་བཞག་པས༔ ཐིག་ལེ་ཉིད་ནི་འཕེལ་བ་ན༔ ཤེས་པ་ཉིད་ཀྱང་འཕེལ་བར་གཏད༔ དེ་བཞིན་ཐིག་ལེ་ཕྲར་གྱུར་ཚེ༔ ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ༔ ཤེས་པ་ཇེ་ཕྲ་ཇེ་ཕྲར་བཞག༔ གཉིད་དང་རྨི་ལམ་གནད་ཀྱིས་ནི༔ སྔར་ཞེན་བག་ཆགས་རྩད་ནས་དབྱུང་༔ འདི་ལྟར་མཚན་མོའི་དུས་རྣམས་སུ༔ རྣལ་འབྱོར་སྐལ་དང་ལྡན་པས་སྤྱོད༔ འདིས་ནི་སྣང་བ་རང་རྒྱས་ཐེབས༔ ཞེས་དང་༔ དུམ་དུམ་ཁྲིགས་ཀྱི་མན་ངག་ལས༔ བསམ་གཏན་ཉལ་བའི་འཁོར་ལོ་དང་སྒོ་བསྟུན་ནས་ཉམས་སུ་ལེན་ན༔ སྲོད་ལ་སྐྱེད་བྱེད་ཀྱི་ཙཀྲ་ལྟེ་བར་ཤེས་པ་བཅུག་ལ༔ དྲན་པའི་རྒྱུན་འགག་པར་བྱེད་པའི་གནད་དོ༔ ནམ་ཕྱེད་ན་སྙིང་གར་བཅུག་ཅིང་ཉལ་བས་ཤེས་རབ་ཀྱི་དྲན་པ་དང་མི་འབྲལ་བ་ཉིད་དོ༔ དེས་ནི་ཚིག་དོན་གཉིས་སུ་མེད་པར་བྱེད་པའི་གནད་ཡིན་ནོ༔ ཐོ་རངས་རོ་རྣམས་འདུས་པ་མགྲིན་པའི་གནས་སུ་བཅུག་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཐམས་ཅད་ལོངས་སྤྱོད་པ་སྟེ༔ གཉིས་མེད་ཀྱི་ཉམས་རྒྱུད་ལ་འཆར་བར་བྱེད་པའི་གནད་ཡང་དག་པའོ༔ ཉིན་མོ་སྤྱི་བོ་རྩེ་མོའི་གནས་སུ་ཤེས་པ་བཅུག་ནས་དར་གཅིག་ཏུ་གནས་པར་བྱས་ན༔ དེ་ནས་མིག་ནས་ཤེས་པ་དྲངས་ནས༔ ཡུལ་ནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་གཏད་པས༔ སྣང་བ་རྒྱས་ཐེབས་ཏེ༔ འཁོར་འདས་རུ་བཟློག་པའི་བསམ་གཏན་གྱི་འཁོར་ལོ་ལ་བསྐོར་བ་ཞེས་བྱའོ༔ རྣམ་རྟོག་ཡེ་ཤེས་སུ་གྲོལ་བའི་གནད་ཡིག་གོ༔ ཞེས་སོ༔
དྲུག་པ་སྤྱོད་པ་དུས་བབ་ཀྱི་བོགས་འདོན་གྱིས་རྗེས་ཐོབ་དོན་ཡོད་དུ་བྱེད་པ་ལ༔ སྤྱད་དུ་ཡོད་པ་རྗེས་ཐོབ་ཏུ་སྤྱོད་པ་དང་༔ སྤྱད་དུ་མེད་པ་མཉམ་བཞག་གི་སྤྱོད་པ༔ ཟུང་དུ་འཇུག་པ་མཉམ་སྦྱོར་གྱི་སྤྱོད་པ་དང་གསུམ་ལས༔
དང་པོ་ལ༔ ལས་དང་བོས༔ རྣལ་འབྱོར་བས༔ བརྟུལ་ཞུགས་ཀྱི༔ རྒྱལ་པོ་ས་འཛིན་གྱི་སྤྱོད་པ་དང་བཞི་ལས༔
དང་པོ་ནི༔ ཆོས་སྤྱོད་བཅུ་ལ་ཡང་དག་པར་གནས་པ་ཏེ༔ མན་ངག་མངོན་པར་རྟོགས་པའི་རྒྱུད་ལས༔ ཡི་གེ་འབྲི་མཆོད་སྦྱིན་པ་དང༔ ཉན་དང་ཀློག་དང་འཛིན་པ་དང་༔ འཆད་དང་ཁ་ཏོན་བྱེད་པ་དང་༔ དོན་སེམས་པ་དང་བསྒོམས་པ་སྟེ༔ སྤྱོད་པ་འདི་བཅུའི་བདག་ཉིད་ནི༔ འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན༔ ཞེས་དང་༔ རབ་འབྱམས་ལས༔ དེས་སྤྱད་ཚུལ་ཀྱང་༔ འོན་ཀྱང་དགེ་བའི་ཆོས་སྤྱོད་ཀུན་ལའང་༔ མ་ཆགས་མི་གཡོའི་སྟོབས་ཀྱིས་བཅད་པས་གྲོལ༔ ཞེས་སོ༔
གཉིས་པ་ནི༔ ལུས་ངག་ཡིད་གསུམ་གྱི་ཞེན་པ་གཅོད་ཅིང་༔ སྐུ་གསུམ་གྱི་གོ་འཕང་གི་བསྐལ་བ་རྒྱུད་ལ་འདེབས་པའི་སྤྱོད་པ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་གི་སྤྱོད་པ་དང་༔ ཞེས་སོ༔
གསུམ་པ་ནི་བརྟུལ་ཞུགས་ལམ་དུ་ལོང་པའི་ཕྱིར་ཁ་སྦྱོར་གྱི་རྒྱུད་ལས་གང་ཟག་གི་བློ་རིམ་གོང་འཕེལ་གྱི་རིམ་པ་དང་བསྟུན་ཏེ༔ སྤྱོད་པ་ཉི་ཤུ་རྩ་གཅིག་གསུངས་པ་དེ་ཉིད་ཀྱི་རྒྱན་དུ་སྨོས་ཟིན་པ་དང༔ ཁྱད་པར་དུ་རོ་སྙོམས་བདུད་གཅོད་ཟབ་མོའི་ཐོག་རྫིས་ཀྱི་སྤྱོད་པ་དང་༔ འདོད་ཡོན་རྒྱན་དུ་རོལ་བ་ལ་སོགས་པ་སྟེ༔ རང་ཤར་ལས༔ སྤྱོད་པ་བརྟུལ་ཞུགས་དབང་བསྒྱུར་ཉིད༔ ཅེས་སོ༔
བཞི་པ་ནི་རང་གདེངས་ཐོབ་ནས་གཞན་དོན་ཐབས་མཁས་ཀྱི་སྤྱོད་པ་སྟེ༔ ཀུན་གསལ་ལས༔ ཐུགས་རྗེ་གདུང་བའི་སྤྱོད་པ་ནི༔ བུ་གཅིག་པ་ཡི་མ་བཞིན་དུ༔ རྣལ་འབྱོར་བ་ཡི་འགྲོ་དོན་སྤྱོད༔ ཅེས་སོ༔
གཉིས་པ་སྤྱད་དུ་མེད་པ་མཉམ་བཞག་གི་སྤྱོད་པ་ནི༔ གོང་དུ་རྣལ་འབྱོར་བཞིའི་རིམ་པར་ཅུང་ཟད་བཤད་ཟིན་པའི་བྱེ་བྲག་པ་དང་༔ ཁྱད་པར་མཉམ་བཞག་ཏུ་མེད་པའི་རང་བཞིན་བཅུའི་གནས་ལུགས་རྟོགས་པའི་གདེང་དང་ལྡན་པའི་ཆེད་རྩོལ་བྱ་སྤྱོད་ཀྱི་འཁོར་ལོ་ལ་མི་གནས་པར་མཚན་མ་མེད་པའི་ནམ་མཁའ་ལྟ་བུར་སྤྱོད་པས་མཚོན་དམ་ཚིག་བཞིའི་ཕྱག་རྒྱས་བཏབ་པའི་སྤྱོད་པ་སྟེ༔ རིན་པོ་ཆེ་སྤུངས་པ་ལས༔ མེད་པ་ལ་ཡང་མེད་པ་སྤྱོད༔ གཅིག་པུ་ཉིད་ལ་གཅིག་པུ་སྤྱོད༔ ཕྱལ་བ་ཉིད་ལ་ཕྱལ་བ་ཡིས༔ ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེ༔ ཞེས་སོ༔
གསུམ་པ་དེ་གཉིས་ཟུང་དུ་འཇུག་པ་མཉམ་སྦྱོར་གྱི་སྤྱོད་ཚུལ་ནི༔ སྤྱད་དུ་ཡོད་པའི་དུས་ཀུན་ཏུའང་ལྟ་བ་སྟོང་ཉིད་ཀྱི་རྩིས་ཟིན་པ་དགོས་པའི་ཕྱིར་མེད་པའི་ཕྱོགས་འཛིན་མ་སྤངས་པར་སྤྱོད་པའི་ཐ་སྙད་དང་༔ མཉམ་བཞག་གི་དུས་སུའང་སྟོང་ཉིད་ཕྱོགས་ལྟར་མ་སོང་བར་འོད་གསལ་སྣང་བ་ལྔ་ལྡན་གྱི་དོན་ལ་ངེས་ཤེས་ཀྱི་ལྟངས་མ་ཤོར་བ་ཞིག་གི་བྱིང་སོགས་ཀྱིས་ལྟེང་བ་མེད་པར་བོག་དབྱུང་ཞིང་སྤྱད་དགོས་པ་དང་༔ གཉིས་ཀའི་དུས་སུའང་ལྟ་སྤྱོད་སྣང་སྟོང་ཤེས་ཐབས་ཡ་མ་བྲལ་བར་སྤྱོད་པ་དང་༔ མདོར་ན་ལྟ་བའི་རྩི་དང་མ་བྲལ་བར་ཞེན་འཛིན་རང་ག་བ་ཞིག་པས་གང་སྤྱད་ཀྱང་མ་སྤངས་རྒྱན་གྱི་ཕྲིན་ལས་ཀུན་ཏུ་བཟང་པོའི་སྤྱོད་པར་རྣམ་པར་དག་པའོ༔ དེ་ལྟར་ཡང་རབ་འབྱམས་ལས༔ ལྟ་བ་ཡེ་ཀློང་ཆེན་པོའི་དོན་རྟོགས་ནས༔ ཇི་བཞིན་བསྒོམ་པའི་ངང་ལ་གནས་གྱུར་བས༔ ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན་བཟང་ཀློང་༔ ཡངས་པ་ཆེན་པོ་བྱ་བཙལ་ཀུན་བྲལ་ཀྱང་༔ ལྟ་བའི་རྩིས་ཟིན་སྤྱད་ན་ཀུན་ཀྱང་བཟང་༔ དབྱིངས་དང་ཡེ་ཤེས་ངང་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་བསམ་མི་ཁྱབ༔ སྤྱོད་པ་ཇི་སྙེད་བསམ་ཡས་དེ་སྙེད་ཀུན༔ ཐབས་ཀྱིས་ཀུན་སྤྱོད་གདེང་གིས་ཟིན་པར་སྤྱད༔ ཆེད་དུ་བྱར་མེད་དོན་ལ་བཀག་མེད་ཀྱང་༔ བྱ་བ་མེད་པས་གྲོལ་བར་སྒྲོལ་བར་བྱ༔ ཀུན་འཁོལ་ཀུན་སྤྱོད་བདག་ཉིད་ཆེན་པོར་སྤྱད༔ འདི་ལ་བརྟུལ་ཞུགས་ལ་སོགས་སྔགས་རྣམས་མེད༔ བྱ་བ་མེད་པས་ལས་རྣམས་ཀུན་ཀྱང་བྲལ༔ ལྷུན་གྲུབ་བླང་དོར་མེད་དེ་རང་བྱུང་ཀློང་༔ སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་༔ དུས་དང་རྣམ་པ་ཀུན་ཏུ་ཤུགས་ཕྱུང་སྤྱད༔ ཡ་ངའི་སྤྱོད་པ་ལ་སོགས་ཀུན་ཀྱང་སྤངས༔ ཆེད་དུ་བྱར་མེད་དོན་ལ་མ་བཀག་ཀྱང་༔ འགལ་པའི་སྤྱོད་པ་ཀུན་ཀྱང་རྣམ་པར་སྤངས་༔ སྨྱོན་པ་ལྟ་བུའི་བརྟུལ་ཞུགས་རབ་སྤང་ཞིང་༔ ལུས་ངག་ཡིད་ཀྱི་སྤྱོད་པ་རྩོལ་དང་བྲལ༔ སྦྱངས་བགྲོད་སྤྱོད་པས་འཆིང་འགྱུར་ཅི་བྱར་ཡོད༔ འོན་ཀྱང་དགེ་བའི་ཆོས་སྤྱོད་ཀུན་ལ་ཡང་༔ མ་ཆགས་མི་གཡོའི་སྟོབས་ཀྱིས་གྲོལ་བར་འགྱུར༔ སྤྱོད་པ་སྤྱད་དུ་ཡོད་པའི་དངོས་གཞི་ལ༔ མེད་པའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད༔ སྤྱོད་དུ་མེད་པ་ཆེན་པོའི་དངོས་གཞི་ལ༔ ཡོད་པའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད༔ སྤྱོད་དུ་ཡོད་མེད་གཉིས་ཀའི་དངོས་གཞི་ལ༔ གཉིས་མེད་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད༔ གཉིས་མེད་སྤྱོད་པ་སྤྱད་པས་དངོས་གཞི་ལ༔ གཉིས་ཀའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད༔ མདོར་ན་གང་སྣང་གང་ཤར་དངོས་གཞི་ལ༔ ཕྱོགས་འཛིན་མ་སྤངས་ཤུགས་འབྱུང་སྤྱོད་པ་ཐོབ༔ ཀློང་ཡངས་འུབ་ཆུབ་བརྡལ་ཁྱབ་ཆེན་པོའི་ངང་༔ སྤྱིར་ཁོང་དུ་ཆུབ་པའི་དོན་ཆབ་ཆེན་པོ་ས་བཅུ་འདུས་རྫོགས་པ་ཆེན་པོ་ས་བཅུ་གཅིག་པ་སྟེ་ཕར་ཕྱིན་བཅུ་པོ་ཐམས་ཅད་འདིར་རྫོགས་སོ། །པའི་ཀློང་༔ གཅིག་ཏུ་འདུས་པས་མཐོ་དམན་ཡོངས་ཀྱིས་མེད༔ མཐོ་དམན་མེད་པས་ཡངས་དོག་མེད་པ་ཡིན༔ མཐའ་དབུས་བྲལ་བས་ཕྱི་ནང་མེད་པར་སྤྱོད༔ སྐྱེ་འགགས་མེད་པས་དུག་གསུམ་སྤྱོད་པའི་ཀློང་༔ དུས་གསུམ་མེད་པས་སྐྱེ་ཤི་མེད་པར་འབྱམས༔ ཇི་སྙེད་ཤར་ཀྱང་གཡོ་བ་རྡུལ་ཙམ་མེད༔ རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའོ༔ ཞེས་སོ༔
གཉིས་པ་རྣམ་པ་གང་གསལ་བའི་སོ་སོའི་ཉམས་ལེན་དང་བཅས་པ་བྱེ་བྲག་ཏུ་བཤད་པ་ལ༔ གང་འཆར་བའི་སྒྲོན་མའི་ངོ་བོ་བཤད་པ་དང་སོ་སོའི་རང་བཞིན་རྒྱས་པར་བཤད་པ༔ ཉམས་སུ་ལེན་པའི་གནད་བཤད་པ་དང་གསུམ་ལས༔
དང་པོ་ལ་དབྱིངས་རིག་སྤྱིའི་རྣམ་བཞག་བསྟན༔ བྱེ་བྲག་ཏུ་ལམ་གྱི་དབྱིངས་རིག་གི་རྣམ་བཞག་བཤད་པའོ༔
དང་པོ་ལ༔ གཞི་ལམ་འབྲས་གསུམ་ལས༔ དང་པོ་ནི༔ གཞིའི་དབྱིངས་རིག་ལ༔ ཡེ་ནས་མངོན་སངས་རྒྱས་པའི་བྱ༵་བ༵་རྫོག༵ས་པའི༵་གཞི༵་འབྲས་བདག་གཅིག་གི་ཆོས་སྐུ་ཀ་དག་ཆེན་པོ་ལ་སྐུ་འོད་ཡེ་ཤེས་སུམ་བརྩེགས་ནང་གསལ་དུ་ལྷུན་གྱིས་གྲུབ་པ་དང་༔ རྟོག༵ས་བྱ༵་ཐབ༵ས་ཀྱི༵་གཞི༵འི་དུས་སུ་རྣམ་པར་སྨིན་པའི་ཕུང་པོ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་སྙིང་ཀར་སུམ་བརྩེགས་ཀྱིས་གནས་པའོ༔
གཉིས་པ་ལམ་གྱི་དབྱིངས་རིག་ཐིག་ལེའི་སྒྲོན་མ་ནི༔ རྣལ་འབྱོར་བས་གནད་གསུམ་གཟིར་ནས་ཉམས་སུ་བླང་དུས་རྟོགས་བྱ་ཐབས་ཀྱི་གཞི་དབྱིངས་འོད་ཀྱི་རང་བཞིན་དུ་བཞུགས་པའི་རྟགས་སུ་མཐིང་ཀ་ཁྱབ་པ་ཆེན་པོ་དང་ལྔ་ལྡན་དུ་སྣང་བ་དང་༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད་དུ་སྣང་བའོ༔
གསུམ་པ་ནི་འབྲས་བུའི་དུས་སུ་དབྱིངས་ནི་ཞིང་ཁམས༔ ཐིག་ལེ་སྐུའི་འོད་དང་ཡེ་ཤེས༔ ལུ་གུ་རྒྱུད་སྐུའི་ངོ་བོར་ཤར་བ་སྟེ་སྐུའི་འོད་ཀྱི་ཐིག་ལེ་དེ་ཡེ་ཤེས་སྒྲོན་མ་ཡུལ་གསལ་དུ་སྨིན་པའི་ཡོན་ཏན་འཛིན་པའི་ཕྱིར་ན་དེ་ལྟར་ལ་གཞི་ལམ་འབྲས་གསུམ་དེ་དག་ཀ་དག་གི་ཡེ་ཤེས་ཀྱི་རང་གདངས་ཡིན་པའི་ཕྱིར་ན་ངོ་བོ་སྟོང་པའོ༔ ལམ་གྱི་དབྱིངས་རིག་སྔ་མ་ནི་ཤར་ཆོས་རྟགས་ལྷ་སྐུའི་ངོས་ནས་སྤྱིར་བཤད། ཕྱི་མ་ནི་དེའི་འཆར་གཞི་རྟགས་ཀྱིས་མཚོན་པའི་ཡེ་ཤེས་ངོས་བཟུང་བྱེ་བྲག་ཏུ་བཤད་པའོ། །ལམ་གྱི་ངོས་ནས་བྱེ་བྲག་དུ་བཤད་ན་ཐིག་ལེ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་ཀྱི་རང་གདངས་ཏེ་རྟོག་པའི་གྲྭ་ཟུར་ལས་འདས་པས་སོ༔ དབྱིངས་ནི་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རང་མདངས་ཡེ་ཤེས་དེ་ལྔའི་སྐུའམ་དེའི་ཆོས་ཉིད་ཅན་ལ༔ རིག་པ་ནི་ཟུང་འཇུག་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ནོ༔ རྩལ་རྫོགས་ལས༔ དེ་ཡང་དབྱིངས་དང་རིག་པ་བཤད༔ དེ་ཡི་བཤད་ལུགས་འདི་ལྟ་སྟེ༔ གཞི་ལ་གནས་པའི་དབྱིངས་རིག་དང་༔ ལམ་ལ་གནས་པའི་དབྱིངས་རིག་དང་༔ མཐའ་ལ་སྐྱོལ་བའི་དབྱིངས་རིག་གོ༔ གཞི་ཡི་དབྱིངས་རིག་རྣམ་གཉིས་ནི༔ རྟོགས་བྱེད་ཐབས་ཀྱི་གཞི་དང་ནི༔ བྱ་བ་རྫོགས་པའི་གཞི་རུ་བཤད༔ རྟོགས་བྱེད་ཐབས་ཀྱི་གཞི་ཡི་དུས༔ བག་ཆགས་ཕུང་པོ་འདི་ལ་བཤད༔ བྱ་བ་རྫོགས་པའི་གཞི་གནས་ནི༔ ཆོས་ཉིད་ཀ་དག་སྣང་བར་བཤད༔ རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ༔ དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ༔ རིག་པ་ལུ་གུ་རྒྱུད་དུ་གསལ༔ ལམ་ལ་སྣང་བའི་དབྱིངས་རིག་ནི༔ དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ༔ རིག་པ་སྐུ་ལྔའི་སྣང་བར་བཤད༔ མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི༔ དབྱིངས་ནི་རང་བཞིན་སྣང་བ་ལ༔ རིག་པ་སྐུ་དང་ངོ་བོར་བསྟན༔ དེ་ཕྱིར་དབྱིངས་དང་རིག་པ་བཤད༔ དེ་བཞིན་ཉིད་དུ་རབ་ཏུ་གནས༔ དབྱིངས་དང་རིག་པ་ཡེ་ཤེས་གསུམ༔ འདུ་འབྲལ་མེད་པའི་ཚུལ་དུ་གནས༔ ཞེས་དང་༔ སྒྲོན་མ་སྣང་བྱེད་ལས༔ ཡེ་ཤེས་རྟགས་ཀྱི་སྒྲོན་མ་ཡིས༔ བག་ཆགས་འཐུག་པོའི་མུན་པ་སེལ༔ ཡེ་ཤེས་རྟགས་ལ་གཞི་ཡིན་ཏེ༔ འོད་ཀྱི་རྟགས་སུ་དབྱིངས་ཡིན་ནོ༔ ཡེ་ཤེས་རྟགས་སུ་ཐིག་ལེ་སྟེ༔ སྐུ་ཡི་རྟགས་སུ་ལུ་གུ་རྒྱུད༔ འདུག་ཚུལ་རྟགས་སུ་འགྱུ་དང་འཕྲིག༔ ཅེས་སོ༔
གཉིས་པ་བྱེ་བྲག་ཏུ་ལམ་གྱི་དབྱིངས་རིག་གི་རྣམ་བཞག་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ མཚན་ཉིད༔ དབྱེ་བ་དང་བཞི་ལས༔ དང་པོ་ནི༔ གོང་དུ་གཞི་ལམ་འབྲས་བུའི་དབྱིངས་ཐིག་བཤད་པ་ནི་སྒྱུ་འཕྲུལ་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལྟར་དང་། འདིར་ལམ་གྱི་དབྱིངས་རིག་བྱེ་བྲག་ཏུ་བསྟན་པ་ནི་རྒྱུད་ཀྱི་དངོས་པོ་བཅུ་བྱེ་དྲག་ཏུ་བསྟན་པ་དང་མཚུངས་ཤིང་གནས་དོན་འདིར་ཁྲེགས་ཐོད་ཟུང་འཇུག་གི་ལམ་ཁྱད་ཆོས་སུ་རྫོགས་པའི་འཕྲུལ་གསང་སོགས་གོ་བར་བྱ་དགོས། དེ་ཡང་སྒྲོན་མ་རྣམས་ཀྱི་ངོ་བོ་ནི་གཞིར་གནས་ཀྱི་ཡེ་ཤེས་གསུམ་སྟེ༔ འདིའི་ངོ་བོ་འོད་གསལ་ནི་དབྱིངས་ཐིག་ལ་གཏད་དུས་སེམས་སྤྲོས་པ་གང་དུའང་མ་གྲུབ་ཅིང་ཀ་ནས་དག་པ་ནི་སྟོང་པའི་སྒྲོན་མ༔ མི་རྟོག་རང་བཞིན་རང་གསལ་ཡེ་ཤེས་ལྔའི་ཆ་དང་ལྡན་པ་དབྱིངས་རྣམ་དག་གི་སྒྲོན་མ༔ ཐུགས་རྗེ་ཤེས་བྱེད་ཤེས་རབ་དྲི་མ་མེད་པ་སྣང་བ་ཅེར་འཛིན་སོགས་ནི་ལུ་གུ་རྒྱུད་ཡིན་པས་ན་ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་ཆེན་པོར་གྲུབ་པའི་ལྷ་སྐུའི་སྣང་ལྡོག་སྒྲོན་མ་གསུམ་དུ་རང་གདངས་རང་ཤར་བའོ༔ དེར་མ་ཟད་གཞི་དུས་སུ་ཕྱི་ཡུལ་དབྱིངས་ཀྱི་བྱང་སེམས་ཐིག་ལེ་སྟོང་པ༔ ལུས་དང་རླུང་སེམས་ཤེས་རབ་ཀྱི་རང་གདངས་སུའམ་རྩལ་དུ་རང་སྣང་བའོ༔ སྒྲོན་མ་སྣང་བྱེད་ལས༔ འཁྲུལ་ནས་ཁམས་གསུམ་སེམས་ཅན་ལ༔ གཞི་གནས་ཡེ་ཤེས་སྣང་བ་གནས༔ འགྱུར་མེད་རྩ་ཆེན་བཞི་ནས་རྒྱུ༔ འཆར་བྱེད་མིག་སོགས་སྒོ་བཞིའོ༔ ཡུལ་ནི་ནམ་མཁའ་སྟོང་པ་ལ༔ དེ་ཉིད་ཉམས་སུ་བླང་པ་ནི༔ ཞེས་སོ༔
གཉིས་པ་ངེས་ཚིག་ནི༔ འཁོར་བའི་བག་ཆགས་ཐམས་ཅད་སེལ་བར་བྱེད་པའི་ལས་ཀྱི་ཆ་ནས་ཐོབ་པའོ༔ དེ་ཉིད་ལས༔ ཡེ་ཤེས་རྟགས་ཀྱི་སྒྲོན་མ་ཡིས༔ བག་ཆགས་འཐུག་པོའི་མུན་པ་སེལ༔ ཞེས་སོ༔
གསུམ་པ་མཚན་ཉིད་ནི༔ ཡེ་ཤེས་ཀྱི་རང་སྣང་མངོན་པར་གསལ་བའི་འོད་གསལ་མ་བུ་སྤྲོད་དེ་འཁོར་འདས་ཀྱི་མཚམས་འབྱེད་པ་སྟེ༔ ཐལ་འགྱུར་ལས༔ སྒྲོན་མའི་མཚན་ཉིད་འདི་ལྟ་སྟེ༔ སྤྱིར་ན་སྣང་བ་སྟོན་པ་དང་༔ ཡེ་ཤེས་མ་བུ་སྦྲེལ་བར་བྱེད༔ འཁོར་འདས་གཉིས་ཀྱི་མཚམས་སྦྱོར་བའོ༔ རང་གདངས་གསལ་བའི་འོད་ལུས་ལ༔ རྟོག་བྲལ་ཡེ་ཤེས་སྡུད་པར་བྱེད༔ རྟོག་བཅས་ལུས་ཀྱི་སྣང་བ་ལ༔ མི་རྟོག་ཡེ་ཤེས་གཞི་མ་འཛིན༔ ཞེས་སོ༔
བཞི་བ་དབྱེ་བ་ལ་སྒྲོན་མ་བཞི་སྟེ༔ རང་ཤར་ལས༔ སྒྲོན་མ་རྣམ་བཞི་འདི་ལྟ་སྟེ༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ རིག་པ་དབྱིངས་ཀྱི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་སྒྲོན་མ་དང་༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས༔ སེམས་ཅན་ཀུན་ལ་སྣང་བའོ༔ ཞེས་སོ༔
གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ༔ རྒྱང་ཞགས༔ ཐིག་ལེ༔ དབྱིངས༔ ཤེས་རབ་ཀྱི་སྒྲོན་མ་རྒྱས་པར་བཤད་པ་དང་བཞི་ལས༔
དང་པོ་ལ་བཅུ་སྟེ༔ རབ་འབྱམས་ལས༔ ཨེ་མ་ཧོ༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཉིད༔ སྐྱེད་བྱེད་ས་བོན་ཚུལ་དུ་གནས༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ མཚན་ཉིད་བཞུགས་ཚུལ་གནས་པ་དང་༔ སྐྱེད་བྱེད་འཆར་སྒོ་མཐུན་དཔེ་ཚད༔ འདི་རྣམས་ལེགས་པར་ཡིད་ལ་ཟུངས༔ ཞེས་པ་སྟེ༔
དང་པོ་ངོ་བོ་ནི༔ དག་མ་དག་གི་རྒྱང་ཞགས་གཉིས་ཀྱིས་འཁོར་འདས་ཀྱི་སྣང་བ་སོ་སོའི་ཆ་འཛིན་ཅིང་༔ མཐོང་བར་བྱེད་པས་འཁོར་འདས་མཐུན་པར་བལྟ་བ་ཞེས་བྱ་སྟེ༔ རབ་འབྱམས་ལས༔ ངོ་བོ་སྣང་བ་གཉིས་ཀ་སྡུད༔ ཅེས་དང་༔ སྒྲོན་འབར་ལས༔ གཉིས་ཀའི་ཆ་འཛིན་ལྟ་བས་ན༔ འཁོར་འདས་མཐུན་པའི་ལྟ་བའོ༔ ཞེས་སོ༔
ངེས་ཚིག་ནི་རྒྱང་ཞགས་གཉིས་པོ་དེས་འཁོར་འདས་ཀྱི་སྣང་བ་རྒྱང༵་རིང་པོ་ནས་འཛིན་པ་དང་༔ རྟོགས་མ་རྟོགས་ལས་འཆིང་པའི་ལས་བྱེད་པའི་ཆ་ནས་ཞག༵ས་པ་དང་འདྲ་བས་རྒྱང་ཞགས་ཞེས་བྱ་ལ༔ སྣང་བ་རང་སར་བཞག་ཅིང་ཞེན་པའི་འཁྲིས་མ་གདབ་ན་དབང་པོ་ཅེར་གྲོལ་ཡིན་པས་འཁྲུལ་པའི་སྐྱོན་གྱིས་མ་གོས་པས་ཆུ༵་ཞེས་བྱ་ཞིང་༔ རིག་པའི་ཡེ་ཤེས་ཀྱི་མཚན་དཔེ་ཡང་དག་པར་གསལ་བ་དང་༔ སྣང་བ་གོང་འཕེལ་དུ་སྟོན་པས་སྒྲོན༵་མེ་དང་ཆོས་མཚུངས་པའི་ཕྱིར་དང་༔ གཟུགས་སྣང་དབང་པོ་ལ་གསལ་བའི་ཕྱིར་སྒྲོན་མ་ཞེས་བྱའོ༔ དབྱིངས་རིག་གི་སྣང་བ་ཤར་བས་མཚམས་སྦྱར་ཏེ་འོད་གསལ་དབྱིངས་རིག་མ་བུ་འདྲེས་པའི་ཕྱིར་མ་ཞེས་བྱའོ༔ དེ་ཡང་རབ་འབྱམས་ལས༔ རྒྱང་ནི་རིག་སྐུ་མཐོང་བ་སྟེ༔ གཟུགས་སོགས་འདོད་ཡོན་ལྔ་སོགས་རྣམས༔ འདི་ཡིས་འཆིང་བས་ཞགས་པ་ཡིན༔ སྣང་བ་རང་སར་བཞག་ནས་ནི༔ བདག་འཛིན་བྲལ་བས་ཆུ་ཞེས་བྱ༔ སྒྲོན་ནི་རང་གི་སྣང་བར་གསལ༔ གོང་ནས་གོང་དུ་འཕེལ་བའོ༔ དབྱིངས་རིག་འདྲེས་པས་མ་ཞེས་བྱ༔ ཞེས་སོ༔
དབྱེ་བ་ནི༔ འབྱུང་བ་འདུས་པའི་དྭངས་མ་རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་གི་རྩ་བ་མེན་གྱི་རྭ་འདྲ་བའི་རྩེ་མོ་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ་དེའོ༔ དབང་པོ་འདུས་པའི་རྒྱང་ཞགས་དབང་རྟེན་དྭངས་མ་མ་དག་པའི་གཟུགས་སྣང་མཐོང་བྱེད་དུ་སྐྱེས་པའོ༔ ཡེ་ཤེས་འདུས་པའི་རྒྱང་ཞགས་ནི་དལ་དཀར་དང་ཕྲ་ལ་འཁྲིལ་གྱི་རྩེ་མོ་སྟེ་དེས་ནི་འོད་གསལ་ཡེ་ཤེས་ཀྱི་སྣང་བ་མཐོང་གིས་འཁྲུལ་པའི་སྣང་བ་རྒྱང་དུ་འཕེན་པའི་ཕྱིར་ལམ་གྱི་སྒྲོན་མ་ཁྱད་པར་བ་ནི་དེ་ཉིད་ཡིན་ནོ༔ རབ་འབྱམས་ལས༔ དབྱེ་ན་རྒྱང་ཞགས་ཆུ་སྒྲོན་དང་༔ ཡེ་ཤེས་འདུས་པའི་རྒྱང་ཞགས་དང་༔ དབང་པོ་འདུས་པའི་རྒྱང་ཞགས་སོ༔ ཞེས་སོ༔
མཚན་ཉིད་ནི༔ དག་མ་དག་གི་སྣང་བ་སོ་སོར་སྡུད་འཛིན་མཆེད་པར་བྱེད་པ་སྟེ༔ ཁྱད་པར་དུ་ཡེ་ཤེས་ཀྱི་རྒྱང་ཞགས་ཀྱིས་དག་སྣང་མཐོང་ཞིང་འཁྲུལ་སྣང་འགགས་པར་བྱེད་པ་སྟེ༔ དེ་ཉིད་ལས༔ མཚན་ཉིད་འཆར་བྱེད་འགག་མེད་པས༔ དབང་པོའི་དྭངས་མ་མིག་ཅེས་བྱ༔ འབྱེད་པ་པད་མའི་སྤྱན་དུའོ༔ ཞེས་སོ༔
བཞུགས་ཚུལ་ནི༔ མ་འགགས་ཟང་ཐལ་ཆེན་པོར་ཡོད་དེ༔ མཐོང་བ་མ་འགགས་ཟང་ཐལ་སྐུ༔ ཞེས་སོ༔
གནས་ནི་མིག་སྟེ༔ དེ་ཡང་ལུས་ཆགས་པའི་ཐོག་མར་སྤྱན་གཉིས་ཆགས་པས་འཁོར་ལོ་བཞི་རིམ་གྱིས་འབྲེལ་ནས་མིག་གི་ཨ་འབྲས་ལ་ཟུག་པས་སྣང་བ་སོ་སོར་འཛིན་བྱེད་དུ་སྐྱེས་པའི་ཕྱིར་ན༔ རབ་འབྱམས་ལས༔ འདི་ཡི་གནས་ནི་མིག་ཡིན་ཏེ༔ མཐོང་བྱེད་འགག་པ་མེད་པ་ཡིས༔ ཡུལ་རྣམས་འཛིན་པར་བྱེད་པའོ༔ ཀླད་པ་དུང་ཁང་དཀར་པོ་ནས༔ གཡས་སུ་འཁྱིལ་བ་རྩ་ཕྲ་ལ་འཁྲིལ་དར་དཀར་སྣར་མ་སྟོང་བ་རང་གྲོལ་གསུམ་པོའི་ནང་ནས༔ མིག་རྩ་བ་མེན་རྭ་འདྲའི་རྩ་ཡི་དབྱིབས་ཀྱི༔ རྩ་ཡི་ནང་ན་ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱི་རྩ་གཉིས་ཀྱི་རྩེ་མོ་འདི་ཉིད་གནས༔ ཞེས་སོ༔
ཇི་ལྟར་སྐྱེད་པའི་ཚུལ་ནི༔ ལྟེ་བ་ནས་སྐྱེད་པ་སྟེ༔ དེ་ཉིད་ལས༔ སྐྱེད་བྱེད་མངལ་དུ་རང་ཞུགས་ཚེ༔ དུས་ཀུན་གྱི་ནི་ཐོག་མ་རུ༔ ལྟེ་བའི་རྩ་མདུད་གྲུ་གསུམ་དུ༔ ཕ་མའི་རྒྱུ་རྐྱེན་དྭངས་མ་ཡིས༔ མིག་གི་དྭངས་མ་ཉིད་དུ་ཆགས༔ ཕ་མའི་རྒྱུ་རྐྱེན་ཆ་གཉིས་ལས༔ དཀར་ནག་འདྲེས་པ་དེ་བཞིན་ནོ༔ ཞེས་སོ༔
འཆར་བའི་སྒོ་ནི༔ མིག་གི་དབང་རྩའི་དཀྱིལ་དྲང་པོ་སྟེ༔ དེ་ཉིད་ལས༔ འཆར་བའི་སྒོ་ནི་ཙཀྵུར༔ ཞེས་སོ༔
མཐུན་དཔེ་ནི༔ འཁོར་བ་དང་མྱང་འདས་ཀྱི་སྣང་བ་གཉིས་པོའི་སྣ་ནས་འཛིན་པར་བྱེད་པའི་ལྕགས་ཀྱུ་ལྟ་བུ་སྟེ༔ དེ་ཉིད་ལས༔ མཐུན་དཔེ་འཛིན་བྱེད་ལྕགས་ཀྱུ་ཡིས༔ གང་སྣང་སྣ་ནས་འཛིན་པ་བཞིན༔ འཁོར་འདས་སྣ་གཉིས་འདི་ཡིས་འཛིན༔ ཞེས་སོ༔
ཚད་ནི༔ ཡུལ་སྣང་མཆེད་སྡུད་རྫོགས་པ་འབྱུང་འདུས་ཀྱི་ཚད༔ གཟུགས་སྣང་བྱེ་བྲག་ཕྱེད་པ་དྭངས་མའི་ཚད་ལ༔ ཁྱད་པར་དུ་ལུ་གུ་རྒྱུད་མཐོང་བ་ཡེ་ཤེས་འདུས་པའི་ཚད་དེ༔ དེ་ཉིད་ལས༔ སྒྲོན་མས་ཡུལ་བཟུང་རིག་པར་སྣང་༔ ལུ་གུ་རྒྱུད་མཐོང་ཚད་ཡིན་ནོ༔ ཞེས་སོ༔
གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་ལའང་༔ རབ་འབྱམས་ལས༔ ཨེ་མ་ཧོ་རྡོ་རྗེ་སེམས་དཔའ་ཉོན༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས༔ ཆོས་རྣམས་ཀུན་གྱི་ཡིད་ཆེས་ས༔ འདི་ཉིད་དོན་རྣམས་ཡིད་ལ་ཟུངས༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ མཚན་ཉིད་དགོངས་པ་གནས་ས་དང་༔ འཆར་སྒོ་རང་བཞིན་ཡུལ་སྣང་བ༔ ཚད་དང་ཡོན་ཏན་ཐབས་མཐུན་དཔེ༔ འདི་རྣམས་རྩ་བ་བློ་ལ་ཞོག༔ ཅེས་བཅུ་གསུམ་ལས༔
དང་པོ་ངོ་བོ་ནི༔ སྟོང་ཉིད་ཀ་དག་གི་རང་གདངས་སུ་གསལ་བ་སྟེ༔ དེ་ཉིད་ལས༔ ངོ་བོ་ཉག་གཅིག་ཆ་ཕྲ་སྟེ༔ སྟོང་པའི་མུ་ཡངས་རང་གསལ་བ༔ མི་རྟོག་སྤྲོས་བྲལ་ཟླུམ་པོའོ༔ ཞེས་དང་༔ སྒྲོན་འབར་ལས༔ དྲི་མ་མེད་ཅིང་ཀ་དག་པས༔ བདག་འཛིན་ཉོན་མོངས་རྣམས་དང་བྲལ༔ རང་གིས་རང་གསལ་ངོ་བོ་སྟོང་༔ འདི་ནི་དེ་ཡི་ངོ་བོར་འདོད༔ ཅེས་སོ༔
གཉིས་པ་ངེས་ཚིག་ནི༔ སེམས་ཅན་ནས་སངས་རྒྱས་ཀྱི་བར་གཞི་ལམ་འབྲས་གསུམ་ཀུན་ཏུ་མི་འགྱུར་བས་ཐི༵ག༔ ཀུན་ལ་ཁྱབ་པར་བརྡལ་བས་ལེ༵༔ དངོས་པོ་མཚན་མར་མ་གྲུབ་པས་སྟོང༵་པ༔ རང་འོད་ཀྱིས་སྒྲོན་མ་སྣང་མེད་ཀྱིས་མུ་ལ་རྒྱ་མ་ཆད་པར་མཁའ་ལ་གསལ་བས་སྒྲོན་མ་ཞེས་བྱ་སྟེ༔ དེས་མ་རིག་པའི་མུན་པ་སེལ་བའི་ཕྱིར་རོ༔ རབ་འབྱམས་ལས༔ ཐིག་ནི་མི་འགྱུར་དྲང་པོ་ལ༔ ལེ་ནི་བརྡལ་བ་ཆེན་པོ་ཡིན༔ སྟོང་པ་དངོས་ཡོད་ཞེན་བློ་དགག༔ སྒྲོན་མའི་འོད་ལྔར་རང་རིག་སྟེ༔ རང་རིག་རང་ངོ་གསལ་མདངས་ལྡན༔ ངེས་པའི་ཚིག་ཡིན་ཐེ་ཚོམ་སེལ༔ ཞེས་དང་༔ ཕྲེང་བ་ལས༔ ཐིག་ནི་འགྱུར་བ་ཡོད་མ་ཡིན༔ ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་༔ སྟོང་པ་དངོས་པོ་མཚན་མ་མེད༔ སྒྲོན་མས་མུན་སེལ་སྣང་བར་འགྱུར༔ ཞེས་སོ༔
གསུམ་པ་དབྱེ་བ་ནི༔ གཞི་གནས་རིག་པའི་ཐིག་ལེ་སྟོང་པའི་སྒྲོན་མའམ་གཞི་འཛིན་ཐིག་ལེ་སྙིང་ཁ་ན་གནས་ཏེ༔ དེ་ལའང་འོད་ལྔའི་མུ་ཁྱུད་དུ་ཡོད་པས་རང་བཞིན་འོད་ཀྱི་ཐིག་ལེ་ཞེས་བྱ་ཞིང་༔ དེ་ལ་རང་བྱུང་གི་ཡེ་ཤེས་ཀྱིས་བརྒྱན་པས་ཀུན་ཏུ་བཟང་པོའི་ཐིག་ལེ་ཞེས་བྱ་བའི་ཆ་གཉིས་སུ་ཡོད་ལ༔ ཕྱི་མ་དེའི་གདངས་ཁ་དོག་དམར་པོ་འགྲོ་འོང་དང་བཅས་པར་ཡོད་པའང་བཤད་དོ༔ ཀུན་རྫོབ་རྒྱུའི་ཐིག་ལེར་རོ་མ་ན་གནས་ཤིང་ལུས་ཀྱི་ཟུངས་ཙམ་འཛིན་པར་བྱེད་དེ༔ དེ་ལའང་བྱང་ཆུབ་ཀྱི་སེམས་དང་འབྱུང་བ་འདུས་པའི་ཐིག་ལེ་ཆ་གཉིས་སུ་ཡོད་དོ༔ དེ་གཉིས་ཀའི་དབང་དུ་བྱས་ན་གཡས་གཡོན་གྱི་རྩའི་རྩེ་མོ་དང་གཤམ་དུ་ཨ་ཧཾ་གི་རྣམ་པར་དངོས་སུ་མི་སྣང་བར་བཞུགས་སོ༔ མི་འགྱུར་བའི་ཐིག་ལེ་སྟོང་པ་ནི་ཁྱད་པར་ཆེན་པོའི་རྩ་བཞི་ན་གནས་དེ་སྙིང་ཁའི་འོད་ལྔའི་རང་མདངས་བར་གསལ་དུ་སྣང་བ་རྣམས་སོ༔ འདི་ནི་རང་གནས་རྒྱུའི་ཐིག་ལེ་ཞེས་བྱ་ལ༔ སྐྱེས་བུའི་གོམས་པ་ལས་བྱུང་བའི་ཐིག་ལེ་དང་འདི་གཉིས་གནས་པ་དོན་དམ་གྱི་ཐིག་ལེ་ཡིན་ཅིང་༔ དེ་གཉིས་དང་ཀུན་རྫོབ་རྒྱུའི་ཐིག་ལེ་དང་བཅས་པ་ལ་སྣང་བ་ལམ་གྱི་ཐིག་ལེ་ཞེས་ཟེར་རོ༔ དོན་དམ་སྤྲོས་མེད་གྱི་ཐིག་ལེ་དབྱིངས་རིག་ཟད་པའི་དགོངས་པ་རྐྱང་མ་ན་གནས་པ་དང་༔ རང་བྱུང་འབྲས་བུའི་ཐིག་ལེ་སྟོང་བའམ་འབྲས་བུ་རང་སྨིན་གྱི་ཐིག་ལེ་ཞེས་འོད་དང་ཡེ་ཤེས་དང་རིག་པ་སྨིན་པའི་ཐིག་ལེ་གསུམ་དུ་སྨིན་རུང་གི་ཚུལ་དུ་མིག་ན་གནས་པ་སྟེ༔ དེ་དག་ཀྱང་རབ་འབྱམས་ལས༔ དབྱེ་བ་ལྔ་ཡིན་འདི་ལྟར་རོ༔ གཞི་གནས་རང་གི་ཐིག་ལེ་དང་༔ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང་༔ དོན་དམ་སྤྲོས་མེད་ཐིག་ལེ་དང་༔ རང་བྱུང་འབྲས་བུའི་ཐིག་ལེ་དང་༔ མི་འགྱུར་ཐིག་ལེ་སྟོང་པའོ༔ ཞེས་དང་༔ ཁ་སྦྱོར་ལས༔ ཐིག་ལེ་ནི་གསུམ་སྟེ༔ གཞི་འཛིན་པའི་ཐིག་ལེ་དང་༔ སྣང་བ་ལམ་གྱི་ཐིག་ལེ་དང་༔ འབྲས་བུ་རང་སྨིན་པའི་ཐིག་ལེའོ༔ ཞེས་སོ༔ དེ་ལས་ཡེ་ཤེས་ཀུན་རྫོབ་དང་དོན་དམ་གྱི་ཐིག་ལེ་རྣམས་རིགས་བསྡུས་ནས༔ ཐལ་འགྱུར་ལས༔ རྩ་ཡི་ནང་ན་ཐིག་ལེ་སྟེ༔ འཇུག་པའི་ཐིག་ལེར་རྣམ་གསུམ་གྱིས༔ ངོ་བོ་སྐུའི་ཐིག་ལེ། རང་བཞིན་འོད་ཀྱི་ཐིག་ལེ། ཐུགས་རྗེ་ཟེར་གྱི་ཐིག་ལེ་ཏེ་གསུམ་མོ། །འཁོར་འདས་འབྲེལ་བའི་ས་བོན་འདེབས༔ དབྱིངས་སྣང་གི་ཐིག་ལེའི་ཆ་མཚོན་ཆ་དང་། པདྨ་མཆོད་རྟེན་དྲྭ་བ་རིས་མཁར་ཐབས་སྟེ་སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་༔ རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་འཇོག༔ བཀོད་པའི་ཐིག་ལེ་དྲུག་ཕྱེད་སྐུ་རང་རྐྱང་ཟུང་འབྲེལ་རིགས་ལྔའི་འཁོར་བཅས་དང་རེ་རེ་ལ་ལྔ་ལྔ་སྟེ་ཚོམ་བུ་དང་དཀྱིལ་འཁོར་ཡོངས་རྫོགས་དང་ཚོམ་བུ་ཆེན་པོའི་སྣང་བ་སྟེ་གིས་ནི༔ ཆོས་ཉིད་དུ་མ་རོ་གཅིག་སྡུད༔ དེ་དང་དེ་ལ་བརྟེན་པ་ཡིས༔ ཆོས་ཀུན་མཉམ་པའི་བདག་ཉིད་དོ༔ ཞེས་སོ༔ གཞན་ཡང་དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་༔ དབྱིངས་ཀྱི་ཐིག་ལེ་དང་༔ ཀུན་ཏུ་བཟང་པོའི་ཐིག་ལེ་དང་༔ ཆོས་ཉིད་ཀྱི་ཐིག་ལེ་དང་༔ ཡེ་ཤེས་ཀྱི་ཐིག་ལེ་དང་༔ ཡེ་ཤེས་ཆེན་པོའི་ཐིག་ལེ་སྟེ་དྲུག་ལ་སོགས་པའི་རྣམ་གྲངས་ཤིན་ཏུ་མང་ངོ་༔
བཞི་བ་མཚན་ཉིད་ནི༔ མ་བྲིས་པའི་མུ་ཁྱུད་འོད་ལྔ་དང་བཅས་པ་ཉམས་སུ་བླངས་ན་མུ་ཁྱུད་བཅུར་སྣང་ཞིང་༔ དེ་ནས་མཁར་གཞོང་ཙམ་དང་༔ དེ་ནས་བསེ་ཕུབ་ཙམ་དང་༔ ཞལ་རིས་ནས་ཕྱེད་སྐུ་དང་ཚོམ་བུ་སོགས་སུ་སྣང་བ་སྟེ༔ དེ་ཡང་རང་སྣང་སྟོང་པའི་རང་བཞིན་རང་གསལ་བ་ཙམ་ལས༔ ཡུལ་ལ་གྲུབ་པ་མེད་ཅིང་དེ་ཉིད་ཡུལ་དུ་ཤར་ན་འབྱུང་བའི་ཟུག་རྔུ་དང་བྲལ་བར་མ་བསྒོམས་ཆུ་བོའི་རྒྱུན་གྱི་བསམ་གཏན་ལ་རང་གནས་པ་སྟེ༔ རབ་འབྱམས་ལས༔ མཚན་ཉིད་དངོས་པོ་རང་སྟོང་སྟེ༔ མ་བསྒོམས་པར་ཡང་མཚམས་མེད་པས༔ ཐིག་ལེ་ཟླ་བྲལ་ཉིད་དུའོ༔ ཞེས་དང་༔ སྒྲོན་འབར་ལས་ཀྱང་༔ མཚན་ཉིད་སྟོང་པ་གསལ་བས་ཁྱབ༔ རང་ངོ་ལུས་ཀྱི་མཐའ་རྣམས་ཟད༔ ཅེས་སོ༔
ལྔ་པ་དགོངས་པ་ནི་རང་གནས་གཅིག་དང་དུ་བྲལ་ཐ་སྙད་ཀྱི་གྲངས་མཐའ་དང་༔ གཉིས་འཛིན་གྱི་རྟོག་ཞེན་ཟད་པ་ཀ་དག་སྤྲོས་བྲལ་ཆེན་པོ་སྟེ༔ རབ་འབྱམས་ལས༔ རང་གནས་དགོངས་པ་གཅིག་ཡིན་ཏེ༔ ཐ་སྙད་གྲངས་ཟད་འཛིན་ཞེན་བྲལ༔ ཞེས་སོ༔ དེ་ཡང་འོད་གསལ་གྱི་གནས་སྣང་ལས་བཤད་ན་མཉམ་བཞག་གི་དུས་ན་སེམས་སྤྲོས་པ་གང་དུ་ཡང་མ་ལྟུང་བར་བཞག་པའི་ཆོས་ཉིད་ཀྱི་ཐིག་ལེ༔ དེའི་ཉམས་སྐྱེས་ནས་སེམས་ཀྱི་ཤུན་པ་བྲལ་རིམ་ལས་ཆོས་ཉིད་རྣམ་དག་གི་ཐིག་ལེ༔ བུ་མ་ཐོག་ཏུ་ཐིམ་ནས་ཡེ་ཤེས་དབྱིངས་སུ་འཁྱིལ་པས་སྣང་བ་ལ་གནས་པའི་ངོས་ནས་དབྱིངས་ཀྱི་ཐིག་ལེ༔ དེ་ཉིད་འཕེལ་པའི་ངོས་ནས་དབྱིངས་རྣམ་དག་གི་ཐིག་ལེ༔ རབ་ཏུ་རྫོགས་པས་ཀུན་ཏུ་བཟང་པོའི་ཐིག་ལེ༔ ཡུལ་གསལ་དུ་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེ་རྣམས་སོ༔
དྲུག་པ་གནས་ས་ནི༔ ཐིག་ལེའི་གནས་ནི་རྩ་ཡིན་པས༔ རབ་འབྱམས་ལས༔ འགྱུ་བྱེད་རྩ་ཡི་གཞལ་ཡས་ན༔ རྩ་རྣམས་ནང་ན་ཐིག་ལེ་སྟེ༔ ཞེས་སོ༔ བྱེ་བྲག་ཏུ་གང་དུ་གནས་ན་ཁྱད་པར་ཆེན་པོའི་རྩ་བཞི་ན་གཞིའི་ལམ་གྱི་འབྲས་བུ་བཟང་པོའི་རྩེ་མོ་བཟང་པོའི་རྒྱན་ལྡན་གྱི་ཐིག་ལེ་ལ་སོགས་པ་སུས་ཀྱང་བྱས་པ་མེད་པར་རང་གསལ་དུ་གནས་ཤིང་༔ རེས་ཡེ་ཤེས་ཀྱི་རླུང་གིས་བསྐུལ་ནས་འོད་རྩའི་ཕྲ་བ་ཀུན་ལ་རྒྱུ་བས༔ རབ་འབྱམས་ལས༔ ཀ་ཏི་གསེར་གྱི་རྩ་ཆེན་ཏེ༔ དར་དཀར་སྣལ་ལྟར་འཕྲ་ལ་འདྲིལ༔ ཤེལ་སྦུག་ཅན་བཞིའི་ནང་ན་ནི༔ རང་གནས་སུས་ཀྱང་བྱས་མེད་པར༔ ཡེ་ནས་མཉམ་པ་ཆེན་པོར་གནས༔ རེས་ནི་རླུང་གི་རྟ་ལ་ཞོན༔ ལུས་དང་རྩ་ཡི་ནང་དག་ན༔ སེམས་ཅན་ཀུན་གྱི་ལུས་རྟེན་དུ༔ ཐོག་མ་ཉིད་ནས་གནས་པའོ༔ ཞེས་སོ༔ ཡང་སྔ་མ་བཤད་པ་དེ་ལས་གཞན་ཡང་རྟགས་སྣང་ལྷ་སྐུ་འོད་གསལ་གྱི་ཐིག་ལེ་དབང་བཙན་ཏུ་བྱས་ན༔ གསེར་གྱི་རྩ་ཆེན་ན་ཀུན་ཏུ་བཟང་པོའི་ཐིག་ལེ་དང་༔ སྟོང་པ་རང་གྲོལ་ན་ཆོས་ཉིད་ཀྱི་ཐིག་ལེ་གནས་ཏེ༔ འདི་གཉིས་ཙིཏྟའི་སྐེད་པ་ནས་འབྱུང་ཞེས་པ་ནི་དེའི་དཀྱིལ་དང་དཀྱིལ་དྲང་པོ་ནས་ཐོན་པའི་ཕྱིར་དེ་སྐད་གསུངས་སོ༔ འཕྲ་ལ་འཁྲིལ་ནི་འཁོར་ལོ་ལྔར་འབྲེལ་མར་བྱུང་བས་ཙིཏྟ་མན་ཆད་ནའང་ཡོད་པས་རྩ་བ་ནས་འབྱུང་ཞེས་དང་༔ དེ་ན་དེ་རུ་ཡེ་ཤེས་ཀྱི་ཐིག་ལེ་གནས་སོ༔ དར་དཀར་སྣལ་མ་ན་ཡེ་ཤེས་ཆེན་པོའི་ཐིག་ལེ་གནས་ཏེ༔ དེ་ཡང་ཕྲ་ལ་འཁྲིལ་དང་འདི་གཉིས་གཡས་གཡོན་གྱི་སྒྲོན་མའི་སྤྱན་རྩ་ཡིན་པས་ན༔ ལྟེ་བ་ཡན་ཆད་ཀུན་ནས་ཡོད་པས་སྙིང་ཀའི་འདབས་མར་བཤད་ཀྱང་ཡར་རྩེ་ནི་མིག་གཉིས་སུ་ཟུག་པའོ༔ ཤེལ་སྦུག་ཅན་ན་དབྱིངས་ཀྱི་ཐིག་ལེ་གནས་ཏེ༔ ཙིཏྟའི་འདབས་གཡས་ནས་ཐོན་ཏེ་སྲོག་རྩ་དང་འབྲེལ་ལོ༔ གསེར་གྱི་རྩ་ཆེན་སྒལ་ནས་རྩ་རྩེ་མོ་གསུམ་དུ་མ་གྱེས་བར་ལ་རིན་པོ་ཆེ་ཤེལ་དཀར་གྱེས་པའི་རྩ་ཞེས་ཙིཏྟའི་རྩེ་མོ་ནས་སོར་བཞིའི་བར་ལ་བྱ་སྟེ༔ དེ་ན་དབྱིངས་རྣམ་དག་གི་ཐིག་ལེ་གནས་ཏེ༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ད་ནི་ཐིག་ལེའི་གནས་ལུགས་བསྟན་ཏེ༔ རིན་པོ་ཆེ་ཤེལ་དཀར་རྒྱུས་པའི་རྩ་ནང་དབྱིངས་རྣམ་པར་དག་པའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་གི་ཚད་ནི་སྲན་མ་ཙམ་དུ་གནས་ཏེ༔ དེ་ཡང་ཁ་དོག་ལྔའོ༔ འོད་ཟེར་དུ་འཕྲོ༔ སྐུ་དང་བཅས་སོ༔ ཙིཏྟའི་རྩེ་མོ་ན་གནས་སོ༔ རིན་པོ་ཆེ་ཤེལ་གྱི་སྦུ་གུ་ཅན་ན་དབྱིངས་ཀྱི་ཐིག་ལེ་གནས་ཏེ༔ དེ་ཡང་ཆེ་ཆུང་གི་ཚད་སྲན་ཆུང་ཙམ་དུ་གནས་སོ༔ ཁ་དོག་དཀར་པོ་འོད་ཟེར་ཆ་ཙམ་དུ་གནས་སོ༔ ཙིཏྟའི་གཡས་ནས་འབྱུང་ངོ༔ རིན་པོ་ཆེའི་དྲ་བ་འདུས་པའི་ནང་ན༔ གསེར་གྱི་རྩ་ཆེན་ཀུན་ཏུ་བཟང་པོའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་ནི་ཡུངས་འབྲུ་ཙམ་དུ་གནས་སོ༔ ཁ་དོག་དམར་པོར་གནས་སོ༔ འགྲོ་འོང་དང་བཅས་པའོ༔ ཙིཏྟའི་སྐེད་པ་ནས་འབྱུང་བའོ༔ ཐིག་ལེ་ལྔའི་ཚོམ་བུ་དང་བཅས་པའོ༔ རིན་པོ་ཆེ་སྟོང་པ་སྟོང་པ་རང་གྲོལ་རང་སང་གི་ནང་ན་ཆོས་ཉིད་ཀྱི་ཐིག་ལེ་གནས་ཏེ༔ ཆེ་ཆུང་སྐྲའི་རྩེ་མོ་ཙམ༔ ཁ་དོག་སེར་པོ༔ སྤྲོ་བསྡུ་མེད་པ་ཙིཏྟའི་སྐེད་པ་ནས་འབྱུང་༔ རིན་པོ་ཆེ་ལས་རབ་རྫོགས་པའི་རྩ་ན་ཡེ་ཤེས་ཀྱི་ཐིག་ལེ་གནས་ཏེ༔ ཕྲ་ལ་འཁྲིལ་ཆེ་ཆུང་ཏིལ་འབྲུ་ཙམ་དུ་ཁ་དོག་དམར་སེར༔ འགྲོ་འོང་མེད་ཅིང་ཙིཏྟའི་རྩ་བ་ནས་འབྱུང་༔ རིན་པོ་ཆེ་དར་དཀར་སྣལ་མ་དར་དཀར་སྣལ་མ་ལྟ་བུའི་རྩལ༔ ཡེ་ཤེས་ཆེན་པོའི་ཐིག་ལེ་གནས་ཏེ༔ ཆེ་ཆུང་རྟ་རྔ་བཅུར་གཤེགས་པ་ཙམ༔ ཁ་དོག་སྔོན་པོར་གནས༔ འགྲོ་འོང་ལྟར་སྣང་བའོ༔ ཙིཏྟའི་འདབས་ནས་འབྱུང་ངོ་༔ དེ་རྣམས་ཀྱི་ལམ་མིག་ནས་འཆར་རོ༔ ཞེས་སོ༔
བདུན་པ་འཆར་སྒོ་ནི༔ མིག་གི་དབང་པོའི་དྭངས་མའི་དཀྱིལ་ལས་འཆར་བ་སྟེ༔ རབ་འབྱམས་ལས༔ འཆར་བྱེད་མ་བསྒྲིབས་སེམས་ཅན་མིག༔ ཙཀྱུ་ཞེས་པའི་སྒོ་ནས་ཐོན༔ ཉི་མའི་དཀྱིལ་འཁོར་བཞིན་དུ་སྣང་༔ ཀུན་གྱི་མིག་ནས་འཆར་བ་ཡིན༔ ཞེས་དང་༔ སྒྲོན་འབར་ལས༔ རྐྱེན་གྱིས་མ་བསྒྲིབ་སེམས་ཅན་མིག༔ ཙཀྱུ་ཞེས་པའི་སྒོ་ནས་ནི༔ ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་༔ རང་གི་འོད་དང་ཟེར་དུ་ཡང་༔ རང་ཆས་རྣམས་སུ་རྣམ་པར་སྣང་༔ ཞེས་སོ༔
བརྒྱད་པ་རང་བཞིན་ནི༔ ཀ་དག་འདུས་མ་བྱས་པའི་རང་བཞིན་ལས་རང་སྣང་ཆུ་ཟླ་ལྟ་བུར་འོད་གསལ་ལྷུན་གྲུབ་ཀྱི་ཐིག་ལེར་ཤར་བ་སྟེ༔ རབ་འབྱམས་ལས༔ རང་བཞིན་བབས་ཀྱིས་གནས་པ་ལ༔ ཡེ་གདངས་རང་བཅས་རང་གསལ་སྟེ༔ སུས་ཀྱང་མ་བྱས་རང་བཞིན་ནོ༔ ཞེས་དང་སྒྲོན་འབར་ལས༔ ཐོག་མའི་ཀ་དག་ཆེན་པོ་ལ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བས༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་སོ༔
དགུ་པ་ཡུལ་ནི་སྤྱིར་ནམ་མཁའ་དང་༔ ཁྱད་པར་སྣང་བའི་འཕེལ་ཚད་དེ༔ རབ་འབྱམས་ལས༔ འཆར་ཡུལ་ནམ་མཁའ་སྟོང་པ་ལ༔ ཞེས་དང་༔ ཐལ་འགྱུར་ལས༔ ཐིག་ལེའི་ཡུལ་ནི་ཁ་དོག་སྟེ༔ ལྔ་དང་དྲུག་དང་གསུམ་གཉིས་དྲུག༔ གསལ་དང་དྲོ་དང་བསིལ་བ་དང་༔ ཡང་ཞིང་གཡོ་བའི་བདག་ཉིད་འཛིན༔ དོན་དམ་ཆོས་ཉིད་འབྱུང་བའོ༔
བཅུ་པ་ཚད་ནི༔ དབྱིངས་རིག་ཐིག་ལེའི་སྣང་བ་དེ་དག་ཉིན་མཚན་དང་སྤྲོ་བསྡུ་མེད་པར་བར་སྣང་ལ་ཤར་ནས་དཀྲིགས་གེར་གནས་པ་ཡིན་ཏེ༔ རབ་འབྱམས་ལས༔ བྱུང་གནས་འགྲོ་གསུམ་བྲལ་བ་ཡི༔ བདེ་སྟོང་མི་རྟོག་ཟག་མེད་དང་༔ རང་བྱུང་ཐིག་ལེ་བརྗོད་མེད་སྟོང་༔ནམ་མཁའི་ཁམས་སུ་སྤྲོ་བསྡུ་མེད༔ བར་སྣང་མི་འགྱུར་དེ་ཉིད་ན༔ ངེས་པར་ཚད་དུ་དེ་འགྱུར་རོ༔ ཞེས་དང་༔ སྒྲོན་འབར་ལས༔ ཐིག་ལེ་སྤྲོ་དང་བསྡུ་མེད་པར༔ བར་སྣང་ཉིད་དུ་སུས་ཟིན་པ༔ དེ་ཡི་ཚད་དུ་དེ་འགྱུར་རོ༔ ཞེས་སོ༔
བཅུ་གཅིག་པ་དངོས་ནི༔ རྩོལ་བས་གཅུན་དུས་དམར་འོད་ཀྱི་ཐིག་ལེ་ཚོན་གང་གོ་མོག་རེས་ཀྱི་དྲྭ་བ་སྟེ༔ དེ་ཡང་རིགས་དྲུག་སོ་སོ་ལ་སྣང་ཚུལ་ཡང་༔ རབ་འབྱམས་ལས༔ དངོས་ནི་ལྷ་ལ་རང་མཐོ་གང་༔ ལྷ་མིན་ཆག་གང་མི་ཚོན་གང་མཐེབ་གང་༔ འོད་ལྔ་འདུས་པའི་ཟླུམ་པོ་རུ༔ ཟད་པ་མེད་པར་སྣང་བ་ཡིན༔ ཞེས་སོ༔ དེ་ཡང་ལྷ་ལ་ཁ་དོག་དཀར་པོ༔ ལྷ་མིན་ལ་ལྗང་གུ༔ མི་ལ་དམར་པོ༔ བྱོལ་སོང་ལ་མཐིང་ཀ༔ ཡི་དྭགས་ལ་སེར་པོ༔ དམྱལ་བ་ན་ཁ་དོག་སྣ་ལྔར་ཤས་ཆེར་ཡོད་དེ༔ སྒྲོན་འབར་ལས༔ ལྷ་ལ་དཀར་པོ་ཤས་ཆེར་སྣང་༔ ལྷ་མིན་དེ་བཞིན་ལྗང་གུ་ཆེ༔ མི་ལ་དམར་གསལ་རང་ཆགས་བྲལ༔ བྱོལ་སོང་ཉིད་ལ་མཐིང་ཤས་ཆེ༔ ཡི་དྭགས་སེར་པོ་དེ་བཞིན་ནོ༔ དམྱལ་བ་རྣམས་ལ་ཁ་དོག་ལྔ༔ ཞེས་སོ༔ དེ་ཉིད་རྟེན་གསུམ་ལ་བརྟེན་ནས་ཤར་བ་ན༔ ཐིག་ལེ་སྲན་མ་ཙམ༔ རིམ་པ་ཆུའི་གཉེར་མ་ལྟ་བུ་དང་མཚོ་ནང་དུ་རྡོ་བོར་བས་རྣམ་ཅན་ནས༔ དངོས་སྣང་དལ་བ་འགུལ་མཁྲིགས་ཤས་ཆུང་བ་ཁ་དོག་སྣ་ལྔའི་རང་བཞིན་དུ་གནས་པ་དེ་ཉིད་གོམས་པ་ལས་གོང་དུ་འཕེལ་ནས་ཕུབ་ཀྱི་སྦྲ་འཁོར་གྱི་ཚད་སོགས་སུ་སྣང་བ་སྟེ༔ རབ་འབྱམས་ལས༔ ཐིག་ལེ་སྲན་མ་ཙམ་གྱིས་བརྒྱན༔ ཆུ་ཡི་གཉེར་མ་ལྟ་བུ་དང་༔ མཚོ་ནང་རྡོ་བ་བོར་བ་ཡིས༔ རི་མོ་ཕུབ་ལྟར་སྣ་ཚོགས་སྣང་༔ སྣང་བ་རྣམས་ཡང་དལ་བར་སྣང་༔ འོད་ཁྱིམ་ཁ་དོག་སྣ་ལྔར་མཐོང་༔ ཞེས་སོ༔
བཅུ་གཉིས་པ་ཡོན་ཏན་ནི༔ དེ་ལ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་གྱིས་གོམས་ན༔ ཁམས་གསུམ་འཁོར་བའི་གནས་སུ་ཕྱིན་ཆད་མི་ལྡོག་པའི་གསང་ཚིག་དམ་པ་ནི༔ རབ་འབྱམས་ལས༔ འདི་ལ་རང་བཞིན་དབང་ཐོབ་ནས༔ རྩོལ་མེད་ཉིད་དུ་རང་གྲོལ་ཏེ༔ ཁམས་གསུམ་འཁོར་བར་ལྡོག་རེ་ཀན༔ ཞེས་སོ༔ ཐབས་སམ་གནད་ནི་འོག་ཏུ་འཆད་དེ༔ སྒྲོན་མ་གཏེམ་པ་ཉིད་ཡིན་ནོ༔
བཅུ་གསུམ་པ་མཐུན་དཔེ་ནི༔ འོད་ལྔའི་མུ་ཁྱུད་དང་ལྡན་པས་རྨ་བྱའི་མདོངས་ལྟ་བུ༔ དྭངས་ཆ་དང་ལྡན་པས་ཁྲའི་མིག་ལྟ་བུ༔ ཐིག་ཕྲན་དུ་སྣང་བས་ཉའི་མིག་ལྟ་བུ༔ འཚེར་བག་དང་བརྟན་པའི་ཆ་ནས་བྱི་ལ་མོའི་མིག་ལྟ་བུ་སྟེ༔ རབ་འབྱམས་ལས༔ མཐུན་དཔེ་རྨ་བྱའི་མདོངས་འདྲ་སྟེ༔ ཁྲ་མིག་ཉ་མིག་བཞིན་དུ་གནས༔ ཞེས་དང་༔ སྒྲོན་འབར་ལས༔ དཔེར་ན་རྨ་བྱའི་མདོངས་དང་མཚུངས༔ དེ་བཞིན་ཁྲ་ཡི་མིག་དང་ནི༔ ཡང་ན་དེ་བཞིན་ཉ་ཡི་མིག༔ དེ་བཞིན་སྲོག་ཆགས་རྐུན་མོའི་མིག༔ འདི་རྣམས་བཞིན་དུ་གནས་པའོ༔ ཞེས་སོ༔
གསུམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་རྒྱས་པར་བཤད་པ་ནི༔ རབ་འབྱམས་ལས༔ དག་པ་དབྱིངས་ཞེས་སྒྲོན་མ་ཉིད༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ རང་བཞིན་མཚན་བསྒོམས་གོམས་དང་ཚད༔ གནས་དང་འཆར་སྒོ་གནད་མཐུན་དཔེ༔ མན་ངག་རྟགས་དང་བཅས་པ་རྣམས༔ ཞེས་པས་དང་པོ་ངོ་བོ་ནི༔ ལུག་རྒྱུད་གཟེར་ལ་འདེབས་པའི་ར་བ་མཐིང་ཀ་དང་ལྔ་ལྡན་དུ་སྣང་བ་རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་ལྔའི་རང་གདངས་ཏེ༔ སྒྲོན་མ་འབར་བ་ལས༔ རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི༔ རིག་པ་ཡི་ནི་ངོ་བོ་སྡུད༔ ལུ་གུ་རྒྱུད་ཀྱི་ར་བར་སྣང་༔ འདི་ལ་སུས་གོམས་དོན་དེ་ཉིད༔ མཐིང་ག་མི་འགྱུར་རང་གསལ་བ༔ མུ་ཁྱུད་ཀྱི་ནི་ར་བར་གནས༔ རང་གསལ་ཕྱི་ཡི་ཡུལ་དུ་སྣང་༔ ངོ་བོ་ཉིད་ནི་མ་བཅོས་པའོ༔ ཞེས་དང་༔ ཁ་དོག་མཐིང་ཀ་མཐོང་བ་ནི༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཡིན༔ ཉོན་མོངས་གཏི་མུག་རྣམ་པར་དག༔ འོད་ཟེར་དཀར་པོ་མཐོང་བ་ནི༔ མེ་ལོང་ཡེ་ཤེས་ངོ་བོ་ཡིན༔ ཉོན་མོངས་ཞེ་སྡང་རྣམ་པར་དག༔ འོད་ཟེར་སེར་པོ་མཐོང་བ་ནི༔ མཉམ་པ་ཉིད་ཀྱི་ངོ་བོ་ཡིན༔ ཉོན་མོངས་ང་རྒྱལ་རྣམ་པར་དག༔ འོད་ཟེར་དམར་པོ་མཐོང་བ་ནི༔ སོ་སོར་རྟོགས་པའི་ངོ་བོ་ཡིན༔ ཉོན་མོངས་འདོད་ཆགས་རྣམ་པར་དག༔ འོད་ཟེར་ལྗང་གུ་མཐོང་བ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་ཡིན༔ ཉོན་མོངས་ཕྲག་དོག་རྣམ་པར་དག༔ ཅེས་སོ༔
གཉིས་པ་ངེས་ཚིག་ནི༔ ཐིག་ལེ་ལུག་རྒྱུད་རང་ངོ་དང་བཅས་པ་འཆར་བའི་གཞི་བྱེད་པའི་དབྱིངས༔ འབྱུང་བའི་གདོས་པ་དང་༔ སེམས་སྣང་བག་ཆགས་ཀྱི་དྲི་མ་དང་བྲལ་བས་རྣམ་པར་དག་པ༔ ཆོས་ཀྱི་བདག་འཛིན་རང་རྒྱུད་པའི་ཤེས་སྒྲིབ་ཀྱི་མུན་པ་སེལ་ཞིང་ཆོས་ཉིད་མའི་སྣང་བ་མངོན་པར་གསལ་བའི་སྒྲོན་མ་ཞེས་བྱ་སྟེ༔ སྒྲོན་འབར་དེ་ཉིད་ལས༔ དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད༔ རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད༔ འདི་ཉིད་ནང་དུ་འཇུག་པར་བྱ༔ རང་གི་ངོ་བོ་རྟོག་མེད་དུ༔ ནང་གི་དབྱིང༵ས་ཀྱི་གོ་རར་ཡང་༔ མ་བཟུང་མི་གནས་ཚུལ་གྱིས་ནི༔ འབྲལ་བ་མེད་པར་རྒྱུན་དུ་སྣང་༔ རྣམ༵་པ་ཡུལ་དུ་སྣང་བ་ལ༔ དག༵་པ་དྲི་མའི་གྲངས་མཐའ་ཟད༔ སྒྲོན༵་གྱིས་རྡོ་རྗེ་ལུ་གུ་རྒྱུད༔ ནམ་མཁའི་ཉིད་ལ་ཅེར་བཏོན་ཏེ༔ རང་བཞིན་མེད་པར་སྣང་བར་བྱེད༔ མས༵་ནི་དེ་ཡི་དོན་འཛིན་པས༔ རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ༔ ཡེ་ནས་འདུ་འབྲལ་མེད་པར་གནས༔ ཞེས་སོ༔
གསུམ་པ་དབྱེ་བ་ནི༔ གཞིའི་དབྱིངས་སྙིང་ཀ་ན་འོད་ལྔ་ནང་གསལ་སྐུའི་གཞལ་ཡས་ཁང་དུ་ཡོད་པ་དང་༔ ལམ་གྱི་དབྱིངས་འོད་རྩ་ན་ཡོད་པ་དང་༔ འབྲས་བུ་ཡུལ་སྣང་གི་དབྱིངས་ནི་སྒྲོན་མ་མཁའ་གསལ་གྱི་དཀྱིལ་འཁོར་མཐིང་ཀ་དང་ལྔ་ལྡན་གྱི་རང་འོད་འབར་བ་སྟེ༔ སྒྲོན་འབར་ལས༔ བྱེད་ལས་དང་བཅས་སུ༔ དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ གཞི་ལ་གནས་པའི་དག་དབྱིངས་ཀྱི༔ རིག་པའི་ཡེ་ཤེས་སྐུ་རུ་འཛིན༔ ལམ་ལ་སྣང་བའི་དབྱིངས་ཀྱིས་ནི༔ རིག་པའི་ཐིག་ལེའི་དྭངས་མ་སྡུད༔ ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི༔ ལུ་གུ་རྒྱུད་དེ་བཙོན་དུ་འཛིན༔ འདི་ཀུན་དེ་ཡི་དབྱེ་བའོ༔ ཞེས་སོ༔ འདི་ལའང་༔ ཕྱི་ནང་གཉིས་སུ་དབྱེར་ཡོད་དེ༔ རབ་འབྱམས་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་དབྱིངས་སྒྲོན་མ་དག་ཏུའོ༔ ཞེས་སོ༔
བཞི་བ་རང་བཞིན་ནི༔ ལྷུན་གྲུབ་རང་གསལ་ཆེན་པོའི་སྣང་བ་འབྱུང་ཆེན་ངོ་བོའི་སྐུར་གནས་པ་ཁྱབ་ཚུལ་དུ་ཡོད་པའི་སྤྲུལ་སྐུ་ལམ་དུ་སྣང་བ་སྟེ༔ ཁ་སྤྱོར་ ༼ སྦྱོར་དཔྱད། ༽ལས༔ རང་བཞིན་སྣང་བ་མ་འགགས་པས༔ བློ་ངོའི་དྲན་པ་ཀུན་ཟད་དེ༔ སྣང་བ་རང་དག་དབྱིངས་སུ་ནི༔ རྟོག་པ་མེད་པའི་རིག་པར་ཡང་༔ མི་གཡོ་མཉམ་པ་ཉིད་ཤེས་པས༔ ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་༔ ཡེ་ནས་རྣམ་པར་ཟད་པར་གནས༔ རང་བཞིན་རྣམ་དག་དབྱིངས་སུ་གནས༔ ཞེས་སོ༔
ལྔ་བ་མཚན་ཉིད་ནི༔ མཐིང་ཀ་ཁྱབ་པ་དང་ལྔ་ལྡན་མཉམ་པའི་འོད་ཡེ་ཤེས་དང་ཐིག་ལེ་རང་ཡུལ་སྡོམ་པ་སྟེ༔ ལྷ་སྐུའི་ཕྱིའི་དབྱིངས་དང་༔ ནང་རིག་པའི་སྟོང་ཆ་ཀ་ནས་དག་པ་ཉིད་དང་བཅས་པ་ནི༔ དབྱིངས་ཀྱི་མཚན་ཉིད་ཡིན་ཏེ༔ རབ་འབྱམས་ལས༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི༔ འོད་ཟེར་ཁ་དོག་མཐིང་ཀ་ལ༔ ཡི་གེ་ན་རོ་ལྟ་བུའམ༔ འཇའ་ཚོན་སྣ་ལྔའི་མདུད་པ་འདྲ༔ དེ་ལ་ཐིག་ལེ་ཉུང་འབྲུ་ཙམ༔ ཕྲུམ་ཕྲུམ་ཟལ་ཟིལ་ཁྱ་ཁྱུགས་དང་༔ སོས་ཀའི་སྨིག་རྒྱུ་ལྟ་བུ་དང་༔ མཚོ་ལ་སྦྲང་ཆར་བབ་འདྲ་དང་༔ ཞེས་དང་༔ སྒྲོན་འབར་ལས༔ ཕྱི་ནང་མེད་པར་ཟང་ཐལ་བས༔ མ་བསྒྲིབས་དྲི་མ་མེད་པ་ནི༔ ཡེ་ནས་ཀ་དག་ཆེན་པོར་ཡང་༔ རྣམ་པར་དག་པའི་དབྱིངས་ཀྱི་ནི༔ མཚན་ཉིད་དུ་ནི་ཡེ་ནས་བཞུགས༔ འདི་མེད་རིག་པའི་ཡུལ་མེད་པས༔ སྣང་བ་འགགས་པ་མེད་པ་ཡི༔ ཆར་ནི་དབྱིངས་ཀྱི་སྒྲོན་མའོ༔ ཞེས་སོ༔
དྲུག་པ་བསྒོམ་པའི་གོམ་ཚུལ་ནི༔ འཁོར་འདས་རུ་ཤན་ཕྱེད་ནས་སྒོ་གསུམ་རྣལ་དུ་ཕེབས༔ རིག་པ་དབྱིངས་ཀྱི་གོ་རར་བཟུང་ནས་ཉམས་སུ་བླངས་བས་འོད་རྣམས་སྨིན་པའི་ཐིག་ལེ་སོགས་ཡོངས་སུ་རྫོགས་ཏེ༔ གཞི་སྣང་གི་ཆ་གཞི་ལ་ཐིམ་སྟེ་ཆོས་ཉིད་ཟད་པའི་སྣང་བ་ལ་ཐུག་པར་བྱེད་པ་ནི་བསྒོམས་པའི་གོམས་ཚུལ་ཡིན་ཏེ༔ དེ་ཉིད་ལས༔ འཁོར་འདས་རུ་ཤན་ཕྱེད་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་ཕབ༔ དེ་ནས་དབྱིངས་རིག་སྣང་བ་བརྟགས༔ འདི་ལ་གོམས་པའི་ཚད་རྙེད་ནས༔ ཕྱི་རོལ་ཡུལ་གྱི་སྣང་བ་ནི༔ གོང་ནས་གོང་དུ་ཡང་འཕེལ་བས༔ རིམ་གྱིས་རང་གོམས་ཆེན་པོ་ཐོབ༔ འདི་ལ་བརྟན་པའི་ཚད་རྙེད་ནས༔ ཆོས་རྣམས་ཟད་པར་གྱུར་པ་ནི༔ དེ་ཉིད་གོམས་པར་བྱེད་པ་ཡི༔ ཡན་ལག་ཏུ་ནི་ངས་བཤད་དོ༔ ཞེས་སོ༔
བདུན་པ་གོམས་པའི་ཚད་ནི༔ དང་པོ་ཁ་དོག་མཐིང་ཀར་སྣང་བ་ལས་རིམ་པར་འཇའ་ཚོན་རེས་སུ་སྨིན་ཅིང་༔ དེ་ནས་སྣང་བ་བཞིར་གོང་དུ་འཕེལ་ཏེ༔ ཡར་མཚམས་ལས་སོར་བཞི་ཙམ་ཕྲལ་པ་དང་༔ དེ་ནས་རེ་ལྡེ་ཙམ་དང་༔ ཡུལ་གྲུ་ཙམ་དུ་འཕེལ་བའི་བར་གྱི་ནང་དུ་སྐུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཤར་བ་ནི༔ དབྱིངས་ཚད་དུ་ཕྱིན་པ་ཡིན་ཏེ༔ དེ་ཉིད་ལས༔ མཐིང་ཀ་མི་འགྱུར་སྣང་བ་ལས༔ ཁ་དོག་གསལ་བའི་འོད་ལྔར་ཡང་༔ འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་༔ རང་གི་མདུན་གྱི་ཡར་མཚམས་སུ༔ སོར་བཞིའམ་ནི་མཐོ་གང་ལས༔ འཕགས་ཏེ་ལུས་དང་བྲལ་བ་ན༔ དེ་ཡི་ཚད་དུ་དེ་འགྱུར་རོ༔ ཞེས་སོ༔
བརྒྱད་པ་གནས་ནི༔ གཞིར་གནས་རང་བྱུང་གི་དབྱིངས་ཀྱི་གནས་ནི་སྙིང་ག་དང་༔ བར་ལམ་གྱི་དབྱིངས་གྱི་གནས་ནི་མིག་གཉིས་ཀྱི་ཟུར༔ ཕྱི་འབྲས་བུ་ཡུལ་ཤར་གྱི་དབྱིངས་ཀྱི་གནས་ནི་ནམ་མཁའ་སྟེ༔ རབ་འབྱམས་ལས༔ རིག་པ་ཕྱིར་འཕྲོས་མཁའ་ལ་གསལ༔ རང་ཤེས་ནང་དུ་གསལ་བའི་ཚེ༔ ཙིཏྟའི་དཀྱིལ་དུ་གནས་པ་ཡིན༔ ཞེས་དང༔ དེ་ཉིད་ལས༔ མིག་ནི་འབྱུང་བའི་རྐྱེན་མེད་ལ༔ གནས་པས་རང་གི་རིག་པ་ཡང་༔ ལུ་གུ་རྒྱུད་དུ་སྣང་བ་སྟེ༔ སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད༔ རང་ཤེས་ནང་དུ་གསལ་བའི་ཚེ༔ ཙིཏྟའི་ནང་དུ་གནས་པ་ཡིན༔ ཕྱིར་འཕྲོས་སྤྲིན་བྲལ་ནམ་མཁའ་འོ༔ མིག་གི་རྣམ་ཤེས་དག་པ་ལ༔ གསལ་བྱེད་འབར་བའི་འོད་ཟེར་ལྔར༔ མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་༔ མཐིང་གའི་རང་གདངས་ཆེན་པོར་གནས༔ འཆར་བྱེད་སྣང་བ་མ་འགགས་པས༔ ཕྱི་ཡི་ཡུལ་ལ་རྣམ་པར་སྣང་༔ ཞེས་སོ༔
དགུ་པ་འཆར་བའི་སྒོ་ནི༔ མིག་ནས་ཏེ་དབྱིངས་ཀྱི་ར་བར་སྣང་བའི་རིག་པ་རྣམ་པར་དག་པའི་མ་དང་འཕྲད་ནས་མས་བུ་འཚོལ་བའི་གདམས་པ་མཐར་ཕྱིན་ཏེ༔ ཟུང་འཇུག་གི་མཐོང་བ་ནམ་མཁའ་ལ་འཆར་བའི་ཕྱིར༔ སྒྲོན་མ་འབར་བ་ལ༔ འདི་ཡི་འཆར་སྒོ་མིག་ནས་ཀྱང་༔ འགྱུར་མེད་ཁྱབ་པའི་ཚུལ་དུ་སྣང་༔ འདི་ཡི་སྣང་བ་རང་དག་པས༔ དབྱིངས་དང་རིག་པ་ཟུང་འཇུག་པར༔ ཡེ་ཤེས་གནས་ཏེ་ཅོག་བཞག་གོ༔ རང་ཤར་རང་གི་སྤྱོད་ཡུལ་ལོ༔ སྣང་བ་མིག་དང་རང་འབྲེལ་བས༔ དེ་ཉིད་རྐྱེན་བྲལ་ནམ་མཁར་ཤར༔ དེ་ལྟར་འཆར་སྒོ་མ་འགགས་པའོ༔ ཞེས་སོ༔
ཞར་ལ་དབྱིངས་དངོས་ནི༔ ཁ་དོག་དང་༔ དབྱིབས་དང་༔ རང་བཞིན་གྱིས་མཚོན་ན་གཞིའི་དབྱིངས་རིག་པ་འོད་ཀྱི་ཁང་པ་ན་བཞུགས་པ་དེ་ཉིད་ཡིན་ལ༔ ལམ་གྱི་དབྱིངས་ནི་ཡི་གེ་ན་རོ་ལྟ་བུ་ལས་རིམ་པར་མཆེད་དེ༔ ཁ་དོག་སྣ་ཚོགས་པར་མཆེད་དོ༔ གྱེན་འགྲེངས་དང་༔ རྩིབས་ཤར་དང་ཐིག་ལེ་པད་འདབ་ཀྱིས་མཚོན་པ༔ དབྱིངས་ཀྱི་ར་བས་བསྐོར་བ་འདི་དག་ཀྱང་རྩ་ཡི་གེ་ཆོས་འབྱུང་གི་འོད་ཀྱི་དབྱིབས་ཡིན་ལ༔ དེའི་ནང་དུ་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་ཕྱག་མཚན་གྱི་ཚུལ་དུ་སྨིན་པ༔ ཐུགས་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་དང་༔ དེ་ཉིད་རིམ་པར་སྨིན་ཏེ་སྐུའི་དཀྱིལ་འཁོར་དང་བཅས་པ་གསལ་བར་གྱུར་བ་ནི༔ ནང་གི་རྩ་ཁམས་འོད་དུ་དངས་སྟོབས་ཀྱི་གཞི་དབྱིངས་དག་པའི་ཁྱད་པར་ཡིན་ལ༔ དེས་ན་སྤྱིར་གདངས་ཀྱི་སྒྲོན་མ་མཐིང་ཀ་དང་འོད་ལྔའི་དཀྱིལ་འཁོར་ལ་དེ་ལྟར་མཐོང་བས་ན༔ རབ་འབྱམས་ལས༔ དངོས་གཞི་ལམ་གྱི་དབྱིངས་ཡིན་ནོ༔ གདངས་དེ་འབྲས་བུའི་དབྱིངས་ཡིན་ནོ༔ ཁ་དོག་དཀར་སེར་དམར་ལྗང་མཐིང་༔ གསེར་དངུལ་ཤེལ་གྱི་ཁ་དོག་དང་༔ མུ་ཏིག་མུ་མིན་ལྟ་བུ་དང་༔ རིན་ཆེན་མཐིང་དང་མར་གད་འདྲ༔ པད་མ་རཱ་ག་བཻཌཱུར་མདོག༔ རྨ་བྱ་ནེ་ཙོ་ཟེར་མོའི་སྒྲོ༔ སེངྒེའི་དཔྲལ་པ་ཁྲ་ཡི་མིག༔ རྒྱ་བྱའི་ལག་པ་ལྟ་བུ་དང་༔ འཕྱོང་རྒྱའི་གཤོག་པ་ལྟ་བུ་དང་༔ ཐིག་ལེ་དང་ནི་ཐིག་ཕྲན་དང་༔ གྱེན་འགྲེང་དང་ནི་རྩིབས་ཤར་དང་༔ མདུང་རྩེ་རིས་དང་པདྨ་རིས༔ མཆོད་རྟེན་རིས་དང་དྲྭ་བ་རིས༔ རྡོ་རྗེ་རིས་དང་འཁོར་ལོ་རིས༔ རལ་གྲི་རིས་དང་མུ་ཏིག་རིས༔ དྲྭ་བ་དྲྭ་བ་བྱེད་པ་དང་༔ རིན་ཆེན་མིག་མང་མིག་ཚགས་རིས༔ ཉ་མིག་རིས་དང་མཁར་ཐབ་རིས༔ ཟ་འོག་གུར་ཁྱིམ་ལྟ་བུ་དང་༔ པདྨ་སྟོང་ལྡན་ལྕགས་ཚགས་དང་༔ སྨུག་པ་ལྟར་དང་མདའ་ལྟ་བུ༔ རེ་ལྡེ་ཚ་ཚ་རྦ་ཕུབ་རིས༔ དེ་ནི་རང་རིག་ངོ་བོ་སྟེ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན༔ རིན་ཆེན་གདུགས་བརྩེགས་འབྲུ་ཕུང་རིས༔ ཞེས་དང་༔ སྒྲོན་འབར་ལས༔ འདི་ལྟར་གནད་གསུམ་མན་ངག་དང་༔ སུ་ལ་འཛོམ་པའི་སྐྱེས་བུ་ནི༔ དབྱིངས་ལ་གོམས་ཏེ་མངོན་དུའོ༔ སྲིད་པ་ཡི་ནི་ཡར་མཚམས་ན༔ འདི་ནི་གཉིས་འཇུག་བྱུང་ལས་ནི༔ ཐབས་དང་ཤེས་རབ་རང་བཞིན་ལས༔ གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང་༔ སོར་གཅིག་གིས་ནི་མ་རིག་པར༔ ཉིན་དུས་འབྱུང་བའི་རྐྱེན་ལྡན་པས༔ སྣང་བར་འགྱུར་ཏེ་མཚན་མོ་ཡང་༔ མཐིང་ཀ་རང་ངོ་ཉིད་དུ་སྦྱར༔ དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ༔ འགྱུར་མེད་ཡེ་གདངས་ཆེན་པོར་ནི༔ སངས་རྒྱས་སེམས་ཅན་ཐམས་ཅད་ལ༔ སུས་ཀྱང་བྱས་པ་མེད་པར་ནི༔ ཡེ་ནས་གཉིས་མེད་མཉམ་པར་གནས༔ འདི་ནི་ཁྱབ་ཆེ་ཕྲ་བ་ལས༔ རང་གི་ཤེས་པའི་ཆར་ཤར་ནས༔ མངོན་སུམ་ཉིད་དེ་རབ་ཏུ་གསང་༔ གསང་བ་ཆེན་པོ་འདི་ཉིད་ལ༔ གང་དུ་སྤྱོད་པར་འདོད་པ་དེས༔ ཡེ་སངས་ཉིད་ལ་ཡང་སངས་རྒྱས༔ ཞེས་སོ༔
བཅུ་པ་དབྱིངས་ཀྱི་གནད་ནི༔ འཁྲིད་པའི་ཐབས་ཡིན་ཏེ༔ ཐལ་འགྱུར་ལས༔ དབྱིངས་ཀྱི་གནད་ནི་འཁྲིད་པའོ༔ ཞེས་སོ༔
བཅུ་གཅིག་པ་མཐུན་དཔེ་ནི༔ ཡི་གེ་ན་རོ་བཞིན་དུ་སྨིན་མཚམས་སུ་གཤོག་པ་གཉིས་ཀྱི་གཟུགས་ཀྱི་བྲང་ཙམ་འཁྱོགས་པར་སྣང་ལ༔ དེ་ལ་གོམས་པར་བྱས་པས་ཕྱིས་རྨ་བྱའི་གདུགས་སམ་འཇའ་ཚོན་གྱི་རྣམ་པར་སྣང་བ་སྟེ༔ ཕྱི་ནང་གི་དབྱིངས་གཉིས་བསྡོམས་པས་ཀྱང་གཤོག་པ་གཉིས་ཀྱི་ན་རོ་གྲུབ་པ་ལྟར་དབྱིངས་གཅིག་གྲུབ་པའི་མཐུན་དཔེ་བཞག་པའོ༔ རབ་འབྱམས་ལས༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི༔ འོད་ཟེར་ཁ་དོག་མཐིང་ག་ལ༔ ཡི་གེ་ན་རོ་ལྟ་བུའམ༔ འཇའ་ཚོན་སྣ་ལྔའི་མདུད་པ་འདྲ༔ ཞེས་སོ༔ སྒྲོན་འབར་ལས༔ དཔེར་ན་ཡི་གེ་ན་རོ་བཞིན༔ གཉིས་ཀྱིས་ཟུང་དེ་བསྡོམས་པས་གཅིག༔ ནག་པོ་བསྒྱུར་དུ་གཏུབ་པ་མིན༔ དེ་ལ་གོམས་པའི་གདེང་རྙེད་ནས༔ བར་སྣང་འཇའ་ཚོན་ཅི་བཞིན་ཏུ༔ ཁ་དོག་མ་འདྲེས་ཡོངས་སུ་རྫོགས༔ ཞེས་སོ༔
བཅུ་གཉིས་པ་དབྱིངས་ལ་རྣལ་འབྱོར་དུ་བྱེད་པའི་གནད་ཀྱི་མན་ངག་ནི༔ སྙན་བརྒྱུད་ལས་བྱུང་བ་ལྟར་རོ༔
བཅུ་གསུམ་པ་རྟགས་ངེས་པ་ནི༔ སྒྲོན་མ་སྨིན་མཚམས་ལས་ཕྲལ་བའི་དུས་ན་འཁོར་འདས་གཉིས་ཀ་རྒྱབ་གྱེས་པའི་རྟགས་ཚད་ངེས་པ་ཡིན་པས་མངལ་དུ་མི་འཇུག༔ དབྱིངས་རིག་ཉིན་མཚན་མེད་པར་བར་སྣང་ཁམས་སུ་ཟིན་པའི་དུས་ན༔ མྱང་འདས་ཡུལ་གསལ་དུ་སྣང་བ་ཡིན་པས་འཁོར་བ་མྱང་འདས་སུ་གྲོལ་བའི་རྟགས་ཚད་ཡིན་ནོ༔ དེ་ཡང་སྒྲོན་འབར་ལས༔ དེ་ཡི་རྟགས་དང་ལྡན་པ་ལ༔ བར་སྣང་ཁམས་ཀྱང་དེ་བཞིན་ནོ༔ ཞེས་སོ༔
བཞི་བ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱས་པར་བཤད་པ་ལ་ཡང་༔ རབ་འབྱམས་ལས༔ ཤེས་རབ་རང་བྱུང་སྒྲོན་མ་ཞེས༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ རང་བཞིན་མཚན་ཉིད་གནས་པའི་ས༔ འཆར་བའི་སྒོ་དང་ཤར་བའི་ཡུལ༔ གོམས་དང་དགོངས་ཚད་མཐུན་དཔེ་རྣམས༔ ཞེས་བཅུ་གཉིས་ལས༔
དང་པོ་ངོ་བོ་ནི༔ གསལ་བ་རང་ཤེས་ཀྱི་དགོངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ༔ ཚོར་འདི་སོགས་ཆོས་ཅན་མིང་བཞི་འདུས་པའི་ཡེ་གདངས༔ སམ་ཆོས་ཉིད་ཡེ་ཤེས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་དང་༔ ཐོས་བསམ་བསྒོམ་པ་སོགས་གནས་ཀུན་འབྱེད་པའི་ཤེས་བྱེད་དུ་ཡོད་པས་ན༔ རབ་འབྱམས་ལས༔ ཐམས་ཅད་མཁྱེན་པའི་ངོ་བོར་ནི༔ མིང་བཞི་འདུས་པའི་ཡེ་གདངས་སུ༔ ཡེ་ནས་ལུས་ཀྱི་ཆ་ལ་གནས༔ ཐོས་དང་བསམ་དང་བསྒོམ་པ་དག༔ ཀུན་འབྱེད་རང་རིག་ཤེས་རབ་རྣམས༔ འདི་ཉིད་ངོ་བོར་ཡེ་ནས་བཞུགས༔ ཞེས་དང་༔ སྒྲོན་འབར་ལས༔ ཤེས་རབ་རང་བྱུང་སྒྲོན་མ་ནི༔ འདི་ལྟར་སྒྲོན་མ་ཐམས་ཅད་ཀྱི༔ ཤེས་བྱེད་ཚུལ་དུ་གནས་པས་ན༔ ཀུན་གྱི་ཆ་ལ་འདི་ཉིད་པས༔ འབྱེད་པའི་ཤེས་རབ་ཉིད་པས་ནི༔ འབྱེད་པ་མེད་པའི་ཚུལ་དུ་གནས༔ ཆ་ཕྲ་བསྐྱེད་པའི་ངོ་བོ་ནི༔ ཡེ་ཐོག་ཉིད་ནས་གནས་པའོ༔ ཞེས་སོ༔
གཉིས་པ་ངེས་ཚིག་ནི༔ ཆོས་ཐམས་ཅད་ཀྱི་མཚན་ཉིད་སྟོང་པ་ཉིད་དང་རང་གི་ཡེ་ཤེས་དང་དེའི་ཚད་དང་ཐོས་བསམ་བསྒོམ་པའི་གནས་ཐམས་ཅད་ཤེས༵་པ་དང་༔ ཀུན་གྱིས་རྟོགས་དཀའ་པའི་དགོངས་པ་རབ༵་ཀྱི་རྩེ་མོར་གྱུར་བ་རང་ལས་རྙེད་པ་དང་༔ རྒྱུ་རྐྱེན་གྱི་མ་བསྐྱེད་པར་རང༵་བྱུང༵་བ་དང་༔ ཆོས་ཐམས་ཅད་དང་སྒྲོན་མའི་གནས་ལུགས་གསལ་བར་བྱེད་པས་སྒྲོན༵་ཞེས་བྱའོ༔ འཁོར་འདས་ཐམས་ཅད་འབྱུང་བའི་དབྱིངས་སུ་འབྱུང་བས་མ༵་ཞེས་བྱའོ༔ སྒྲོན་འབར་ལས༔ ཤེས་པ་དངོས་དང་དངོས་མེད་པའི༔ སྣང་བ་ཀུན་ལ་རབ་ཞུགས་ནས༔ སྤྱི་ཡི་དོན་རྣམས་ཤེས་པ་དང་༔ མ་བཙལ་བཞག་པའི་གདེང་རྙེད་དེ༔ རང་གི་ཡེ་ཤེས་ཚད་རྣམ་ཤེས༔ རང་བཞིན་དག་པའི་ཆོས་སྐུ་ནི༔ སུས་མ་རྙེད་པར་རང་རིག་པས༔ ཀུན་ལས་ཁྱད་འཕགས་རབ་ཏུ་སྣང་༔ གཞན་གྱིས་སྤྱོད་པའི་གནས་མེད་པས༔ རང་ཤེས་ཡེ་ནས་དག་པའི་ཡུལ༔ གཞན་གྱི་ཡུལ་མིན་རང་ཤེས་བྱ༔ བྱས་པས་འདི་དོན་རྙེད་པ་མེད༔ སུ་ལ་རེ་བ་མེད་པའི་ཕྱིར༔ ཡེ་ནས་རང་སྣང་འབྱུང་ཞེས་བྱ༔ སྒྲོན་ནི་ཆོས་ཉིད་ཐམས་ཅད་ཀུན༔ གཉིས་སུ་མེད་པར་སྣང་བར་བྱེད༔ མས་ནི་རང་ངོ་ཁྱབ་པའོ༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ ཤེས་པས་ཆོས་རྣམས་ཅིག་ཆར་རྟོགས༔ རབ་ནི་ཀུན་གྱི་རྩེ་མོར་གྱུར༔ རང་ནི་གཞན་ལྟོས་ཆོས་དང་བྲལ༔ བྱུང་བས་མ་བཀག་ལྷུག་པར་སྣང་༔ གཡོན་ནས་འཆར་བྱེད་སྒོ་མ་འགགས༔ ཞེས་སོ༔
གསུམ་པ་དབྱེ་བ་ལ༔ ངོ་བོའི་དབྱེ་བ༔ རྩལ་གྱི་དབྱེ་བ༔ གདངས་ཀྱི་དབྱེ་བ་དང་གསུམ་དུ་ཡོད་པ་ལས༔
དང་པོ་ལ་ལྔ་ལས༔ གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་དང་འཆར་གཞི་བྱེད་པ་དང་༔ སྣང་བ་ཅེར་འཛིན་གྱིས་དབྱིངས་རིག་འཛིན་མེད་རང་གསལ་ཏུ་རྟོགས༔ དྲན་པ་འགགས་མེད་ཀྱི་ཤེས་རབ་ཀྱིས་རིས་མེད་ཀྱི་སྣང་བ་ཆོས་ཉིད་གྲོལ་ཡན་གཅིག་ཏུ་སྡུད་དེ་མཉམ་བཞག་ཏུ་གསལ་དང་འབྱེད༔ སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་མ་འདྲེས་པར་ཤེས༔ འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་བསྒོམ་པའི་དོན་གྱི་སྒྲོ་འདོགས་ཆོད་དེ་འཁོར་འདས་ཀྱི་སོ་འཚམས་བྱེད་པ་སྟེ༔ འདིས་ཀྱང་སྔ་མ་ངོ་བོ་དང་ཕྱི་མ་རྣམས་རང་རྩལ་གྱི་ཁྱད་པར་ཡོད་པའི་དབྱེ་བ་གཉིས་སུའང་གནས་པའོ༔ སྒྲོན་འབར་ལས༔ གཞི་གནས་རང་བྱུང་ཤེས་རབ་ཀྱིས༔ ལུས་སོགས་ཆོས་ཀྱི་རྟེན་རྣམས་བྱེད༔ སྣང་བ་ཅེར་འཛིན་ཤེས་རབ་ཀྱིས༔ དབྱིངས་དང་རིག་པའི་འདུན་ས་འཛིན༔ དྲན་པ་འགགས་མེད་ཤེས་རབ་ཀྱིས༔ ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད༔ སོ་སོར་རྟོགས་པའི་ཤེས་རབ་ཀྱིས༔ སྤྱི་དང་རང་གི་མཚན་ཉིད་འབྱེད༔ འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས༔ རང་བཞིན་བར་དོ་གཏན་ལ་འབེབས༔ ཞེས་སོ༔ གཞན་ཡང་ངོ་བོ་རིག་པའི་འདིར་ངོ་བོའི་ཆ་ནས་རིག་པ་བཅོ་ལྔ་གདངས་སྐུ་བཅོ་ལྔ་འཆར་བ་ཡིན་དབྱེ་བ་བཅོ་ལྔ་སོགས་རང་ཤར་ལས་གསུངས་སོ༔
གཉིས་པ་རྩལ་གྱི་སྒོ་ནས་དབྱེ་བ་བཞིར་འགྱུར་ཏེ༔ རང་ཤར་ལས༔ རྣམ་པར་སྒྲོལ་བྱེད་ཤེས་རབ་ནི༔ ཐམས་ཅད་སྒྲོལ་བར་བྱེད་པའོ༔ ཉོན་མོངས་དག་པའི་ཞིང་དུ་སྒྲོལ༔ རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ༔ མ་རིག་རིག་པའི་ཀློང་དུ་སྒྲོལ༔ ཤེས་རབ་རྟོག་མེད་ངང་དུ་སྒྲོལ༔ དེ་ཕྱིར་སྒྲོལ་བྱེད་ཤེས་རབ་བོ༔ རྣམ་པར་སྐྱོད་བྱེད་ཤེས་རབ་ནི༔ སྐུ་ལྔ་ཀ་དག་དབྱིངས་སུ་བསྐྱོད་པར་བྱེད༔ འོད་ལྔ་འཛིན་མེད་དབྱིངས་སུ་བསྐྱོད་པར་བྱེད༔ རིག་པ་ཡེ་ཤེས་དབྱིངས་སུ་བསྐྱོད་པར་བྱེད༔ སྒྲོན་མ་ནམ་མཁའི་དབྱིངས་སུ་བསྐྱོད་པར་བྱེད༔ དེ་ཕྱིར་བསྐྱོད་བྱེད་ཤེས་རབ་པོ༔ རྣམ་པར་སྡུད་བྱེད་ཤེས་རབ་ནི༔ འབྱུང་བ་འོད་ལྔའི་ནང་དུ་སྡུད༔ ནམ་མཁའ་སྒྲོན་མའི་ནང་དུ་སྡུད༔ སྐུ་ལྔ་རིག་པའི་ནང་དུ་སྡུད༔ རིག་པ་རྟོག་མེད་ནང་དུ་སྡུད༔ དེ་ཕྱིར་སྡུད་བྱེད་ཤེས་རབ་པོ༔ རྣམ་པར་འབྱེད་བྱེད་ཤེས་རབ་ནི༔ མ་རིག་རིག་པ་གཉིས་སུ་འབྱེད༔ ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད༔ དག་དང་མ་དག་གཉིས་སུ་འབྱེད༔ འཁོར་དང་མྱང་འདས་གཉིས་སུ་འབྱེད༔ རྟོགས་དང་མ་རྟོགས་གཉིས་སུ་འབྱེད༔ བཟང་དང་ངན་པ་གཉིས་སུ་འབྱེད༔ དེ་ཕྱིར་འབྱེད་བྱེད་ཤེས་རབ་པོ༔ ཞེས་སོ༔
གསུམ་པ་གདངས་ནི༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་སྟེ༔ དེའི་ཡོན་ཏན་ནམ་གདངས་ལས་སྐུ་བཅོ་ལྔ༔ སྐུའི་རོལ་བ་འདིར་ཡང་སྐབས་རེར་སྐུའི་གདངས་ཡེ་ཤེས་སུ་བཤད་པ་ནི་རྣམ་པ་ཀུན་ཏུ་དབྱིངས་ཡེ་འདུ་འབྲལ་མེད་པས་ཡིན་གསུངས་ལས་ཡེ་ཤེས་ལྔ༔ ཡེ་ཤེས་ཀྱི་རྒྱན་ལས་འོད་ལྔ༔ འོད་ཀྱི་རྩེ་མོ་ཟེར་ལ་སོགས་པ་གདངས་ཀྱི་ཆ་ཤས་ནས་དབྱེ་ན་བསམ་གྱིས་མི་ཁྱབ་པ་ཡོད་པས༔ རང་ཤར་ལས༔ དེ་ཡང་ཡང་དག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོད་དོ༔ དངོས་པོ་ལ་དེ་ལྟར་མེད་ཀྱང་༔ རྩལ་དུ་སྣང་བ་དེ་ལྟར་བྱུང་ངོ་༔ དེའི་ཡོན་ཏན་ལས་སྐུ་བྱུང་ངོ་༔ སྐུའི་རོལ་བ་ལས་ཡེ་ཤེས་བྱུང་ངོ་༔ ཡེ་ཤེས་ཀྱི་རྒྱན་ལས་འོད་བྱུང་ངོ་༔ འོད་ཀྱི་རྩེ་མོ་ལས་ཟེར་བྱུང་ངོ་༔ ཞེས་སོ༔ གཞན་ཡང་ལུ་གུ་རྒྱུད་དུ་གྲངས་མང་བས༔ ཆ་ཤེས་སྐུ་ནི་བསམ་མི་ཁྱབ༔ ཅེས་སོ༔
བཞི་བ་རང་བཞིན་ནི༔ ཐུགས་རྗེ་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལྔའི་དགོངས་པ་སྟེ༔ རབ་འབྱམས་ལས༔ རང་ངོ་རིག་པ་ལུ་གུ་རྒྱུད༔ རང་བཞིན་མ་བཅོས་མངོན་དུ་སྣང་༔ ཞེས་དང་འདི་ནི་རིག་པའི་ངོ་བོ་སྟེ༔ འདས་དང་མ་འོངས་ད་ལྟ་བར༔ སུས་ཀྱང་བྱས་པ་མེད་པ་རུ༔ ཡེ་ཉིད་ནས་ནི་རང་གསལ་ལོ༔ ཞེས་སོ༔
ལྔ་བ་མཚན་ཉིད་ནི༔ ཆོས་ཐམས་ཅད་ཀྱི་གནས་ཚུལ་དང་སྣང་ཚུལ་སྤྱི་མཚན་དང་རང་མཚན་གྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་པ་ཞེས་ཆོས་ཅན་ཆོས་ཉིད་སྤྱི་དང་ལ༔ ངོ་བོའི་མཚན་ཉིད་དང་༔ འདི་གཉིས་ཀྱི་འཕྱོངས་ནི་སྔ་མ་འོད་གསལ་དང་ཕྱི་མ་སྒྱུ་ལུས་སུ་བསྟན་པའི་ཁྱད་དོ། །གདངས་ཀྱི་སྣང་བའི་མཚན་ཉིད་ནི་ཕྲ་ཞིང་འཁྱོག་པ་རྟ་རྔའི་མདུད་པ་ལྟ་བུ༔ བར་བར་དུ་ཐིག་ལེས་བརྒྱན་པ་དང་འགྲོ་དང་འོང་བའི་བདག་ཉིད་ཅན་དབྱིངས་ཀྱི་རྭ་བ་སྣང་སྟེ༔ སྒྲོན་འབར་ལས༔ སྣང་དང་མི་སྣང་ཆོས་རྣམས་ཀུན༔ རང་བཞིན་མེད་པར་སུས་ཤེས་པ༔ འདི་ནི་དེ་ཡི་མཚན་ཉིད་དོ༔ ཞེས་དང་༔ ངོ་བོའི་མཚན་ཉིད་བྱེ་བྲག་ཏུ་ཆོས་ཉིད་ཤེར་ཕྱིན་ཟབ་མོའི་དོན་འོད་གསལ་ཁྲེགས་ཆོད་ཀྱི་ངོ་བོ་དབྱིས་༼ དཔྱིས། དཔྱད། ༽ཕྱིན་པར་བཤད་ན་དེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་རྟོག་པའི་བག་ཆགས་དག་པས་མ་འཁྲུལ་པའི་སངས་རྒྱས་ཏེ༔ རབ་འབྱམས་ལས༔ ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི༔ རྣམ་རྟོག་བག་ཆགས་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་དང་༔ གདངས་ཀྱི་མཚན་ཉིད་ཀྱང་༔ རབ་འབྱམས་ལས༔ དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ༔ ཕྲ་ཞིང་རྟ་རྔའི་མདུད་པ་འདྲ༔ བར་བར་ཐིག་ལེ་ཉུང་འབྲུ་ཙམ༔ ཆེ་ཆུང་ཚད་མེད་ཅིར་ཡང་འགྱུར༔ འགྲོ་དང་འོང་བའི་བདག་ཉིད་ཅན༔ དེ་ཡང་འོད་ལྔའི་ནང་དུ་འཆར༔ ཐིག་ལེ་དང་ནི་རྐྱང་པ་དང་༔ གཉིས་འབྲེལ་གསུམ་འབྲེལ་སོགས་མཁར་འཆར༔ ཞེས་སོ༔
དྲུག་པ་གནས་པའི་ས་ནི༔ ངོ་བོ་སྙིང་ཁའི་འོད་རྩ་བཞི་ལ་གནས་ཤིང་དེའི་རང་རྩལ་རྩ་ཐམས་ཅད་ལ་འོད་རྩས་ཁྱབ་པའི་ཆ་ཤས་ཀྱི་ནང་དུ་རླུང་གི་རྟ་ལ་ཞོན་ནས་རྒྱུ་བ་སྟེ༔ རབ་འབྱམས་ལས༔ བསྐྱེད་བྱེད་རྩ་ནས་ཙིཏྟར་འཁོར༔ རོ་མ་རྐྱང་མ་ཀུན་འདར་མ༔ ཤེལ་སྦུག་ཁོག་པ་སྟོང་པའི་ནང་༔ གསལ་བ་རང་ཤེས་ཆེན་པོར་བཞུགས༔ ཞེས་སོ༔
བདུན་པ་འཆར་བའི་སྒོ་ནི༔ སྤྱིར་དབང་པོ་ལྔ་ག་ཡིན་ཏེ་དེ་ལས་དབང་ཤེས་ཡུལ་ལ་འཆར་ཞིང་དེ་དག་ཐམས་ཅད་ཀྱི་ངོ་བོ་ཤེས་རབ་ཡིན་པའི་ཕྱིར་རོ༔ ཁྱད་པར་དུ་དྲན་པ་ཤེས་རབ་ཀྱི་རྟ་མེ་རླུང་སྣ་ནས་རྒྱུ་བ་ཡིན་པའི་ཕྱིར་མཚན་མོ་སྦྲིད་པ་བྱུང་དུས་དེའི་གདངས་མེ་སྟག་ལྟ་བུ་འཆར་བ་སྟེ༔ རབ་འབྱམས་ལས༔ ཕྱི་ཤར་སྒོ་ནི་དབང་པོ་ལྔ༔ ཁྱད་པར་ཁ་དང་སྣ་ལ་འཆར༔ ཞེས་དང་༔ སྒྲོན་འབར་ལས༔ འཆར་བྱེད་སྒོ་ནི་དབང་པོ་ལྔ༔ ཁྱད་པར་སྣ་ནས་འཆར་བར་བྱེད༔ དེ་རྟགས་མཚན་མོའི་དུས་ཉིད་དུ༔ གློ་དང་སྦྲིད་པ་དྲག་པོ་དང་༔ ཤིན་ཏུ་གློ་དྲག་ལུས་པའི་ཚེ༔ དམར་ལ་དྭངས་པའི་འོད་ཟེར་ནི༔ མེ་སྟག་བཞིན་དུ་རྣམ་པར་འཕྲོ༔ དེ་ཡི་ཚད་དང་རྟགས་དེ་ཡིས༔ འཆར་བར་བྱེད་པའི་སྒོ་ངོས་ཟིན༔ ཞེས་སོ༔
བརྒྱད་པ་ཤར་བའི་ཡུལ་ནི༔ རང་ངོ་ཡུལ་རིག་པ་དང་༔ ཤེས་བྱ་ལ་འཇུག་པའི་ཡུལ་ཆོས་དང་༔ ཆོས་ཉིད་ཐམས་ཅད་སྟེ༔ ཐལ་འགྱུར་ལས༔ ཤེས་རབ་ཡུལ་ནི་ཚིག་དང་དོན༔ ཚིག་དོན་འབྲེལ་བར་འདོད་པ་ཡིས༔ མཚོན་པས་ཤེས་དང་འབྱེད་པས་སོ༔ མཚོན་པ་དཔེ་དང་བརྡ་མཚོན་དང་༔ ཚིག་གིས་མཚོན་པ་མཐའ་མར་བརྗོད༔ བརྗོད་པས་ཤེས་པ་ཐ་སྙད་དང་༔ ངོ་སྤྲད་པ་དང་ཁྲིད་པ་དང་༔ ལ་བཟླ་ཤན་འབྱེད་དག་གིས་སོ༔ ཞེས་སོ༔
དགུ་བ་གོམས་པའི་གནད་ནི་སྙན་བརྒྱུད་ལས་འབྱུང་ངོ་༔
བཅུ་བ་དགོངས་པའི་ངོ་བོ་དངོས་ནི༔ ཤེས་པ་ཡུལ་ལ་འཆར་དུས་དེའི་ངོ་བོ་ཀུན་རིག་གི་གསལ་སྒོ་མ་འགགས་ཀྱང་༔ ཡུལ་དང་མ་འདྲེས་པ་གསལ་རིག་རྟོག་མེད་གང་ཡང་མི་འཛིན་པ་ཞིག་ཡོད་པ་དེ་ཉིད་ཡིན་ཏེ༔ རབ་འབྱམས་ལས༔ གསལ་བར་རང་ཤེས་ཆེན་པོར་བཞུགས༔ ཞེས་སོ༔
བཅུ་གཅིག་པ་ཚད་ནི༔ ཤེས་རབ་ལྔ་པོ་སོ་སོའི་འཇུག་ཡུལ་ལ་དངོས་པོ་སྟོབས་ཞུགས་སུ་གྱུར་པའི་གདངས་ཕྱི་ནང་གི་རྟགས་དང་བཅས་པ་ཡོངས་སུ་རྫོགས་པ་སྟེ༔ སྒྲོན་འབར་ལས༔ གཞི་གནས་ཤེས་རབ་རང་བྱུང་ཚད༔ ཆོས་ཀུན་མཉམ་པའི་ཉམས་སྐྱེས་ནས༔ ཤེས་པ་བརྟན་པའི་གདེང་རྙེད་ཡིན༔ དེ་ཉིད་འགྱུར་བ་མ་ཡིན་པར༔ རྟག་ཏུ་རྒྱུད་ལ་གནས་པས་ན༔ འདིས་ནི་གཞི་གནས་ཤེས་རབ་ཟིན༔ འདི་ཡིས་ལུས་ཀྱང་ཡང་བ་དང་༔ ཤེས་པ་རྣམས་ནི་གསལ་བའོ༔ སྣང་བ་ཅེར་འཛིན་ཤེས་རབ་ཚད༔ ཅོག་བཞག་ཉམས་སུ་མྱོང་བའི་རྟགས༔ ལུས་དཀྱིལ་ཁ་དོག་ལྔ་ཡི་འོད༔ རྩོལ་བ་མེད་པར་ཕྱིར་ཤར་ནས༔ འདི་ལ་ཤེས་པ་རང་ས་ཟིན༔ ལུས་ཀྱང་ས་ལ་རེག་པ་མེད༔ འདི་ཡིས་ཤེས་པ་གར་གཏད་པའི༔ བེམ་པོ་རྣམས་ཀྱང་འགུལ་བར་འགྱུར༔ རང་རྩལ་འབྱོངས་པའི་ཚད་ཡིན་ནོ༔ དྲན་པ་འགགས་མེད་ཤེས་རབ་ཚད༔ ཤེས་པ་གཞན་ལ་འཇུག་པ་མེད༔ གཅིག་པུར་འདུག་པར་དགའ་བ་དང་༔ དབེན་པའི་ས་ལ་རྟག་ཏུ་དད༔ མི་དང་འགྲོགས་སྙིང་མི་འདོད་པར༔ ཤེས་པ་རྩ་གཅིག་འགྱུར་བ་མེད༔ གཞན་གྱིས་བརྗོད་པའི་གཏམ་ལ་ཡང་༔ ཟུངས་སུ་འཛིན་པ་ཉིད་དང་བྲལ༔ ལྟ་བ་མི་འགྱུར་གདེང་ཉིད་དུ༔ ནམ་མཁའ་དག་ལ་འགྲོ་བ་སྙམ༔ སེམས་དེ་གར་གཏད་ས་དེར་ཆགས༔ ཕ་རོལ་རྣམས་ཀྱི་རྐྱེན་གྱིས་ཀྱང་༔ འདི་ལ་བསྒྱུར་དུ་ག་ལ་ནུས༔ བག་མེད་ཤེས་པ་བདེ་ཡངས་པ༔ འདི་ལྟར་ཤེས་པའི་མི་དེ་ནི༔ དྲན་པ་འགགས་མེད་ཤེས་རབ་ཟིན༔ སོ་སོར་རྟོགས་པའི་ཤེས་རབ་ཚད༔ ཀུན་གཞི་དང་ནི་ཆོས་སྐུ་ཡང་༔ འདི་ལྟར་ཕྱེད་རྟགས་འདི་ལྟ་བུ༔ ལུས་ལ་ཞེན་པའི་བློ་བྲལ་ནས༔ རིག་པ་གར་གཏད་སར་གནས་ཏེ༔ ལུས་ནི་བེམ་པོ་བཞིན་དུ་འགྱུར༔ སེམས་དང་ཡེ་ཤེས་ཕྱེད་པས་ནི༔ འགྱུར་བྱེད་རྣམས་ཀྱི་སྒོ་ཡང་འགགས༔ འབྱུང་བ་དྭངས་སྙིགས་སུས་ཕྱེད་པ༔ རགས་པའི་སྣང་བ་རང་འགགས་ཏེ༔ ལུ་གུ་རྒྱུད་ལ་བདེ་བར་སྤྱོད༔ དེ་བཞིན་འཁོར་འདས་སུས་ཕྱེད་པར༔ འཁྲུལ་པའི་བློ་རྣམས་སྐྱེ་མི་སྲིད༔ གལ་ཏེ་སྐྱེས་ཀྱང་ཕན་གནོད་བྲལ༔ དེ་ལ་སོགས་པའི་རང་ཤེས་ཀྱིས༔ འཁོར་འདས་གཏན་ལ་ཕེབས་པ་ནི༔ སོ་སོར་རྟོག་པའི་ཤེས་རབ་པོ༔ འཇུག་བྱེད་རྣམ་གསུམ་ཤེས་རབ་ཚད༔ ཆོས་ཀུན་ཚིག་གཅིག་སྨོས་པས་ནི༔ དེ་ཡིས་གཞུང་ཀུན་ཤེས་པ་ན༔ ཐོས་པའི་ཤེས་རབ་ཚད་དུ་ཕྱིན༔ ཤེས་པས་གང་ལ་བསམ་པ་ཡིས༔ ཟུངས་དེ་རྒྱུད་ལ་བདེར་ཤར་ན༔ བསམ་པ་ཡང་ནི་དེ་བཞིན་འབྱོངས༔ གང་བྱུང་རྐྱེན་གྱིས་མི་གནོད་པར༔ འཁྲུལ་རྟོག་ཞེན་པ་རང་འགགས་པ༔ འདིས་ནི་བསྒོམ་པའི་ཤེས་རབ་རྙེད༔ ཅེས་སོ༔
བཅུ་གཉིས་པ་དཔེ་ནི༔ ཀུན་གསལ་བ་དང་ཉོན་ཤེས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བསྲེགས་པའི་ཕྱིར་སྒྲོན་མེ་དང་མཚུངས་པའི་ཕྱིར་མུ་ཏིག་ཕྲེང་བ་ལས༔ དཔེར་ན་སྲེག་བྱེད་སྒྲོན་མེ་ལྟར༔ ཤེས་པས་ཆོས་རྣམས་ཅིག་ཅར་རྟོགས༔ ཞེས་པ་དང་༔ སྒྲོན་འབར་ལས༔ དཔེར་ན་སྤྲ་བ་རླན་མེད་ལ༔ མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང་༔ ཕྲ་བ་ཀུན་མཆེད་མེས་བསྲེགས་བཞིན༔ ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས༔ འདི་ཀུན་ཤེས་རབ་སྒྲོན་མའོ༔ ཞེས་སོ༔
གསུམ་པ་ཉམས་སུ་ལེན་པའི་གནད་བཤད་པ་ནི་ལག་ཁྲིད་སྙན་བརྒྱུད་ཟུར་པ་བཞིན་དུ་ཤེས་པར་བྱའོ༔ དེ་ནི་གདམས་ངག་འཆལ་གྱིས་དོགས་པས་འདིར་རྒྱས་པར་མ་བཀོད་བསྡུས་ཙམ་སོ་སོའི་ཐད་དུ་ཁོ་བོའི་རྫོགས་རིམ་འབྱེད་འགྲེལ་ལས་གསལ་བར་བྱས་པ་ལ་བལྟ་བར་བྱོས་ཤིག༔
གསུམ་པ་དེ་གོང་དུ་འཕེལ་པའི་སྣང་བ་བཞིའི་རྟགས་ཚད་གདམས་ངག་དང་བཅས་པའི་མཐའ་རྒྱས་པར་བྱ་བ་ལ༔ སྣང་བ་བཞིའི་འབྲེལ་སྤྱིར་བཤད་པ༔ སོ་སོའི་རང་བཞིན་རྒྱས་པར་བཤད་པ༔ རྣམ་པའི་དོན་བསྡུས་ཏེ་གསལ་བར་བཤད་པ་དང་གསུམ་ལས༔
དང་པོ་ནི༔ ཆོས་ཉིད་འོད་གསལ་གྱི་རང་སྣང་དབང་པོའི་མངོན་སུམ་དུ་མཐོང་བའི་ཡིད་དཔྱོད་ཀྱི་ལྟ་བའི་འཕྱང་རྒྱ་ལས་གྲོལ་ཏེ༔ དེ་ལ་རབ་ཏུ་གོམས་པའི་སྣང་ཤེས་ཀྱི་ཉམས་གོང་དུ་འཕེལ་ཚད་རྫོགས་པར་ཕྱིན་ནས་གཞི་སྣང་སྦུབས་ཀྱིས་མ་བསྒྲིབ་པར་ཡུལ་ལ་གསལ༔ ཕྱི་ནང་གཉིས་འཛིན་གྱི་སྣང་ཞེན་དང་༔ སེམས་དང་སེམས་བྱུང་གི་འཇུག་པ་མཐའ་དག་ནང་དབྱིངས་སུ་ལྡོག་པའི་གོ་རིམ་འབྲེལ་མར་སྣང་བ་བཞི་འབྱུང་བས༔ སྣང་བ་དངོས་གཉིས་སྤྲུལ་སྐུ༔ ཚད་ཕེབས་ལོངས་སྐུ༔ ཟད་པ་ཆོས་སྐུ་སྟེ་སྤྲུལ་སྐུ་ལོངས་སྐུ་དང་དེ་ཆོས་སྐུ་ལ་ཐིམ་ནས་སྐུ་གསུམ་ལུགས་ལྡོག་གི་རང་སྣང་ཡེ་ཤེས་ཀྱི་ལམ་དུ་འབྲེལ་མར་འབྱུང་བའོ༔ ཡང་མངོན་སུམ་གྱི་ཡིད་དཔྱོད་འཛིན་པས་ལྟ་བ་བསྣུབ༔ གོང་འཕེལ་གྱི་འཁྲུལ་སྣང་དབྱིངས་སུ་ནུབ་ནས༔ ཐིག་ལེའི་ནང་དུ་སྐུ་རྐྱང་ཤར་བ་ན་བར་དོ་མེད་པར་གྲོལ་བའི་ཚད་ཟིན༔ ཚད་ཕེབས་ཀྱི་ཐིག་ལེ་སྐུ་ལྔས་བརྒྱན་པ་ལོངས་སྐུ་སྐུ་གསུམ་གྱི་རང་ཞལ་མངོན་མཐོང་གི་གདེང་བར་དོ་ཟུང་འཇུག་གི་འབྲས་བུར་གྲོལ་པའི་དབང་ཐོབ༔ ཆོས་ཟད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པའི་གཞི་སྟོང་ཞིང་འཁོར་བའི་རྒྱུན་ཐག་ཆོད་པའོ༔ དེ་སྐད་དུ་ཡང་འདས་རྗེས་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱེད༔ རིག་པ་ཚད་ལ་ཕེབ་པ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ ཅེས་དང་༔ ཐལ་འགྱུར་ལས༔ དེ་ལ་སྣང་བ་བཞིར་འགྱུར་ཏེ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ཚིག་ལས་འདས༔ གོང་དུ་འཕེལ་བའི་ཉམས་སྣང་གིས༔ འཁྲུལ་བའི་སྣང་བ་ནུབ་པར་བྱེད༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ སྐུ་གསུམ་རྟོགས་པའི་ལམ་སྣང་འདས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད༔ ཅེས་དང་༔ རབ་འབྱམས་ལས༔ བར་དོའི་སྣང་བ་མེད་པའི་ཚད༔ ཐིག་ལེ་སྐུ་རུ་འཆར་དུས་གསལ༔ སྐུ་གསུམ་ལམ་དུ་རྫོགས་པའི་ཚད༔ ཐིག་ལེ་སྐུ་ལྔས་བརྒྱན་དུས་གསལ༔ ཆོས་ཉིད་ཟད་སར་སླེབས་པའི་རྟགས༔ འཕེལ་རྣམས་ཐམས་ཅད་ཟད་དུས་གསལ༔ ཞེས་སོ༔
གཉིས་པ་རྒྱས་པར་བཤད་པ་ལ༔ ཆོས་ཉིད་མངོན་སུམ་གྱི་སྣང་བ༔ ཉམས་གོང་འཕེལ་གྱི་སྣང་བ༔ རིག་པ་ཚད་ཕེབས་ཀྱི་སྣང་བ༔ ཆོས་ཉིད་ཟད་པའི་སྣང་བའོ༔
དང་པོ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཚན་ཉིད༔ གནད༔ ཉམས་སུ་བླང་ཚུལ༔ མཐོང་བའི་ཡོན་ཏན༔ མ་མཐོང་བའི་སྐྱོན་དང་བརྒྱད་ལས༔
དང་པོ་ནི༔ ཆོས་ཉིད་བདེ་གཤེགས་སྙིང་པོ་གཞིའི་དཀྱིལ་འཁོར་སྙིང་ཀ་ན་སྐུ་གཉིས་ཟུང་འཇུག་གི་རང་བཞིན་དུ་བཞུགས་པའི་གདངས་གནད་གཅུན་པས་ཡེ་ཤེས་ཀྱིས་འོད་རྩ་ལས་ཐོན་ཏེ་ཆུ་བུར་གྱི་མིག་གིས་མཐོང་བ་ཡིན་པས་ན༔ ངོ་བོ་ནི་ཆོས་ཉིད་མའི་སྣང་བ་སྟེ༔ ཀློང་གསལ་ལས༔ དེ་ཡང་ངོ་བོ་ཀ་དག་ལ༔ རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ༔ ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད༔ ཙིཏྟ་དག་ནས་རྩ་ལ་ཤར༔ ངོ་བོ་མངོན་སུམ་སྒོ་ལ་འཆར༔ རིག་པ་མངོན་སུམ་ཞེས་སུ་བརྗོད༔ ཡིད་དཔྱོད་རྣམས་དང་བྲལ་བའོ༔ ཞེས་དང་༔ ཐལ་འགྱུར་ལས༔ གཞན་ཡང་དག་པའི་སྣང་བ་བཤད༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོའི་སྒོ་ལས་ངེས་ཐོན་ཏེ༔ སྤྲིན་མེད་པ་ཡི་མཁའ་ལ་གསལ༔ ཞེས་སོ༔
གཉིས་པ་ངེས་ཚིག་ནི༔ ཆོས་ཉིད་སྐུ་གསུམ་གྱི་དཀྱིལ་འཁོར་ཡེ་ཤེས་ཞིང་ཁམས་དང་བཅས་པ་སྦུབས་ལས་ཟང་ཐལ་ནས་དབང་པོའི་མངོན་སུམ་དུ་མཐོང་བའི་ཕྱིར་ཏེ༔ དེ་ཡང་གདངས་དབྱིངས་དང་ཐིག་ལེ་ལུ་གུ་རྒྱུད་ཆུ་བུར་གྱི་མིག་གིས་མཐོང་བ་དང་༔ དེའི་ངོ་བོ་རིག་སྟོང་ཆོས་སྐུའི་ཡེ་ཤེས་ནང་དུ་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་མཐོང་བའི་ཕྱིར་ན་ངེས་ཚིག་དེ་ལྟར་ཐོབ་པའང་༔ རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས༔ མངོན་ཞེས་བྱ་བ་མཐོང་བ་ལ༔ གསུམ་ཞེས་བྱ་བ་སྐུ་གསུམ་གྱིས༔ ཞིང་ཁམས་གཏན་ལ་ཕེབས་པའོ༔ ཞེས་དང་༔ ཐལ་འགྱུར་ལས༔ གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས༔ རང་བཞིན་གནས་པའི་ཡེ་ཤེས་ལྔ༔ ཆུ་བུར་མིག་གིས་མཐོང་བའོ༔ ཞེས་སོ༔ དེ་ཡང་ནང་རིག་སྟོང་སྤྲོས་བྲལ་དུ་མྱོང་བ་ནི་ཆོས་སྐུ༔ གདངས་གསུམ་མངོན་དུ་མཐོང་བ་ནི་ལོངས་སྐུ༔ ཤར་གྲོལ་རྗེས་མཐུད་མེད་པའི་ཤེས་རབ་ཇི་ལྟར་མ་འགགས་པ་ནི་སྤྲུལ་སྐུ་སྟེ༔ སྐུ་གསུམ་མངོན་སུམ་དུ་མཐོང་བ་ཡིན་ནོ༔
གསུམ་པ་དབྱེ་བ་ནི༔ སྤྱིར་མངོན་སུམ་ལ་དབང་མངོན༔ ཡིད་མངོན༔ རྣལ་འབྱོར༔ རང་རིག་མངོན་སུམ་སྟེ༔ ཐ་སྙད་ལ་གྲགས་པ་བཞི་དང་༔ དོན་དམ་གྱི་ངོས་ནས་བརྗོད་བྱ་ཤེས་པ་དང་༔ གནད་ཀྱི་མཐོང་བ་གཙོ་ཆེ་བས་མངོན་སུམ་རྣམས་ཡོད་པ་ལས༔ ཁྱད་པར་བ་འདིར་ནི་རང་བཞིན་རིག་པའི་ཡེ་ཤེས་དང་དེའི་རྒྱངས་ཞགས་ཀྱི་མངོན་སུམ་ཡིན་ཏེ༔ མངོན་སུམ་དེས་ཀྱང་དབྱིངས་དང་ཡེ་ཤེས་བདེན་པ་དབྱེར་མེད་ཆེན་པོ་མཐོང་བའི་ཕྱིར་ན་ལྷ་དང་ཆོས་ཉིད་མངོན་སུམ་མཐོང་བའི་ཕྱོགས་གཉིས་སུ་ཡོད་དོ༔
ཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་མཚན་ཉིད།
བཞི་བ་མཚན་ཉིད་ལ༔ ཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་དང་༔ ཆོས་ཉིད་འོད་གསལ་གྱི་ཡེ་ཤེས་མཐོང་བའི་མཚན་ཉིད་གཉིས་ལས༔
དང་པོ་ནི༔ དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་མཐིང་ཀ་དང་ལྔ་ལྡན༔ ཡེ་ཤེས་ཀྱི་རྟགས་ཐིག་ལེ་ཟླུམ་འཁྲིགས༔ སྐུའི་རྟགས་སུ་ལུ་གུ་རྒྱུད་ཕྲ་ལ་འཁྱོག་པ་ཐིག་ཕྲན་གྱིས་སྦྲེལ་བ༔ དོན་དུ་འདི་རྣམས་ཡེ་ཤེས་ལྔའི་སྐུ་དང་ཡོན་ཏན་ཕྱིར་ཤར་པ་ཡིན་ཏེ༔ གཉིས་སྣང་གི་རྟ་ལས་རླུང་ཕྲ་བས་དབྱེན་སྤྱོས་ཏེ༔ ད་ལྟ་འགྲོ་འོང་འགུལ་འཕྲིགས་ཀྱི་རྣམ་པ་ཅན་ཏུ་སྣང་ཡང་༔ ངོ་བོ་ལ་འཕོ་འགྱུར་མེད་པའོ༔ དེ་ཡང་རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་འོད་དུ་གསལ༔ དེའང་འོང་དང་འགྲོ་བ་དང་༔ འགུལ་བ་དང་ནི་འཕྲིགས་པ་དང་༔ ཞེས་སོ༔ དེ་དག་མཐོང་བ་དང་༔ གོམས་པ་དང་༔ བརྟན་པའི་ཚད་གསུམ་མངོན་སུམ་གྱི་དུས་སུ་རིམ་པ་བཞིན་དུ་འབྱུང་བ་ལས༔ དང་པོ་ནི༔ དབྱིངས་མཐིང་ཀ་ཁྲུ་གང་བའི་རྒྱ་ཚད་དང་༔ ཐིག་ལེ་ཟླུམ་འཕྲིགས་སུམ་སྦྲེལ་དུ་སྣང་བ་དང་༔ ལུག་རྒྱུད་ཕྲ་ལ་འགྱུ་བ༔ ལས་དང་པོ་པས་ཅུང་ཟད་བརྟན་པ་སྟེ༔ སྒྲོན་མ་སྣང་བྱེད་ལས༔ ཉམས་བླང་ཚད་ནི་རྣམ་གསུམ་སྟེ༔ མཐོང་བའི་ཚད་དང་གོམས་པའི་ཚད༔ བརྟན་པའི་ཚད་དང་གསུམ་དུ་བསྟན༔ མཐོང་བའི་ཚད་ནི་འོད་ཡིན་ཏེ༔ མི་འགྱུར་མཐིང་ཀ་དབྱིངས་ཀྱི་ཚད༔ ཟླུམ་འཁྲིགས་གསལ་བ་སྒྲོན་མའི་ཚད༔ ཕྲ་ལ་འགྱུ་བ་རིག་པའི་ཚད༔ མཐོང་བའི་དུས་སུ་ཤེས་པར་བྱ༔ ཞེས་སོ༔ གཉིས་པ་ནི༔ དབྱིངས་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་སྣང་བ་དང་༔ ཐིག་ལེ་ཟླུམ་འཁྲིགས་ཟ་འོག་རིས་སུ་བཀྲ་བ་དང་༔ རིག་པ་འདབ་ཆགས་དལ་གྱིས་ལྡིང་བ་ཙམ་དུ་བརྟན་པ་ནི་གོམས་པའི་ཚད་ཡིན་ཏེ༔ དེ་ཉིད་ལས༔ གོམས་པའི་ཚད་ནི་རྣམ་གསུམ་སྟེ༔ མཐིང་ཀ་ལས་མཆེད་ཁ་དོག་ལྔ༔ ཁྲུ་གང་ཙམ་དུ་སྣང་བ་ནི༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་དང་༔ སྒྲོན་མ་ནི་དེ་ཉིད་ལས༔ ཟླུམ་འཁྲིགས་ལས་ནི་ཟ་འོག་རིས༔ རང་གི་སྣ་རྩེ་ལ་ཤར་ན༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་དང་༔ རིག་པ་འདབ་ཆགས་ལྡིང་པ་ཙམ༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་སོ༔ གསུམ་པ་ནི་དེ་ལས་ཀྱང་རབ་ཏུ་བརྟན་པར་གྱུར་བ་ཡིན་ནོ༔
གཉིས་པ་ཆོས་ཉིད་འོད་གསལ་གྱི་ཡེ་ཤེས་མཐོང་བའི་མཚན་ཉིད༔ འཁོར་བའི་ཕྱོགས་ཀྱི་བདག་ཏུ་རྟོག་པ་ཉོན་མོངས་པའི་ཡིད་ཀྱིས་དྲི་མ་མངོན་གྱུར་པ་སྦྱངས་ནས་བདག་མེད་མངོན་དུ་རྟོགས་པས་ན༔ ཁམས་གསུམ་དུ་ཟག་པ་དང་ལྡོག་འགྱུར་མེད་དེ༔ ཀློང་གསལ་ལས༔ རིག་པ་མངོན་གསུམ་མཐོང་བ་ནི༔ བདེན་པ་མཐོང་པའི་གནད་ཀྱིས་སུ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔ དེ་ཙམ་དུའང་མ་ཟད་ཁྱད་པར་བརྒྱད་ལྡན་གྱི་ཆོས་སྐུ་མངོན་དུ་གྱུར་པའི་ཕྱིར་ན་རྩལ་རྫོགས་ལས༔ རང་སྣང་རིག་པའི་དངོས་པོ་འདི༔ ཡེ་ཤེས་ལུ་གུ་རྒྱུད་དུ་གསལ༔ ཞེས་སོ༔ ལར་སྣང་བཞི་དང་ས་ལམ་རིག་འཛིན་གྱི་གོ་འཕང་རྣམས་མུ་ཚོད་མཐུན་པར་བརྩི་ཚུལ་སྣ་ཚོགས་པར་ཡོད་ཀྱང་༔ ཁོ་བོའི་ཕ་གཅིག་གིས་མངོན་སུམ་འདི་ས་དང་པོའི་རིག་འཛིན་གཉིས་དང་བསྟུན་པའང་འཐད་པ་དང་བཅས་པར་མངོན་ཏེ༔ ལུང་འདི་ལས་ཁམས་གསུམ་དུ་མི་ལྡོག་པ་དང་༔ བདེན་པ་མཐོང་བར་བཤད་པའི་ཕྱིར༔ ས་དང་པོ་མ་ཐོབ་ན་དེ་དག་ཀྱང་མི་འགྲིགས་པ་དང་༔ མངོན་སུམ་གྱི་སྒྲས་བཅད་པའི་ཚིག་བརྡོལ་ཐབས་སུ་སྨྲའོ་ཞེས་རྡོ་རྗེ་འཆང་ལ་བསྐུར་པ་སུས་འདེབས༔ ཐལ་འགྱུར་ལས་ཀྱང་༔ མངོན་སུམ་རྙེད་པའི་སྐལ་ལྡན་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ ཞེས་ཁམས་གསུམ་དུ་མི་ལྡོག་པར་བཤད་དོ༔ འོ་ན་ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཡོད་དགོས་ཟེར་ན༔ དེ་ཡང་ཡིན་ཏེ་ལར་དགྲ་བཅོམ་རྒྱན་མེད་ལྟར་ཕྱི་སྣང་གི་མངོན་པ་མེད་ཀྱང་ཆོག་གོ༔ རྒྱུ་མཚན་དེས་ན་མངོན་སུམ་ཞེས་པ་རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་འཕགས་ཙམ་སྐྱེས་པ་དང་༔ ཕྱིའི་རྟགས་ཙམ་གྱིས་ངེས་བཟུང་མི་བྱ་བ་ཁོ་ན་སྟེ༔ ཕྱིའི་རྟགས་ཁམས་ཀྱི་བྱེ་བྲག་གིས་སྣ་ཚོགས་པར་དམིགས་པ་སྲིད་པ་དང་༔ དཔྱད་ཤེས་རྩ་རླུང་འདུ་ཚུལ་ལས་རེས་འགའ་མ་ངེས་པའི་ཕྱིར༔ བདག་མེད་མངོན་སུམ་དུ་མཐོང་བ་དང་༔ ཆོས་སྐུ་རང་རིག་པའི་ཡེ་ཤེས་གཉིས་འཛིན་དང་བྲལ་བར་རྟོགས་པས་ཚད་འཛིན་དགོས་པར་ཁོ་བོས་སྨྲའོ༔
ལྔ་བ་གནད་ནི༔ ཐལ་འགྱུར་ལས༔ མངོན་སུམ་གནད་ནི་ལུས་ངག་སེམས༔ སོ་སོའི་གནད་རྣམས་ངེས་པར་བསྟུན༔ དེ་ཡང་ལུས་ནི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ངག་ནི་བསླབ་དང་གནས་པ་དང་༔ ལ་བཟླ་བ་ཡང་བརྟན་པར་བྱའོ༔ སེམས་ནི་དབྱིངས་ལ་གཏད་པ་འགྲུབ༔ གནད་གསུམ་མན་ངག་འབྲལ་མི་བྱ༔ དེ་ཡང་སྒོ་དང་ཡུལ་ཉིད་དང་༔ རླུང་དང་རིག་པའི་གནས་ཉིད་བརྟེན༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཡུལ་ནི་སྒྲིབ་བྱེད་བྲལ་བའོ༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་སོ༔
དྲུག་པ་ཉམས་སུ་བླངས་ལུགས་ནི༔ རིག་པ་དབྱིངས་ཀྱི་གོ་རར་བཙུད་པ་སྟེ༔ སྒྲོན་འབར་ལས༔ དབྱིངས་ཀྱི་རིག་པས་རང་ཡུལ་བྱེད༔ རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད༔ འདི་ཉིད་ནང་དུ་བཞག་པར་བྱ༔ ཞེས་སོ༔
བདུན་པ་མངོན་སུམ་མཐོང་བའི་ཡོན་ཏན་ནི༔ འདས་རྗེས་ལས༔ མངོན་སུམ་གནད་ནི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ མངོན་སུམ་མཐོང་བའི་སྣང་བ་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ མངོན་སུམ་འདི་དང་མ་བྲལ་ཅིག༔ ཅེས་སོ༔
བརྒྱད་པ་མ་མཐོང་བའི་སྐྱོན་ནི༔ རྣམ་བཀོད་ལས༔ ཆོས་ཉིད་མངོན་སུམ་མ་མཐོང་ན༔ ཡིད་དཔྱོད་རིག་པའི་མཐའ་འཁོར་བས༔ འཁོར་བ་ཉིད་དུ་རྣམ་པར་འཁོར༔ ཞེས་སོ༔ དེ་ལྟར་ན་མངོན་སུམ་མཐོང་བའི་ཡིད་དཔྱོད་ཀྱི་ལྟ་བ་ལ་མི་གནས༔ གོལ་ཤོར་གྱི་འཛོལ་ས་མེད༔ རིག་པའི་རང་སྣང་ལམ་དུ་བྱས་པས་འཁྲུལ་བས་བསླད་པ་དང་བྲལ་ཏེ༔ འབྲས་བུ་ཡེ་ཤེས་དངོས་ལམ་བྱེད་དུ་སོང་བའི་སངས་རྒྱས་ཐོབ་པ་ལ་ལམ་ཤིན་ཏུ་མྱུར་ཤིང་མ་མཐོང་ན་དེ་ལས་ལྡོག་པའི་སྐྱོན་དག་ཡོད་དེ༔ ཐལ་འགྱུར་ལས༔ ཚིག་བརྗོད་གྲུབ་མཐའི་རྣམ་གྲངས་ཀྱིས༔ རིམ་པ་དགུ་ནི་ཡིད་དཔྱོད་པས༔ མངོན་སུམ་གནད་དང་བྲལ་བ་ལ༔ མ་འོངས་གདུལ་བྱའི་སེམས་ཅན་རྣམས༔ ཚིག་ལ་ཡིད་ཆེས་བྱེད་པ་འབྱུང་༔ རྟོག་པ་རགས་པའི་སེམས་ཅན་རྣམས༔ ཚིག་ལ་སྤྱོད་ཕྱིར་སྨིན་པ་མིན༔ འདི་ཡི་བསྟན་པ་ཐ་མའི་དུས༔ མོས་པས་སྤྱོད་པའི་ས་ཞེས་བྱའོ༔ ཞེས་སོ༔
དོན་གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ སྣང་ཚུལ༔ འཁྲུལ་པ་དག་ཚུལ༔ མཐོང་བའི་ཡོན་ཏན༔ མ་མཐོང་བའི་སྐྱོན་དང་བདུན་ལས༔
དང་པོ་ནི༔ སྣང་བའི་ཉམས་ཏེ་སྐུ་དང་འོད་གསལ་གྱི་རང་བཞིན་བསྐྱེད་བྲི་མེད་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོའི་ཡེ་ཤེས་ནང་ན་ཡོད་པའི་ཁ་དོག་ཕྱིར་གསལ་པ་ཡིན་པའི་ཕྱིར་ན༔ ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནས༔ ཡེ་ཤེས་ཁ་དོག་ཕྱིར་ཕྱུངས་ཏེ༔ གྱེན་འགྲེང་དང་ནི་རྩིབ་ཤར་དང་༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ༔ རགས་པར་སྣང་བའི་ཡུལ་ལ་གསལ༔ ཞེས་སོ༔
གཉིས་པ་ནི༔ སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྒྲིབ་པའི་དྲི་མ་བྲལ་སྟོབས་ཀྱིས༔ སྣང་ཉམས་འོད་དང་ཁ་དོག་ཤེས་ཉམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་གོང་འཕེལ་དུ་སོང་བའི་མངོན་པར་བརྗོད་པ་སྟེ༔ རབ་འབྱམས་ལས༔ སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ༔ འོད་དང་ཁ་དོག་གཉིས་ཀ་འཕེལ༔ དེ་ཕྱིར་ཉམས་སྣང་གོང་འཕེལ་ཡིན༔ ཞེས་སོ༔
གསུམ་པ་ལ༔ ངོ་བོའི་དབྱེ་བ་དང་༔ ས་མཚམས་ཀྱི་དབྱེ་བ་གཉིས་ལས་དང་པོ་ནི༔ སྣང་ཉམས་དང་༔ ཤེས་ཉམས་དང་༔ མཐར་འགྱུར་གྱི་ཉམས་གསུམ་ལས༔ འདིར་ནི་དང་པོ་ཡིན་ལ༔ གཉིས་པ་ནི་དེ་ཉམས་སུ་བླངས་པ་ལས་ཤེས་པའི་ཉམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་འཆར་བའང་༔ རབ་འབྱམས་ལས༔ སྣང་ཉམས་ཉམས་སུ་བླང་བ་ཡིས༔ དེ་ལ་བརྟེན་ནས་ཤེས་ཉམས་འཆར༔ དེ་ཡང་གཉིས་སུ་མེད་པའོ༔ ཞེས་སོ༔ གསུམ་པ་མཐའ་འགྱུར་གྱི་ཉམས་ནི་སྣང་ཉམས་ཙམ་པོ་པ་རླུང་སེམས་ཀྱི་བསླད་པ་དང་བཅས་པ་ཡིན་པས་ཡིད་བརྟན་མེད་དོ༔ དོན་དུ་ཐུན་མོང་གི་རྟགས་བཅུའི་སྟོང་གཟུགས་ལ་སོགས་པ་ཡིན་ནོ༔ ས་འཚམས་ཀྱི་དབྱེ་བ་ནི༔ སྣང་ཉམས་དེ་ལའང་གོམས་པ་དམན་འབྲིང་མཆོག་གསུམ་གྱི་ཁྱད་པར་སྒྲོན་སྣང་དང་རབ་འབྱམས་ལས་གསུངས་པ་དང་༔ འོད་དང་ཡེ་ཤེས་སམ་སྨིན་པའི་ཐིག་ལེའམ་ཁ་དོག་དང་དབྱིབས་ཀྱི་ཐ་སྙད་སོ་སོར་སྦྱར་ཀྱང་རུང་བ་ཡིན་ནོ༔
བཞི་བ་ནི༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་དེ་ཉིད་ལ་ཡང་དང་ཡང་དུ་སྦྱངས་པས་དབྱིངས་རིག་སྨིན་འཚམས་ལས་བྲལ་ཏེ༔ འོད༵་རྣམ༵ས་སྨིན༵་པའི༵་ཐི༵ག་ལེ༵་ཞེས་བྱ་བ་ཡེ་ཤེས་ལྔ་སྦྱོར་གྱི་སྣམ་བུ་ལྔ་གྱེན་འགྲེང་དུ་འཆར་བའི་མཚོན་རང་གི་ཕྱོགས་མཚམས་མདུན་རྒྱབ་ཐོ་ཕྱིའི་ཉེ་འཁོར་འགེབ་པའི་སྣང་བ་ཐིག་ལེ་འཕང་ལོ་ཙམ་ནས་མེ་ལོང་གི་རྒྱ་ཆེ་ཆུང་ཙམ་དུ་འཕེལ་བ་ནི༔ ཡེ་ཤེས་ལྔའི་ཁ་དོག་སོ་སོའི་སྣང་བ་ཞེས་བྱའོ༔ དེ་ཡང་ཁ་སྦྱོར་ལས༔ འོད་རྣམས་སྨིན་པའི་ཐིག་ལེ་འགྲེངས་བར་གནས༔ ཤིན་ཏུ་གསལ་ལ་མ་འདྲེས་འཇའ་ཚོན་བཞིན༔ འདི་ལ་གོམས་ན་སྣང་བ་ཡང་མཐོང་ནས༔ ཞེས་དང་༔ རབ་འབྱམས་ལས༔ མངོན་སུམ་དེ་ལ་སྦྱངས་བ་ཡིས༔ འོད་ཀྱང་རང་གི་ཐོ་ཕྱི་ཙམ༔ མདུན་རྒྱབ་དག་ཏུ་གསལ་བའོ༔ དེ་ཡང་ཉིན་མཚན་མེད་པར་འཆར༔ ཐིག་ལེ་མེ་ལོང་འཕང་ལོ་ཙམ༔ འོད་ཁྱིམ་ཁ་དོག་ཅིར་ཡང་འཆར༔ ཞེས་སོ༔ འདི་དག་ནི་འབྱུང་བ་དྭངས་མ་ལྔའི་ངོ་བོ་ཡེ་ཤེས་ལྔའི་ཞིང་ཁམས་གསལ་བ་ཡིན་ནོ༔ ཡང་བརྩོན་འགྲུས་དྲག་པོའི་སྒོ་ནས་དེ་ཉིད་ཉམས་སུ་བླངས་པས་ཡེ༵་ཤེས༵་སྨིན༵་པ༵འི་ཐི༵ག་ལེ༵་ཞེས་བྱ་བ་རྩིབ་ཤར་གྱི་རྣམ་པར་སྣང་ཞིང་གོམས་པ་འབྲིང་མཆོག་གི་དབྱིབས་ཀྱི་ཁྱད་པར་ཞི་རྒྱས་དབང་དྲག་གི་དང་༔ ཁྱད་པར་དུ་མེ་ལོང་གི་གྱེན་འགྲེངས་དང༔ མཉམ་ཉིད་ཀྱི་རྩིབ་ཤར་དང་༔ སོར་རྟོག་གི་མིག་ཚག་གམ་གྲུ་ཆད༔ བྱ་གྲུབ་ཀྱི་རེ་ལྡེ༔ ཆོས་དབྱིངས་ཀྱི་ཡུལ་གྲུབ་རྫོགས་པའི་བཀོད་པ་འཆར་བ་དང་༔ དེ་ལས་ཀྱང་ཆེར་གོམས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ༔ ཁྱད་པར་སྐུའི་གོ་སར་ཕྱག་མཚན་ལྔ་དང་༔ མེ་ལོང་གི་མིག་ཚག་དང་༔ མཉམ་ཉིད་ཀྱི་དབྱིབས་དྲྭ་ཕྱེད་དང་དྲྭ་བ༔ སོར་རྟོག་གི་པདྨ་སྟོང་ལྡན༔ བྱ་གྲུབ་ཀྱི་རལ་གྲི་དང་འཁོར་ལོ་ལ་སོགས༔ ཆོས་དབྱིངས་ཀྱིས་མཁར་ཐབ་ལ་སོགས་པའི་དབྱིབས་སུ་འཆར་བ་དང་༔ དེའི་དབུས་སུ་ལྔ་ཚོམས་སུ་སྨིན་པ་ནི་རིག༵་པ༵་སྨིན༵་པ༵འི་ཐི༵ག་ལེ༵་ཞེས་བྱ་སྟེ༔ སྤྲུལ་པའི་སྐུ་ཡར་ཕྱེད་དང་གདོང་ཕྱེད་དུ་འཆར་བ་དང་༔ དེ་ལས་ཀྱང་གོམས་ནས་སྐུ་རྐྱང་པ་ཞལ་ཕྱག་རྒྱན་དང་བཅས་པ་ཞལ་མཐོང་༔ རིག་པ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ༔ ཤེས་པས་ཉམས་ཁྱད་པར་བ་དང་༔ བདེ་གསལ་མི་རྟོག་ཏིང་འཛིན་སྟོང་པའི་ངང་དུ་ཆུ་བོའི་རྒྱུན་བཞིན་བར་འཚམས་དང་ཉམས་ཞེན་གྱི་དྲི་མ་མེད་པར་གྲོལ་བས་འཁྲུལ་བའི་འཁོར་ལོ་མི་གནས་ཤིང༔ སྔར་མི་ཤེས་པའི་ཆོས་ཤེས་པ་སོགས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་རྗེས་མཐུན་པར་འཆར་བའང་༔ རབ་འབྱམས་ལས༔ མཆོད་རྟེན་དྲྭ་བ་རྡོ་རྗེ་དང་༔ ཙཀྲ་རལ་གྲི་དྲྭ་ཕྱེད་དང་༔ མིག་མང་མིག་ཚག་ཟ་འོག་རེས༔ མེ་ལོང་རེ་ལྡེ་ཚ་ཚ་རིས༔ རིན་ཆེན་འོད་འབར་དཔལ་བེའུ་རིས༔ འོད་ཤར་འོད་སྐོར་འོད་ཟེར་འབར༔ རྨ་བྱའི་མདོངས་དང་ཕུག་རོན་སྐེ༔ པདྨ་སྟོང་ལྡན་དྲྭ་བ་རིས༔ ཐིག་ལེ་ཐིག་ཕྲན་མུ་ཁྱུད་བཅས༔ རྣམ་པ་སྣ་ཚོགས་ཉིད་དུ་འཆར༔ དེ་ནི་ཉམས་སྣང་འཕེལ་བ་ཡིན༔ ཤེས་ཉམས་དགེ་སྡིག་ངོ་ཡང་ཤེས༔ ལུས་ལ་འབུ་སྲིན་ཤིག་མི་འབྱུང་༔ ད་རུང་ཉམས་སུ་བླངས་བ་ཡིས༔ འོད་ཀྱང་ཡུལ་གྲུ་ཙམ་པ་མཐོང་༔ ཐིག་ལེ་ཁམ་ཕོར་ཙམ་དུ་འགྲོ༔ རིག་པ་ཤ་ར་རྒྱུག་པ་ཙམ༔ ཐིག་ལེ་དེ་དག་རེ་རེ་ལ༔ འོད་ལྔའི་མུ་ཁྱུད་དག་དང་བཅས༔ དེ་ཡི་དཀྱིལ་དུ་ཕོ་རྐྱང་སྐུ༔ རྡོ་རྗེ་སེམས་དཔའི་ཕྱེད་སྐུ་དང་༔ ཞལ་ཕྱག་དོད་དང་མ་དོད་འཆར༔ ད་རུང་ཉམས་སུ་བླངས་པ་ཡིས༔ ཐིག་ལེ་བསེ་ཕུབ་ཙམ་དུ་འགྲོ༔ ཐིག་ལེའི་ནང་དུ་སྐུ་རྐྱང་འཆར༔ རིག་པའི་བར་བར་སྐུ་ཡིས་བརྒྱན༔ རིག་པ་འགུལ་འཕྲིགས་མེད་པར་སྡོད༔ ལུས་ལ་སྐྲ་དཀར་གཉེར་མ་མེད༔ ཟས་སྐོམ་ཡིད་ལ་མི་གདུང་ཞིང་༔ སྔར་མེད་པ་ཡི་ཆོས་ཀྱང་ཤེས༔ ཅི་སྨྲས་ཐམས་ཅད་ཆོས་སུ་འོང་༔ དགྲ་གཉེན་ཡིད་ལ་མི་འབྱུང་ངོ་༔ སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ༔ འོད་དང་ཁ་དོག་གཉིས་ཀ་འཕེལ༔ འདི་ལྟར་གོང་འཕེལ་སྣང་བ་ཡིས༔ འཁྲུལ་བའི་སྣང་བ་ནུབ་བྱེད་དོ༔ ཞེས་སོ༔
ལྔ་བ་འཁོར་བའི་འཆིང་ཞེན་གྲོལ་ཚུལ་ནི༔ འདི་ལྟར་སྣང་བ་འོད་དུ་དེངས་ནས་གཟུགས་དང་ཡུལ་གྱིས་བསྡུས་པའི་འཆིང་ཞེན་ལས་གྲོལ༔ ནང་འཛིན་པ་སེམས་ཀྱི་རྟོག་ཚོགས་དབྱིངས་སུ་ཞིའོ༔ དེ་ཡང་འོད་སྨིན་པའི་ཐིག་ལེ་མཐོང་བའི་དུས་སུ་གཟུགས་ཀྱི་ཕུང་པོའི་འཆིང་པ་ལས་གྲོལ༔ ཡེ་ཤེས་ཀྱི་ཐིག་ལེ་མཐོང་བའི་དུས་སུ་ཕུང་པོ་ལྔ་དང་༔ རིག་པ་སྨིན་པའི་ཐིག་ལེ་མཐོང་བའི་དུས་སུ་ཉོན་མོངས་ལྔའི་འཆིང་པ་ལས་གྲོལ་ཞིང་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་བ་མངོན་གྱུར་ལོག་སྟེ་བར་ཆད་ནའང་༔ རང་བཞིན་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་ནོ༔
དྲུག་པ་གོང་འཕེལ་གྱི་སྣང་བ་མཐོང་བའི་ཡོན་ཏན་ནི༔ ཀློང་གསལ་ལས༔ སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས༔ བར་དོའི་སྣང་བ་འདིར་ཆོད་པས༔ ལོངས་སྤྱོད་ངོས་ཟིན་བར་དོ་སྟོང༔ ཞེས་སོ༔ ཡང་ཉམས་གོང་འཕེལ་གྱི་སྣང་བ་སྔ་ཕྱི་རིམ་པར་མཐོང་བའི་ཡོན་ཏན་ལས་འབྲས་བུ་གྲོལ་ས་ཐ་དད་དུ་དབྱེ་ན་བསྟན་བུ་ལས༔ ཡར་མཚམས་ལས་ནི་སོར་བཞི་ཙམ༔ བྲལ་བའི་སྐྱེས་བུ་སྐལ་བཟང་སྟེ༔ འཁོར་བར་འཇིགས་པ་ག་ལ་སྲིད༔ གྲུ་ཆད་རྣམ་པར་གང་སྣང་བ༔ སྤྲུལ་བའི་ཡོན་ཏན་འདིས་འགྲུབ་པོ༔ མཐོང་བའི་ཡུལ་ཙམ་གང་སྣང་བ༔ ཚོམ་བུ་ལ་ནི་དེ་བཞིན་ནོ༔ ཕྱི་སྣང་འགགས་པ་གང་ཡིན་པ༔ སྐད་ཅིག་མ་ནི་བཅུ་དྲུག་ལ༔ འདི་ཡང་དེ་ལྟར་འགྱུར་བའོ༔ ཞེས་སོ༔
བདུན་པ་ཉམས་སྣང་གོང་འཕེལ་གྱི་སྣང་བ་མ་མཐོང་བའི་སྐྱོན་ནི༔ ཀློང་གསལ་ལས༔ ཉམས་སྣང་གོང་དུ་མ་འཕེལ་ན༔ བར་དོ་ལས་ནི་གྲོལ་མི་འགྱུར༔ ཞེས་སོ༔
གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཚན་ཉིད་བཤད་པ༔ གོམས་ཤིང་བརྟན་པའི་ཚད༔ ཚད་ཕེབས་ཀྱི་ཡོན་ཏན༔ མ་ཕེབས་པའི་སྐྱོན་དང་བདུན་དུ་ཡོད་པ་ལས༔
དང་པོ་ནི༔ རང་གི་རིག་པ་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པས་ལོངས་སྤྱོད་རྫོགས་པ་སྐུའི་མཚན་དཔེ་དང་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་ཡུལ་གསལ་དུ་ཤར་བ་ཡིན་པས༔ ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ནི༔ ལོངས་སྐུའི་མཚན་དཔེ་གསལ་བར་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང་༔ ཞེས་སོ༔
གཉིས་པ་ངེས་ཚིག་ནི༔ ཆོས་ཅན་རང་བཞིན་གནས་རིགས་སྨིན་པ་ཚད་དུ་ཕྱིན་ནས་གཞི་སྣང་ལྷུན་གྲུབ་ཆེན་པོ་དེ་ལས་བོག་དབྱུང་དུ་མེད་པར་སྨིན་པ་དང་༔ རིག་པ་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བར་སྨིན་པ་ཚད་དུ་ཕྱིན་པའོ༔
གསུམ་པ་དབྱེ་བ་ནི༔ ཕྱི་སྣང་བ་ཚད་ལ་ཕེབས་པས་ཞིང་ཁམས་ཀྱི་འཁོར་ལོ་སྨིན་པ་དང་༔ ནང་རང་ལུས་ཚད་ལ་ཕེབས་ནས་འོད་གསལ་དུ་སྨིན་པ་དང་༔ གསང་བ་རིག་པ་ཚད་དུ་ཕྱིན་ཏེ་ཉོན་མོངས་པ་དང་ཡིད་ཀྱི་མཚོན་ཚོགས་དོན་རྣམ་པར་དག་པ་རིག་པ་གཅེར་བུར་ལྡིང་བའོ༔
བཞི་བ་མཚན་ཉིད་ནི༔ ཕྱི་སྣང་བ་ཚད་དུ་ཕེབས་པའི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་ལུག་རྒྱུད་སྐུ་རུ་སྨིན་ནས་རིགས་ལྔ་ཡབ་ཡུམ་ཟུང་འཇུག་རིགས་ཆུང་ཐུགས་ཀར་རྫོགས་པ་དང༔ བར་མཚམས་ཐམས་ཅད་དུ་ཞི་ཁྲོའི་དཀྱིལ་འཁོར་བྱེ་བ་འབུམ་ཐེར་འཆར་བ་དང་༔ ད་དུང་ཡང་གོམས་པས་ཕྲ་རགས་ཀྱི་འབྱུང་བ་རང་དེངས་ནས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྨིན་པ་ཚད་དུ་ལོང་ཞིང་འཁྲུལ་བའི་སྣང་བ་སྐད་ཅིག་ཙམ་རེ་ལས་མི་འཆར་བ་དང་༔ སྣང་བ་ལ་དབང་བསྒྱུར་ཐོབ་པས་གང་ལའང་ཆགས་ཐོགས་མེད་པར་ཟང་ཐལ་བ་དང་༔ རིག་པ་ཅི་ལ་བཅུག་ཀྱང་ཚུད་པ་དང་༔ ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པ་འབྱུང་བ་སྟེ༔ འདི་ནི་དག་ས་གསུམ་དུ་མུ་ཚོད་མཐུན་པའི་ལམ་ལ་འབད་རྩོལ་ཞི་བར་ཤུགས་ཀྱིས་བགྲོད་པ་སྟེ༔ རབ་འབྱམས་ལས༔ ད་ནི་རིག་པ་ཚད་ཕེབས་ཀྱི༔ སྣང་བ་ཉིད་ནི་བསྟན་པར་བྱ༔ དེ་ཡི་རྟགས་མཚན་འདི་ལྟར་རོ༔ འོད་ཟེར་སྟོང་གསུམ་ཁྱབ་པར་གསལ༔ ཐིག་ལེ་ཆེན་པོ་གཅིག་ལ་ནི༔ མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར༔ ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ༔ དེ་ཡི་ནང་དུ་ཚོམ་བུ་ལྔ༔ རེ་རེ་ལའང་བཞི་བཞིས་བསྐོར༔ ཐིག་ལེ་དེ་དག་རེ་རེའི་ནང་༔ རིགས་ལྔ་ཡབ་ཡུམ་རྫོགས་པར་འཆར༔ ལུ་གུ་རྒྱུད་ཀྱི་བར་བར་དུ༔ ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར༔ ཉིན་དང་མཚན་མོ་མེད་པ་རུ༔ དལ་ལའི་དཀྱིལ་འཁོར་རྫོགས་པར་འཆར༔ ས་རྡོ་རི་བྲག་ལ་སོགས་པ༔ རྡོས་བཅས་ཐམས་ཅད་རང་དག་ནས༔ ཐམས་ཅད་རྒྱལ་བའི་ཞིང་དུ་འཆར༔ རང་ལུས་ཀུན་ཀྱང་འོད་ཀྱི་སྐུ༔ ཐིག་ལེ་ཐིག་ཕྲན་ཁྲ་ཤིག་ཤིག༔ ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དང་༔ གང་དུ་བལྟས་ཀྱང་ལོངས་སྐུའི་ཞིང་༔ ཞེས་དང་༔ འདི་དང་འབྲལ་བ་མེད་པའི་རྟགས༔ གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ༔ སྨྱོན་པ་བཞིན་དུ་ཐོགས་མེད་པར༔ གང་ལའང་ཆགས་པ་མེད་པ་དང་༔ རི་བྲག་རྣམས་ལ་ཟང་ཐལ་དང་༔ འབྱུང་བ་ལྔ་ལ་རྩལ་སྦྱངས་ནུས༔ ས་གཏིང་ལ་ཡང་འཛུལ་བ་དང་༔ ཆུ་རྣམས་ལ་ཡང་མི་འབྱིང་ཞིང་༔ ལུས་ལ་གོས་སོགས་མེད་པ་རུ༔ གཅེར་བུར་གང་ལ་ཐོགས་མེད་ཅིང་༔ ཟས་ནོར་འདོད་པ་ཀུན་དག་བྲལ༔ འདི་ནི་སྣང་བ་འདི་ཉིད་ལ༔ འབྱུང་བ་རང་སར་དེངས་ནས་ནི༔ ཟག་བཅས་ཕུང་པོ་མི་སྣང་བ༔ ལུས་པོ་འོད་གསལ་ཉིད་དུ་འགྲོ༔ འདི་དུས་མ་བསྒོམ་པས་ཀྱང་ཆོག༔ འབྲས་བུ་ཐོབ་ལ་ཐེ་ཚོམ་མེད༔ རིག་པ་ཚད་ལ་ཕེབས་པའི་རྟགས༔ རང་སྣང་ཅི་ལ་བཅུག་ཀྱང་ཚུད༔ བེམ་བོ་ཀུན་ཀྱང་འགུལ་བར་ནུས༔ རླུང་གི་འགྱུ་བའི་ཚད་ཟིན་དང་༔ ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་༔ ཅིར་སྣང་གཟུགས་སྐུ་རྫོགས་པ་དང་༔ དེ་ལ་ཡབ་ཡུམ་འཁྲིལ་བ་དང་༔ ལྔ་ལྔ་ཡབ་ཡུམ་སྦྱོར་བ་དང་༔ ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ༔ རྣལ་འབྱོར་ལུས་ཀུན་འོད་དུ་གསལ༔ འགྲོ་དང་འོད་དང་འདུག་པར་སྣང་༔ ཐམས་ཅད་རིག་པ་ཚད་ལ་ཕེབས༔ ཞེས་སོ༔ ནང་རང་ལུས་ལ་ཚད་ལ་ཕེབས་ནས་ཕྱི་སྣང་བ་ཞིང་ཁམས་སུ་དག་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྲངས་མེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་ཏེ་ལུས་ཀྱི་སྒྲིབ་གཡོགས་དང་བྲལ་པའི་རང་གི་སྙིང་ཀར་ཡི་གེ་ཨས་མཚན་པ་ཡོད་པ་ལ་ཟུང་འཇུག་གི་འོད་ཟེར་ཆེན་པོའི་དབང་ཐོབ༔ རང་གི་ལུས་འོད་དུ་གསལ་བའི་མཛོད་སྤུ་ནས་འོད་ཟེར་འདོམ་གང་གི་ཚད་དུ་འབར་བ་དང་༔ ལག་སོར་འོད་ཀྱི་ཕྲེང་བར་འཁྲིགས་པ་དང་༔ ལུས་ཀྱི་དཀྱིལ་འཁོར་ཞི་ཁྲོ་མཁའ་འགྲོ་ལ་སོགས་བས་མཚོན་བསམ་མི་ཁྱབ་པ་མཐོང་བ་དང་༔ སྟོང་པ་རང་གྲོལ་གྱི་ལམ་ནས་སྤྱི་བོར་ཐིག་ལེ་ཁམ་ཕོར་ཙམ་དགུ་དགུ་བརྩེགས་མར་སྣང་བ་རྣམས་འབྱུང་བའང་༔ རབ་འབྱམས་ལས༔ ལུས་ནི་ཚད་དུ་ཕེབས་པ་ཡིས༔ བར་སྣང་འོད་ཀྱི་སྐར་ཁུང་གསལ༔ དེ་ལ་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཁྲིལ་ཞིང་འཁྲིལ་བའི་སྣང་བ་འཛིན༔ རང་ལུས་དངོས་པོར་རང་དག་ནས༔ ཟང་ཐལ་དྲི་མེད་འོད་ཀྱི་ལུས༔ དབུས་སུ་ཡི་གེ་ཨཱཿདང་བཅས༔ སྨིན་ཕྲག་འོད་ཟེར་འདོམ་གང་ཚད༔ ཐོར་ཚུགས་རླུང་གིས་གང་བར་སྣང་༔ རང་གི་ལག་པའི་སོར་མོ་ལ༔ འོད་ཟེར་ཕྲེང་བ་རྣམ་པར་འཁྲིགས༔ མགོ་བོ་ཐོད་བའི་གཞལ་ཡས་ནས༔ ཧེ་རུ་ཀ་རྣམས་བརྗིད་པར་གསལ༔ དེ་དུས་རང་ལུས་ཚད་ལ་ཕེབས༔ སྐུ་གསུམ་ཟང་ཐལ་ཉིད་དུ་གསལ༔ འདི་ལྟར་སུ་ལ་བསྟན་པའི་མིས༔ རིག་པ་ཚད་ཕེབས་སྣང་བ་ཡིན༔ ཞེས་སོ༔ གསང་བ་རིག་པ་ཚད་ལ་ཕེབས་པས་ཚོགས་བདུན་དབྱིངས་སུ་དག༔ ཀུན་གཞིའི་རྣམ་པར་ཤེས་པས་སྐད་ཅིག་ཙམ་དུ་སྔར་གྱི་བག་ཆགས་གྱིས་ཡུལ་རིག་བྱེད་མེ་སྟག་ལྟར་འཕྲོས་པ་དང་༔ སྐད་ཅིག་གཉིས་པ་ལ་ཕྱིན་ཆད་ཀྱི་བག་ཆགས་ཀྱི་རྒྱུན་མི་སྤེལ་བར་རང་དག་ཅིང་རང་གྲོལ་དུ་འགྲོ་བ་དང་༔ རིག་པ་ཐུགས་རྗེའི་ཆ་ལས་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་མཐོང་ཆ་གཉིས་སུ་ཡོད་ལ༔ འུབ་ཀྱིས་དྲིལ་ན༔ ལུས་འོད་གསལ་དུ་གྲོལ་བས་དེ་རང་རྒྱུད་པར་འཛིན་པའི་སེམས་ལོག་ནས་ལུས་སེམས་ཀྱི་འབྲེལ་བ་ཆད་དེ་ཁམས་གསུམ་དུ་མི་ལྡོག་པའང་ཐལ་འགྱུར་ལས༔ དེ་ལྟར་སྣང་བའི་དུས་རྣམས་སུ༔ ལུས་སེམས་འབྲེལ་བ་ཆོད་པ་ནི༔ ཟག་བཅས་ཟད་པའི་ལུས་ལས་ཀྱང་༔ ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས༔ སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་༔ ནམ་མཁའི་ཁམས་སུ་གསལ་བར་མཐོང་༔ དེ་ཉིད་ཐོག་མའི་དུས་རྣམས་སུ༔ རླུང་དང་བྲལ་བ་དག་ལས་ཀྱང་༔ འབད་ཅིང་དག་པ་རླུང་གི་ལས༔ ལུས་ལས་ཕྱི་རོལ་འཕངས་ལས་བྱུང་༔ མཐོང་བྱེད་གཉིས་ཀྱི་ཆ་ལས་ཀྱང་༔ ལུས་ནི་འོད་གསལ་དག་པ་ལ༔ སེམས་ནི་མེ་སྟག་འཕྲོ་བ་བཞིན༔ གཅིག་ཏུ་མི་གནས་རང་སར་ཞི༔ སྣང་ཆ་གཉིས་ཀྱི་ཚུལ་དུ་བྱུང་༔ འདིས་ནི་ལུས་སེམས་འབྲེལ་བཅད་ནས༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔
ལྔ་པ་གོམས་ཤིང་བརྟན་པའི་ཚད་ནི༔ སྒྲོན་མ་སྣང་བྱེད་ལས༔ ཤིན་ཏུ་ཡང་དག་གོམས་པའི་ཚད༔ འགུལ་དང་འཕྲིགས་པ་མེད་པ་དང་༔ ཉིན་དང་མཚན་མོ་མེད་སྣང་དང་༔ རབ་ཏུ་གོམས་པའི་ཚད་ཡིན་ནོ༔ རང་སྣང་སྐུར་སྣང་ལུ་གུ་རྒྱུད༔ ཚིག་དང་འདྲ་བའི་བར་དག་ཏུ༔ ཐིག་ལེ་ཉུང་འབྲུ་ཙམ་ནང་དུ༔ སྐུ་ནི་ཤིན་ཏུ་ཕྲར་ཤར་ནས༔ སྣང་བ་ཐམས་ཅད་སྐུར་ཤར་ན༔ རིག་པ་བརྟན་པའི་ཚད་ཡིན་ནོ༔ ས་ཆུ་མེ་རླུང་སྣང་བ་དང་༔ འབྱུང་བཞིའི་སྣང་བ་འགགས་གྱུར་ནས༔ ཁ་དོག་ལྔ་ཡི་འོད་སྣང་གིས༔ གང་དུ་བལྟས་པས་དེར་སྣང་ན༔ དབྱིངས་ནི་བརྟན་པའི་ཚད་ཡིན་ནོ༔ རང་ལུས་འོད་ཀྱི་སྟེང་དག་ཏུ༔ མཁར་གཞོང་བརྩེགས་པ་ལྟ་བུ་ཡི༔ ཐིག་ལེ་བརྩེགས་མ་གྱེན་ཤར་ན༔ སྒྲོན་མ་བརྟན་པའི་ཚད་ཡིན་ནོ༔ ཞེས་སོ༔
དྲུག་པ་རིག་པ་ཚད་ལ་ཕེབས་པའི་ཡོན་ཏན་ནི༔ རབ་འབྱམས་ལས༔ འདི་ལྟར་ཚད་ལ་སུས་ཕེབས་པ༔ སྐུ་གསུམ་རྟོགས་པའི་རང་སྣང་འདས༔ ཞེས་རང་སྣང་འཁྲུལ་བའི་གཟུང་འཛིན་སྐུ་གསུམ་དག་པའི་ངོ་བོར་རང་གྲོལ་ནས་གདོས་བཅས་འོད་གསལ་དུ་འཕོ་བའང་༔ ཀློང་གསལ་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ༔ ཞེས་སོ༔
བདུན་པ་ཚད་ལ་མ་ཕེབས་པའི་སྐྱོན་ནི༔ ཕུང་པོའི་སྣང་འཛིན་གྱི་ཤེས་སྒྲིབ་ལས་མི་གྲོལ་བ་སྟེ༔ དེ་ཉིད་ལས༔ དེ་ལྟར་ཚད་ལ་མ་ཕེབས་ན༔ ཕུང་པོའི་སྣང་འཛིན་གྲོལ་མི་འགྱུར༔ ཞེས་སོ༔
བཞི་བ་ཆོས་ཉིད་ཟད་པའི་སྣང་བ་ལ་རྣམ་བཞག་མདོར་བསྟན་པ༔ ཟད་ཚུལ་རྒྱས་པར་བཤད་པ༔ མཐའ་སྡུད་ཀྱི་ཆིངས་སུ་བཅིང་བའོ༔
དང་པོ་ནི༔ ཕྱི་སྣང་བ་འཁྲུལ་བའི་རྣམ་པ་ཚད་ཕེབས་ཀྱི་དུས་ནས་འོད་གསལ་དུ་ཟད་ཟིན་ཀྱང་༔ འདིར་ནང་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པའི་སེམས་བག་ཆགས་དང་བཅས་པ་ཟད་དེ་ཕྱིའི་འཁྲུལ་པས་ལྡོག་མི་ཤེས་པར་དེངས་པ་དང་༔ ཡང་རྣམ་སྨིན་བག་ཆགས་ཀྱི་སྦུབས་ཕྱི་ནང་གི་འཁྲུལ་བ་ལོག་རྟོག་དང་བཅས་པ༔ སྣང་བ་གོང་མ་གསུམ་དུ་འཁྲུལ་གཞི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ནང་འབྱུང་དྭངས་མ་ལ་སོགས་པའི་ངོ་བོར་དག་ནས་དེའི་སྣང་བ་ཚད་དུ་ཕྱིན་པ་ན༔ འདིར་སླར་ཡང་གཞི་སྣང་གཞི་ལ་ཐིམ་པས་འབྱུང་བ་མ་ལ་ཞ་བ༔ གཞི་ལམ་གྱི་ཡེ་ཤེས་ཕྱི་ཤར་ལས་རླུང་གིས་བསླད་པ་དང་བཅས་པ་ངོ་བོ་ཀ་དག་གི་རང་དབྱིངས་སུ་འཁྱིལ་བའི་ཡེ་ཤེས་དབྱིངས་སུ་ཐིམ་པ་དང་༔ ལྟ་སྒོམ་སྤྱོད་པའི་སྤྲོས་མཚན་གཟུང་འཛིན་ལམ་བདེན་འདུས་བྱས་ཀྱི་གྲུབ་མཐའ་དང་བཅས་པ་རང་ཞིག་པ་ནི་ཆོས་ཟད་བློ་འདས་ཀྱི་རྣམ་པར་ཐར་བ་སྟེ༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བ་ནི༔ རིག་པ་ཚད་ལ་ཕེབས་གྱུར་ནས༔ བློ་ཡི་ཆོས་རྣམས་ཟད་པ་ཡིན༔ ཡིན་ཡང་སྣང་བ་གཏན་ལ་འབེབས༔ ཞེས་དང་༔ ཆོས་ཉིད་ཟད་པར་སླེབས་པའི་རྟགས༔ འཕེལ་རྣམས་ཐམས་ཅད་ཟད་དུས་གསལ༔ ཞེས་དང་༔ ཆོས་རྣམས་ཟད་པའི་སྣང་བ་ཡིས༔ ཡུལ་སྣང་ཐམས་ཅད་གཅེར་གྲོལ་ཉིད༔ སྟོང་པས་སྟོང་བའི་ཚད་ཟིན་ཏེ༔ གྲུབ་མཐའི་ཞེན་པ་དུས་གཅིག་ཆོད༔ འཁོར་འདས་གཉིས་སུ་མེད་པའོ༔ འབྱུང་བ་ཐམས་ཅད་རང་སར་དག༔ ཆུ་ཡི་སྣང་བ་དྲི་མ་མེད༔ ཀུན་ཁྱབ་ཆེན་པོའི་སྟོང་པ་ཉིད༔ མེ་ཡི་སྣང་བ་རང་བྱུང་བས༔ རང་གསལ་ཆེན་པོའི་སྟོང་པ་རྙེད༔ རླུང་གི་སྣང་བ་རང་སངས་བས༔ བསྐྱོད་པ་ཆེན་པོའི་སྟོང་པ་རྙེད༔ ནམ་མཁའི་སྣང་བ་ཡེ་སངས་བས༔ དག་པ་ཡུལ་གྱི་སྟོང་བ་རྙེད༔ ཅེས་དང་༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཆོས་ཉིད་ཟད་པའི་སྣང་བ་གང་དུའང་མ་གྲུབ་པ་ནི༔ ས་སྲ་བ་མེད་པའི་འོད་སེར་པོ༔ ཆུ་གཤེར་བ་མེད་པའི་སྡུད་པའི་དཀར་པོ༔ མེ་ཚ་བ་མེད་པའི་འོད་དམར་པོ༔ རླུང་གཡོ་བ་མེད་པའི་འོད་ལྗང་གུ༔ ནམ་མཁའི་ཁྱབ་པ་མེད་པའི་མདངས་ཅན་མཐིང་ཀ་ཆེན་པོ་དང་ལྔ༔ ཆོས་ཉིད་ཟད་པའི་དབྱིངས་སུ་རང་དག་པའི༔ ཞེས་སོ༔
གཉིས་པ་ཟད་ཚུལ་རྒྱས་པར་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ ཟད་ཚུལ༔ མཚན་ཉིད༔ སྣང་བ༔ རྟགས་ཚད༔ ཟད་པའི་ཡོན་ཏན༔ མ་ཟད་པའི་སྐྱོན༔ རང་དབང་དང་བཅུ་ལས༔
དང་པོ་ངོ་བོ་ནི༔ ཆོས་ཅན་འཁོར་བས་བསྡུས་པ་ཐམས་ཅད་དང་༔ ཆོས་ཉིད་མྱ་ངན་ལས་འདས་པས་བསྡུས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཕྱི་གསལ་ཐམས་ཅད་ངོ་བོ་ཀ་དག་གི་རང་དབྱིངས་སུ་འདུས་པ་སྟེ༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བ་ནི༔ ཐམས་ཅད་རང་གི་རིག་པར་འདུས༔ རིག་པ་དགག་སྒྲུབ་ཉིད་དང་བྲལ༔ ཆོས་རྣམས་ཐམས་ཅད་རང་རིག་ཡིན༔ རང་རིག་ངོ་བོ་རྗེན་པ་ཡིན༔ དཔེ་བྲལ་མཚོན་དུ་མེད་པ་ཡིན༔ འདི་ལྟར་ཆོས་ཉིད་བརྗོད་མེད་ལ༔ ཐ་སྙད་ཚིག་གི་གཞི་མར་ཤར༔ ཚིག་བརྗོད་རིམ་པ་རྣམ་དག་པས༔ ད་ལྟ་བརྗོད་མེད་རང་ལ་གནས༔ དེ་ཕྱིར་ཚིག་མཐའ་ཟད་པའོ༔ ཞེས་སོ༔
གཉིས་པ་ནི༔ ཆོས་ཞེས་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱི་གསལ་གྱི་སྣང་ཆ་སྟེ༔ ཉིད་ཅེས་པ་དེའི་རང་བཞིན་དོན་དམ་ཀ་དག་གི་དབྱིངས་སུ༔ ཟད་ཅེས་པ་འབྱུང་བ་མ་ལ་ཞ་བའི་དོན་ཡིན་པས་ན༔ ཐལ་འགྱུར་ལས༔ དེ་ལྟར་ཆོས་ཉིད་ངེས་པའི་ཚིག༔ ཆོས་ཤེས་ཚོགས་ཤིང་འདུས་པ་ལ༔ བྱ་བ་བྱེད་དང་མཚན་ཉིད་འཛིན༔ རང་སྣང་སྟོན་པར་བྱེད་པ་ལ༔ སོ་སོའི་རིགས་རྣམས་འཛིན་པའོ༔ ཉིད་ནི་བཅོས་པ་མེད་པ་ལ༔ ལྷུག་པར་གནས་པའི་རྣལ་མས་ཁྱབ༔ སོ་མ་གཉུག་མ་དཀྱུས་མ་ལ༔ སྒྲ་ཚིག་མིང་གི་གྲངས་ཟད་པའོ༔ ཞེས་སོ༔
དབྱེ་བ་ནི༔ སྣང་བའི་ཆོས་ཟད་པ་ཞེས་ཕྱི་ནང་གི་འབྱུང་བ་ཕྲ་རགས་དང་ཉོན་མོངས་འཁྲུལ་རྟོག་ཡུལ་ཞེན་ཀུན་ནས་ལྡང་བག་ཉལ་དང་བཅས་པས་བཅོས་མའི་སྣང་བ་ལས་འདས་ཤིང་ཟད་པ་དང་༔ སྟོང་པའི་ཆོས་སེམས་དང་སེམས་བྱུང་ཀུན་གཞི་དང་བཅས་པ་དབྱིངས་སུ་ཟད་ཅིང་ཕྱི་གསལ་སྐུ་དང་ཡེ་ཤེས་ཀྱི་ལམ་སྣང་གི་སྤྲོས་པའང་དབྱིངས་སུ་ནུབ་ནས་འབྲས་བུའི་ཆོས་ཉིད་ལ་གནས་པ་སྟེ༔ རྣམ་པ་གཉིས་སུ་ཡོད་དེ༔ ཐལ་འགྱུར་ལས༔ བཅོས་མའི་ཆོས་ལས་འདས་པས་ན༔ ཆོས་ཞེས་ཚིག་ཏུ་མི་གནས་སོ༔ ཞེས་དང་༔ རྟོག་པ་རགས་པས་ཁོང་འགགས་ནས༔ སྐུ་དང་ཡེ་ཤེས་མེད་པ་དང་༔ ཆོས་རྣམས་ཟད་པའི་སར་ཕྱིན་ནས༔ འབྲས་བུ་ཆོས་ཉིད་ཡིན་པར་འདོད༔ ཅེས་སོ༔
བཞི་བ་ནི༔ སྣང་བ་དང་པོ་ནས་ཐོད་རྒལ་དུ་བགྲོད་པ་ཅིག་ཆར་བ་དང་༔ སྣང་བཞི་རིམ་པར་བགྲོད་པ་རིམ་གྱིས་པའི་ཟད་ལུགས་སོ༔
ལྔ་བ་ནི་སྔར་ཉམས་ཀྱི་སྣང་བའི་འཕེལ་ཚད་རྫོགས་པ་དེ་ཉིད་རིམ་པར་དང་པོའི་ས་ལ་ཐུག་པའང་ཀློང་གསལ་ལས༔ འདི་དུས་ཉམས་ཀྱི་འཕེལ་ཟད་དེ༔ སྣང་ཉམས་སྣང་ཡང་འཛིན་པ་མེད༔ ཅེས་སོ༔ ཡང་ལུས་ཀྱི་རྡོས་པ་ཟད་དེ་རྣམ་སྨིན་དང་འོད་དུ་གྲུབ་པའི་སྣང་བ་རྒྱུན་ཆད་པར༔ རབ་འབྱམས་ལས༔ རིག་པ་ཉིད་ལ་སུས་གོམས་པ༔ འདིས་ནི་རང་ལུས་རང་སར་དེངས༔ ཞེས་སོ༔ དབང་པོ་གཟུགས་ཅན་པ་དང་དེའི་ཡུལ་ལྔ་ཟད་དེ་ཕྲ་རགས་འབྱུང་བ་དེངས༔ སེམས་དང་སེམས་བྱུང་མཐའ་དག་ཟད་དེ་ཁམས་གསུམ་གྱི་རྟོག་ཚོགས་རྒྱུན་ཆད༔ བར་ཆད་མེད་ལམ་དུ་ཤེས་སྒྲིབ་ཕྲ་བས་ཕྲ་བ་ཡོད། རྣམ་གྲོལ་ལམ་དུ་བཅོམ་ཟིན་ནས་ཁྱད་པར་ལམ་དུ་མཐར་འབྲས་ལ་རེག་པའོ། །ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཙམ་ལས་མེད་པས་ལམ་གྱི་ཆོས་ཟད་པའི་འབྲས་བུ་ཅེས་བྱའོ༔ དེ་ཉིད་ལས༔ ཉམས་ལུས་དབང་པོའི་རྟོག་ཚོགས་དང་༔ ཚིག་གི་འཁྲུལ་ཞེན་ཐམས་ཅད་ཟད༔ ཅེས་སོ༔ དེའི་དུས་ན་ལྟ་བ་དང་ལྟ་ཡུལ་བསྒོམ་པ་དང་དེའི་དམིགས་གཏད་ཀྱི་ཡུལ་ལ་རྩེ་གཅིག་པའི་དྲན་པ༔ སྤྱོད་པ་དང་སྤྱོད་པོ་སྤྱད་བྱའི་ལུས་འབྱུང་ཟད་དེ༔ ལམ་བདེན་འདུས་བྱས་ཀྱི་ཆ་དང་བཅས་པ་བྲལ་བའི་ཚིག་དང་འཁྲུལ་པ་ཐམས་ཅད་དག༔ འཁོར་འདས་ཀྱི་འཛིན་ཞེན་སངས༔ དྲན་པ་དང་དྲན་གཞི་འགྲོ་འདུག་སོགས་ཀྱི་སྣང་བ་དབྱིངས་སུ་ཧར་ནས་གཤེད་མ་བརྒྱས་བསྐོར་ཀྱང་ཉམས་ང་དང་བག་ཚ་མེད་པའང༔ རབ་འབྱམས་ལས༔ ཆོས་དབྱིངས་ཟད་པའི་སྣང་བ་ལ༔ ལྟ་བ་བྱ་བ་གཏན་ནས་མེད༔ ལྟ་བ་མེད་ཕྱིར་སྣང་བ་ཟད༔ ཀུན་བཟང་ཆོས་ཉིད་ཡངས་པ་ཆེ༔ དེ་བཞིན་སྒོམ་པ་ཉིད་ཀྱང་མེད༔ བསྒོམ་པ་མེད་ཕྱིར་དྲན་པ་འགགས༔ སྤྱོད་པ་ཞེས་ནི་བརྗོད་དུ་མེད༔ སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད༔ ཟད་པ་འདི་ལ་མཐའ་བརྟེན་ནས༔ མེད་དེ་མི་སྣང་སྣང་བ་མེད༔ ཅེས་སོ༔
དྲུག་པ་ནི༔ དེའི་དུས་ན་ཆོས་སྐུ་སྤྲོས་བྲལ་ཀ་དག་གི་ངང་ན་ལྷུན་གྲུབ་འགགས་མེད་ཡེ་ཤེས་ཀྱི་སྣང་ཆ་བྲི་གང་འཕོ་འགྱུར་མེད་པར་རང་གསལ༔ ཐུགས་རྗེ་མཁྱེན་ཆ་ཡེ་ཤེས་དབྱིངས་སུ་འཁྱིལ་ནས་རྟོག་ཚོགས་ཀུན་གཞི་དང་བཅས་པ་རྒྱུན་ཆད༔ ཤེས་རབ་མཁའ་ལ་བསྐྱོད་དེ་ཡེ་ཇི་བཞིན་པའི་སྣང་བ་ལ་རྟོག་པ་མེད་ཅིང་མ་དམིགས་པར༔ མཁྱེན་པའི་སྤྱན་རྒྱས༔ རིག་པའི་རང་ས་ཟིན་ནས་ཕྱིན་ཆད་འཁྲུལ་མི་ཤེས་པའི་གདེངས་ཐོབ་པའོ༔ ཀུན་གསལ་ལས༔ འབྱུང་བ་མ་ལ་ཞ་བ་ཡིས༔ མཚན་མ་རང་སར་གྲོལ་བར་བྱེད༔ ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས༔ རྩལ་སྟོབས་གཞི་ལ་ཐིམ་པར་སྟོན༔ ཤེས་རབ་མཁའ་ལ་འཁྱིལ་བ་ཡིས༔ སྐུ་གསུམ་ཡེ་ཤེས་རང་གསལ་སྟོན༔ རིག་པ་རང་ས་ཟིན་པ་ཡིས༔ དགོངས་པ་འགྱུར་བ་མེད་པར་སྟོན༔ ཞེས་དང་༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཡེ་ཤེས་ཇི་བཞིན་གྱི་སྣང་བ་ནི་ཆོས་ཉིད་ཟད་པའོ༔ ཞེས་སོ༔
བདུན་པ་ནི༔ ཁམས་གསུམ་གྱི་འཁོར་བ་རྒྱུན་ཆད་ནས་སྣང་བ་མཐའ་དག་ཆོས་ཉིད་དུ་སངས་བ་སྟེ༔ རབ་འབྱམས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད༔ དེ་ཚེ་ང་ཡི་སྣང་བ་དང་༔ རྟོགས་པའི་རྟགས་ཚད་ཆོས་རྣམས་ཟད༔ ཆོས་རྣམས་ཟད་ནས་འཁོར་བ་སྟོངས༔ འཁོར་བ་སྟོང་པའི་རྟགས་ཚད་ནི༔ རིགས་དྲུག་གཟུགས་རྣམས་མི་མཐོང་ངོ་༔ གཟུང་འཛིན་མེད་པའི་ལྟ་བ་ནི༔ ཆོས་ཉིད་ཟད་པའི་སྣང་བ་ཡིན༔ ཞེས་དང་༔
བརྒྱད་པ་ནི༔ ལུས་འབྱུང་རྒྱུན་ཆད་དེ་ཁམས་གསུམ་དོང་ནས་སྤྲུགས༔ སྲིད་པ་གཞི་ལ་གྲོལ་ཏེ༔ སྐུ་གསུམ་གྱི་འབྲས་བུ་ཐོབ༔ མངོན་པར་རྫོགས་སངས་རྒྱས་ནས་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་པའང་༔ དེ་ཉིད་ལས༔ འདི་ཡི་མཚན་ཉིད་སུས་རིག་པ༔ སྟོང་གསུམ་ཀུན་ཀྱང་ཉུང་འབྲུར་ཚུད༔ རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་ཐེབས༔ རི་རབ་ཀུན་ཀྱང་སྲང་ལ་འཇལ༔ ཁམས་གསུམ་པོ་ནི་རྟིང་ནས་ཟློག༔ སྲིད་པ་ཐམས་ཅད་གདར་ཤ་བཅད༔ སེམས་ཅན་མ་ལུས་སྲོག་བཅད་ནས༔ སངས་རྒྱས་རྣམས་དང་དབྱེར་མི་ཕྱེད༔ ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས༔ མི་སྣང་མི་འགྱུར་ལམ་རིག་གསལ༔ བློ་བྲལ་འདི་ལ་གནས་པའི་མིས༔ བརྗོད་མེད་རང་དག་བརྙེད་པའོ༔ འདི་ནི་ཡོན་ཏན་བསམ་ལས་འདས༔ དཔག་མེད་སངས་རྒྱས་རྣམས་དང་མཉམ༔ ཞེས་དང་༔ ཀློང་གསལ་ལས༔ དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས༔ ཟག་བཅས་ཕུང་པོ་མི་སྣང་བར༔ འདི་ལ་མངོན་པར་སངས་རྒྱའོ༔ ཞེས་སོ༔
དགུ་པ་ནི༔ ཕུང་པོ་ལྷག་མ་མེད་པར་ཡུལ་ལུས་སེམས་གསུམ་ལས་གྲོལ་བ་མཐར་ཐུག་ཏུ་མི་རིགས་པས༔ ཀློང་གསལ་ལས༔ ཆོས་ཉིད་ཟད་པར་མ་གྱུར་ན༔ ལྷག་མེད་དུ་ནི་འགྱུར་བ་མིན༔ ཞེས་སོ༔
བཅུ་པ་ནི༔ དེའི་ཚེ་སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་གྱི་དོན་འབྱུང་ན་ནང་དབྱིངས་སུ་མི་འཇུག་པར་སྤྲུལ་པ་རྣམ་པ་སྣ་ཚོགས་དང་རྡོ་རྗེའི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་བསྐལ་པ་རྒྱ་མཚོར་མཛད་པ་དང་༔ སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པ་ཙམ་གྱིས་ལས་ལ་མ་ལྟོས་པར་དུས་གཅིག་ཏུ་གྲོལ་བར་བྱེད་པའི་རང་དབང་ཐོབ་པ་དང༔ འཇུག་པ་ལ་རང་དབང་ཐོབ་པས་ནམ་ཞིག་འགྲོ་དོན་མི་འབྱུང་ན་ནང་དབྱིངས་སུ་འཇུག་པའི་རང་དབང་དང་༔ བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་སྐད་འབྱིན་པ༔ བྱིན་གྱིས་བརླབས་པའི་བཀའ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་ལ་སོགས་པའི་ཡོན་ཏན་དང་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་རང་དབང་བསྒྱུར་བའོ༔ དེ་སྐད་དུ་ཡང་རྒྱུད་བུ་ལས༔ ནང་ལུས་ཟད་པའི་སར་ཕྱིན་ཚེ༔ སོར་མོ་ལ་སོགས་དེ་བཞིན་སྣང་༔ འདི་གཏད་འབྱུང་བ་རང་དེངས་སོ༔ སྐྱེ་དང་འཇུག་པའི་ཁྱད་པར་གྱིས༔ ཆོས་ཀུན་ཟད་པའི་རང་ས་ལ༔ ཅིར་ཡང་འཛིན་པ་མེད་པར་ནི༔ གནས་པ་ཡིན་ནོ་སྤྲུལ་པའི་སྐུ༔ འདིས་ནི་འཇུག་པའི་ཤུགས་ཀྱིས་དབང་༔ སྐྱེ་བའི་རང་དབང་སུས་ཐོབ་པ༔ དེ་ཡང་དེ་ལ་གཏད་ནས་ནི༔ ཡང་དུས་འདི་ལྟར་བྱས་པ་ན༔ སྣང་བའི་རང་སྒྲ་སིལ་སྐད་དེ༔ མངོན་ཏུ་ལོག་སྟེ་འཁྲུལ་བར་སྣང་༔ འདིས་ནི་སེམས་ཅན་དོན་ཀུན་བྱེད༔ རིག་པ་མཉམ་པར་གཅིག་པའི་ཕྱིར༔ སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི༔ འཕོ་བ་ཆེན་པོ་འདིས་འགྲུབ་པོ༔ དེ་བཞིན་རིམ་དང་ཅིག་ཆར་གྱི༔ ལུས་ནི་འདི་ཡིས་འགྲུབ་པ་ཡིན༔ ཞེས་སོ༔
གསུམ་པ་མཐའ་སྡུད་ཀྱི་ཆིངས་སུ་བཅིངས་བ་ནི༔ ཉམས་སྣང་ཟད་པ་དང་ལུས་ཟད་པ༔ དབང་པོ་ཟད་པ༔ ཡུལ་ཟད་པ༔ རྟོག་ཚོགས་ཟད་པ༔ འཁྲུལ་བའི་འཁོར་ལོ་ཐམས་ཅད་ཟད་པ་རྣམས་ནི་ཆོས་ཉིད་ཟད་པའི་དོན་གྱི་མདོ་ཆིངས་ངེས་པ་ཡིན་ཏེ༔ ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོངས་ནས་ནི༔ ལུས་ཟད་དབང་པོའི་ཡུལ་ཀྱང་ཟད༔ རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས༔ བརྗོད་པའི་ཚིག་དང་བྲལ་བའོ༔ ཞེས་སོ༔
གསུམ་པ་རྣམ་པའི་དོན་བསྡུས་ཏེ་གསལ་བར་སྟོན་པ་ནི༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ མིག་ནམ་མཁའ་རིག་པ་གསུམ་སྤྲེལ༼ སྦྲེལ། དཔྱད། ༽བ་ལ་བྱ༔ ཉམས་གོང་འཕེལ་གྱི་སྣང་བ་ནི༔ དང་པོ་སྨིན་ཕྲག་ནས་ཁྲུ་གང་ན་འཆར་རོ༔ སྲན་མ་ཙམ་རིལ་མ་ཙམ་འཆར་ཏེ༔ དེ་ལ་ཉམས་སུ་བླངས་པས་ཐིག་ལེ་ཁ་དོག་ལྔར་གྱུར་ཏེ༔ དེ་ལ་དབྱིངས་ཀྱི་སྣང་བ་འཆར་རོ༔ དེ་ཉམས་སུ་བླངས་པས་སྣང་བ་ཙམ་འོད་དུ་འཆར་རོ༔ རིག་པ་ཚད་ལ་ཕེབས་པ་ནི༔ དེ་ནས་འོད་དེ་རྣམས་ཀྱང་སྐུ་དང་ཐིག་ལེར་འཆར་ཏེ༔ དེ་ནས་སྐུ་དེ་རྣམས་ཀྱང་ལྔ་ལྔར་སྣང་བ་ནི༔ རིག་པ་ཚད་ཕེབས་ཀྱི་སྣང་བའོ༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ རང་གི་ངོ་བོར་ཡང་གྲུབ་པ་མེད་ཅིང་༔ འདི་ལྟར་ཡིན་ནོ་བར་གྲུབ་པ་མེད་པའི་དུས་ན་ལུས་ངག་ཡིད་གསུམ་གྱི་ཞེན་པ་ཟད་དེ༔ རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཆེན་པོར་བཞུགས་སོ༔ འདིར་ནི་སྐུ་གསུམ་གྱི་ཞེན་པ་རང་ཟད་སྐུ་ལས་འདས་པའོ༔ ཞེས་སོ༔ སྣང་བཞི་འཆར་བ་འདི་དག་གི་དུས་སུ་སྐུ་གསུམ་གྱི་བཞུགས་སྟངས་སོ་སོར་བསྣུན་པ་བཞུགས་སྟངས་གཟིགས་སྟངས་དབྱིངས་རིག་གི་གནད་ཀྱི་གདམས་ངག་དང་བཅས་པ་ནི་སྙན་བརྒྱུད་ལས་ཤེས་པར་བྱའོ༔
རྒྱབ་ཆོས་མཐའ་རྟེན་གྱི་མན་ངག
གསུམ་པ་རྗེས་རྒྱབ་ཆོས་མཐའ་རྟེན་གྱི་མན་ངག་ལ༔ མི་འགུལ་པ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱི་ཚད་བཟུང་བ༔ ཐོབ་པ་གསུམ་གྱི་གཟེར་གདབ་པ་དང་གསུམ་གསུམ་དགུ་སྟེ༔ ཐལ་འགྱུར་ལས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ སྡོད་པ་གསུམ་གྱིས་ཚད་བཟུང་བས༔ རྨི་ལམ་བཟློག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་བའོ༔ ཐོབ་པ་གསུམ་གྱི་གཟེར་བཏབ་པས༔ ཟག་བཅས་ཕུང་པོ་མི་སྣང་བའོ༔ ཞེས་སོ༔
དང་པོ་ལ་ལུས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འགུལ་བ༔ མིག་གཟིགས་སྟངས་ལས་མི་འགུལ་བ༔ སེམས་རིག་པ་ཅོག་བཞག་ལས་མི་འགུལ་བ་དང་གསུམ་དུ་ཡོད་པ་སྟེ༔ འདས་རྗེས་ལས༔ མིག་དང་ལུས་དང་རིག་པ་ཉིད༔ འགུལ་བ་མེད་པའི་གནད་ཟིན་ན༔ མངོན་གསུམ་གནད་ལ་ཕེབས་པའོ༔ ཞེས་སོ༔
དང་པོ་ནི༔ ལུས་བཞུགས་སྟངས་གསུམ་ལས་མ་གཡོས་པས་ལུས་མི་འགུལ་བ་གསུམ་གྱིས་དྲང་པོར་གནས་པས་རྩ་མི་འགུལ་བར་དྲང་༔ རྩ་དྲང་བས་མིག་དང་རླུང་མི་འགུལ་བར་དྲང་༔ རླུང་དྲང་བས་སེམས་དྲང་༔ སེམས་དྲང་བས་ཡེ་ཤེས་རང་ལུགས་སུ་གནས་ཤིང་དྲང་བས་ན་ཆོས་ཉིད་མངོན་དུ་འཆར་བའི་གོ་ཕྱེད་པའོ༔ རབ་འབྱམས་ལས༔ དེ་ཡི་རྒྱབ་བརྟེན་དགུ་ཡིན་ཏེ༔ དང་པོར་མི་འགུལ་གསུམ་དུ་བསྟན༔ ལུས་ནི་སྐུ་གསུམ་བཞུགས་སྟངས་ལས༔ སྐད་ཅིག་ཙམ་ཡང་མི་འབྲལ་བྱ༔ དེ་ལྟར་ལུས་ཉིད་མ་འགུལ་བས༔ རྩ་མིག་རླུང་སེམས་མི་འགུལ་ལོ༔ ཞེས་སོ༔
གཉིས་པ་ནི༔ མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་གནས་པའི་གནད་ཀྱིས་རྩ་མི་འགུལ་པས་མིག༔ མིག་མི་འགུལ་བས་སྒྲོན་མ་མི་འགུལ་བར་རྟགས་སྣང་མངོན་པར་མཐོང་ཞིང་བརྟན་པའི་རྟེན་བྱེད་པའང་༔ རབ་འབྱམས་ལས༔ གཟིགས་སྟངས་གསུམ་ལས་འགུལ་མི་བྱ༔ རྩ་གནད་སྒོ་ཡི་ཁྱད་པར་གྱིས༔ རིག་པ་སྒྲོན་མར་འཆར་བའོ༔ རྩ་མ་འགུལ་ན་མིག་མི་འགུལ༔ སྒྲོན་མ་མི་འགུལ་གནད་དུ་ཆེ༔ ཞེས་སོ༔
གསུམ་པ་ནི༔ གནད་དེ་གཉིས་ཀྱི་སེམས་མི་འགུལ་བ༔ རང་ཤུགས་ཀྱིས་གྲུབ་སླ་ཡང་དེ་ཙམ་དུ་མ་ཟད་རིག་པ་ཡེ་ཤེས་རྗེན་པའི་ངང་མཐོང་ཐོག་ལས་མ་གཡོས་པར་བཞག་པས་དབྱིངས་འཆར་ཆ་དང༔ རིག་པ་གཟུང་དུ་ཆུད་ནས་དགོངས་པ་ངོ་བོ་མངོན་སུམ་པའི་གནད་ཐོག་ཏུ་ཕེབས་པའོ༔ དེ་ཡང་རབ་འབྱམས་ལས༔ སེམས་མ་འགུལ་བས་རྟོག་མི་འབྱུང་༔ དབྱིངས་རིག་འདུ་འབྲལ་མེད་པ་སྟེ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ ཞེས་སོ༔
གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ལ༔ རྩ་རྒྱུད་ལས༔ སྡོད་པ་གསུམ་གྱི་ཚད་བཟུང་བས༔ རྨི་ལམ་ལྡོག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་པའོ༔ ཞེས་སྔར་དྲང་བའི་དོན་ལྟར་དངོས་དང་དེ་ལས་བྱུང་བའི་རྟགས་ཚད་གདེངས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས༔
དང་པོ་ལ་གསུམ་སྟེ༔ འདས་རྗེས་ལས༔ ལུས་དང་སྣང་བ་རླུང་ཉིད་ཀྱང་༔ བྱས་པ་མེད་པར་སྡོད་པའོ༔ ཆོས་ཉིད་དལ་བས་གྲུབ་པའོ༔ ཞེས་པས་དེ་ལྟར་མི་འགུལ་བ་གསུམ་ལ་གཞི་བཅས་ནས་དབྱིངས་རིག་ཟུང་འཇུག་གི་དོན་ལ་ཡུན་དུ་གནས་པས༔ ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་ནས་དབྱིངས་རིག་འགྲོ་འོང་མེད་པར་སྡོད༔ ཕུང་པོ་གཡོ་བྱེད་ཀྱི་ལས་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད༔ གསང་བ་འགྱུ་བྱེད་ཀྱི་རྟའི་རླུང་ཟད་པས་སེམས་རྣམ་རྟོག་གི་གཡོ་འགུལ་མེད་པར་སྡོད་པའོ༔ དེ་ལྟར་སྡོད་པ་གསུམ་གྱི་ཚད་དམན་འབྲིང་མཆོག་གསུམ་སྣང་བ་གསུམ་ལ་ཐོབ་པའོ༔ རབ་འབྱམས་ལས༔ ཀྱེ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ གཉིས་པ་སྡོད་པ་གསུམ་དུ་བསྟན༔ ཕྱི་ནང་བསྐྱོད་པའི་རླུང་ཟད་པས༔ དབྱིངས་རིག་འགྲོ་འོང་མེད་པར་སྡོད༔ ཕུང་པོ་བསྐྱོད་པའི་རླུང་ཟད་པས༔ ལུས་ནི་མི་འགུལ་སྡོད་པའོ༔ གསང་བ་འགྱུ་བྱེད་རླུང་ཟད་བས༔ སེམས་རྟོག་མི་འགྱུ་སྡོད་པའོ༔ ཞེས་སོ༔
གཉིས་པ་རྟགས་ཚད་གདེངས་ཀྱི་རིམ་པ་གསུམ་བཤད་པ་ལ༔ ཀློང་གསལ་ལས༔ དེ་ལྟར་ཉམས་སུ་བླངས་བ་ཡི༔ རྟགས་དང་ཚད་དང་གདེང་བཞི་ཉིད༔ ཅེས་པས༔ རྟགས་སྒོ་གསུམ་ལ་འཆར་བ་དང་༔ ཚད་རྨི་ལམ་གྱིས་འཛིན་པ་དང་༔ གདེངས་ལྟ་བ་ལ་ཐོབ་པ་གསུམ་དུ་ཡོད་པར༔ དེ་ཉིད་ལས༔ ཚད་ནི་རྨི་ལམ་དག་གིས་འབྱུང་༔ རྟགས་ནི་ལུས་ངག་ཡིད་ལ་འཆར༔ ཞེས་དང་༔ རབ་འབྱམས་ལས༔ ཚད་ནི་རྨི་ལམ་བཟུང་བ་སྟེ༔ ལུས་ངག་ཡིད་གསུམ་རྟགས་ཚད་བཟུང་༔ ཞེས་སོ༔
དང་པོ་རྟགས་ལ་འགྱུར་བཅས་བར་ཆད་ཀྱི་རྟགས༔ འགྱུར་མེད་དོན་གྱི་ངེས་རྟགས་གཉིས་སུ་ཡོད་པ་ལས༔ དང་པོ་ལ༔ བསླུ་བ་བདུད་ཀྱི༔ ཉམས་ལྟ་མཁའ་འགྲོའི༔ སྣང་ཤེས་ཉམས་ཀྱི་རྟགས་གསུམ་དུ་ཡོད་པ་ཆོས་ཉིད་དོན་གསལ་ལས༔ ལྟ་བསྒོམ་སྤྱོད་པ་ཉམས་བྱུང་གི་བདུད་གཅོད་ཚུལ་དང་བཅས་པས་ལེགས་པར་བཤད་པ་ལྟར་རོ༔
གཉིས་པ་འགྱུར་མེད་དོན་གྱི་རྟགས་ལ་སྤྱིར་བཤད་པ་དང་༔ བྱེ་བྲག་ཏུ་བཤད་པ་གཉིས་ལས༔ སྤྱིར་ལྟ་བ་རྟོགས་ནས་བསྒོམ་པས་ཉམས་སུ་བླངས་བའི་ཡང་དག་པའི་ལམ་དུ་འགྲོ་བའི་རྟགས་ནི༔ འབྱུང་བས་མི་གནོད་པའི་རྟགས་བཅུ་སོགས་ལུས་ཀྱི་རྟགས་དང་༔ ངག་ལ་བདེན་པ་གྲུབ་པས་ཅི་སྨྲས་གཞན་ལ་ཕན་པ་དང་༔ མགྲིན་པའི་རྩ་མདུད་གྲོལ་བས་ཆོས་ཚིག་རང་རྡོལ་དུ་འབྱུང་༔ སེམས་ལ་ཏིང་འཛིན་རྒྱུན་ཆད་མེད་པར་ཆུ་བོའི་རྒྱུན་དུ་གནས༔ སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཤེས་རྩལ་སོ་སོ་ཡང་དག་རིག་པ་བཞིར་འབར༔ སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་དབང་བསྐུར་ཐོབ༔ རླུང་སེམས་ལ་རང་དབང་ཐོབ་ནས་ཉོན་མོངས་པའི་དབང་དུ་མི་འགྲོ་བ་ལ་སོགས་པའོ༔
གཉིས་པ་བྱེ་བྲག་ཏུ་སྣང་བ་བཞི་མངོན་དུ་གྱུར་པའི་རྟགས་སོ་སོ་ནི༔ དབང་བཞིའི་ནུས་པ་སྒོ་གསུམ་ལ་ཞུགས་པ་དང་༔ སྐུ་བཞིའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་དག་པའི་ཡོན་ཏན་གྱི་མངོན་རྟོགས་ཆུང་ངུ་དང་༔ འབྲིང་དང་༔ ཆེན་པོ་དང་༔ མཆོག་གི་རིམ་པས་རྟགས་བཅུ་གཉིས་སུ་ཡོད་དེ་དེ་ཡང་༔ ཆོས་ཉིད་མངོན་སུམ་གྱི་དུས་སུ་སྤྲུལ་སྐུ་ཐུབ་པ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་མཐུན་ཐོབ་པའི་ལུས་ཀྱི་ཉེས་པའི་སྤྱོད་པ་དང་འགུལ་བསྐྱོད་ཀྱི་བྱ་བ་ལ་མི་གནས་པ་རུ་སྤལ་༼ རུས་སྦལ། དཔྱད། ༽མཁར་གཞོང་དུ་བཅུག་པ་ལྟ་བུ་དང་༔ ངག་སྨྲ་བ་ལ་མི་གནས་པ་དཔེ་ལྐུགས་པ་ལྟ་བུ་དང་༔ སེམས་རྣམ་རྟོག་འཕྲོ་ཡང་གར་གཏད་དུ་སྡོད་པ་འདབ་ཆགས་སྙིས་ཟིན་པ་ལྟ་བུ་སྟེ༔ འདི་དག་གི་ཁུངས་ནི་བཤད་རྒྱུད་རབ་འབྱམས་ལས༔ ཆོས་ཉིད་མངོན་སུམ་སྣང་བའི་དུས༔ ལུས་ནི་རུས་སྦལ་སྣོད་བཅུག་འདྲ༔ ངག་ནི་ལྐུགས་པ་སྨྲ་མི་འདོད༔ སེམས་ནི་མི་འཕྲོ་གར་གཏད་སྡོད༔ ཅེས་དང་༔ བཤད་རྒྱུད་ཀློང་གསལ་ལས༔ དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི༔ རྟགས་ནི་རྣམ་པ་གསུམ་འཆར་ཏེ༔ ལུས་ནི་བྱ་བྱེད་མེད་པ་རུ༔ རུས་སྦལ་མཁར་གཞོང་བཅུག་པ་འདྲ༔ ངག་ནི་སྨྲ་སྙིང་མི་འདོད་དེ༔ ལྐུགས་པ་ལྟ་བུར་གྱུར་པའོ༔ སེམས་ནི་འདབ་ཆགས་སྙིས་ཟིན་འདྲ༔ རྣམ་རྟོག་འཕྲོ་ཡང་གར་གཏད་འདུག༔ ཅེས་སོ༔
གོང་འཕེལ་གྱི་དུས་སུ་ལོངས་སྐུ་མ་སྤངས་རྒྱན་རྫོགས་ཀྱི་རོལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་མཐུན་པ་དགག་སྒྲུབ་འཛིན་པ་གྲོལ་བའི་ལུས་སྒེག་ཆོས་དང་ངོ་ཚ་མེད་པ་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུ་དང་༔ ངག་གཏམ་ལ་དགག་སྒྲུབ་དང་དོན་ཏིག་མེད་པ་སྨྱོན་པ་རང་ཚིག་རྡོལ་བ་ལྟ་བུ་དང་༔ སེམས་རྟོག་ཚོགས་རང་གྲོལ་དུ་སོང་ནས་འཁོར་བའི་བྱ་བ་ལ་མི་འཇུག་པ་རྩི་དུག་གིས་ལན་བདུན་མྱོས་པའི་སྐྱེས་བུ་ལྟ་བུ་སྟེ༔ རབ་འབྱམས་ལས༔ ཉམས་སྣང་གོང་འཕེལ་དུས་ཉིད་དུ༔ ལུས་ལ་རྒྱན་དང་བྱི་དོར་བྲལ༔ ངག་ནི་དོན་མེད་ཅལ་ཅོལ་ཏེ༔ སེམས་ནི་ཁམས་གསུམ་ཟློག་རེ་ཀན༔ ཞེས་དང་༔ ཀློང་གསལ་ལས༔ ད་ནི་ཉམས་སྣང་གོང་འཕེལ་གྱི༔ སྣང་བ་ཐོབ་པའི་རྟགས་གསུམ་ནི༔ ལུས་ལ་གཅེས་ལོད་མེད་པ་སྟེ༔ སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུར་འཆར༔ ངག་ནི་སྨྱོན་པ་ལྟ་བུ་སྟེ༔ གཏམ་ལ་དོན་ཏིག་མེད་པར་འཆར༔ སེམས་ནི་འཁོར་བར་མི་ལྟུང་ཐག་ཆད་དེ༔ སྐྱེས་བུ་དུག་གིས་ཐེབས་པ་ལྟ་བུར་འགྱུར༔ ཞེས་སོ༔
ཚད་ཕེབས་ཀྱི་དུས་སུ་ཆོས་སྐུ་ཀུན་བཟང་བླ་མེད་ཀྱི་སྐུ་གསུམ་ཐུགས་ཀྱི་ངོ་མཚར་རྗེས་མཐུན་པར་ལུས་འབྱུང་བ་ལྔ་ལ་ཐོགས་མེད་ཟང་ཐལ་དུ་འགྲོ་བ་ནི་གླང་པོ་ཆེ་འདམ་དུ་བྱིང་བ་རང་སྟོབས་ཀྱིས་དོན་པ་དང་འདྲ༔ ངག་ཅི་སྨྲས་ཆོས་སུ་འགྱུར་ཞིང་གཞན་ལ་ཕན་ཐོགས་པའི་བདེན་པ་གྲུབ་སྟེ་གཞན་གྱིས་རྣ་བར་འཇུག་བ་ནི༔ གྲུལ་བུམ་གྱི་ཕྲུ་གུས་རྒྱང་གླུ་ལེན་པ་ལྟ་བུའོ༔ སེམས་ཕྱིན་ཆད་འཁོར་བ་ལ་མི་འཇུག་པར་ཐག་ཆོད་ཡིད་ཆེས་ངེས་པའི་གདེང་དང་ལྡན་པ་ནི༔ དཔེ་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ་སྟེ༔ རབ་འབྱམས་ལས༔ རིག་པ་ཚད་ལ་ཕེབས་དུས་སུ༔ ལུས་ནི་འབྱུང་ལྔ་ཐོགས་མེད་འགྲོ༔ ངག་ལ་ཀུན་ཉན་ཆོས་སུ་འོངས༔ སེམས་ནི་ཡིད་ཆེས་གདེང་ལྡན་ནོ༔ ཞེས་དང་༔ ཀློང་གསལ་ལས༔ རིག་པ་ཚད་ཕེབས་རྟགས་གསུམ་ནི༔ ལུས་ནི་འབྱུང་བ་ལྔ་པོ་ལ༔ ཐོགས་པ་མེད་པར་ཟང་ཐལ་འགྲོ༔ གླང་ཆེན་འདམ་དུ་བྱིང་བ་འདྲ༔ ངག་ནི་ཇི་ལྟར་སྨྲ་བ་བཞིན༔ གཞན་རྣམས་ཉན་ཅིང་ནུས་པ་འབྱུང་༔ དཔེ་ནི་གྲུལ་བུམ་བུ་ཚ་འདྲ༔ སེམས་ནི་འཁོར་བར་མི་ལྟུང་བར༔ དོན་ཐག་ཆོད་པས་ཉག་གཅིག་རྟོགས༔ སྐྱེས་བུ་འབྲུམ་ནད་བྱང་བ་འདྲ༔ ཞེས་སོ༔
ཟད་པའི་དུས་སུ་ངོ་བོ་ཉིད་ཟག་མེད་འདུས་མ་བྱས་པའི་སྐུ་གསུམ་ཐུགས་མཐར་ཐུག་ལྷུན་གྱིས་གྲུབ་པའི་རྗེས་མཐུན་ཐོབ་པས་ལུས་སུ་འཛིན་པའི་བག་ཆགས་དག་ནས་དུར་ཁྲོད་ཀྱི་མི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམས་ང་དང་བག་ཚ་མེད་པ༔ ངག་གི་བག་ཆགས་དག་ནས་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེས་པས་བྲག་ཆ་ལྟར་གཞན་གྱི་རྗེས་སུ་བཟློ་བ་དང་༔ སེམས་ན་བུན་ནམ་མཁའ་ལ་ཡལ་བ་བཞིན་སྐད་ཅིག་ཏུ་མི་སྡོད་པར་རང་ཡལ་ཀ་དག་གི་ངང་དུ་གྲོལ་བ་ནི༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བའི་དུས༔ ལུས་ལ་གཤེད་མས་ཡ་ང་མེད༔ ངག་ནི་ཟུངས་ཟད་ལད་མོ་བྲག་ཆ་འདྲ༔ སེམས་ནི་བག་ཆགས་སྐད་ཅིག་ཡལ༔ བར་སྣང་ན་བུན་ཇི་བཞིན་འགྱུར༔ ཞེས་དང་༔ ཀློང་གསལ་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ གདེང་ཚད་གྲོལ་བའི་རྟགས་སུ་ནི༔ ལུས་ནི་དུར་ཁྲོད་མི་རོ་འདྲ༔ ཉམ་ང་མེད་པར་རང་གྲོལ་ལོ༔ ངག་ནི་བྲག་ཆ་ལྟ་བུ་སྟེ༔ གཏམ་གྱི་ཟུངས་ཟད་གཞན་ལེན་སྨྲ༔ སེམས་ནི་ན་བུན་ལྟ་བུ་སྟེ༔ སྐད་ཅིག་མི་འདུག་རང་ཡལ་ལོ༔ བག་ཆགས་ཕུང་པོ་རང་ཡལ་ལོ༔ ཞེས་སོ༔
གཉིས་པ་ཚད་རྨི་ལམ་གྱི་བཟུང་བ་ནི༔ གོམས་པ་རབ་ཏུ་གྱུར་བའི་གང་ཟག་རྣམས་ཀྱིས་བག་ཆགས་ཀྱི་ཞེན་པ་དབྱིངས་སུ་དག་ནས་རྨི་ལམ་གཏན་ནས་ཆད་དེ་འོད་གསལ་འཁོར་ཡུག་ཏུ་འཆར་བའི་ཆོས་ཉིད་ཀྱི་བར་དོ་དང་པོ་ལ་གྲོལ་བའི་ཚད་ཟིན་པའོ༔ འབྲིང་གིས་རྨི་ལམ་དུ་ཤེས་ནས་སྦྱངས༔ བསྒྱུར༔ བཅད་པ་དང་༔ དེར་གདམ་ངག་གོམས་པས་བར་དོར་སངས་རྒྱས་པའི་ཚད་ཟིན༔ ཐ་མས་བག་ཆགས་ངན་པ་དག་ནས་རྨི་ལམ་མི་དགེ་བ་རྒྱུན་ཆད་པའི་དུས་སུ་རང་བཞིན་སྤྲུལ་པའི་སྐུར་དབུགས་དབྱུང་བའི་ཚད་ཟིན་པ་སྟེ༔ རབ་འབྱམས་ལས༔ རབ་ལ་རྨི་ལམ་དབྱིངས་སུ་ཐིམ༔ འབྲིང་དུ་རྨི་ལམ་མངོན་ཤེས་འཆར༔ ཐ་མ་རྨི་ལམ་ངོ་ཡང་ཤེས༔ ཞེས་དང་༔ ཀློང་གསལ་ལས༔ རབ་ནི་རྨི་ལམ་དབྱིངས་སུ་ཐིམ༔ འབྲིང་ནི་རྨི་ལམ་འོད་གསལ་དུ༔ རྨི་ལམ་རྨི་ལམ་ངང་དུ་ཤེས༔ ཐ་མ་རྨི་ལམ་བཟང་རྟོག་འཆར༔ དེ་ལྟར་ཚད་ནི་རྨི་ལམ་ཉིད་ཀྱིས་བཟུང་༔ ཞེས་སོ༔
གསུམ་པ་གདེང་ལྟ་བ་ལ་ཐོབ་པ་ནི༔ ཕྲེང་བ་ལས༔ ཚད་ནི་གདེང་བཞིའི་རྣལ་འབྱོར་ཏེ༔ ཞེས་དང་༔ རིན་ཆེན་སྤུངས་པ་ལས༔ མི་འགྱུར་ལྟ་བའི་གདེང་ཆེན་བཞིས༔ མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་༔ ཞེས་སོ༔ དེ་ཡང་རང་གི་རིག་པ་ཡེ་ནས་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་གྱི་ངོ་བོར་གྲོལ་ཟིན་པའི་སངས་རྒྱས་གཞན་ལ་མི་རེ་བའི་གདེང་ཐོབ་ནས་དཀོན་མཆོག་གི་ཡོན་ཏན་ལ་བྲོད་པ་བསྐྱེད་རྒྱུ་མེད་པ་དང་༔ རིག་པ་ཀློང་དུ་ཕེབས་པ་ལས་མྱང་འདས་གཞན་ན་མེད་པར་རྟོགས་པས་འཕོ་བསྒྲོད་སྨིན་རྟོགས་ཀྱི་སངས་རྒྱས་ཐོབ་པའི་རེ་བ་མེད་པ་སྟེ་ཡར་གྱི་གདེང་གཉིས༔ ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་སོགས་ཐོས་ཀྱང་སྣང་སྲིད་རྣམ་དག་ཏུ་རྟོགས་པས་ཉམ་ང་དང་བག་ཚ་མེད་བའི་གདེང་དང་༔ འཁྱམས་མཁན་གྱི་གང་ཟག་མེད་པར་རྟོགས་པའི་གདེང་དང་༔ དེའི་རྒྱུ་ལས་དང་ཉོན་མོངས་པའི་གཞི་མ་གྲུབ་པས་འཁོར་བར་ལྟུང་གིས་དོགས་པ་མེད་པའི་མར་གྱི་གདེང་གཉིས་དང་བཞི་འབྱུང་སྟེ༔ རབ་འབྱམས་ལས༔ གདེང་ནི་ཡར་མར་གཉིས་གཉིས་བཞི༔ རྟགས་ཚད་རྣམ་གྲངས་མང་བཤད་པ༔ འདི་རུ་མི་འདུ་མེད་པའོ༔ དཀོན་མཆོག་ཡོན་ཏན་ལ་སོགས་པ༔ བྲོད་པ་སྐྱེ་རྒྱུ་རྡུལ་ཙམ་མེད༔ ཡེ་ནས་རིག་པ་སངས་རྒྱས་པས༔ བསྐྱར་ནས་གྲོལ་རྒྱུ་ང་ལ་མེད༔ རང་ཉིད་སངས་རྒྱས་ཡིན་པ་ཡིས༔ གདེང་ཆེན་དེ་ཉིད་ལོན་པའོ༔ དེ་ཉིད་དོན་རྟོགས་གྱུར་པའི་ཕྱིར༔ མྱང་འདས་གཞན་ནས་ག་ལ་རེ༔ གདེང་ཆེན་དམ་པ་ཆོད་པའོ༔ དམྱལ་བ་ལ་སོགས་རིགས་དྲུག་གི༔ སྡུག་བསྔལ་མྱོང་ཚུལ་ཐོས་ན་ཡང་༔ འཁྲུལ་མེད་སྡུག་བསྔལ་དང་བྲལ་བས༔ ཡ་ང་མེད་པའི་གདེང་ཆོས་སོ༔ འཁོར་བར་འཁྱམས་མཁན་མེད་པའི་ཕྱིར༔ འཁོར་བར་ལྟུང་དོགས་ག་ལ་ཡོད༔ ལྟུང་མཁན་མ་གྲུབ་གདེང་ཆོས་སོ༔ མི་འགྱུར་ལྟ་བའི་གདེང་ཆེན་བཞིས༔ མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང༔ ཞེས་དང༔ ཀློང་གསལ་ལས༔ མི་རྟོག་ཡེ་ཤེས་ཚད་བཟུང་བ༔ ཡར་མར་གདེང་ཆེན་བཞི་རུ་འདྲེས༔ དང་པོ་ཡར་གྱི་གདེང་གཉིས་ནི༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ༔ དཔག་མེད་ཐོབ་ཀྱང་དགའ་འབྲོད་མི་སྐྱེད་དོ༔ ཡར་གྱི་སངས་རྒྱས་ཐམས་ཅད་ལ༔ རེ་བ་མེད་དེ་རང་རིག་གདེང་༔ མར་ཀྱི་འགྲོ་བ་རིག་དྲུག་གི༔ སྡུག་བསྔལ་མཐོང་ཡང་འཇིགས་པ་མེད༔ རིག་པ་འཁྲུལ་བ་མེད་པའི་གདེང་༔ མར་གྱི་ངན་སོང་གསུམ་པོ་ལ༔ ལྷུང་གིས་དོགས་པ་མེད་པ་སྟེ༔ མཁན་པོ་མ་གྲུབ་རང་བྱུང་སྟེ༔ ཞེས་སོ༔
གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི༔ ཞལ་ཆེམས་ལས༔ སྐྱེ་དང་འཇིག་དང་རླུང་སེམས་ལ༔ སུ་ཡི་རང་དབང་ཐོབ་པའི་མི༔ སངས་རྒྱས་དགོངས་པའི་དྲོད་རྙེད་དེ༔ ཞེས་པས་དང་པོ་གཉིས་ནི་སྔར་ཆོས་ཉིད་ཟད་པའི་རྣམ་ཐར་དུ་བཤད་ཟིན་པས་འདིར་ལུང་གིས་གསལ་བར་བཤད་ན༔ རབ་འབྱམས་ལས༔ གསུམ་པ་ཐོབ་པ་གསུམ་གྱིས་ནི༔ ཟག་བཅས་ཕུང་པོ་རང་ཡལ་ཏེ༔ སྐྱེ་བ་ཉིད་ལ་རང་དབང་ཐོབ༔ ཕུང་པོའི་སྣང་བ་རང་འགགས་ཏེ༔ རྡོས་བཅས་མི་སྣང་བ་རུ་འགྱུར༔ གལ་ཏེ་སེམས་ཅན་དོན་བྱེད་ནི༔ རང་གི་ལག་སོར་གཏད་པ་ཡིས༔ སྣང་བ་རང་ལོག་སྒྱུ་མ་ལྟ་བུའི་དོན་རྣམས་འགྲུབ༔ རིག་པ་རང་བཅུག་གྲོལ་འགུལ་འགྱུར༔ འཇུག་པ་ཉིད་ལ་རང་དབང་ཐོབ༔ ལག་སོར་ཉིད་ལ་རིག་པ་གཏད༔ སྐད་ཅིག་མི་སྣང་བུདྡྷའོ༔ ཞེས་དང་༔ གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི༔ རླུང་ལས་སུ་རུང་བས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་རྫོགས༔ འཆི་འཕོ་བའི་སེམས་ཅན་གཞན་ལ་རིག་པ་བཅུག་པས་མཚམས་མེད་ལྔའི་ལས་བྱས་པ་ཡང་རང་དང་མཉམ་པར་སངས་རྒྱས་པར་བྱེད་ནུས་ཤིང་༔ མངོན་ཤེས་ལ་ཐོགས་པ་མེད༔ རི་བྲག་ལ་ཟང་ཐལ་དུ་རྒྱུ༔ འབྱུང་བའི་གནོད་པས་མི་ཚུགས་པ་སྟེ༔ རབ་འབྱམས་ལས༔ རླུང་སེམས་ཉིད་ལ་དབང་ཐོབ་པས༔ རླུང་གི་ཡོན་ཏན་ཐམས་ཅད་ཐོབ༔ སྡིག་ཅན་འཕོ་དུས་རིག་པ་བཅུག༔ རང་དང་མཉམ་པོར་བུདྡྷའོ༔ བེམ་པོ་རྣམས་ལ་ཐོགས་པ་མེད༔ མངོན་ཤེས་ཕྱོགས་མེད་དུས་གསུམ་ཤེས༔ གསུམ་གསུམ་དགུ་ཡིས་རྒྱབ་བརྟེན་ནོ༔ ཞེས་དང་༔ ཀློང་གསལ་ལས༔ ད་ནི་རླུང་སེམས་གཉིས་ལ་དབང་ཐོབ་བས༔ རླུང་སེམས་ལས་སུ་རུང་བས་ན༔ རླུང་སེམས་ཡོན་ཏན་ཐམས་ཅད་འབྱུང་༔ སེམས་ཅན་གང་དག་ཚེ་འཕོས་པ༔ དེ་དག་རྣམས་ལ་རིག་པ་བཅུག༔ རིག་པ་གང་ལ་གཏད་པ་རྣམས༔ སྔོན་གྱི་མཚམས་མེད་ལྔ་སྤྱད་ཀྱང་༔ ལས་ལ་བཟང་ངན་མེད་པ་རུ༔ རང་དང་མཉམ་པོར་སངས་རྒྱའོ༔ མངོན་པར་ཤེས་པ་ཐོགས་མེད་ཅིང་༔ རི་རབ་རྣམས་ལ་ཟང་ཐལ་རྒྱུ༔ འབྱུང་བཞིའི་གནོད་པས་ཚུགས་མི་འགྱུར༔ ཞེས་སོ༔ དེ་དག་ནི་ཁོང་གསལ་མའི་ཡེ་ཤེས་རང་ལ་ཡོད་པ་ཉིད་གནད་མི་གཡོ་བ་གསུམ་གྱིས་བཅིང་བས་མཁའ་གསལ་བུའི་རྣམ་པར་སྣང་ཞིང་ནང་དུ་མཐོང་བ་ཡིན་པས་ན༔ གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པ་ཞེས་བྱ༔ འདིར་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་དུ་ངོ་འཕྲོད་དེ་ངང་ལ་གནས་པའི་རྣལ་འབྱོར་བ་ནི་ངོ་བོ་ཡེ་སངས་རྒྱས་པའི་ཀློང་དུ་གྱུར་པས་སངས་རྒྱས་ཀུན་ལས་སྔར་སངས་རྒྱས་པ་ཉིད་དེ༔ རྒྱུ་མཚན་དེས་ན་ལམ་གཞན་ལས་འབྲས་བུ་དངོས་ལམ་བྱེད་དུ་གནས་པ་དང་༔ འབྲས་བུ་ལ་ཉེ་བའི་ཐ་ཚིག་ཀྱང་ཡིན་པའི་ཕྱིར༔ སྒྲོན་མ་བརྩེགས་པ་ལས༔ སྙིང་པོ་བཅུད་བསྡུས་མ་ཡིན་དབྱིངས༔ མཁའ་གསལ་འོད་གསལ་བུ་ཡི་ངང་༔ སྙིང་པོ་ཀློང་དུ་རང་ཤར་པའི་༔ མ་བུ་ངོ་འཕྲོད་ཡེ་སངས་རྒྱས༔ ཞེས་དང་༔ རང་ཤར་ལས༔ འདི་ལྟར་ཟིན་པའི་སྐྱེས་བུ་ནི༔ སངས་རྒྱས་བས་ཀྱང་སྔར་སངས་རྒྱས༔ དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས༔ ཧེ་རུ་ཀ་ཡི་དབང་རྣམས་རྫོགས༔ ཞེས་སོ༔
གཉིས་པ་བར་མ་དོ་ལ་འཆར་ཚུལ་དང་དེ་ལ་རང་ས་བཟུང་བ་ནི༔ གཙོ་ཆེར་འཆི་ཁ་བར་དོར་སྟོང་བཞི་ཆོས་སྐུའི་འཆར་ཚུལ་དང་༔ སྣང་བཞིའི་ནང་ནས་ཡེ་ཤེས་བཞིའི་ཆོས་སྐུའི་ལོངས་སྐུ༔ ཕྱི་གསལ་ལྷ་སྐུའི་རྟགས་སྣང་ལས་ཆོས་སྐུའི་སྤྲུལ་སྐུར་ཤར་ནས་རིམ་པས་ཐོག་མའི་ཀ་དག་ཏུ་མཐར་ཐུག་པ་དང་༔ དེ་ལས་སླར་ཡང་ཆོས་སྐུའི་ཆོས་སྐུ་ལས་ལོངས་སྐུ༔ དེ་ལས་སྤྲུལ་སྐུ༔ དེ་རྣམས་ཀྱི་རང་སྣང་ལོངས་སྐུའི་སྐུ་གསུམ༔ ཆོས་ཉིད་བར་དོའི་འོད་གསལ་དང་༔ ཟུང་འཇུག་བཞི་སྦྱོར་སྟེ༔ ལྷུན་གྲུབ་ནི་དེ་ཀུན་གྱི་གཞིར་ལྡན་པའི་ཡན་གར་དུ་མེད་དོ༔ དེ་ལ་བརྟན་པ་མ་ཐོབ་འཕྲལ་སྲིད་པའི་བར་དོ་ལ་རྫོགས་ལྡན་སྤྲུལ་སྐུའི་ཆོས་སྐུ༔ འབྱུང་བཞིའི་བསྐལ་བ་ལ་ལོངས་སྐུ་དང་༔ དེ་ལས་མིང་བཞིའི་ཕུང་པོ་གྲུབ་སྟེ་ཆོས་ཉི་ཤུ་དང་ལྡན་པ་སྤྲུལ་སྐུ་ཡིན་ནོ༔ དེ་ཐམས་ཅད་ཀྱང་མཁའ་གསལ་འཆར་ཚུལ་ཡིན་པས་ད་ལྟ་ནས་ཤེས་ཤིང་གདམ་ངག་དང་འདུན་པ་གང་རུང་གིས་འདྲེས་པར་བྱས༔ ཁྱད་པར་དུ་མཆོག་གི་འོད་གསལ་རྣམ་པར་སྦྱོང་བའི་དགོངས་པས་རང་དབང་བསྒྱུར་བ་མ་བང་༼ པང་། དཔྱད། ༽དུ་བུ་འཇུག་པ་ལྟ་བུ་ཞིག་དགོས་སོ༔ དེ་ལྟར་བར་དོའི་འཆར་ཚུལ་སོ་སོའི་གདམ་ངག་དང་བཅས་པ་ནི་ཁོ་བོའི་བར་དོ་དྲུག་ཁྲིད་དུ་གསལ་བས་འདིར་ཡི་གེའི་ངལ་བས་མ་བྲིས་སོ༔ མདོར་ན་སྔར་སྐུ་གསུམ་ཁོང་གསལ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བཞུགས་པར་བཤད་པ་སྒྲིབ་བྱེད་སྒོ་གསུམ་གྱི་སྦུབས་དང་བྲལ་བས་མངོན་པར་སྣང་བ་ཡིན་ལ༔ དེ་ལས་ད་ལྟ་འདྲེས་པའི་བར་དོ་ལ་གྲོལ་བའི་གཏན་ཚིགས་ཟབ་མོའོ༔ སངས་རྒྱས་རང་ཆས་པའི་རྒྱུད་ལས༔ སངས་རྒྱས་རང་གི་སྙིང་ནང་ནས་བྱོན་ནས་མིག་ནས་བར་སྣང་ལ་ཕར་ཐོན་པའི་དུས་སུ༔ སྣང་བ་ཐམས་ཅད་འོད་དུ་འཆར་ཏེ༔ ཤར་བ་དེ་རང་གི་སངས་རྒྱས་སུ་ངོ་ཤེས་པས་རང་འོད་སྐུ་ལ་ཐིམ་ནས་སངས་རྒྱའོ༔ དེ་བས་གདམ་ངག་ཐམས་ཅད་ཀྱི་དམར་ཐག་སྣང་སྲིད་སྐུ་དང་འོད་དུ་ཤར་བའི་དུས་སུ་བཅད་དོ༔ ཞེས་སོ༔
གསུམ་པ་མཁའ་གསལ་འདུས་མ་བྱས་པའི་འཐད་པ་བཤད་དེ་མཇུག་སྡུད་པ་ནི༔ ལར་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་པར་མི་འཐད་ཅིང་༔ དེ་ལྟ་ན་ཆོས་སྐུ་དང་ལོངས་སྐུ་ད་ལྟ་ནས་ཡོད་དགོས་པ་དང་༔ ཆོས་ཉིད་མངོན་སུམ་པར་མཐོང་བ་རྫོགས་ཆེན་གྱི་ལྟ་བའི་འཕགས་ཆོས་ལགས་ཏེ༔ གལ་ཏེ་རྣམ་སྤྱི་རྗེས་དཔག་དད་པས་རྟོགས་བྱར་འདོད་ན༔ གཉིས་སུ་ན་སྣང་གསལ་གྱི་མཐའ་འགགས་ཏེ་མུ་སྟེགས་ཆད་ལྟ་དང་ཁྱད་མེད་པར་འགྱུར་བའང་༔ འགའ་ཞིག་གི་དབང་པོའི་ཡུལ་དུ་མཐོང་བའི་ཆོས་སྐུ་བཞད་གད་ཀྱི་གནས་སོ༔ ཞེས་དང་༔ ཐུན་མོང་གི་གོ་སྤྱི་སྐམ་པོའི་ཁྲིད་དེ་གནད་བཅུན་པ་ལ་ལྟོས་པའི་འདུས་མ་བྱས་པ་ཞིག་མཚར་ཆེ་ཟེར་ཡང་༔ ངོ་བོ་གནད་ཀྱིས་བསྐྱེད་པ་མིན་པས་སྐྱོན་ཕྱེ་མ་མེད་ལ༔ སྟོང་གཟུགས་མཐའ་དག་རྒྱུ་མཚན་མཚུངས་པས་སྔ་མའང་མི་སྐྱོན་ཏེ༔ ལར་སྟོང་ཉིད་ངོ་སྤྲོད་ཀྱང་ཡིད་ཀྱི་དབང་པོ་མེད་ན་ཨེ་འོང་༔ ཡོད་ན་འགོ་སྙོམས༔ ཉི་མ་དང་ནམ་མཁའ་མིག་གིས་མཐོང་ན་རྒྱུ་རྐྱེན་ལ་ལྟོས་པའི་འདུས་བྱས་སུ་ཨེ་འགྲོ༔ མཐོང་བྱེད་ཀྱང་གནས་འགྱུར་སྤྱན་ལྔའི་ངོ་བོ་ཉིད་ཡིན་གྱིས་དབང་པོ་རང་མཚན་པ་མིན་ཕྱིར་སྐྱོན་གྱིས་ཀར་དག་པའོ༔ དེས་ན་འདུས་མ་བྱས་ཡིན་པའི་གནད་ཀྱིས་ད་ལྟ་ནས་ཡོད་ཅིང་མཁའ་གསལ་དུ་མཐོང་དགོས་པའང་༔ སྣང་སྲིད་ཁ་སྦྱོར་ལས༔ ཆོས་སྐུ་འདུས་མ་བྱས་བས་ཁ་གསལ་ཆེན་པོ་ཡིན༔ སྙིང་པོ་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཀུན་གཞི་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཆོས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ དབྱིངས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ སྐྱེ་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ འགྱུར་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ངང་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ གཡོ་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཆགས་མེད་ཞེན་པ་མེད་པས་མཁའ་གསལ་ཆེན་པོ་ཡིན༔ བསམ་བརྗོད་བློ་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན༔ མིང་མེད་རྟོག་མེད་ཡུལ་མེད་མཚོན་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན༔ ཞེས་དང་༔ མཁའ་གསལ་ལ་ནི་ནམ་མཁའི་དབྱིངས་ནས་བཟླས༔ ཞེས་དང་༔ སངས་རྒྱས་རང་ཆས་ལས༔ སངས་རྒྱས་མིག་ནས་ཐོན་ནས༔ འཁོར་བ་རུ་ལོག་ནས་ཡུལ་ཡེ་ཤེས་སུ་འཆར་བ་སྟེ་སངས་རྒྱས༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པའི་ཡོན་ཏན་ཡིན་ནོ༔ དེ་ངོ་ཤེས་ན་བསྒོམ་བསྒྲུབ་མི་དགོས་པར་སངས་རྒྱ་བ་སྟེ༔ སངས་རྒྱས་ཆོས་ཀྱི་སྐུ་འདུས་མ་བྱས་སུ་བཞུགས་པའི་ཡོན་ཏན་ཡིན་ནོ༔ ཞེས་དང༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་འདི་སངས་རྒྱས་ཡིན་ནོ༔ སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་ཤེས་པར་བྱའོ༔ སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་མེད་ན་སྣང་གསལ་གྱི་མཐའ་འགགས་ཏེ༔ མུ་སྟེགས་ཆད་པར་ལྟ་བ་དང་ཁྱད་མེད་དོ༔ ཞེས་སོ༔ དེ་དག་ཀྱང༔ ནོར་བུ་ཕྲ་བཀོད་ལས༔ ཆོས་ཉིད་ཡུལ་གྱི་སྣང་བ་ལ་གཏན་ཚིག་གིས་གཟེར་འདེབས་པར་འདོད་ན༔ ཡེ་ཤེས་མཁའ་གསལ་གྱི་སྣང་བ་ལ་ལྟོས་ཤིག༔ ཅེས་སོ༔ ལམ་ཡེ་ཤེས་སྒྲོན་མ་མཁའ་གསལ་ལས་ཐག་གཅིག་ཐོག་ཏུ་བཅད་པ་སྟེ་རྡོ་རྗེའི་གནས་གཉིས་པའོ༔
༈དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་རིམ་ལས་གདེང་གྲོལ་ཐོག་ཏུ་བཅའ་བ་ནི༔ ཡུལ་གསལ་གྱི་རང་བཞིན་ཉིད་མདོར་བསྟན་པ་དང་༔ རྒྱས་པར་བཤད་པ༔ དོན་གྱི་མཇུག་སྡུད་པ་དང་གསུམ་ལས༔
དང་པོ་ནི༔ རྩལ་རྫོགས་ལས༔ དག་པའི་ཡེ་ཤེས་ཡུལ་གསལ་བ༔ དཔེར་ན་ཉི་ཟླའི་འོད་དང་མཚུངས༔ སངས་རྒྱས་ཡེ་ཤེས་སྐུ་མངའ་བ༔ ཡེ་ཤེས་ཆིག་ཆོད་རྣམ་པར་དག༔ ཅེས་སོ༔ དེ་ཡང་ཡུལ་གསལ་ཞེས་པའི་སྒྲའི་བཅད་ཀྱིས་ལམ་གྱུར་གྱི་འབྲས་བུ་སྣང་བཞིའི་ཚད་ཕེབས་ཡན་ཆད་དག་ས་གསུམ་གྱི་མུ་ཚོད་དང་སྦྱར་ཏེ་བཤད་པའི་དགོངས་པ་ཁོ་བོའི་ཕ་གཅིག་ལྟར་ཡིན་ཏེ༔ དེ་དུས་མ་དག་པའི་སྣང་བ་རང་དེངས་ནས་ཆོས་ཉིད་རྣམ་དག་གི་དཀྱིལ་འཁོར་གྱི་རང་གདངས་ཡུལ་ལ་ཤར་བའི་ཕྱིར་རོ༔ འོན་ཀྱང་ད་དུང་ཤེས་སྒྲིབ་ཡོད་པས་སྣང་བ་ཟད་དགོས་པ་ལ་དགོངས་ནས་ཡེ་ཤེས་ཡུལ་གསལ་གྱི་སྐུ་ཐོབ་པ་དངོས་སངས་རྒྱས་ཁོ་ནས་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་དུ་འདིར་གསུངས་པའོ༔
གཉིས་པ་རྒྱས་པར་བཤད་པ་ལ༔ གྲོལ་བ་ཐོབ་པའི་རྟགས་ཚད་ཀྱི་ངེས་པ༔ རྣམ་པར་ཞི་བ་བརྙེས་ཚུལ་གྱི་རང་བཞིན༔ འབྲས་བུ་ཐོབ་པའི་དུས་ཚད་ཀྱི་ཁྱད་པར་དང་༔ འབྲས་བུ་དངོས་ཀྱི་རྣམ་པར་བཞག་པ་དང་བཞི་ལས༔
དང་པོ་ལ༔ རང་ངོས་གཙོ་ཆེར་གྱིས་ཐོབ་པའི་ནང་རྟགས༔ གཞན་ངོས་དབང་བཙན་དུ་བྱས་པའི་ཕྱི་རྟགས་སོ༔ དང་པོ་ལ༔ སྒྲོན་མ་མཐོང་དག་གི་རྟགས་ཚད་དང་༔ ཏིང་འཛིན་གཡོ་མེད་ཀྱི་རྟགས་ཚད་དང་༔ བརྟན་པ་གདེང་གྱུར་གྱི་རྟགས་ཚད་དང་གསུམ་ལས༔ དང་པོ་ལ༔ དག་པས་མཐོང་བའི་རྟགས་དང་༔ མཐོང་བས་དག་པའི་རྟགས་གཉིས་ལས༔ དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས༔
དང་པོ་ནི༔ སྣང་བ་བཞིའི་སྒྲོན་མའི་རང་ཞལ་གོང་འཕེལ་དུ་མཐོང་བའི་ཁྱད་པར་ཡིན་ཏེ༔ དེ་དག་ཀྱང་ཕྱི་རྟགས་ཙམ་གྱིས་མ་ཡིན་པར་ནང་གི་ཉོན་མོངས་པའི་རང་བཞིན་ཅན་གྱི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སྒྲིབ་པ་དང་༔ དེས་བསྐྱེད་པའི་ལས་དང་བག་ཆགས་དག་སྟོབས་ཀྱིས་མཐོང་བ་དང་གོམས་ཤིང་བརྟན་པ་སྣང་བཞིའི་རྟགས་མངོན་སུམ་གོང་དུ་འཕེལ་བ་རྣམས་སོཿ
གཉིས་བ་བྱེ་བྲག་ཏུ་བཤད་པ་ལ༔ དབྱིངས་དང་༔ ཐིག་ལེ༔ རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པའི་ཚད་བསྟན་པའོ༔
དང་པོ་ནི༔ དབྱིངས་དང་དེའི་འོད་ལ་གོམས་པའི་ཕྱི་ནང་གི་རྟགས་ནི༔ དབུགས་ཀྱི་རྒྱུ་བ་ཆད༔ བྱ་བཞིན་ནམ་མཁའ་འགྲོ༔ ཆུ་ལ་ཉ་ལྟར་རྒྱུ༔ སྔར་མ་མཐོང་བའི་ཡུལ་གླིང་དང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་མཐོང་བ་ནི་ཟླ་བ་བཅུ་དྲུག་གིས་ཆོས་དབྱིངས་མཐོང་བའི་རྟགས་ཡོད་པར་རང་ཤར་ལས་བཤད་དོ༔ ཡང་འོད་ལ་གོམས་པས་འབྱུང་བཞིའི་སྣང་བ་ནུབ་ནས་ཁ་དོག་ལྔ་ལ་སྤྱོད༔ གཞན་ངོར་འབྱུང་བཞི་ལ་ཐོགས་པ་མེད་པར་ཟང་ཐལ༔ ཟས་གོས་ཀྱི་འདོད་ཞེན་བྲལ་ན༔ ཚད་ཕེབས་ཀྱི་མགོ་ཟིན་ནས་ཟག་བཅས་མི་སྣང་བར་འབྲས་བུ་མྱུར་དུ་ཐོབ་པའི་རྟགས་ཚད་དུ་བཤད་དེ༔ སྐུ་གདུང་འབར་བ་ལས༔ གང་གི་འོད་ལ་སུས་གོམས་པ༔ རང་གིས་མཐོང་བའི་སྤྱོད་ཡུལ་དུ༔ ས་ཆུ་མེ་རླུང་འབྱུང་བཞི་ཡིས༔ སྣང་བ་ནུབ་པར་གྱུར་ནས་སུ༔ རིམ་གྱིས་ཁ་དོག་ལྔ་ལ་སྤྱོད༔ ཅེས་སོགས་གསུངས་པ་དང་༔ འབྱུང་བར་རང་སར་གྲོལ་ནས་ནི༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་ཐོབ་པར་ཐེ་ཚོམ་མེད༔ ཅེས་དང་༔ དེ་བཞིན་སངས་རྒྱས་ཞིང་ཁམས་ནི༔ སྔ་ན་མཐོང་བ་མེད་པ་རྣམས༔ འདི་ཀུན་དུས་གཅིག་མཐོང་བར་འགྱུར༔ འདི་ལྟར་རྟགས་དང་གང་ལྡན་པ༔ ཟླ་བ་ཉིད་ནི་བཅུ་དགུ་ན༔ ཆོས་ཀྱི་དབྱིངས་ཀྱང་མཐོང་བར་འགྱུར༔ ཞེས་སོ༔
གཉིས་པ་ནི༔ ཐིག་ལེ་ཉིན་མཚན་མེད་པར་རྩོལ་མེད་རང་བྱུང་དུ་ཤར་བ་དང་༔ ཚིག་གི་སྤྲོས་པ་ཆོད༔ ཡུལ་གཞན་ལ་བློ་མི་འཇུག༔ ངག་གི་གཏམ་རྒྱུན་ཆད༔ སྤྲོས་མེད་ཉག་གཅིག་གི་རྩ་བ་ཆོད་པ་ནི་ལོ་གཉིས་ན་འབྱུང་བ་རང་དངས་སུ་འགྱུར་བ་ཡིན་ཏེ༔ དེ་ཉིད་ལས༔ ཐིག་ལེ་སྟོང་བའི་སྒྲོན་མ་ནི༔ རྩོལ་བ་མེད་པར་རང་ཤར་བ༔ འདི་ཀུན་རང་གི་ཉམས་ཀྱི་རྟགས༔ ཚིག་གི་སྤྲོས་པ་རྣམས་ཆོད་དོ༔ ཞེས་སོ༔ དེ་ནས་ལོ་ནི་གཉིས་ནའང་༔ རིག་པ་ཉིད་ཀྱི་ཚད་ཤེས་ནས༔ དབྱིངས་དང་རིག་པའི་རང་སྣང་དང་༔ འབྲལ་བ་མེད་པར་འཇུག་པའོ༔ དེ་ཡང་འབྱུང་བ་རང་དེངས་སུ༔ འགྱུར་བ་འདི་ལ་ཐེ་ཚོམ་མེད༔ ཅེས་སོ༔
གསུམ་པ་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པ་ལ༔ སྐུ་དང་ཡེ་ཤེས་གཉིས་ཀྱི་ཕྱི་ནང་གི་ཁྱད་པར་ལས༔ དང་པོ་ནི༔ ལུས་གཞན་གྱིས་མི་མཐོང་བ་དང་༔ རང་བཞག་གི་བསམ་གཏན་རྩོལ་བ་མེད་པར་རྒྱུད་ལ་སྐྱེས་པ་ནི༔ ཆོས་ཀྱི་སྐུ་ལ་གོམས་པའི་ཚད་དེ་ཚེ་འདི་ལ་རྒྱལ་བ་ཀུན་གྱི་སྐུའི་ཀློང་དུ་མྱ་ངན་ལས་འདས་པའི་རྟགས་སོ༔ ཡང་སྒྲོན་མས་འཁྲུལ་སྣང་བསྒྲིབ་པ་དང་༔ སྣང་བ་སྐུ་རུ་མཐོང་བ༔ ངག་གི་མི་དགེ་བ་རྣམས་རྒྱུན་ཆད་པ་དང་༔ རྫུ་འཕྲུལ་ཐོགས་པ་མེད་པ་རྣམས་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གོམས་པའི་ཚད་དང་༔ གསུང་གི་ཀློང་དུ་བར་དོ་ལ་མྱ་ངན་ལས་འདས་པའི་རྟགས་སོ༔ ཡང་སྔོན་ཐོས་པ་དང་མ་ཐོས་པའི་ཆོས་རྣམས་རྒྱུད་ལ་ཤར་ནས་ཅི་སྨྲས་ཆོས་སུ་འགྱུར༔ རྒྱུད་ལུང་མན་ངག་ཀུན་གྱི་ཚིག་དོན་སོ་སོ་ཡང་དག་པར་རིག་པས་སྨྲ་བའི་དབང་པོར་གྱུར༔ སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་ཞིང་གཞན་གྱི་དོན་ལ་འཇུག༔ ལུས་ཀྱིས་སེམས་ཅན་ལ་ཕན་པའི་ཉེར་སྤྱད་སྣ་ཚོགས་གྲངས་ལས་འདས་པར་སྒྱུར་ནུས་པ་དང་༔ མགོ་དང་ཡན་ལག་གཏོང་བར་ནུས་པ་རྣམས་ནི་སྤྲུལ་སྐུ་ལ་གོམས་པས་རང་བཞིན་སྤྲུལ་བར་གྲོལ་བའི་ཚད་དོ༔ གཉིས་པ་ནི༔ རང་སྣང་ལུ་གུ་རྒྱུད་ལ་ཕྱིར་གོམས་པས་ཤེས་པ་གང་ལའང་འཇུག་པ་དང་༔ གཞན་གྱི་མ་དད་པ་བསྒྱུར་ནུས་པས་སྐྱེ་མེད་མཆོག་ལ་བསྙེགས་པའི་རྟགས་སོ༔ འདི་དག་གི་ཤེས་བྱེད་དང་བཅས་པའི་རྒྱས་སྤྲོས་ནི་དཔལ་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལས་གསལ་ལོ༔ རང་ངོ་ཀ་དག་ལ་ནང་དུ་གོམས་པའི་རྟགས་སུ༔ ལུས་ཀྱི་སྐྱེ་བ་ཀུན་རྒྱུན་ཆད་དེ་སྐྲ་དང་སེན་མོ་ཤིག་སྲོ་འབུ་སྲིན་ལ་སོགས་པ་རང་དེངས་པའོ༔
གཉིས་པ་ནི༔ ཐོད་རྒལ་བས་དབྱིངས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བའི་བྱིན་རླབས་ལས་ཚོགས་རྫོགས་པ་དང་སྒྲིབ་པ་དག་སྟོབས་གཞན་ལས་ཆེ་ཞིང་མྱུར་བ་དང་༔ དེས་ན་སེམས་གསུམ་སེམས་ཡིད་རྣམ་ཤེས་དོན་གྱི་ངོ་བོའི་སྒྲོ་བཏགས་ཀྱིས་ཡུལ་ལུས་འཆིང་ཞེན་དམ་པོ་འོད་གསལ་དུ་རང་གྲོལ་བས་དབང་བཅུ་ཕུལ་དུ་ཕྱུང་བ་ཐོབ་ནས་འབྱུང་བས་མི་གནོད་པ་དང་༔ འབྱུང་བ་རང་སར་དེངས་པའི་རྟགས་ཚད་ལུས་ཤིང་བལ་ལྟར་ཡངས་བ་དང་༔ འབྱུང་བཞི་ལ་ཐོགས་པ་མེད་པ༔ སྐྲ་དཀར་དང་གཉེར་མ་མེད་པ་དང་༔ སེམས་དང་ཉོན་མོངས་པ་དཀོན་པ་དང་༔ བཙལ་ཀྱང་མི་རྙེད་པ་ལ་སོགས་སྣང་བཞིའི་དུས་སུ་བཤད་པ་རྣམས་ཏེ༔ ཐལ་འགྱུར་ལས༔ དེ་ལྟར་ཉམས་སུ་བླངས་བ་ལས༔ རྟགས་དང་ཚད་ནི་འདི་ལྟ་སྟེ༔ ལུས་ནི་ཡང་ཤིང་ཟང་ཐལ་སྣང་༔ ས་ལ་རེག་མེད་ཐོགས་མེད་དང་༔ ངག་གི་ནུས་རྫོགས་གཏམ་ཟུངས་ཟད༔ སེམས་ནི་འཕོ་བར་ནུས་པའོ༔ མིག་དང་རྣ་བ་སྣ་དང་ལྕེ༔ ལུས་ཀྱི་དབང་པོ་ཀུན་ཟད་དེ༔ རང་བཞིན་མེད་པར་གྱུར་པའི་ཚད༔ ཅེས་སོ༔
གཉིས་པ་ཏིང་འཛིན་གཡོ་མེད་ཀྱི་རྟགས་ཚད་ནི༔ ཀློང་དྲུག་ལས༔ རང་གནས་ཅོག་བཞག་ཏིང་འཛིན་ཚད༔ འབྱུང་བའི་དགྲས་མ་གནོད་པའི་ཟུངས༔ དེ་བཞིན་ཐོག་བབས་ཏིང་འཛིན་ཚད༔ འདོད་ཆགས་ལ་སོགས་ཉོན་མོངས་རྣམས༔ རང་གི་རྒྱུད་ལ་གཏན་མི་རྙིད༔ མི་དགེའི་བསམ་པ་གཏན་མི་སྲིད༔ འདི་ནི་དེ་ཡི་ཚད་རྣམས་ཟུངས༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་ཚད༔ རགས་པའི་སྣང་བ་འགགས་པས་ཟུངས༔ ཞེས་སོ༔
གསུམ་པ་བརྟན་པ་གདེང་གྱུར་གྱི་རྟགས་ཚད་ནི༔ རང་ཤར་ལས༔ སྐྱེ་བ་མེད་པའི་ཚད་འཆི་བ་མེད་པ་ལ་ཟུངས་ཤིག༔ འགག་པ་མེད་པའི་ཚད་སྣ་ཚོགས་སུ་སྣང་བ་ལ་ཟུངས་ཤིག༔ འགྱུར་བ་མེད་པའི་ཚད་གཏིང་ཟབ་པ་ལ་ཟུངས་ཤིག༔ ཡངས་པའི་ཚད་མཐའ་དབུས་མེད་པ་ལ་ཟུངས་ཤིག༔ དགོངས་པའི་ཚད་མ་ཡེངས་པ་ལ་ཟུངས་ཤིག༔ མ་བཅོས་པའི་ཚད་སྐྱོན་མེད་པ་ལ་ཟུངས་ཤིག༔ རྟོགས་པ་ལམ་དུ་འཁྱེར་བའི་ཚད་འཆར་ནུབ་མེད་པ་ལ་ཟུངས་ཤིག༔ གདམ་ངག་ཐེབས་པའི་ཚད་སྣང་བ་ཟད་པ་ལ་ཟུངས་ཤིག༔ ཅེས་སོ༔
གཉིས་པ་གཞན་ངོས་དབང་བཙན་དུ་བྱས་པའི་ཕྱི་རྟགས་ལ༔ སྤྱིར་སངས་རྒྱས་པའི་རྟགས་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཚེ་འདི་ལ་ཕུང་པོ་ལྷག་མ་མེད་པར་གྲོལ་བ་སྟེ༔ དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངོ༵་བོ༵་སྐུར༵་བཞུག༵ས་པ་ལ་གནས་ལུགས་དང་མཐུན་པའི་རྟོགས་པ་རྒྱས༵་པས་ཐ་མལ་པའི་ལུས་མ་སྤངས་སྐུ་རྡོ་རྗེའི་རང་བཞིན་དུ་དེངས༔ རང༵་བཞིན༵་གསུང་འོད༵་དུ༵་བཞུགས་པ་ལ་རྟོགས་པ་དེ་བཞིན་ཉིད་དུ་རྒྱས༵་ནས་ངག་མ་སྤངས་ལོངས་སྤྱོད་རྫོགས་སྐུར་དེངས༔ ཐུག༵ས་རྗེ༵་ཡེ་ཤེས་ཟེར༵་གྱི་སྒྲོན་མར་གནས་པ་ལ་རྟོགས་པ་རྒྱས༵་ཏེ་ཇི་ལྟ་ཇི་སྙེད་པའི༵་མཁྱེན་གཟིགས་ཡང་དག་པར་ཤར་ནས་མཁའ་གསལ་དེས་སྙིགས་མའི་སྦུབས་གསུམ་བསྒྲིབས་ཤིང་༔ ཡུལ་གསལ་དུ་མངོན་སུམ་པར་རྒྱས༔ འབྱུང་བ་མ་ལ་ཐིམ་པ་ལ་ལྷག་མེད་སངས་རྒྱས་ཞེས་བྱའོ༔ དེ་ཡང་རབ་འབྱམས་ལས༔ དེ་ཡང་རྣམ་པ་གཉིས་སུ་འདུས༔ ཡང་དག་རྫོགས་པའི་སངས་རྒྱས་དང་༔ མངོན་པར་རྫོགས་པའི་སངས་རྒྱས་གཉིས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ངོ་བོ་སྐུ་རུ་རྒྱས་པ་དང་༔ རང་བཞིན་འོད་དུ་རྒྱས་པ་དང་༔ ཐུགས་རྗེ་ཟེར་དུ་རྒྱས་པའོ༔ ཞེས་དང་༔ ཐོག་མར་མ་རིག་པ་ཡི་སེམས༔ རིག་པ་བསྐྱེད་པའི་ལུས་སེམས་འདི༔ ཡེ་ཤེས་ཉིད་ཀྱི་ངོ་བོ་སྟེ༔ འབྱུང་ལྔ་ཡེ་ཤེས་ལྔ་ལ་ཐིམ༔ ལྷག་མ་མེད་པར་སངས་རྒྱས་སོ༔ ཞེས་སོ༔ དེས་སྐྱེ་བ་འདི་ལ་གཞན་དོན་རྒྱ་ཆེན་པོ་འབྱུང་བའང་པདྨ་ཀཱ་ར་བཞིན་ཏེ༔ དེ་ཉིད་ལས༔ དེ་ཡི་ཐུགས་རྗེའི་ཆ་ཙམ་ལས༔ གཞན་དོན་དཔག་མེད་འབྱུང་བའོ༔ ཞེས་སོ༔ འཇའ་ལུས་ཆེན་པོ་དེར་རྟགས་མེད་པའང་པུར་སྦྱངས་རྒྱུ་མེད་པའི་ཕྱིར་རོ༔ ཀློང་གསལ་ལས༔ བདེ་ཆེན་བཞི་ཡི་མཐར་ཐུག་ནི༔ ཡང་དག་རྫོགས་པའི་སངས་རྒྱས་དང་༔ མངོན་པར་རྫོགས་པའི་སངས་རྒྱས་གཉིས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ཕུང་པོ་ལྷག་མ་མེད་པར་རྒྱས༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ འོད་དང་སྐུ་དང་སྒྲ་དང་གདུང་༔ ས་གཡོས་ལ་སོགས་འཆི་ལྟས་འབྱུང་༔ མངོན་པར་སྟོན་ཏེ་སངས་རྒྱས་སོ༔ ཞེས་དང་༔ རབ་འབྱམས་ལས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ལྷག་མ་མེད་པར་སངས་རྒྱས་སོ༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ རྟགས་དང་མཚན་མར་སངས་རྒྱའོ༔ ཞེས་སོ༔
གཉིས་པ་ལ་ནི༔ སངས་རྒྱས་ཐོབ་པའི་ཁྱད་པར་གྱི་རྟགས༔ སྐྱེ་བ་བརྒྱུད་པའི་རིགས་ཅན་གྱི་རྟགས་སོ༔ དང་པོ་ལ་མདོར་བསྟན་པ་དང་༔ དེ་ཉིད་རྣམ་པར་འགྲོལ་བའི་སྒོ་ནས་བཤད་པ༔ དེ་དག་གི་མཇུག་སྡུད་པའོ༔
དང་པོ་ནི༔ རང་ཤར་དང་བསྟན་བུ་དག་ལས༔ མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་སྐུ་འོང་ངོ་༔ ཞེས་དང་༔ རབ་འབྱམས་ལས༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ སྐུ་དང་གདུང་དང་འཇའ་དང་འོད༔ མངོན་སུམ་གསལ་ན་རྒྱས་པའོ༔ ཞེས་གསུངས་པ་ལྟར་རོ༔
གཉིས་པ་ལ་སྐུ་གསུང་ཐུགས་གསུམ་ཆར་ཐོབ་པའི་རྟགས་ཀྱི་རིམ་པ་བཞིས་ངེས་པའོ༔ དེ་ཡང་བར་དོའི་རྒྱུད་ལས༔ སྐུ་གདུང་རིང་བསྲེལ་རྣམ་ལྔ་འབྱུང་༔ ཕྱག་རྒྱ་ཐོབ་པའི་སྐུ་གཟུགས་འབྱུང་༔ གསུང་ཉིད་ཐོབ་པས་སྒྲ་འོད་འབྱུང་༔ ཐུགས་ནི་ཐོབ་པས་འཇའ་འོད་འབྱུང་༔ གསང་སྔགས་འབྲས་བུ་ཐོབ་པའི་རྟགས༔ འབྲས་བུ་ཐོབ་པའི་རྣལ་འབྱོར་བས༔ ཡེ་ཤེས་ཡོན་ཏན་མ་འགགས་པའི༔ འབྲས་བུ་ཐམས་ཅད་ཐོབ་པའི་རྟགས༔ སྐུ་གཟུགས་ཁ་དོག་ཅིར་ཡང་སྣང་༔ ཆེ་ཆུང་མཐེ་བོང་ཙམ་དུ་འབྱུང་༔ འཇའ་དང་འོད་དང་ཁུ་རླུངས་འབྱུང་༔ སྒྲ་དང་སྐར་མདའ་ན་བུན་འབྱུང་༔ ཞེས་སོ༔
དེ་ལས་དང་པོ་སྐུ་ཐོབ་པའི་རྟགས་ལ་སྐུ་གདུང་རིང་བསྲེལ་གསུམ་འབྱུང་བར༔ བཏགས་གྲོལ་ལས༔ རིགས་ལྔའི་གདུང་དང་སྐུ་ཡང་སྟེ༔ དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ༔ ཞེས་པས་དང་པོ་ནི༔ སྐུ་དེ་ཡང་རིགས་ལྔའི་གང་ལ་བརྟན་པ་ཐོབ་པའི་རྟགས་སུ་དེ་དང་དེའི་རིགས་ཀྱིས་བསྡུས་པའི་ཕྱག་རྒྱར་འབྱུང་བ་དང་༔ དེ་ལའང་ཞི་བ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བསམ་གཏན་གྱི་ཞག་ལྔ་ལ་སངས་རྒྱས་ཏེ་སྤྲུལ་པ་འབྱིན་ལོང་མེད་དོ༔ ཁྲོ་བོར་བྱུང་ན་སྐད་ཅིག་མ་བདུན་ན་སངས་རྒྱས་ནས་རང་སྣང་གི་འཁོར་སྒོ་ལ་ཐུགས་རྗེའི་སྤྲུལ་པ་འབྱིན་པའོ༔ སྐུ་གཉིས་ཀ་དུས་མཉམ་པར་བྱུང་ན་བར་དོ་མེད་པར་སངས་རྒྱས་པའི་རྟགས་ཡིན་ཏེ༔ བསྟན་བུ་ལས༔ སྐུ་ལ་གཉིས་ཏེ་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགག་པ་དང་སངས་རྒྱའོ༔ ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ན་འདི་སྐད་ཅིག་ལ་དགོངས་པའོ། །སངས་རྒྱའོ༔ ཞེས་སོ༔ དེ་ཡང་ཞིབ་པར་ན་བསམ་གཏན་གྱི་ཞག་ལྔ་ནི་སྐད་ཅིག་དང་མ་འབྲེལ་པར་ལས་དང་པོའི་གནས་ཚད་ཀྱིས་བཤད༔ སྐད་ཅིག་ནི་བྱ་རྫོགས་ཡིན་པས་རིང་ཐུང་ཅི་རིགས་སུ་ཡོད་པས་འབྲིང་ཚད་དང་༔ བར་དོ་མེད་པ་ནི་ཞག་ཙམ་ཡང་མེད་པར་སངས་རྒྱས་པ་ཡིན་པས་ནི་མི་འགྲིགས་པ་གསལ་ལོ༔ དེ་ཡང་སྐུ་གདུང་འབར་བ་ལས༔ གལ་ཏེ་གཉིས་ཀ་བྱུང་བ་ན༔ འདི་ནི་བར་དོ་མེད་པར་ཡང་༔ ངོ་བོ་ཀ་དག་ཆེན་པོ་ལ༔ གདེང་དང་ལྡན་པར་འདི་འགྱུར་རོ༔ ཞི་བའི་སྐུ་ཡི་རྟགས་བྱུང་ན༔ ཞག་ནི་ལྔ་ན་བདེན་མཐོང་སྟེ༔ དེ་ཡང་སངས་རྒྱས་ཉིད་དུ་ཐིམ༔ གལ་ཏེ་ཁྲོ་བོའི་སྐུ་བྱུང་ན༔ འདི་ནི་ཆོས་ཉིད་བར་དོ་ལ༔ སྐད་ཅིག་ཉིད་ནི་ཆ་ལྔ་ལ༔ གྲོལ་བར་འགྱུར་རོ་མཁའ་འགྲོ་མ༔ ཞེས་དང་༔ རང་ཤར་ལས༔ སྐུ་ལའང་གཉིས་ལས་ཞི་བའི་སྐུ་དང་ཁྲོ་བོའི་སྐུའོ༔ ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ༔ ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་ཏེ་ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་སྐུ་འབྱིན་ནུས་སོ༔ ཞེས་སོ༔
གཉིས་པ་གདུང་ལ༔ རིགས༔ རྟེན༔ དབྱེ་བ༔ དབྱིབས༔ རྒྱུ༔ མཚན་ཉིད༔ ཚད༔ ཁ་དོག༔ ཡུལ༔ འབྲས་བུ་དང་བཅུ་ལས༔
དང་པོ་ནི༔ དཀྱིལ་འཁོར་ཐམས་ཅད་རིགས་བརྒྱར་འདུས་ཤིང་༔ དེ་ཉིད་རིགས་ལྔ་དང་རིགས་གཅིག་ཏུ་ལྷུན་གྱིས་གྲུབ་པའི་ཕྱིར་གང་དུ་བརྟན་པ་ཐོབ་པའི་རྟགས་སུ་དེའི་རིགས་ཅན་གྱི་གདུང་དང་༔ རིགས་གཅིག་རྡོ་རྗེ་འཆང་གི་གདུང་འབྱུང་བ་ཡིན་ཏེ༔ དེའི་ཁྱད་པར་ཡང་༔ སྐུ་གདུང་འབར་བ་ལས༔ གདུང་དང་རིང་བསྲེལ་ཀྱི་སྒྲ་དོན་ཡིན་ནམ་ཤ་རཱི་རམ་ནི་བདེ་གཤེགས་གདུང་༔ དེ་བཞིན་བ་རཱི་རམ་ཞེས་ནི༔ རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ༔ ཆུ་རཱི་རམ་ནི་རིན་པོ་ཆེ༔ བསེ་རུ་རམ་ནི་པདྨའོ༔ དེ་བཞིན་ཉ་རཱི་རམ་ཞེས་བྱ༔ ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ༔ ཞེས་དང་༔ རང་ཤར་ལས༔ དེ་ཡང་རིགས་བསྟན་འདི་ལྟ་སྟེ༔ རྡོ་རྗེའི་རིགས་དང་པདྨའི་གདུང་༔ རིན་ཆེན་གདུང་དང་ལས་ཀྱི་གདུང་༔ དེ་བཞིན་གཤེགས་པའི་གདུང་དུ་བཤད༔ ཅེས་སོ༔
གཉིས་པ་རྟེན་ནི༔ གང་གི་ཕྱིར་བཞག་ན་ཐབས་ལྡན་མྱ་ངན་ལས་འདས་པའི་དུས་སུ་གཞན་ལམ་ལ་སྤྲོ་བ་འདྲེན་པ་དང་༔ དད་པས་ཕྱག་མཆོད་ཀྱི་ཡུལ་དུ་སྐུའི་ཚབ་མ་དང་༔ སྐུ་འབྱུང་ལྔའི་གདོས་པ་ལས་གྲོལ་བའི་རྟགས་སུ་རྟེན་བཞག་པའོ༔ གང་ལས་བཞག་ན་ཤ་ཁྲག་རུས་པ་ཡན་ལག་དང་༔ སྤྱིའི་རྟེན་དུ་བཞག་པ་སྟེ༔ རང་ཤར་ལས༔ ང་ནི་མྱ་ངན་འདས་འོག་ཏུ༔ སྐུ་ཡི་རྟེན་དུ་གདུང་བཞག་ཅིང་༔ འགྲོ་བའི་མོས་པ་བསྐྱེད་པའི་ཕྱིར༔ ང་ཡི་ཕུང་པོའི་རྟེན་རྣམས་སུ༔ གདུང་གི་རིགས་ཆེན་འདི་བཞག་གོ༔ ཤ་ཡི་རྟེན་དུ་ཤ་རཱི་རམ༔ ཡང་དག་ཉིད་དུ་བཞག་པའོ༔ ཁྲག་གི་རྟེན་དུ་ཆུ་རཱི་རམ༔ སྲ་མཁྲེགས་རྡོ་རྗེའི་རྟེན་དུ་བཞག༔ རུས་པའི་རྟེན་དུ་བ་རཱི་རམ༔ རྒྱལ་བ་ཉིད་ཀྱི་ཚབ་དུ་བཞག༔ ཡན་ལག་རྟེན་དུ་ཉ་རཱི་རམ༔ ཤིན་ཏུ་སྤྲས་ཏེ་བཞག་པའོ༔ རིང་བསྲེལ་ང་ཡི་རྒྱན་དུ་བཞག༔ སྐུ་ནི་ང་ཡི་ཚབ་དུ་བཞག༔ གསང་སྔགས་འབྲས་བུ་བཅུད་ཕྱུང་བ༔ རྒྱལ་བ་ཀུན་གྱི་ཚབ་མར་བཞག༔ ཅེས་སོ༔
གསུམ་པ་དབྱེ་བ་ནི་ལྔ་ཡོད་དེ༔ འབྲས་ཆོས་ལྔའི་རྟགས་སུ་བྱུང་བ་ལས་སོ༔ བཏགས་གྲོལ་ལས༔ ཤ་རཱི་རམ་དང་ཆུ་རཱི་རམ༔ བ་རཱི་རམ་དང་ཉ་རཱི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང༔ ཞེས་དང་༔ རང་ཤར་ལས༔ གདུང་ལ་རྣམ་པ་ལྔ་བསྟན་ཏེ༔ ཞེས་སོ༔
བཞི་བ་དབྱིབས་ནི༔ གསང་སྔགས་ཤིན་ཏུ་རྣལ་འབྱོར་གྱི་དོན་ལ་གོམས་པས་སྦུབས་གསུམ་གཅིག་ཏུ་དྲིལ་བའི་ཐིག་ལེ་ཉག་གཅིག་ཆོས་སྐུའི་འབྲས་བུ་ཐོབ་པའི་རྟགས་སུ་ཟླུམ་པོར་ཡོད་པའང་༔ དེ་ཉིད་ལས༔ དེ་ཡང་བསྟན་པ་འདི་ལྟར་ཡིན༔ སྲ་མཁྲེགས་རྡོ་རྗེ་འཇིག་པ་ཀུན་དང་བྲལ༔ གསང་སྔགས་འབྲས་བུ་གཅིག་ཏུ་དྲིལ་བའི་རྟགས༔ དབྱིབས་ཟླུམ་ཁ་དོག་སྣ་ཚོགས་འོད་ཟེར་འཕྲོ༔ ཞེས་སོ༔
ལྔ་བ་རྒྱུ་ནི༔ ཤ་ཁྲག་རུས་པ་ཡན་ལག་དང་༔ འབྱུང་བ་ལྔ་ལ་རྟེན་དུ་བྱུང་༔ ཞེས་པ་འབྱུང་བ་ལྔའི་དྭངས་མ་རུ་བྱུང་བའོ༔
དྲུག་པ་མཚན་ཉིད་ནི༔ འབྱུང་བས་མི་འཇིག་པ་སྟེ༔ སྐུ་གདུང་འབར་བ་ལས༔ གདུང་ནི་སུས་ཀྱང་འཇིག་མི་ནུས༔ སྲ་མཁྲེགས་འཇིག་པ་ཀུན་བྲལ་བས༔ འདི་ཀུན་འཇིག་མེད་སངས་རྒྱས་ཐོབ༔ ཅེས་སོ༔
བདུན་པ་ཚད་ནི༔ ཤ་རཱི་རམ་ནི་སྲན་མ་ཙམ༔ བ་རཱི་རམ་ལ་སྲན་ཆུང་དང་༔ ཉུང་འབྲུའི་ཚད་ཀྱི་རྩང་ཞིབ༔ ཆུ་རཱི་ཉ་རཱི་པཉྩ་རྣམས་ལ་བྱ་མོའི་སྒོ་ང་ཙམ་ནས་ཏིལ་འབྲུ་ཡན་ཆད་ཀྱི་ཚད་དུ་ཡོད་དོ༔ རང་ཤར་ལས༔ ཆེ་བའི་ཚད་ནི་སྲན་འབྲུ་དང་༔ ཆུང་བའི་ཚད་ནི་ཡུངས་འབྲུ་དང་༔ ཏིལ་འབྲུ་ཙམ་དུ་རྒྱལ་བས་བཤད༔ ཅེས་སོ༔
བརྒྱད་པ་ཁ་དོག་ནི༔ ཤ་རཱི་རམ་ནི་དཀར་ལ་དྭངས༔ ཆུ་རཱི་རམ་ནི་སྔོ་ལ་ནག༔ བ་རཱི་རམ་ནི་དཀར་སེར་ལྡན༔ ཉ་རཱི་རམ་ནི་སྨུག་ནག་སྟེ༔ དེ་བཞིན་ཁ་དོག་དབྱེ་བའོ༔ ཞེས་དང་༔ བཏགས་གྲོལ་ལས༔ པཉྩ་རམ་ནི་ལྔ་ལྡན་གདུང་༔ ཞེས་སོ༔ དེ་ཡང་པཉྩ་རམ་ནི་འབྱུང་བ་འདུས་པའི་སྙིང་པོའོ༔
དགུ་པ་ཡུལ་ནི༔ དེ་ཉིད་ལས༔ ཤ་རཱི་རམ་ནི་མགོ་ལས་བྱུང་༔ ཆུ་རཱི་རམ་ནི་ཁྲག་ལས་བྱུང་༔ བ་རཱི་རམ་ནི་ཚིགས་ལས་བྱུང་༔ ཉ་རཱི་རམ་ནི་རྐང་ལས་བྱུང་ཞེས་སོ༔
བཅུ་པ་ནི༔ ཤ་རཱི་རམ་ནི་སྐྱེ་བ་མེད་པ་དབྱིངས་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པའི་རྟགས༔ ཆུ་རཱི་རམ་ཆོས་སྐུ༔ བ་རཱི་ལོངས་སྐུ༔ ཉ་རཱི་སྤྲུལ་སྐུ༔ བསེ་རཱི་རམ་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་མངོན་པར་བྱང་ཆུབ་ཐོབ་པའི་རྟགས་སུ་བྱོན་པ་སྟེ༔ དེ་ཉིད་ལས༔ ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ༔ ཆུ་རཱི་རམ་གྱིས་ཆོས་སྐུ་ཐོབ༔ བ་རཱི་རམ་གྱིས་ལོངས་སྐུ་ཐོབ༔ ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ༔ དེ་ནི་འབྲས་བུའི་ཚད་དུ་བསྟན༔ ཞེས་དང་༔ བཏགས་གྲོལ་ལས༔ པཉྩ་རམ་གྱིས་སྐུ་ལྔ་ཐོབ༔ ཅེས་དང༔ བསྟན་བུ་ལས༔ གདུང་དཀར་པོ་བྱུང་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ སེར་པོ་བྱུང་ན་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་དམར་པོ་བྱུང་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་ལྗང་ཁུ་བྱུང་ན་དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་མཐིང་ཀ་བྱུང་ན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་རྒྱ་བ་ཡིན་ནོ༔ ཞེས་སོ༔
གསུམ་པ་རིང་བསྲེལ་ནི༔ གདུང་དང་དབྱིབས་སོགས་འདྲ་བ་ལ་ཏིལ་འབྲུ་ཙམ་པ་འབྱུང་བས་འཇིག་པའོ༔ འདི་ནི་སྐུ་རྟེན་ཡིན་ཀྱང་རང་བཞིན་སྤྲུལ་སྐུར་དབུགས་འབྱིན་པའི་རྟགས་ཙམ་ལས་སངས་རྒྱས་ཐོབ་པའི་རྟགས་ངེས་པར་འདི་གཅིག་པུས་མ་ངེས་སོ༔ སྐུ་གདུང་ལས༔ འདི་ཡང་དེ་དང་འདྲ་བ་ཡིས༔ རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ༔ ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ༔ འདི་ནི་སྤྲུལ་སྐུའི་ཞིང་ཁམས་སུའོ༔ ཞེས་སོ༔ དེ་དག་ཀྱང་རང་ཤར་ལས༔ ཐབས་ལྡན་མྱ་ངན་འདས་པ་སྟེ༔ སྐུ་དང་གདུང་དང་རིང་བསྲེལ་དང་༔ དཔག་ཏུ་མེད་པའི་རྟགས་འབྱུང་ངོ་༔ དེ་ནི་སྐུ་ཡི་རྟེན་དུ་བྱུང་བའོ༔ ཞེས་དང་༔ སྐུ་དང་གདུང་དང་རིང་བསྲེལ་གསུམ༔ རྣམ་གསུམ་ང་ཡིས་སྐུ་རྟེན་བཞག༔ ཅེས་སོ༔
གཉིས་པ་གསུང་གི་རྟགས་ལ་འོད་དང་སྒྲ་མེ་པྲ་གསུམ༔ དང་པོ་ནི༔ འོད་གྱེན་བསྒྲེངས་སུ་སྐས་ཀྱི་ཚུལ་དུ་བྱུང་ན་ཞག་བདུན་མངོན་པར་རྫོགས་པར་འཚང་རྒྱའོ༔ འོད་ཁྱིམ་གྱི་ཚུལ་དུ་བྱུང་བ་ནི་ཞག་ལྔ་ན་མངོན་པར་རྫོགས་པར་འཚང་རྒྱའོ༔ འོད་རྩིབ་ཤར་དུ་བྱུང་བ་ན་བར་དོ་ཐ་མ་ལ་མངོན་པར་རྫོགས་པར་སངས་རྒྱའོ༔ བསྟན་བུ་ལས༔ འོད་གྱེན་ལ་བསྒྲེངས་ནས་སྐས་ཀྱི་ཚུལ་དུ་བྱུང་ན་དབུགས་ཆད་པ་དང་སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ༔ ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན་ཞག་ལྔ་ན་བརྟན་པ་ཐོབ་ནས་སངས་མི་རྒྱ་བར་དབུགས་ཆད་པ་དང་སངས་རྒྱའོ༔ ཞེས་དང་༔ སྐུ་གདུང་ལས༔ འོད་ནི་རྩིབས་སུ་སྣང་གྱུར་ན༔ འདི་ནི་བར་དོ་ཐ་མ་ལ༔ མངོན་པར་བྱང་ཆུབ་ཉིད་བརྙེས་སོ༔ ཞེས་སོ༔
གཉིས་པ་ལ་ཕྱོགས་ཀྱི་ཁྱད་པར་ལས་རིགས་གང་དུ་འབྲས་བུ་ཐོབ་པ་དང་༔ སྒྲས་ཁྱད་པར་གྱིས་ཞི་ཁྲོ་གང་ལ་བརྟན་པ་དང་འབྲས་བུ་ཐོབ་བའི་དུས་ཚད་བཟུང་བའི་དབྱེ་བ་གཉིས་སོ༔
དང་པོ་ནི༔ ཤར་ནས་རྡོ་རྗེ༔ ལྷོར་རིན་ཆེན༔ ནུབ་ཏུ་པདྨ༔ བྱང་ནས་ལས་རིགས༔ དབུས་ཕྱོགས་སུ་སངས་རྒྱས་རིགས་ལ་བརྟན་པ་ཐོབ་པར༔ སྐུ་གདུང་ལས༔ ཤར་གྱི་ཕྱོག་སུ་ཉེ་བའི་སར༔ སྒྲ་ནི་རབ་ཏུ་གྲགས་གྱུར་ན༔ འདི་ནི་རྡོ་རྗེའི་རིགས་སུ་འགྱུར༔ དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་༔ སྒྲས་ནི་རིན་ཆེན་རིགས་སུ་སྣང༔ ནུབ་ཏུ་པདྨ་དེ་བཞིན་ནོ༔ བྱང་དུ་ལས་ཀྱི་རིགས་སུ་འགྱུར༔ དེ་བཞིན་སྟེང་དུ་དེ་བཞིན་རིགས༔ ཞེས་སོ༔
གཉིས་པ་ལ་གཉིས་ལས་དང་པོ་ནི༔ སྒྲ་འུར་ཞིང་རྒྱུན་རིང་བ་ནི་ཞི་བའི་བར་དོ་ལ་གྲོལ་བ་ཐོབ་བའི་རྟགས་དང་༔ སྒྲ་འཐུག་བརྩེགས་སུ་བྱུང་ན་ཞི་བ་རང་ངོ་མ་ཤེས་པར་ཕྱིར་འཁྱར་ཀྱང་ཁྲོ་བོའི་བར་དོ་ལ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའི་རྟགས་ཡིན་པར་སྐུ་གདུང་ལས༔ སྒྲ་ཡི་རང་བཞིན་འདི་ལྟ་སྟེ༔ འུར་ཞིང་འཐུག་པ་བརྩེགས་མ་དང་༔ རྒྱུན་རིང་འཇམ་དལ་རིང་བའི་སྒྲ༔ ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ༔ འདིས་ནི་ལོངས་སྤྱོད་རྫོགས་པ་ཡི༔ སྐུ་ཡི་འབྲས་བུ་ཐོབ་པའོ༔ ཞེས་སོ༔ གཉིས་པ་ནི༔ སྒྲ་དེ་ཡང་གྲགས་པའི་ཁྱད་པར་གྱིས་གྲོལ་ལ་སྔ་ཕྱི་དབང་པོ་རབ་འབྲིང་ཉི་ཤུ་རྩ་གཅིག་གི་རིམ་པའི་གྲོལ་ཚུལ་ཡོད་པས་ན༔ བསྟན་བུ་ལས༔ སྒྲ་ལ་གཉིས་ཏེ་འུར་ཟེར་ན་ཞག་ལྔ་ན་སངས་རྒྱའོ༔ སྒྲ་འཐུག་ཟེར་ན་ཞག་བདུན་ནས་སངས་རྒྱའོ༔ ཞེས་སོ༔
གསུམ་པ་མེ་པྲ་ལ་རིགས་གང་ལ་གཏོགས་པའི་ཕྱག་མཚན་གྱི་རྣམ་པའི་མེ་ལྕེ་དང་ཁ་དོག་གི་ཁྱད་པར་འབྱུང་བར་གསུངས༔ དུད་པ་གྱེན་བསྒྲེངས་དང་༔ གཡས་འཁྱིལ་སོགས་ཕྱིར་མི་ལྡོག་པའི་གྲོལ་རྟགས་སོ༔ བཏགས་གྲོལ་ལས༔ འོད་ཟེར་མེ་འོད་དུ་བའི་རྟགས༔ རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ ཞེས་སོ༔ དེ་ལྟར་གསུང་ཐོབ་པའི་རྟགས་དེ་དག་ཀྱང་དེ་ཉིད་ལས༔ གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔ ཞེས་སོ༔
གསུམ་པ་ཐུགས་ཐོབ་པའི་རྟགས་ནི༔ ནམ་མཁའ་སྤྲིན་བྲལ་དྭངས་བ་ནི༔ རྟགས་གཞན་ཀུན་དང་འཛོམ་ན་ཀ་དག་གི་དབྱིངས་སུ་མྱ་ངན་ལས་འདས་པའི་རྟགས་ཡིན་པར༔ དེ་ཉིད་ལས༔ འཇའ་འོད་ནམ་མཁའ་དྭངས་གསལ་བ༔ ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ༔ ཞེས་སོ༔
བཞི་བ་གསུམ་ཆར་ཐོབ་པའི་རྟགས་སུ་ནི་སྐུ་གདུང་མེ་འོད༔ ཐུགས་ཐོབ་པའི་རྟགས་ཐམས་ཅད་ཅིག་ཆར་དུ་འབྱུང་བའོ༔ བར་དོའི་རྒྱུད་ལས༔ འབྲས་བུ་ཐམས་ཅད་ཐོབ་པའི་རྟགས༔ སྐུ་གཟུགས་ཁ་དོག་ཅིར་ཡང་སྣང་༔ ཞེས་སོགས་སྔར་དྲངས་པ་ལྟར་རོ༔
དོན་གསུམ་པ་དེ་དག་གི་མཇུག་བསྡུ་བ་ནི༔ ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་དུ་ཁ་དོག་སྣ་ཚོགས་འབར་བའི་འོད་དུ་སྣང་ཞིང་༔ ཤེས་བྱའི་སྒྲིབ་པ་སྤངས་བའི་ཡོན་ཏན་དུ་གདུང་དང་རིང་བསྲེལ་འབྱུང་བ་ཡིན་པས་ན༔ འདི་དག་ནི་སྤངས་བ་ཕུན་སུམ་ཚོགས་པ་མཐར་ཕྱིན་པའི་རྟགས་སུ་ཤར་བའང་༔ བར་དོའི་རྒྱུད་ལས༔ ཉོན་མོངས་སྒྲིབ་པ་དག་པའི་རྟགས༔ ཁ་དོག་དཀར་པོའི་འོད་ཉིད་འབྱུང་༔ ཤེས་བྱའི་སྒྲིབ་པ་དག་པའི་རྟགས༔ ཤ་རཱི་རམ་དང་ཉ་རཱི་རམ༔ གདུང་ནི་རྒུན་འབྲུམ་ཚད་ཙམ་འབྱུང་༔ ཞེས་སོ༔ ཡང་རྟོགས་པ་ཕུན་ཚོགས་འབྲས་བུ་ཐོབ་པའི་རྟགས་ནི་སྔར་བཤད་ཀྱང་སྐུ་གསུམ་ལམ་དུ་སྣང་བའི་སྒྲོན་མ་མེ་ཏོག་གི་རྒྱུད་ལ་གོམས་པའི་རྟགས་ལ་སྦྱར་ན༔ དབྱིངས་ལ་གོམས་པ་མཐར་ཐུག་བའི་གྲོལ་ཚད་དུ༔ འོད་སྣང་བ་དང་༔ ཐིག་ལེ་ལ་རིང་བསྲེལ༔ རླུང་ལས་སྒྲ༔ རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པའི་སྐུ་འབྱུང་བ་ནི༔ རྟགས་ཡིག་ལས༔ འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན༔ ཐིག་ལེའི་ཚད་ནི་གདུང་དུ་སྣང་བ་ཡིན༔ རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ༔ དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན༔ སྐུ་ཡི་ཚད་ནི་ཕྱི་ནང་དེ་བཞིན་སྐུ༔ འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན༔ ཞེས་སོ༔
གཉིས་པ་སྐྱེ་བ་བརྒྱུད་པ་རིགས་ཅན་གྱི་རྟགས་ནི༔ དབུགས་དང་བྲལ་མ་ཐག་ཏུ་ས་གཡོས་ན་ཉན་ཐོས་ཀྱི་ས་ཐོབ༔ ཞག་གསུམ་ནས་ས་གཡོས་ན་རང་རྒྱལ་གྱི་ས་ཐོབ༔ ཞག་དྲུག་ནས་ས་གཡོས་ན་བྱང་སེམས་ཀྱི་ས་ཐོབ༔ ཞག་དགུ་ནས་ས་གཡོས་ན་རིག་འཛིན་གྱི་ས་ཐོབ་པ་ཙམ་ལས་སངས་རྒྱས་དངོས་ཀྱི་འབྲས་བུ་ཐོབ་པའི་སྐལ་བ་མེད་དོ༔ འོན་ཀྱང་རྟགས་གཞན་དང་ལྡན་ན་ནི་དེར་མ་ངེས་ཏེ༔ སྔོན་སངས་རྒྱས་ཀྱི་ཆོ་འཕྲུལ་དང་༔ ཡང་དག་སངས་རྒྱས་ལ་འོད་དང་༔ སྒྲ་དང་ས་གཡོ་སྐུ་གདུང་རིང་བསྲེལ་འབྱུང་བ་བཞིན་ནོ༔ སྐུ་གདུང་འབར་བ་ལས༔ ས་ནི་གཡོ་བའི་སྐལ་ལྡན་ལ༔ སངས་རྒྱས་འབྲས་བུ་མི་སྣང་སྟེ༔ དེ་བཞིན་ས་དང་ལམ་རྣམས་ལ༔ ཡུན་དུ་སྦྱོང་ཞིང་གནས་པའོ༔ ཞེས་སོ༔
གཉིས་པ་རྣམ་པར་ཞི་བ་བརྙེས་ཚུལ་ལ༔ ཐབས་གང་གིས༔ ཚུལ་ཇི་ལྟར༔ འབྲས་བུ་གང་བརྙེས་པའོ༔
དང་པོ་ནི༔ སྔར་བཤད་པ་ལྟར་ཐབས་ཤེས་བསྐྱེད་རྫོགས་སྒྱུ་འོད་སྣང་སྟོང་གི་ཆ་ཐམས་ཅད་སྐུ་གཉིས་ཡེ་ཤེས་ཕྲིན་ལས་དང་བཅས་པའི་བྲལ་དག་གི་རྒྱུ་ཡིན་ཀྱང༔ འདིར་ཆོས་ཉིད་མངོན་སུམ་གྱི་ལམ་འོད་གསལ་ཐོད་རྒལ་ཆེན་པོའི་སྐུ་གསུམ་ལུགས་ལྡོག་དུ་གོམས་པ་ཉིད་ལས་དཔག་ཆེན་གྱི་མདའ་འཕངས་པ་ལྟར་འཁོར་བ་ལ་ཕྱིར་མི་ལྡོག་པའི་ཞི་བ་བརྙེས་པའང་༔ རབ་འབྱམས་ལས༔ མངོན་སུམ་གནད་ལ་གང་གོམས་པ༔ འདི་ནི་སྐྱེས་བུ་མདའ་འཕངས་བཞིན༔ ཚུར་ལ་ལྡོག་པར་ག་ལ་འགྱུར༔ ཞེས་སོ༔
གཉིས་པ་ཚུལ་ཇི་ལྟར་ཞི་བ་བརྙེས་པའི་རྡོ་རྗེའི་གནས་ལ༔ རྩ་བ་དོན་གྱི་འབྲེལ་དགོད་པ༔ ཡན་ལག་འགྲེལ་བའི་སྒོ་ནས་བཤད༔ དོན་གྱི་མཇུག་བསྡུ་བ་དང་གསུམ་ལས༔
དང་པོ་ནི༔ ལྟ་བས་རྟོགས༔ བསྒོམ་པས་ཉམས་སུ་བླངས་བས༔ འབྲས་བུ་མངོན་དུ་གྱུར་པ་དེ་ཡང་སྒྲིབ་བྱེད་ཀྱི་དྲི་མ་བག་ཆགས་དང་བཅས་པ་དབྱིངས་སུ་སངས་བ་ན༔ རང་ལ་ཡེ་ནས་ལྷུན་གྱིས་གྲུབ་པའི་རིགས་ཁམས་ཡང་དག་པར་གསལ་བ་ལ་བྱ་སྟེ༔ དེ་ཡང་དཔེར་ན་སྤྲིན་དེངས་བས་ཉི་མཁའ་མཐོང་བ་ལྟ་བུ་སྟེ༔ རྒྱུད་བླ་མ་ལས༔ རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དེ་མཁའ་བཞིན་གློ་བུར་གྱིས༔ ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ལས་ནི་བྲལ་གྱུར་བ༔ དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད༔ དེ་ནི་ཆོས་ལ་མི་རྟོག་ཡེ་ཤེས་དག་ལ་བརྟེན་ནས་ཐོབ༔ ཅེས་སོ༔ དེ་ཡང་དྲི་མ་རང་མཚན་པ་ཡོད་ནས་བྲལ་བ་ནི་མིན་ཏེ༔ དཔེར་ན་ནམ་མཁའི་ངོ་བོ་ན་སྤྲིན་ཡང་དག་པར་ཡོད་པ་མིན་ཀྱང་གློ་བུར་དུ་བྱུང་བ་དང་༔ ནམ་མཁའི་གཤིས་ལ་ཞུགས་པ་མེད་པས་འབྲལ་བར་རུང་བ་དང་༔ ཅུང་ཟད་ཀྱང་ནམ་མཁའ་ལ་བསྒྱུར་བཀོད་མ་བྱས་པ་ལྟར༔ ཆོས་ཉིད་ཀྱི་ངོ་བོ་ལ་མ་གྲུབ་པ་དང་༔ ཆོས་རང་བཞིན་པའི་སྒྲིབ་པ་ཚུགས་ཐུབ་མེད་པ་དང་༔ གློ་བུར་བ་ཡིན་པས་འབྲལ་རུང་བ་དང་༔ ཆོས་ཉིད་ཀྱི་ངོ་བོ་ལ་བཟང་ངན་གྱི་བྱ་བ་ཅི་ཡང་མ་བྱས་པ་ལ༔ རྟོག་པའི་དབང་གིས་རང་གིས་རང་བཅིངས་པ་རྨི་ལམ་ཙམ་དུ་ཟད་དོ༔ དེས་ན་སྐུ་གསུང་ཐུགས་བདེ་བ་ཆེན་པོའི་རྒྱུད་ལས༔ སྒྱུ་མ་རྨི་ལམ་ལ་སོགས་བཞིན༔ བག་ཆགས་གློ་བུར་སྤྲིན་ཚུལ་དུ༔ མེད་ལས་ཡོད་བརྟགས་ཡོད་ནས་མེད༔ ཅེས་དང་༔ རྒྱུད་བླ་མ་ལས༔ དྲི་མ་གློ་བུར་དང་ལྡན་ཞིང་༔ ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར༔ ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན༔ འགྱུར་བ་མེད་པའི་ཆོས་ཉིད་དོ༔ ཞེས་སོ༔
གཉིས་པ་ལ༔ གཅིག་འགགས་པས་ཆོས་ཚུལ་བཞིའི་སྒོ་ནས་སངས་རྒྱས་པ་དང་༔ གཅིག་སྐྱེ་བས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་དང་༔ གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་དེ་ཞི་བ་མྱ་ངན་ལས་འདས་པ་བརྙེས་པའི་ཚུལ་བཤད་པའོ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་ན་གཅིག་འགགས་པས་ལྡོག་ཚུལ་བཞིའི་སྒོ་ནས་སངས་རྒྱས་སོ༔ གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་སོ༔ གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་ནས་ཞི་བ་མྱ་ངན་ལས་འདས་པའོ༔ ཞེས་སོ༔
དང་པོ་ལ་ངོ་བོ་བསྟན་པ་ནི༔ ཡེ་ཤེས་མར་མེ་ལས༔ སངས་རྒྱས་ཀྱི་སྐུ་ངོ་ཤེས་པ་ནི་གཅིག་འགགས་པས་མ་དག་པ་འཁྲུལ་བའི་སྣང་བ་འདི་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་ལྡོག་པ་ཡིན་ནོ༔ འཁོར་བའི་གྲོང་ཁྱེར་འདི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ལྡོག་པ་ཡིན་ནོ༔ ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ལྡོག་པ་ཡིན་ནོ༔ ཤ་ཁྲག་གི་ལུས་རྡོས་པ་ཅན་འདི་འོད་ཀྱི་ལུས་སུ་ལྡོག་པ་ཡིན་ནོ༔ ཞེས་སོ༔
རྣམ་པར་ཕྱེས་ཏེ་བཤད་པ་ནི༔ དེ་ཡང་ལྔར་བཤད་པ་ལྟ་བུའི་འཁོར་བའི་རྩ་བ་མ་རིག་གཉིས་འཛིན་གྱི་དབང་གིས༔ དཔེར་ན་མིག་འཁྲུལ་པའི་རྒྱུ་རྐྱེན་གྱིས་བསླད་པའི་ཟླ་གཉིས་དང་ཐག་སྦྲུལ་དུ་སྣང་ཞེན་འཁྲུལ་བ་འབྱུང་བ་བཞིན༔ ཆོས་དབྱིངས་ཡུལ༔ རིག་པ་སེམས༔ འོད་ལྔ་ལུས་སུ་འཁྲུལ་གཞིར་སོང་བ་ལས༔ ད་གཉེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དབྱིངས་རིག་དབྱེར་མེད་པ་ལ་གོམས་པ་མཐར་ཐུག་པའི་སྟོབས་ལས་ཀུན་འབྱུང་གིས་བསླད་པ་ཞི་བ་དང་༔ མིག་འཁྲུལ་རྐྱེན་བྲལ་བས་སྦྲུལ་སྣང་ལྡོག་སྟེ་ཐག་པ་མཐོང་བ་ལྟར༔ རང་རིག་པའི་ངོ་བོ་དང་རང་རྩལ་རོལ་པའི་སྐུ་དང་ཡེ་ཤེས་ཞིང་དང་གཞལ་ཡས་སུ་རྟོགས་པ་དེ་བཞིན་ཉིད་དུ་རྒྱས་པ་དང་མཉམ་དུ་ཡུལ་ལུས་སེམས་སུ་སྣང་ཞེན་གྱི་འཁྲུལ་པ་ཐམས་ཅད་ནམ་མཁའི་ངང་དུ་སྤྲིན་དེངས་པ་ལ་སོགས་པའི་དཔེས་མཚོན་ཏེ་རང་རྩལ་གཞི་ལ་འདུས་པ་ཞེས་བྱ་སྟེ༔ ལུང་ཡེ་ཤེས་མར་མེ་ལས༔ ཀྱཻ་སངས་རྒྱས་ཐུགས་རྗེ་ཅན༔ སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་པས་གཅིག་འགགས་ཏེ་ལྡོག་ཚུལ་བཞིའི་སྒོ་ནས་སངས་ཇི་ལྟར་རྒྱ་ཞེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག་སངས་རྒྱས་ཀྱི་སྐུ་ངོ་ཤེས་པས་གཅིག་འགགས་པས་མ་དག་འཁྲུལ་བའི་སྣང་བ་འདི་ནི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ལྡོག་པ་ཡིན་ནོ༔ འཁོར་བའི་གྲོང་ཁྱེར་འདི་ནི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ལྡོག་པ་ཡིན་ནོ༔ ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ལྡོག་པ་ཡིན་ནོ༔ ཤ་ཁྲག་གི་ལུས་རྡོས་པ་ཅན་འདི་འོད་ཀྱི་ལུས་སུ་ལྡོག་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་འཁྲུལ་བའི་སྣང་བ་འདི་དག་པའི་སྣང་བར་ཇི་ལྟར་ལྡོག༔ བཀའ་བསྩལ་པ༔ ཀྱཻ་གསང་བའི་བདག་པོ་འཁྲུལ་སྣང་འགགས་པས་དག་སྣང་དུ་འཆར་རོ༔ དག་པའི་སྣང་བ་དེ་ཤར་བ་རང་གི་རིག་པ་ལས་བྱུང་༔ རང་གི་རིག་པའི་ངང་དུ་ཞི་བས་ནམ་མཁའ་ལ་སྤྲིན་ལྟར་དུ་སངས་རྒྱའོ༔ ཞེས་བཀའ་སྩལ་ཏེ༔ ཡང་ཞུས་པ༔ ཀྱཻ་སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་གྲོང་ཁྱེར་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ཇི་ལྟར་ལྡོག་ཅེས་ཞུས་པས༔ བཀའ་བསྩལ་པ༔ ཀྱཻ་གསང་བའི་བདག་པོ་འཁོར་བ་འདི་རང་གི་རིག་པའི་ངང་ལ་ཤར༔ རང་གི་རིག་པའི་ངང་དུ་གྲོལ༔ ཉི་མ་དང་ཟེར་ལྟར་རོ༔ ཞེས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ཇི་ལྟར་ལྡོག་ཅེས་ཞུས་པས༔ བཀའ་བསྩལ་པ༔ ཀྱཻ་རྡོ་རྗེ་འཛིན་པ་ཆེན་པོ་རྣམ་པར་རྟོག་པ་ཐམས་ཅད་རང་གི་རིག་པ་རང་ལ་སྣང་༔ རང་གི་རིག་པ་ལ་ལྡོག་པ་རྒྱ་མཚོ་དང་ཆུ་ཕྲན་ལྟ་བུར་སངས་རྒྱའོ༔ ཞེས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་རང་ངོ་རང་གིས་ཤེས་པས་ཤ་ཁྲག་གི་ལུས་འོད་ཀྱི་ལུས་སུ་ཇི་ལྟར་ལྡོག་ཅིང་གྲོལ་ཞེས་ཞུས་སོ༔ བཀའ་བསྩལ་བ༔ གསང་བའི་བདག་པོ་འོད་ལྔ་རང་ལ་གསལ༔ རང་འོད་ཀྱི་ངང་དུ་དག༔ མན་ཤེལ་དང་སྣང་བ་ལྟ་བུ་ཡིན་ནོ༔ ཞེས་སོ༔
དོན་གཉིས་པ་གཅིག་སྐྱེ་བས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་ལ༔ བཤད་གཞིའི་རྩ་བ་བཞག་པ་དང༔ དེ་ཉིད་རྣམ་པར་བཤད་པའོ༔
དང་པོ་ནི༔ དེ་ལྟར་འཁྲུལ་པའི་སྣང་བ་འགགས་ནས་སྣང་བ་བཞིའི་རིམ་པས་མྱང་འདས་རིག་པའི་དག་སྣང་ཡིན་པས་དེ་ཡུལ་གསལ་དུ་གྱུར་པ་ལ་ཡུལ་ཡེ་ཤེས་སུ་སྐྱེས་པ་ཞེས་བྱའོ། །རིག༵་པའི༵་གནས་ལུགས་སྐུ་གསུམ་གྱི་དག༵་སྣང༵་ཕུན་སུམ་ཚོགས་པ་ལྔ་ལྔར་ལྡན་པའི་རང་བཞིན་མངོ༵ན་དུ༵་གྱུར༵་བ༵་ན༵་ཡུལ་ཡེ་ཤེས་སུ་སྐྱེ་བ་ཞེས་བྱ་སྟེ༔ མ་དག་འཁྲུལ་པ་སངས་རིམ་དང་བསྟུན་ཏེ་མྱ་ངན་ལས་འདས་པའི་འབྲས་བུའི་ངང་རྒྱས་པ་དང་༔ རང་སྣང་ཡེ་ཤེས་ཀྱི་ལམ་དུ་སྐུ་གསུམ་ལུགས་ལྡོག་ཕྱི་གསལ་ནང་དུ་ཐིམ་པའི་མཐར་ཐུག་ནས་ཆོས་སྐུ་རིག་པ་ཀ་དག་གི་གནས་ལུགས་སམ་ཆོས་ཚུལ་ལྔའི་ངང་དུ་བཙན་ས་ཟིན་ཏེ་མི་འགྱུར་བར་ཞི་བ་བརྙེས་པའོ༔ འདིས་ནི་ཞར་ལ་གྲོལ་ས་ཐོག་མའི་ཀ་དག་ཀྱང་བསྟན་པ་ཡིན་ནོ༔ ཡེ་ཤེས་མར་མེའི་ལུང་ལས༔ ཀྱཻ་རྡོ་རྗེ་འཛིན་པ་ཆེན་པོ་གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་ནི་འདི་ལྟ་སྟེ༔ སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུར་སངས་རྒྱས་སོ༔ ཡིད་ལས་འདས་པའི་ཤེས་རབ་ཀྱི་སྐུར་སངས་རྒྱས་སོ༔ ཆོས་ལས་འདས་པའི་སངས་རྒྱས་ཀྱི་སྐུར་སངས་རྒྱས་སོ༔ འབྱུང་བ་ལས་འདས་པའི་རང་གདངས་ཀྱི་སྐུར་སངས་རྒྱའོ༔ ཚིག་ལས་འདས་པའི་རང་སྣང་གི་སྐུར་སངས་རྒྱའོ༔ གཅིག་སྐྱེས་པ་ནི་ཡུལ་ཡེ་ཤེས་སུ་སྐྱེ་བ་ཡིན་ནོ༔ ཆོས་ཚུལ་ལྔ་ནི་ཆོས་སྐུའི་གནས་ལུགས་ལྔ་རུ་གནས་པ་ཡིན་ནོ༔ སངས་རྒྱ་བ་ནི་སྣང་བ་ཐམས་ཅད་རང་གི་རིག་པ་ལ་ཐིམ༔ རིག་པ་ཀ་དག་གི་ས་ལ་རང་ས་ཟིན་ནས་མི་འགྱུར་བ་ཡིན་ནོ༔ ཞེས་སོ༔
གཉིས་པ་དེ་ཉིད་རྣམ་པར་བཤད་པ་ལ་ལྔ་ལས༔ དང་པོ་སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུར་སངས་རྒྱས་པ་ནི༔ གཟུགས་སྐུ་ཕྱི་གསལ་གྱི་སྤྲོས་པ་དབྱིངས་སུ་ཞི་ནས་སྟོང་གསལ་རིག་གསུམ་དབྱེར་མེད་པ་གཞན་སྣང་ཐུགས་རྗེའི་ལམ་གྱི་གཟུགས་སྐུ་ཕྲིན་ལས་དང་བཅས་པའི་འཆར་གཞི་མ་འགགས་པར་བཞུགས་སོ༔ དེ་ཡང་འོད་ཀྱི་ཕུང་པོ་ཞེས་པ་ནི་འགགས་མེད་འོད་གསལ་བའི་ཡེ་ཤེས་ཡིན་པ་དང་༔ ཕྱི་གསལ་གྱི་འཆར་སྒོ་ཡོད་པ་ཙམ་ལ་བཤད་ཀྱི་མཚན་དཔེའི་གཟུགས་སུ་ཡོད་པར་ནི་མིན་ཏེ༔ ཤིན་ཏུ་མི་གཡོ་བ་ཆོས་སྐུའི་གནས་སྐབས་ཡིན་པས་ནའོ༔ དེ་ཡང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ སྐུ་ནི་སྟོང་དང་གསལ་བ་དང༔ མཚན་མ་མེད་པའི་རང་བཞིན་ནོ༔ ཞེས་དང་༔ མཚན་མའི་ཆོས་ལས་གྲོལ་བས་ན༔ རིས་ཅན་གཟུགས་སུ་མ་ཡིན་དང་༔ ཞེས་དང་༔ དེ་ཡང་ངོ་བོ་སྐུར་གནས་པའི༔ ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ༔ མ་ཕྱེད་འབྱེད་པ་མེད་པའི་ཚུལ༔ བབས་ལས་གྲུབ་པ་ཉིད་ཀྱི་ཕྱིར༔ སྐུ་མདོག་ལ་སོགས་བློ་ཡུལ་མེད༔ ཅེས་དང༔ རིན་པོ་ཆེ་སྤུངས་པ་ལས༔ འབྲས་བུ་ཆོས་སྐུ་སྟོང་གསལ་ལ༔ དངོས་པོ་ཟད་པ་ཡ་མཚན་ཆེ༔ ཞེས་པ་དག་དང་འགལ་བའི་ཕྱིར་རོ༔
གཉིས་པ་ཡིད་ལས་འདས་པའི་ཤེས་རབ་ཀྱི་སྐུར་གསལ་བ་ནི༔ སེམས་སེམས་བྱུང་གི་འཇུག་པ་མཐའ་དག་ཆོས་དབྱིངས་སུ་ཞི་ནས་ཁམས་གསུམ་གྱི་རྣམ་པར་རྟོག་པ་ལས་འདས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྗེའི་འཆར་གཞི་གོ་མ་འགགས་པ་ལས་གཟུགས་སྐུ་ཡེ་ཤེས་ཕྲིན་ལས་དང་བཅས་པ་འབྱུང་ཡང་རགས་པའི་ས་ལས་འདས་པའི་ནང་གསལ་ཕྲ་བའི་ཚུལ་དུ་རྟག་ཆད་ཀྱི་མཐའ་གཉིས་རང་སེལ་བའོ༔ སྒྲོན་མ་སྣང་བྱེད་ལས༔ ཡེ་ཤེས་མེད་ན་ཆད་པ་དང་༔ ཁྱད་པར་ཅི་ཡང་ཡོད་མི་འགྱུར༔ རགས་པའི་ཡེ་ཤེས་ཡོད་གྱུར་ན༔ འོན་ཏེ་རྟག་པ་ཉིད་དུ་འགྱུར༔ དེ་ཕྱིར་ཤེས་བྱ་ཉིད་དུ་ནི༔ བརྟེན་ནས་ཡོད་པ་མ་ཡིན་ཏེ༔ ཕྲ་བའི་ཡེ་ཤེས་ཉིད་དུ་གནས༔ ཞེས་དང་ཀློང་དྲུག་ལས༔ ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས༔ བྱ་དང་བྱེད་པ་མེད་པར་ཤར༔ ཞེས་དང་༔ འཇུག་པ་ལས༔ ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ༔ བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་ཀྱི་སྐུ༔ དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད༔ སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛད༔ ཅེས་པ་རྣམས་ཀྱིས་ཆོས་སྐུ་ལ་ཡེ་ཤེས་མེད་པ་དང་༔ སེམས་ཡོད་པ༔ ཡེ་ཤེས་ཕྱིར་གསལ་གྱི་གཟུགས་སྐུ་དང་ཁྱད་འབྱེད་དུ་མཛད་པའོ༔
གསུམ་པ་ཆོས་ལས་འདས་པའི་སངས་རྒྱས་ཀྱི་སྐུར་སངས་རྒྱ་ཚུལ་ནི༔ ཐེག་པ་གཞན་ནས་བྱ་རྩོལ་ཐབས་ཤེས་ཀྱི་ལམ་ལ་གནས་པ་དང་༔ འདིར་རང་གནས་སྐུ་རིག་ཡེ་ཤེས་ལམ་དུ་བྱེད་པའི་ཁྱད་པར་ཀྱང་ཡོད་དེ༔ གོང་དུ་སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་ན་ཞེས་ལུང་ན་གསལ་བའི་ཕྱིར་རོ༔ འོན་ཀྱང་འདིར་ནི་ལམ་བདེན་འདུས་བྱས་ཀྱི་ཆ་ཐམས་ཅད་སྤངས་ཏེ་ཟད་ནས་ཆུ་བོ་བརྒལ་བའི་གཟིང་བཞིན་གྱུར་བས་ན་དང་༔ ཚད་ཕེབས་ཡན་ཆད་དག་ས་གསུམ་དང་འདྲ་བས་ལམ་ལ་འབད་རྩོལ་ཞི་ན་མཐར་ཐུག་གི་གྲོལ་ས་ལ་སྨོས་མ་དགོས་ཏེ༔ གཞི་སྣང་ཐོག་མའི་གྲོལ་ས་སེམས་མེད་སེམས་འགག་པ་དེ་སྐུ་ཡི་མངོན་དུ་མཛད་ཞེས་པའི་དོན་ནོ། །ཡེ་ཤེས་ཀྱི་སྐུས་མངོན་དུ་མཛད་པའི་སྤངས་རྟོགས་མཐར་ཐུག་པའོ༔ དེ་ཡང་སྤྱི་མདོ་ལས༔ ཐབས་སམ་ཐེག་པའི་བྱེ་བྲག་ཀུན༔ བརྟེན་ནས་དྲངས་པའི་ཐབས་ཡིན་ཏེ༔ དོན་གྱི་ངེས་པ་རྙེད་མ་ཐག༔ ཆུ་བོ་བརྒལ་བའི་གྲུ་བཞིན་ནོ༔ ཞེས་དང་༔ ཐལ་འགྱུར་ལས༔ རང་གི་གྲུབ་པའི་མཐའ་ཡང་འཇིག༔ འདི་དུས་བླ་མའི་མན་ངག་ནུབ༔ ལྟ་བསྒོམ་སྤྱོད་པའི་མཐའ་སྟོངས་པས༔ ཆོས་སུ་སྣང་བ་ཡོད་མ་ཡིན༔ ཞེས་སོ༔ ཆོས་སུ་སྣང་བ་ནི་ལམ་དང་གཉེན་པོ་ལ་འཁོར་གསུམ་བདེན་ཞེན་གྱི་དྲི་མ་ཕྲ་མོ་ཙམ་ཡང་མེད་པའི་དོན་གྱི་ཆོས་ལས་འདས་པའི་སངས་རྒྱས་ཞེས་བྱའོ༔
བཞི་པ་འབྱུང་བ་ལས་འདས་པའི་རང་གདངས་ཀྱི་སྐུར་སངས་རྒྱ་བ་ནི༔ འབྱུང་བ་མ་ལ་ཞ་བའི་དོན་དེ་འོད༵་ཀྱི༵་ཕུང༵་པོ༵་ཆེན༵་པོ༵་དང༵་འ༵དུ་འབྲལ༵་མེད༵་པ༵་ནི༔ རང་བཞིན་གསལ་བའི་ཡེ་ཤེས་འོད་ལྔའི་འཆར་གཞི་གོ་མ་འགགས་པ་རིན་ཆེན་གྱི་སྦུབས་ལ་རང་རྫོགས་པའི་ཕྱིར་བཤད་པ་ཡིན་གྱི༔ འོད་ལྔ་རང་མཚན་པས་ཞིང་ཁམས་སོགས་སུ་འགྲེལ་ན་སྦུབས་བར་བ་དང་ཁྱད་པར་མེད་པ་དང་༔ འོན་ཀྱང་ཆོས་ལོངས་ངོ་བོ་བདག་གཅིག་གིས་འབྲེལ་བ་དང་རང་སྣང་དབྱེར་མེད་དུ་འགྲེལ་ནའང་༔ ངོ་བོ་བདག་གཅིག་སྤྲུལ་སྐུ་ལའང་མཚུངས་ཤིང་༔ རང་སྣང་ཙམ་གྱི་སྐུ་ལྔར་དབྱེ་བའི་གྲངས་འཇིག་པའི་ཕྱིར་མི་འཐད་དེ༔ འདིར་ཡང་ཆོས་སྐུའི་གནས་ལུགས་ལྔ་རུ་གནས་པ་ཡིན་ནོ༔ ཞེས་པས་ལོངས་སྐུར་མ་གསུངས་སོ༔ ཐལ་འགྱུར་ལས༔ རང་བཞིན་འཆར་བྱེད་འོད་གྱི་ཚུལ༔ དཀར་དམར་སེར་དང་ལྗང་མཐིང་ནི༔ མཚན་མ་རིས་ཅན་མ་ཡིན་པར༔ རིས་མེད་གསལ་བའི་བབས་ལས་གྲུབ༔ ཅེས་སོ༔
ལྔ་པ་ཚིག་ལས་འདས་པའི་རང་སྣང་གི་སྐུར་སངས་རྒྱ་བ་ནི༔ སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བ་ཡིན་ཏེ༔ དེ་ཡང་དེ་གསུམ་གྱི་བག་ཆགས་མཐའ་དག་ལས་གྲོལ་ནས་སྐུ་གསུང་ཐུགས་ཀྱི་ངོ་བོ་མཐར་ཐུག་པ་གཞི་གནས་ཡེ་ཤེས་གསུམ་ལྡན་ཀློང་དུ་གྱུར་བས་ན་རིག་པ་རང་ས་ཟིན་པ་ལས་མི་འགྱུར་བའོ༔ ཉི་ཟླ་འབར་བའི་རྒྱུད་ལས༔ ཡིད་རིག་སེམས་མེད་དྲན་རྟོག་སངས༔ ངང་དྭངས་ཡེ་ཤེསས་ཉི་ཤར་བས༔ མ་རིག་སྒོ་ངའི་ནང་ནས་ཐོན༔ གཏི་མུག་འཁོར་བའི་མུན་པ་སངས༔ སྲིད་པའི་དྲྭ་བ་འཇོམས་པ་ཡིན༔ འཁྲུལ་སྣང་མ་ལུས་རྩད་ནས་ཆོད༔ གཅིག་ཤེས་ཀུན་གྲོལ་དགོངས་པར་ཤར༔ ངོ་བོ་རང་བཞིན་ཐུགས་རྗེ་ལས༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས༔ དུག་ལྔ་ཉོན་མོངས་རྩད་ནས་ཆོད༔ ཕྱི་རོལ་ནང་དག་འཛིན་པ་བརླག༔ ངང་དྭངས་གསལ་དག་ཐུགས་ལ་གནས༔ ཞེས་དང་༔ རང་ཤར་ལས༔ རིན་པོ་ཆེ་རྡོ་རྗེའི་གདན་ལ་ནི་འགྱུར་བ་མེད་དོ༔ ཞེས་པའོ༔ དེ་དག་ཀྱང་ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ་སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུ་ནི་གཟུགས་སྐུ་ལས་འདས་ནས་ཆོས་སྐུ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འོད་ལྔའི་ཕུང་པོར་བཞུགས་པ་ཡིན་ནོ༔ ཡིད་ལས་འདས་པའི་ཤེས་རབ་ནི་ཡིད་རྟོག་བཅས་ལས་གྲོལ་ཞིང་འདས་ནས་ཤེས་རབ་རྟོག་མེད་ཀྱི་སྐུ་རུ་བཞུགས་པ་ཡིན་ནོ༔ ཆོས་ལས་འདས་པའི་སངས་རྒྱས་ནི་འབད་རྩོལ་དང་བྲལ་ཏེ༔ རང་གི་རིག་པའི་རང་འོད་དེ་ངོ་ཤེས་ནས་སངས་རྒྱས་པ་ཡིན་ནོ༔ འབྱུང་བ་ལས་འདས་པའི་རང་གདངས་ནི་འབྱུང་བ་ལྔའི་མདུད་པ་ལས་གྲོལ་ནས་རང་གི་རིག་པའི་རང་གདངས་འོད་ཀྱི་ཕུང་པོ་ཆེན་པོ་དང་འདུ་འབྲལ་མེད་པར་བཞུགས་པ་ཡིན་ནོ༔ ཚིག་ལས་འདས་པའི་རང་སྣང་ནི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་མཐར་ཕྱིན་ནས་གཟུང་འཛིན་དང་བྲལ་བའི་རིག་པ་རང་གསལ་རྟོག་མེད་དུ་བཞུགས་པ་ཡིན་ནོ༔ ཞེས་སོ༔
དོན་གསུམ་པ་གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་པ་ལ༔ རྡོས་བཅས་ཤ་ཁྲག་གི་ལུས་ཡེ་ཤེས་འོད་དང་༔ དེ་ཉིད་རིན་པོ་ཆེའི་སྦུབས་ལ་གཤེགས་པ་ནི་ལུས་ལས་གྲོལ་བའི་ངོ་བོ་ཡིན་པས༔ དོན་གསལ་ལས༔ ལུས་ལས་གྲོལ་བའི་ངོ་བོ་ནི༔ རིག་པ་དངོས་མེད་རིན་ཆེན་སྦུབས༔ ཞེས་སོ༔ དེའི་དུས་སུ་ཆོས་སྐུའི་སྐུ་གསུམ་སྙིང་པོ་ལྔ་དང་ལྡན་པའི་ཁོང་གསལ་གཞི་རང་བཞིན་གྱི་སངས་རྒྱས་ཉིད༔ གློ་བུར་རྣམ་དག་དུ་ཡུལ་གསལ་རྟོགས་པ་མངོན་གྱུར་ཐོབ་ནས་མྱ་ངན་ལས་འདའ་བའོ༔ ཡེ་ཤེས་མར་མེ་ལས༔ ཀྱཻ་གསང་བའི་བདག་པོ་གཅིག་གནས་པ་ནི་ཤ་ཁྲག་གི་ལུས་འདི་འོད་ཀྱི་ལུས་སུ་གནས་པ་ཡིན་ནོ༔ སྙིང་པོ་ལྔ་ནི་སངས་རྒྱས་ཆོས་ཀྱི་སྐུ་སྟོང་པ་རིག་པའི་སྙིང་པོ་ཅན་དུ་བཞུགས་སོ༔ རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན་དུ་གནས་སོ༔ ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན་དུ་གནས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ༔ ཡེ་ཤེས་འོད་ཀྱི་ལུས་ཅན་དུ་གནས་སོ༔ འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ༔ དེ་ངོ་ཤེས་པས་ཆོག་གོ༔ ཞེས་སོ༔
གསུམ་པ་དོན་གྱི་མཇུག་སྡུད་པ་ནི༔ དེ་ལྟར་ལྡོག་ཚུལ༔ ཆོས་ཚུལ༔ སྙིང་པོ་ལྔ་དང་བཅས་པ་ཀུན་སེམས་དང་སེམས་བྱུང་གི་འཇུག་པ་ཆོས་དབྱིངས་སུ་དང་༔ ཕྱི་གསལ་གཉིས་སྣང་གི་སྦུབས་ཆོས་སྐུར་ཐིམ་ཚུལ་དང་ཐིམ་ནས་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུ་དང་༔ རྟོགས་པ་ཡེ་ཤེས་ཆོས་སྐུའི་ངང་དུ་བཞུགས་ཚུལ་གྱི་གོ་རིམ་ཡིན་ནོ༔ འདིའི་ཐད་ན་དགོངས་པ་མི་འདྲ་བ་མང་སྟེ༔ མ་ཧཱས་ཕུང་པོ་སྐུ་ལྔ༔ ཉོན་མོངས་ཡེ་ཤེས༔ འབྱུང་བ་ཡུམ་ལྔ་ལ་སོགས་པ་ཡིན་ཞེས་བཤད་པ་དང་༔ཨ་ནུས་ནང་ལུས་དཀྱིལ་ཡོད་པར་བཤད་ན༔ དེ་གཉིས་ཕྱོགས་བསྡོམས་ནས་ཕུང་ཁམས་སྐྱེ་མཆེད་ཕྱི་ནང་གསང་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སངས་རྒྱས་པའི་དོན་ལ་བློ་མི་འཇུག་པར༔ རང་ཕྱོགས་སེམས་ཀློང་སོགས་རྫོགས་ཆེན་པ་པ་ཁ་ཅིག་ན་རེ༔ གསང་སྔགས་མཐར་ཐུག་རྫོགས་ཆེན་གྱི་རྒྱུད་ལས་ཞེས་ཆོས་ཅན་དུ་བཟུང་གནས་འགྱུར་དང་༡ཕུང་པོ་སངས་རྒྱས་སུ་༢མི་འདོད་དེ༔ཞེས་དམ་བཅའ་སྔ་ཕྱི་གཉིས་བསྟན༔ དེ་དག་དག་བྱ་ཡིན་པས་ན་ཞེས་རྟགས་སུ་བཀོད༔ མེ་ལོང་དང་གཡའ་བཞིན་ནོ་ཞེས་མཐུན་དཔེ་བསྟན༔ དེ་མིན་ན་དངོས་ལ་གནོད་བྱེད་སྐུ་དང་ཡེ་ཤེས་མི་རྟག་པ་སོགས་སུ་ཐལ་བར་འགྱུར་བ་དང་༔ དག་བྱར་འགྱུར༔ ཕུང་པོ་དང་ཉོན་མོངས་འབྲས་བུར་འགྱུར་བ་ལ་སོགས་སྐྱོན་མང་ཞིང་༔དམ་བཅའ་ཕྱི་མ་ལ་ཡང་སྤྲིན་ཉི་ཟླ་དང་ནམ་མཁའ་གནས་མི་འགྱུར་བ་བཞིན་ནོ་ཟེར་རོ༔ འདི་ལའང་ལུང་ནི་གནས་འགྱུར་དང་ཉོན་མོངས་དག་རྒྱུར་འདོད་པའི་ཕྱོགས་ནས་ཀྱང་མང་ཡང་ཅིག་ཤོས་ན་རེ༔ དེ་འདོད་ན་ལྟར་ན་སྲིད་ཞི་མཉམ་ཉིད་ཀྱི་གནས་ལུགས་མེད་པར་ཐལ་ཏེ་འདོད་པ་དེའི་ཕྱིར། རྟགས་ཁས། ཁྱབ་སྟེ་ལ༔ རྫོགས་ཆེན་ལས༔ འཁོར་བ་ཉིད་ཀྱི་དོན་རྟོགས་ན༔ མྱ་ངན་འདས་པ་གཞན་ཡོད་མིན༔ ཞེས་དང་༔ རང་ཤར་ལས༔ འགྲོ་བའི་ཕུང་པོ་སངས་རྒྱས་ལྔ༔ ཡེ་ནས་ཡིན་པ་སྔར་མ་ཤེས༔ ཞེས་དང༔ བདག་རྟོག་བཅིངས་པའི་ཉོན་མོངས་ལྔ༔ ཡེ་ནས་རིག་པར་རང་ཤར་བ༔ ཡེ་ཤེས་ཡིན་པས་ཞལ་མ་འཚོ༔ ཞེས་པ་ལ་སོགས་པ་གསུངས་པ་དང་༔ སྐུ་རིག་འོད་གསུམ་ལས༔ ཡུལ་ལུས་སེམས་སུ་འཁྲུལ་བར་གསུངས་ནས༔ སྔགས་གཞན་ནས་ཀྱང་འཁོར་བའི་ཆོས་དང་འབྲས་ཆོས་ངོ་བོ་བདག་གཅིག་གིས་འབྲེལ་བར་བཤད་པ་ཐམས་ཅད་ཀྱི་སྤྲིན་ནམ་མཁའ་ཡིན༔ གཡའ་མེ་ལོང་ཡིན་ཟེར་བའི་གྲངས་སུ་འདྲེན་ཨེ་སྤོབས་ཟེར༔ དེ་ལའང་རྫོགས་ཆེན་ཕྱོགས་ནས་ཀྱང་ལུང་ཤིན་ཏུ་མང་བས༔ ད་ཁོ་བོ་ནི་ཕུང་པོ་སྐུ་ལྔ་སོགས་ཡེ་ནས་ཡིན་པ་དུང་དཀར་པོ་ལྟ་བུར་ཆོས་ཅན་དང་ཆོས་ཉིད༔ གནས་ལུགས་དང་སྣང་ལུགས་ཙམ་གྱི་ཁྱད་པར་ལས་མེད་པར་འདོད༔ དེ་ལ་མྱང་འདས་སུ་སྣང་ཡང་འཁོར་བར་ཞེན་པ་ཡིན་ནོ༔ ཕུང་པོ་དང་ཉོན་མོངས་དུ་མ་དང་སྐྱེ་འཇིག་དང་སྐྱོན་ལྟར་སྣང་བ་སོགས་ནི་སེར་སྣང་ལྟ་བུར་འདོད༔ དེའི་རྒྱུ་ནི་གཟུང་འཛིན་མ་རིག་པ་ཡིན་པས་མཁྲིས་ནད་ལྟ་བུ༔ ལམ་ནི་སྨན་ལྟ་བུ༔ མ་རིག་པ་སྤངས་པ་ནི་ནད་དྭངས་པ་ལྟ་བུ༔ དེ་ཉོན་མོངས་དང་སྐྱོན་མིན་པ་ནི་སེར་སྣང་དག་པ་ལྟ་བུ༔ ཡེ་ཤེས་སུ་སྣང་བ་ནི་དུང་དཀར་པོ་མཐོང་བ་ལྟ་བུ་སྟེ༔ དེ་ན་དངོས་དབང་གི་ཕྱོགས་ནས་ཉོན་མོངས་ཡེ་ཤེས་ཡིན༔ གནས་འགྱུར་ཀྱང་མི་དགོས༔ ཡེ་ཤེས་ལ་རང་རྩལ་རོལ་པ་དཔག་ཏུ་མེད་པའི་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྲངས་མེད་པ་སྣང་ངོ་༔ ད་བསམ་དབང་གི་ཕྱོགས་ནས་གནས་འགྱུར་དང་འདྲ༔ སྒྲིབ་པ་ཡིན་ནས་དག་པ་དང་འདྲ༔ དེའི་ཐད་གྱི་ཡོན་ཏན་མངོན་དུ་གྱུར་བ་དང་འདྲ༔ དེ་ཡང་དུང་སྔོན་སེར་པོ་སྣང་དུས་ནས་དཀར་པོར་གནས་པས་གསར་དུ་མ་འགྱུར་བ་འདྲ་བས་གནས་འགྱུར་ཀྱང་མིན༔ སེར་འཛིན་སྤངས་བས་དུང་མེད་འགྲོ་བའང་མིན༔ དུང་སེར་པོ་དེའི་ཕག་ན་དུང་གཉིས་པ༔ དཀར་པོ་ཞིག་ཡིབ་ཡོད་དེ༔ དེ་ལྷང་ལ་བུད་པའང་མིན་ནོ༔ སྣང་ཚུལ་ལ་སྔར་སེར་པོར་སྣང་བ་རིམ་གྱིས་དཀར་པོར་འགྱུར་སོང་བ་འདྲ་བ་ལྟ་བུར་ཡིན་པ་དང་༔ སྔར་དེས་བསྒྲིབ་སོང་ནས་ད་བུད་ཡོང་བ་ཞིག་དང་འདྲ་བས་ན་བརྗོད་ཚུལ་འདི་ཐམས་ཅད་དོན་ལེགས་པར་བསམ་པའི་ཚུལ་བཤད་མ་ཐག་པའི་རིག་ལམ་འཇུག་ན་མི་འགལ་གྱི༔ ཕྱོགས་གཅིག་ངེས་པར་བཟུང་ན་མི་མཛེས་སོ༔ བང་མཛོད་འཕྲུལ་ལྡེ་ལས༔ རང་བྱུང་ཡེ་ཤེས་ཆེན་པོ་དང་༔ མ་རིག་པ་ཡི་འཁྲུལ་བ་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ ཆོས་ཅན་མཚན་མར་འཛིན་པ་དང་༔ ཆོས་ཉིད་དོན་གྱི་ངོ་བོ་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ ཁམས་གསུམ་འཁོར་བའི་སེམས་ཅན་དང་༔ དུས་གསུམ་བཞུགས་པའི་སངས་རྒྱས་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ གསང་བའི་བདག་པོས་གསུངས་པ༔ བསམ་དབང་འཁྲུལ་བའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང་༔ དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག༔ ཅེས་སོ༔ ཆེ་བ་རང་གནས་ལས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་དང་༔ མ་རིག་པ་ཡི་སེམས་ཅན་གཉིས༔ ཆེ་ཆུང་ཁྱད་པར་བྱུང་བའང་༔ གསེར་མགར་འདྲ་སྟེ་གཞི་སྣང་གཅིག༔ ཅེས་སོ༔ རྒྱུ་མཚན་དེས་ན་འདིར་ཐིམ་ཞེས་པ་དང་དག་ཞེས་པ་ཐམས་ཅད་དུང་གི་སེར་པོ་དང་དཀར་པོ་ལྟ་བུ་ཡིན་པས་ཐིམ་བྱ་ཐིམ་བྱེད༔ དག་བྱ་དག་བྱེད་དག་གཞི་སོགས་ཐ་དད་པ་ཡོད་པ་ཐིམ་པའང་མིན༔ ཡེ་ནས་མིན་པ་བོང་བ་གསེར་ལྟར་གནས་འགྱུར་མིན་ཏེ༔ རང་བཞིན་འབྲེལ་ཞིང་ངན་པའི་ཉོན་མོངས་ཇེ་བཟང་དུ་སོང་བའང་མིན༔ སྦུབས་གསུམ་དང་སེམས་དང་ཡེ་ཤེས་ཀྱང་དེ་དང་འདྲ་བར་སྣང་ཞེན་ལོག་པ་དག་པ་ཙམ་གྱིས་གནས་སྣང་མཐུན་པ་མངོན་དུ་གྱུར་པའི་ཀློང་གྱུར་ལ་འཇུག་པ་ཆོས་དབྱིངས་སུ་ཞི་བའོ་ཞེས་ཐ་སྙད་གླེང་བ་སྟེ༔ ཡེ་ཤེས་བླ་མའི་རྒྱུད་ལས༔ དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ ལུས་མ་བོར་བར་ལྷ་མོ་འོད་ཟེར་ཅན་གྱི་དཀྱིལ་འཁོར་དུ་སངས་རྒྱས་སོ༔ ངག་མ་བོར་བར་ཚངས་བའི་སྒྲ་སྐད་ཕུན་སུམ་ཚོགས་པར་སངས་རྒྱས་སོ༔ ཡིད་འཇུག་པ་མ་བོར་བར་རང་བྱུང་གི་ཡེ་ཤེས་ཟག་མེད་ཀྱི་ཀློང་དུ་གྲོལ་བ་མཐར་ཕྱིན་པར་སངས་རྒྱས་སོ༔ མཛད་པ་ཕུན་སུམ་ཚོགས་པར་བྱ་བ་མེད་པའི་ཀློང་དུ་སངས་རྒྱས་སོ༔ ཕྲིན་ལས་མཐར་ཕྱིན་པ་མ་བཙལ་བར་གྲུབ་པར་སངས་རྒྱས་སོ༔ ཆོས་ཐམས་ཅད་ཆོས་མེད་པའི་ཀློང་དུ་སངས་རྒྱས་སོ༔ ཕྱི་སྣོད་གྱི་འཇིག་རྟེན་འབྱུང་ལྔས་བསྡུས་པ་ཐམས་ཅད་སྐྱེ་མེད་ཡེ་ཤེས་ཀྱི་ཀློང་མཁའ་ཀློང་རྣམ་པར་དག་པར་སངས་རྒྱས་སོ༔ ནང་བཅུད་ཀྱི་སེམས་ཅན་འགྲོ་བ་རིགས་དྲུག་གིས་བསྡུས་པ་ཐམས་ཅད་ཡེ་ཤེས་ཆེན་པོ་ལྔ་རང་བྱུང་མི་གནས་པའི་ཡེ་ཤེས་དང་དྲུག་ཏུ་སངས་རྒྱས་སོ༔ ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་བདེན་ལ༔ གཟུགས་ཀྱི་སྐུ་གཉིས་འབྲས་བུར་སྨིན་པས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་སོ༔ ཞེས་མ་སྤངས་རང་གྲོལ་གྱི་སངས་རྒྱ་ཚུལ་དང་༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ མ་དག་འཁྲུལ་བའི་སྣང་བས་ཡེ་ཤེས་སྣང་བ་བསྒྲིབས༔ འཁྲུལ་བའི་སྣང་བ་འགགས་ན་དག་པའི་སྣང་བ་འཆར༔ བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབས༔ ལུས་འདི་བོར་བས་འོད་ཀྱི་སྣང་བ་འཆར༔ དེ་ནས་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར༔ སྦུབས་གསུམ་གཅིག་ཏུ་འདྲིལ་ནས་སྤྲུལ་པ་ཕྱོགས་བཅུར་བཀྱེ༔ ཞེས་དག་གཞི་དང་དག་བྱ་ཡིན་པར་བཤད་པ་འདྲ་ཡང་དགོངས་པ་སྔ་མ་ལྟར་བླང་ངོ་༔ འོན་ཀྱང་མ་དག་པའི་སྣང་བ་ལ་དེ་འདྲ་འཐད་ཀྱི་རང་སྣང་ལོངས་སྐུ་ནི་མཐོང་བ་ལོགས་པ་མིན་པ་དང་སངས་རྒྱས་ཀྱི་སས་བསྡུས་པས་ན་སྦུབས་གསུམ་གཅིག་དྲིལ་དུ་ཐིམ་ནས་ཞི་བར་མི་འཐད་སྙམ་ན༔ དེ་ཡང་ཀ་དག་ལྷུན་གྲུབ་གཉིས་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་དོན་དམ་པའི་ཆོས་བདེན་གཉིས་ཟུང་དུ་འཇུག་པར་ཡོད་པ་དང་༔ གདུལ་བྱའི་སྣང་བས་མ་བསྡུས་པའི་ཆ་ནས་འཇུག་པ་ཆོས་དབྱིངས་སུ་ཞི་བ་ལ་ནི་དོན་གཅིག༔ སྦུབས་གསུམ་ཡེ་ནས་གཅིག་ཏུ་ཡོད་ཀྱང་འདི་གཉིས་ཡང་དག་པའི་ཀུན་རྫོབ་དང་༔ དོན་དམ་པའི་གནས་ལུགས་མངོན་དུ་གྱུར་པའི་ལྡོག་ཆ་ནས་གཞལ་བས་ན་ཆོས་སྐུའི་ངོས་ནས་སྣང་མེད༔ གཟུགས་སྐུའི་ཆ་ནས་གསལ་བར་ཡོད་པས་བཤད་པར་ཤེས་པ་གལ་ཆེའོ༔ རྒྱུ་མཚན་དེ་ལ་འཇལ་བྱེད་ཀྱི་ཚད་མའང་དོན་དང་མཐའ་དཔྱོད་གཉིས་སུ་ཡོད༔ ལྟ་བའང་ཆོས་ཅན་ཆོས་ཉིད་ལྟ་བ་གཉིས༔ གཞལ་འབྲས་ཀྱི་རྙེད་དོན་ཀྱང་བདེན་པ་གཉིས་ཀྱི་ཚུལ༔ སྒྲུབ་བྱེད་ཀྱི་ལམ་ཀྱང་ཚོགས་གཉིས༔ མཐར་ཐུག་གི་ཇི་ལྟ་ཇི་སྙེད་དང་༔ སྐུ་གཉིས་ཡེ་ཤེས་དང་བཅས་པ་གཉིས་གཉིས་སུ་ཡོད་པ་ཡིན་ནོ༔ འདིར་རྫོགས་པ་ཆེན་པོའི་རང་རིག་ལྟ་བ་སོགས་ནི་དེ་དག་ཟུང་འཇུག་གི་ཚུལ་ཅན་ཡིན་པས་ན་མཐར་ཐུག་པའི་གཟིགས་པ་རྣམ་དག་གིས་སོ་སོའི་ཆ་ནས་བཞག་པའོ༔ ཁྱད་པར་དུ་འོད་ཀྱི་སྦུབས་དང་སྤྲུལ་སྐུ་ལོངས་སྐུར༔ ལོངས་སྐུ་ཆོས་སྐུར་ཐིམ་བའི་ཐ་སྙད་ནི་སྒོ་བརྒྱད་ཀྱི་འཆར་ཆའི་སྒྱུ་མའི་སྦུབས་ལ་ངོས་བཟུང་བ་ཕྱི་གསལ་གྱི་ཆ་ཡིན་ཏེ༔ ལམ་སྣང་གི་སྐུ་གསུམ་འཇོག་ཚུལ་ལོ། །ད་དུང་སྤངས་རྟོགས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །མཐར་ཐུག་གི་འབྲས་བུ་སྤངས་རྟོགས་མཐར་ཕྱིན་པ་ལའང་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་འདིར་སྐུ་གསུམ་དགུ་སྤྲུགས་སུ་ཡོད་པའི་ཕྱིར་ལུགས་གཞན་དུ་ཀུན་ཏུ་འོད་ལ་བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་ལམ་གསུམ་སོ་སོར་བསྒྲེངས་བས་ས་བཅུ་གསུམ་དུ་བཞག་པ་དང་། སྔ་འགྱུར་གྱི་རྒྱུད་ལས་ས་མཚན་ཉིད་པ་བཅུ་གསུམ་དུ་བཞག །འདིར་དེའི་སྟེང་དུ་སྟུག་པོ་བཀོད་པ། འཁོར་ལོ་ཚོགས་ཆེན། རྡོ་རྗེ་འཆང་། ཏིང་འཛིན་ཆེན་པོའི་ས། དབྱེ་བ་མེད་པའི་ཡེ་ཤེས་བླ་མའི་ས་སྟེ་དགུར་བཞག་པས་ན་མི་འདྲ་བ་མང་ངོ་༔
གསུམ་པ་འབྲས་བུ་གང་བརྙེས་པ་ནི༔ འབྲས་བུའི་ཆོས་ཐམས་ཅད་བསྡུས་ན་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་འདུ་བ་སྟེ༔ དེ་ཡང་དབྱིངས་ཀྱི་ལྡོག་ཆ་ནས་མི་འགྱུར་རྡོ་རྗེ༔ ཡེ་ཤེས་ཀྱི་ལྡོག་པ་ནས་ཆོས་སྐུ༔ དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་སྤངས་རྟོགས་མཐར་ཕྱིན་པའི་ལྡོག་ཆ་ནས་མངོན་པར་བྱང་ཆུབ་པ་སྟེ༔ དེས་ན་དབྱིངས་ནང་གསལ་གྱི་སྐུ་གསུམ་ཆོས་སྐུར་འདུས་ཤིང༔ གདུལ་བྱ་ཕྱིར་གསལ་གྱི་ལོངས་སྤྲུལ་སོ་སོར་བསྒྲངས་བ་སྟེ༔ དེ་དག་མངོན་དུ་ཐོབ་པའོ༔ མུ་ཏིག་ཕྲེང་བ་ལས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ༔ ཞེས་པ་དང་༔ ཡང་འབྲས་བུའི་སྐུ་གསུམ་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་པ་ལ་འདུ་བ་སྟེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱང་དེ་དག་གི་ཡིན་པའི་ཕྱིར་མདོ་དེར་འདུས་པས་ན༔ མདོ་རྒྱན་ལས༔ སྐུ་གསུམ་དག་གིས་སངས་རྒྱས་ཀྱི༔ སྐུ་བསྡུས་པ་ནི་ཤེས་པར་བྱ༔ ཞེས་དང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་ཤེས་པར་གྱིས་ཤིག༔ ཅེས་སོ༔
གསུམ་པ་འབྲས་བུ་ཐོབ་པའི་དུས་ཚད་ཀྱི་ཁྱད་པར་ནི༔ ཕྱི་མཚན་ཉིད་པའི་ཐེག་པ་ནས་བརྩོན་འགྲུས་ཆེན་པོས་བསྐལ་པ་གྲངས་མེད་གསུམ༔ ཕྱི་རྒྱུད་པས་མི་ཚེ་བདུན་གསུམ་ལྔ་ལ་སོགས་པས་དང་༔ ནང་རྒྱུད་ནས་ཚེ་གཅིག་གིས་འབྲས་བུ་ཐོབ་པར་བཤད་ཀྱང་༔ འདིར་གཞི་འབྲས་ངོ་བོ་བདག་གཅིག་པའི་སྐུ་གསུམ་གྱི་འབྲས་བུར་ད་ལྟ་ནས་གྲུབ་པ༔ ཆོས་ཉིད་མངོན་སུམ་པའི་གནད་ཀྱིས་མཐོང་བ་ཙམ་ནས་དེའི་ས་ལ་སླེབས་པ་ཞེས་བྱ་སྟེ༔ དུས་ལ་མི་ལྟོས་པའི་ཟང་ཐལ་བདེ་མྱུར་གྱི་ཁྱད་པར་ཆེན་པོས་འཁྲུལ་སྣང་འགགས་སྟོབས་དང་དག་སྣང་ཤར་སྟོབས་ཆེ་བས་དག་ས་ན་གནས་པ་དང་སྐལ་བ་མཉམ་པའོ༔ དེ་ཡང་ཉོན་ཡིད་གནས་སུ་དག་ནས༔ རྣམ༵་པ༵ར་མི༵་རྟོག༵་པའི་ཡེ༵་ཤེས༵་ལ༵་ཤེས་རབ་རང་བྱུང་གི་སྒྲོན་མ་མངོན་དུ་གྱུར་པའི་དབ༵ང་ཐོབ༵༔ འཛིན་བཅས་སྒོ་ལྔ་གནས་སུ་དག་ནས་ཞིང༵་ཁམས་དག༵་པ་དབྱིངས་དང་ཐིག་ལེའི་དཀྱིལ་འཁོར་ལ༵་དབ༵ང་ཐོབ༵༔ ཡིད་ཤེས་དག་པའི་དུས་གསུམ་ཆགས་ཐོགས་མེད་འཇུག་གི་ཡེ་ཤེས་ལ་ཤེས་རབ་ཀྱི་རྩལ་གྱི་དབང་ཐོབ༔ སེམས་སྣང་ཡེ་ཤེས་ཀྱིས་བསྒྲིབས་པའི་ཀུན་གཞི་གནས་སུ་དག་ནས་ཞི་རྒྱས་དབང་དྲག་གི་ཕྲིན༵་ལས༵་ཕུན་སུམ་ཚོགས་པ་གཞིར་རྫོགས་ལྷུན་གྱིས་གྲུབ་པའི་དཔལ་ལ༵་སྤྱོད་པའི་དབ༵ང་ཐོབ༵་པ་སྟེ༔ མདོ་སྡེའི་རྒྱན་ལས༔ ཡིད་དང་འཛིན་དང་རྣམ་པར་རྟོག༔ གྱུར་ཕྱིར་རྣམ་པར་མི་རྟོག་དང་༔ ཞིང་དང་ཡེ་ཤེས་ལས་དག་ལ༔ དབང་ནི་རྣམ་པ་བཞི་ཡི་གནས༔ དབང་དེ་མི་གཡོ་ལ་སོགས་པའི༔ ས་གསུམ་ལ་ནི་རྣམ་བཞི་སྟེ༔ གཅིག་ལ་རྣམ་གཉིས་དེ་ལས་གཞན༔ དབང་ནི་རེ་རེར་འདོད་པ་ཡིན༔ ཞེས་སོ༔ དེ་ལྟར་འབྲས་བུ་ད་ལྟར་གྱི་མཆོག་ཀྱང་༔ ཐལ་བ་ལས༔ འབྲས་བུ་དོན་ལ་རྣམ་གསུམ་སྟེ༔ སེམས་ཉིད་སྟོང་བསྒོམ་སྤྱད་པ་ཡིས༔ འབྲས་བུ་བསྐལ་བ་བདུན་གསུམ་ན༔ ཀུན་ཏུ་འོད་དུ་འགྲོ་བར་འདོད་པའོ༔ བསྐྱེད་རྫོགས་བསྒོམ་བྱེད་འབྲས་བུ་ཡིས༔ ཚེ་བདུན་ལྔ་དང་ཚེ་གཅིག་གིས༔ བཅུ་བཞི་བཅོ་ལྔ་བཅུ་གསུམ་གཉིས་དག་ན༔ དེ་ཡི་ས་ལ་ཕྱིན་པའོ༔ འདོད་ཁམས་འབྲས་བུ་མ་ཤེས་པས༔ འབྲས་བུ་རོ་ལངས་བྱེད་པ་ཡིན༔ དེ་ཡི་ཕྱིར་ན་མཆོག་ཡིན་ཏེ༔ འབྲས་བུ་སངས་རྒྱས་ཞེས་བྱའོ༔ སངས་རྒྱས་སྐུ་གསུམ་ངོ་བོ་ཉིད༔ འདོད་མཁན་གཞི་ལམ་འབྲས་བུར་སྤྲད༔ དེ་ཡི་འབྲས་བུ་སྐུ་གསུམ་སྟེ༔ ད་ལྟ་ཉིད་དུ་བསྟན་པ་ཡིན༔ ཞེས་སོ༔
རྩ་བའི་ས་བཅད་བཞི་པ་འབྲས་བུ་དངོས་ཀྱི་རྣམ་པར་བཞག་པ་ལ༔ འབྲས་བུའི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཐུན་དཔེ༔ བརྗོད་ཚུལ༔ སྣང་ཚུལ༔ སྤྱི་བཅིངས༔ གྲགས་ཚོད༔ དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་འདུས་ཚུལ་བཤད་པ་དང་དགུ་ལས༔
དང་པོ་ནི༔ རང་གནས་འཁྲུལ་མེད་ཀྱི་རིག་པ་སྐུ་གསུམ་ལྷུན་གྲུབ་ཁོང་ནས་གསལ་བ་དེ་བྱེ་བྲག་གི་འབྲས་བུའི་ངོ་བོ་ཡིན་ལ༔ ཡང་ལམ་བསྒོམ་པ་སོ་སོའི་ལྟ་བའི་དམིགས་ཡུལ་གཞི་ལ་མཐོང་ཐོབ་ཡོངས་སུ་རྫོགས་པ་སྤྱིའི་འབྲས་བུའི་ངོ་བོ་སྟེ་རིམ་པ་ལྟར་རབ་འབྱམས་ལས༔ དེ་ལྟར་འབྲས་བུ་འཁྲུལ་མེད་གཞི༔ རང་རིག་ཡེ་ནས་འོད་རེ་གསལ༔ སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས༔ འབྲས་བུ་རང་གནས་ཆེན་པོའོ༔ ཞེས་དང་༔ ཀུན་གསལ་ལས༔ འབྲས་བུའི་ངོ་བོ་ནི་སོ་སོའི་ལྟ་བ་ཡོངས་སུ་རྫོགས་པའོ༔ ཞེས་སོ༔
གཉིས་པ་ངེས་ཚིག་ནི༔ སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་མཐའ་དག་ལས་གྲོལ་བ་མཐར་ཕྱིན༔ རྟོགས་པ་ལམ་འབྲས་ཀྱི་ཡེ་ཤེས་ཡོན་ཏན་སྨིན་པ་མཐར་ཕྱིན་ཏེ༔ རང་གཞན་གྱི་དོན་གཉིས་རྫོགས་པ་མཐར་ཕྱིན་ཕྱིར་མི་ལྡོག་པ་སྟེ༔ དེ་ཉིད་ལས༔ འབྲས་བུའི་ངེས་ཚིག་ནི༔ སྨིན་གྲོལ་རྫོགས་དང་མཐར་ཕྱིན་ཕྱིར་མི་ལྡོག་པའོ༔ ཞེས་སོ༔
གསུམ་པ་དབྱེ་བ་ནི༔ སྤྱིར་ཟག་བཅས་དང་ཟག་མེད་ཅི་རིགས་སུ་ཡོད༔ ཟག་མེད་ལའང་བྱང་ཆུབ་གསུམ་གྱི་ཁྱད་པར་དང༔ ཕྱི་མ་ལའང་མདོ་སྔགས་ཀྱི་ལམ་ལྔ་རིག་འཛིན་བཞིའམ་ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་སྣང་བ་བཞིའི་གནས་སྐབས་ཀྱི་འབྲས་བུ་དང༔ མཐར་འབྲས་སྐུ་བཞི་ཡེ་ཤེས་ལྔ་ལྡན་ནམ༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་ཆེན་པོའི་འབྲས་བུ་ཡོད་དེ༔ དེ་ཉིད་ལས༔ དབྱེ་བ་ནི༔ ཟག་བཅས་དང་ཟག་པ་མེད་པའོ༔ ཞེས་སོ༔
བཞི་པ་མཚོན་དཔེ་ནི༔ རིམ་གྱིས་སྨིན་པ་ཤིང་ཐོག་དང་ལོ་ཐོག་ལྟ་བུ་ལམ་དང་རིག་འཛིན་སྣང་བཞི་རིམ་པར་བསྒྲོད་པ་དང་༔ དབང་པོ་ཤིན་ཏུ་རྣོན་པོ་ལམ་དང་སྣང་བཞི་རིམ་མིན་ཐོད་རྒལ་དུ་ཕྱིན་ནས་ཅིག་ཆར་དུ་མངོན་སུམ་ནས་ཆོས་ཟད་ལ་ཕྱིན་པས་སྐུ་དང་ཡེ་ཤེས་སུ་སྨིན་པ་ཨུ་དུམ་ཝཱ་རའི་མེ་ཏོག་གི་འབྲས་བུ་དང་འདྲ་བ་སྟེ༔ གཉིས་སུ་ཡོད་དེ༔ ཀུན་གསལ་ལས༔ རིམ་སྨིན་ཅིག་ཆར་རྫོགས་པའི་དཔེ༔ ཤིང་ཐོག་ལོ་ཐོག་སྨིན་པའམ༔ ཨུ་དུམ་ཝཱ་རའི་མེ་ཏོག་བཞིན༔ སྡོང་བུ་དང་མེ་ཏོག་གཅིག་ཆར་དུ་འབྱུང་བ་ལྟར་རོ། །ཞེས་སོ༔
ལྔ་པ་འབོད་སྐད་ནི༔ དེ་ཉིད་ལས༔ འབྲས་བུ་མཚོན་པའི་ཚིག་ཚོགས་རྣམས༔ མཐར་ཕྱིན་པ་དང་གྲོལ་བ་དང་༔ སྨིན་པ་དང་ནི་གྲུབ་པ་དང་༔ གྲོལ་དང་ཕྱིར་མི་ལྡོག་ལ་སོགས༔ དང་པོ་དགྲ་བཅོམ་ཞེས་པ་དང་༔ ཐ་མ་རང་ས་ཟིན་ཅེས་པར༔ ངས་བསྟན་བཞིན་དུ་ཤེས་པར་བྱ༔ ཞེས་སོ༔
དྲུག་པ་སྣང་ཚུལ་ལ༔ འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གང་ལས་འཆར་བའི་དག་གཞིའམ་བྲལ་གཞི༔ སྒྲིབ་པ་གང་བྲལ་བ་ལས་འཆར་བའི་དག་བྱ༔ ཐབས་གང་གིས་བྲལ་བའི་དག་བྱེད༔ བྲལ་བའི་འབྲས་བུ་སྐུ་དང་ཡེ་ཤེས་ཏེ་དག་འབྲས་དངོས་བཤད་པ་དང་བཞི་ལས༔
དང་པོ་ནི༔ རྟོག་ཚོགས་ཀུན་གྱི་རང་བཞིན་དམ་པ་རིགས་བརྒྱ་ལ་སོགས་པ་ལྷའི་དཀྱིལ་འཁོར་དུ་མ་ཧཱ་ནས་གསུངས་པ་དང་༔ ནང་སྒྱུ་ལུས་ལ་དཀྱིལ་འཁོར་ལྷུན་གྲུབ་བཞུགས་པར་བདེ་མཆོག་སོགས་དང་རྫོགས་ཆེན་ནས་གསུངས་པ་གཟུགས་སྐུའི་བྲལ་གཞི༔ ཡང་འོད་གསལ་ཆོས་སྐུའི་བྲལ་གཞི་དབུ་མ་དང་རྫོགས་རིམ་གྱིས་ལམ་དུ་བྱེད་པའི་གཞི་སྟོང་ཉིད་འོད་གསལ་དོན་དམ་སྤྲོས་བྲལ་གྱི་གནས་ལུགས་ཡིན་ལ༔ རྒྱུ་མཚན་དེས་ན་ཐིག་ལེ་བླ་མེད་ཀྱི་ཐེག་པའི་དོན་འགྲེལ་འདིར་ཡང་༔ གསང་བ་བྱང་ཆུབ་སེམས་ལ་སྐུ་གཉིས་ཡེ་ཤེས་ཞིང་ཁམས་མཛད་པ་དང་བཅས་པ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་ཡོད་པའི་དོན༔ འོད་གསལ་ཆོས་སྐུའི་ངོས་ནས༔ སྐུ་ལྔ༔ ཡེ་ཤེས་ལྔ༔ འོད་ལྔ༔ རིགས་ཀྱི་ཆོས་ལྔ༔ ཡེ་ཤེས་ཀྱི་རླུང་ལྔ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ལ་སོགས་པའི་འཆར་གཞི་ནང་གསལ་དུ་གྲུབ་ཚུལ་ལས་བཤད་དེ༔ མུ་ཏིག་ཕྲེང་བ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ འོད་ལྔ་ཁ་དོག་རྣམ་པ་ལྔ༔ ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད༔ ངོ་བོ་ལྔ་དང་རང་བཞིན་ལྔ༔ ཐུགས་རྗེ་ལྔ་ཡིས་ཀུན་ལ་ཁྱབ༔ ཅེས་པ་ལ་སོགས་པའི་དོན་དེ་ཉིད་ཀྱི་རྒྱན་དུ་བསྟན་པ་ལྟར་ལ༔ གཟུགས་སྐུའི་བྲལ་གཞི་སྙིང་ཁར་ཞི་བ༔ སྤྱི་བོར་ཁྲག་འཐུང༔ རྩ་རྣམས་ནི་མཁའ་འགྲོའི་དཀྱིལ་འཁོར་གྱིས་མཚོན་པ་དང་༔ གཞན་ཡང་ལྔ་ཚན་བཅོ་ལྔ་དང་སོ་བདུན་སོགས་ཀློང་གསལ་དང་རབ་འབྱམས་ལས་གསུངས་པ་དག༔ འཁྲུལ་གཞི་གཞི་དང་གཞི་སྣང་དག་པ་རབ་འབྱམས་ཁོང་གསལ་དུ་ཡོད་པར་བཤད་པ་རྣམས་སོ༔ དེས་ན་རང་བཞིན་གྱི་ཆ་ལ་དགོངས་ཏེ་བདེན་གཉིས་སྐུ་གཉིས་ཀྱི་བྲལ་གཞིར་ཐེག་པ་ཐུན་མོང་བ་བཀའ་བར་ཐ་གཉིས་ཀྱིས་བསྟན་པ་དང་རྟོག་ཚོགས་ཀྱི་རང་བཞིན་དང་གཟུགས་བརྙན་ཉིས་ཆར་རྣམ་པར་དག་པའི་དོན་ལས་སྔགས་རྒྱུད་ནས་གསུངས་པ་དང་༔ སྦྱང་བྱ་དང་གནས་འགྱུར་དང་འབྲས་བུ་དངོས་དང་༔ དེས་ཀྱང་མཐར་ཐུག་ཡོངས་གྲོལ་ཆེན་པོའི་དཀྱིལ་འཁོར་དུ་སྟོན་པའི་རྒྱུ་དང་འབྲས་བུ་ཁྱད་པར་གྱི་སེམས་དཔའ་སུམ་བརྩེགས་སུ་གནས་པའི་དོན་དེ་དག་ནི་དག་གཞིའམ་སྦྱང་གཞིའི་ཆོས་ཉིད་ཡིན་ཏེ༔ དེས་ན༔ གསང་སྙིང་ལས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ ཞེས་སོགས་གསུངས་སོ༔ ལྔ་ཚན་སོ་བདུན་ལ་སོགས་པའི་དག་གཞི་དེ་དག་མདོར་བསྡུས་ནས་འདིར་འབྲས་ཆོས་ཉེར་ལྔར་བསྟན་པ་དང་༔ དེ་དག་གིས་ཀྱང་འཆར་གཞི་མདོར་བསྡུས་ནས༔ ལུས་ངག་ཡིད་གསུམ་གྱི་རང་བཞིན་མཐར་ཐུག་རྒྱལ་བའི་སྐུ་གསུང་ཐུགས་ཆོས་སྐུ་མཐར་ཐུག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བསྒྲུབ་བཞིའམ་སྦྱང་གཞིར་གྲུབ་པར་བསྟན་པར་སྟེ༔ འཁྲུལ་མེད་ཀྱི་ལུང་གི་ངེས་པའང་འབྲས་ཆོས་ལྔའི་དག་གཞི་དང་༔ ཡང་ཡེ་ཤེས་ལྔའི་དག་གཞི་ལ་དགོངས་ནས་མདོ་ཕྱོགས་ནས་ཀྱང་འདི་ལ་སོགས་པར་འབྱུང་སྟེ༔ ཐེག་བསྡུས་ལས༔ གཟུགས་ཀྱི་ཕུང་པོ་གནས་འགྱུར་བའི་ཕྱིར༔ ཞིང་དང་ལུས་དང་༔ མཚན་དང་༔ དཔེ་བྱད་བཟང་པོ་དང་༔ དབྱངས་མཐའ་ཡས་པ་དང་༔ སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་༔ ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར༔ ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བས་བདེ་བར་གནས་པ་ལ་དབང་འབྱོར་བ་དང་༔ འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར༔ མིང་གི་ཚོགས་དང་༔ ཚིག་གི་ཚོགས་དང་༔ ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང་༔ འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར༔ སྤྲུལ་པ་དང་༔ བསྒྱུར་པ་དང་༔ འཁོར་སྡུད་པ་དང་༔ དཀར་པོའི་བསྡུ་བ་ལ་དབང་འབྱོར་བ་དང་༔ རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་བའི་ཕྱིར༔ མེ་ལོང་ལྟ་བུ་དང་༔ མཉམ་པ་ཉིད་དང་༔ སོ་སོར་རྟོག་པ་དང་༔ བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པས༔ དབང་འབྱོར་བ་ཐོབ་པའོ༔ ཞེས་དང་༔ ཙནྡྲ་གོ་མའི་སངས་རྒྱས་ཀྱི་ས་ལས༔ ཀུན་གཞིའི་རྣམ་ཤེས་གང་ཡིན་པ༔ དེ་ནི་མེ་ལོང་ཡེ་ཤེས་འགྱུར༔ དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི༔ ངོ་བོ་ཉིད་དུ་ཡང་དག་གསལ༔ ཉོན་མོངས་ཅན་ཡིད་གནས་གྱུར་པ༔ མཉམ་ཉིད་ཡེ་ཤེས་དག་ཏུ་འདོད༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པ༔ སོ་སོར་རྟོག་པ་ཅན་ཞེས་བྱ༔ སྒོ་ལྔའི་རྣམ་ཤེས་གནས་གྱུར་པ༔ དེ་ནི་དོན་ཀུན་གྲུབ་པ་ཉིད༔ ཅེས་དང་༔ སྐུ་གསུམ་ལ་འཇུག་པའི་མདོ་ལས༔ ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ༔ སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་དང་༔ སྔགས་རྫོགས་ནས་ཀྱང་༔ ངོ་བོ་སྐུར་བཞུགས་པ་ཆོས་སྐུ༔ རང་བཞིན་གསུང་དུ་བཞུགས་པ་ལོངས་སྐུ༔ ཐུགས་རྗེ་ཐུགས་སུ་བཞུགས་པ་སྤྲུལ་སྐུའི་དག་གཞི༔ དབྱིངས་འགྱུར་མེད་ཡོངས་གྲུབ་རྡོ་རྗེའི༔ སྤངས་རྟོགས་ལྷུན་གྱིས་གྲུབ་ནས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་མངོན་བྱང་གི་བྲལ་གཞི་སྟེ༔ བདུད་རྩི་བཅུད་ཐིག་ལས༔ ངོ་བོའི་རང་ས་ཟིན་པ་རང་དྭངས་ཆོས་སྐུའོ༔ རང་བཞིན་རང་ས་ཟིན་པ་གསལ་དྭངས་ལོངས་སྐུའོ༔ ཐུགས་རྗེ་རང་ས་ཟིན་པ་རང་སངས་སྤྲུལ་སྐུའོ༔ སྐུ་གསུམ་དབྱེར་མེད་གཅིག་པས་རང་གདངས་ཆེན་པོའོ༔ སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་ངང་ཉིད་སྐུ༔ སྐུ་ལྔ་འགྱུར་མེད་དབྱིངས་ཐིམ་པས༔ དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ༔ རང་སེམས་ཆོས་སྐུའི་འབྲས་བུ་ཡིན༔ ཐོག་མ་མེད་པའི་དུས་མཐའ་ནས༔ རང་ལ་རང་ཆས་ཡོད་རྟོགས་པས༔ སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ༔ འབྲས་བུ་མཆོག་ཏུ་རྒྱལ་བས་གསུངས༔ ཞེས་དང༔ རིན་པོ་ཆེ་བཅུད་ཐིག་གི་རྒྱུད་ལས༔ ངོ་བོ་ཡེ་ནས་ཀ་དག་གི༔ རང་ས་ཟིན་པ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ཆེན་པོ་ཡི༔ རང་ས་ཟིན་པ་ལོངས་སྤྱོད་སྐུ༔ ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་ཀྱི༔ རང་ས་ཟིན་པ་སྤྲུལ་བའི་སྐུ༔ གསུམ་དུ་དབྱེར་མེད་མཐའ་སྟོང་པའི༔ རང་ས་ཟིན་པ་ངོ་བོའི་སྐུས༔ ཆོས་འདས་ཐོག་མེད་གནས་ལུགས་ཀྱི༔ རང་ས་གཟུང་འཛིན་མིང་མེད་པ༔ བདེ་ཆེན་མངོན་པར་བྱང་ཆུབ་སྐུ༔ ཞེས་དང་༔ ཉི་ཟླ་འབར་བའི་རྒྱུད་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་ལས༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས༔ ཞེས་སོ༔ གཞན་ཡང་རྒྱུད་སྡེ་ཀུན་གྱི་གཞི་རྒྱུད་དག་མཉམ་གྱི་ལུང་ཡི་གེས་འཇིགས་སོ༔ དེ་དག་ཀྱང་རང་སེམས་ཡེ་ནས་སངས་རྒྱས་སུ་བཞུགས་པའི་དོན་རྟོགས་ནས་ཀློང་དུ་གྱུར་པ་ལས་གཞན་མེད་པར༔ བདུད་རྩི་རྒྱ་མཚོའི་རྒྱུད་ལས༔ སྔོན་ནས་རང་སེམས་སངས་རྒྱས་ཏེ༔ དོན་རྟོགས་ཀློང་གྱུར་མངོན་སངས་རྒྱས༔ ཞེས་སོ༔
གཉིས་པ་དག་བྱ་ནི༔ ལུས་ཀྱིས་སྐུ༔ ངག་གིས་གསུང་༔ སེམས་ཀྱིས་ཐུགས་ལ་བསྒྲིབས༔ ཡུལ་ཁང་ཁྱིམ་ལ་སོགས་པས་ཡོན་ཏན་ལྔ་ལ་བསྒྲིབས༔ འཁྲུལ་བའི་བྱ་བྱེད་ཀྱིས་ཕྲིན་ལས་ལ་བསྒྲིབས་ཏེ་འབྲས་ཆོས་ཉེར་ལྔའི་རང་བཞིན་མི་མཐོང་བ་ལ་སོགས་འཁྲུལ་གཞི་ལྷུན་གྲུབ་ཀྱི་སྒོ་ལ་སྣང་ཞེན་གྱིས་འཁྲུལ་པའི་རྟོག་ཆོས་དེ་དག་ནི་དག་བྱ་ཡིན་ཏེ༔ འདི་དག་གི་བསྒྲིབ་ཚུལ་ལ་སོགས་པ་ལུང་དང་བཅས་པ་སྔར་སེམས་ཅན་འཁྲུལ་ཚུལ་བཤད་པའི་དུས་སུ་སྨོས་གྲུབ་པས་འདིར་དེ་ཙམ་གྱི་འཐུས་སོ༔ དེ་ཡང་དག་བྱ་སྒོ་གསུམ་གྱི་དྲི་མ་དག་སྟོབས་ལས༔ འབྲས་བུ་སྐུ་གསུམ་ཡོན་ཏན་མཛད་པ་དང་བཅས་པ་ཐོབ་པ་ཡིན་པས་ན༔ ཐལ་འགྱུར་ལས༔ ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་༔ ལོངས་སྐུ་ངག་གི་རྣམ་པར་ཐོབ༔ སྤྲུལ་པའི་སྐུ་ནི་ལུས་ཀྱི་སོ༔ ཞེས་སོ༔
གསུམ་པ་དག་རྒྱུ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས༔ དང་པོ་ནི༔ ཡང་སྐུ་གཉིས་ལ་ཚོགས་གཉིས་དང་༔ ཡེ་ཤེས་ལ་སྡེ་སྣོད་གསུམ་གྱི་ཆོས་འཛིན་པའི་ཤེས་རབ་ནི་མེ་ལོང་༔ སྲིད་ཞི་མཉམ་པ་ཉིད་ལ་དམིགས་པ་མཉམ་ཉིད༔ སེམས་ཅན་ལ་ཆོས་སྟོན་པ་སོར་རྟོག༔ གཞན་དོན་གྱི་བྱ་བ་བྱེད་པ་བྱ་གྲུབ་ཡེ་ཤེས་རྣམས་ཀྱི་རྒྱུ་ཡིན་ཏེ༔ རྒྱན་ལས༔ འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར༔ ཡང་དག་ཆོས་རབ་སྟོན་ཕྱིར་དང༔ བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར༔ ཡེ་ཤེས་བཞི་པོ་ཡང་དག་འབྱུང་༔ ཞེས་སོ༔
གཉིས་པ་ནི༔ འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གསང་སྔགས་བསྐྱེད་རྫོགས་དང་༔ རྫོགས་ཆེན་གྱིས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་མཉམ་པར་བཞག་པས༔ གནས་སྐབས་སུ་མཉམ་བཞག་གི་དུས་དང་༔ མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་ཆོས་ཟད་བློ་འདས་ཆེན་པོའི་བར་དུ༔ མ་དག་པའི་ལས་ཉོན་རྣམ་སྨིན་ཐམས་ཅད་རིམ་གྱིས་ཟད་པའི་རྒྱུ༔ འབྲས་བུ་རྐྱང་དེད་འདིས་འོང་བ་སྟེ༔ ཐོག་མར་ལུ་གུ་རྒྱུད་དང་མི་འབྲལ་བར་ཉམས་སུ་བླངས་པས༔ སྐུ་རྡོ་རྗེ་ལུས་ཀྱིས་བསྒྲིབས་པའི་བྲལ་རྒྱུར་འགྱུར༔ རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་མི་འབྲལ་བས་ཡུལ་འཛིན་རང་སར་གྲོལ་ནས་གསུང་དང་ཡོན་ཏན་གྱི་བྲལ་རྒྱུ་འོད་གསལ་བའི་ཡེ་ཤེས་རང་བྱུང་གི་སྒྲོན་མ་སྐུ་ལྔའི་ཐུགས་ཀྱི་གསང་བ་ཆེན་པོའི་གདངས༔ ཐིག་ལེ་སྟོང་པའི་སྒྲོན་མའི་ཕྱག་རྒྱ་དང་བཅས་པའི་ཉམས་ལེན་གྱིས་ཐུགས་ལྔ་སེམས་ཀྱིས་བསྒྲིབ་པ་བྲལ་དག་གི་རྒྱུར་འགྱུར་བ་དང་༔ བྱ་བ་དགུ་སྤྲུགས་སུ་བཏང་ནས༔ བྱར་མེད་རང་བབས་ཀྱི་ངང་ལ་གནས་པས༔ སྒོ་གསུམ་གྱི་བྱེད་པ་ངན་ཞེན་གྱིས་ཕྲིན་ལས་ལྔར་བསྒྲིབས་པ་བྲལ་དག་གི་རྒྱུར་འགྱུར༔ རྒྱུ་མཚན་དེས་ན་རྫོགས་ཆེན་རྒྱུད་ཀུན་ནས༔ ཐེག་པའི་རིམ་པ་དགུ་དང་རྒྱུད་ཀྱི་དངོས་པོ་བཅུ༔ རིག་པ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ལ་ས་ལམ་རྫོགས་པ་ཆེན་པོར་གསུངས་པ་དེ་ཉིད་ཀྱི་རྒྱན་དུ་སྨྲོས་པ་བཞིན་ནོ༔
བཞི་པ་བྲལ་འབྲས་ལ༔ ཆིངས་ཀྱི་སྒོ་ནས་བསྟན་པ༔ འབྲས་ཆོས་ཉེར་ལྔའི་རྣམ་པར་འཕྲུལ་པ༔ གོ་དོན་བསྡུས་ཏེ་གསལ་བར་བྱས་པ་དང་གསུམ་ལས༔
དང་པོ་ནི༔ ལར་འབྲས་ཆོས་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུ་བ་སྟེ༔ རྩལ་རྫོགས་ལས༔ སངས་རྒྱས་རྣམས་ཀྱི་སྐུ་དང་ནི༔ གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་༔ ཡོན་ཏན་ཕྲིན་ལས་ལྔར་སྣང་བའོ༔ ཞེས་དང༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་༔ གསུང་གི་དཀྱིལ་འཁོར་འགགས་མེད་ཀློང་༔ ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་ཀློང་༔ ཡོན་ཏན་དཀྱིལ་འཁོར་ཡིད་བཞིན་སེམས༔ ཕྲིན་ལས་དཀྱིལ་འཁོར་རྩལ་མེད་དབྱིངས་ལ་རོལ༔ ཞེས་སོ༔ དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྣམ་པར་ཐར་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་རེའི་ཆིངས་ཀྱིས་བཅིངས་པ་ལས༔
དང་པོ་སྐུ་ལ་ངོ་བོ་ནི༔ འཕོ་འགྱུར་མེད་པའི་རྟག་པ་ཆེན་པོ་སྟེ༔ རྟག་པ་གསུམ་གྱི་དོན་བཤད་པ་ལྟར་རོ༔ ངེས་ཚིག༔ སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོའི་རྟེན་ནམ་ལུས་སུ་རྫོགས་པས་སྐུ་ཞེས་བྱའོ༔ དབྱེ་བ་ནི་སྐུ་ལྔ་ལ་སོགས་པའོ༔ དེ་ལྟར་ཡང་རྩལ་རྫོགས་ལས༔ སྐུ་ཡི་ངོ་བོ་འགྱུར་བ་མེད༔ སྐུ་ཡི་ངེས་ཚིག་གསལ་འཚེར་ལྡན༔ ཞེས་དང༔ རང་ཤར་ལས༔ འགྱུར་མེད་དོན་གྱི་སྐུ་ལྔར་གནས༔ ཞེས་སོ༔
གཉིས་པ་གསུང་ལའང་གསུམ་ལས༔ གསུང་གི་ངོ་བོ་ནི་གོ་བརྡ་སྤྲོད་ཅིང་གྲགས་སྟོང་རང་ཤར་ཆེན་པོ༔ ངེས་ཚིག་ཆོས་ཕུང་སྣ་ཚོགས་སུ་སྣང་བ༔ དབྱེ་ན་གསུང་ལྔ་ལ་སོགས་པར་སྣང་བ་སྟེ༔ དེ་ཉིད་ལས༔ གསུང་གི་ངོ་བོ་གྲགས་པས་སྟོང་༔ གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་༔ ཞེས་དང་༔ དེ་དག་ཀྱང་༔ རྩལ་རྫོགས་ལས༔ གསུང་གི་དོན་ཉིད་འདི་ལྟ་སྟེ༔ གསུང་གི་ངོ་བོ་གྲགས་པས་སྟོང་༔ གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་༔ དབྱེ་བ་རྣམ་པ་དྲུག་གིས་བསྟན༔ ཞེས་སོ༔
གསུམ་པ་ཐུགས་ལའང་གསུམ་ལས༔ ཐུགས་ཀྱི་ངོ་བོ་ནི༔ ཤེས་བྱ་ཐམས་ཅད་མཁྱེན་ཅིང་སྐུའི་སྙིང་པོར་གྱུར་པ་འཕོ་འགྱུར་དང་རྟོག་པ་མེད་པའོ༔ ཐུགས་ཀྱི་ངེས་ཚིག་ནི༔ རིག་པ་རང་ས་ནས་གསལ་བ༔ དབྱེ་བ་ནི༔ གཞི་འཛིན་པའི་ཡེ་ཤེས་གསུམ༔ མཚན་ཉིད་འཛིན་པ་ལྔ༔ ཡུལ་ཁྱབ་པའི་ཡེ་ཤེས་གཉིས་དང་གསུམ་མོ༔ དེ་ཉིད་ལས༔ ཐུགས་ཀྱི་ངོ་བོ་འཁྲུལ་པ་མེད༔ ཐུགས་ཀྱི་ངེས་ཚིག་བསམ་པར་སྣང༔ དབྱེ་བ་རྣམ་པ་གསུམ་གྱིས་བསྟན༔ ཐུགས་ཀྱི་དྲན་པ་སངས་པ་དང་༔ རྡོ་རྗེ་འགྱུར་མེད་བརྟན་པ་དང་༔ སྣ་ཚོགས་པ་ཡི་ཐུགས་སུ་བསྟན༔ ཞེས་སོ༔
ཡོན་ཏན་ལའང་གསུམ་ལས༔ ངོ་བོ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པ༔ ངེས་ཚིག་ལེགས་ཚོགས་མ་ལུས་ལྷུན་གྲུབ་ཏུ་འབྱུང་༔ དབྱེ་བ་སྤྱིར་སྟོབས་སོགས་ཆོས་སྐུའི་ཟག་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་༔ གཟུགས་སྐུའི་མཚན་གྱི་ཡོན་ཏན་སོ་གཉིས་སྟེ་དྲུག་ཅུ་རྩ་བཞི་ལ་སོགས་པ་དང་༔ གཞན་ཡང་འབྲས་བུའི་ཡོན་ཏན་ལྔ་ལ་སོགས་ཚད་མེད་པ་དང་ལྡན་པ་སྟེ༔ དེ་ཉིད་ལས༔ ཡོན་ཏན་ངོ་བོ་ཐམས་ཅད་བསྐྱེད༔ ཡོན་ཏན་ངེས་ཚིག་སྣ་ཚོགས་གྲུབ༔ ཅེས་དང་༔ ཕྲ་བཀོད་ལས༔ ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ནི༔ གང་སྟོང་གི་མཐའ་ཡས་ཏེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ ཞེས་དང་༔ ཡོན་ཏན་འདི་དག་གི་དབྱེ་བ་རྒྱུད་བླ་མའི་ཡོན་ཏན་གྱི་ལེའུ་དང་༔ འོག་ཏུ་འབྱུང་བ་ལས་ཤེས་པར་བྱའོ༔
ལྔ་བ་ཕྲིན་ལས་ལའང་གསུམ་ལས༔ ངོ་བོ་ནི༔ འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཕན་བདེ་ལ་འགོད་པའི་ལས་སོ༔ ངེས་ཚིག་ནི༔ འགྲོ་བའི་ཁམས་ཀྱི་སྒྲིབ་པ་སྦྱངས་ཏེ་སྐུ་གསུམ་གྱི་གོ་འཕང་མཆོག་ལ་དབུགས་དབྱུང་བའི་བྱ་བ་འབྱེད་པའི་ཆ་ནས་བཏགས་པའོ༔ དབྱེ་བ་ནི༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ལྔ་དང་༔ མཛད་པ་སུམ་ཅུ་རྩ་དྲུག་དང་༔ མཛད་པ་བཅུ་གཉིས་ལ་སོགས་ཏེ༔ རྩལ་རྫོགས་ལས༔ ཕྲིན་ལས་ངོ་བོ་གྲུབ་པར་བྱེད༔ ཕྲིན་ལས་ངེས་ཚིག་བྱ་བ་བྱེད༔ དབྱེ་བ་རྣམ་བཞི་བསྟན་པའོ༔ ཞེས་དང་༔ རྒྱུད་བླ་མ་ལས༔ གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་༔ དེ་ཡི་གནས་དང་དེ་བཞིན་ཉིད་རྣམས་ལ༔ ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས༔ ཞེས་སོ༔
གཉིས་པ་ནི༔ ཁོག་གཞུང་ལས༔ དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ༔ ཞེས་གསུངས་པས༔ ལྔ་ཚན་སོ་ལྔ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མཐའ་དག་ཉེ་བར་བསྡུ་ན༔ ལྔ་ཚན་ལྔ་ལས་དང་པོ་སྐུ་ལྔ་ནི༔ སྐུ་ཐམས་ཅད་ཀྱི་འཆར་གཞིའི་དབྱིངས་སྤྲོས་པ་དང་བྲལ་བ༔ ཆོས་ཉིད་དེ་བཞིན་ཉིད་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ལ་རང་ས་ཟིན་པ་ནི་མི་འགྱུར་རྡོ་རྗེའི་སྐུ་བརྙེས་པ་སྟེ༔ རང་ཤར་ལས༔ མཐའ་ལ་མི་གནས་རྡོ་རྗེའི་སྐུ༔ ཞེས་དང་༔ བཤགས་རྒྱུད་ལས༔ ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ༔ ཞེས་སོ༔ སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་མངོན་པར་བྱང༵་ཞིང་༔ རྟོགས་བྱ་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་ཡོངས་སུ་རྫོགས་པར་མངོན་པར་ཁོང་དུ་ཆུབ༵་པས་ན་མངོན་པར་བྱང་ཆུབ་པའི་སྐུ་བརྙེས་པ་སྟེ༔ ཡེ་ཤེས་དྲྭ་བ་ལས༔ དྲི་མ་མེད་པས་བྱང་བ་དང་༔ ཡོན་ཏན་རྒྱས་པས་ཆུབ་པ་ཉིད༔ གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར༔ མངོན་པར་བྱང་ཆུབ་སྐུར་བརྗོད་དོ༔ ཞེས་དང་༔ བཤགས་རྒྱུད་ལས༔ ཡོན་ཏན་མ་བཙལ་ལྷུན་རྫོགས་མངོན་བྱང་སྐུ༔ ཞེས་སོ༔ ཁམས་གསུམ་གྱི་སེམས་སེམས་བྱུང་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་ཞིང་༔ དབྱིངས་ཐོག་ཏུ་རིག་པ་གྲོལ་ནས་ཆོས་ཉིད་ཇི་བཞིན་པ་དེ་དང་མཐུན་པར་རྗེས་སུ་གཤེགས་ནས༔ སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་འཇུག་ཆེན་པོ་མངོན་དུ་མཛད་པ་ལས་མི་གཡོ་ནའང་༔ འགོག་གཞིའི་རིག་པ་གཏན་མེད་དུ་སོང་བ་ལྟ་བུ་མ་ཡིན་པར༔ ནང་གསལ་མཁྱེན་ཆ་མ་འགགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྐུ་ཆེན་པོ༔ སྐུ་དང་ཡེ་ཤེས་ཀུན་གྱི་འཆར་གཞིར་ལྷུན་གྱིས་གྲུབ་ཅིང་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་གྱི་ངོས་ནས་ཆོས་ཀྱི་སྐུ་སྟེ༔ སྒྱུ་འཕྲུལ་བླ་མ་ལས༔ ཆེ་ཕྲའི་ཡེ་ཤེས་ནང་དུ་གསལ༔ དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ༔ ཞེས་དང༔ བཤགས་རྒྱུད་ལས༔ སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཆོས་སྐུ་རང་བྱུང་རིག་པ་དེ༔ དུས་གསུམ་དག་ཏུ་སྐྱེ་འགགས་མེད༔ འགྲོ་འོང་མེད་ཕྱིར་ཡེ་ནས་གནས༔ ཞེས་པ་དག་གིས་སངས་རྒྱས་དུས་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ཤུགས་ཀྱིས་ཁེག་པའང་ཡིན་ནོ༔ དེ་ལྟར་སངས་རྒྱས་པའི་དུས་ནའང་༔ སྣང་བ་ཐམས་ཅད་རྒྱུན་ཆད་དེ་སྟོང་ཆད་འབའ་ཞིག་དང༔ ཡང་ན་གཟུགས་མེད་ལྟར་ཡིད་ལུས་རྐྱང་པ་ཙམ་ཞིག་ལས༔ དག་པའི་སྣང་བ་གཏན་ནས་མེད་པའི་ཆོས་སྐུར་འདོད་པ་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་ན༔ གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུའི་ངང་ལས༔ དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱན་གྱི་འཁོར་ལོར་མ་འགགས་པར་འཆར་བའི་སངས་རྒྱས་ཉིད་ཀྱི་རང་སྣང་ལོངས་སྐུ་དང་༔ དེ་ལྟ་བུའི་རང་སྣང་ལོངས་སྐུ་བྱད་ལྟ་བུ་ལས༔ འཁོར་ས་བཅུའི་བྱང་སེམས་སྨིན་པ་རྒྱ་མཚོ་ལ༔ ངེས་པ་ལྔ་ལྡན་གྱི་མཚན་དཔེ་ཐུན་མིན་དང་ལྡན་པར་སྣང་བའི་ཕྱེད་ལོངས་སྐུའི་རྣམ་པར་རྩོལ་མེད་དུ་འཆར་བ་སྟེ༔ གསང་སྙིང་ལས༔ ཡང་དག་ཐར་པའི་གཟུགས་སྐུ་དང་༔ ཞེས་དང་༔ བཤགས་རྒྱུད་ལས༔ ས་ཐོབ་མན་ཆད་སྣང་བ་ལོངས་སྤྱོད་དང་༔ མཚན་དང་དཔེ་བྱད་བརྒྱན་པ་ལོངས་སྐུ་སྟེ༔ ཞེས་དང་༔ མངོན་རྟོགས་རྒྱན་ལས༔ མཚན་ནི་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི༔ ཐེག་ཆེན་ཉེ་བར་ལོངས་སྤྱོད་པའི༔ ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད༔ ཅེས་སོ༔ དེ་ལས་གཞན་མ་དག་པའི་སེམས་ཅན་རྣམས་ལ་རང་རང་གི་ལས་སྨོན་མོས་པ་དང་མཐུན་པར་སྤྲུལ་སྐུ་རྣམ་བཞི་རྒྱུན་མི་འཆད་པར་འབྱུང་བས་འགྲོ་བའི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་ནི་སྤྲུལ་པའི་སྐུ་སྟེ༔ གསང་སྙིང་ལས༔ མཐུན་བྱས་སྐུ་ནི་སྣ་ཚོགས་སྣང་༔ ཞེས་དང་༔ བཤགས་རྒྱུད་ལས༔ སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ལ༔ མཛད་པ་ཐ་དད་སྣང་བ་སྤྲུལ་པའི་སྐུ༔ ཞེས་དང་༔ མངོན་རྒྱན་ལས༔ གང་གིས་སྲིད་པ་ཇི་སྲིད་དུ༔ འགྲོ་ལ་ཕན་པ་སྣ་ཚོགས་པ༔ མཉམ་དུ་མཛད་པའི་སྐུ་དེ་ནི༔ ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད༔ ཅེས་སོ༔
གཉིས་པ་གསུངས་ལའང་ལྔ་ལས༔ སྒྲ་སྐད་ཐམས་ཅད་ཀྱི་ངོ་བོ་གྲགས་སྟོང་དབྱེར་མེད་འདུས་མ་བྱས་མཐའ་གཉིས་ལས་གྲོལ་བ་ནི་མི་འགྱུར་རྡོ་རྗེའི་གསུང་སྟེ༔ བཤགས་རྒྱུད་ལས༔ རྡོ་རྗེ་གྲགས་སྟོང་དབྱེར་མེད་འདུས་མ་བྱས༔ ཞེས་དང་༔ གསང་སྙིང་ལས༔ སྒྲ་ཉིད་མ་ཆགས་ངང་དུ་གསུང་༔ གསུངས་བ་ཉིད་ན་བརྗོད་དུ་མེད༔ ཅེས་སོ༔ རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་གསལ་པས་ཡེ་ཤེས་རང་སྣང་ཆེན་པོའི་གསུང་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་བྱིན་བརླབས་ཀྱིས་བརྡ་སྤྲོད་པ་མངོན་བྱང་གི་གསུང་སྟེ༔ མངོན་བྱང་སྒྲ་སྐད་མཐའ་དག་ཐམས་ཅད་ནི༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད་དུ་གསལ༔ ཞེས་སོ༔ ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་སྐྱེ་མེད་མཚོན་པ་ནི་ཆོས་སྐུའི་གསུང་ཡིན་ཏེ༔ ཡེ་ཤེས་མཁའ་མཉམ་ལས༔ ཆོས་སྐུའི་སྟོན་པ་ཀུན་བཟང་གི༔ དགོངས་པའི་ངེས་དོན་བྱིན་བརླབས་ཀྱིས༔ ཕྱོགས་བཅུ་ཉིད་ལས་མི་གཞན་འཁོར༔ དུས་གསུམ་སངས་རྒྱས་རྣམས་ལ་བཤད༔ ཅེས་དང༔ གསང་སྙིང་ལས༔ སྒྲ་དང་མིང་ཚིག་ཀུན་ལས་འདས༔ སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་༔ ཞེས་དང་༔ བཤགས་རྒྱུད་ལས༔ དོན་གསུང་ཆོས་ཉིད་སྐྱེ་མེད་ངང་དུ་གནས༔ སྐྱེ་མེད་སྨྲ་བརྗོད་ཀུན་གྱི་གཞི་རུ་གྱུར༔ ཞེས་སོ༔ མེ་ལོང་ནང་དུ་བལྟས་ན་བྱད་ཀྱི་དྲི་མ་ངོས་ཟིན་པ་ལྟར༔ སྟོན་པ་ལོངས་སྐུའི་སྐུ་མཐོང་བའི་མོད་ལ་ཆེད་དུ་བརྡ་ཐབས་སྟོན་པའི་སྤྲོས་པ་མེད་ཀྱང་༔ བདག་དང་སྟོན་པའི་ཁྱད་མཐོང་ནས་འཁོར་གྱི་བློ་ལ་རང་སའི་སྒྲིབ་པ་དང་༔ དེ་སྦྱོང་བའི་གཉེན་པོ་ལ་སོགས་པའི་དོན་འཇལ་བར་སྟོན་པ་ནི༔ ལོངས་སྐུ་དགོངས་པ་བརྡའི་གསུང་ཡིན་ཏེ༔ ཡེ་ཤེས་མཁའ་མཉམ་ལས༔ ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས༔ ལྡེམ་དགོངས་ཕྱི་ནང་གསང་བའི་དོན༔ ས་བཅུའི་རིག་འཛིན་སེམས་དཔའ་ལ༔ གསང་སྔགས་རང་གི་ངོ་བོས་བཤད༔ ཅེས་དང་༔ ཇི་སྐད་དུ༔ ལོངས་སྐུའི་གསུང་ནི་རང་གི་ཡུལ་རྣམས་ལ༔ བརྡ་ཡི་སྒོ་ནས་གོ་བརྡ་སྤྲོད་པར་བྱེད༔ ཅེས་སོ༔ མཆོག་གི་སྤྲུལ་སྐུའི་ཚངས་དབྱངས་ཡན་ལག་དྲུག་ཅུར་དང་༔ གཞན་ཡང་རང་རང་དང་མཐུན་པའི་སྒྲ་སྐད་གང་ལ་གང་འདུལ་གྱི་ཆོས་ཚིག་བརྗོད་པའི་སྒོ་ནས་སྟོན་པ་འགྲོ་བའི་དོན་དུ་འབྱུང་བ་ནི་སྤྲུལ་སྐུའི་གསུངས་ཏེ༔ གསང་སྙིང་ལས༔ ཀུན་ལ་གྲགས་ཤིང་སོ་སོར་འཇལ༔ ཞེས་དང་༔ བཤགས་རྒྱུད་ལས༔ སྤྲུལ་སྐུའི་གསུང་ནི་ཡན་ལག་དྲུག་ཅུར་སྣང་༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ སྤྲུལ་སྐུའི་གསུང་གི་སྒོ་ནས་ནི༔ གང་ལ་གང་འོས་དྲང་དོན་དུ༔ དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས༔ སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན༔ ཞེས་སོ༔
གསུམ་པ་ཐུགས་ལའང་ལྔ་ལས༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་པ་ཉིད་མཁྱེན་པའི་ཡེ་ཤེས་ཀྱང་ཆོས་ཉིད་དེའི་རྗེས་སུ་སོང་བས་སྤྲོས་རྟོག་གི་ཕྱོགས་སུ་མ་ལྷུང་བར་རང་གསལ་བ་ནི་ཆོས་སྐུའི་ཐུགས་རྣམ་པར་མི་རྟོག་པ་སྟེ༔ ལམ་རིམ་ལས༔ དངོས་པོ་གཉིས་ཀྱི་ཡན་ལག་བཅས༔ སེམས་ཅན་ཕྱིར་ནི་སྟོང་ཆེན་པོའི༔ ཡེ་ཤེས་ཟུག་རྔུ་ལྡན་བྲལ་བའི༔ བདེ་བ་ཆེན་པོ་མཆོག་གི་ཐུགས༔ ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་༔ ཞེས་སོ༔ མེ་ལོང་ལས་གཟུགས་བརྙན་འཆར་བ་དང་༔ རྩོལ་རྟོག་མེད་པ་ལྟར་ཡེ་ཤེས་གཞན་གསུམ་གྱི་འཆར་གཞིར་གྱུར་པ་དང་༔ ངར་འཛིན་དང་རྒྱ་ཆད་མེད་པས༔ ཤེས་བྱ་མཁྱེན་ཀྱང་གཟུང་འཛིན་མེད་པ་སྒྲིབ་གཉིས་བག་ཆགས་དང་བྲལ་ཞིང་༔ རྟོགས་པ་མཐར་ཕྱིན་པས་ཤེས་བྱ་མཐའ་དག་རྩོལ་མེད་དུ་མཁྱེན་པ་ནི་མངོན་པར་བྱང་ཆུབ་པའི་ཐུགས་མེ་ལོང་ཡེ་ཤེས་ཡིན་ཏེ༔ རང་ཤར་ལས༔ མེ་ལོང་ཡེ་ཤེས་འགག་མེད་གསལ༔ ཞེས་དང་༔ རྒྱན་ལས༔ མེ་ལོང་ཡེ་ཤེས་མི་གཡོ་སྟེ༔ ཡེ་ཤེས་གསུམ་པོ་དེ་ལས་འབྱུང་༔ ཞེས་དང་༔ ལམ་རིམ་ལས༔ སྤྱི་དང་རང་མཚན་དབྱེར་མེད་ཀུན༔ ཡུལ་མེད་མེ་ལོང་ལྟར་གསལ་བ༔ མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ༔ རྣམ་པར་མི་རྟོག་མཆོག་གི་ཐུགས༔ ཞེས་སོ༔ གནས་ལུགས་འཁོར་འདས་སྣང་སྟོང་བླང་དོར་དབྱེར་མེད་མཉམ་པ་ཉིད་ལྷུན་གྲུབ་ཆེན་པོར་མཁྱེན་པ་ནི༔ ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས་སོ༔ ཀུན་གསལ་ལས༔ གཉིས་སུ་མེད་པར་བརྗོད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ༔ ཞེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ རིག་པ་སྟོང་གསལ་གཉིས་མེད་མཉམ་པ་ཡིས༔ གཉིས་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཞེས་དང་༔ བཤགས་རྒྱུད་ལས༔ མཉམ་ཉིད་ཡེ་ཤེས་བཟང་ངན་མེད་པར་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཆེན་པོ་ལྟ་བུར་ཐམས་ཅད་ལ༔ མི་ཕྱེད་བླང་དོར་མེད་མཉམ་ཞིང་༔ མཉམ་པ་ཉིད་ལས་མི་གཡོ་བ༔ མཉམ་པ་ཆེན་པོ་མཆོག་གི་ཐུགས༔ ཞེས་སོ༔ འཁོར་འདས་ཀྱི་ཆོས་སྤྱི་དང་རང་གི་མཚན་མ་ཀུན་དུས་གཅིག་ཏུ་མ་འདྲེས་པར་སོ་སོར་སྣང་ཡང་༔ ངོ་བོ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལས་འཕོ་འགྱུར་བྲི་གང་མེད་པར་མཁྱེན་པ་ནི༔ མི་འགྱུར་རྡོ་རྗེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་སྟེ༔ རང་ཤར་ལས༔ སོར་རྟོག་ཡེ་ཤེས་གོ་ཞིང་རྟོགས༔ ཞེས་དང་༔ སོར་རྟོག་སྤྱི་དང་རང་མཚན་མ་འདྲེས་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཆོས་དང་ཆོས་ཅན་ཀུན་བྲལ་བ༔ རང་སྤྱི་དབྱེར་མེད་དུས་གཅིག་དུ༔ མཁའ་ལ་འཇའ་ལྟར་ཤར་བ་ནི༔ མི་འགྱུར་རྡོ་རྗེའི་ཐུགས་མཆོག་གོ༔ ཞེས་སོ༔ གཞན་གྱི་ངོར་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པས་ཕན་བདེའི་བྱ་བ་རླབས་པོ་ཆེ་བསྒྲུབ་པ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས་རྣམ་པ་བཞི་རྩོལ་མེད་དུ་འཇུག་པ་ནི་སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས་སྟེ༔ སྤྲོས་བྲལ་དོན་གསལ་ལས༔ བྱ་བ་ཐམས་ཅད་ཐོགས་པ་མེད་པར་འགྲུབ༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་དང་༔ བཤགས་རྒྱུད་ལས༔ བྱ་གྲུབ་བདག་གཞན་དོན་ལ་རྩོལ་མེད་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཐུགས་རྗེ་ཆེན་པོའི་འབྲེལ་བ་དང་༔ ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར༔ བྱ་བྱེད་མེད་པར་རྣམ་བཞི་ཡིས༔ འགྲོ་བ་ཀུན་སྒྲོལ་ཐུགས་རྗེ་ཡིན༔ ཞེས་སོ༔ འདིར་སྐུ་ལྔའི་ཡེ་ཤེས་སུ་འཇོག་ཚུལ་གསུངས་པ་དང་༔ མདོ་རྒྱུད་གཞན་ནས་ཀྱང་འཇོག་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་མི་འགལ་བའི་ཚུལ་སངས་རྒྱས་གཅིག་གི་ཡེ་ཤེས་སུ་རོ་གཅིག་པས་ན་ངོ་བོ་ཐ་མི་དད་པའི་ཕྱིར་དང་༔ ཡེ་ཤེས་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རིགས་ཆུང་ཡོད་པའི་ངེས་པས་གསལ་བ་ཡིན་ནོ༔ དེ་ཉིད་ལས༔ སྐུ་གསུམ་ཡེ་ཤེས་ལྔ་པོ་སྟེ༔ ཆོས་སྐུ་རང་ལ་ལྷུན་གྱིས་གྲུབ༔ ཅེས་སོ༔
བཞི་བ་ཡོན་ཏན་ལའང་ལྔ་ལས༔ རྣམ་པར་དག་པའི་ཞིང་ཁམས་ནི༔ ཆོས་སྐུའི་ཆོས་སྐུ་མི་འགྱུར་རྡོ་རྗེའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ༔ ཆོས་སྐུའི་ལོངས་སྐུ་མངོན་པར་བྱང་ཆུབ་པའི་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་པ༔ ཆོས་སྐུའི་སྤྲུལ་སྐུའི་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ་སྟེ༔ ལྟ་བའི་སྙིང་པོའི་རྒྱུད་ལས༔ ཞིང་ཁམས་ཀུན་གཞི་བྱང་ཆུབ་སེམས༔ ཞེས་ཆོས་སྐུའི་སྐུ་གསུམ་གྱི་ཞིང་གསུངས་པ་དང་༔ ཡེ་ཤེས་རིན་པོ་ཆེའི་རྒྱུད་ལས༔ ཆོས་དབྱིངས་ཀྱི་ཕོ་བྲང་ན་རང་བྱུང་རིག་པའི་རྒྱལ་པོ་འཁོར་ཡེ་ཤེས་རྒྱ་མཚོ་ལ༔ ཞིང་ཁམས་སུམ་ཐོག་པའི་སྣང་བ་རང་ལ་རང་ཆས་སུ་བསྟན་པའི་ཆོས་ཉིད་ཟད་བའི་ངང་དུ་ཐིམ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང༔ ཞེས་སོ༔ ལོངས་སྐུ་རང་སྣང་རིགས་ལྔའི་ཞིང་ཁམས་ནི༔ ལྟ་བའི་སྙིང་པོ་ལས༔ ཞིང་ཁམས་འདུས་པ་ཆེན་པོ་ལ༔ ཞེས་དང་༔ སྤྲུལ་སྐུ་རྣམ་དག་དབུགས་འབྱིན་ལྔ་དང་༔ ས་སྤྱོད་མཁའ་སྤྱོད་རིགས་དྲུག་གི་གནས་སོ་སོའི་སྣང་ཚུལ་དང་བཅས་པ་སྟེ༔ མཁའ་མཉམ་ལས༔ ཞིང་ཁམས་སྲིད་གསུམ་གནས་རིས་འདིར༔ ཞེས་དང་༔ ལྟ་བའི་སྙིང་པོ་ལས༔ ཞིང་ཁམས་ཁམས་གསུམ་སེམས་ཅན་ལ༔ ཞེས་སོ༔ རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་ནི༔ ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཕྱོགས་དང་ཆ་ཡིས་མ་གོས་པ༔ ཕྱི་དང་ནང་མེད་པ་ཀུན་ཏུའང་ནང་དུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་སྟེ་ཆོས་སྐུའི་གཞལ་ཡས་ཁང་དང་༔ ཀུན་བྱེད་ལས༔ སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ༔ ཞེས་དང་༔ ཕྲེང་བ་ལས༔ ཆ་ཡིས་མ་གོས་པའི་གཞལ་ཡས་དམ་པ༔ ཞེས་སོ༔ ཆོས་ཉིད་རྣམ་པར་དག་པའི་མཁའ་དབྱིངས་སུ་ཡེ་ཤེས་རང་སྣང་གི་རྒྱན་དུ་ཤར་བའི་རང་བྱུང་འོད་ཀྱི་ཕོ་བྲང་ནི་རང་བཞིན་ལོངས་སྐུའི་གཞལ་ཡས་ཁང་ཡིན་ཏེ༔ རྒྱ་མཚོ་ལས༔ ཡོན་ཏན་ལྔ་ཡི་བདག་ཉིད་དེ༔ མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་༔ ཞེས་དང་༔ ཀློང་དྲུག་ལས༔ ཆོས་ཉིད་རྣམ་པར་དག་པའི་རྒྱན་བཀོད་པར་སྣང་བའི་ཕོ་བྲང་ན༔ ཞེས་དང་༔ ཡང་རང་ཤར་གྱི་གླེང་གཞི་ལས་བཤད་པ་ལ་སོགས་པ་སྤྲུལ་སྐུའི་གཞལ་ཡས་ཁང་ངོ་༔ དེ་ཉིད་ལས༔ གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པ༔ ཞེས་དང་༔ གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ༔ འདི་ལྟ་སྟེ༔ ཞེས་དང་༔ དེའི་འོག་ན་མ་དག་པའི་ཞིང་ཁམས་ན་མི་གཙང་པའི་ཁང་པ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡོད་དོ༔ ཞེས་སངས་རྒྱས་རང་སྣང་ལ་ཡོན་ཏན་ལྔ་དང་ལྡན་པའི་གཞལ་ཡས་ཁང་ལས་མི་སྣང་ཡང་གདུལ་བྱའི་དོན་དུ་སྣང་བའི་རྣམ་སྣང་གངས་ཆེན་མཚོའི་སྐུ་ལ་རྫོགས་པའི་ཞིང་ཁམས་ཀྱི་བཀོད་པ་ལྟ་བུར་འཇིག་རྟེན་གྱི་ཁམས་སུ་སྣང་བ་ནི་མ་དག་སྤྲུལ་སྐུའི་གཞལ་ཡས་ཁང་ཡིན་ནོ༔ དེ་དག་ཀྱང་༔ བཤགས་རྒྱུད་ལས༔ རང་རིག་བྱང་ཆུབ་སེམས་ཀྱི་ཞིང་ཁམས་ནི༔ མནན་ན་ནེམས་ལ་བཏེགས་ན་སྤར་ལ་སོགས༔ རང་རིག་གཞལ་ཡས་ཁང་ལ་ཕྱི་ནང་མེད༔ ཅེས་སོ༔ ཁྱད་པར་འཕགས་པའི་གདན་ཁྲི་ནི༔ སྤྲོས་བྲལ་འགྱུར་མེད་ཀྱི་ངང་ནས་མ་གཡོས་པ་ནི་ཆོས་སྐུའི་སྐུ་གསུམ་གྱི་གདན་ཡིན་ཏེ༔ ཀུན་གསལ་ལས༔ རྒྱལ་པོ་ནི་རང་རིག་པ་ཆོས་ཀྱི་སྐུའོ༔ གདན་ནི་རང་བཞིན་རྣམ་པར་དག༔ ཅེས་དང་༔ སྤྲོས་བྲལ་གྱི་དབྱིངས་འགྱུར་མེད་ཀྱི་ངང་ནས་རིག་པ་ཡེ་ནས་དག་པ་སྟེ༔ དེ་ནས་མ་གཡོས་པའོ༔ ཞེས་སོ༔ སྟོབས་དང་མི་འཇིགས་པ་ལ་སོགས་རྟགས་ཀྱི་ཕྱག་རྒྱ་ལྔ་བརྩེགས་སོགས་སུ་གསལ་བ་ནི་རང་སྣང་གི་ལོངས་སྐུའི་གདན་ཁྲི་སྟེ༔ གསང་སྙིང་ལས༔ སེང་གེ་གླང་ཆེན་རྟ་དང་ཁྱུང་༔ ནམ་མཁའ་ལྡིང་གི་ཁྲི་སྟེང་ལས༔ ཉི་ཟླ་པདྨ་རིན་པོ་ཆེ༔ ཞེས་སོ༔ དེ་དང་ཆ་འདྲ་བའི་རིན་པོ་ཆེ་སྣ་བདུན་གྱི་ཁྲི༔ ཆོས་འཆད་པའི་གདན་དང་བཅས་པ་ནི་སྤྲུལ་སྐུའི་གདན་ཏེ༔ རང་ཤར་ལས༔ དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་ཁྲི༔ ཆོས་འཆད་པའི་གདན་དང་བཅས་པ་ཡོད་དོ༔ ཞེས་སོ༔ གསལ་ཞིང་དག་པའི་འོད་ཟེར་ནི༔ ཆོས་སྐུའི་སྐུ་གསུམ་ལ་དངོས་སུ་སྣང་བ་མེད་ཀྱང་༔ མི་གནས་པའི་ཡེ་ཤེས་ཁ་དོག་འདས་པའི་འོད་ལྔ་ལས་འགྲོ་བའི་དོན་དུ་འོད་ཟེར་འཕྲོ་བའི་གཞིར་རང་ཤར་བ་སྟེ༔ དེ་དག་ཀྱང་༔ ཁ་སྦྱོར་ལས༔ མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་ནི༔ དྲི་མ་མེད་པའི་དཀར་པོ་རང་སར་དག་སྟེ༔ སྣང་བ་གང་དུ་མི་འབྱེད༔ མ་བཙལ་བཞག་པའི་སེར་པོ་རང་སར་དག་སྟེ༔ ཡུལ་དུ་མར་མི་སྣང་༔ ཆགས་པ་མེད་པའི་དམར་པོ་རང་སར་དག་སྟེ༔ ཤེས་པ་འདི་ཞེས་བྱ་བ་ནི་མི་སྣང་༔ བྱ་རྩོལ་བྲལ་བའི་ལྗང་གུ་རང་སར་དག་སྟེ་བྱ་བྱེད་ཐམས་ཅད་ལས་འདས་པ༔ མི་འགྱུར་ཡངས་པའི་མཐིང་ཀ་རང་སར་དག་སྟེ༔ ཤེས་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་སོ༔ ཞེས་སོ༔ དེ་ལས་ཕྱི་གསལ་ལོངས་སྐུ་ལ་རང་སྣང་གསལ་བ་ཁ་དོག་འཛིན་པའི་འོད་ཟེར་ལྔར་སྣང་བ་སྟེ༔ དེ་ཉིད་ལས༔ འོད་ནི་གཉིས་ཏེ༔ རང་གསལ་ཁ་དོག་འཛིན་པའི་འོད་དང་༔ མི་གནས་པའི་ཡེ་ཤེས་ཁ་དོག་ལས་འདས་པའི་འོད་དོ༔ ཡང་གསོལ་བ༔ དེ་རྣམས་གང་ལྟར་ལགས༔ བཀའ་སྩལ་བ༔ རང་སྣང་གསལ་བ་ཁ་དོག་འཛིན་པའི་འོད་ནི་ལྔ་སྟེ༔ དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་དང་༔ མཐིང་ཀའོ༔ ཞེས་དང་༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་༔ རྩལ་ལྔ་ཡོན་ཏན་ལྔ་ཡི་འབྲས་བུ་རྒྱུ་ནི་ཡེ་ནས་གདངས་ཁ་དོག་མེད་པའི་འོད་ལྔར་བཅས༔ ཡེ་གདངས་ལྔ་དང་ཟེར་ལྔ་ཁྱབ་བྱེད་ལྔ་ཡི་ཚུལ་དུ་རང་དག་གོ༔ ཞེས་སོ༔ དེ་ལྟར་ཆོས་སྐུ་འབྱུང་བ་ཆེན་པོ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པའི་དྭངས་མའི་འབྱུང་ལྔ་ལས༔ ལོངས་སྐུའི་སྣང་བ་མཚན་ཉིད་འཛིན་པའི་འོད་ལྔར་སྣང་ཞིང་༔ འགྲོ་བའི་དོན་དུ་གནས་དྲུག་ནས་འོད་ཟེར་ལས་སྤྲུལ་སྐུ་གྲངས་མེད་པར་འཕྲོ་བར་གསུངས་ཏེ༔ ཀུན་གསལ་ལས༔ ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག༔ རྡོ་རྗེ་སེམས་དཔའ་ནི་སྤྲུལ་པའི་སྐུའི་ཆོས་སྐུའོ༔ ངའི་དབུའི་གཙུག་ཏོར་དང་༔ མཛོད་སྤུའི་བུ་ག་དང་༔ ཤངས་ཀྱི་རླུང་སྒྲོམ་ལ་སོགས་པ་ནས་བྱུང་བའི་སྐུ་དང་༔ འཇམ་དཔལ་དྲི་མེད་སྙིང་པོ་ལ་སོགས་པ་རྣམས་ནི་སྤྲུལ་པའི་སྐུའི་ལོངས་སྐུའོ༔ ཐུབ་པ་དྲུག་དང་དགའ་རབ་རྡོ་རྗེ་ལ་སོགས་པ་ནི༔ སྤྲུལ་པ་སྐུའི་སྤྲུལ་སྐུའོ༔ ཞེས་གསུངས་སོ༔ ཡང་སྤྲུལ་སྐུའི་གནས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའང་༔ རྒྱལ་མཚན་རྩེ་མོའི་རྒྱུད་ལས༔ ངའི་རང་བཞིན་ཆེན་པོ་ལྔར་ཡེ་ནས་སངས་རྒྱས་པས༔ གཟུགས་ཀྱི་སྐུའི་འོད་ཟེར་ལྔར་སྣང་བ་ཡིན་ཏེ༔ དེ་ཅིའི་ཕྱིར་ཞེ་ན༔ ངའི་སྐུ་ཡེ་ཤེས་སྒྱུ་མའི་ལུས་སུ་མ་བསྟན་ན༔ ངོ་བོ་དང་རང་བཞིན་དེ་བཞིན་གཤེགས་པས་མི་གཟིགས་མི་མཁྱེན་ནོ༔ ངའི་ཐུགས་རྗེ་སྤྲུལ་པའི་སྐུ་འོད་དུ་བསྟན་པས༔ སེམས་ཅན་རྣམས་ཀྱིས་ཤེས་པར་བྱ་བའི་ཆེད་དུ༔ དབུའི་ཐོར་གཙུག་དང་༔ མཛོད་སྤུའི་བུ་ག་དང་༔ ཤངས་ཀྱི་རླུང་སྒྲོམ་དང་༔ ལྗགས་ཀྱི་པདྨོ་དང་༔ ཐུགས་ཀྱི་དཔལ་བེའུ་དང་༔ བ་སྤུའི་བུ་ག་ཡན་ཆད་ནས་འོད་ཟེར་ལྔ་བྱེ་བ་དྲུག་ཏུ་འགྱེད་པའོ༔ འོད་ཟེར་དེ་ཡང་དཔག་ཏུ་མེད་པ་བཟུང་དུ་མེད་པའོ༔ ཞེས་སོ༔ ལྔ་བ་དགྱེས་དགུར་རོལ་པའི་འདོད་ཡོན་ནི༔ སངས་རྒྱས་ཀྱི་དུས་སུ་འདོད་པའི་ཡོན་ཏན་ལ་དངོས་འཛིན་ཆགས་སྲེད་མེད་བཞིན་དུ་ཡེ་ཤེས་ཀྱི་རྒྱན་ནམ་ཆེ་བའི་ཡོན་ཏན་དུ་མ་སྤངས་ལྷུན་གྱིས་གྲུབ་པར་རྫོགས་པ་གཞལ་ཡས་ཁང་གི་རྒྱན་བདུན་ལ་སོགས་པའི་ཕུན་སུམ་ཚོགས་པའི་བཀོད་པ་མ་བྱས་རང་བྱུང་བ་ནི༔ འོད་རིམ་ལས༔ གཟུགས་སོགས་ལྷ་མོར་གྲགས་པ་སྟེ༔ སྣ་ཚོགས་མཆོད་ཆ་རོལ་མོ་ཡིས༔ བར་སྣང་ཀུན་ཏུ་སྤྲིན་འབྱུང་བཞིན༔ ཞེས་དང་༔ གསང་སྙིང་ལས༔ གཟུགས་སྣ་ཚོགས་དང་༔ སྒྲ་སྣ་ཚོགས་དང་༔ དྲི་སྣ་ཚོགས་དང་༔ རོ་སྣ་ཚོགས་དང་༔ རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པ་རང་བྱུང་ལ༔ མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབ་པ༔ ཞེས་དང་༔ བཤགས་པའི་རྒྱུད་ལས༔ འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པའི་རྟགས༔ རང་རིག་ཉིད་ཀྱི་རྒྱན་དུ་སྣང་བ་སྟེ༔ འཁོར་འདས་མ་སྤངས་ལྷུན་གྱིས་གྲུབ་པ་ཡིས༔ ཞེས་སོ༔ དེ་ལྟ་བུའི་ཡོན་ཏན་ལྔ་པོ་དེ་དག་ཀྱང་ལམ་རིམ་ལས༔ ལྷུན་རྫོགས་རིག་པ་རང་སྣང་བ༔ ཞིང་ཁམས་གཞལ་ཡས་གདན་ཁྲི་རྒྱན༔ འོད་ཟེར་དུ་མར་སྣང་བ་སྟེ༔ ཞེས་སོ༔
ལྔ་བ་ཕྲིན་ལས་ལའང་ལྔ་སྟེ༔ གདུལ་བྱའི་རྒྱུད་ཀྱི་རྒྱུ་ཀུན་འབྱུང་ལས་ཉོན༔ འབྲས་བུ་རིགས་དྲུག་སོ་སོ་དང་༔ འཁོར་བ་སྤྱིའི་སྡུག་བསྔལ་མཐའ་དག་ཞི་བའི་ཐབས་བསམ་གྱིས་མི་ཁྱབ་པའི་མཛད་པ་ནི༔ ཞི་བའི་ཕྲིན་ལས་ཡིན་ཏེ༔ རྩལ་རྫོགས་ལས༔ ཞི་བས་ཆོས་ཉིད་ངང་དུ་སྡུད༔ ཅེས་སོ༔ གནས་སྐབས་སུ་འབྱོར་པ་དྲུག་སོགས་རྒྱས་པ་དང་༔ མཐར་ཐུག་དེ་བཞིན་གཤེགས་པ་ཆོས་གྱི་རྒྱལ་པོའི་ཡོན་ཏན་དང་མངའ་ཐང་རྫོགས་པར་མཛད་པས་འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་ནི་རྒྱས་པའི་ཕྲིན་ལས་ཡིན་ཏེ༔ དེ་ཉིད་ལས༔ རྒྱས་པ་སྣ་ཆོགས་ངོ་བོར་སྟོན༔ ཞེས་སོ༔ གནས་སྐབས་སུ་མོས་པ་རྣམ་བཞི་ལ་སོགས་པ་དང་༔ མཐར་ཐུག་དབང་གི་ཆུ་བོ་བཞིས་གདུལ་བྱའི་རྒྱུད་མ་སྨིན་པ་ཡོངས་སུ་སྨིན་པའི་ལས་མཛད་པ་ཡང་༔ དེ་ཉིད་ལས༔ དབང་གིས་མ་སྨིན་སྨིན་པར་བྱེད༔ ཅེས་སོ༔ གདུག་པ་ཅན་ལ་སྤྲུལ་སྐུ་ཁྲོ་བོའི་སྐུར་བཞེངས་པས་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པའི་སྒོ་ནས༔ འཁོར་བ་མྱང་འདས་སུ་བསྒྲལ་བའི་མཛད་པ་ནི་དྲག་པོའི་ཕྲིན་ལས་ཡིན་ཏེ༔ དེ་ཉིད་ལས༔ དྲག་པོས་ཐམས་ཅད་ཚར་གཅོད་བསྒྲལ༔ ཞེས་སོ༔ དེ་ལྟར་ཕྲིན་ལས་རྣམ་པ་བཞི་པོ་ཕྱོགས་དང་རིས་སུ་ཆད་པ་མེད་པའི་ལྷུན་གྲུབ་ཀྱི་མཛད་པ་ཡོངས་རྫོགས་རྒྱུན་མི་ཆད་པས་མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པ་སྟེ༔ མངོན་རྟོགས་རྒྱན་ལས༔ དེ་བཞིན་སྲིད་པ་ཇི་སྲིད་འདིའི༔ ལས་ནི་རྒྱུན་མི་འཆད་པར་མཛད༔ ཅེས་དང་༔ བཤགས་པའི་རྒྱུད་ལས༔ དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང་༔ ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད༔ ཅེས་སོ༔
གསུམ་པ་འབྲས་ཆོས་ལྔའི་གོ་དོན་གྱི་མཇུག་བསྡུ་བ་ནི༔ དེ་ལྟ་བུའི་འབྲས་ཆོས་ཉེར་ལྔ་པོ་དེ་དག་ཀྱང་འབྲས་ཆོས་ཀུན་གྱི་རྟེན་བྱེད་པས་ན་སྐུ་ཞེས་བྱ་སྟེ༔ གཞན་དུ་གཟུགས་སུ་བལྟ་ན་ཆོས་སྐུའི་སྐུ་གསུམ་ལ་འོད་དང་མཚན་དཔེའི་ལུས་མེད་པས་ན་རང་མཚན་པའི་དབྱིབས་སུ་མི་སྲིད་པས་མི་འཐད་དོ༔ བརྡ་སྤྲོད་པས་གསུང་ཞེས་བྱ་སྟེ༔ གཞན་སྒྲ་རང་མཚན་པས་བརྗོད་པ་ལ་བསམ་ན༔ དེ་ཡང་གསུང་སྔ་མ་གསུམ་ལ་བརྡ་ཚིག་མེད་པ་དང་༔ ལོངས་སྐུའི་གསུང་ལའང་༔ ཚིག་གི་བརྗོད་པ་མེད་པས་མེད་པ་སྟེ༔ སྒྲར་སྣང་བ་ཙམ་གྱི་ཁྱད་པར་དུ་བྱས་པའོ༔ ཤེས་བྱ་མཁྱེན་པས་ཐུགས༔ འདོད་དགུ་མ་ལུས་པ་མ་བྱས་ལྷུན་གྲུབ་ཆེན་པོར་འབྱུང་བས་ན་ཡོན་ཏན༔ བྱ་བ་བྱེད་པའི་ཆ་ནས་ཕྲིན་ལས་ཞེས་བྱ་སྟེ༔ དགོངས་འདུས་ལས༔ རྟེན་བྱེད་པས་ན་སྐུ་ཉིད་དོ༔ གོ་བརྡ་སྤྲད་པས་གསུང་ཉིད་དོ༔ རིག་ཅིང་མཁྱེན་པས་ཐུགས་ཉིད་དོ༔ འདོད་རྒུར་འབྱུང་བས་ཡོན་ཏན་ནོ༔ བྱ་བ་བྱེད་པས་ཕྲིན་ལས་སོ༔ ཞེས་སོ༔
ལྔ་པ་༼ བདུན་པ། དཔྱད། ༽སྤྱི་བཅིངས་ནི༔ ལམ་གྱི་གྲོང་ཁྱེར་དང་༔ ཆུ་བྲན་གྱི་རྒྱ་མཚོ་དང་༔ རི་བདུན་གྱི་རི་རྒྱལ་དང་༔ འབྱུང་བཞིའི་འབྱུང་ས་དང་འདུ་ས་ནམ་མཁའ་ཡིན་པ་ལྟར༔ ཐེག་པ་ཐམས་ཅད་ཀྱི་འབྱུང་ས་དང་འདུས་སོ་ཨ་ཏི་ཡོ་ག་བླ་ན་མེད་པའི་ཐེག་པ་ཡིན་པའི་ཕྱིར་དང་༔ གཞན་འདིའི་ཡན་ལག་ཡིན་པས་འབྱུང་ས་དང་༔ འདི་དེ་དག་གི་འབྲས་བུ་ཡིན་པས་ན་འདུ་སའོ༔ རྒྱུ་མཚན་དེས་ན་གཞན་གྱི་འབྲས་བུ་སོ་སོའི་ངོས་འཛིན་ཀྱང་གཅིག་ཏུ་ན་དེ་དག་གི་ལམ་གྱི་ཆོས་སྐུ་ལ་སོགས་པ་སྐུ་གསུམ་ལུགས་ལྡོག་གཞི་སྣང་གི་འབྲས་བུ་ཉི་ཚེ་བ་རེ་ཐོབ་པ་ལས༔ ལྟ་བསྒོམ་སྤྱོད་པའི་དོན་ལ་རྨོངས་པའི་མ་རིག་པའི་ཆ་མཐའ་དག་མ་སེལ་བའི་སྒྲིབ་པ་ཕྲ་མོའི་གཉེན་པོར་མི་འགྲོ་བའི་ཕྱིར་ན༔ མཐར་ཐུག་གི་ཆོས་སྐུ་བདེ་བ་ཆེན་པོ་ཐོབ་མི་ནུས་ཏེ༔ དེའི་ཕྱིར་ན་ལམ་འདིའི་རྨོངས་པ་མེད་པའི་ཐབས་ཤེས་ཀྱི་སྐུ་མཐར་ཐུག་པ་ཀ་དག་གདོད་མའི་དབྱིངས་ནང་གསལ་གྱི་སྐུ་གསུམ་གཞོན་ནུ་བུམ་པའི་སྐུར་བཙན་ས་ཟིན་པ་ནི་ཐེག་པ་གཞན་ནས་མ་བསྟན་པའི་གསང་བ་ཆེན་པོའི་སྐུ་ཞེས་བྱ་སྟེ༔ འདི་ལྟ་བུའི་གཞི་རང་ལ་ཡོད་པ་མངོན་དུ་གྱུར་རིམ་ལས་གཞན་གྱི་འབྲས་བུ་འབྱུང་ས་དང་༔ མཐར་ཐུག་པའི་འདུ་སའང་ཡིན་ལ༔ ཡང་གཞན་སྣང་དུ་སྐུ་གསུམ་འབྱུང་ས་དང་༔ གདུལ་བྱ་མེད་ན༔ འདུལ་བྱེད་ཀྱི་མཚན་དཔེ་དབྱིངས་སུ་ནུབ་པས་འདུ་ས་གཉིས་ཀ་ཡིན་པས༔ རྒྱུ་མཚན་དེས་ན་འབྲས་བུ་ཀུན་གྱི་སྤྱི་ནི་གསང་བ་ཆེན་པོའི་སྐུས་བཅིངས་པ་སྟེ༔ དཔེ་དོན་དེ་དག་ཀྱང་༔ བང་མཛོད་འཕྲུལ་ལྡེ་ལས༔ ལམ་གྱི་སྤྱི་ནི་གྲོང་གིས་བཅིངས༔ ཆུ་ཕྲན་སྤྱི་ནི་རྒྱ་མཚོས་བཅིངས༔ འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས༔ རི་བདུན་སྤྱི་ནི་རི་རབ་བཅིངས༔ ཐེག་པའི་སྤྱི་ནི་ཨ་ཏིས་བཅིངས༔ སྐུ་གསུམ་སྤྱི་ནི་གསང་ཆེན་སྐུ་ཡིས་བཅིངས༔ ཡེ་ཤེས་ཀུན་གྱི་སྤྱི་དག་ནི༔ རང་བྱུང་ཡེ་ཤེས་ཆེན་པོས་བཅིངས༔ ཞེས་ལམ་གྱི་ཡེ་ཤེས་ཐམས་ཅད་དབྱིངས་སུ་ཞི་ནས་རང་བྱུང་གི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བས་དོན་དང་བཅས་པའི་བསྔགས་བརྗོད་མཛད་པའོ༔
དྲུག་པ་༼ བརྒྱད་པ། དཔྱད། ༽གྲགས་ཚོད་ནི༔ དེ་ལྟ་བུའི་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་དང་བཅས་པར་གྲགས་པ་ཐམས་ཅད་ཐ་སྙད་སྣང་ཚུལ་གྱི་ཕྱོགས་ནས་གྲགས་པ་ཡིན་ནམ༔ སྟོང་ཉིད་གནས་ཚུལ་གྱི་དབང་དུ་གྲགས་པ་ཡིན༔ དང་པོ་ཡིན་ན་འཁྲུལ་བར་ཐལ༔ ཀུན་རྫོབ་འཁྲུལ་པ་ཡིན་པའི་ཕྱིར༔ ཕྱི་མ་ཡིན་ན་སྐུ་དང་ཡེ་ཤེས་མེད་པར་ཐལ༔ དོན་དམ་སྟོང་ཉིད་དུ་ངེས་པའི་ཕྱིར༔ ཞེས་རྣམ་གྲངས་ཀྱི་དོན་དམ་ཙམ་ལ་གོ་བ་ཆགས་པའི་གང་ཟག་དང་མཚན་ཉིད་པའི་དབུ་མ་ཐལ་འགྱུར་དུ་རློམ་པ་དག་བབ་ཅོལ་དུ་སྨྲ་སྟེ༔ ལར་ཐེག་ཆེན་པས་སྐུ་གསུམ་དང་ཁྱད་པར་ལོངས་སྐུའི་རྒྱུན་གྱི་རྟག་པ་ངེས་པ་ལྔ་ལྡན་དུ་བཞེད་བཞིན་དུ༔ དེ་ཉིད་འཁྲུལ་པ་ཡིན་པའི་བརྒྱུད་ཆུ་འདྲེན་པ་ཡང་མ་གོ༔ ཡང་ན་འབྲས་བུ་སྐུ་གསུམ་ངོ་བོ་ཉིད་དང་བཞི་རུ་གསུངས་པའི་རྣམ་དབྱེ་ཙམ་ཡང་ཡིད་ལ་མ་ངེས་པར༔ གཞི་འབྲས་ཀྱི་རྣམ་པ་ཀུན་ཏུ་དོན་དམ་ཡིན་ན་སྟོང་ཉིད་ཙམ་ལས་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་དབྱེ་གཞི་མེད་པའི་དབྱེ་བའི་ཚིག་འཁྱལ་ཙམ་དུ་སོང་པའི་གང་ཟག་ལ༔ ཉེས་པ་འདི་དག་རང་གི་ལྟག་ཆོད་དུ་ཆེད་དུ་གཉེར་བ་སྟེ༔ འོན་ཀྱང་འདི་ཡིན་ཏེ༔ ཀུན་རྫོབ་ཡིན་ན་འཁྲུལ་པ་དང་༔ དོན་དམ་ཡིན་ན་རྣམ་པ་ཀུན་ཏུ་སྟོང་ཉིད་ཡིན་པས་མ་ཁྱབ་སྟེ༔ སྣང་སྟོང་ལ་འཁོར་འདས་བདེན་གཉིས་སུ་བཞག་པ་གཙོ་ཆེ་བ་མཚན་ཉིད་པས་འདོད་པ་ལྟ་བུ་དཔྱད་ན་རྣམ་གྲངས་པའི་དོན་དམ་དང་ཚུལ་གཅིག་པའི་མེད་དགག་ཞིག་དང་༔ སྣང་ཆ་དེ་ལའང་གནས་སྣང་དག་མ་དག་གི་ཁྱད་པར་ལས༔ ཀུན་རྫོབ་འཁྲུལ་པའི་གནས་ཚུལ་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པ་ཆེན་པོ༔ ཤར་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་༔ འཆར་གཞི་དབྱིངས་སྤྲོས་བྲལ་དང་ཡེ་ཤེས་ལྷུན་གྲུབ་སྟེ་དོན་དམ་དཀོར་བདུན་དུ་ལྷུན་གྱིས་གྲུབ་པར་བསྟན་པ་བདེན་གཉིས་ཟུང་འཇུག་ཆེན་པོ་གསང་སྔགས་ཀྱི་ཚུལ་མ་ཡིན་དགག་གི་སྟོང་ཉིད་དེ་གཉིས་སུ་ཡོད་པའི་ཕྱི་མའི་ལྟ་བའི་ཡུལ་གནས་ཚུལ་དག་པ་ཆེན་པོའི་གཞི་ཉིད་དག་པ་གཉིས་ལྡན་དུ་གྱུར་པའི་འབྲས་ཆོས་ཉེར་ལྔར་བཤད་པ་ཐ་སྙད་རྣམ་དག་གི་དོན་དམ་དཀོར་བདུན་དེ་ཡང་༔ སྣང་སྟོང་ལ་བདེན་གཉིས་སུ་བསྟན་པའི་དབང་དུ་བྱས་ན་བསམ་དབང་ཀུན་རྫོབ་ཀྱི་བདེན་པར་གྲགས་པ་ལས་དངོས་དབང་སྟོང་ཉིད་དོན་དམ་པའི་ངོས་ནས་རང་བཞིན་གང་དུའང་མ་གྲུབ་པའི་མྱང་འདས་མཚན་མའི་དངོས་པོ་ལས་རྣམ་པར་ཐར་པའི་སྒོ་གསུམ་དུ་བྱང་ཆུབ་པའི་ངོ་བོར་གནས་པ་ཡིན་ཏེ༔ མན་ངག་འཕྲུལ་ལྡེ་ལས༔ སྐུ་དང་ཡེ་ཤེས་དོན་དམ་བདེན༔ གང་གི་ཕྱོགས་ནས་གྲགས་པ་ཡིན༔ སངས་རྒྱས་སེམས་ཅན་སྣང་སྲིད་ཆོས༔ གང་གི་ཕྱོགས་ནས་གྲགས་པ་ཡིན༔ གསང་བའི་བདག་པོས་བསྟན་དུ་གསོལ༔ གསང་བའི་བདག་པོས་ཡང་གསུངས་པ༔ སྐུ་དང་ཡེ་ཤེས་དོན་དམ་བདེན༔ སངས་རྒྱས་སེམས་ཅན་སྣང་སྲིད་ཆོས༔ བསམ་དབང་ཕྱོགས་ནས་གྲགས་ཤིང་སྣང་༔ དངོས་དབང་ཕྱོགས་ནས་དེ་མི་བདེན༔ ཞེས་སོ༔
བདུན་པ་༼ དགུུ་པ། དཔྱད། ༽དབྱེར་མེད་ཐིག་ལེ་ཉག་གཅིག་དུ་དོན་འདུས་པར་བསྟན་པ་ནི༔ དེ་ལྟར་དབྱིངས་ནང་གསལ་གྱི་སྐུ་གསུམ༔ གཅིག་ཏུ་བྱས་ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་ཏེ༔ སོ་སོར་བགྲང་སྐུ་གསུམ་ལས་ཕྱེ་བའི་འབྲས་ཆོས་མཐའ་དག་གཅིག་གམ་ཐ་དད་སྙམ་ན༔ དངོས་དབང་ཆོས་ཉིད་ཀྱི་ངོས་ནས་ཟག་མེད་ངོ་བོ་ཉིད་ཀྱི་ཆོས་སྐུ་སྤྲོས་པའི་གྲྭ་ཟུར་དང་བྲལ་བའི་ཐིག་ལེ་ཉག་གཅིག་ཡེ་ཤེས་དང་བཅས་པ་ལ་མ་འདུས་པ་མེད་དེ་ནམ་མཁའ་དང་ནམ་མཁའི་རང་བཞིན་དབྱེར་མེད་པ་ལྟ་བུའོ༔ དེ་ཡང་རྒྱུད་བླ་མ་ལས༔ དོན་དམ་བདེན་མཛད་དེ་བཞིན་གཤེགས་པ་ནི༔ ནམ་མཁའ་བཞིན་དུ་རྒྱུ་མཚན་ཀུན་དང་བྲལ༔ ཞེས་དང་༔ ཐལ་བ་ནག་པོའི་རྒྱུད་ལས༔ སྐུ་ལྔ་ཡེ་ཤེས་ལྔ་པོ་ཡང་༔ ངོ་བོ་ཉིད་ཀྱི་ཡེ་ཤེས་དང་༔ ངོ་བོ་ཉིད་ཀྱི་སྐུ་ལ་འདུས་པ་ཡིན༔ ཞེས་སོ༔ ཏིང་འཛིན་རྒྱལ་པོ་ལས༔ མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ༔ གང་ཕྱིར་དེ་མེད་ནམ་ཡང་མེད་མི་འགྱུར༔ རྟོག་ཅན་དག་ནི་ཡོད་དང་མེད་ཅེས་བྱ༔ དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར༔ ཞེས་སོ༔ འོན་ཀྱང་བསམ་དབང་ཆོས་ཅན་རྣམ་དག་གི་ངོས་ནས༔ ཐུགས་རྗེ་ཀུན་ཁྱབ་ཆེན་པོར་ཡོད་པས༔ སྔོན་གྱི་སྨོན་ལམ་དང་འབྲེལ་བའི་དབང་གིས་གཟུགས་སྐུ་ཐ་དད་པར་རྣམ་པ་སྣ་ཚོགས་པའི་ཚུལ་དུ་འབྱུང་བས་གཅིག་པའང་མ་ཡིན་ལ༔ ཡང་སངས་རྒྱས་རང་ངོས་ནས་དགོངས་པའི་རང་སྣང་ནང་གསལ་དབྱིངས་ལས་མི་གཡོ་ཞིང༔ ཕྱི་གསལ་དུ་གདུལ་བྱ་ལ་མི་སྣང་བས་ཆོས་སྐུ་གཅིག་གི་རང་བཞིན་ཡིན་ལ༔ ཕྱི་གསལ་གྱི་སྐུ་གཉིས་གཞན་སྣང་དང་འབྲེལ་བས་སྣང་རུང་གི༔ གཅིག་ཏུ་མི་རུང་ལ༔ ངོ་བོ་ལ་དབྱེར་མེད་པས་ཐ་དད་དུ་མི་འཐད་དེ༔ དེས་ན་གཅིག་ཐ་དད་ཀྱི་མཐའ་དང་བྲལ་བ་ཞེས་བྱ་སྟེ༔ བང་མཛོད་འཕྲུལ་ལྡེ་ལས༔ བསམ་དབང་འཁྲུལ་བའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང་༔ གཉིས་མེད་དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག༔ ཅེས་དང་༔ མདོ་སྡེའི་རྒྱན་ལས་ཀྱང་༔ ཟག་མེད་དབྱིངས་ལ་སངས་རྒྱས་རྣམས༔ མཁའ་ལྟར་ལུས་ནི་མེད་པ་དང་༔ སྔོན་གྱི་ལུས་རྗེས་བསྒྲང་༼ འབྲང་དཔྱད། ༽པའི་ཕྱིར༔ སངས་རྒྱས་གཅིག་མིན་ཐ་དད་མིན༔ ཞེས་སོ༔
གསུམ་པ་དོན་གྱི་མཇུག་སྡུད་པ་ལ༔ འབྲས་ཆོས་ལྔའི༔ དབྱེ་བསྡུའི་གྲངས་ཀྱི༔ འཆད་ཚུལ་དགོངས་པའི༔ མཁའ་གསལ་སྤྱིའི་མཇུག་སྡུད་པ་དང་བཞི་ལས༔
དང་པོ་ནི༔ དེ་ལྟ་བུའི་འབྲས་བུ་དེ་ལའང་སྐུ་གསུམ་དགུ་སྤྲུགས་སུ་དབྱེ་བས་ཕུན་སུམ་ཚོགས་པ་ལྔ་ལྔའི་ངེས་པ་དང་༔ སྐུ་གསུམ་གྱི་འབྲས་ཆོས་བཅོ་ལྔའི་རྣམ་པར་བཞག་པ་ལ་སོགས་པའི་འཆད་ཚུལ་ནི་དེ་ཉིད་ཀྱི་རྒྱན་དང་༔ འབྲི་གུང་ཟངས་ཤོག་ཅན་གྱི་འགྲེལ་བ་ལས་སྨོས་པ་ལྟར་ཤེས་པར་བྱ་ཞིང་༔ ཡང་སངས་རྒྱས་མཐར་ཐུག་པ་ནི་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་སྤང༵ས་ཤིང་སླར་ལྡོག་མི་ཤེས་པའི་ཚུལ་དུ་སང༵ས་ནས༔ ངོ་བོ་ཀ་དག་སྟོང་གསལ་རྡོ་རྗེ་མི་འགྱུར་བའི་ཡེ་ཤེས་ཀྱི་དོན་ཡང་དག་པར་རྟོག༵ས་པའི་ངང་རྒྱས༵༔ རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པ་སྤང༵ས་ཤིང་ས༵ངས་ནས༔ ལོངས་སྐུའི་འཆར་གཞི་རང་བཞིན་ལྷུན་གྲུབ་མངོན་པར་བྱང་ཆུབ་ཀྱི་ཡེ་ཤེས་རྟོག༵ས་པའི་ངང་རྒྱས༵༔ འབྲས་བུ་ཀུན་ཏུ་བཏགས་པའི་མ་རིག་པ་སྤང༵ས་ཤིང་སླར་ལྡོག་མི་ཤེས་པའི་ཚུལ་དུ་ས༵ངས་ནས༔ སྤྲུལ་སྐུའི་འཆར་གཞི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆོས་སྐུའི་རྟོག༵ས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ལ་སོགས་པ་རྒྱས༵་པ་ཉིད་ཡིན་ཏེ༔ ཀློང་གསལ་ལས༔ ངོ་བོ་སྟོང་པའི་ཡེ་ཤེས་རྒྱས༔ རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད༔ དབྱེར་མེད་ཆེན་པོར་ཡེ་སངས་རྒྱས༔ ཞེས་སོ༔ དེ་ལྟར་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་འདུ་འབྲལ་མེད་པ་ནི་སངས་རྒྱས་ཉག་གཅིག་གི་རང་སྣང་གིས་བསྡུས་པས་ན་སྐུ་དང་ཡེ་ཤེས་མཚན་ཉིད་པ་ཡིན་ལ༔ དེས་ན་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རང་སྣང་ལོངས་སྐུ་ཉིད་ཀྱང་སངས་རྒྱས་རང་ངོས་ནས་སྣང་བ་མ་འགགས་པར་གསལ་ནའང་གདུལ་བྱ་གཞན་ལ་མི་སྣང་ཞིང་༔ སྣང་ཆ་མ་འདྲེས་པའི་གཟུགས་སྐུ་ཡིན་ན་ཡང་ས་བཅུའི་དབང་ཕྱུག་གིས་ཀྱང་མི་གཟིགས་པས་གཞན་དོན་དུ་སྣང་བའི་གཟུགས་སྐུའི་ཆོས་རྣམས་མཇལ་བར་སྟོན་པའི་མདོ་སྔགས་ཐུན་མོང་ནས་བསྟན་པའི་ལོངས་སྐུ་ཡང་མ་ཡིན་ཏེ༔ དེས་ན་ཇི་སྐད་དུ༔ སྐུ་གསུམ་སྣང་ཆ་མ་འདྲེས་མངོན་བྱང་ཆུབ༔ ཅེས་པའི་སྣང་བ་ཡིན་པས་ན་ཞིབ་ཏུ་ན་འཆར་གཞི་རང་བཞིན་ལྷུན་གྲུབ་མངོན་བྱང་གི་ཡེ་ཤེས་ཡིན་པའི་གནད་ཀྱིས་ཤར་ཆོས་སམ་རོལ་པ་རང་སྣང་ལོངས་སྐུའང་དེའི་ཁོངས་སུ་འདུ་བར་རིགས་སོ༔ སྐུ་གསུམ་གྱི་སྤྱི་ལ་བཏགས་པར་འདོད་པས་མིང་ཙམ་གྱི་ངལ་བ་ལས་སྐུ་ལྔའི་རྣམ་པར་བཞག་པ་མཚན་ཉིད་པ་མེད་པར་འགྱུར་བས་ན་མི་འཐད་པར་ཤེས་པར་བྱའོ༔ དེས་ན་དབྱིངས་ཀྱི་ཆ་ནས་ཆོས་སྐུའི་ཆོས་སྐུ་རྡོ་རྗེའི་སྐུ༔ སྤངས་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་སྤངས་ཤིང་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་སླར་ལྡོག་མི་ཤེས་པར་བྱང༵་བ་དང་༔ རྟོག༵ས་བྱ་སངས་རྒྱས་རང་སྣང་གི་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་བསམ་གྱིས་ཁྱབ་པའི་རང་སྣང་མངོན་པར་ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁོང་དུ་ཆུབ༵་པའི་ཆ་ནས་ཆོས་སྐུའི་ལོངས་སྐུ་མངོན༵་པ༵ར་བྱང་ཆུབ༔ ཡེ་ཤེས་ཀྱི་ཆ་ནས་ཐུགས་རྗེ་ཀུན་ཁྱབ༔ སྟོབས་བཅུ་མི་འཇིགས་མ་འདྲེས་བཅོ་བརྒྱད་ཀྱི་རྩལ་ཅན་དུ་གྱུར་པ་ནི་ཆོས་སྐུའི་སྤྲུལ་སྐུ་ཡེ་ཤེས་ཆོས་སྐུར་སྨོས་པ་སྟེ༔ དབྱིངས་ནང་གསལ་གྱི་སྐུ་གསུམ་ཞེས་བྱའོ༔ དེ་དག་གི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ་ཕྱག་རྒྱ་ལོངས་སྐུ༔ མཚན་སོ་གཉིས༔ དཔེ་བྱད་བརྒྱད་ཅུའི་བདག་ཉིད་དང་༔ མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་གཟུགས་སུ་སྣང་བ་དང༔ ནང་གསལ་རང་བཞིན་ལྷུན་གྲུབ་ཡེ་ཤེས་ལས༔ ཕྱི་གསལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང༔ ནང་གསལ་ཐུགས་རྗེ་ཀུན་ཁྱབ་ལས་ཕྱི་གསལ་ཡུལ་ལ་འཇུག་པའི་ཡེ་ཤེས་གཉིས་འབྱུང་ཞིང་༔ སྐུ་དང་ཡེ་ཤེས་དེ་དག་གི་ཕྲིན་ལས་ཕྱི་ནང་གསང་གསུམ་གྱི་མཛད་པ་སུམ་ཅུ་རྩ་དྲུག་དྲུག་དང་༔ ཐུབ་པའི་མཛད་པ་བཅུ་གཉིས་ལ་སོགས་པས་འགྲོ་བའི་དོན་རྒྱུན་ཆད་མེད་པར་འབྱུང་བ་ཡིན་ནོ༔ ཀློང་དྲུག་པ་ལས༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལས༔ ལོངས་སྐུ་སྐར་མའི་ཚོགས་ལྟ་བུར་རང་ཤར་ནས༔ སྤྲུལ་སྐུ་སྤྲིན་ཕུང་ལྟ་བུར་རང་འདུས་ནས་སེམས་ཅན་གྱི་དོན་མ་འགག་པར་བྱེད་པ་ཡིན་ནོ༔ ཞེས་སོ༔
གཉིས་པ་དབྱེ་བསྡུའི་གྲངས་ཀྱིས་མཇུག་སྡུད་པ་ནི༔ དེ་ལྟར་སངས་རྒྱས་ཆོས་སྐུའི་ཡེ་ཤེས་དེ་དག་ཀྱང་ངོ་བོ་དབྱེར་མེད་པ་དང་༔ གཟུགས་སྐུ་གཉིས་ཆོས་སྐུའི་ཕྲིན་ལས་ཡིན་པ་ལ་དགོངས་ནས་གཅིག་ཏུ་གསུངས་པ་དང་༔ རང་དོན་གཞན་དོན་ལྷུན་གྲུབ་ཀྱི་ས་ལ་དགོངས་ནས་ཆོས་གཟུགས་གཉིས་སམ་གསུམ་དུ༔ དབྱིངས་དང་ཡེ་ཤེས་ཆོས་སྐུ་སོ་སོར་ཕྱེད་པའི་སྐུ་བཞི༔ མངོན་བྱང་དང་ལྔ༔ ལོངས་སྐུ་རིགས་ལྔ་རང་སྣང་དང་༔ ཕྱེད་སྤྲུལ་སྐུ་རྣམ་བཞིར་དབྱེ་བ་ལ་སོགས་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དབྱེར་ཡོད་པས་གཅིག་ཏུ་ཁ་ཚོན་བཅད་དུ་མེད་དོ༔
འཆད་ཚུལ་གྱི་དགོངས་པའི་མཇུག་བསྡུད་པ་ནི༔ འོ་ན་སྔར་སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔར་བཤད་པ་དང་༔ འདིར་བཅུ་ལ་དབྱིངས་ནང་གསལ་གསུམ། མཚན་ཉིད་འཛིན་ལྔ། ཡུལ་ཁྱབ་གཉིས། བཤད་པ་མི་འགལ་ལམ་ཞེ་ན༔ ལར་རྒྱུད་སྡེ་སོ་སོའི་རྒྱས་བསྡུས་ཅི་རིགས་པར་བསྟན་པ་རྣམས་དགོངས་པའི་དབྱིངས་གཅིག་པས་ན་མི་འགལ་བ་དང་༔ ཡེ་ཤེས་ལྔ་ལ་སྦྱར་བ་ནི་མདོ་རྒྱུད་གོང་མཐུན་པའི་ཚུལ་དུ་དབྱེ་བ་ཡིན་ལ༔ འདིར་མཐར་ཐུག་རྫོགས་ཆེན་གྱི་རྒྱུད་ལྟར་དོན་བསྡུ་བའང་ཡིན་ལ༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུ་དང་ཡེ་ཤེས་ཡིན་པའི་གནད་ཀྱིས༔ དེའི་རང་མདངས་མཚན་ཉིད་འཛིན་ལྔ་སྐུ་ལྔའི་ཡེ་ཤེས་སུ་སྦྱར་ཀྱང་མི་འགལ་བ་དང་༔ ལར་སངས་རྒྱས་གཅིག་གི་ཡེ་ཤེས་ཡིན་པས་ངོ་བོ་དབྱེར་མེད་པའི་གནད་ཀྱིས་གང་ལྟར་ཡང་མི་འགལ༔ གཞན་དུ་རྟོག་གེ་འབའ་ཞིག་བཙལ་ན༔ ཡེ་ཤེས་ལྔ་སྐུ་ལྔ་ལ་ཆོས་སྐུ་ལོངས་སྤྲུལ་རྡོ་རྗེ་མངོན་བྱང་། སྦྱོར་བ་དང་༔ གཞན་ཡེ་ཤེས་ལྔ་རིགས་ལྔ་ལོངས་སྐུ་ལ་སྦྱོར་བ་དང་༔ ཇི་ལྟ་ཆོས་སྐུ༔ ཇི་སྙེད་གཟུགས་སྐུ༔ དེ་གཉིས་ཡེ་ཤེས་ལྔར༔ ཡེ་ཤེས་ལྔ་དེ་གཉིས་སུ་བསྡུ་བ༔ དེ་གཉིས་སྤྲུལ་སྐུའི་ཡེ་ཤེས་སུ་བཤད་པ་ཐམས་ཅད་བསྒྲང་ནས་བསྒྲིགས་ན་མདོ་རྒྱུད་ཀུན་ལ་གླན་ཀ་དེ་ལས་ཟབ་པ་མི་སྲིད་དོ༔ འདིར་གཉིས་ཀ་སྦྲེལ་ནས་བཤད་པ་ནི༔ འཆར་གཞི་དང་ཤར་ཆོས་འཆར་ཚུལ་ཀུན་དང་འཆར་གཞི་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་ལས་ཤར་ཆོས་ཕྱི་གསལ་གྱི་མཚན་ཉིད་འཛིན་དང་ཡུལ་ཁྱབ་ཀྱི་ཡེ་ཤེས་སྐུ་དང་བཅས་པ་འཆར་ཚུལ་སོ་སོའི་སྣང་ལུགས་སྐུ་འོད་ཡེ་ཤེས་ཀྱི་ལྡོག་ཆ་མ་འདྲེས་པར་ཤར་བ་ཡིན་པའི་ཚུལ་གྱི་དགོངས་པ་མཐའ་དག་ལ་བྱང་ཆུབ་པར་བྱེད་པའི་ཕྱིར་ཡིན་ནོ༔
བཞི་བ་མཁའ་གསལ་སྤྱིའི་མཇུག་སྡུད་པ་ནི༔ བདེ་བར་གཤེགས་པའི་ཁམས་རང་ལ་ཡོད་པའི་ཁོང་གསལ་ཉིད་ས་དགུའི་དྲི་མ་ལ་སོགས་པ་སྦྱངས་པས་མཁའ་གསལ་དུ་རིམ་པར་མཐོང་གོམས་ཀྱི་ལམ་ལ་བརྟེན་ནས༔ ཁམས་བྱང་ཆུབ་ཡུལ་ལ་གསལ་བའི་རང་བཞིན་ཆེན་པོར་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོའི་ཡོན་ཏན་མངོན་དུ་གྱུར་ནས་རང་དོན་མཐར་ཕྱིན༔ གཞན་དོན་གདུལ་བྱའི་ངོར་འབད་རྩོལ་མེད་པའི་ཕྲིན་ལས་རྟག་ཁྱབ་ཏུ་འབྱུང་བས་ན༔ རྒྱུད་བླ་མ་ལས༔ ཁམས་དང་བྱང་ཆུབ་དང་༔ ཡོན་ཏན་སངས་རྒྱས་ཕྲིན་ལས༔ ཞེས་སོ༔ རྒྱུ་མཚན་དེས་ན་འབྲས་བུ་གཞན་ནས་མ་བྱུང་བའི་རང་ངོ་མངོན་དུ་གྱུར་པས་སངས་རྒྱས་རང་ལས་རྙེད་པའོ༔ རྒྱ་མཚོ་ཀློང་གསལ་ལས༔ ཚོགས་བསགས་འབྲས་བུ་ངས་མ་བཤད༔ གཞན་ནས་འབྲས་བུ་རེ་བ་ངས་མ་བཤད༔ གཞན་ནས་འབྲས་བུ་ཐོབ་པ་ངས་མ་བཤད༔ སྔོན་ཐོག་ཡེ་ནས་རང་ལ་རང་ཆས་ལྡན༔ ཞེས་དང་༔ བྱ་རྩོལ་བརྩོན་པས་མ་བསྒྲུབས་པར༔ འདི་ཀ་རང་དུ་གྲོལ་བ་ཐོབ༔ ཅེས་སོ༔ འབྲས་བུ་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་པའི་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པའོ༔
ཡོངས་སུ་རྫོགས་པ་མཇུག་གི་དོན་ནི༔ བདག་འདྲ་ཆེ་མཆོག་མཚོ་སྐྱེས་རྡོ་རྗེ་ནི༔ ཀུན་བཟང་ཐུགས་མཛོད་ཡངས་པར་མངའ་དབང་བསྒྱུར༔ རྒྱལ་བ་དགོངས་བརྒྱུད་ཀྱི་དོན། བསྟན་པ་འཛིན་སྐྱོངས་སྤེལ་བའི་མདོ་རྒྱུད་དུ་མ་ནས་ལུང་བསྟན་མཐུས༔ སྒྲོན་མའི་གསལ་བྱེད་ཕྲིན་ལས་དེང་ཤར་རོ༔ འོན་ཀྱང་བརྡ་བརྒྱུད་སྙིགས་འགྲོའི་ལོག་རྟོག་བསལ་བའི་ཕྱིར༔ མཁས་ཤིང་གྲུབ་ཤྲཱི་སེང་ལས་བརྡ་བརྒྱུད་དང་། དགའ་རབ་ལས་སྙན་བརྒྱུད་གཉིས་ཀ་བསྟན་པའི་གདེང་ཅན་ལས་བླངས་ཏེ༔ དོན་མཐུན་སྤྱོད་པའི་ཐབས་མཁས་ནོར་ཉམས་སུ༔ བསྟར་བའི་ཚུལ་གྱིས་འཕོ་ཆེན་ས་ལ་གཤེགས༔༡ཕྱོགས་བཅུར་ཁྱད་པར་འཕགས་པའི་ངེས་བརྗོད་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་༔ ལམ་འདིར་བརྟེན་ནས་བདུད་བཞི་བཅོམ་པ་ཡིན༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡང༔ རྡོ་རྗེའི་སྙིང་པོ་འདི་ཡིས་གྲུབ་པར་འགྱུར༔ ༢ཆོས་ཅན་རྟགས་ཀྱི་ལྷའི་རྗེས་ཐོབ་ཀྱི་དབེན་གསུམ་སོགས་ཀྱི་ངོ་བོ་ཡི་དམ་ཀུན་གྱི་ངོ༵་བོ༵་ཆོས་ཉིད་དོན༵་གྱི་ལྷ་མཉམ་བཞག་གི་བསྒོམ་པའི་ཡུལ་དུ་བྱེད་པའི་གཞི༔ དོན༵་རྟགས་རྒྱུ་འོད་མཐར་ཐུག་ཟུང་འཇུག་མངོན་སུམ་ལ༵མ༔ ལ༵མ་དུ་བྱེད་པ་འདི་ལས་གཞན་ཡོད་མིན༵༔ མི༵ན་ལ་ཡིན་པར་འཆོས་དང་འདི་མི་འདྲ༔ ༣བདེ་གཤེགས་ཡོང༵ས་ཀྱི་དགོངས་གསང་རྨ་མེད་ཅིང་༔ ཆོས་ཕུང་ཡོང༵ས་ཀྱི་སྤྱི་ཕུད་བསྡུས་པ་སྟེ༔ མཁའ་འགྲོ་ཡོང༵ས་ཀྱི་ཁ་རླངས་ཐུལ་ལེ་བ༔ རིག་འཛིན་ཡོང༵ས་ཀྱི་འཇུག་ངོགས་གཅིག་ཏུ་ངེས༔ ༤ཇི་ལྟར་སྣ་ཚོགས་ཤིང་རྟའི་བཀུར་བསྟི་ཡིས༔ གླིང་བཞིའི་མུན་པ་ཅིག་ཆར་སེལ་ནའང༔ སྲིན་བུའི་འོད་ཀྱི་དེ་ལྟར་མ་ཡིན་ལ༔ འདི་གཞན་སྤང༵ས་པའི་ཁྱད་པར་དེ་འདྲར་མངོན༔ ༥ཇི་ལྟར་བསམ་འཕེལ་དབང་གི་རྒྱལ་པོ་ལ༔ གསོལ་བ་བཏབ་ན་དགོས་འདོད་ལྷུན་གྲུབ་འབྱུང་༔ མཆིང་བུའི་ངོས་ལ་དེ་ལྟར་མ་ལགས་པས༔ ཡང་འདིའི་རྟོག༵ས་པ་གཞན་དང་བསྐྲུན༼ བསྒྲུན་དཔྱད ༽དུ་མེད༔ ༦ཇི་ལྟར་སངས་རྒྱས་རྗུ་འཕྲུལ་འཇིག་རྟེན་ལ༔ ཅིག་ཆར་འཇུག་པའི་བསམ་མི་ཁྱབ་པ་ལས༔ རྐང་འཁྱམས་ཁམས་གསུམ་འཁོར་བ་སྲིད་མིན་ལྟར༔ ཡང་འདིའི་ཐེག་པའི་རྩེ་མོ་མྱུར་ཁྱད་ཐེག་པ་གཞན་གྱིས་འགྲན་ཟླར་མེད༔ ༧ཀྱེེ་ཧོ༔ ཆོས་ཀྱི་དབྱིངས་སངས་རྒྱས་སམ་རིགས་ཁམས་སུ་འདོད་པའི་སྒྲིབ་གཉིས་བྲལ་བ་དང་ལམ་འབྲས་ཀྱི་ཡོན་ཏན་སྨིན་པ་ལས་ནི༔ སྟོང་ཉིད་མེད་དགག་ལས་མེད་ལས་ཡོད་འབྱུང་བར་འདོད་པ་མོ་གཤམ་བུ་མོའི་བུར༔ ཆུས་སྲིད་ཕོག་པར་འདོད་པ་ལྟ་བུའི་གཞན་དོན་གྱི་གཟུགས་སྐུ་གཉིས༔ རྒྱུ་མེད་རྒྱུར་བལྟས་ལྟ་དང་འདི་མི་འདྲ༔ ༨སྤྲིན་འོག་ཉི་མ་ད་ལྟ་མི་མཐོང་ཡང་༔ དད་པའི་རྗེས་འབྲངས་དོན་སྤྱི་རང་མཚན་དུ༔ ཞེན་པས་ཞུགས་པ་ཙམ་ལས་ཕྱི་དུས་སུ་མངོན་སུམ་གྱི་དོན་ཐོབ་བོ་ཅེས་པ་ནི་རྣམ་པ་སེམས་ལ་ལམ་དུ་བྱས་པས་ན༔ ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་རྟོན་པ་ཕྱིར་ལོག་ཏུ་འགྱུར་ཞིང་འདི་སྐབས་སེམས་རིག་ཤན་འབྱེད་དེ་ཡེ་ཤེས་ལམ་དུ་བྱེད་པས་རང་རིག་མངོན་སུམ་གྱི་ལམ་མཚན་ཉིད་པ་ཡིན་པའི་ཕྱིར་དེ་དང་འདི་མི་འདྲ༔ ༩གང་ཟག་མང་དུ་བརྒྱུད་ཅིང་ཚུལ་མཐོང་རྟོག་གེའི་རང་མཐོང་དག་གི་ཞེན་ལྟའི་གཞན་དབང་གིས༔ ཇི་བཞིན་ཇི་ལྟའི་དགོངས་པར་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་སུ་གྱུར་ཏེ་མ་འཚལ་ཀྱང་༔ རང་ཕྱོགས་ཀྱི་འདོད་ཞེན་ལ་ཆགས་ཡང་དག་གི་དོན་ལ་སྡང་འཐེན་ཁྱེར་གྱི་སྤུན་པ་བསྡུས་པ་ཡི༔ བརྒྱུད་པའི་ཟམ་ཆད་ཅིང་ཕྱོགས་ཞེན་གྱི་གྲུབ་མཐས་སླད་པའི་སྙིང་པོ་དང་བྲལ་བའི་རྟོག་གེའི་ཚིག་རོ་དེ་དང་འདི་མི་འདྲ༔ ༡༠མུ་ཅོལ་གྱི་དབང་གིས་བརྒྱུད་པ་ཡོད་མདོག་གཞན་ལ་བཤད་པ་སོགས་ཀྱི་བརྒྱུད་པ་ཆད་པ་དང་དམ་ཉམས་ལག་འགྲིམ་སོགས༔ བྱིན་རླབས་ཚན་ཁ་ཡལ་བའི་གདམས་པ་ནི༔ ཇི་ལྟར་མང་ཡང་རྒྱུད་ལ་དཔང་ཟོས་པས༔ གྲོལ་ཐོབ་འབྲས་བུས་དབུལ་དང་འདི་མི་འདྲ༔ ༡༡ཀྱེེ་ཧོ་ང་ཡི་ཟབ་གཏེར་རྡོ་རྗེའི་ཚིག༔ སྐྱོན་མང་དེ་ལས་ལྡོག་དངོས་ཡོན་ཏན་གྱི༔ ཁྱད་ཆོས་འབྱོར་པའི་རང་བཞིན་ཤེས་བྱས་ནས༔ དད་གུས་ལྡན་པས་གཙུག་གི་ནོར་བཞིན་མཆོད༔ ༡༢དགོས་འགྲེལ་ཡན་ལག་སྨོན་ལམ་དབང་བསྐུར་དེའི་མཐུས་ལམ་འདིས་དེང་འདིར་སྐལ་ལྡན་བརྒྱ་ཕྲག་དང་༔ བསྟན་པ་ཕྱི་དར་དུས་སུ་སྟོང་ཕྲག་བདུན༔ ཚེ་ལོ་བཅུ་ལ་འབུམ་ཕྲག་བཅོ་བརྒྱད་ལ༔ སངས་རྒྱས་འབྲས་བུ་བླ་མེད་ལག་ཏུ་གཏོད༔ ༡༣ཁྱད་པར་ཆོས་ཀྱི་སྐལ་པས་རབ་མཐོ་བ༔ ལྷ་ལྕམ་ཁྱོད་རང་གདམས་པ་འདི་ལོངས་ལ༔ བར་དོའི་འོད་གསལ་རང་ཞལ་མཐོང་བའི་དུས༔ མི་འགྱུར་གསེར་གྱི་ཐུར་མའི་ལག་ལེན་མཛོད༔ ༡༤ཁྱོད་ཀྱང་སྐྱེ་བ་འདི་ནས་མང་རབས་ཤིག༔ ལོངས་སྐུའི་ཞིང་ཉུལ་འགྲོ་དོན་དུས་བབས་ནས༔ གཏེར་སྟོན་བཅུ་ཕྲག་ཚུལ་གྱིས་གདམས་ཟབ་འདིས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ ༡༥དེ་ནས་ཡང་ངས་སངས་རྒྱས་མཛད་པ་སྟོན༔བཀའ་བབས་ལུང་བསྟན་དང་ཤོག་སེར་ཚིག་བརྒྱུད་ཁྱོད་ནི་རྔ་ཡབ་དཔལ་གྱི་རི་བོ་རུ༔ པདྨ་ང་ཡི་རྒྱལ་ཚབ་དམ་པར་འགྱུར༔ རིག་འཛིན་ཡོངས་ཀྱི་དབང་པོ་ཞེས་སུ་གྲགས༔ ༡༦དེ་ཕྱིར་སྐྱེ་བ་བདུན་བརྒྱུད་ཞེ་དགུ་སོང་བའི་དུས༔ རྡོ་སྨར་མཚམས་ཀྱི་འཛིན་མའི་ཐིག་ལེ་རུ༔ གནུབས་ཀྱི་རིགས་སྐྱེས་ནམ་མཁའ་འཇིགས་མེད་པ༔ དེ་དང་འཕྲད་ནས་འགྲོ་དོན་ལྷུན་གྲུབ་ཕྱིར༔ ༡༧མཚོ་རྒྱལ་ཁྱོད་ཀྱིས་མཁའ་འགྲོའི་བརྡ་རུ་དྲིལ༔ བཀའ་འདིའི་གཏད་རྒྱ་ནི་བསྟན་པ་རྣམ་པར་སྐྱོང་བ་དང་༔ བསྟན་འཛིན་ཕྲིན་ལས་ཕྱོགས་མཐར་སྤེལ་བའི་གྲོགས༔ ཡིད་བཞིན་དབང་གི་རྒྱལ་པོ་ཉིད་ལ་བཅོལ༔ ༡༨བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་སྤེལ༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་མཐའ་དག་སྒྲུབས༔ བསྟན་པའི་མངའ་ཐང་ཕྱོགས་བརྒྱར་རྒྱས་པ་དང་༔ མི་ནུབ་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེང་༔ དགོངས་ཀློང་ཡངས་པས་རོལ་བའི་གནས་མཆོག་ཏུ༔ ཐུགས་གཏེར་རླུང་གི་ཤིང་རྟས་རབ་གཏམས་ནས༔ གདམས་ཟབ་སྤྲིན་གྱི་མེ་ཏོག་སིལ་མ་ཡིས༔ སྐལ་ལྡན་སྐུ་བཞིའི་འབྲས་བུ་སྨིན་པར་ཤོག༔ རྟག་སྡོད་མཁའ་སྲོག་སྣ་ཚོགས་འོད་ཟེར་འབྲུ་སྨན་གསེར་མངའ་འཛིན་པ་དང་༔ བདུད་རྩིའི་འབྱུང་གནས་ཁྱིམ་གྱི་ནོར་བུ་ཕུན་སུམ་ཚོགས་འཕེལ་རྐྱེན་གྱི་རྩི༔ ཆུ་གཏེར་ལམ་བཟང་ཇི་བཞིན་སྐྱེ་རྒུ་གནས་སྐབས་ཕན་བདེས་ཉེར་འཚོ་ཞིང་༔ མཐར་ཐུག་ཀུན་ཀྱང་ཀུན་བཟང་རྒྱལ་སྲིད་མཆོག་ལ་དབང་ཐོབ་རྒྱུར་གྱུར་ཅིག༔ མཐར་ཐུག་དོན་གཉིས་ལྷུན་འགྲུབ་ཀྱི་བཀྲ་ཤིས་གང་ཞིག་སྐུ་གསུམ་སྟོན་པ་ཡིས༔ བཞི་བཅོམ་དྲུག་ལྡན་གཉིས་ལས་འདས་པ་དང་༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དེས༔ སྲིད་ཞིའི་སེམས་ཅན་ཡོངས་ལ་འབྱོར་གྱུར་ཅིག༔ རྫོགས་ཆེན་གསལ་བའི་བསྟན་པ་བཅུ་གཉིས་ཀྱིས༔ གསང་ཆེན་བསྟན་པའི་འཁོར་ལོ་རབ་བསྐོར་ནས༔ འཁོར་བ་དོང་ནས་ལན་མང་སྤྲུགས་པ་ཡི༔ བཀྲ་ཤིས་དེས་ཀྱང་འགྲོ་ཀུན་བདེ་ལེགས་ཤོག༔ དགའ་རབ་ནས་ཀུན་མཁྱེན་ཀྱི་བར་དུ་བྱོན་པའི་འཇའ་ལུས་གྲུབ་པའི་སྐྱེས་བུ་བཅུ་གསུམ་གྱིས༔ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་ཐོབ་སྟེ༔ གདམས་པའི་སྙིང་པོ་འཛིན་སྐྱོངས་སྤེལ་བ་ཡི༔ བཀྲ་ཤིས་དེས་ཀྱང་བརྒྱུད་འཛིན་སྨིན་གྲོལ་ཤོག༔ ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བ་རྫོགས་སོ༔
ཞེས་གསུངས་ནས་དགོངས་པ་རྡོ་རྗེ་ལྟ་བུའི་ཀློང་དུ་འབྱམས་ཀླས་སོ༔ དེ་ནས་མཚོ་རྒྱལ་གྱིས་རྫུ་འཕྲུལ་ཆེན་པོས་ཡི་གེ་ལ་བཀོད་དེ༔ ཁྲུས་བྱེད་སྟོང་རའི་མཚོ་ནག་གི་གཡས་ངོགས༔ བྲག་དཀར་རྡོ་རྗེའི་རྩེ་ལྔ་ལ་གཏེར་དུ་སྦས་ནས་ཆོས་སྐྱོངས་ཆེན་པོ་ལ་གཏད་རྒྱ་བྱས་པ་ཉིད༔ དུས་རྟགས་མངོན་དུ་གྱུར་ནས་འདོན་པའི་སྐབས་ལ་བབ་ནའང་༔ རྟེན་འབྲེལ་གྱི་སྣ་ཁ་ལོག་པས་ས་གཏེར་གྱི་སྐལ་བས་མ་འབྱོར་བ་ལ༔ སྨོན་ལམ་དབང་བསྐུར་གྱི་སྟོབས་ལས་དགོངས་པའི་ཀློང་དུ་རང་ཤར་ནས༔ མི་ལོ་ཉེར་གཅིག་གི་བར་དུ་བཀའ་རྒྱས་བཏབ་མཐར༔ རྡོ་རྗེ་བདུད་འཛོམས་དཔའ་བོའི་བྱིན་གྱི་རླབས་ཀྱིས་དབྱེར་མེད་རོ་གཅིག་པའི་དགོངས་པ་མཉམ་པར་གྱུར་བ་མཆེད་ཀྱི་དྭངས་མ་ཐེག་མཆོག་རིན་པོ་ཆེ་དང་༔ རང་སློབ་དམ་པ་ངག་གི་དབང་ཕྱུག༔ ཤེས་རབ་བློ་འཕེལ༔ འབྲོག་འཇིགས་རྣམ་སོགས་ནས་ཡང་ཡང་བསྐུལ་བའི་ངོར་སྔགས་སྨྱོན་ག་ག་ཨ་བྷྱེ་ཞེས་བྱ་བས་སྟོད་ཆ་ཙམ་གྲུབ་པར་བྱས་ཀྱང་རེ་ཞིག་སྙོམ་ལས་སུ་གྱུར་པ་ན༔ སླར་ཡང་རྡོ་རྗེའི་རིག་པ་འཛིན་པ་འགྱུར་མེད་རྣམ་པར་རྒྱལ་བས་ཀྱང་གསུང་གིས་དབུགས་དབྱུང་སྩལ་བ་དང་༔ སྤར་དུ་བསྒྲུབ་པའི་ཐུགས་བསྐྱེད་དང་བཅས་མཛད་པ་ལ་བརྟེན་ནས་རྫོགས་པར་ཕབས་པའི་ཡི་གེའི་འདུ་བྱེད་ཀྱང་དེ་ཉིད་དང་༔ སྤྲུལ་པའི་སྐུ་མཆོག་བཛྲ་དྷྭ་ཛ་ཡ་ནས་སྦྱོར་བའི་བརྩོན་འགྲུས་ཆེན་པོའི་རྩེར་མཆོད་པའོ༔ དགེའོ༔འདི་ལྟར་སྒྲོན་མ་གསལ་བའི་རྒྱན་གྱི་མཆན་འགྲེལ་འདི་ཡང་བླ་མ་དམ་པ་པདྨ་བརྩོན་འགྲུས་ཀྱིས་དོན་གཉེར་ཆེན་པོའི་བསྐུལ་བའི་ངོར་སྔགས་མིང་ག་གཱ་ཨ་བྷྱེའི་སྨྲས་པའི་ཡི་གེ་པ་ནི་དེ་ཉིད་དོ། །སརྦ་མངྒལཾ། ། ། །
༈ གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག ། ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་འདིར་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཉིན་མོར་རྒྱས་པའི་བཀྲ་ཤིས་ཤོག །
༄༅། །སྒྲོན་མ་གསལ་བའི་རྒྱན་གྱི་ཀླད་དོན་བཞུགས་སོ། །
༈ སྒྲོན་མ་གསལ་བའི་རྒྱན་གྱི་མཚན་དོན་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་དང་དབྱེར་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ནི་ཡེ༵་ནས་གཞི་ལ་གནས་པའི་ཀུན་ཤེས་ཀུན་རིག་གི་གསལ་སྒོ་གོ་མ་འགགས་པའི་ཤེས༵་པ་ཞིག་ཡིན་པའི་ཕྱིར་ན་ཡེ་ཤེས་སམ། དེའི་སྣང་སྟོང་གི་ཆ་གཉིས་ལ་སངས་རྒྱས་ཆོས་ཀྱི་སྐུ་ཀུན་བཟང་ཡབ་ཡུམ་ཞེས་བྱ་སྟེ། མན་ངག་སྙིང་གི་དགོངས་པ་ལས། རང་གི་རིག་པའི་ངོ་བོ་སྟོང་པ་དང་། ཤེས་པ་ཝ་ལེ་བར་དབྱེར་མི་ཕྱེད་པར་འདུག་པ་ནི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་དང་། ཇི་སྐད་དུ། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་པ་ལྟར་རོ། སྒྲོན༵་མེ༵འི་ཞེས་པ་ནི། སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེའི་སྣང་ཆ་འགགས་པ་མེད་པ། གཞི་ལམ་འབྲས་གསུམ་གྱི་དུས་གང་དུའང་། སྐུ་ནང་གསལ། འོད་བར་གསལ། ཐིག་ལེ་ཕྱི་གསལ་དུ་གཏན་ཚིག་གི་རྗེས་དཔག་ལ་རག་མ་ལུས་པར་མངོན་སུམ་དུ་སྣང་བས་ན། ཇི་སྐད་དུ། སྐུ་ནི་ནང་གསལ་བུམ་སྐུ་བཞིན། །འོད་ནི་བུམ་པའི་མར་མེ་འདྲ། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཡང་ངོ་བོ་སྐུར་བཞུགས་པ་ཆོས་སྐུའི་ཆེ༵་བ༵། རང་བཞིན་གསུང་དུ་བཞུགས་པ་ལོངས་སྐུའི་ཆེ༵་བ༵། །ཐུགས་རྗེ་ཡེ་ཤེས་སམ་ཐུགས་སུ་བཞུགས་པ་སྤྲུལ་སྐུའི་ཆེ༵་བ༵་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་དེ་ཡེ་ནས་ར༵ང་ལ༵་གནས་པ་ལྔ་རུ་གནས་ལུགས་ལྔའི་ཚུལ་དུ་རྫོགས་ཤིང་གན༵ས་པ༵་སྟེ། སངས་རྒྱས་རང་ཆས་པའི་རྒྱུད་ལས། སངས་རྒྱས་ཆོས་ཀྱི་སྐུ་ནི་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་ནི་རང་གི་བྱད་ཀྱི་དཀྱིལ་ན་བཞུགས་སོ། །ཐིག་ལེ་རང་བྱུང་གི་སྐུ་ནི་རྩ་ཐམས་ཅད་ན་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་གི་ཀླད་པ་ན་བཞུགས་སོ། །ཡང་སྤྲུལ་ཟེར་གྱི་སྐུ་ནི་གཞུང་པ་ན་བཞུགས་སོ། །ཞེས་པ་སོགས་བཞིན་ནོ། །ཀྱེ་རྡོར་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་སོ། །དེ་ལྟ་བུའི་མཚོན་བྱའམ། གསལ་བྱ་གཞི་རང་བཞིན་གྱི་རྒྱུད་དེ། མཚོན་བྱེད་དམ་གསལ་བྱེད་ཐབས་རང་བཞིན་གྱི་རྒྱུད་དམ། མན་ངག་འདིའི་རྒྱན་པའི་ཚུལ་ཇི་ལྟ་བ་བཞིན་དུ་གས༵ལ་ཞིང་རྟོགས་པས་མཛེས་པར་བྱེད་པ༵འི་རྒྱན་ལྟ་བུར་གྱུར་བའི་ཕྱིར་ན་རྒྱན༵་ཞེས་བྱ་ལ། ཞེས༵་བྱ་བ༵་ནི༵་མིང་སྒྲོགས་པའོ། །བ༵ཞུགས་སོ༵་ཞེས་པ་ནི་གདམས་པ་དེ་ལྟ་བུ་འདི་ན་ཡོད་དོ་ཞེས་པའི་དོན་ཡིན། དེ་ལྟ་བུའི་མཚན་དེ་རྒྱ་སྐད་ལྟར་སྨོས་ན། ཛྙ་ན་སོགས། བོད་སྐད་དུ། ཡེ་ཤེས་སོགས། སྐད་གཉིས་ཤན་སྦྱར་ན། ཛྙ་ན་ཡེ༵་ཤེས༵། དཱི་པ་སྒྲོན༵་མེ༵། ཨད་མ་བྷུ་ར་པ། ཆེ༵་བ༵་རང༵་ལ༵་གནས༵་པ༵། པྲ་ཀ་ཌ་གས༵ལ་བ༵། ཨ་ལཾ་ཊ་ར་རྒྱན༵། ཀན་མ་ཞེས༵་བྱ༵་བ༵འོ། །དེ་ལྟར་མཚན་སྨོས་པས་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ་འདིའི་དབང་པོ་རབ་ཀྱིས་དབུ་ནས་ཞབས་སུ་བསྡུས་པའི་དོན་ཁོང་དུ་ཆུད། འབྲིང་གིས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ། ཐ་མས་གླེགས་བམ་བཙལ་སླ་བའི་དགོས་པ་དང་། སྐད་གཉིས་ཤན་སྦྱར་གྱིས། སྐད་ལ་བག་ཆགས་འཇོག་པ། རྒྱུད་ལ་བྱིན་རླབས་འཇུག་པ། ཆོས་ཁུངས་བཙུན་པར་ཡིད་ཆེས་པ་ལ་སོགས་པའི་དགོས་པ་དང་། མཚན་དོན་ཀྱི་ནང་དུ་དབུ་ཞབས་ཀྱི་དོན་བསྡུས་ཏེ་བཤད་པས། མདུང་ལྟར་རྐེད་པ་ནས་བཟུང་པའི་སྤྱི་དོན་བཤད་པ་ཡང་ཞར་ལ་ཚང་བས་དབང་པོ་འབྲིང་གི་དོན་ཏོ། །
མཆོད་པར་བརྗོད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། དཔལ་ཀུན་ཏུ་སོགས། དེ་ཡང་དཔལ་ནི་ཀུན་ཏུ་བཟང་པོ་ལྔ་ལ་རང་རང་གི་སྤངས་རྟོགས་ཡོན་ཏན་གྱི་ཆ་ལྷུན་གྱིས་གྲུབ་པའི་དོན་ཡིན་ལ། དེ་ཡང་རང་བཞིན་ཀུན་ཏུ་བཟང་པོ་ལ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཡོན་ཏན་ཆེན་པོའི་ཚུལ་དུ་དང་། རིག་པ་ལ་འབྲས་ཆོས་ཉེར་ལྔ་ཡོངས་སུ་རྫོགས་པའི་དོན་དང་། རྟོགས་པ་ལ་སྒྲིབ་གཉིས་སྤངས་ཤིང་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པའི་དོན་དང་། རྒྱན་སྣང་མཐའི་གཏུགས་པ་ཚད་ཀྱིས་གཞལ་བ་མེད་པར་བཀྲམ་པ་དང་། ཆ་དེ་བཞིན་སྦྱར་བའི་ལྟ་བསྒོམས་སྤྱོད་འབྲས། གཞི་ལམ་དམ་ཚིག་ཀུན་ཏུ་བཟང་པོ་དག་ལ་རང་རང་གི་ཡོན་ཏན་གྱི་དཔ༵ལ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཀུན༵་ཏུ་བཟང་པོ་ཞེས་པ་ནི་ཐམས་ཅད་ཡེ་ནས་སངས་རྒྱས་པས་མ་དག་པ་གཞི་ལ་མེད་པའི་དོན་ཏོ། །ཕྱག་འཚལ་ལོ་ཞེས་པ་ནི། གང་ཟག་གི་བློ་ཁྱད་ལ་བསྟུན་པའི་ལྟ་སྒོམ་མོས་གུས་སུམ་སྤྲུག་གིས་འདུན་པའམ་རིག་པའི་དོན་ཏོ། །ཞེས་རྒྱུད་ཀྱི་དང་པོའི་སྟོན་པ་ལ་ཕྱག་བྱ་བའི་ཤུགས་ལས་དེ་ཉིད་ཀྱི་རྣམ་པར་རོལ་བ་འགྲོ་བ་འདུལ་བའི་སྤྲུལ་སྐུ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་དབྱེར་མེད་པའི་དྲི་མེད་མཚོ༵་ལས་སྐྱེས༵་པའི་རྡོ་རྗེ་འཆང་ཆེན་པོ་གཉིས་བརྡ་བརྒྱུད་ཀྱི་རིག་འཛིན། སྙན་བརྒྱུད་ཀྱི་ཆུ་འགོ ཟབ་གཏེར་མཐའ་དག་གི་འབྱུང་གནས། གཏེར་སྟོན་ཐམས་ཅད་ཀྱི༵་བླ༵་མ་སྟེ་རྗེས་སུ་འཛིན་ཞིང་དགོངས་པ་གཏད་པས་བཀའ་དྲིན་ཡོན་ཏན་མཆོག་གི་བདག་ཉིད་ལ༵འང་རྣམ་གསུམ་དད་པས་ཕྱག༵་འཚ༵ལ་ལོ༵་ཞེས་པའོ། །དེ་དག་ངོ་བོ་དབྱེར་མེད་པའི་རྣམ་རོལ་སྒྱུ་མའི་ཕྱག་རྒྱ་ཐ་དད་དུ་བསྟན་པ་ཡིན་པའི་ཕྱིར་ཇི་སྐད་དུ། འོག་མིན་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ བདེ་བ་ཅན་དུ་སྣང་བ་མཐའ་ཡས་དང་༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ ཅེས་སོ། །དེ་ཡང་ཀུན་བཟང་དང་མཚོ་སྐྱེས་རྡོ་རྗེ་ཞེས་སོ་སོར་མ་ཕྱེས་པ་ནི་ངོ་བོ་དབྱེར་མེད་པར་ཤེས་པའི་དོན་གྱིས་དགོས་འགྲེལ་ལས་སོ། །
གཉིས་པ་རྒྱས་པར་མཆོད་པར་བརྗོད་པ་ལ། བརྒྱུད་པ་གསུམ་གྱི་སྟོན་པ་ལ་དང་། ཐབས་དང་རང་བཞིན་གྱི་རྒྱུད་ཆེན་པོའི་བསྟན་པ་དམ་པའི་ཆོས་ལ་དང་། འཛིན་སྐྱོངས་སྤེལ་བར་མཛད་པའི་དགེ་འདུན་བླ་མ་མཆོག་ལ་མཆོད་པར་བརྗོད་པ་གསུམ་གྱི། དང་པོ་ནི་རང་བཞིན་སོགས། དེ་ཡང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང༵་བ༵ཞིན་རྣམ་པར་དག་པ་ཐམས་ཅད་འཆར་བའི་ལུས་སམ་དབྱིང༵ས་སུ་གྱུར་པ་དེ་བཞིན་ཉིད༵་ཀྱི་ངོས་ནས་གཞལ་ན་སྒྲས་བརྗོད་དང་གཉིས་སྣང་དང་བཅས་པའི་བློས་སྤྱོད་ཡུལ་དུ་མ་གྱུར་པས་བས༵མ་གྱིས༵་མི༵་ཁྱབ༵་ཅིང་། ངོ་བོ་སྣང་སྟོང་རྟག་ཆད་སྐྱེ་འགགས་ལ་སོགས་པའི་སྤྲོས༵་པའི་ཕྱོགས་གང་དུ་ཡང་མ་ལྷུང་ཞིང། འཁོར་འདས་ཀྱི་རྒྱར་ཆད་པ་མེད་པའམ་བྲལ༵་བ༵་དང་། སེར་སྣ་ལ་སོགས་པའི་ཉོན༵་མོངས་པ་དང་འཁོར་གསུམ་གྱི་རྣམ་པར་རྟོག་པའི་ཤེས༵་བྱའི་སྒྲིབ་པ་དང་། དཀར་དམར་རླུང་གསུམ་འཕོ་བའི་བག་ཆགས་ཤིན་ཏུ་ཕྲ་བའི་དྲི༵་མས༵་མ་གོས་པར་ཀ༵་ནས༵་དག༵་པ་སྟེ། རིན་པོ་ཆེ་གསང་བའི་སྦུབས་ལ། ཆོས་ཉིད་དག་པའི་ཡེ་གདངས་གསུམ་གྱི་སྣང་བ་དབྱེར༵་མེད༵་པར་རང་རྫོགས་པའི་ཡེ་ཤེས་འགྱུར་བའི་སྡུག་བསྔལ་གྱི་ཆ་ཕྲ་བས་ཀྱང་མ་གོས་པའི་བ༵དེ་ཆེན༵་འཕོ་འགྱུར་མེད་པའི་རང་བཞིན་འོད༵་གས༵ལ་ཆེན་པོ། བྱ་བྱེད་རྩོལ་བས་མ་བསྒྲིབ་པར་ལྷུན༵་གྱིས་གྲུབ༵་ཅིང་། རྒྱུ་རྐྱེན་གྱི་འདུས༵་མ༵་བྱས༵་པས༵། དུས་ལ་ལྟོས་ནས་རང༵་གསལ་པའི་ཁུག་པ་ལྔའི་སྣང༵་བ་ལ་གདོས་པ་ཅན་གྱི་ཆོས་དང་། གཞན་སོར་ཞེན་པའི་འཁྲུལ་པ་ཕྱིར་མ་ཤར་བར། རང༵་བཞིན༵་མེད༵་པར༵་སྣང༵་བ༵འི་ཚུལ༵། རྣམ་པར་འབྱེད་པའི་ཤེས༵་རབ༵་ཆེན༵་པོའི་མཁའ་ལ་འཁྱིལ་ཞིང་བྱེ་བྲག་ཕྱེད་པའི་སྐད༵་ཅིག༵་དེ་ཉིད༵་ལ༵་ཡོང༵ས་སུ་རྟོག༵ས་ཅིང་། གཞི་འབྲས་བུར་འཕོས་ཏེ། ཡེ་ཤེས་ཆོས་སྐུ་རང་སྨིན༵་ནས་རང་དོན༵་དུ་ཆོས་སྐུ་མངོ༵ན་པར༵་མཛད་དེ། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང༵་ཞིང་། རྟོགས་བྱ་མཐའ་དག་ཁོང་དུ་ཆུབ༵་པས་ཀུན་ཏུ་སྐུ་བསམ་གྱིས༵་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཡོན༵་ཏན༵་དང་ཕྲིན་ལས་ལྷུན༵་སྟུག་པོས་རྩལ་རྫོག༵ས་ནས། གཞན་དོན་དུ་ཆོས༵་སྐུའི་མཛད་པ། ཡེ་ཤེས་རྒྱ་མཚོའི་འཁོར་ལ། སྐྱེ་མེད་ནམ་མཁའ་ལྟ་བུའི་གསུང་གི་རང་བཞིན་བྱིན་གྱིས་རླབས་ཀྱིས་དགོངས་པ་གཏད་པ་དང་། ལོངས་སྐུའི་ཚུལ་གྱིས་སྨིན་པ་རྒྱ་མཚོའི་འཁོར་ལ་རང་གི་ངོ་བོས་ཆོས་འཁོར་དགོངས་པ་བརྡའི་གསུང་གིས་བསྟན་ཅིང་ཤེས་སྒྲིབ་རྣམ་པར་དག་པའི་ཕྲིན་ལས་མཛ༵ད་པ༵་དང་། སྤྲུལ་སྐུ་སྟོན་པ་བཅུ་གཉིས་དང་བྱིན་རླབས་མཆོག་གི་བརྗོད་པ་ཚིག་གི་ཚུལ་གྱིས་ལས༵་སྨོན་བསོད་ནམས་ལྡན་པའི་འ༵གྲོ་བ་ཀུན༵་བྱང་ཆུབ་མཆོག་གི་ས་ལ་འདྲེན་པའི་ལམ་སྟོན་དུ་གྱུར་པ་ཀུན་བཟ༵ང་གདོད༵་མ༵འི་མ༵གོན་པོ༵་དེ་ཉིད་ལ་ཡོན་ཏན་ཤེས་པའི་སྒོ་ནས་བསྟོད་པ་གླུ་ཡི་མ༵ཆོད་པ་འབུལ་བའོ། །དེ་ཡང་ཚིག་རྐང་དེ་དག་གི་རིམ་པར་གཞི་དང་། ལམ་དང་། འབྲས་བུའི་ཀུན་ཏུ་བཟང་པོ་ལ་བསྟོད་པས་མཆོད་པར་བརྗོད་པ་སྟེ། གཞིའི་གནས་ལུགས་ལས་གཞི་སྣང་ཤར་བ་ལ་རྟོགས་པ་རྒྱས་པའི་དོན་གསུམ་ཆར་རིམ་པས་ཡོན་ཏན་གྱི་ངང་ཚུལ་བརྗོད་པའི་ཕྱིར་རོ། །སྤྱིར་སངས་རྒྱས་ཐམས་ཅད་སྤངས་རྟོགས་ལ་སོགས་པའི་དགོངས་སྤྱོད་དང་ཡོན་ཏན་གྱི་ངོས་ནས་མཉམ་ནའང་ཁྱད༵་པར༵་དུ་རྣམ་འདྲེན་སྟོང་གི་ཐུགས་བསྐྱེད་པའི་དུས་སུ། ཉོན་མོངས་པ་དང་། ལྟ་བ་དང་། ཚེ་དང་། དུས་དང་། སེམས་ཅན་གྱི་སྙིགས༵་མ༵་ལྔའ༵མ། ཡེ་ཤེས་ལྔའི་སྙིགས་མ་ཉོན་མོངས་པ་ལྔ་བ༵དོ་དར་བའི་གདུལ་བར་དཀའ་བ་ལ་དགོངས་ཏེ། སངས་རྒྱས་སྟོང་གིས་བྱང་ཆུབ་སེམས་དཔའི་ལེ་ལོ་ལས་བརྒལ་པར་མི་སྤྱོད་ཀྱང་། ཡུལ་དུས་ངན་པ་སོགས་ཀྱི་གཞ༵ན་དབ༵ང་གིས༵་ཞུམ་པ་མེད་པའི་དཔ༵འ་བོ༵། བདག་ཅག་གི་སྟོན་པ་གང༵་གི༵་བརྩོན༵་འགྲུས༵་བཞིའི་གོ༵་ཆ༵་བཙན་པོ་བསྒོས་པ་དང༵་། ཐུག༵ས་སྙིང༵་རྗེ༵་ཆེན༵་པོའི་ཤུག༵ས་ལ༵་ཅུང་ཟད་ཀྱང་བཟློག༵་མ༵་བཟོ༵ད་པའམ་མ་ནུས་པར་ཞིང་ཁམས་དེ་ལྟ་བུ་བཟུང་བ་དང་། སེམས་ཅན་དང་རྒྱུད་ངན་པ་དེ་ལྟ་བུ་འདུལ་བ་སོགས་ཀྱི་ཐུགས་བསྐྱེད་མཛད་པས། བསྲུང་པ་མེད་པའི་ཐུབ༵་པའི་དབ༵ང་པོའམ། མཆོག་ལ་ཁྱོད་ནི་པ༵དྨ་དཀ༵ར་པོ༵་ལྟ་བུའོ་ཞེས་མགྲིན་གཅིག་དུ་སངས་རྒྱས་སྟོང་གིས་བསྔགས་པའི་རྔ་ཆེན་བསྒྲགས་པའི་ཡུལ་དུ་གྱུར་བ་དེའི་བཀའ་དྲིན་སོགས་ལ་གཞལ་ནས་ཕྱག༵་གི༵་སྒོ་ནས་བཀུར་བར་བྱ་བའི་འོས་སམ་གན༵ས་སུ་རིགས་ཅིང་ཤུགས་ཕྱག་གུས་པའི་སྒོ་ནས་འཚལ་བའོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་སོགས་ནས་བཤད་པ་ལྟར་དང་། བཀའ་ཐང་ལས། སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུ། །འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་རེ། །ཞེས་པ་ལྟར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་པད་འབྱུང་བྱེ་བ་ཕྲག་བརྒྱ་དང་། ཞིང་ཁམས་འདིར་ཡང་འཕྲུལ་མཚན་ཉི་ཤུ་དང་། གུ་རུ་མཚན་བརྒྱད་སོགས་མཚ༵ན་གྱི་རྣམ་གྲངས་དང༵་། སྐུ༵་ཡི༵་བཀོ༵ད་པ༵འི་ཆོ་རོལ་བསམ་གྱིས་མི་ཁྱབ་པ་ལ། སྤངས་རྟོགས་ཀྱི་ཡོན༵་ཏན༵་དང༵་མྱ་ངན་ལས་མ་འདས་པ་ལ་སོགས་པའི་མཛད་པའི་ཕྲིན༵་ལ༵ས་སོགས་དང་། དྲེགས་པ་ཅན་ཐམས་ཅད་འདུལ་བའི་ནུས༵་པའི་སྟོབ༵ས་བཅུ་ལ་སོགས་དང་། འབྱུང་བཞི་ལ་རང་དབང་བསྒྱུར་བའི་རྫུ༵་འཕྲུལ༵་དཔག་ཏུ་མེད་པས་ཚ༵ད་འདི་ཙམ་མོ་ཞེས་ངེས་པ་ཡོངས་སུ་བཟུང༵་བ་ལ༵། འཕག༵ས་ས་ཐོབ་པའི་བློས༵་སྤྱོད༵་ཡུལ༵་ཉིད༵་ཀྱང༵་ཁེ༵ངས་པ༵་འཕྲོག༵ས་ཞེས་བརྟགས་པ་མཐའ་བཟུང་གི་དཔེའི་བཤད་དེ། འཕགས་པའི་བློ་ལ་ཁེངས་པ་ཡོད་པས་མ་ཡིན་ཀྱང་རབ་ཏུ་བཏགས་པའི་རྒྱུན་ནོ། །དེ་ལྟ་བུའི་ཨོ༵་རྒྱན༵་གྱི་སློབ་དཔོན་ཆེན་པོ་ཞེས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་མཚོ་གླིང་དུ་རང་བྱུང་པདྨའི་སྟེང་དུ་མངལ་སྐྱོན་གྱིས་མ་གོས་པར་བརྫུས་ཏེ་བྱོན་པའི་ཕྱིར་དང་། ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད་ཅིང། རེ་ཞིག་རྒྱལ་སྲིད་སྤངས་པའི་ཐབས་ཚུལ་གྱིས་མ་ཆགས་བརྟུལ་ཞུགས་ཀྱི་རོལ་རྩེད་དུ་རྒྱུ་ཞིང་། སླར་ཡང་རྒྱལ་ཁམས་དེ་ཉིད་གདུལ་བའི་དུས་ལ་བབས་པ་མཁྱེན་ནས་བྱོན་པས་གཤེད་མ་རྣམས་ཀྱིས་མེ་ལ་བསྲེགས་ཀྱང་མ་ཚིག་པས་མཚོན། དགོངས་སྤྱོད་ཆོ་རོལ་གང་ནས་ཀྱང་སང༵ས་རྒྱས༵་དངོས་དང་མཉམ་པས་ན་གཉི༵ས་པ༵་ཞེས་འགྲན་ཟླར་འོས་བའི་སྒྲ་བཤད་འཇུག་ཡོད་པ་དེ་ཉིད་རྒྱལ༵་བར་གྱུར་ཅིག༵་ཅེས༵་མཆོད་པར་བརྗོད་པའོ། །རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད༵་པ༵་དྲུག༵་དང༵་། ཡང་བཀའ་ཐང་ལས། ཆེ་བའི་ཡོན་ཏན་དགུ་དང་ལྡན་པ་སྟེཿ རིགས་ཀྱིས་ཆེ་བ་རྒྱལ་རིགས་རྗེའུར་འཁྲུངས༔ སྐུ་ཡི་ཆེ་བ་མཚན་བཟང་དཔེ་བྱེད་ལྡན༔ ཡོན་ཏན་ཆེ་བ་ཤེས་བྱ་ཀུན་ལ་སྦྱངས༔ ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེན༔ བསམ་གཞིག་ཆེ་བ་ཚིག་རྗེས་དོན་གྱི་གསོབ༔ བསྒོམས་པའི་ཆེ་བ་རྟོགས་པའི་ལྟ་བ་མཐོ༔ སྤོབས་པ་ཆེ་བ་གཞན་དག་ཟིལ་གྱིས་གནོན༔ རྩོད་བློ་ཆེ་བ་རྒོལ་པའི་ཚིག་རྣམས་འཇོམས༔ འཛིན་བློ་ཆེ་བ་ཆོས་དང་ཆོས་མིན་ཕྱེད༔ བསྲན་ཐུབ་བརྒྱུད་དུལ་ཆེ་བས་ཕུན་སུམ་ཚོགས༔ ཞེས་གསུངས་པ་ལྟར་སྐུ་དང་རིགས་སོགས་ཆེ༵་བ༵་ད༵གུ་དང་ལྡན་ཞིང༵་། སྔོན་སློབ་དཔོན་ཆེན་པོའི་སྐུ་དངོས་ཀྱིས་རྗེས༵་སུ་བ༵ཟུང་ཞིང་གཏད་རྒྱ་སྨོན་ལམ་དབང་བསྐུར་སོགས་བྱས་ནས། གདུལ་བྱ་དུས་ལ་བབས་པའི་ཚེ་ན་ཡེ་ཤེས་སྒྱུ་མའི་སྐུས་སླར་ཡང་བྱིན་གྱིས་བརླབས་པ་དང་། ཕོ་ཉ་མངགས་གཞུག་མཁ༵འ་འགྲོ༵འི་བརྡ་ཐབས་སྣ་ཚོགས་བསྒྱུར་བའི་སྒོ་ནས་གས༵ང་ཆེན་རྡོ་རྗེ་ཐེག་པའི་ཆོས་གཏེར་གྱི་མཛོ༵ད་གསང། པདྨ་བཀའི་ཐང་ཡིག་ལས། དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ། །གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི། །རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང་། །རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི། །ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ། །ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ། །ཅེས་པ་ལྟར་གཏེར་རིགས་བཅོ་བརྒྱད་གང་རུང་ངམ། ཕལ་ཆེར་བརྟོལ༵་བ་ལ་རང་དབང་བསྒྱུར་ནས། སྨོན༵་ལམ༵་རྣམ་པར་དག་བའི་ལས་འཕྲོ་ས༵ད་དེ་འགྲོ་བ་འདུལ༵་བའི་ཐབས་ལ་མཁས་པའི་བྱ་བ་བྱེད་བའི་སྤྲུལ༵་བ༵འི་སྐུ། ཐུན་མོང་གི་གྲུབ༵་པ་བརྒྱད་དང་། མཆོག་གི་རིག་འཛིན་ཆེ༵ན་པོའི་ས་ལ་གནས་པ། གཏེ༵ར་སྟོན༵་བ༵རྒྱ་རྩ་བ༵རྒྱད་ཀྱི་དབུར༵་བཞུགས། གཏེར་ཕྲན་སྟོང་རྩ་གཉིས་དང་། གཏེར་དུ་སྦས་པའང་དེ་ཉིད་ལས། གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས། །གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦས། །སྦས་པའི་རྩ་ཆུ་ཡུལ་དགུ་དབེན་གནས་བརྒྱད། །དེ་དག་རེ་རེར་བོད་གཏེར་བརྒྱ་རྩ་བརྒྱད། །གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་དུ་སྦས། །ཞེས་དང་། འདོན་པའི་གཏེར་སྟོན་ཀྱང་། རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། གཏེར་སྟོན་མཆོག་གཉིས་གླིང་པ་ཉི་ཤུ་དང་། །བསྟན་པའི་བདག་པོ་གཏེར་སྟོན་བརྒྱ་རྩ་འབྱུང་། །དེ་འཁོར་གཏེར་ཕྲན་སྟོང་དང་རྩ་གཉིས་འབྱུང་། །གཞན་ཡང་ཡང་གཏེར་གྲངས་ལས་འདས་པ་འབྱུང་། །ཞེས་པ་ལྟར། ཡང་གཏེར་བྱེ་བ་ཕྲག་བརྒྱ་དང་བཅས་པའི་ཞབས་ཀྱི་པདྨོ་ཚར་དུ་དངར་བ་ལ། བདག་ཅག་གི་ལུས་དང་ཡན་ལག་གི་མཐོ་ཤོས་མགོ༵་བོ༵འི་རལ་པའི་ཅོད་པཎ་གྱིས་བཏུད་དེ་ཕྱག༵་འཚ༵ལ་ལོ། །དེ་ཡང་རྒྱལ་བ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་སྐུ་ཡིན་ཅིང་། དེ་ཉིད་ལོངས་སྐུའི་དུས་ན་གངས་ཅན་མཚོ་རིགས་ལྔ་དང་། སྤྲུལ་སྐུ་རྡོ་རྗེ་འཆང་ནས། ཡང་སྤྲུལ་ཤཱཀྱ་ཐུབ་པའི་ཚུལ་དུ་མཛད་པ་ངོ་བོ་དབྱེར་མེད་པས་རྒྱལ་བ་དགོངས་བརྒྱུད་ཀྱི་ཚུལ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་བཞེངས་ནས་གསུངས་པའི་རྒྱུད་ལ་སོགས་པ་མང་ཞིག་ནས་གབ་པའི་ཚུལ་གྱིས་དང། རྒྱལ་བོ་ཛ་ལ་གསང་སྔགས་ཀྱི་ཚུལ་སྣང་བར་མཛད་པ་སོགས་ཀྱང་། མཐར་ཐུག་གི་བབས་སོ་ཆུ་བོ་གཅིག་འདྲེས་སུ་ཡོད་ནའང་། ཁྱད་པར་དུ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྐུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་རོལ་པའི་ཚུལ་གྱིས་རྫོགས་པ་ཆེན་པོའི་རྒྱུད་གསུངས་པ་ན། བཀའ་སྡོད་ཀྱི་སྐྱེས་བུ་མདུན་ན་གནས་པ་ཉིད་དགའ་རབ་རྡོ་རྗེའི་སྐུར་བཞེངས་ཏེ། ཨོ་རྒྱན་པདྨ་སཾ་བྷ་ལ་བརྡ་ཐབས་ཀྱིས་བསྟན་པ་ནི་གོང་མ་ལས་གཞན་དུ་ཐ་སྙད་རིག་འཛིན་གྱི་བརྒྱུད་པ་ཞེས་སྦྱར་བ་དང་། དེ་ཉིད་ཀྱིས་ལྷ་ལྕམ་པདྨ་གསལ་ལ་སྙན་ཁུང་དུ་བརྒྱུད་ནས་སྒྲོན་མ་གསལ་བའི་རྒྱན་འདི་ཉིད་གནང་ཞིང་། སླར་ཡང་ལྷ་ལྕམ་སྐུ་ཚེའི་འདུ་བྱེད་གཏོང་པའི་ཚུལ་གྱིས་གདུལ་བྱ་རྣམས་མི་རྟག་པ་ལ་བསྐུལ་བ་ན། ཚངས་ཕྲུག་སུ་གདབ་ཏེ་མཁའ་འགྲོ་ཡང་སྙིང་སོགས་ཤོག་སེར་ལ་བཀོད་ཅིང་མོ་ཡི་ཆོས་སྐལ་དུ་གཏད་རྒྱ་སྨོན་ལམ་དབང་བསྐུར་གྱིས་རྒྱས་པར་བྱས་ནས། གཏེར་བདག་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ལ་གཉེར་དུ་གཏད་པའི་ཆོས་ཀྱི་ནང་ཚན་ལས། འགའ་ཞིག་སྔར་པདྨ་ལས་འབྲེལ་གྱི་དུས་ན་རྟེན་འབྲེལ་དང་གདུལ་བྱ་དུས་ལ་བབས་པའི་མཚོན། རྡོ་རྗེའི་མཆེད་པོ་གྲུབ་ཆེན་གཏེར་སྟོན་བརྒྱ་རྩ་བརྒྱད་པོ། རྗེ་འབངས་ཀྱི་དུས་ན་སྙན་བརྒྱུད་ཀྱི་ཆུ་འགོ་ཡིན་པའི་ཕྱིར་ཟླས་དྲངས་ཏེ་ཕྱག་འཚལ་བའི་ཡུལ་དུ་བྱས་པ་ནི་བརྒྱུད་པ་གསུམ་མམ་དྲུག་གི་ཚུལ་ལོ། །
གཉིས་པ་ནི། གང་དག་སོགས། གང་བརྒྱུད་པ་གསུམ་པོ་དེ་དག་གི་ཐུགས་ཀྱི་གསང་བ་རྨད་དུ་བྱུང་བའི་ཆོས་མཛོ༵ད་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་རྩ་བཤད་རྒྱས་བསྡུས་བགྲང་བ་ལས་འདས་པར་གྱུར་བ་དག་གིས་མཚོ༵ན་པར་བྱ་བ་ནི། གཞི་དང་སྙིང་པོ་མེ་ཏོག་བཅུད་ར༵ང་བཞི༵ན་གྱི་རྒྱུད༵་སྲིད་ཞི་ཀུན་གྱི་བདག་ཉིད་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གྱི་ཡེ་ཤེས་ཉིད་ཡིན་ལ། མཚོ༵ན་བྱེད༵་ཐབ༵ས་རང་བཞིན་གྱི༵་རྒྱུད་ནི། སྟོན་པ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ན་རང་གསལ་བ། རྒྱལ་ཚབ་རིགས་ལྔའི་ཐུགས་སུ་ཆུད་པ་ཡེ་ཤེས་སྒྲར་སྣང༵་བའི་རྒྱུད་ལས་དགའ་རབ་དཔའ་བོ་ལ་སོགས་པའི་གཞན་སྣང་གི་སེམས་དཔས། སྒྲར་གྲག༵ས་པའི་སྒོ་ནས་གསལ་བར་མཛད་པ་མ་འགགས་པའི་རོ༵ལ་མོ༵འི་མཚན་དཔེ་ཉིད། དཔལ་གྱི་སེང་གེ་དང་། པདྨ་ཐོད་ཕྲེང་རྩལ་གྱིས་མཚོན་པའི་བརྡ༵ར་གྱུར༵་བའི་གླེགས་བམ་དུ་བྱས་ཏེ། ཚིག་དོན་རྒྱས་བསྡུས་རྒྱ་ཆེར་འགྲེལ་བ། སྟོང་ཐུན་རྣམས་ཀྱིས་རྣམ་པར་འབྱེད་པའི་ཆོས༵་ཀྱི༵་ཕུང༵་པོར༵་བཞུག༵ས་པ་ཡི༵ས། འཕགས་བློས་སྤྱོད་ཡུལ་མ་གཏོགས་གཞན་གྱིས་གཏིང་དཔག་དཀའ་བའི་ཟ༵བ་མོ༵འི་མདོ༵་ལུང་དུ་བྱས་པ། ཀུན་བྱེད་རྒྱལ་བོ་སོགས་སེམས་སྡེའི་སྐོར་དང་། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད༵་སོགས་ཀློང་སྡེའི་སྐོར་དང་། མ༵ན་ངག༵་སྙིང་གི་རྒྱུད་བཅུ་བདུན་སོགས་ལུང་རྟོགས་དམ་པའི་ཆོས་ཀྱི་མཐར་ཐུག་གི་ངོ་བོར་བཞུགས་པ་རྣམས། ཐབས་ཟབ་ཅིང་མྱུར་བ། མང་ལ་ཡངས་བ། ལྟ་བ་རྨད་དུ་བྱུང་བའི་ཡོན་ཏན་གྱི་རང་བཞིན་ཕྱག༵་བྱ་བའི་འོས༵་སུ་གྱུར་བའི་ཡུལ༵་དུ་ཡིད་ཆེས་པས་རྣམ་པར་འདུད་པའི་དོན་ཏོ། །
གསུམ་པ་ནི་རང་བཞིན་དང་ཐབས་ཀྱི་རྒྱུད་དེ༵་དག་གི་དོན༵། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་དྲི་མས་མ་གོས་པར་དོན་གྱི་བདེན་པ་ཡང༵་དག༵་པར་མངོན་དུ་བྱས་ཤིང་གཟིག༵ས་པ༵འི་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱི་འོ༵ད་སྣ༵ང་གི༵ས་ར༵ང་རྒྱུད་ཀྱི་མ༵་རིག༵་པའི་བག་ཆགས་དབྱིང༵ས་སུ༵་བཅི༵ལ་ནས་ཆོས་སྐུ་མངོན་དུ་མཛད་དེ། ཀུན་འབྱུང་བག་ཆགས་དང་བཅས་པས་རྒྱུད་གང་ཞིང་། ཟག་བཅས་ཕུང་པོ་ལྔས་ཉེ་བར་ལེན་པའི་སྡུག་བསྔལ་མཐའ་དག་གིས་གཟིར་བའི་སེམས་ཅན་གཞ༵ན་ལ༵་གནས་སྐབས་དང་མཐར་ཐུག་གི་ལུས་ལ་ཕན་པ་དང་། སེམས་ལ་བདེ་བའི་ཐབས་ཀྱི་སྤྱོད་པ་ལྷུར་ལེན་པས། རང་དོན་གྱི་བྱ་བ་རྫོགས་པའི་སྤྲུལ་སྐུར་གྱུར་པ་ད༵ང་། གཞན་དོན་གྱི་བྱ་བ་བྱེད༵་པའི་སྤྲུལ་སྐུ་ག༵ང་དུ་གྱུར་བ་དགེ༵་བ༵འི་བཤེ༵ས་གཉེ༵ན་ཆེན་པོ་ཉིད་ཐེག་པ་འདིའི་འཕགས་པའི་དགེ་འདུན་གྱི་ཚུལ་དུ་བཞུགས་པ་ལ༵་ཕྱག་གི་སྒོ་ནས་མཆོ༵ད་པ་དམ་པ་འབུལ་ལོ། །འདི་དག་གིས་ཤུགས་ལ་གནས་དུས་བསྟན་ནས་གླེང་གཞི་ཕུན་སུམ་ཚོགས་པ་རྫོགས་པའོ། །
གོང་དུ་བཤད་པའི་ལྟ་བསྒོམ་མོས་གུས་སུམ་སྤྲུག་གི་ཕྱག་དེ་དག་ཀྱང་ཇི་ལྟར་འཚལ་ན། ཁྱད་པར་གྱི་ཆོས་ལྔ་དང་ལྡན་བའི་སྒོ་ནས་འཚལ་བར་བྱ་སྟེ། དེ་ཡང་ཡུལ་གང་ལ་འཚལ་བ་དང་། གང་ཟག་གང་གིས་འཚལ་བ་དང་། ཚུལ་ཇི་ལྟར་འཚལ་བ་དང་། དེའི་ཕན་ཡོན་དང་། དགོས་ཆེད་ཅིའི་ཕྱིར་འཚལ་བ་ལྔ་ལས། དང་པོ་ནི། དཀོན་མཆོག་གསུམ་གྱི་ཚུལ་སྟོན་པ་དང་། བསྟན་པ་དང་། བཤེས་གཉེན་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་པའོ། །གཉིས་པ་ནི། ནམ་མཁའ་འཇིགས་མེད་པས་སོ། །གསུམ་པ་ནི། བཀུར་བསྟི་རིམ་གྲོའི་ཚུལ་གྱིས་དང་། བསྒོམ་པ་ཉམས་ལེན་གྱི་ཚུལ་གྱིས་དང་། མི་ཕྱེད་རིག་པ་འདུན་པའམ་གཉིས་མེད་འདྲེས་པའི་ཚུལ་གྱིས་ཕྱག་འཚལ་བ་སྟེ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་དང་། ཕྱག་ཚིག་བརྗོད་པ་དང་། དད་ཅིང་གུས་པས་འདུན་པ་ནི་དང་པོའི་ཚུལ་དེ་ཐ་མ་མོས་གུས་གསུམ་ལྡན་གྱི་ཕྱག་ཡིན་པར་བཟང་སྤྱོད་ལས། ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ། །ཞེས་སོ། །འདི་ལ་སྤྱོད་པ་ཡ་རབས་ཀྱི་ཕྱག་ཅེས་ཀྱང་བྱའོ། །ཡང་བསྒོམ་བསྒྲུབ་ཉམས་ལེན་གྱི་སྒོ་ནས་འབྲས་བུ་མངོན་དུ་གྱུར་བའི་ཐབས་ལ་བརྩོན་པ་ནི། བསྒོམ་པ་གོམས་པའི་ཕྱག་གམ། བསྒོམ་པ་ཉམས་ལེན་ཀྱི་ཚུལ་གྱིས་ཕྱག་འཚལ་བ་ཡང་ཟེར་ལ། བསྒྲུབ་པ་ཐབས་ཀྱི་ཕྱག་ཀྱང་ཟེར་ཏེ། ཀྱཻ་རྡོར་ལས། གང་ཞིག་རྟོགས་ནས་མཇལ་བ་ཡི། །འཇུག་བ་གང་ཡིན་འདིར་ཕྱག་འཚལ། །ཞེས་སོ། །ཡང་འཚལ་བའི་བྱ་བ་དང་། འཚལ་ཡུལ། འཚལ་མཁན་རྣམས་དབྱེར་མེད་དུ་རིག་པའི་རང་ཞལ་མཇལ་བའི་ལྟ་བའི་ངང་གདེངས་དང་ལྡན་པ་ནི་མི་ཕྱེད་འདྲེས་པའི་ཕྱག་ཀྱང་ཟེར། གཉིས་མེད་འདྲེས་པའང་ཟེར། དོན་དུ་ན་རབ་ལྟ་བ་མཇལ་བའི་ཕྱག་ཞེས་བྱ་སྟེ། ཞི་ཁྲོ་གར་ཕྲེང་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་ལྟར། །ཤེས་བྱ་སྤྲོས་མེད་དེ་ཉིད་ལ། །གཉིས་མེད་རིག་པས་འདྲེས་ཕྱག་འཚལ། །ཞེས་སོ། །འདིར་ཕྱག་འཚལ་ཚུལ་དངོས་ཀྱི་དབང་དུ་བྱས་ན་ལྟ་བསྒོམ་མོས་གུས་སུམ་སྤྲུག་གི་སྒོ་ནས་ཕྱག་འཚལ་བ་ཡིན་ཀྱང་། རྗེས་འཇུག་རྣམས་ཀྱི་བློ་ཁྱད་ཀྱིས་གང་ལྕོག་སུ་འཚལ་བར་བྱའོ། །བཞི་བ་ནི། སྔ་མ་གཉིས་ཀྱིས་ཉོན་སྒྲིབ་དག་ཅིང་བསོད་ནམས་ཀྱི་ཚོགས་རྫོགས། གཟུགས་ཀྱི་སྐུར་སྨིན་པར་བྱེད་ལ། ཕྱི་མས་ཤེས་སྒྲིབ་དག་ཅིང་། རྫོགས་བྱ་ཡེ་ཤེས་ཀྱི་ཚོགས་རྫོགས། སྨིན་འབྲས་ཆོས་ཀྱི་སྐུར་ཐོབ་པ་སྟེ། ཀླུ་སྒྲུབ་ཀྱིས། བསོད་ནམས་ཡེ་ཤེས་ལས་བྱུང་བ། ། དམ་པ་སྐུ་གཉིས་ཐོབ་པར་འགྱུར། །ཞེས་པ་ལྟར་རོ། ། ལྔ་བ་ནི། གཏན་ལ་ཕབ་པ་མཐར་ཕྱིན་པའི་ཕྱིར་དང་། བར་ཆད་མི་འབྱུང་བའི་ཕྱིར་སྟེ། དེ་བཞིན་དུ་རྗེས་འཇུག་རྣམས་ཀྱིས་ཀྱང་། ཐོས་བསམ་བསྒོམ་གསུམ་མཐར་ཕྱིན་པའི་ཕྱིར་དུ་ཕྱག་འཚལ་བར་བྱའོ། །འབྱུང་ཁུངས་ནི། སྟོན༵་པ༵་ཆོ༵ས་ཀྱི་སྐུའི༵་གསུང༵་གི༵་གས༵ང་བ༵་བླ་ན་མེད་པ་ནང་རྒྱུད་སྣང་བ་གསུམ་གྱི་ཉམས་ལེན་ཀུན་གྱི་མཐར་ཐུག་པ་འདི་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ། སྔར༵་བྱོན༵་པའི་དྲང༵་སྲོང༵་ཆེན་པོ་སངས་རྒྱས་སྐུ་གསུམ་དུ་མངོན་པར་བྱང་ཆུབ་ཀུན་གྱི་ཞི༵་སྒོ༵་གཅི༵ག་ཏུ་གྱུར་བ་ཡིན་ཏེ། ཇི་སྐད་དུ། གྲངས་མེད་དེ་བཞིན་གཤེགས་རྣམས་ཀྱི། །ཐུགས་བརྟོལ་ཉག་གཅིག་དགོངས་ཀློང་གཅིག །ཅེས་དང་། སངས་རྒྱས་འབྲས་བུ་སུས་ཐོབ་པ། །འདི་ཉིད་དེ་ལ་སྣང་བ་ཡིན། །འདི་མ་མཐོང་བའི་སངས་རྒྱས་ནི། །སྔ་ཕྱི་བྱུང་བ་གཅིག་ཀྱང་མེད། །ཅེས་གསུངས་པའི་ཕྱིར་དང་། དེའི་མཚོན་ནས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱིས་བརྣག་དོན་མཐར་ཐུག་ཀྱང་འདི་ལག༵ས་པས། རང་རང་གི་དྭ་ཧ་རྣམས་ནས་ཁོང་སྙིང་མཛད་པའི་ཕྱིར༵་ཏེ། དེས་ན་རང་བྱུང་རྒྱལ་བའི་བཀ༵འ་ཚད་མ་དང་། མན་ངག་ཚད་མ་བྱིན་གྱིས་བརླབས་པའི་བཀའ་རྩོད་པ་མེད་པ་དག་དང་། ཉེ་བརྒྱུད་ཟབ་མོ་གཏེ༵ར་གྱི་རྒྱུད་དང་། གནད་ཡིག་ཚད་མ་ཡོང༵ས་ཀྱི༵་བསྟན་བྱའི་དོན་གྱི་སྙིང་པོའི་བཅུད༵་ཐམས་ཅད་གཅིག་དུ་བསྡུས༵་པ༵། གཞི་དང་ལམ་དང་འབྲས་བུའི་སྒྲོན༵་མ༵་གསུམ་གྱི་གནས་ལུགས་དང་། རྣལ་འབྱོར་དུ་བྱེད་པའི་ཚུལ་ཡང་དག་པར་གས༵ལ་བ༵འི་རྒྱན༵་སྔར་མེད་པ་གཅི༵ག །འདི་ན་རྟེན་འབྲེལ་དུས་ལ་བབས་པ་དེང་གི་དུས་སུ་སྤྲོ༵་བར་བྱའོ། །ཞེས་སོ། །
ཡང་ཆིངས་ཆེན་པོ་ལྔའི་རྒྱས་བཏབས་ཏེ་བཤད་པ་ཡང་ཡིན་པས། དང་པོ་དགོས་པའི་དོན་ནི། མཚན་དང་གཞུང་གི་དགོས་འབྲེལ་རྣམས་ཡིན་ལ། བསྡུས་པའི་དོན་ནི། དབུ་ནས་ཞབས་སུ་བསྡུས་པའི་དོན་བཤད་པ་དང་གཅིག་གོ །ཚིག་གི་དོན་ནི། གཞུང་དོན་འབྲུ་གཉེར་ངེས་ཚིག་དང་བཅས་པ་ཡིན། མཚམས་སྦྱར་ནི་ས་བཅད་རྣམས་དང་དོན་གཅིག །བརྒལ་ལན་ནི། སྤྱིར་སོ་སོའི་ཐད་ཀྱི་བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་ཕབ་པ་ཐམས་ཅད་ཀྱང་ཡིན་ལ། བྱེ་བྲག་ཏུ་ལོག་པར་རྟོག་པ་ཁ་ཅིག་ན་རེ། འོ་ན་སྒྲོན་མ་གསལ་བའི་རྒྱན་ཞེས་བྱ་བ་མི་མཐད་དེ། སྒྲོན་མ་ཡིན་ན་གསལ་མི་དགོས་པའི་ཕྱིར་ཏེ། དཔེར་ན་ཉི་ཟླ་བཞིན་ནོ་ཟེར་རོ། །དེ་ལ་བཤད་ན། སྒྲིབ་པའི་བུམ་ནང་སོགས་ཚིག་བཅད་ཀྱི་དོན་ནི་ལར་སེམས་ཅན་འཁྲུལ་བའི་དུས་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ༵་པ༵འི་སྐུ་གསུང་ཐུགས་ཀྱི་རང་བཞིན་སྒྲོན་མ་གསལ་གསུམ་གྱི་ངོ་བོ་བསྒྲིབས་པ་དེ། དཔེར་ན་བུམ༵་ནང༵་གི་སྒྲོན་མེ་ཕྱི་ནས་ཆ་མེད་ཀྱི་མིའི་མི་མཐོང་བ་ལྟར་གྱུར་བས། སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་བྱུང་གི་ཡེ༵་ཤེས༵་མར༵་མེ༵འི་སྙིང་པོ་ལྟ་བུ་དང་། དེའི་རྟགས་སྣང་རང་འོད་ལྟ་བུ་རྣམས་དང་བཅས་པ་མ་མཐོང་བ་ལ། ལར་རང་བྱུང་འོད་གསལ་བའི་ཡེ་ཤེས་དེའི་ངོ༵་བོ༵་ཉིད༵་ནི༵་སྒྲ་དང་རྟོག་པས་སྨྲ་བས༵མ་བརྗོ༵ད་པའི་མཐའ་དང་བྲལ༵་བ་ཞིག་ཡིན་པས་བརྗོད་དུའང་མི་ནུས་ལ། རང་གསལ་ལྷུན་གྱིས་གྲུབ་པས། རྒྱུ་རྐྱེན་གྱིས་འདུས་བྱས་ཏེ་གསལ་ཀྱང༵་མི་དགོས་པ་ཞིག་ཡིན་མོད་དེ། སྒྲོན་མེ་ལྟ་བུའི་ཡེ་ཤེས་དེ་ནང་ན་ཡོད་པར་མ་མཐོང་བའི་སྐྱེ་བོ་ལ། བུམ་པ་ལྟ་བུའི་སྒོ་གསུམ་སྦུབས་ཀྱི་རྒྱ་དེ༵་ཉིད། བུམ་བ་བཅག་ན་སྒྲོན་མེ་མཐོང་བ་ལྟར། བླ་མའི་ཞལ་ལས་བྱུང་པའི་གདམས་ངག་སྒྲོན་མ་གསལ་བའི་རྒྱན་གྱི། ཚིག༵་རྒྱུད་བསྟན་བཅོས་སུ་བྱས་པ་འདི་དག་གི༵ས་གས༵ལ་བོར༵་མཚོ༵ན་ཞིང་མཐོང་བར་བྱེད་པ༵འི་རྒྱུ་མཚན་དེ་ཉིད་ཀྱི་སླད༵་དུ་ན། མིང་གི་ཐ༵་སྙད༵་འདི༵་ནི༵་ཤིན༵་ཏུ་བཙུན་པ༵་རིགས་ཤིང་འཐད་པའི་རྒྱན་དུ་གྱུར་བ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཕ་རོལ་ཏུ་ནི་འོད་མི་གསལ། །བུམ་པ་དེ་ཉིད་ཆག་གྱུར་ན། །དེ་འོག་མར་མེ་གསལ་བར་འགྱུར། །དེ་བཞིན་རང་ལུས་བུམ་པ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ནས། །དེ་ཉིད་མར་མེ་ཉིད་ལྟ་བུར། །སྦྱོར་བའི་དེ་ཉིད་སྟོན་པ་ཡིན། །སྦྱོར་བ་དེ་ཉིད་ལ་གནས་ན། །ཞེས་སོགས་གསུངས་པ་ལྟར་རོ། །
འབྱུང་ཁུངས་འདི་ནི་བསྟན་བཅོས་ཀྱི་ཚུལ་དུ་འཆད་ཀྱང་ཆོག་སྟེ། དེ་ལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་གི་པཎྜི་རྣམས་ཀྱི་འཆད་ཚུལ་ལས་གཞན། དཔལ་ན་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པས་དང་པོ་ནི། སྔར་གྱི་སྐུ་གསུམ་སྟོན་པ་དང་དགེ་བའི་བཤེས་གཉེན་སོགས་ཀྱིས་གནས་དུས་སྟོན་འཁོར་འཛོམས་པ་ན། གསུང་སོ་སོའི་ཆོས་འཁོར་བསྐོར་ཚུལ་བསྟན་པའི་གླེང་གཞི་དེའི་རྫོགས་པ་ཡིན་ལ། ཕྱི་མ་ནི་སེམས་ཀློང་མན་ངག་སོགས་ཚིག་བཅད་ཀྱི་དོན་ལ་རྩིས་འགོ་ཡན་ལག་ལྔ་ལས། དང་པོ་མཛད་པ་པོ་གང་གིས་མཛད་ན། ཆོས་ཉིད་ཀྱི་བདེན་པ་ལ་རྗེས་དཔག་ཙམ་གྱིས་ཡིད་ཆེས་མངོན་པར་ཐོབ་ཅིང་། ཡི་དམ་གྱི་ལྷ་པདྨ་ཀཱ་ར་དང་། མ་དང་མཁའ་འགྲོའི་ཉམས་དང་རྨི་ལམ་ཙམ་དུ་ལུང་བསྟན་ཐོབ་པ། ཆོས་བརྒྱུད་འདི་ལ་སྐྱེས་པའི་ནམ་མཁའ་འཇིགས་མེད་པས་སོ། །ལུང་གང་ལས་བཏུས་ན། སེམས་ཀློང་མན་ངག་གི་རྒྱུད་སྡེ་རྣམས་ལས་མཐར་ཐུག་གི་དོན་ཐམས་ཅད་བཏུས་ཤིང་། འཐོར་བ་བསྡུད་པ། འཁྲུགས་པ་སྡེབས་པ། གབ་པ་མངོན་དུ་ཕྱུང་ནས་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་སུ་བྱས་པའོ། །ཕྱོགས་གང་དུ་གཏོགས་ན། ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ། དེ་ལའང་མདོ་སྔགས་གཉིས་ལས་ཕྱི་མ་དང་། དེ་ལའང་གསར་རྙིང་གཉིས་ལས་རྙིང་མ། དེའི་ལུང་ཆེན་ནང་གི་མདོ་བདུན་སོགས་ཨ་ནུ། སྒྱུ་འཕྲུལ་དྲྭ་བ་སྡེ་བརྒྱད་སོགས་མ་ཧཱའི་སྐོར། སེམས་སྡེ་ཉེར་གཅིག་སོགས་སེམས་ཕྱོགས་རྫོགས་པ་ཆེན་པོའི་སྐོར་རྣམས་ལས་སེམས་ཕྱོགས་སུ་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ན། སེམས་ཀློང་མན་ངག་གི་རྒྱུད་རྣམས་ཀྱི་མཐར་ཐུག་གི་བརྗོད་བྱའི་དོན། རང་བཞིན་གྱི་རྒྱུད་སྒྲོན་མ་གསལ་བ་གསུམ་གྱི་གནས་ལུགས་ཉིད་དོ། །དགོས་ཆེད་སུ་ཞིག་གི་དོན་དུ་ན། །ཕྱི་རབས་ཀྱི་ཚོགས་སྨོན་ལས་འབྲེལ་དུས་འཛོམས་པའི་སྐྱེས་བུ་རྣམས་ཀྱིས་སྒྲོན་མ་གསལ་གསུམ་གྱི་གནས་ལུགས་ཉམས་སུ་ལེན་ཤེས་ཤིང་མཐར་འབྲས་བདེ་ལེགས་སུ་ཐོབ་པའི་ཆེད་དུའོ། །
ཡང་དགོས་འབྲེལ་ཡང་དག་བཞི་གང་ཞེ་ན། ཡང་སེམས་ཀློང་མན་ངག་ལ་སོགས་ཚིག་བཅད་ཀྱི་དོན་དེས་བསྟན་པ་ཡིན་ཏེ། སེམས་སྡེ་ཉི་ཤུ་རྩ་གཅིག་རྒྱུད། ཀློང༵་དཀར་ནག་ཁྲ་གསུམ་རབ་འབྱམས་དང་བཅུ། མ༵ན་ངག༵་གི་རྒྱུད་ཕྱི་ནང་གསང་བ་ཡང་གསང་ཐིག་ལེའི་སྐོར་རྣམས་ཀྱི་ཁོང་དོན་སྙིང༵་པོ༵་རང་བཞིན་གྱི་རྒྱུད་སོགས་ལྔའི་རང་བཞིན་མཐ༵ར་ཐུག༵་པ། སྒྲོན་མ་གསལ་གསུམ་གྱི་དོན༵་དེ་བརྗོད་བྱ་ཡིན། རྒྱུད་སྡེ་དེ་དག་ལས་འཐོར་བ་སྡུད༵། འཁྲུག༵ས་པ་སྡེབ༵ས། གབ༵་པ༵་མངོ༵ན་དུ༵་བྱུང༵་ན༵ས། སྒྲུབ༵་པ་ཉམས་ལེན་གྱི་བསྟན་བཅོས་སྒྲོན་མ་གསལ་བའི་རྒྱན་འདི་ཉིད་རྗོད་བྱེད་ཡིན། བརྗོད་བྱ་རྗོད་བྱེད་ཀྱི་བརྗོད་པ་དེ་ལ་བརྟེན་ནས་ལྟ་བསྒོམ་སྤྱོད་གསུམ་ཁོང་དུ་ཆུད་དེ་སྒྲུབ༵་པས༵་ཉམ༵ས་སུ་ལེ༵ན་ཤེས༵་པ་ནི་དགོས་པ་ཡིན། དེ་ལྟར་ཤེས་ཤི༵ང་བསྒྲུབས་པས་མཐ༵ར་ཐུག༵་གི༵་འབྲ༵ས་བུ༵་སངས་རྒྱས་ཀྱི་གོ་འཕང་དཀའ་ཐུབ་ཆེན་པོ་ལ་མི་ལྟོས་པས་ལམ་བདེ་བ་དང་། དུས་རིང་པོར་མི་འགོར་བས་མྱུར་བའི་སྒོ་ནས་ཐོབ༵་པ༵་ནི་ཉིང་དགོས་ཡིན་པས། བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། དགོས་ཉིང་དགོས་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བས་ན་དགོས་འགྲེལ་ཕུན་སུམ་ཚོགས་པའི་སྒོ་ནས་ཤེས་ཐོབ་རྟོགས་པའི་སླད༵་དུ༵་བཤ༵ད་པ་ཡིན་ནོ། །
དེ་ཡང་ཆོ༵ས་ཉི༵ད་བས༵མ་གྱིས༵་མི༵་ཁྱབ༵་པས་སྒྲ་དང་རྟོག་པའི་སྤྱོད་ཡུལ་དུ་མ་གྱུར་བ་རང༵་བཞི༵ན་གྱི་བཀའ་རྒྱ་དམ་པས་རྒྱལ་བའི་ལྗགས་ཀྱིས་ཀྱང་བརྗོད་དུ་མེད་པའི་ཕྱིར་དང་། དེ་ཉིད་སྟོན་བྱེད་ལམ་གྱི་རྒྱུད་སྡེ་ཚན་དུ་བྱས་པ་རྣམས་ནི་སྒྲ་ཇི་བཞིན་ཡིན་མིན། དྲང་ངེས། དགོངས་དགོངས་མིན་གྱི་མཐའ་དྲུག་དང་ཚིག་སྤྱི་སྦས་མཐར་གྱི་ཚུལ༵་བཞི༵འི་ཕྱག་རྒྱས་བཏབས་པ་དང་། གཅུས་དཀྲུགས་གབ་པའི་ཆིངས་ཀྱི་བཀའ་རྒྱ་རབ་ཏུ་དམ་པར་བྱས་པའི་རྒྱུ་མཚན་གསུམ་གྱིས་གཏིང་དཔག་དཀའ་བས་ཟ༵བ་པ་དང་། རྒྱ་འགྲོལ་དཀའ་བ་དང་། བློ་ལ་ཤོང་དཀའ་བས་བརླིང༵་བ་དང་། བླ་ན་མེད་པ་དང་། རྩོད་པའི་གཞིར་མ་གྱུར་བ་དང་། མཐ༵ར་ཐུག༵་གི་གནས་ལུགས་སྟོན་པའི་དགོངས་པ་རྡོ་རྗེའི་གནས་འདི༵་གཅི༵ག་པུ་ཡིན་པའི་ཕྱིར། བློས་རྩལ་འཕང་དང་། ལམ་གྱི་སྦྱངས་པ་དམ༵ན་པས༵་ཚུ་རོལ་མཐོང་བའི་བློ་ཅན་བད༵ག་འ༵དྲ་བས་དོན་མངོན་དུ་བསྟན་པ་དང་། དགོངས་པ་འགྲེལ་པའི་ཡུལ༵་དུ་ག༵་ལ༵་འགྱུར་ཏེ། ཞེས་པ་ནི་ཁེངས་པ་བསྐྱུང་བའི་དོན་ཏོ། །འོན༵་ཀྱང༵་མ་དང་མཁ༵འ་འ༵གྲོ་རྣམས་ཀྱིས་གཏན་ལ་ཕབ་པའི་དུས་ཚོད་དུ་བབས་པར་རྡོ་རྗེའི་ལུང༵་གིས་ཡང་ཡང་དུ་བསྟན༵་ཅིང་བསྐུལ་བའི་རྐྱེན་དང་། ལྷག་པའི་ལྷ་དང་བླ་མ་ལ་གསོལ་བ་བཏབ་ཅིང་བཀ༵འི་གན༵ང་བ་བྱིན་ཅིང་མཐུན་གྱུར་མཛད་པའི་རྐྱེན་དང་། སློབ་དཔོན་ཆེན་པོ་པ༵དྨ༵་འབྱུང་གནས་ཀྱི་ཐུག༵ས་བསྐྱེད་ཀྱི་དམ༵་བཅའ་དུས་སུ་སྨིན་པས་དབུགས་འབྱིན་གྱི་བློ་སྣང་ཅུང་ཟད་ཐོབ་པ་དང་། ཁྱད་པར་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ་རྗེས་སུ་བཟུང་ནས་རིན་པོ་ཆེའི་སྒྲོམ་བུ་ཁ་ཕྱེད་པའི་ནང་མཛོད་དུ་བཅུག་ནས་གཙིགས་སུ་མཛད་པ་དང། སླར་ཡང་སྙན་ཁུང་དུ་བརྒྱུད་པའི་ཚུལ་གྱིས་མཁའ་འགྲོ་གར་མཁན་མ་ལ་བསྐུལ་ཏེ་བསྐྱར་ཟློས་ནན་ཆགས་ཀྱིས་ཕྲིན་ལས་མ༵་ལྷོད༵་པས། ཤིང་མོ་གླང་གི་ལོ་ལ་ཟབ་རྒྱ་ཁྲོལ་བའི་ཕྱིར་ད༵ང་། བད༵ག་ཀྱང༵་ཆོས་དང་སྐྱེ་གནས་གཉིས་ཀྱི་རིག༵་འཛི༵ན་གྱི་བརྒྱུད༵་པར༵་གྱུར༵་བ༵་ཡིས༵་གདེང་གིས་ལོག༵་པར༵་བཤ༵ད་དམ་སྙམ༵་པའི་ནོང༵ས་པ༵་ཡང་ཆེར་བད༵ག་ལ༵་མེད༵་པས་ན་སྐལ་ལྡན་གྱི་གདུལ་བྱ་མཆོག་ཏུ་གྱུར་བ་རྣམས་ལ་ཕན་པའི་སེམས་ཀྱིས་དྲངས་ཏེ་བརྗོད་པའོ། །ས་མ་ཡཱ༔ ཞེས་པ་ནི་དམ་ཚིག་གོ །
གོང་དུ་བཤད་པའི་རྒྱུ་མཚན་དེ༵་ཕྱིར༵། གདུལ་བྱ་དང་སྨོན་ལམ་དུས་ལ་བབས་པ་དང་། སྔོན་ཨོ་རྒྱན་ཆེན་པོའི་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའི་བྱ་ར་བར་བསྐོས་ནས། ལྕེ་ལ་དམ་ཚིག་གི་བདུད་རྩི་བཞག །སྤྱི་བོར་བཀའ་རྟགས་ཀྱི་ཕྱག་རྒྱར་བཀོད། ལག་ཏུ་དམ་ཚིག་རྡོ་རྗེ་གཏད། གསང་བའི་མཚན་རྡོ༵་རྗེ༵འི་མིང་གི་ཅོད་པཎ་གྱིས་བསྲུང་བར་བྱས་པ་གསོལ་ནས། སྤྱིར་བསྟན་པ་ཡོངས་རྫོགས་དང་། ཁྱད་པར་དུ་ཟབ་མོ་གཏེར་གྱི་བཀའ་འདི་གཏད་ཅིང་ཁོ་བོའི་གྲོགས་སུ་སྦྲན་པའི། ཆོ༵ས་སྐྱོང༵་བསྲུང༵་མ༵་ཡིད་བཞིན་དབང་གི་རྒྱལ་པོ་དང་། ཞིང་སྐྱོང་ཌཱཀྐིའི་དབང་མོ་ཚེ་རིང་མ་དང་། གནོད་སྤྱིན་དམར་ནག་གིས་མཚོན། འཁོར་དང་བཅས་པའི་ཚོགས་རྣམས་ཀྱིས་ཐུགས་བསྐྱེད་དམ་བཅའ་ལས་མི་འདའ་བ་དང་། ཕྲིན་ལས་བསྒྲུབ་པ་ལ་མི༵་གཡེ༵ལ་བར། ད་ལྟ་ཚུལ་བཞིན་བྲི༵་ཞི༵ང་གཏན༵་ལ༵་ཕ༵བ་པ༵་ཡི༵་དང་། བརྒྱུད་འཛིན་གྱི་བུ་སློབ་རྣམས་ཀྱི་བསྒྲུབ་པ་ཉམས་སུ་ལེན་པ་ལ་བདུད་དང་བ༵ར་དུ་གཅོ༵ད་པའི་ཉེ༵་བར་འཚེ༵་བའི་གེགས་དང་མི་མཐུན་པའི་ཕྱོགས་ཀྱི་མཚ༵ན་མ༵་ངན་པ་ཐམས་ཅད་ཞི༵་བ༵་དང༵་། མཐུན་རྐྱེན་བསམ་པའི་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། ཕྱི༵་མའི་མི་རབ༵ས་རྒྱུད་ཀྱི་མཐར་ཡང་། འཁོར་བ་མ་སྟོངས་ཀྱི་བར་དུ་མི༵་ནུབ༵་པར་བསྟན་པ་གོང་ནས་གོང་དུ་འཕེ༵ལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྲིན་ལས་དམ་པ་མཛོ༵ད་ཅིག ། །ཅེས་སོ། །ཅེས་པ་འདི་ཡང་རྒྱུས་ཆེན་ག་གཱ་ཨ་བྷྱེས་སོ༔