ཡུལ་གྱི་དངོས་པོ་དེད་པའི་སྒོ་ནས་སྣང་བ་སེམས་དང་སེམས་གཏད་མེད་མིང་བྲལ་དུ་འགགས་བསྡམས་པ།
གཉིས་པ་ཡུལ་གྱི་དངོས་པོ་དེད་པའི་སྒོ་ནས་སྣང་བ་སེམས་དང་སེམས་གཏད་མེད་མིང་བྲལ་དུ་འགགས་བསྡམས་པ་ལ། སྣང་བ་སེམས་སུ་ངོ་སྤྲད་དེ་གནས་ལུགས་ལྟ་བའི་ཐོག་ཏུ་འགགས་བསྡམས་པ། སེམས་གཏད་མེད་མིང་བྲལ་དུ་ངོ་སྤྲད་དེ་ཉམས་མྱོང་བསྒོམ་པའི་ཐོག་ཏུ་འགགས་བསྡམས། དེའི་དགོས་བཤད་པ་དང་གསུམ་ལས། དང་པོ་ལ་དངོས་དང་དེའི་དགོས་པའོ། །
དང་པོ་ནི། དེ་ནས་ཡང་ཕྱི༴ ཡིན་ཏེ་བར་ཀྱིས། ཡང་ནང་གི་དཀར་དམར་རླུང་གསུམ་ཕྲ་བའི་བག་ཆགས་ཀུན་གཞི་ལ་ཡོད་པ་མཐུ་བལྟས་ཤིང་ཐོག་མ་མེད་པ་ནས་གོམས་པས་སྣང་བར་ཤར་བ། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ། ནང་གཡོ་བ་བཅུད་ཀྱི་འཇིག་རྟེན་གྲངས་མེད་པ། བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ་དག་ལ་སེམས་ཀྱིས། ཁྱབ་བམ་མ་ཁྱབ་པར་འདུག་བལྟར་བཅུག་པས་ཏེ། དེ་ཡང་བལྟ་ཚུལ་ནི། སེམས་ལ་གནས་དོན་ལུས་ཀྱི་བག་ཆགས་ཡོད་པས་འདི་དག་སྣང་བ་ལས། ཡུལ་རང་མཚན་པ་ཞིག་གཞན་ན་མེད་པའི་ཕྱིར་སེམས་ཀྱིས་ཁྱབ་པ་ཡིན་གྱི། གཞན་དུ་ཡུལ་སེམས་ཐ་དད་དུ་རྟོགས་ནས་དེའི་དེ་ལ་ཁྱབ་པར་གྱུར་ན། སྒྲ་མི་སྙན་པའི་ལྗོན་ཤིང་སོགས་ཀྱང་མངོན་སུམ་མཐོང་དགོས་པ་འདྲ་བ་ཞིག་སྟེ། ཐ་སྙད་ཀྱི་སྣང་ཚུལ་ལ། ཡུལ་སེམས་གཉིས་སུ་སྣང་ཡང་། ཐ་སྙད་པའི་གནས་ཚུལ་ལ་དེ་ལྟར་མེད་དོ་ཞེས་ཤེས་པར་བྱ་ཡི། དོན་དམ་པར་ནི་ཡུལ་སེམས་གཉིས་ཀའང་མི་འགྲུབ་སྟེ། སྣང་སེམས་གང་ཡང་དེའི་ངོ་བོར་མེད་པས་སོ། །དེ་ཡང་འདི་ལྟར་ལུང་དང་རིགས་པ་མན་ངག་གསུམ་གྱི་ཕྱི་རོལ་གྱི་དོན་སེམས་ལས་གཞན་དུ་གྲུབ་པ་མེད་པར་འཐད་དེ། ལུང་ནི་མདོ་སྡེ་ས་བཅུ་པ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། དོན་དུ་རབ་ཏུ་སྣང་བ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། ཞེས་གསུངས་ཤིང་། སེམས་འགྲེལ་ལས། གཟུང་དང་འཛིན་པའི་ཚུལ་གྱིས་ནི། །རྣམ་པར་ཤེས་པ་སྣང་བ་སྟེ། །རྣམ་ཤེས་ལས་ནི་ལོགས་ཤིག་ནས། །ཕྱི་རོལ་དོན་ནི་ཅུང་ཟད་མེད། །ཅེས་དང་། སམ་བྷུ་ཊ་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་སུ་བརྟགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་ན་ཡོད་པ་མ་ཡིན་ནོ། །ཞེས་དང་། གུར་ལས། །ཐོགས་མེད་འཁོར་བའི་བག་ཆགས་ཀྱི། །ཕྱི་རོལ་དོན་ནི་ཡོངས་སུ་བརྟགས། དོན་ཡོད་མ་ཡིན་སེམས་ཉིད་ནི། །ཕྱི་རོལ་དོན་དུ་སྣང་བ་འབྱུང་ཞེས་སོ། རིགས་པས་ཀྱང་གྲུབ་སྟེ་སེམས་ཀྱི་དབང་དུ་གྱུར་བ་ལས། སྣང་བ་ཉིད་ངེས་མེད་ཀྱི་གཏན་ཚིག་གིས་འགྲུབ་སྟེ། ཡོད་པ་མེད་པར་སྣང་། མེད་པ་ཡོད་པར་སྣང་། གཅིག་དུ་མར། དུ་མ་གཅིག་ཏུ་སྣང་བའི་ཕྱིར་རོ། །དེ་ཡང་ཡིན་ཏེ། ཡོད་པ་ཆོས་ཉིད་ཀྱི་དོན་མ་མཐོང་ཞིང་། མེད་པ་ང་བདག་ཏུ་འཛིན་པའི་ཕྱིར་ཏེ། ཇི་སྐད་དུ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་མུན་པ་དེ་གང་ཞིག །ཞེས་སོ། །ཡང་ཡི་དྭགས་རྣམས་ཀྱིས་དྲོན་པོར་ཡོད་པའི་ཉི་མ་ཉིད་མི་མཐོང་བར། འཁྱགས་པར་མེད་བཞིན་མཐོང་བ་ལྟ་བུ་དང་། སྣང་བར་མེད་པའི་མུན་པ་ལ། སྣང་བར་འུག་པས་མཐོང་ལྟ་བུའོ། །གཅིག་དུ་མར་སྣང་བའང་ལྷ་བྱིན་ལ་དགྲ་གཉེན་མང་པོར་མཐོང་བ་དང་།འབྱུང་བ་རེ་རེ་ལ་མཐོང་སྣང་མི་འདྲ་བ། ས་ལ་སར་འདུ་ཤེས་པ། ནམ་མཁའ་དང་། གནས་སུ་འདུ་ཤེས་པ་དང་། ཆུ་ལ་རིགས་དྲུག་གི་མཐོང་བ་མི་འདྲ་བ་དང་། མེད་ལ་གནས་སུ། ཟས་སུ། བསྲེགས་པར། ཁྲུས་སུ་འདུ་ཤེས་པ། ནམ་མཁའ་ལའང་གནས། ས་གཞིར་འདུ་ཤེས་པ་སོགས་ཡོད་པའི་ཕྱིར་སེམས་ཀྱི་བྱེ་བྲག་གིས། སྣང་བ་མི་འདྲ་བ་ལས། ཡུལ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་དང་། རྨི་ལམ་ནའང་རང་གི་སེམས་གཅིག་གནས་ལུས་གྲོགས་འདོད་ཡོན་མང་པོར་སྣང་བའི་ཕྱིར་རོ། །ཐོགས་མེད་ཀྱིས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོ། །དུ་མ་གཅིག་དུ་སྣང་བའི་ཕྱིར་ཡང་ངེས་པ་མེད་དེ། རྡུལ་ཕྲན་འདུས་པ་ལས་རི་བོ་དང་། ཡན་ལག་འདུས་པ་ལ་ལུས་སུ་སྣང་བའི་ཕྱིར་རོ། །དེ་སྐད་དུ་དྲུག་ཅུ་བ་ལས། རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་ལུས་ཡོད་པར་ག་ལ་འགྱུར། །ཞེས་དང་། སྤྱོད་འཇུག་ལས། དེ་བཞིན་ལུས་མེད་ལག་སོགས་ལ། །རྨོངས་པ་ཡིས་ནི་ལུས་བློར་འགྱུར། །ཞེས་པ་ལྟ་བུའོ། །མན་ངག་གིས་བཤད་ནའང་གྲུབ་སྟེ། འདི་ལྟར་རྨི་ལམ་གྱི་ལུས་དང་འདོད་ཡོན་དེ་དག་གཞན་ནས་གྲུབ་པ་མེད་པར་ཡང་བདེན་བདེན་གྲུབ་གྲུབ་དུ་སྣང་བ་བཞིན་ད་ལྟའི་སྣང་བའང་བདེན་པར་སྣང་ཡང་བདེན་པ་མེད་དེ། ཏིང་འཛིན་རྒྱལ་པོ་ལས། མི་དག་རང་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་གི་དགའ་མྱོས་ཀྱང་། །ཕྱིས་སད་ནས་ནི་དེ་ཡང་འདོད་མ་མྱོང་། །དེ་ནི་རྨི་ལམ་ཡིན་པར་དེ་ཡིས་ཤེས། ། དེ་བཞིན་མཐོང་ཐོས་རིགས་དང་བྱེ་བྲག་ཤེས། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་སོ། །འོན་ཀྱང་རྨི་ལམ་རྫུན་པ་ཡིན་པས་ཉིན་སྣང་དང་མི་འདྲ་སྙམ་ན། ཡུན་རིང་ཐུང་གྲངས་མང་ཉུང་གང་ཡང་དྲ་བས་ཁྱད་པར་མེད་ལ། དེ་རིང་རྨི་ལམ་རྫུན་པར་ཤེས་ཀྱང་། རང་དུས་སུ་མི་ཤེས་པ་དང་། ད་ལྟ་འདི་སྣང་བདེན་པར་རྟོགས་ཀྱང་བླ་མས་མན་ངག་གི་བསྟན་དུས་རྫུན་པར་ཤེས་པ་ལྟར། རེས་འགའ་གཉིད་ཁུང་ནས་ཀྱང་རྨི་ལམ་རྫུན་པར་ཤེས། འོན་ཀྱང་ཉིན་སྣང་གཏན་དུ་རྟག་ལ། རྨི་ལམ་ནུབ་རེ་བཞིན་མི་རྟག་པས་མི་འདྲ་བསམ་ཀྱང་། ཉིན་སྣང་གིས་ཕྱི་ནམ་ཟླ། ནང་ཉིན་གཅིག་གི་དུས། འགྲོ་འདུག་ཟ་ཉལ་གནས་གྲོགས། གསང་བ་སེམས་ཀྱི་རྟོག་ཚོགས་གང་ཡང་མི་རྟག་པའི་ཆོས་ལ་བློ་ཁ་ཙམ་མ་ཕྱོགས་པ་རེ་འགའི་བདེན་པར་སྣང་བ་ལས། ཕྱི་འབྱུང་བཞི། ནང་རང་ལུས། གསང་བ་རང་སེམས། ཆགས་སྡང་རེ་དོགས་ཡོད་པར་འདྲ་བ་སྟེ། ཁྱད་པར་སྤུ་ཙམ་ཡང་མེད་པ་ལ་ཉིན་མོའི་ཁ་འཛིན་ཅིས་ཕྱིར་བྱེད། ལར་བརྟན་མི་བརྟན་དུ་སྣང་བའི་བདེན་རྫུན་ཅི་ཡང་མེད་པ། ཡུན་རིང་ཐུང་གིས་སྒྱུ་མ་ལ་བདེན་རྫུན་མེད་པ་ལྟ་བུ་དང་། ལར་བདེན་པར་བཟུང་བས་བདེན་པར་སྣང་། མི་བདེན་པར་བཟུང་བས་མི་བདེན་པར་སྣང་བ་ལས། ཆོས་རང་གི་ངོ་བོ་ལ་བདེན་རྫུན་མེད་པའི་རྟགས་སུ། གཉིད་ཁུང་ནས་གཡང་ལ་ལྕེབ་པ་དང་། ཆུ་ལ་བརྒལ་བས་གནོད་པ་མ་བྱུང་བའི་ལོ་རྒྱུས་ཡོད་པ་དང་། རྣལ་འབྱོར་པས་སྣང་བ་བདེན་མེད་དུ་གོམས་པས་རི་བྲག་ལ་ཐོགས་པ་མེད་པ་ལྟ་བུའོ། །འོན་ཀྱང་འགྲོ་བ་འཁྲུལ་བའི་དབང་གིས་བག་ཆགས་བརྟན་པ་ལ་བདེན་པ་དང་། མི་བརྟན་པ་ལ་མི་བདེན་པའི་རྣམ་བཞག་བྱེད་ཀྱང་ཁྱད་ཅི་ཡང་མེད་དོ། །ཚད་མ་རིགས་གཏེར་ལས། དོན་དུ་སྣང་བ་བློ་ཉིད་ཡིན། །ཕྱི་རོལ་དོན་ནི་ཅི་ཡང་མེད། །བག་ཆགས་བརྟན་དང་མི་བརྟན་ལ། །བདེན་དང་རྫུན་པའི་རྣམ་བཞག་བྱེད། །ཅེས་སོ། །དེ་བཞིན་དུ་བར་སྲིད་དང་ཕྱི་མིའི་ཡུལ་སྣང་ཡང་བདེན་གྲུབ་ཅི་ཡང་མེད་པར། ཞི་བ་ལྷས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །ཞེས་སོ། །འོན་ཀྱང་ཡུལ་ཡོད་པ་དབང་པོའི་མངོན་སུམ་དུ་གྱུར་བ་ལ་སུས་སྨྱོན་སྙམ་ན། མི་བདེན་ཏེ། མིག་གཟུགས་ལ་བལྟ་བར་ཕར་མ་ཕྱིན། གཟུགས་ཚུར་མ་ཕྱིན་པས་འཕྲད་པ་མེད་ལ། མ་འཕྲད་པར་མཐོང་ན། ཕྱོགས་ཀུན་གྱི་ཤེས་བྱ་དབང་པོའི་མངོན་སུམ་དུ་མཐོང་རིག་ན། དེ་ཡང་མི་མཐོང། འཕྲད་ན་མི་མཐོང་སྟེ་གཅིག་དུ་འགྱུར་བའི་ཕྱིར་རོ། ། ཡུལ་དབང་ཡོད་པས་མཐོང་བའང་མིན་ཏེ་རྨི་ལམ་དང་། བར་དོའི་ཡུལ་དབང་ཤེས་པས་སྟོན་ལ། དབང་པོའི་ཡུལ་དུ་གྱུར་པས་ཀྱང་ཚད་མ་མིན་ཏེ། སྤྱོད་འཇུག་ལས། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། གྲགས་པས་ཡིན་གྱི་ཚད་མས་མིན། །ཞེས་དང་། ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། དབང་པོའི་ཡུལ་དུ་གང་གྱུར་པ། །དེ་དག་ཚད་མ་མ་ཡིན་ནོ། །ཞེས་དང་། དམ་པའི་དོན་ལ་དངོས་མེད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ལ་སོགས་པ་ཡིས། །དབང་པོ་རྣམས་ཀྱིས་མཐོང་མིན་ཏེ། །མཐོང་བ་བློ་ཡིས་བསླད་པ་ཡིན། །ཞེས་དང་། གུར་ལས། གཟུགས་ནི་མིག་གིས་མི་འཛིན་ཏེ། །སྒྲ་ནི་ཐོས་པ་པོ་ཡིས་མིན། ། ལྕེ་ཡིས་རོ་ནི་མི་ཚོར་ཏེ། །དྲི་ནི་སྣ་ཡིས་ཀྱང་མ་ཡིན། །རེག་བྱ་ལུས་ཀྱི་ཀོང་བུའི་མིན། །ཞེས་སོ། །དེས་ན་འདི་ཀུན་ཐོག་མེད་ནས་སེམས་ལ་བག་ཆགས་ཡོད་པའི་དབང་གིས་དེ་སད་པ་ལས་སྣང་བ་ཡིན་གྱི། ཕྱི་རོལ་ན་ཡོད་ནས་དེ་དང་དབང་ཤེས་འབྲེལ་བའི་དབང་གིས་མཐོང་བའང་མིན་ནོ། །གལ་ཏེ་ཡིན་ན་ངོ་བོ་བདག་གཅིག་གི་དང་། དེ་བྱུང་གི་འབྲེལ་བ་མེད་པས་ཀྱང་མི་མཐོང་ངོ་། །དེ་ཡང་ན་རོ་བས། སྣང་ཞིང་སྲིད་པའི་ཆོས་འདི་དག །རང་རིག་སེམས་ལས་གུད་ན་མེད། ། སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་བ་མེད་ཕྱིར་མི་སྣང་ཐལ། །དེ་ལྟར་ཀུན་རྫོབ་གཏན་ལ་དབབས། །ཞེས་སོ། །འོན་ཀྱང་ཕྱིའི་སྣང་བ་འདི་སྔར་ནས་ཡོད་པ་དང་། བག་ཆགས་ཇི་ལྟར་གོམས་ཀྱང་འདི་འདྲ་འཐས་སུ་འགྱུར་མི་སྲིད་པ་དང་། མཐུན་སྣང་དུ་ཡོད་པའི་རང་སེམས་ཡིན་པར་མི་འཐད་སྙམ་ན་སྔར་ནས་ཡོད་པ་གང་གིས་ཤེས། རྒན་པོའི་སྐད་ལས་ན། རྨི་ལམ་གྱིས་དུས་སུ་གསར་ཆགས་ཞིག་ཡིན་པར་རྟོགས་གམ། རྨི་ལམ་ཀྱང་རྨི་ལམ་གྱི་རྒན་པོ་དང་། སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདྲ་ཡང་དེ་ལྟར་མིན་པ་བཞིན་དང་། བག་ཆགས་ཡུན་རིང་དུ་གོམས་པས་ནི་འདི་ལྟར་སྣང་རུང་སྟེ། འཇམ་དཔལ་རྣམ་པར་རོལ་པ་ལས། ལྷའི་བུ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ། ཕྱི་རོལ་གྱི་ཡུལ་འདི་ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ཕྱི་རོལ་གྱི་ཡུལ་འདི་རྣམས་སེམས་རྟོག་པའི་བག་ཆགས་རྒྱས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བལྟས་ཀྱང་སྲ་ཞིང་འཐས་པ་འདི་ལྟར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱི་སྨྲས་པ། དེ་ལྟར་སྣང་དུ་རུང་སྟེ། དཔེར་ན་གྲོང་ཁྱེར་ཝ་ར་ན་སིར། བྲམ་ཟེའུ་ཞིག་གིས་རང་ལུས་སྟག་དུ་བསྒོམ་པས། ཐམས་ཅད་ཀྱིས་སྟག་དུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་སྟོངས་བར་བྱུང་བ་བཞིན་ནོ། །ཞེས་ཅུང་ཟད་གོམས་ཀྱང་དེ་ལྟར་འགྱུར་ན། ཐོག་མེད་ནས་བག་ཆགས་གོམས་པས་ཅི་སྟེ་མི་སྣང་སྟེ་སྣང་ངོ་། དེ་ལྟར་གཏན་ལ་ཕབས་པས་སེམས་ཀྱིས་མ་ཁྱབ་པ་མི་འདུག་སྙམ་ན། སེམས་དངོས་ཀྱིས་ཁྱབ་པ་འམ་སྤྱི་དོན་སེམས་སུ་བདེན་པར་གནས་པ་ཞིག་གམ། མི་བདེན་པར་སེམས་ལ་སྣང་བ་ཙམ་དུ་ཟད་པའི་སེམས་ཙམ་གྱི་ཁྱབ་པར་སྣང་ཞེས་དྲིས་པས། དང་པོ་ལྟར་འདོད་ན། སྤྱི་དོན་སེམས་དངོས་ནི་མ་ཡིན་ཏེ། སེམས་ཡོད་མེད་ཀྱི་རྗེས་སུ་མི་འགྲོ་བའི་ཕྱིར་དང་། ཡུལ་སེམས་འཆོལ་བས་མི་འཐད་པ་དང་། སེམས་ནང་དང་། ཡུལ་ཕྱི་ན་ཡོད་པས་གོ་ས་འཛོལ་བའི་ཕྱིར་མི་འཐད། སེམས་ཤེས་པ་དང་། ཡུལ་བེམ་སོགས་ཆོས་འགལ་བས་ཀྱང་མི་འཐད་པ་དང་། སེམས་དབང་པོའི་མཐོང་ཐོས་སུ་ཐལ་བའམ། ཡུལ་མཐོང་ཐོས་སུ་མི་རུང་བར་གྱུར་བ་དང་། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འདི་ལ་སྟོན་ཆེན་པ་རྣམས་ཀྱིས་ཀྱང་ཐུགས་ཤིན་ཏུ་གཙིག་ཆེ་བར་སྣང་ཡང་། ལོག་རྟོག་གི་མུན་པ་ཆེན་པོ་ཞིག་དུ་ངེས་སྟེ། རང་ཤར་ལས། སྣང་བ་སེམས་ཀྱིས་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་སྨྲ་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཅེས་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། ཞེས་སོ། །འོ་ན་གོང་དུ་སྣང་བ་སེམས་སུ་བཤད་པ་དང་འགལ་ལོ་སྙམ་ན། མ་ཡིན་ཏེ། མཁའ་ལ་རབ་རིབ་སྣང་བ་བཞིན་སེམས་འཁྲུལ་བའི་དབང་གིས་གང་སྣང་བ་འཁོར་བའི་ཆོས་ཐམས་ཅད་མེད་སྣང་སྟོང་པའི་རང་གཟུགས་ཙམ་དུ། སེམས་ལ་བག་ཆགས་སྣ་ཚོགས་ཡོད་པའི་གཟུགས་བརྙན་ལྟར་རམ། སེམས་ཀྱི་སྣང་བ་ལ་ཤར་བ་ཡིན་ཏེ། སེམས་དང་གཅིག་ཏུ་མ་གྲུབ་པས་སྤང་དུ་ཡོད་ལ། ཐ་དད་དུ་མ་གྲུབ་པ་སེམས་འཁྲུལ་བ་ལས་བྱུང་བ་ནི་དཔེར་ན་རབ་རིབ་དེ་མིག་ཤེས་དང་གཅིག་དུ་མེད་དེ་སྤངས་བར་རུང་བ་དང་། ཐ་དད་པར་མེད་དེ་ཡུལ་རང་མཚན་པ་མ་གྲུབ་པ་ལྟར་རོ། །འོ་ན་སེམས་ཙམ་གྱི་ཁྱབ་པའམ། སེམས་རྟོགས་པས་བཟོས་པའི་དབང་གིས་སྣང་བ་ཡིན་པས་ན་ཀུན་བྱེད་ཀྱི་མཁན་པོ་སེམས་སུ་ཤེས་ན་དེ་ཀ་ལྟར་སྣོད་བཅུད་འདོད་ཡོན་གྱི་སྣང་བའི་རྣམ་པ་གང་སྣང་བ་ཐམས་ཅད་སེམས་གཟུང་འཛིན་གྱིས་བསླད་པའི་བག་ཆགས་ལས་སྣང་བ་མེད་བཞིན་དུ་ཤར་བ་ཡིན་ཏེ། དེ་ལྟར་རྟོགས་པས་སེམས་ཙམ་མན་ཆད་ཀྱི་ལྟ་བ་རྟོགས་ཟིན་པར་ཤེས་དགོས་སོ། །
གཉིས་པ་ནི། སེམས་ཀྱི་རང་གདངས༴ དགོས་པ་འོའི་བར་ཏེ། དེ་ལྟར་གཏན་ལ་ཕབས་པས་སེམས་ཀྱི་བག་ཆགས་རང་གདངས་སམ་རང་རྩལ་ལས་རོལ་པ་ཙམ་དུ་ཕྱི་དཀར་དམར་ཡུལ་དུ་སྣང་བ་དང་། ནང་བློ་ཆོས་བདེ་སྡུག་གིས་མཚོན་མིང་གི་ཚོགས་དང་། ཡིན་མིན་དུ་རྟོག་པ་དང་། རེ་དོགས་དགགས་སྒྲུབ་ཐམས་ཅད་རང་སྣང་རང་བཞིན་མེད་པར་ཤེས་པ་ན། ཡུལ་གྱི་འཕྱང་རྒྱའི་སེམས་བཅིངས་བ་གྲོལ་ནས། ཡུལ་མེད་ཟང་ཐལ་སྟོང་ཉིད་ཆེན་པོའི་དོན་རྟོགས་པ་ནི་དགོས་པའོ། །
གཉིས་པ་སེམས་གཏད་མེད་མིང་བྲལ་དུ་ངོ་སྤྲད་དེ་ཉམས་མྱོང་གོམས་པའི་ཐོག་ཏུ་འགགས་བསྡམས་པ་ནི། ཡང་སྣང་བ་གང་ཡང༴ ཡིན་ནམ་ཞེས་པའི་བར་གྱིས། ཡང་སྣང་བ་གཅིག་ལ་དབང་ཤེས་ཆེད་དུ་གཏད་དེ་ཅེར་གྱིས་བལྟས་ཤིང་། འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པ་ལ་སྔོན་བསུ་རྗེས་གཅོད་དང་། སྤངས་ལེན་བཟོ་བཅོས་མེད་པར་ལྷོད་ཀྱིས་གློད་པས། རང་བཞིན་སྣང་ཆ་མ་འགགས་པས་གསལ་བ། ངོ་བོ་གྲུབ་མེད་པས་སྟོང་པ་སྟེ། སྟོང་བཞིན་དུ་སྣང་བ་ལྷག་གིས་འཆར་བའི་དུས་སུ་གཟུགས་སོགས་ཡུལ་དུ་མིང་བཏགས་དོན་བཟུང་དངོས་པོར་རྟོགས་མཁན་དེ་སེམས་ཡིན་ནམ། ༧ཡུལ་འདིའི་ཚུར་ཡུལ་སེམས་མིང་དོན་དངོས་པོ་འདི་ཞེས་བཟུང་ངམ། ཡུལ་འདིའི་མཚན་ཉིད་སྣང་ཚུལ་འདི་འདྲ་ཞེས་སེམས་ཀྱིས་༼ འདི་གཉིས་ཀྱི་བར་འགྲེལ་ཚུལ་གཉིས་ཀྱི་ཡི་གེ་གང་དག་པ་ལས་ཅིག་ཤོས་བཞག་གོ །མཆན། ༽བཟུང་ངམ་དང་པོ་ལྟར་ན་ཡི་གེ་ཚུལ་ཞེས་པ་མ་དག་པ་འདྲ། གཉིས་པ་ལྟར་ན་གོང་དུ་སེམས་ཡིན་ནམ་ཞེས་པའི་འདམ་ཀའི་ཚིག་གཞར་དང་ཅུང་མི་འགྲིགས་པས་དཔྱད་དོ། །དེ་ལྟར་དཔྱད་དུས། །རྟོགས་མཁན་སེམས་ཡིན། །དེའི་ཡུལ་གྱི་རང་སྤྱི་དོན་བྱེད་ཀྱི་ཚུལ་འདི་འདྲའོ་ཞེས་བཟུང་བར་སེམས་ན། ཡུལ་དང་དབང་ཤེས་ཀྱི་བར་ནས་མིང་འདོག་མཁན་གྱི་སེམས་ལ་ངོས་བཟུང་གི་དབྱིབས་ཁ་དོག་གྲུབ་བམ་མ་གྲུབ་སྔར་བཞིན་བལྟ། འོན་ཀྱང་ཡུལ་ཤེས་ཐ་དད་དུ་ཡོད་པ་རྟེན་ཅིང་འབྲེལ་བའི་དབང་གིས་མིང་དུ་གདགས་པ་བྱུང་བ་ཡིན་པར་སེམས་ན། དེ་ཡང་མ་ཡིན་ཏེ། དོན་སྣང་ཤེས་ཐུག་འཕྲད་མ་གྲུབ་པ་སྔར་བཤད་ཟིན་ལ། མིང་དུ་བཏགས་པ་འདི་དག་ཐམས་ཅད་མཐར་ཐུག་གི་བར་དུ་རྟག་པར་གྲགས་པ་ཞིག་གམ་མི་རྟག་པར་གྲགས་པ་ཞིག །ཞེས་ལེགས་པར་བལྟར་བཅུག་པས། ལར་བརྟགས་དོན་མ་གྲུབ་པའི་མིང་ནི་མོ་གཤམ་གྱི་བུའི་མིང་དང་འདྲ་བས་ཀྱང་མིང་རང་མཚན་པ་མ་གྲུབ་ལ། མིང་འགྱུར་བའི་ཆ་ནས། གྲི་ཡིས་འབུག །འབུག་གིས་ཁབ་ཏུ་བྱས་པས་སྔ་མ་སྔ་མ་ལས་འགྱུར་བ་དང་། མི་གཅིག་ལ་མིང་བརྒྱ་བཏགས་ཀྱང་དེ་ཡིན་པའི་འདུ་ཤེས་འབྱུང་བ་དང་། ལུས་ཀྱང་ནང་ནས་བསིལ་ན་ཤ་རུས་སོགས་སུ་མིང་འགྱུར་བ་དང་། སེམས་ཀྱི་མིང་ཡང་རྣམ་རྟོག་མང་པོའི་སྤྱི་ལ་བཏགས་པས། མིང་གཅིག་དང་དོན་མང་པོ་འགལ་པ་དང་། ཡང་ཡི་གེ་སིལ་བུ་བར་གནས་པས་མིང་རྟག་པར་མ་གྲུབ་ལ། ཡུལ་དེ་ལ་མིང་གློ་བུར་དུ་བཏགས་པ་ལས། ངེས་པ་ནི་མིན་ཏེ། ཁོས་མིང་ལ་དེ་སྐད་ཟེར་བ་ཡིན་ཞེའམ། ཡི་གེར་དོད་ནས་འདུག་བལྟས་ན། ཆོས་ཐམས་ཅད་མིང་ཙམ། མིང་ཡང་བཏགས་པ་ཙམ་ལས། མིང་དོན་གྱི་འབྲེལ་བ་མེད་པར་དོན་དུ་མིང་ཙམ་ཡང་གྲུབ་པ་མེད་དེ། །མདོ་ལས། མིང་ནི་མིང་གིས་སྟོང་པ་སྟེ། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་པ། འོན་ཀྱང་མིང་གིས་ཐམས་ཅད་བརྗོད། །ཅེས་དང་། རྒྱལ་པོ་འཆར་བྱེད་ལ་གདམས་པ་ལས། མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། ཞེས་དང་། གསང་སྙིང་ལས། །ཆོས་རྣམས་མིང་དུ་གདགས་པ་ཙམ། །སྟོན་པའི་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་དང་། ཀླུ་སྒྲུབ་ཀྱིས་དངོས་པོ་སྦྱོངས་པ་ལས། མིང་གིས་མིང་ཉིད་སྟོང་བས་ན། །མིང་ལ་མིང་ནི་ཡོད་མ་ཡིན། ། ཆོས་རྣམས་ཐམས་ཅད་མིང་མེད་པས། །མིང་ནི་བཏགས་པ་ཙམ་ཉིད་དོ། །ཅེས་དང་། །ཆོས་རྣམས་གང་དང་གང་བཏགས་པ། །དེ་ནི་དེ་ལ་ཡོད་མིན་དེ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ལ་ལ་དག་ལ་བུ་བཙས་ཏེ། །དེ་ཡི་མིང་ནི་ཐ་སྙད་དེར་བཏགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ཏུ་བརྟགས་ན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་གཏན་ལ་ཕབས་དེ་དངོས་པོ་དེད་པས། ཡུལ་ཡང་མེད། སེམས་ཀྱང་མེད་པར་བརྗོད་མི་ཤེས་པ་སྟོང་སང་གྱི་ངང་ལ་གནས་དུས། གར་ཡང་འཕྲོ་བ་མེད་པའི་གནས་ཆ་དེ་བཞག་ལ། རིག་ཆ་རྗེན་པ་དེ་ཆོས་སྐུར་ངོ་སྤྲད་དོ། །
གསུམ་པ་དགོས་པ་ནི། ཞེས་ལེགས་པར་༴ རྙེད་པ་ཞེས་ངོ་སྤྲོད་བར་གྱིས། དེ་ལྟར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བལྟར་བཅུག་པས། ཕྱི་སྣང་བ་ཐམས་ཅད་སེམས་ཀྱི་འཁྲུལ་བ་ཙམ་ལས་མེད་པར་སེམས་སུ་གོ །སེམས་རང་ཡང་རྒྱུ་རྐྱེན་གང་ལས་ཀྱང་སྐྱེ་བ་མེད་པ་དང་། ངོ་བོ་འདི་ཞེས་ངོས་བཟུང་གི་ཆོས་སུ་གྲུབ་པ་མེད་པར་ཐག་ཆོད་ནས་བསམ་ཤེས་བསྒོམ་བྱུང་དང་འདྲེས་ཏེ་གཏད་མེད་མིང་བྲལ་ངག་གིས་བརྗོད་དུ་མེད་པ། བློའི་བསམ་དུ་མེད་པར་ངེས་པ་ནང་ནས་སྐྱེ་ཞིང་ཤེས་འོང་སྟེ། དེ་ལྟར་གོ་ན་སེམས་རང་དབང་དུ་གྱུར་པ་དང་། མ་གྱུར་པ་ལས་འཁོར་འདས་སུ་འབྱུང་བས་ཀུན་ཀ་བསྐྱེད་པའི་རྩ་བ་དང་། བརྟེན་པའི་གཞི་མལ། ལྗོན་ཤིང་གི་ཡལ་ཀའི་གྱེས་གཞི་ལྟ་བུ། ཀུན་བྱེད་ཀྱི་མཁན་པོ་སེམས་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཐམས་ཅད་ཉིད་དུ་འདུ་བའི་ཕྱིར། །ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ཀྱིས་བྱས་པའི་ཕྱིར། །ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ལ་གནས་པའི་ཕྱིར། །ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ལུས་ལས་སྐྱེས་པའི་ཕྱིར། །ཀུན་གྱི་སྡོང་པོ་ཡིན་པར་ཡིད་ཀྱང་ཆེས། །ཞེས་སོ། ། དེས་ན་འདི༵་ཡི༵་དོན༵་གཅི༵ག་པོ༵་སྐྱེ་མེད་དུ་ཤེས་པས། ཡིན་ནམ། ཡང་ན་ཆོས་ཐམས་ཅད་ཀྱི་དོན་སེམས་འ༵དི་ཡི༵་དོན༵་སྐྱེ་མེད་གཅི༵ག་པོར༵་ཤེས༵་ཤིང༵་ཞེས། སེམས་ལས་སྣང་བ་གཞན་དུ་མེད་པའི༵་རྒྱུ་མཚན་གྱིས། འདིའི་དོན་རྟོགས་དུས་༼ འདི་ཡི་དོན་གཅིག་པོ་ཞེས་པས་ཡིན་ན་སྔ་མ་ལྟར་དང་། འདི་ཡི་དོན་གཅིག་པོར་ཡིན་ཕྱི་མ་ཨེ་འགྲིགས། ཡིག་སྐྱོན་ཨེ་ཡིན་སྙམ་ནས་གཉིས་ཀ་ལྟར་འགྲེལ་བ་ལགས་པས་གང་དགའ་གཟིགས། ༽ཆོས་ཀུན་གྱི་འགགས་འདིའི་བསྡུས་ཤིང་དོན་རྟོགས་ཟིན་པར་གོ་དགོས་པ་ཡིན་ལ། དེ་ལྟར་རྟོགས་ན་གཞི་ཆོས་སྐུ་ཆེན་པོ་བྱ་བས་མ་བྱས། རྩོལ་བས་མ་བསྒྲུབ། རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རང་ལས་རྙེད་པ་སྟེ། རྟོགས་པས་བདག་གྲོལ། ཐུགས་རྗེའི་གཞན་གྲོལ་བས་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ་ལག་ཏུ་རྙེད་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །འདོད་དོན་མ་ལུས་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག །ཞེས་དང་། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་རབ་སྟེར་བའི། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། དཀོན་མཆོག་སྤྲིན་ལས། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། རང་ཤར་ལས། ཨེ་མ་ཧོ་ནོར་བུ་རིན་ཆེན་བདུད་རྩི་འདི། །ཐོག་མ་མེད་པའི་དུས་ནས་ནི། །ང་ཡི་ནོར་བུ་རིན་ཆེན་སྟོར། །དེ་ཡིས་ཤིན་ཏུ་ལོག་པར་འཁྱམས། །ནོར་བུ་རིན་ཆེན་བདུད་རྩི་དེ། །བཙལ་བས་རྙེད་པའི་གནས་མེད་དེ། །རང་ལས་རང་བྱུང་རིག་པར་རྟོགས། །ནོར་བུ་རིན་ཆེན་བདུད་རྩི་དེ། །སྟོར་བ་མ་ཚོར་རྙེད་པ་ཚོར། །ཞེས་དང་། ནོར་བུ་རིན་ཆེན་བདུད་རྩི་འདི། །བཏང་བཞག་མེད་ན་བསྒོམ་པའི་མཆོག ། ཞེས་སོ། །ས་མ་ཡ་ཤིན་ཏུ་ཟབ་མོའི་མན་ངག་གི་རྩ་བའི་དམ་ཚིག་གོ ། རྒྱ་ནི་སྔར་ལྟར་རོ། །
གསུམ་པ་སེམས་ཀྱི་རྩ་བ་བཅད་པའི་སྒོ་ནས་འགོང་པོ་ཡུལ་ཕྱུང་དེ། རང་གྲོལ་གྱི་བསྒོམ་པ་ངོ་སྤྲད་པ་ལ། ཚིག་གི་མཚམས་སྦྱར་ནས་འགོང་པོ་ཡུལ་ཕྱུང་སྟེ་བདག་རྟོག་སེམས་ཀྱི་འཛིན་པ་ཙམ་དུ་ངོ་སྤྲད་པ་དང་། འཛིན་པ་ཉིད་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབས་ཏེ་རང་གྲོལ་གྱི་དགོངས་པ་རང་ངོ་སྤྲད་པ་དང་། དེའི་དགོས་པ་བཤད་པ་དང་གསུམ་ལས། དང་པོ་ལ། བདག་མེད་གཏན་ལ་ཕབ་ནས་འགོང་པོ་ཡུལ་ཕྱུང་བ་དང་། བདག་རྟོག་སེམས་ཀྱི་འཛིན་པར་ངོ་སྤྲད་པ། ཞར་ལ་དེའི་དགོས་པ་བཤད་པའོ། །
དང་པོ་ནི། ད་ནང་འཛིན་པ་སེམས་ཀྱི་ངོ་སྤྲོད༴ ནས། འཁྲུལ་བ་ཡིན་གྱི་བར་ཏེ། སྣང་བ་སེམས་སུ་ངོ་སྤྲད་ཟིན་ནས། ད་ནི་ནང་འཛིན་པ་སེམས་ཀྱི་རང་བཞིན་འཆིངས་བྱེད་རང་གི་ངོ་བོ་ཉིད་མེད་པ་རང་གྲོལ་གྱི་གནས་ལུགས་ཆེན་པོ་ངོ་སྤྲོད་པ་ནི། ཞེས་གསུངས་ཤིང་། འདིའི་ཤུགས་ལ་གང་ཟག་གིས་བདག་མེད་པ་གཏན་ལ་འབེབས་པའི་དོན་ཅིའི་ཕྱིར་ཡིན་ན། ལར་ལུས་ངག་ཡིད་གསུམ་དང་། ཕུང་པོ་ལྔ་ཆ་མ་ཕྱེས་པའི་སྟེང་དུ་བདག་ཏུ་འཛིན་པ་ཡིན་ཀྱང་། གཞན་བདག་མ་ཡིན་པར་གོ་སླ་ཞིང་། བདེ་སྡུག་ཉེ་བར་ལེན་མཁན། སྐྱེ་བ་བརྒྱུད་དེ་ལས་ཀྱི་རྒྱུ་འབྲས་སྤྱོད་མཁན་ཀུན་སེམས་ཡིན་པས་ངའོ་སྙམ་པ་སེམས་སུ་རྟོག་པ་འབྱུང་ཉེ་བ་དང་། ཕྱི་རོལ་བས་ཀྱང་རྣམ་ཤེས་ལ་བདག་ཏུ་བཏགས་པའི་ཕྱིར། དོན་དེ་འགོགས་པ་ལ་དགོངས་ནས་གཏེར་ཆོས་ཕར་ཆེར་ལས་འཛིན་པ་གང་ཟག་གི་བདག་དང་། བཟུང་བ་ཆོས་ཀྱི་བདག་ཞེས་གསུངས་པའང་ཡོད་པའོ། །བདག་མེད་དེ་གཏན་ལ་ཕབས་ཚུལ་ཀྱང་ཤིང་རྟ་རྣམ་བདུན་ཀྱི་རིགས་པ་སོགས་མང་དུ་མཆིས་མོད་དེ། འདིར་མན་ངག་གི་ལུགས་སུ་བྱས་པའི་ཁོང་ན་རྫོགས་པས། ཚིག་གིས་ཆེད་དུ་མ་སྤྲོས་ཀྱང་དོན་འདྲ་བས་ན་ངོ་སྤྲོད་ཀྱི་ལུགས་སུ་བྱ་བ་ལ། རིགས་པའི་འགྲོས་ཕྱོགས་གཅིག་གིས་ཀྱང་དགགས་བྱ་སོ་སོའི་ཐད་དུ་གླན་ནས་བསྐྱར་བཟློས་ཡང་ཡང་མ་བྱས་ན་ཐག་མི་ཆོད་པས་དང་པོའི་རིགས་ཅན་ལ་ཕན་པའི་ཕྱིར། བུའི་མིང་ནས་བོས་ལ། ཨ་ཟེར་དུས། ཁྱེད་ཀྱི་མིང་ནས་བོས་དུས་ངའོ་སྙམ་པ་དེ། སེམས་ཉིད་ངོས་བཟུང་མེད་པའི་སྟོང་གསལ། སྣང་ངོས་ནས་རྣམ་རྟོག་སྐད་ཅིག་མའི་ཕྲེང་བ། ལུས་ནི་བེམ་པོ་བརྟགས་ན་ཡན་ལག་དུ་མའི་ཚོགས་པ། ངག་ནི་བྲག་ཆ་འདྲ་བ། བརྟགས་ན་ཡི་གེའི་སིལ་བུ་བ་ལས་ཁོ་རང་རྣམས་ཀྱང་རང་སྐྱ་ཐུབ་པའི་གཏད་སོའི་ཡུལ་མེད་པའི་འདི་དག་ལ་དམིགས་ནས་ཁྱོད་རང་གི་ངའོ་ཞེས་བཏགས་པ་མ་གཏོགས། གདགས་གཞི་ཡན་ཀར་བའི་ངོ་བོ་ངོས་བཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་ལ། ངར་འཛིན་པ་འདི་ཁྱོད་རང་འཁྲུལ་བ་ཡིན་ཏེ། དུ་མ་ལ་གཅིག་ཏུ་ཞེན་པའི་ཕྱིར་དང་། མ་གྲུབ་མ་གྲུབ་པའི་གདགས་གཞི་བྱས་པའི་ཕྱིར་རོ། །དེ་ཡང་ལུས་ངག་སེམས་གསུམ་དང་། ཕུང་པོ་རྣམས་ཐ་དད་པ་དུ་མ་དང་། ང་བདག་གཅིག་ཚུལ་མེད་དེ། ཡོད་ན་ཕུང་སོགས་གཅིག་ཏུ་འགྱུར ། ང་མིང་པོར་འགྱུར་བ་དང་། འོན་ཀྱང་ཐ་དད་པར་ཡོད་དོ་སྙམ་ན། རྟ་བོང་བསལ་ཤུལ་གྱི་ལུག་བཞིན་བསྟན་དུ་ཡོད་པའམ། མིན་ཀྱང་གདགས་གཞི་ཡོད་པར་རང་གི་མྱོང་རྒྱུ་ཞིག་ངེས་པར་དགོས་ཀྱང་མ་དམིགས་པའི་ཕྱིར། དངོས་པོ་ལ་ཁྱབ་བྱེད་དེ་གཉིས་ལས་མི་ཤེས་ན་ཇི་ལྟར་ཡོད་དེ་རི་བོང་གི་རྭ་བཏགས་པ་དང་། ང་ཞེས་པ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱི་དང་། ལར་ཕུང་སོགས་རང་ངོས་ནས་ཀྱང་སྔར་བཤད་པ་ལྟར། རྨི་ལམ་གྱི་ཕུང་སོགས་བཞིན་རང་ལ་གཞན་དུ་བཟུང་། ཕ་མའི་ཁུ་ཁྲག་ལྟར་གཞན་ལ་རང་དུ་བཟུང་། མང་པོ་ལ་གཅིག་ཏུ། མེད་པ་ཡོད་པར་བཟུང་བའི་མ་གྲུབ་པ་ཞིག་ཡིན་ན། ནམ་མཁའི་མེ་ཏོག་དེ་མོ་གཤམ་གྱི་བུའི་གདགས་གཞིར་བྱས་པས་བུ་ཡོད་པར་མི་འགྲུབ་པ་བཞིན་ནོ། །འཇུག་པ་ལས། མ་གྲུབ་གྲུབ་པར་བྱ་ཕྱིར་བརྗོད་པ་ཡིས། ། མ་གྲུབ་འདིའི་ནི་གྲུབ་པར་བྱེད་མིན་ཏེ། །ཞེས་པ་ལྟར་རོ། །དེས་ན་བདག་མེད་བཞིན་ཏུ་ཕུང་པོ་ལ་བཏགས་ནས་འཁྲུལ་བའང་། འཆར་བྱེད་ལ་གདམས་པ་ལས། ངའམ་བདག་དེ་ཡོད་པ་མ་ཡིན་ཏེ། ཕུང་པོ་འདི་ལ་བཏགས་ནས་འཁྲུལ་བ་ཡིན། ཞེས་དང་། ཟིན་པའི་ཕུང་པོ་ལྔ་ནི་ལུས་སེམས་གཉིས་ཀྱིས་བསྡུས་པས་དེ་དང་བདག་གཅིག་མ་ཡིན་པར་བསྟན་པའང་། དེ་ཉིད་ལས། ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས། །འབྱུང་ཆེན་འདུས་པའི་ཕྱི་རོལ་རྩིགས་པ་འདྲ། །སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད། །ཅེས་དང་། སྤྱོད་འཇུག་ལས་ཀྱང་། སོ་དང་སྐྲ་སེན་བདག་མ་ཡིན། ཞེས་བྱ་བ་ལ་སོགས་པ་དང་། རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། ཞེས་དང་། འདས་དང་མ་འོངས་པ་ཡི་སེམས། བདག་མིན་དེ་ནི་མེད་ཕྱིར་རོ། །འོན་ཏེ་སྐྱེས་སེམས་བདག་ཡིན་ན། །དེ་ཞིག་ནའང་བདག་མེད་དོ། །ཅེས་སོ། །འོན་ཏེ་ང་མེད་པར་ལྷན་སྐྱེས་ཀྱི་བློའི་ངའོ་སྙམ་པའི་འཛིན་སྟང་གི་ཡུལ་དེ་གང་ཡིན་སྙམ་ན། དེ་གཟུང་བྱ་ཡོད་པས་མིན་ཏེ། ཕུང་པོ་ལ་དམིགས་ནས་ང་བློ་གོམས་པར་གྱུར་བས་ཐག་སྦྲུལ་བཞིན་འཇིག་ཚོགས་ལ་ལྟ་བ་ཙམ་དུ་ཟད་དོ། །
གཉིས་པ་ནི། འཛིན་པ༴ ནས། ཡིན་གྱི་བར་ཏེ། དེ་ལྟ་ན་བདག་མེད་བཞིན་དུ་བདག་རྟོག་མི་འོང་དུ་ཐང་ནའང་ཅི་ཡིན་སྙམ་ན། བདག་ཏུ་འཛིན་པ་ནི་མ་རིག་འཁྲུལ་བའི་དབང་གིས་ལོག་པར་རྟོགས་པ་གློ་བུར་བའི་འཛིན་པ་ཞིག་ཤར་བ་ཡིན་ཏེ། གསང་བའི་སྙིང་པོ་ལས། ཇི་སྙེད་འཇིག་རྟེན་འཁྲུལ་བའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་དང་། མུ་ཏིག་ཕྲེང་བ་ལས། འདི་ལྟར་སྣང་བ་སྣ་ཚོགས་ཀུན། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཞེས་སོ། །དེ་ལྟར་འཛིན་པ་དེའི་བདག་ཏུ་བཟུང་ཕྱིན་དེའི་རྩ་བ་ལས་བྱུང་བའི་བདག་ལ་བསྟོད་ན་དགའ་བ་དང་། སྨད་ན་མི་དགའ་བ་སོགས་རང་དང་རང་ཕྱོགས་འདོད་པ་ཡིད་འོང་གི་དངོས་པོ་ལ་ཆགས། གཞན་དང་དགྲ་ཕྱོགས་མི་འདོད་པའི་རྐྱེན་ངན་ལ་སྡང་བས་མཚོན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྟོག་པ་སྣ་ཚོགས་པ་ཇི་སྙེད་ཅིག་སྐྱེ་བ་ཡང་། ཡུལ་མེད་ཡུལ། བདག་མེད་བདག་ཏུ་བཟུང་ནས་དགགས་སྒྲུབ་བར་མར་འཛིན་པའི་རྣམ་རྟོག་ཙམ་ཞིག་ཡིན་ཅིང་། དེ་ལྟར་ཉོན་མོངས་པའི་དབང་གིས་ལས་བསགས་ནས་འཁོར་བར་ཟོ་ཆུའི་འཁྱུད་མོ་བཞིན་འཕྱན་པ་སྟེ། ཟླ་གྲགས་ཀྱི། དང་པོ་ང་ཞེས་བདག་ཏུ་འདུ་བྱེད་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་དེ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་དང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་དེ་ཡི་ཤེས་གྱུར་ནས། །ཞེས་པ་ལྟར་རོ། །དེ་ལྟར་བདག་མེད་བཞིན་དུ་འཛིན་པའི་རྣམ་རྟོག་ལོག་པ་ཙམ་དུ་ཤེས་པར་བྱའོ། །
གསུམ་པ་ནི། བདག་འཛིན་འདིའི་འཁོར་བའི་བཙོན་རར་བཅིངས་ཏེ་ཀུན་ལ་གནོད་པའི་དགྲ་ཆེན་པོར་གྱུར་བས་ན། རྣལ་འབྱོར་བས་སོར་རྟོགས་ཤེས་རབ་ཀྱི་མཚོན་རྣོན་པོའི་བདག་འཛིན་གྱི་སྐེ་དྲུང་ནས་བཅད་པར་བྱས་ན། སྐྱེ་ཤི་རྩད་ནས་ཆོད་དེ་ཆོས་ཉིད་དེ་བཞིན་ཉིད་དུ་མྱ་ངན་ལས་འདས་པའི་དགོས་པ་ཡོད་དེ། བཅོམ་ལྡན་འདས་ཀྱི། དགྲ་ཆེན་པོ་ཉོན་མོངས་པ་ང་བདག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ། །ཅེས་དང་། བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས། སེམས་ཅན་ཐམས་ཅད་ལ་གནོད་པའི་དགྲ་ནི་དུག་ལྔ་སྟེ། དགྲ་དེའི་གྲངས་ནི་བརྒྱད་ཁྲི་བཞི་སྟོང་ངོ་། དགྲ་དེའི་རྩ་བ་ནི་འགོང་པོ་ང་བདག་ཏུ་འདུས་སོ། །ཞེས་དང་། དགྲ་དེའི་སྲོག་ནི་བཅད་མི་དགོས་ཏེ། དགྲ་དེའི་རྩ་བ་ང་བདག་ཆོད་ནས་འཆིའོ། །ཞེས་དང་། ཡིད་འཁོར་གསུམ་གྱི་ཁང་པ་ན། །དགྲ་བོ་ང་བདག་འདུག་པ་ལས། །རང་བྱུང་ངང་དངས་ཤན་པ་ཡིས། །ཤེས་རབ་རལ་གྲིས་སྐེ་བཅད་ནས། །རྡོ་རྗེའི་ལྕགས་ཀྱུས་སྙིང་བཏོན་ནས། །མ་རིག་ང་བདག་སྲོག་བཅད་པས། །སྐྱེ་ཤི་རྩད་གཅོད་ངང་དུ་ཐིམ། །ཞེས་སོ། །
གཉིས་པ་འཛིན་པ་ཉིད་རྩ་བྲལ་དུ་གཏན་ལ་ཕབས་ནས་སྐུ་གསུམ་རང་གྲོལ་གྱི་དགོངས་པ་རང་ངོ་སྤྲད་པ་ལ། འཛིན་པ་གཏན་ལ་ཕབས་ཏེ་སྐུ་གསུམ་རང་ངོ་སྤྲད་པ་དང་། ཅོག་བཞག་བསྒོམ་པའི་ངང་ནས་རང་གྲོལ་རང་གདེངས་འཆོས་པ། དེ་ལས་འཕྲོས་པའི་དོན་དང་གསུམ་མོ། །
དང་པོ་ནི། ད་དེ་ལྟར་འཛིན་པ༴ རྗེས་མེད་ཀྱི་བར། དེ་ལྟར་འཛིན་པ་དེ་ཕྱི་ཡུལ། ནང་རང་གི་ལུས་སེམས་གང་ནས་དང་པོ་བྱུང་ཞེས་དཔྱད། གལ་ཏེ་བྱུང་བ་མི་ཤེས་ཀྱང་ད་ལྟ་ཡོད་པར་སེམས་ན། ལུས་ངག་ཡུལ་གསུམ་གང་དུ་གནས། ངག་སྟོང་བ་ལ་ནི་གནས་པའི་རྟེན་མ་མཆིས། ལུས་ལ་གནས་པ་ལས་འོས་མེད་པ་འདྲ་ན། ལུས་ཀྱི་ཕྱི་རུ་གནས་ན་ནང་ལ་བདག་ཏུ་འཛིན་པ་དང་ན་ཚ་ཉེ་བར་ལེན་དོན་མེད་ལ། ནང་ན་གནས་དུས་ཕྱི་ལ་དང་། དེ་བཞིན་དུ་སྟོད་དུ་གནས་ཚེ་སྨད་ལ། སྨད་ལ་གནས་ན་སྟོད་དུ་ཟུག་རྔུ་མྱོང་དོན་མེད་པ་སོགས་ཞིབ་པར་བལྟར་བཅུགས་པས། རེས་འགའ་ངར་འཛིན་དང་ལུས་གཉིས་ཆུ་དང་འོ་མ་བཞིན་འདྲེས་ཤིང་ཁྱབ་པར་ཡོད་སྙམ་ནའང་མ་ཡིན། ཁྱབ་བྱ་ཐ་དད་པ་བཞིན་ཁྱབ་བྱེད་ཀྱང་ཐ་དད་པར་འགྱུར་བའོ། །དེ་ལྟ་ན་ལུས་ཀྱི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་ངར་འཛིན་འབུམ་ཕྲག་མང་པོ་དུས་གཅིག་ཏུ་ཡོད་ཅིང་དམིགས་པར་ཐལ་ལོ། །ཡང་ན་འཛིན་པ་དེ་མགྱོགས་པས་བརྒྱུག་སོང་བ་ཡིན་པར་སེམས་ན། རང་རྒྱུད་ཡིན་པས་རྡུལ་ཕྲན་བརྒལ་བའང་དམིགས་དགོས་པ་དང་། སྟོད་སྨད་གཉིས་ཀར་སེན་མོའི་དུས་གཅིག་དུ་རྩེན་པ་མྱོང་བས། བརྒྱུག་པ་མ་ཡིན་པར་ཐག་ཆོད་དེ་གནས་ས་གནས་ལུགས་མ་རྙེད་དུས། གནས་མཁན་གྱི་སེམས་བདག་ཏུ་རྟོག་པ་ལ་ཚུར་བལྟས་ཏེ་བྱད་བཞིན་མཚན་ཉིད་ཅི་འདྲ་ཡོད་སོགས་ཀྱང་གཏན་ལ་ཕབ་པས་ཅི་ཡང་མ་མཐོང་བར་སྟོང་ཞིང་རང་གསལ་འགགས་མེད་དུ་ཤར་བ་ལོངས་སྐུར་རང་གནས་ཆེན་པོར་ངོ་སྤྲད་ཅིང་དེའི་ཐོག་ཏུ་ཐག་བཅད་པར་བྱ་སྟེ། ཀློང་གསལ་ལས། སེམས་ཀྱི་གནས་ས་མ་རྙེད་ན། །སྟོང་གསལ་ངོས་བཟུང་བྲལ་བ་དེ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་ནི། །སྟོང་གསལ་འགགས་མེད་ངོ་ཡང་སྤྲད། །རྒྱུན་དུ་དེ་ཉིད་ངང་གནས་བྱ། །ཞེས་སོ། །དེ་བཞིན་དུ་སེམས་རྣམ་པར་རྟོག་པ་སྔ་མ་འགགས་ནས་མེད་པར་སྣང་བའང་འགྲོ་བྱ་འགྲོ་ཡུལ་འགྲོ་ཚུལ་ཇི་འདྲར་ཡོད་བརྟགས་པར་བྱ་སྟེ། ཡུལ་ལ་ཕར་ཐིམ་མམ། སེམས་ལ་ཚུར་ཞི་སོང་ངམ། བར་ནས་ཆད་སོང་བསམ་དུས། ཡུལ་ལ་ཕར་ཐིམ་པར་མི་སེམས་ཏེ་རྦ་རླབས་ཆུ་རུ་ཐིམ་པ་ལྟར་སེམས་ལ་ནུབ་པར་སྣང་ན། ནུབ་བྱ་ནུབ་ཡུལ་གཉིས་དུས་གཅིག་ཏུ་ཡོད་པ་དམིགས་དགོས་པ་དང་། ཡང་སྔ་མ་གནས་འགྱུར་ནས་ཕྱི་མ་རུ་དཔེར་ན་ལྕགས་གནས་འགྱུར་ཏེ་གསེར་དུ་སྣང་བ་ལྟར་སོང་བར་མཐོང་ནའང་། འགྱུར་བྱའི་སེམས་ཀྱི་རང་མཚན་ལ་གཞལ་ན་ཅི་ཡང་ངོས་བཟུང་མེད་དུས་རི་བོང་གི་རྭ་གནས་འགྱུར་ཏེ། མོ་གཤམ་གྱི་བུ་རུ་གྱུར་བ་ལྟར་མི་སྲིད་པ་ཞིག་དང་། ཡང་འགྱུར་བྱའི་སེམས་སྔ་མ་མ་འགགས་བར་དུ་ཕྱི་མར་རུང་བ་མ་ཡིན་ལ། འགགས་ནས་ཕྱི་མ་དེ་སྔ་མ་མ་ཡིན་ཏེ་ཞིག་པ་དངོས་མེད་ཡིན་པས་སོ། །དེ་ལྟར་རྩ་བ་བཅད་པས་འགྲོ་བྱ་འགྲོ་བྱེད་བྲལ་བའི་བློ་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ནི་སྤྲུལ་པའི་སྐུ་རང་བབས་ཀྱི་དགོངས་པར་ངོ་ཤེས་པར་བྱ་སྟེ། ཀློང་གསལ་ལས། འགྲོ་བྱ་འགྲོ་བྱེད་མཁན་པོ་མེད། །དེས་ན་སེམས་ཉིད་སྐྱེ་འགགས་མེད། །སྤྲུལ་པའི་སྐུ་རུ་ངོ་ཡང་སྤྲད། །ཅེས་སོ། །དེ་དག་གིས་དུས་སུ་སེམས་ཀྱིས་སེམས་བཙལ་བས་ཤིན་ཏུ་བྲེལ་ཞིང་།སེམས་རང་གིས་རྟག་ཏུ་རང་ཡོད་པར་དམིགས་ནས་སོ་ཚིས་དགགས་སྒྲུབ་སྣ་ཚོགས་རྐྱེན་ཀྱང་། ད་ནང་དུ་རང་བཙལ་བ་ན་མ་རྙེད་པས་འདི་ཞེས་གཟའ་སོས་ཡུལ་དང་། གཏད་འཛིན་སེམས་ཀྱི་ངོས་བཟུང་ཅི་ཡང་མེད་པ་དང་། གནས་པའི་ས་བཙལ་བའི་མོད་ལ་རྟེན་བརྟེན་པ་དང་བཅས་པའི་གནས་ཚུལ་ཚུགས་ཐུབ་དུ་གྲུབ་པ་མ་དམིགས་པས་རང་སྟོང་། བྱུང་གནས་འགྲོ་གསུམ་ཡོད་མེད་རྟག་ཆད་གཅིག་ཐ་དད་གང་གི་ངོ་བོར་ཡང་ངོས་བཟུང་རྒྱུ་མེད་པས་དྲན་རིག་རྗེས་མེད་དུ་ཧར་སང་ཞིང་། ཡུལ་མེད་སེམས་གྲོལ་གྱི་གནས་ལུགས་ཀྱི་ཕུ་ཐག་འཁྲུས་པ་ནི། སྐུ་གསུང་ཐུགས་རྩ་བའི་རྒྱུད་ཆེན་པོ་ལས། སྙིང་པོ་རང་བྱུང་ཅི་ཡང་མེད། །དང་པོ་འགྱུ་བ་བྱུང་ས་མེད། །བར་དུ་འགྱུ་དྲན་གནས་ས་མེད། །མཐའ་མ་འགྱུ་དྲན་འགྲོ་ས་མེད། །བྱུང་ས་མེད་དོ་གཞི་ཡི་དྲས་ཐག་ཆོད། །ཡུལ་མེད་རྟེན་བྲལ་ཅི་ཡང་མེད། །ཅེས་སོ། །
གཉིས་པ་ནི། གང་དྲན་འགྱུ་བ༴ ནས། བསྒོམ་མོ། །དེ་ལྟར་རྩ་བ་བཅད་པས་སེམས་ཆད་ནས་བསྒོམ་བྱུང་རང་ཤུགས་ཀྱིས་རྒྱུད་ལ་ཤར་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་གང་དྲན་དང་འགྱུ་བའི་རྟོག་པ་ཐམས་ཅད་ཆབ་རོམ་ཆུ་རུ་ཞུ་བ་ལྟར་ཨར་སང་ཞིང་། སྣང་བ་གང་ལའང་ཆགས་ཐོགས་མེད་པར་ཟང་ཐལ། རང་རྒྱུད་ཀྱི་ཉོན་མོངས་པས་བཅིངས་པ་ཐམས་ཅད་མ་བཀྲོལ་ཤུགས་ཀྱིས་ཁྲོལ་བར་གྲོལ་ནས། རྣམ་རྟོག་སེམས་གྱི་གནས་ལུགས་རྒྱུན་དུ་རང་གྲོལ་ཆེན་པོ་དེར་འདུག་པའམ། གཟུང་འཛིན་སྒྲོ་བཏགས་གྱི་དྲི་མས་ནག་པོར་བྱས་ཏེ་འཁྲུལ་བའི་མཚང་ཤེས་པ་ཞིག་འབྱུང་སྟེ། མ་བྱུང་གི་བར་དུ་དཔྱད་འཇོག་སྤེལ་མའི་སྒོ་ནས་བསྒོམ་སྟེ་སེམས་སྦྱང་བར་བྱ་དགོས་པས་ན། རྡོ་རྗེ་གུར་ལས། །སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གིས། །སྐྱེ་བོའི་དྲི་མས་ནག་པོར་བྱས། །དེ་བས་ཀུན་ཏུ་འབད་པས་ནི། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱངས། །ཞེས་དང་། སེམས་ཀྱི་རྡོ་རྗེ་རབ་བསྐུལ་བས། ། སེམས་ཉིད་བསྒོམ་པ་སངས་རྒྱས་ཏེ། ཞེས་སོ། །དེ་ལྟར་རྒྱུད་ལ་རང་ཤར་བའི་བསྒོམ་པ་ལ་མིང་དུ་བཏགས་ན་ཕྱོགས་འཛི༵ན་གྱི་གཏད་སོ་མེད༵་ཅིང་རྣམ་རྟོག་གི་འཇུར་བུས་བཅིངས་བ་གཉེན་པོའི་ཆེད་དུ་དཀྲོལ་བ་མིན་པས་རང༵་གྲོལ༵་ཞེས་བྱ་སྟེ་རྫོགས་པ་ཆེན་པོའི་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པར་བྱེད་རྒྱུ་དེ་འདི་ཡིན་པས་ན། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། བསྒོམ་པ་འཛིན་མེད་རང་གྲོལ་ཏེ། །ཞེས་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། གང་ཡང་དམ་པར་མི་ལྟ་ན། །ཐམས་ཅད་ཅི་ཡང་རང་སར་གྲོལ། །བཏང་བཞག་མེད་པའི་ཏིང་འཛིན་གྱིས། །མ་སྒོམ་ཀློང་དུ་གྱུར་བར་ངེས། །ཞེས་སོ། །འདིའི་ངང་ལ་བཞག་པའི་ཐབས་དམིགས་བསལ་བ་ནི་རྒྱ་མཚོ་ཅོག་བཞག་ཡིན་ལ། དགོངས་པ་ཆོས་ཐམས་ཅད་ལ་རྟོག་དཔྱོད་ཀྱི་སྤྲོས་པ་ཆོད་དེ་སྐྱེ་མེད་ཀྱི་ངང་ལ་ལྷན་ནེར་གནས་པས་སྣང་སྲིད་གཞིར་བཞག་དུ་འཆར་བ་ཡིན་ནོ། །འབྲས་བུ་ཉོན་མོངས་པ་ཐམས་ཅད་རང་རྒྱས་ཐེབ་ནས་ཆོས་ཉིད་ཉག་གཅིག་གི་འཁོར་ལོར་དག་པས་ན་ཉོན་མོངས་རང་རྒྱས་ཐེབ་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་མ་ཕྱེ་མི་འབྱེད་པའི་རྟོགས་པ་ཐོབ་པས་ཆོས་བོར་བའི་རྣལ་འབྱོར་ཞེས་བྱའོ། །
གསུམ་པ་དེ་ལས་འཕྲོས་པའི་དོན་གཞན་བཤད་པ་ལ། གྲོལ་བའི་གནད་འགགས་བསྡུས་ཏེ་མདོར་བསྟན་པ་དང་། གྲོལ་བའི་གནད་རྒྱས་པར་བཀྲོལ་བ། དེའི་དགོས་པ་དང་གསུམ་ལས་དང་པོ་ནི། ཡུལ་དབང་ཡིད་བྱེད་ཐམས་ཅད་རིག་པ་གཅིག་གི་བདེ་ཆེན་དུ་རྟོགས་པས་དུ་མའི་གྲངས་མཐའ་ཟད་པས་གཅིག་གྲོལ་དུ་གྲོལ་བ་དང་། ཡེ་ནས་རིག་པའི་སྟོང་ཆ་ཀ་དག་གི་ངོ་བོར་མེད་མཉམ་དུ་གྲོལ་ཟིན་པས་བསྐྱར་ནས་གྲོལ་མི་དགོས་པ་དང་། རང་བཞིན་ལྷུན་གྲུབ་རང་གྲོལ་དག་པ་ཆེན་པོར་གྲོལ་བས་གཉེན་པོ་མེད་པ་དང་། ཐུགས་རྗེ་ཅིར་ཡང་འཆར་བས་ཅིར་སྣང་རྒྱུ་འབྲས་རྣམ་དག་ཏུ་གྲོལ་བ་དང་། མཐར་འཛིན་རང་བཞག་གིས་དྭངས་པས། ཇི་ལྟའི་ཆོས་ཉིད་མཐའ་ལས་འདས་པའི་ཐོག་ཏུ་སླེབས་པས་མུ་བཞི་འགགས་པ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུགས་འཕྲད་རྣམ་གསུམ་ཡུལ་ལ་རོལ་བའི་འགགས། །གང་ཤར་ཆོས་ཉིད་ཡུལ་སེམས་བར་དུ་བསྡམས། །ཞེས་གདེངས་ཟིན་ལྔའི་སྟོབས་གང་རུང་གིས་རྩལ་གྱི་རྣམ་རྟོག་སྦྲུལ་མདུད་ལྟར་གྲོལ་བའང་། ཉི་ཟླ་འོད་འབར་གྱི་རྒྱུད་ལས། དཔེར་ན་རྔ་མའི་མདུད་པ་བཞིན། །མཚན་མ་སྣ་ཚོགས་རང་གྲོལ་ལོ། །ཞེས་སོ། །
གཉིས་པ་ལ་གྲོལ་བྱེད་ཀྱི་གནད་སྤྱིར་བསྟན་པ། གདེངས་ཀྱི་གྲོལ་བའི་འགགས་བསྡམས་ཚུལ། རང་གྲོལ་གསུམ་གྱི་རྩལ་སྦྱོངས་བ། དེ་ལ་རྩོད་པ་སྤོང་པ་དང་བཞི་ལས།
དང་པོ་ནི། ངོ་བོ་ལ་གྲོལ་འཁྲུལ་མེད་ཀྱང་། རྩལ་ཐོག་ནས་དབྱེ་ན་འཁྲུལ་བར་སྣང་དུས་ནས་སྒོ་གསུམ་ལ་ཆོས་མཚུངས་ཡོད་པས་མཚོན་ཏེ་སྐུ་གསུང་ཐུགས་སུ་ཡེ་ནས་གྲོལ་བར་རྟོགས་པའི་གནད་ཀྱིས་གང་ཤར་ཆོས་ཉིད་ཀྱི་འཁོར་ལོ་ལ་ཕྱོགས་རིས་སུ་ཕྱེ་བ་མེད་པ་དང་། དུས་རང་མཚན་པར་མ་གྲུབ་པར་རྟོགས་པའི་གནད་ཀྱི་སྔ་ཕྱིའི་ལྟོས་པའི་གཞི་མེད་པར་གྲོལ། སྣང་ཤེས་གཞི་མེད་སྟོང་གཟུགས་ཡིན་པའི་གནད་ཀྱིས་རང་སར་བཞག་པ་ལས་བརྩོན་འགྲུས་མི་དགོས་པར་གྲོལ་བ་དང་། འཁྲུལ་བ་རང་སྟོང་ལ་སྨིག་རྒྱུ་འགོགས་མི་དགོས་པ་ལྟ་བུར་རྟོགས་པའི་གདེངས་ཀྱིས་རང་གསལ་རྗེན་པར་གྲོལ་བ་སྟེ། ཐལ་འགྱུར་ལས། གནད་ཀྱི་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱི་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། ། གདེངས་ཀྱིས་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །
གཉིས་པ་ལ་ལྔ་ལས། དང་པོ་ཡེ་གྲོལ་ཆེན་པོ་གཞིའི་གདེངས་ཀྱིས་གྲོལ་བ་ན། འཁྲུལ་མ་མྱོང་བའི་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རོལ་བར་ཤར་བའི་སྣང་ཤེས་ཐུགས་འཕྲད་ཀྱི་དུས་སུ། དེ་དག་རང་མཚན་པ་ཡོད་མ་མྱོང་བའི་ཆོས་ཉིད་ཀ་དག་གི་ངོ་བོར་ཡེ་ནས་གྲོལ་ཟིན་པར་རྟོགས་པའི་གདེང་གིས་ད་བསྐྱར་ནས་གྲོལ་བར་བྱ་རྒྱུའི་གཞི་མེད་པས། སྤངས་ལེན་དགགས་སྒྲུབ་ཅི་ཡང་མི་བྱེད་པར་ཟང་ཐལ་རྗེན་པའི་རིག་པ་ངོས་ཟིན་ལ་མ་ཡེངས་ཙམ་དུ་བསྐྱང་བས་ལྟ་བསྒོམ་འབད་རྩོལ་ལ་རེག་མ་ལུས་པར་གྲོལ་བ་སྟེ། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་ཡོད། །ཅེས་དང་། ཁྱུང་ཆེན་ལས། ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགགས། ཆོས་བྲལ་ཡིད་ལ་བྱེད་པའི་བར་དུ་བསྡམས། ཞེས་སོ། །
གཉིས་པ་མཐའ་གྲོལ་ཆེན་པོ་ལྟ་བའི་གྲོལ་ཚུལ་ནི། ཡུལ་ལ་ཤེས་པ་ཤར་གནས་གང་གི་དུས་སུ་ཡང་། ཡུལ་ལ་ཕར་མི་བསམ། སེམས་ལ་ཚུར་མི་རྟོག་པར་མཐའ་བྲལ་བསམ་བརྗོད་ལས་འདས་པའི་རིག་པ་ངོས་བཟུང་བས། གང་ཡང་མ་སྤངས་བཞིན་དུ་བློས་མདུན་ན་མི་གནས་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དགོངས་པ་འཆར་ཏེ། ཁྱུང་ཆེན་ལས། རང་བཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་བཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགགས། །ཆོས་བྲལ་ཡིད་ལ་བྱེད་པའི་བར་དུ་བསྡམས། །ཞེས་སོ། །
གསུམ་པ་རང་གྲོལ་ཆེན་པོ་ལམ་གྱི་གྲོལ་ཚུལ་ནི་སྣང་བ་ཉིད་སྣང་བ་ནས་གྲོལ་བ། སྣང་བ་ལས་གཞན་པའི་ཆོས་ཉིད་གང་ཡང་མེད་པར་དེ་ཉིད་དུ་གྲོལ་བ་དང་། སེམས་རྟོག་ཉོན་མོངས་ཀྱང་དེ་ཉིད་ཀྱིས་གྲོལ་བ། དེ་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད་པ་སྟེ། ལོགས་སུ་བས་གྲོལ་ན་དངོས་པོ་གཅིག་ལ་གཟུགས་ཐ་དད་དུ་སྣང་བ་མི་སྲིད་པའི་ཕྱིར་དང་། གྲོལ་བྱའི་ཤེས་པ་དེ་ཉིད་གྲོལ་བྱེད་གཞན་དང་འགལ་བའི་གྲོལ་རྒྱུ་འམ་གྲོལ་རྐྱེན་གཞན་མེད་པའོ། །དེས་ན་ངོ་བོ་ཉིད་ནས་གྲོལ་བར་སྐྱེས་པ་ཡིན་པར་ཤེས་པའི་གདེངས་ཀྱིས་འགྱུ་འཕྲོ་ལ་རེ་དོགས་མ་དགོས་པར་ཆོས་ཉིད་ཀྱི་ཡོ་ལངས་ཙམ་དུ་ཤར་གནས་གྲོལ་གསུམ། ཐམས་ཅད་རང་ས་ཀ་དག་གི་ངང་དུ་འགགས་བསྡམས་པར་བྱ་སྟེ། ཁྱུང་ཆེན་ལས། རྒྱུ་མེད་རང་གྲོལ་རྐྱེན་ལ་མ་བརྟེན་པའི། །ཕྱོགས་མེད་རང་དག་ལྟ་བ་འདི་ཞེས་མེད། །ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་གསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགགས། །རང་སྣང་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམས། །ཞེས་སོ། ༧།
བཞི་བ་ཅེར་གྲོལ་ཆེན་པོ་སྤྱོད་པའི་ལྟ་སྟངས་ནི། སྣང་ཤེས་སུ་ཅེར་གྱི་འགྱུ་བའི་མཐོང་ཙམ་གྱི་ཐོག་ཏུ། བློས་མ་བསྒྱུར་སྣང་བས་མ་བཅད་པར་ཅེར་སར་བཞག་ནས་གཏད་པས་གང་དུའང་མ་དམིགས་པར་ཆོས་ཉིད་མ་བུ་འཕྲད་དེ་གྲོལ་བའོ། །དེ་ཡང་བསླབས་ཐབས་གཉིས་ཀྱིས་བསླབས་ཏེ་ཆོས་ཅན་སྤྱི་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས་སྟོང་པ་རང་སོའི་གནད་ཀྱི་སྤྲོས་པ་ཆོད་དེ་བཞག་པ་དང་དུམ་བུ་བ་ལ་ཆུ་བུར་གྱི་མིག་སོགས་ཀྱི་དབང་པོའི་ཅེར་གྱིས་མཐོང་དུས། མཐོང་སར་གཏད་དེ། གཏད་སར་བཞག་ཅིང་བཞག་སར་གཞན་འཇུག་གི་ཤེས་པ་མི་སྐྱེ་བར་མཐོང་ཡལ་དུ་གྲོལ་བའོ། །འདིའི་འགགས་བསྡམས་ཚུལ་དངོས་ནི། ཡུལ་སྣང་བ་དང་། ཤེས་པ་སྟོང་པའི་ཐུགས་འཕྲད་ཀྱི་བར་ནས་རིག་ངོ་བཟུང་བས་བསྡམས་པ་སྟེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བ། །བྱ་བྲལ་ཀློང་ཆེན་མ་བརྩལ་ཆེན་པོའི་འགགས། །ལུས་ངག་བྱ་བྲལ་སྣང་སྟོང་བར་དེར་བསྡམས། །ཞེས་སོ། །
ལྔ་པ་གཅིག་གྲོལ་ཆེན་པོ་འབྲས་བུའི་སྐྱོངས་ཚུལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་གཅིག་ལས་ལོགས་སུ་བ་མེད་པས་རྩལ་དང་རོལ་བའི་གྲོལ་བ་ཐམས་ཅད་ཐ་དད་དུ་མའི་གྲངས་མཐའ་སྟོང་ཞིང་། རིག་པ་དེའི་ངང་དུ་གྲོལ་བ་ནི། ཡུལ་དབང་ཡིད་བྱེད་འཛོམ་པའི་བར་ནས་དེ་དག་ལ་མི་བསམ་པར། རིག་པ་གཅིག་ངོ་ཤེས་པའི་གདེང་གིས། ཡུལ་སེམས་ཀུན་རྒྱ་གྲོལ་ལ་འགྲོ་བའི་ཟང་ཀའི་ཆོས་སྐུ་འཆར་བ་ལ་འགགས་བསྡམས་མོ། །ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་ཏེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །བདེན་མིན་རྫུན་མིན་གནས་ཐབས་ལྷང་ངེ་བ། །ཞེས་དང་། ལྷུག་པ་སོ་གཉུག་རྣལ་མ་དྲོད་ཀྱི་འགགས། །རང་སོར་བསྒྱུར་ཏེ་འཁོར་འདས་བར་དུ་བསྡམས། །ཞེས་སོ། །དེ་ལྟར་གྲོལ་བའི་ཐབས་འདི་ནི་མཆོག་ཏུ་གྱུར་བ་སྟེ། ལྷ་མིན་གཡུལ་བཟློག་གི་རྒྱུད་ལས། སྤྱོད་པ་རང་གྲོལ་ཤེས་པའོ་ཞེས་སོ། །དེ་ལྟར་ཡང་རྩ་བ་རིག་པ་གཅིག་ཟིན་པས་དེའི་ངང་དུ་རྩལ་དང་རོལ་བའི་འཁྲུལ་སྣང་རང་སར་གྲོལ་བའི་ཚུལ་ལྔ་དུས་གཅིག་ལ་འབྱུང་བ་ངོས་ཟིན་ཚུལ་ཙམ་ཡིན་པས་འདིའི་དགོངས་པའི་ཤུགས་བསྟན་དུ་ཡོད་པ་ནི་ཡུལ་ཤེས་ཀྱི་འཕྱང་རྒྱ་འགགས་དེའི་ཐ་དད་དུ་གྲོལ་བས་ཆོག་པ་ལ་ཐུགས་རྩེ་གཏད་དེ་སོ་སོར་ཤན་མ་ཕྱེས་པར་ཟད་དོ། །དེ་ཡང་སྒྲོན་མ་བརྩེགས་པའི་རྒྱུད་ལས། དེ་ལྟར་གཅིག་གི་གཅིག་གྲོལ་པས། །རང་གྲོལ་ཡེ་གྲོལ་ཡོངས་གྲོལ་དང་། །ཅེར་གྲོལ་མཐའ་གྲོལ་བླ་མེད་པས། །ཞེས་སོ། །
གསུམ་པ་རྩལ་སྦྱོངས་ལ་གསུམ་ལས། དུག་ལྔ་རང་གྲོལ་ནི། །ཉོན་མོངས་དུག་ལྔ་གང་སྐྱེས་ཀྱང་རང་བབས་ཀྱི་ངང་ལ་གློད་པས་འཛིན་མེད་ཡེ་གྲོལ་དུ་དག་པ་དང་། སྒོ་ལྔ་རང་གྲོལ་ནི། མིག་རྣ་བ་སྣ་ལྕེ་ལུས་ཀྱི་འཛིན་པ་གང་སྐྱེས་ཀྱང་། དེའི་སྟེང་གི་ཆོས་ཉིད་རང་བབས་ཆེན་པོའི་ངང་ལ་བསྲེས་ཏེ་བཞག་པས་གཞི་གྲོལ་དུ་འཆར་རོ། །ཚོགས་དྲུག་རང་གྲོལ་ཞེས་སྒོ་ལྔ་ཡིད་དང་བཅས་པའི་ཡུལ་དྲུག་ལ་དགགས་སྒྲུབ་ཅི་བྱུང་ཡང་། དེའི་ཡུལ་དབང་ཤེས་གསུམ་སྐུ་གསུམ་དུ་ངོ་ཤེས་པའི་ངང་ལ་གློད་པས་རྒྱ་གྲོལ་དུ་འགྲོའོ། །རྒྱལ་བ་ཀློང་ཆེན་པས། དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་བབ་གཞིར་བཞག་ཡེ་གྲོལ་རང་བབས་བཞག །མི་སྤངས་མི་གནས་ཆོས་ཉིད་ངང་དུ་གྲོལ། ། གཏད་མེད་རྒྱལ་བ་འཛིན་མེད་ཤར་བ་ཡིན། །ཞེས་པའི་དོན་ཏོ། །
བཞི་བ་རྩོད་སྤོངས་ནི། རང་གྲོལ་གྱི་དགོངས་པ་འདི་ས་དགེ་བཀའ་རྙིང་ཡོངས་ལ་གྲགས་པ་ཞིག་ཡིན་ཀྱང་། བབ་ཅོལ་སྨྲ་བ་ཁ་ཅིག་ན་རེ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་སོགས་གོམས་པའང་མ་ཡིན། སྟོང་ཉིད་སོ་སོར་རྟོགས་པའི་ཤེས་རབ་ཆེན་པོའི་ངེས་ཤེས་ཀྱིས་འགོགས་པའང་མ་ཡིན་པས་ཉོན་མོངས་གཟུང་འཛིན་རང་སར་གྲོལ་བའོ་ཞེས་བཏང་སྙོམས་སུ་བཞག་པས་མགོ་གནོན་ཙམ་ཡང་དཀའ་ན་དྲུང་ཕྱུང་བ་ག་ལ་སྲིད་ཅེས་འཕྱ་སྨོད་བྱེད་ཀྱང་། དེ་ནི་གནད་མ་གོ་བར་ཟད་དེ། སེམས་དང་སེམས་བྱུང་ཐམས་ཅད་མཚང་བཙལ་གྱི་སྒོ་ནས་ཆོས་ཉིད་ཀྱི་འཁོར་ལོར་གཏན་ལ་ཕབས་ཏེ། དེ་བཞིན་ཉིད་ལ་མཉམ་པར་བཞག་པས་དྲུང་ཕྱུངས་སུ་མི་འགྱུར་ན། སྤངས་གཉེན་གཉིས་ཀ་རྫས་གཅིག་པའི་འཁྲུལ་བ་སྤེལ་བས་ཅིའི་ཕྱིར་འགྱུར་ཏེ། ཕྱོགས་གླང་གིས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས་བྱུང་སྟེ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་དང་། ཇོ་བོ་ཆེན་པོའི། སྣང་སྣང་འདྲ་སྟེ་གཟུང་དུ་མེད། །གཟུང་མེད་འཛིན་པར་མ་བྱེད་ཅིག །གཉིས་མེད་རང་གྲོལ་ལྷུག་པར་ཞོག །ཞེས་དང་། ལང་ཀར་གཤེགས་པ་ལས། རྣམ་པར་རྟོག་པ་སྣ་ཚོགས་ཀྱི་དོན་ལ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཤེས་པས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་པ་དག་ཀྱང་རྣམ་རྟོག་དེ་ཉིད་ཀྱིས་དེ་ཉིད་གྲོལ་བ་ལ་གསུངས་པ་དང་། ཉོན་མོངས་པའི་རང་བཞིན་ཡེ་ཤེས་ཡིན་པ་ཤེས་ནས་དེའི་ངང་ལ་མཉམ་པར་བཞག་པས་གྲོལ་བ་ནི། ཐག་པར་ཤེས་བཞིན་ཏུ་ཡང་ཡང་སྦྲུལ་མིན་ནོ་ཞེས་ངེས་ཤེས་བསྐྱེད་མི་དགོས་པར་སྦྲུལ་འཛིན་གྲོལ་བ་ལྟ་བུ་ལ་ལན་ཅི་ཞིག་ཡོད་དེ་མེད་དོ། །དེས་ན་ཀུན་འབྱུང་མ་སྤངས་བས་རྩལ་སྣང་ལོག་པར་ཤར་ཡང་། བླ་མའི་དྲིན་གྱིས་ཆོས་ཉིད་མཐོང་བའི་སྟོབས་ལས་སྔར་འདྲེས་ཀྱི་མི་དང་འཕྲད་པ་བཞིན་དུ་འོད་གསལ་མ་བུ་འཕྲོད་དེ་གྲོལ་བའམ། དགྲ་རུ་འཁྲུལ་བའི་གཉེན་ངོ་ཤེས་པ་ལྟར་གྲོལ་བར་འགྱུར་རོ། །དེ་དག་ཀྱང་མུ་ཏིག་ཕྲེང་བའི་རྒྱུད་ལས། ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། ། ཞེས་སོ། །
གསུམ་པ་དགོས་པ་ནི། དེ་ལྟར་སྣང་སེམས་ཐབས་ཤེས་བདེ་སྡུག་སོ་སོར་འཛིན་པ་དང་ཤར་བ་ཐམས་ཅད། སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རིག་པ་བྱང་ཆུབ་སེམས་སུ་གྲོལ་ཚུལ་ངོ་སྤྲད་ཅིང་རྩལ་སྦྱངས་བས། རང་རྒྱུད་མི་འཆིངས་བར་མ་ཟད་འོད་གསལ་འཁོར་ཡུག་གི་གྲོགས་སུ་འགྲོ་བས་ན། བླ་མ་གསེར་གླིང་པས། རྒྱང་གྱིས་སྐྱུར་ལ་ལྷོད་དེ་ལྷོད། །ལོག་སྟེ་ལོག་ལ་ཅེར་རེ་ལྟོས། །ཤིགས་སེ་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་ངེས། །ཞེས་དང་། ཇོ་བོ་ཆེན་པོས་འབྲོམ་ལ། བླ་མ་ཨ་ཝ་དྷུ་ཏིའི་ཞལ་སྔ་ནས། རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུང་ན་དགའ་སྟེ་བསྐུལ་མ་ཡིན། །ཅི་ཕན་རྙེད་པར་མ་གྱུར་ན། །གནས་ལུགས་ཡོ་ལུང་ཙམ་དུ་ཟད། །ཅེས་གསུངས་པ་དང་། །འབྲོམ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཁོང་ལ་ཡོད་གསུངས་སོ། །དེ་ཡང་སྣང་སྟོང་བདེ་སྡུག་ཐབས་ཤེས་ཐ་དད་དུ་སྣང་བ་ཐམས་ཅད་ཀྱི་ཐོག་ནས་ཆོས་ཉིད་རིག་སྟོང་དབྱེར་མེད་ངོས་བཟུང་བའི་ངང་ལ་བཞག་པས། ཆོས་ཉིད་ལ་དབྱེ་བསལ་མེད་པའི་གནད་ཀྱིས་གཉིས་སུ་མེད་པར་རྟོགས་པ་དང་གཏད་འཛིན་རང་སར་གྲོལ་བ་དང་། གནས་ལུགས་ཡིན་པའི་ཅི་བཞིན་མངོན་དུ་འགྱུར་བའོ། །དེ་དག་ཀྱང་རྗེ་བཙུན་དམ་པ་ལས། ཕྱི་ནང་གཉིས་ཀ་བདེ་ཆེན་པོ། །རྗེ་བཙུན་རྟོགས་པའི་རང་རིག་སེམས། །འཁོར་བ་མྱང་འདས་གཉིས་མེད་དེ། །ཇི་ལྟར་བལྟས་ཀྱང་བྱང་ཆུབ་སེམས། །ཡེ་སངས་རྒྱས་པའི་ཆོས་ཀྱི་སྐུ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །ཅེས་དང་། དོན་དམ་ཀུན་རྫོབ་གཉིས་མེད་པའི། །རང་སྣང་ཡུལ་ན་བདེ་བ་ཆེ། ཞེས་དང་། འཁྲུལ་བའི་ཡུལ་ལ་སྣ་ཚོགས་ཀྱང་། དོན་དམ་ཉིད་ལ་གཉིས་སུ་མེད། འཁྲུལ་སྣང་རིག་ནི་རྩད་ཆོད་ན། རང་རིག་ངོ་བོར་གཉིས་སུ་མེད། །ཅེས་པ་དག་གི་ལྟར་རོ། །
གསུམ་པ་དགོས་པ་ནི། དེ་ལྟར་ནང་༴ ནས། རྒྱ་རྒྱ་རྒྱའི་བར། དེ་ལྟར་ནང་འཛིན་པ་སེམས་ཀྱི་རྩ་བ་བཅད་པའི་སྒོ་ནས་སེམས་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གསལ་སྟོང་སྤྲོས་བྲལ་ཀ་དག་གི་དགོངས་པ། ལྟ་བསྒོམ་སྤྱོད་འབྲས་བཞི་ལས་འདས་པའི་བཞིའི་ཐ་སྙད་ཀྱི་མཚོན་ཏེ། རང་གནས་ཡེ་ཤེས་སེམས་དཔའི་ཚུལ་དུ་གནས་པ་ངོ་སྤྲད་པས་དེའི་དོན་ལྷག་གེར་མཐོང་ཞིང་། མཐོང་བའི་ངང་ལ་མཉམ་པར་བཞག་པས། གསལ་བ་དང་། མི་རྟོག་པ་དང་། དྭངས་བ། ཕྲ་བས། མཚན་ཉིད་བཞི་ལྡན་གྱི་དགོངས་པ་ལྷག་ལུས་མེད་པར་འཆར་བ་དང་། རྩད་གཅོད་འདིའི་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ལྷག་མཐོང་གཏན་ལ་ཕེབས་ཏེ། བཞག་པ་ཉིད་ཀྱིས་དེ་རྒྱུན་འཁྱོང་པར་སོང་བ་དང་། ལྷག་མཐོང་རང་ཤར་དུ་རྒྱུད་ལ་ཤར་བ་ན། དེ་རྒྱུན་བྱེད་བཞིའི་དོན་པོའི་འོད་གསལ་དུ་ངོ་སྤྲད་པས་སངས་རྒྱས་མཛུབ་བཙུག་ཅེར་མཐོང་གིས་རང་ལ་རྙེད་དེ། དབང་དང་ཕྱག་རྒྱ་བསྐྱེད་རྫོགས་ཀྱིས་ཐབས་གཞན་ལ་ལྟོས་ཏེ་ལྷག་མཐོང་ཨེ་སྐྱེས་ཀྱི་རེ་བ་དང་། མ་སྐྱེས་ཀྱི་དོགས་པ་མི་དགོས་པར་གཞི་མ་བཅོས་སོར་བཞག་གི་རང་ཐོག་ཏུ་ངོ་འཕྲོད་ཏེ་ལྟ་བསྒོམ་སྤྱོད་འབྲས་བཞིའི་དོན་དུས་གཅིག་ལ་ལྷག་གེར་མཐོང་བའོ། །དེ་དག་ཀྱང་སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིག་གི་རྒྱུད་ལས། ལྟ་བ་ངོས་བཟུང་མེད་པའི་ཕྱོགས་མེད་ལྷག་གིས་མཐོང་། །བསྒོམ་པ་འགྱུར་བ་མེད་པའི་རྟོག་མེད་ལྷག་གིས་ཤར། །སྤྱོད་པ་བྱར་མེད་སངས་རྒྱས་དགོངས་པ་ལྷག་གིས་མཐོང་། །འབྲས་བུ་སྒྲུབ་མེད་རེ་དོགས་མེད་པར་ལྷག་གིས་མཐོང་། །ཞེས་གསུངས་པའོ། །དེ་ལྟར་གཏན་ལ་ཕབ་ཅིང་རྨོངས་པའི་སེམས་ལ་བརྟགས་པས་རྟག་ཆད་བདག་མཚན་དུ་ལྟ་བའི་འཆིང་རྒྱ་ངན་པ་ལས་རང་གྲོལ་ཏེ་ལྷག་མཐོང་བདག་མེད་རྟོགས་པའི་དོན་མངོན་དུ་གྱུར་བ་ནི་ནོར་བུ་རང་ལས་སམ་རང་གར་རྙེད་པ་ཞེས་བྱ་སྟེ། དོ་ཧ་ལས། ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་ལ་བརྟགས་ན་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །ཞེས་སོ། །ས་མ་ཡཱ་ནི་མཆོག་ཏུ་གསང་བའི་ཡང་རྩེ་རྫོགས་པ་ཆེན་པོའི་ལྟ་བསྒོམ་ཞི་ལྷག་ཟུང་འཇུག་རང་ཤར་གྱི་དགོངས་པ་འདིའི་མངོན་པར་འབྱིན་པའི་རྡོ་རྗེའི་དམ་ཚིག་གི་རང་བྲོའོ། །རྒྱ་ནི་སྔར་བཞིན་ནོ། །
བཞི་བ་ཡུལ་ཤེས་ཀྱི་བར་ནས་བཙལ་ཏེ་ཀུན་གྲོལ་མཉམ་པ་ཆེན་པོ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་ཆིངས་སུ་བཅིངས་པ་ལ། མཚམས་སྦྱར་ཏེ་ས་དམིགས་བཟུང་བ་དང་། གནད་བཀྲོལ་ནས་ངོ་སྤྲོད་པ། དེའི་དགོས་པ་དང་གསུམ་དུ་ཡོད་པ༼ ས་བཅད་གསུམ་པ་འོག་ཏུ་མི་གསལ། དཔྱད ༽ལས།
དང་པོ་ནི། གསང་བ༴ ནི། ཕྱི་ཆོས་ཅན་ལྟ་བས་སྣང་བ་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། ནང་ཆོས་ཉིད་ཀྱི་ལྟ་བས་འཛིན་པ་ཡེ་ཤེས་འགྱུར་མེད་ཀྱིས་བདེ་ཆེན་དུ་གཏན་ལ་ཕབ་ཏེ་ངོ་རང་ཐོག་ཏུ་སྤྲད་ནས། ད་གསང་བ་རང་རིག་ལྟ་བས་ཡུལ་ཤེས་གཉིས་ཀྱི་བར་ནས་ཕྱི་ནང་དབྱིངས་རིག་མཉམ་རྗེས་ལྟ་སྤྱོད་ཟུང་འཇུག་དབྱེར་མེད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པ་བཅར་ཕོག་ཏུ་ངོ་སྤྲོད་པ་ནི། ཞེས་སོ། །
གཉིས་པ་ལ། དངོས་བསྟན་ལྟ་བ་དོན་གྱི་སྤྱོད་པས་བཙལ་ཏེ་ངོ་སྤྲད་པ་དང་། དེ་ལས་སྣང་བ་དབང་བསྒྱུར་དགོངས་ཀློང་དང་བཅས་པ་འཆར་ཚུལ་དང་གཉིས་ལས། དང་པོ་ལ་མིག་དང་གཟུགས་ཀྱི་བར་ནས་སྣང་བ་ཆོས་དབྱིངས་དང་། བཅོས་མེད་ལྷུན་གྲུབ་ཀྱི་ལྟ་བ་ངོ་སྤྲད་པ་དང་། ཡུལ་ཤེས་ལྷག་མའི་བར་ནས་ངོ་སྤྲད་པ་གཉིས་ལས།
དང་པོ་ནི། དཔེར་ན་མིག་གི༴ ཡིན་ནོ་བར་ཏེ། ལར་དབང་པོ་ཀུན་ལས་ཀྱང་ཡེ་ཤེས་མངོན་གྱུར་དུ་འཆར་བའི་སྒོ་ཁྱད་པར་བ་མིག་ཡིན་པའི་ཕྱིར་ཐོག་མར་རྒྱས་པར་སྨྲོས་ཏེ། ཐལ་འགྱུར་ལས། གཅིག་ལ་ཡལ་ཀ་ལྔ་ཡོད་པ། །སོ་སོའི་དབང་པོའི་སྒོ་ལ་སྣང་། ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པ། །བ་མེན་རྭ་འདྲ་འཁྱིལ་བ་ཡིས། །ཨ་འབྲས་ཞེས་པ་དཀར་ནག་འབྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། ། ཤེས་པས་རང་རྩལ་རྫོགས་པ་དང་། །འདི་ལས་ཡེ་ཤེས་དངོས་འབྱུང་སྟེ། །ཞེས་སོ། །དེ་ལ་དང་པོ་དཔེར་ན་མིག་གི་གཟུགས་མཐོང་བ་ལ་རྟེན་འབྲེལ་འདི་རྣམས་འཛོམ་དགོས་ཏེ། དམིགས་རྐྱེན་གཟུགས་ཀྱི་དངོས་པོ། །བདག་རྐྱེན་མིག་གི་དབང་ཤེས་འཁྲུལ་མེད། རྟོགས་བྱེད་ཡིད་ཀྱི་ཤེས་པ་རྣམས་འཛོམ་པའི་ཐོག་ཏུ། ཡུལ་ཐག་རིང་བ་མུན་པ་འཁྲིགས་པ་ཁང་བ་སོགས་རྐྱེན་གཞན་གྱིས་བར་ཆོད་ནའང་མི་མཐོང་བས། གེགས་དེ་དག་མེད་པར། ཡུལ་ཐག་ཉེ་བ་དང་། མུན་པའི་རྐྱེན་དང་བྲལ་བ། བར་ཏུ་བསྒྲིབ་བྱེད་གཞན་མེད་པ་སྟེ། དེ་ལྟར་རྐྱེན་བཞི་འཛོམ་དགོས་ཏེ། དེའི་ནང་ནས་གཅིག་མ་འཛོམ་ཀྱང་གཟུགས་མི་མཐོང་སྟེ། ད་དུང་དུ་ཡང་རང་གི་མཐོང་ན་རང་སྣང་ཡིན་པར་ཚད་མས་གྲུབ་པའི་ཕྱིར། ཕྱི་ནང་གཉིས་མེད་བདག་གཅིག་གི་རྟེན་འབྲེལ་འཛོམ་པ་ལས་སྣང་ངོ། །དེའི་དུས་སུ་གཟུགས་དང་གཟུགས་འཛིན་གཉིས་མེད་གཉིས་སུ་སྣང་བ་དེའི་ངོ་བོ་ལ་བལྟས་ཏེ། ཡུལ་གྱི་རྗེས་སུ་ཤེས་པ་མི་འབྲང་། ཡུལ་ཤེས་གང་ཡང་ཆེད་དུ་དགགས་ཀྱང་མི་དགགས་སམ། ཡང་ན་སྣང་སེམས་འགགས་ནས་མེད་དུ་མི་འགྲོ་བས་འགགས་ཀྱང་མི་འགགས༼ འདི་ཡིག་སྐྱོན་ཡིན་ནམ། མཆན། ༽ ཡུལ་ཤེས་གཉིས་ཀའི་རྣམ་པ་གསལ་ནི་གསལ། གཟུགས་འདི་དང་འདིའོ་ཞེས་པ་དང་མཚན་ཉིད་ཞིབ་པར་དཔྱོད་པའི་འཛིན་པ་ནི་མ་ཞུགས་ཀྱང་། གཟུགས་སུ་སྣང་བ་བཀྲ་ལམ་མེ་བ། འགྱུ་བ་གཞི་ལ་དག་ནས་གཡོ་མེད་དུ་ཝལ་ལེ་བའམ། ཡང་ན་སྐད་ཅིག་མའི་ཤེས་པ་ཐུགས་རྗེའི་རྩལ་མ་འགགས་པས་ཤར་གྲོལ་དུ་ཝལ་ལེ། བྱིང་ཉམས་མེད་པར་སྟོང་གསལ་རིག་པའི་ངར་དང་བཅས་པའི་སེང་ངེ་བ་གཅིག་རང་བྱུང་དུ་འབྱུང་ངོ་། དེའི་གཟུགས་སུ་མྱོང་དང་མྱོང་བྱེད་ཀྱི་གནས་ལུགས་སྟོང་བ་དེ་ནི་སེམས་ཀྱི་ངོ་བོ་ཀ་དག་སྟོང་བ་དམིགས་སུ་མེད་པ། གཟུགས་སུ་ལམ་མེ་བར་སྣང་བ་འགགས་པ་མེད་པ་དེ་ཀ་སེམས་ཀྱི་རང་བཞིན་རང་གསལ་ལྷུན་གྲུབ་དག་པ། གསལ་སྟོང་གཉིས་མེད་དུ་ཁྱུག་སེ་ཧྲིག་གེ་བ་དེ་ནི་སེམས་ཀྱི་མཚན་ཉིད་བློ་བྲལ་ཐུགས་རྗེ་ཀུན་ཁྱབ་ཞེས་བྱ་སྟེ། སྐུ་གསུམ་གྱི་ངོ་བོ་ཡིན་པར་རབ་འབྱམས་ལས། ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་། །ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ། །འབྲལ་མེད་གཅིག་སྟེ་ཕྱོགས་ལྷུང་མེད། ། ཅེས་དང་། ལ་ཟློ་གསང་འཁོར་ལས། ཆོས་སྐུ་དམིགས་སུ་མེད་པར་སེམས་དཔའི་བློ་ཐག་ཆོད། །འདོད་ཡོན་ལོངས་སྐུ་ཡིན་པར་སེམས་དཔའི་བློ་ཐག་ཆོད། །སེམས་ནི་སྤྲུལ་སྐུ་ཡིན་པར་སེམས་དཔའི་བློ་ཐག་ཆོད། །ཅེས་སོ། །ལྷན་ཅིག་སྐྱེས་པའི་ཆོས་གསུམ་དང་ལྡན་པའི་རིག་གེ་རྗེན་ནེ་མིང་དོན་ལས་འདས་པ་དེ་ཆོས་སྐུར་ངོ་སྤྲད་དོ། །འདི་ནི་དོན་དམ་པར་མཉམ་བཞག་ནམ་མཁའ་ལྟ་བུའི་ཆོས་དབྱིངས་སུ་འབྱམས་ཀླས་པའི་ལྟ་ཕུག་དང་དགོངས་པ་ལ། རྗེས་ཐོབ་སྣང་བཅས་སྒྱུ་མའི་གཟུགས་སྐུ་རྣམ་དག་ལ་རང་བྱན་ཚུད་པའི་ལྟ་ཕུག་སམ་དགོངས་པ། །གཉིས་མེད་ལྷན་ཅིག་དུ་གནས་པ་སྟེ། རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུག་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །ཞེས་སོ། །རྐྱེན་བཟང་ངན་བར་མའི་སྣང་འཁྲུལ་དང་། སྒྲོ་བཏགས་རྟོག་པ་ཞེན་འཁྲུལ་གཉིས་ཀྱི་སྒྲིབ་པས་མ་གཡེང་བར། དེ་དག་གི་གནས་ལུགས་རིག་སྟོང་དབྱེར་མེད་དུ་ཤར་བ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་རང་ལ་གནས་པ་ཡིན་ཏེ། ན་རོ་པས། རྣམ་རྟོག་དྲི་མ་དང་བྲལ་བའི། །རང་རིག་སྤྲོས་བྲལ་དེ་ཉིད་ནི། །མི་གནས་མྱ་ངན་འདས་པ་ཡིན། །རྡོ་རྗེ་སེམས་དཔའ་དེ་ཉིད་དེ། ། སངས་རྒྱས་དྲུག་པའང་དེ་ཉིད་དོ། །རིགས་དྲུག་པའང་དེ་ཉིད་དོ། ། འཇམ་དཔལ་གཞོན་ནུའང་དེ་ཉིད་ཡིན། །རྣམ་པར་སྣང་མཛད་དེ་ཉིད་ཏེ། །ཆོས་ཀྱི་སྐུ་དང་བདེ་ཆེན་དང་། །ཟུང་འཇུག་ཅེས་པའང་དེ་ཉིད་དོ། །ཅེས་དང་། ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། ལྷ་ནི་ཏིལ་གྱི་གང་བུ་བཞིན། །རྡུལ་སྙེད་གྲངས་ལས་འདས་པའི་ལྷ། །དེ་ཡང་བསྡུ་ན་ཡབ་ཡུམ་བཅུ། །དེ་ཡང་བསྡུས་པས་རིག་ལྔ་དང་། །དེ་ཡང་བསྡུས་པས་རིགས་གསུམ་ཡིན། །ཐམས་ཅད་གཅིག་དུ་བསྡུས་པ་ནི། །ལྷ་རྣམས་ཐམས་ཅད་རྩ་བའི་ལྷ། །ཐམས་ཅད་རིག་པས་ཀུན་རིག་རྣམ་སྣང་ཡིན། །ཐམས་ཅད་ཀུན་ལ་ཁྱབ་པས་རྣམ་སྣང་གངས་ཆེན་མཚོ། ། ལྷ་ཡི་རོ་སྙོམས་ཐམས་ཅད་ཕྱོགས་མེད་ལྷ་ཡི་གང་། །གཅིག་ཏུ་རབ་ཏུ་འདུས་པའི་ལྷ་ཁང་ཡིན། །ཞེས་སོ། །འདི་ལ་ཁ་ཅིག་གིས་སངས་རྒྱས་ཀྱི་རྒྱུ་ཡིན་ཞེས་བརྗོད་ན་མདོ་རྒྱུད་དང་མཐུན་པས་འཐད་ཀྱི། སངས་རྒྱས་ཀྱི་ངོ་བོ་ད་ལྟ་ནས་ཡིན་ན་སྟོབས་སོགས་ཆོས་སྐུ་དང་། མཚན་དཔེ་སོགས་གཟུགས་སྐུའི་ཡོན་ཏན་གསལ་རྫོགས་སུ་ཡོད་དགོས་པ་དང་། དེ་ལྟར་ན་ལམ་གྱི་དགོས་པ་མེད་པ་སོགས་སྐྱོན་གྱི་ཕུང་པོ་འདི་མི་རིག་པས་མི་འཐད་ཟེར་ཏེ་བརྔན་དང་དཔྱ་སེམས་བྱེད་ནའང་། དེ་ནི་གྱི་ན་ལྟར་སྣང་གི་ཅ་ཅོ་སྟེ། སེམས་ཉིད་སངས་རྒྱས་ཡིན་པ་འདི་སྒོས་སུ་ཕྱག་རྫོགས་ངེད་ཅག་གི་གསར་དུ་དྲན་ནས་སྨྲས་པའང་མིན་ཏེ། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་བསལ་ན་ནི་སངས་རྒྱས་དངོས། །ཞེས་དང་། གསང་བ་མཛོད་ཀྱི་རྒྱུད་ལས། སེམས་ལས་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་ཡང་། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །མ་གསུངས་གསུང་བར་མི་འགྱུར་རོ། །ཞེས་དང་། བསྡུས་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་སུ་ཡོད་མ་ཡིན། ཞེས་དང་། རང་གི་སེམས་ལ་གནས་པར་གྱུར་བ་ཡི། །བདེ་གཤེགས་རྣམས་ལ་གུས་པས་སྐྱབས་སུ་མཆི། །ཞེས་དང་། དགྱེས་པ་རྡོ་རྗེས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་སོགས་རབ་ཏུ་མང་བ་སྟེ། དེའི་དག་བྱེད་ཀྱི་རིགས་པའང་། དཔེར་ན་ཉི་མ་སྤྲིན་གྱིས་སྒྲིབ་སྟེ་འོད་ཟེར་མི་གསལ་ཡང་མེད་པ་མིན་པ་ལྟར་ཡོན་ཏན་ཡོད་ཀྱང་མ་མངོན་ན་ཅི་ལྟོ་སྟེ། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས། །སེམས་ཅན་ཀུན་གྱི་ལུས་ལ་ངེས་པར་བཞུགས། །བྲི་བསྣན་མེད་བར་འཆར་བས་གསར་བར་བྱེད། །དེ་ཉིད་སྦས་པའི་དོན་དུ་ཚུལ་འདི་བསྟན། །ཞེས་དང་། མྱང་འདས་ལས་ཀྱང་། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ། ། ཅེས་པ་དང་། སངས་རྒྱས་ཀྱི་རང་བཞིན་འདི་ལྟ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་། ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ཞེས་དང་། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའང་སེམས་ཅན་ཐམས་ཅད་ཀྱི་ནང་ནས་འཆར་རོ། །ཞེས་དང་དཔལ་ཕྲེང་གི་རྒྱུད་ལས། སེམས་ནི་རིག་པ་སྟོང་བར་གནས། །སྟོབས་སོགས་ཕུན་སུམ་ཚོགས་པས་ན། ། རང་བཞིན་ལྷན་ཅིག་སྐྱེས་པ་དང་། །གཟུགས་སྐུའི་རྒྱུ་རྐྱེན་ལ་སོགས་ལྡན། །ཞེས་པ་དང་། ཡེ་ཤེས་མཁའ་མཉམ་གྱི་རྒྱུད་ལས། ངོ་བོ་གཞི་ཡི་ཆོས་སྐུ་དང་། །རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས། །ངོ་བོ་གཞི་ལ་ཐ་དད་མེད། །ཉི་མ་རང་གི་ངོ་བོ་ལ། །མུན་བསྒྲིབ་གྲང་བ་གང་ཡང་མེད། །གློ་བུར་སྤྲིན་གྱིས་བསྒྲིབ་པའི་ཚེ། །ཉི་འོད་མེད་པ་མ་ཡིན་ཏེ། །ངོ་བོ་འཕེལ་འགྲིབ་གང་ཡང་མེད། །ཅེས་པ་ལྟར། ཡོན་ཏན་ཡོད་ཀྱང་མི་མངོན་པ་ཡིན་ཏེ། གཞན་དུ་ཡོན་ཏན་སྨིན་འབྲས་སུ་འདོད་པ་དག་གི་རྒྱུ་རྐྱེན་གྱིས་བསྐྱེད་པས་ཆོས་སྐུ་དང་ལོངས་སྐུ་འདུས་བྱས་སུ་འགྱུར་ཞིང་། རྒྱུ་རྐྱེན་གྱི་ཚོགས་པ་ཞིག་དུས་འཇིག་བཅས་སུ་འགྱུར། དེ་འདུས་བྱས་མི་རྟག །མི་རྟག་ཡིན་ན་སྡུག་བསྔལ་གྱིས་ཁྱབ་པས་བསྐུར་འདེབས་སུ་བས་སོ། །འོན་ཀྱང་སྨིན་འབྲས་ཙམ་དུ་འདྲེན་པ་འདི་ནི་ཐེག་ཆེན་གྱི་ཆོམ་རྐུན་ཞིག་བྱུང་བ་ཡིན་ལ། ཡང་སྐྱོན་མེད་ཀྱང་ཡོད་པར་སྣང་བ་ནི་ཐག་པ་ལ་སྦྲུལ་མེད་པར་ཐག་པ་ཡིན་པ་བཞིན། ཉོན་མོངས་ཡེ་ཤེས་ཡིན་པ་ལས་འཁྲུལ་བའི་སྐྱོན་བཅས་སུ་སྣང་ནའང་། དོན་ལ་སྐྱོན་མེད་པ་སོགས། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །ཞེས་དང་། བདེ་བ་ཆེན་པོའི་རྒྱུད་ལས། བག་ཆགས་གློ་བུར་སྤྲིན་ཚུལ་དུ། ། མེད་ལས་ཡོད་བརྟགས་ཡོད་ནས་མེད། །ཅེས་དང་། གུར་ལས། ངན་པས་བརྟག་པའི་རྣམ་རྟོག་གི །རིན་ཆེན་སེམས་ནི་དྲི་ཅན་བྱས། །ཞེས་དྲི་མ་གློ་བུར་བ་འདུས་མ་བྱས་ཀྱི་གཤིས་ལ་ཞུགས་པ་མེད་པ་ཉི་མའི་ངོ་བོ་ལ་སྤྲིན་གྱིས་མ་བསྒྲིབ་པ་ལྟ་བུ་ལས་ངོ་བོ་སྐྱོན་མེད་ཡིན་པས་ན། རྒྱུད་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །ནམ་མཁའ་བཞིན་དུ་རྒྱུ་མཚན་ཀུན་དང་བྲལ། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོ། །ལམ་གྱི་དགོས་པ་ཡང་། སེམས་ཉིད་དྲི་མེད་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་ངང་རྒྱས་པ་ཡིན་པ་དྲི་མས་བསྒྲིབ་པ་སེལ་བྱེད་ཀྱི་ཆ་རྐྱེན་ཙམ་དུ་ཡིན་གྱི་ཡེ་ནས་ཡོན་ཏན་མེད་ན་བསྐྱེད་དུ་མེད་ལ། གལ་ཏེ་བསྐྱེད་ཀྱང་འདུས་བྱས་ལས་འདུས་བྱས་འབྱུང་བའི་རིགས་འདྲ་ལས། མི་མཐུན་པ་མི་འབྱུང་བ། ནས་ལས་ཁྲེ་བཞིན་དང་། ནོར་བུ་བྱི་བྱེད་ཀྱི་ཁྲུས་རས་དང་འདག་ཆལ། ཉི་མའི་སྤྲིན་བྲལ་བྱེད་ཀྱི་རླུང་ལྟ་བུ་ཡིན་པས་དགོས་པ་ཡོད་ཀྱི། དང་པོ་རྣམ་དག་མིན་པས་སོལ་བ་ནག་པོ་འདྲ་བའི་སེམས་ལ་ཕྱིས་བྱི་དོར་བྱས་པས་དཀར་པོར་མི་འགྱུར་བ་ཡང་ཡིན་ཏེ། ཌོམ་བྷི་བས། ཡུན་རིང་དུས་ནས་དྲི་མ་འཁྲུས་བྱས་ཀྱང་། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་རྣམ་དག་སྟོང་ཉིད་དག་པར་འགྱུར། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག །ཞེས་པ་ལྟར་རོ། །དེས་ན་སེམས་ཉིད་ད་ལྟ་ནས་སངས་རྒྱས་ཉིད་ཡིན་པར་ལུང་རིགས་རྣམ་པར་དག་པས་འགྲུབ་པོ། །འདི་གནད་ཆེ་བས་ཅུང་ཟད་རྒྱས་སུ་བཤད་པའོ། །སངས་རྒྱས་སྐུ་གསུམ་གྱི་འབྲས་བུ་རང་ས་ཆོས་ཀྱི་ངང་ལས་གྲུབ་ཅིང་འཁོར་བའི་སྐྱོན་གྱིས་གོས་མ་མྱོང་། ཆོས་གཟུགས་ཀྱི་ཡོན་ཏན་ལས་ཅུང་ཟད་ཀྱང་མ་ཉམས་པར་འབྲས་བུ་མངོན་གྱུར་གྱི་དུས་ཇི་ལྟ་བ་བཞིན་ལས་འགྱུར་བ་མེད་པའི་མཁྲེང་ངེ་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཅེས་སོ། །རྩོལ་བཅས་སེམས་ཀྱི་རིམ་འཇུག་དང་། རྩོལ་མེད་རང་བཞག་གི་ལྟ་བསྒོམ་ཀུན་གྱི་ཡུལ་དུ་བྱེད་པའི་མཐའ་ལས་འདས་པ་ཉིད་ཀྱི་ངང་དུ་ལ་བཟློས་པར་གྱུར་བ་ཅིག་ཡིན་ནོ། །ཇི་སྐད་དུ། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་བསྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་དང་། ཡེ་ཤེས་འཁོར་ལོའི་རྒྱུད་ལས། ཡེ་ཤེས་རང་ཤར་ལ་བཟློས་ལ། །གང་ལྟར་སྣང་དྲན་ཆོས་ཉིད་ལ། །མ་བཙལ་ཡེ་ཤེས་རང་གནས་ཕྱིར། ། བསྒོམ་མི་དགོས་པར་ལ་བཟླའོ། །ཞེས་སོ། །
གཉིས་པ་ནི། དེ་བཞིན་དུ༴ ནས། སྤྲད་པས། མིག་དང་གཟུགས་ཀྱི་ཐུགས་འཕྲད་ཀྱི་སྟེང་ནས་ངོ་སྤྲད་པ་དེ་བཞིནདུ་སྒྲ་སོགས་ལྷག་མ་རྣམས་ཀྱི་ཐོག་ནས་ཀྱང་བཙལ་ཏེ། རིག་གེ་རྗེན་ནེ་ཟང་ཐལ་བའི་སྐུ་གསུམ་དབྱེར་མེད་གྱི་ཡེ་ཤེས་ངོ་སྤྲད་པས། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རོ་མྱོང་སྟོང་། རེག་བྱ་རེག་བཞིན་དུ་རེག་སྟོང་དུ་གོ་སྟེ། ཕྱི་འདོད་ཡོན་ལྔའི་སྣང་ཡུལ་དང་། ནང་ཉེར་ལེན་སེམས་སུ་སྣང་བ་གཉིས་ཀ་ཡེ་ཤེས་རང་སྣང་གི་ངོ་བོར་གཉིས་སུ་མེད་པ་དང་། །སྤྱོད་པའི་ཐབས་ཀྱིས་ཤེས་རབ་ལྟ་བ་རྟོགས་གོམས་གདེངས་སུ་བྱེད་པའི་ཐབས་ཤེས་གཉིས་སུ་མེད་པ་གཅིག་གྲོགས་སུ་གཅིག་སོང་བ་སྤྱི་ལྟར་ཟུང་འཇུག་ཀྱང་ཡིན་ལ། ཁྱད་པར་དུ་འདིར་ནི་ཐབས་ཤེས་ལྟ་སྤྱོད་དབྱེར་མེད་པ་ཡིན་ཏེ། རིག་པའི་ངོ་བོ་ལྟ་བ། རང་བཞིན་བསྒོམ་པ། ཐུགས་རྗེ་སྤྱོད་པ། དབྱེར་མེད་ལྷུན་གྲུབ་ཀྱི་འབྲས་བུ་ཞེས་བྱ་བས་ན་རིག་པ་སྐུ་གསུམ་གྱི་ཡེ་ཤེས་སུ་སངས་རྒྱས་པས་སྣང་སྟོང་གི་ལྡོག་ངོས་ནས་ཐབས་ཤེས་སུ་བརྗོད་ཀྱང་ངོ་བོ་ཐ་མི་དད་པ་ཀ་བ་སྐྱ་ཤིང་གི་རྣམ་པ་དང་། གདུང་འདེག་གི་དོན་བྱེད་པའི་ཆ་སོ་སོ་ཕྱེད་ཀྱང་ངོ་བོ་གཅིག་པ་བཞིན་ནོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། ལྟ་བ་དང་ནི་སྤྱོད་པ་དག །གཉིས་མེད་ཟུང་འཇུག་ཉིད་དུ་ལ་བཟླའོ། ། ཐབས་དང་ཤེས་རབ་ཟུང་དུ་འཇུག །ཞེས་དང་། ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། །ཐབས་སུ་རང་བྱུང་རང་ལ་རྫོགས་། །ཤེས་རབ་རང་བྱུང་རང་ཤར་རང་ལ་རྫོགས། །ཐབས་དང་ཤེས་རབ་དབྱེར་མེད་པས། །གཅིག་ལ་གཅིག་རྫོགས་སྤྱོད་པའི་མཆོག །ཐབས་དང་ཤེས་རབ་ཟུང་འཇུག་དང་། །ཐབས་དང་ཤེས་རབ་དབྱེར་མེད་གཉིས། ། མིང་ཙམ་མཐུན་ཏེ་དོན་ལ་འཕགས། །འཕགས་པའི་སྤྱོད་པ་ཞེས་སུ་བསྟན། །ཞེས་སོ། །དེ་ཡང་ཡུལ་དབང་ཤེས་པའི་ཐུགས་འཕྲད་དུ་སྣང་བ་ཐབས། དེའི་ངོ་བོ་ཆོས་ཉིད་དུ་ཡོད་པ་ཤེས་རབ་ཀྱང་ཡིན། ཐུག་འཕྲད་ཀྱི་བར་ནས་ངོས་འཛིན་པ་ལྟ་བ་དོན་གྱི་སྤྱོད་པ་ཡིན་ལ། ངོས་ཟིན་པའི་རང་གནས་ཀྱི་འོད་གསལ་ནི་ཤེས་རབ་ལྟ་བ་སྟེ། ཟིན་རྟིང་ཀྱང་དེ་ཤེས་བཞིན་པའི་གདེངས་ཉམས་དང་མ་བྲལ་བ་ནི་ཐབས་སྤྱོད་པ། ཤེས་པའི་ཆ་དེ་ཤེས་རབ་ལྟ་བ་ཡིན་ནོ། །དེས་ན་ཐབས་ཤེས་གཉིས་མེད་དང་། ཡུལ་ཡིད་དུ་འོང་བ་དང་འཕྲད་པའི་རྐྱེན་གྱིས་ལུས་སེམས་བདེ་བ་དང་། མི་འདོད་པའི་དངོས་པོ་ཉམས་སུ་མྱོང་བས་སྡུག་བསྔལ་བར་སྣང་བའང་གཉིས་སུ་མེད་པ་སྟེ། དེ་དག་གི་ཡུལ་ཡུལ་ཅན་སྣང་བ་ཆོས་དབྱིངས་ཀྱི་ལྟ་བ་དང་། རིག་པ་ཆོས་སྐུའི་ལྟ་བའི་གཞི་དབྱིངས་ཡེ་དབྱེར་མེད་དུ་སངས་རྒྱས་པའི་གནས་ལུགས་ཉིད། དང་པོ་བླ་མས་ངོ་སྤྲོད་ཅིང་། བསྒོམ་དུས་རང་གི་ངོས་བཟུང་ནས། འོད་གསལ་མ་བུ་སྤྲོད་པ་དང་། དེའི་ངང་ལས་མི་འདའ་བའི་ཕྱག་རྒྱའི་བཅིངས་ན་ཐུགས་དམ་གྱི་མཐིལ་ཡང་དག་པའོ། །ཡང་ལར་རྫོགས་པ་ཆེན་པོ་འདིའི་སྣང་བ་ཆོས་དབྱིངས་ཀྱི་ལྟ་བ་དང་། རིག་པ་ཆོས་སྐུའི་ལྟ་བ་དབྱེར་མེད་དང་། གཞན་གྱིས་སྟོང་བ་ཆོས་དབྱིངས་སུ་བརྟགས་ཏེ། སྣང་སྟོང་གཉིས་མེད་དུ་གཏན་ལ་ཕེབས་པ་ལ་ཁྱད་ཆེ་སྟེ། འདིའི་དབྱིངས་ལྔ་ལས་འཁྲུལ་བའི་ཡུལ་དུ་སྣང་ཡང་མ་དག་པ་མ་ཡིན་ཏེ། ཡུམ་ལྔའི་རང་བཞིན་དུ་བསྟན་ལ། དེ་ཆོས་ཅན་རྣམ་དག་གི་ངོ་བོ་ཡིན་པས། དེ་ལྟར་རྟོགས་པའི་ལྟ་བ་ནི་ལྷག་པའི་ཀུན་རྫོབ་ཀྱང་ཡུལ་དུ་བྱེད་པའི་ཁྱད་པར་བ་ཡིན་པས། ངེས་དོན་འདུས་པ་ལས། སྣང་སྟོང་དབྱེར་མེད་ལྟ་བ་དང་། །རང་བྱུང་སྣང་བ་ཆོས་དབྱིངས་གཉིས། །འདྲ་ལ་ནོར་བས་གོལ་ཏེ་འགྲོ། །ཞེས་སོ། །དེ་བཞིན་དུ་ཞི་ལྷག་དབྱེར་མེད་དུ་གོམས་པ་དང་། འདིའི་དབྱེར་མེད་རིག་པ་ཆོས་སྐུའི་ལྟ་བ་གཉིས་ཀྱང་ཁྱད་ཆེ་སྟེ། དེ་ཉིད་ལས། བསམ་གཏན་ཤེས་བཞིན་དབྱེར་མེད་དང་། རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། ། འདྲ་ལ་ནོར་ཏེ་གོལ་ནས་འགྲོ། །ཞེས་སོ། །འདིར་ལྟ་བ་དེ་གཉིས་ཀྱང་སྔགས་དང་ཕར་ཕྱིན་ཐུན་མོང་གི་རྣམ་གྲངས་བའི་དཔྱད་བཞག་གི་བདེན་གཉིས་ལྟ་བུ་མ་ཡིན་པར་ཡེ་ནས་དབྱེར་མེད་པས་ན། དེ་ཉིད་ལས། སྣང་བ་མ་བཅོས་ཆོས་དབྱིངས་ནི། །རང་བྱུང་ཆོས་སྐུ་གཅིག་ཉིད་ལ། །ཡོན་ཏན་ཐམས་ཅད་འབྱུང་བ་ནི། །དཔེར་ན་ཡིད་བཞིན་ནོར་བུ་ལྟར། །དེ་ནི་ལྷུན་གྱིས་གྲུབ་པའི་གཞི། །ཞེས་དང་། རང་སེམས་ཆོས་སྐུའི་ལྟ་བ་ནི། ཀུན་ལ་ཁྱབ་པའི་རིག་པ་ཡིན། །འདུས་མ་བྱས་པའི་དོན་རྟོགས་པའི། །མཐའ་བྲལ་རིག་པ་གཅིག་ཡིན་ནོ། །ཞེས་སོ། །འདི་ལྟར་ལྟ་བ་ཁྱུང་ཆེན་ཐུར་བབས་སུ་གཏན་ལ་འབེབས་པ་ནི་ལྟ་བ་དོན་གྱི་སྤྱོད་པ་ཞེས་བྱ་སྟེ། ཀུན་གསལ་ལས། ལྟ་བ་དོན་གྱི་སྤྱོད་པ་ནི། ཁྱུང་ཆེན་མཁའི་ལྡིང་བཞིན་དུ་སྤྱོད། ཅེས་སོ། །དེ་ལྟར་ངོ༵་སྤྲད༵་པ༵ས་ཞེས་ལྷག་མ་འདྲེན་པའི་ཚིག་གིས་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཤུགས་ལས་འབྱུང་བར་བསྟན་ཏོ། །
གཉིས་པ་སྣང་བ་དབང་བསྒྱུར་དགོངས་ཀློང་དང་བཅས་པ་འཆར་ཚུལ་ལ། །དངོས་ཀྱི་དོན་དང་། རྣམ་གྲངས་རྣམ་པར་འཕྲུལ་བ་གཞན་བཤད་པ། དགོངས་པ་སྣང་སྲིད་གཞི་བཞེངས། ཟླས་དྲང་གི་ཐབས་དང་འབྲས་བུ་བཤད་པའོ། །
དང་པོ་ནི། གང་སྣང་༴ ནས། ཅིག་འོང་ཞེས་པའི་བར། འདིར་ཕྱི་ནང་གཉིས་མེད་དུ་ངོ་སྤྲད་ཅིང་གྲོལ་ཐོག་ཏུ་གདེངས་བཅས་པས། སྣང་སྤྱོད་ཐམས་ཅད་ལ་ལྟ་བའི་རྩིའི་ཐེབ་ནས། རྐྱེན་སྣང་རིག་པའི་གསལ་འདེབས་ཀྱི་གྲོགས་སུ་སོང་། གང་སྣང་ཅི་ཤར་ཐམས་ཅད་ཆོས་ཉིད་ཀྱི་དཀྱིལ་འཁོར་ཉག་གཅིག་ཏུ་རྟོགས་ཤིང་གྲོལ། འཁོར་བར་སྣང་དུས་ཉིད་ནས་མྱ་ངན་ལས་འདས་པའི་རང་བཞིན་དུ་ལ་ཟློས་པ་ཅིག་འོང་། སྣང་བ་ཐམས་ཅད་ལ་རང་རིག་པས་རང་དབང་བསྒྱུར་བས་ན་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་གསེར་གླིང་དུ་ས་རྡོ་བཙལ་ཀྱང་མ་རྙེད་པ་ལྟར་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་འོང་སྟེ། མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །དངོས་པོར་སྣང་བའི་ཕུག་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབ་རྫོགས། །ཞེས་དང་། ཀློང་དྲུག་པ་ལས། དེ་ལྟར་རང་དངས་དགོངས་པ་རུ། །སེམས་ཀྱང་གཏན་ལ་ཕབས་པ་ཡིན། །རྣལ་འབྱོར་སེམས་ལ་རང་དབང་ཐོབ། །དྲི་མས་བཅིངས་པ་ལས་གྲོལ་བའོ། །ཞེས་དང་། ཐོག་བབ་ཆེན་པོའི་ཏིང་འཛིན་ནི། གང་གིས་འདི་ལ་གོམས་སྤྱོད་ན། །སྣང་བ་ཀུན་ལ་དབང་བསྒྱུར་ཐོབ། །ཞེས་དང་། རིན་ཆེན་སྤུངས་པ་ལས། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཞེས་དང་། ལྟ་བའི་སྙིང་པོའི་རྒྱུད་ལས། དཔེར་ན་རིན་ཆེན་གསེར་གླིང་དུ། ། ས་རྡོ་བཙལ་ཀྱང་མི་རྙེད་བཞིན། །ཐམས་ཅད་སེམས་སུ་དོན་རྟོགས་ན། །ཏིང་འཛིན་དག་ལ་འབྱུང་འཇུག་མེད། །ཅེས་སོ། །
གཉིས་པ་ནི་སྤྱོད་པ་དེ་ལའང་བཤད་ན། སྤྱོད་དུ་ཡོད་པ་རྗེས་ཐོབ་ཀྱི་སྤྱོད་པ་དང་། སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ་གཉིས་སུ་ཡོད་པ་སྟེ། ཀུན་གསལ་ལས། དབྱེ་བ་རྣམ་པ་གཉིས་ཡིན་ནོ། །བླང་དོར་བཅས་པའི་སྤྱོད་པ་དང་། །བླང་དོར་མེད་པའི་སྤྱོད་པའོ། །ཞེས་སོ། །དེ་ལས་སྤྱོད༵་དུ༵་ཡོ༵ད་པ༵་ལ་འཁོར་འདས་རུ་ཤན་ཕྱེད་པའི་སྤྱོད་པ་སྔར་བཤད་པ་དང་༡། བརྟུལ་ཞུགས་༢ལམ་དུ་ལོངས་པའི་སྤྱོད་པ་ཉི་ཤུ་རྩ་གཅིག་ཏུ་ཡོད་ཀྱང་བསྡུས་ཏེ། ཆོས་ཀུན་གྱི་དོན་བཅུད་བསྡུས་པ་བུང་བ་ལྟ་བུའི་སྤྱོདཔ༡། གོལ་ཤོར་གྱི་འཛོལ་བརྟགས་པ་ཐི་བྱ་ལྟ་བུའི་སྤྱོད་པ༢། མི་མེད་དབེན་པར་བསྒྲུབ་པ་རི་དྭགས་ལྟ་བུའི་སྤྱོད་པ༣། འཁྲུལ་བའི་སྤྱོད་ངག་སྤངས་པ་ལྐུགས་པ་ལྟ་བུ༤། རེ་དོགས་རོ་སྙོམས་བཟའ་གཏད་མེད་པ་སྨྱོན་པ་ལྟ་བུ༥། ཟས་གོས་ལ་འདམ་ཀ་མེད་པ་ཁྱི་ཕག་ལྟ་བུ༦། མི་དང་མི་མ་ཡིན་པའི་གནོད་པ་དང་བྲལ་ཞིང་གང་ལའང་དབང་བསྒྱུར་ནུས་པ་སེང་གེ་ལྟ་བུ་༧སྟེ། སྔ་མ་བཞི་ལ་དགེ་སྦྱོངས་གཞོན་ནུའི་སྤྱོད་པ། བར་མ་གཉིས་ལ་བརྟུལ་ཞུགས་རོ་སྙོམས་ཀྱི། ཕྱི་མ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་གྲངས་ཀྱི་སྤྱོད་པ་བདུན་གྱིས་འཐེར་རོ། །སྤྱོད༵་དུ༵་མེ༵ད་པ༵་མཉམ་བཞག་གི་སྤྱོད་པས་གདེངས་གྲོལ་ཐོག་ཏུ་བཅའ་བ་གོང་དུ་བཤད་པ་ལྟ་བུ་སྟེ། འདིའི་མཚན་ལ་སྣང་བ་རང་སར་གྲོལ་བའི་སྤྱོད་པ་ཞེས་ཀྱང་གསུངས་སོ། །ཉི་ཟླ་ཁ་སྦྱོར་ལས། སྤྱོད་པ་ནི་གསུམ་སྟེ། འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་གི་སྤྱོད་པ་དང་། བརྟུལ་ཞུགས་ལམ་དུ་ལོངས་བ་གྲངས་ཀྱི་སྤྱོད་པ་དང་། སྣང་བ་རང་སར་གྲོལ་བ་རིག་པ་རྣལ་དུ་འབེབ་པའི་སྤྱོད་པའོ། །ཞེས་སོ། །ཕྱི་མ་འདི་ནི། ལྷ་མིན་གཡུལ་བཟློག་གི་རྒྱུད་ལས། །སྤྱོད་པ་རང་གྲོལ་ཤེས་པའོ། །ཞེས་པའོ། ། ཡང་སྔ་མ་བཞི་དགེ་སྦྱོངས་གཞོན་ནུའི། རྗེས་མ་གསུམ་རོ་སྙོམས་སུ་གསུངས་ནས། རྒྱལ་པོ་ས་འཛིན་ནི་ཀུན་གསལ་ལས། ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །དཔེར་ན་ཉི་མའི་སྙིང་པོ་བཞིན། །རྣལ་འབྱོར་བ་ཡིས་འགྲོ་དོན་སྤྱོད། །ཅེས་སོ། །སྤྱོད་པ་འདི་དག་བློས་རྩལ་འཕང་གོང་ནས་གོང་དུ་སྤགས་པས་དུས་ཚོད་དང་འབྲེལ་བ་གཅེས་ཀྱི། ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྱུར་ལ། སྤྱོད་པའི་ཕྱོགས་སུ་སུ་ལྟ་བ་ཤོར་ན་ཀུན་ཏུ་སྦྱོར་བས་འཆིངས་བར་འགྱུར་བས་དོན་མཐུན་དུ་སྤྱོད་དོ། །
གསུམ་པ་དགོངས་པ་སྣང་སྲིད་གཞིར་བཞེངས་ནི། །རང་རིག༴ ནས། ལྷུག་པའོ། །དེ་ལྟར་ལྟ་བ་དོན་གྱི་སྤྱོད་པ་དང་། སྤྱོད་དུ་ཡོད་པའི་སྤྱོད་པས་སྣང་བ་དབང་བསྒྱུར་ཐོབ་པ་ནི་དེའི་དགོངས་པ་སྣང་སྲིད་གཞིར་བཞེངས་ཆེན་པོར་ངང་གིས་འཆར་ཏེ། སོ་སོར་རང་གི་རིག་པ་ཡུལ་མེད་ཟང་ཐལ་དུ་གསལ་བས་ན་རང་གསལ་དུ་སལ་ལེ། ཆོས་སྐུ་བཞིར་ལྡན་གྱི་དགོངས་པ་མངོན་སུམ་དུ་རྟོགས་པས་ལྟ་བསྒོམ་ཡིན་ནམ་མ་ཡིན་སྙམ་པའི་ཡིད་གཉིས་དང་། འབྲས་བུ་ཅེར་མཐོང་གི་ངང་བསྐྱང་ན། ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་འགྱུར་དང་དོན་མི་འགྱུར་ཞེས་ཐེ་ཚོམ་གྱི་འགྱུ་བའི་རྟོག་པ་རང་སར་ཆད་པའི་རང་དངས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཆོས་ཐམས་ཅད་བསྐྱེད་པའི་རྩ་བ་ལ། རྩལ་སེམས་དང་སེམས་བྱུང་གི་བློ་དང་བྲལ་བའི་ཆེས་ཕྲ་བ་སྟེ། སྒྲ་རྟོག་གི་སྤྱོད་ཡུལ་དུ་མ་གྱུར་བ་དང་། ལྟ་བསྒོམ་བློས་བྱས་ཀྱིས་རང་རྒྱུད་མ་བཅིངས་ཤིང་། རྣམ་རྟོག་འཁྲུལ་བའི་བསླད་པ་མེད་པས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོ་ཉིད་ཀྱི་སྐུའི་བཞུགས་ཚུལ་བསྒྱུར་བཀོད་བཅས་བཅོས་དང་བྲལ་བའི་ལྷུག་པར་ཤར་བ་ནི། སྣང་སྲིད་གཞིར་བཞེངས་གི་དགོངས་པ་ཞེས་བྱའོ། །ཀློང་དྲུག་པ་ལས། ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེངས་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ཞེས་སོ། །
བཞི་བ་ནི། འདིའི་ཐབས་བྱེ་བྲག་པ་ནི་སྣང་བ་ཅེར་བཞག་ཡིན་ལ། འབྲས་བུ་ནི་ཉོན་མོངས་པར་ཤར་བ་དང་། ཡེ་ཤེས་སུ་ཤར་བ་ཐ་དད་མེད་པར་ཡེ་ཤེས་ཉག་གཅིག་ཏུ་གྲོལ་བའི་ཉོན་མོངས་གནས་བསྒྱུར་དུ་འབྱུང་ངོ། །ཀློང་དྲུག་ལས། འགྱུར་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །ཞེས་སོ། །དེའི་དུས་སུ་ཆོས་སུ་སྣང་བ་ཉིད་ནས་ཆོས་ཉིད་དུ་གྲོལ་བའི་གདེང་རྩལ་ལ་གནས་པས། ཆོས་ལ་གནས་པའི་རྣལ་འབྱོར་བ་ཞེས་བྱའོ། །ས་མ་ཡཱ་ནི། ལྟ་བ་དོན་གྱི་སྤྱོད་པ་གྲོལ་ཡན་ཆེན་པོའི་དམ་ཚིག་འདའ་བར་དཀའ་བའོ། ། རྒྱ་གསུམ་ནི་སྔར་བཞིན་ནོ། །
ལྔ་པ་མཐའ་རྟེན་བཞག་ཐབས་ཀྱི་སྒོ་ནས་སྒོམ་མེད་རྣལ་དུ་འབེབས་པ་ལ་ཚིག་གི་མཚམས་སྦྱར་ཏེ་སྐབས་དོན་ངོས་བཟུང་བ། དེ་ཉིད་རྒྱས་པར་བཤད་པའོ། །
དང་པོ་ནི། དེ་ལྟར༴ ནས། ནི། གོང་དུ་བཤད་པ་དེ་ལྟར་ལྟ་བ་ངོ་འཕྲོད་པ་ནི་ཐོག་མར་གལ་ཆེ་སྟེ། ལྟ་བས་གནས་ལུགས་མ་མཐོང་གི་བར་དུ་ཅི་ཙམ་བསྒོམ་ཀྱང་དོན་མེད་པ་ནི། དཀྱུས་ས་མེད་པའི་རྟ་རྒྱུག་དང་། དམུས་ལོང་གིས་གླང་ཆེན་ལག་ནོམས་ཀྱིས་བརྟགས་པ་དང་འདྲ་བས་ན། དབང་མཆོག་རྒྱལ་པོའི་རྒྱུད་ལས། མཐོང་དང་མ་མཐོང་ལྟ་བས་ལྟོས། །མ་མཐོང་བ་ན་ཅི་ཞིག་བསྒོམ། །དཔེར་ན་ལོང་པ་འགའ་ཞིག་གིས། །གླང་ཆེན་རྩལ་ལྡན་ལག་ནོམ་ནས། །སྣ་དང་མཇུག་མ་རྐང་ལག་རྒྱབ། །རང་རང་གང་རེག་བསྒོམ་པ་འདྲ། །ལྟ་བའི་གནས་ལུགས་མ་རྟོགས་པར། །བསྒོམ་པ་བྱེད་པའི་བླུན་པོ་རྣམས། ། དམུས་ལོང་གླང་ཆེན་བསྒོམ་པ་འདྲ། །ཞེས་དང་། རྒྱལ་མཚན་རྩེ་མོའི་རྒྱུད་ལས། བདེན་པ་མ་མཐོང་གི་བར་དུ་བསྒོམ་པས་མཐོང་བར་མི་འགྱུར་རོ། །ཞེས་དང་ལྷ་མིན་གཡུལ་བཟློག་གི་རྒྱུད་ལས། གྲོལ་བར་བྱེད་པ་རྟོགས་པ་སྟེ། །བསྒོམ་པས་གྲོལ་བར་མི་འགྱུར་ཏེ། །དཔེར་ན་མུན་ནག་ནང་དུ་བྱད་སྟོན་འདྲ། །གསེར་དེ་རྟོགས་ན་བསྒོམ་མི་དགོས། །མ་རྟོགས་སྒོམ་པས་སངས་མི་རྒྱ། །རྟོགས་པ་མངོན་དུ་གྱུར་བ་ན། །བསྒོམ་པས་མངོན་གྱུར་ངས་མ་བཤད། །ཅེས་སོ། འདི་ལ་དགོངས་ནས་སྐྱེས་ཆེན་འགའི། བླུན་པོའི་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་དང་། དགོངས་འདུས་ལས། བསམ་དུ་མེད་པར་མ་མཐོང་བར། །བསམ་དུ་མེད་པར་བློ་འཇོག་པ། །བྱིས་པ་དེ་ནི་བླུན་པོ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་། །ཞེས་པ་དག་ཀྱང་ཐུགས་ཤིན་ཏུ་མད་དེ། །རྫོགས་པ་ཆེན་པོའི་ལྟ་ཐོག་ནས་བསྒོམ་པ་ཚོལ་པ་འདི་ཟབ་པོ། །གཞན་དུ་ལྟ་བསྒོམ་སྤྱོད་པ་འཛོལ་བས་མི་འགྲུབ་པའང་། སྣང་གསལ་སྤུ་གྲིའི་རྒྱུད་ལས། དཔེར་ན་དོན་ཡོད་ལམ་ཞུགས་ན། །ཤར་ན་དོན་ཡོད་ནུབ་ལ་ཕྱིན། །ནུབ་ཀྱིས་ཤར་གྱི་དོན་མི་འགྲུབ། །ལམ་རྒྱུས་མི་ཤེས་འཁྲུལ་བ་འབྱུང་། །ཞེས་སོ། །ངོ་འཕྲོད་ནས་ལྟ་སྤྱོད་ཐམས་ཅད་དོན་དང་མཐུན་པས་དེ་ལ་ཕམ་པའི་ཉེར་སྤྱོད་དུ་འགྲོ་བ་སྟེ། ཡེ་ཤེས་གསལ་སྟོན་གྱི་རྒྱུད་ལས། །ཅི་བཞིན་པ་ཡི་ལྟ་བ་ལ། །དེ་བཞིན་པ་ཡི་བློ་བཞག་སྟེ། །དེ་ཡི་ངང་ལས་མ་ཡེངས་ན། །སངས་རྒྱས་ས་ལ་གནས་པ་ཡིན། །ཞེས་དང་། ན་རོ་པས། དེ་ལྟར་ལྟ་བ་མ་ནོར་ན། །བསྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་ཏེ་བྱང་ཆུབ་ཐོབ། །དཀྱུས་ས་བསྟན་པའི་རྟ་རྒྱུག་བཞིན། །ལྟ་བ་དངོས་དང་མ་མཐུན་ན། ། བསྒོམ་པ་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་ཐོབ་སྟེ། ། དམུས་ལོང་དམིགས་བུ་མེད་པ་བཞིན། །ཞེས་སོ། །དེ་ནས་དེ་ཉིད་བོག་འདོན་པའི་ཐབས་ནི་ཞེས་སྐབས་དོན་ངོས་བཟུང་པའོ། །
གཉིས་པ་ལ། ཆོས་ཟད་བློ་འདས་ཀྱི་དགོངས་པའི་ངང་སྐྱངས་ཐབས་ངོས་སྤྲད་པ། དུས་གསུམ་དུས་མེད་ཀྱི་དགོངས་པ་འཆར་ཚུལ་བཤད་པ། བསྒོམ་མེད་རང་བབས་ཀྱི་ངང་ལས་མི་འདའ་བར་གདམས་པའོ། །
དང་པོ་ལ་གསུམ་ལས། དང་པོ་སྤྱོད་པའི་དགོངས་པ་སྣང་བ་ཅེར་བཞག་གི་ཐབས་ཀྱིས་བསྐྱང་བ་ནི། རེས་དབུགས༴ བསྒོམ། འདི་ནི་རིག་པ་མ་ཟིན་པ་ཟིན་པར་བྱེད་པའི་གདམས་ངག་ཀྱང་ཡིན་པས། སྤྱིར་རྫོགས་ཆེན་པས་རྩ་རླུང་རང་དག་ལ་གཏོང་བས་དབུགས་བསྡམས་པ་མིན་ཀྱང་རེས་འགའ་སྟེ། དང་པོ་སེམས་བཟུང་བའི་ཐོག་ནས་ངོ་སྤྲད་དུས་དང་། བསྒོམ་དུས་ཡེངས་ན་དབུགས་སྡོམ་བཞིན་པའི་ངང་ལས་མིག་གཏད་པའི་འབེན་ཞེས་ཡུལ་དྲུག་དུ་སྣང་བ་ལ་ཅེ་རེ་གཏད་དེ་བལྟས་ན་ནང་རང་གསལ་རྗེན་པའི་རིག་སྟོང་ཁོང་ནས་ཤར་བའི་ངང་དུ་བཞག་པས་ཅེར་གྲོལ་དུ་དག་ནས་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པའང་། ཀློང་དྲུག་ལས། སྣང་བ་ཐམས་ཅད་ཐོག་བབས་སུ། །སྣང་སྐྱེན་རྒྱུད་ལ་མི་འཆར་བར། །ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། དབང་པོ་ལྔ་ཉིད་ཅེར་བཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཞེས་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་བཞག་རིག་པའི་ཐབས་ཆེན་པོ། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཉིད་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་དང་། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་སོ། །
གཉིས་པ། བསྒོམ་པའི་དགོངས་པ་རྒྱ་མཚོ་ཅོག་བཞག་གི་ཐབས་ཀྱིས་བསྐྱངས་པ་ནི། རེས་གཏད་མེད༴ ནས་ཤེས་ནས། ཞེས་མིག་བར་སྣང་ལ་གཏད་མེད་རྒྱ་ཡན་དུ་བཞག་ཅིང་། ཤེས་པ་རང་གནས་དྭངས་སངས་བྱེད་པ་རྒྱ༵་མཚོ༵་རླབས་ཀྱིས་མ་བསྐྱོད་པ་ལྟ་བུར་གློད་ལ་ཅོ༵ག་གི་བཞ༵ག་པས་བྱིང་རྒོད་ངང་གིས་ཞི། སྣང་སེམས་ར༵ང་རྒྱས་ཐེབ༵། །གཟུང་འཛིན་ར༵ང་སར་གྲོལ༵་བའོ། །འདི་ནི་སེམས་གནས་པའི་ཐོག་ནས་ངོ་སྤྲད་པ་སྟེ། དེ་དག་ཀྱང་ཡི་གེ་མེད་པ་ལས། སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་ཀློང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་དང་། ཀློང་དྲུག་པ་ལས། རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི། །སུ་ཞིག་བསྒོམ་པར་འདོད་པའི་མིའི། །མི་འགྱུར་བ་ཡི་གནད་གཟིར་ཏེ། །ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་དཀྱིལ་དུ་འཕང་། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱི། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། ། འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་བསྒོམ་པ། ། ཉིན་དུས་སྣང་བ་རྒྱ་ཡིས་ཐེབས། །ཅེས་སོ། །འདི་ལ་དགོངས་ཏེ། ཡེ་ཤེས་མཁའ་མཉམ་ལས། འདུས་མ་བྱས་ཀྱི་ནམ་མཁའ་ལ། །རང་གི་ཚད་དང་ལྡན་པ་ལ། །སེམས་ནི་དྲག་ཏུ་གཏད་པར་བྱ། །དཔེར་ན་གྱི་ལིང་རྟ་འདུལ་བཞིན། །ཞེས་སོགས་གསུངས་སོ། །དེ་ལྟར་བཞག་ཐབས་གཉིས་ཀྱིས་བསླབས་ལ། དང་པོ་ལྟ་བ་ངོ་སྤྲོད་དུས་ཡིན་ན་སེམས་བཟུང་སྟེའི་དེའི་དུས་སུ་རྩེ་གཅིག་ཏུ་གནས་ཆ་དེ་ཞི་གནས་ཡིན་ལ། དེའི་གཤིས་ཀྱི་རིག་སྟོང་རྗེན་ཤར་རེ་བ་དེ་ཆོས་སྐུར་ངོས་སྤྲད་པ་དང་། རང་དག་ལ་སོང་དུས་ཧད་དེ་བ་དེ་ཉམས་ཡིན་ལ། དེའི་ཐོག་གི་རིག་གེ་རྗེན་ནེ་བ་དེ་ཆོས་སྐུར་ངོ་སྤྲད་དོ། །བསྒོམ་དུས་ཡིན་ན་ཐབས་དེ་གཉིས་ལས་འོད་གསལ་ཆོས་སྐུ་འཆར་མི་འཆར་ཁྱད་པར་འདུག་གམ་མི་འདུག་པ་ལྟར་ཡང་གཞུག ། ཁྱད་པར་འདུག་ན་གང་གསལ་བ་དང་གང་མི་གསལ་བར་འདུག་དྲིས་པས། གང་ཟག་གི་དབང་པོའི་བྱེ་བྲག་ལས་ངོ་སྤྲོད་དང་སྐྱོངས་ཐབས་གང་རང་ལ་སྨན་པ་དེའི་ཐོག་མར་ལྟ་བ་ངོས་བཟུང་བ་དང་། དེ་ནས་བསྒོམ་པའི་ཉམས་བསྐྱང་དགོས་པ་ཡིན་ལ། དེ་ལྟར་བསྐྱང་བའི་མཐར་ཆོས་སྐུ་གསལ་མི་གསལ་ལ་བཟང་ངན་མེད་པར་ངོ་ཤེས་པར་འགྱུར་ཏེ། ཅིའི་ཕྱིར་ན་ཅོག་བཞག་བཞིའང་། ཁྲེགས་ཆོད་རང་སྣང་གི་བློ་ཅན། ས་ལམ་ཐོད་རྒལ་བ་དང་། ཅིག་ཆར་བ་མ་ཡིན་པ་ལ་མཐར་ཆགས་སུ་སྐྱེས་པའི་ཕྱིར་དང་། ལྟ་ཡུལ་འོད་གསལ་གྱི་ངོས་ནས་ཁྱད་མེད་པའི་ཕྱིར་རོ། །དེས་ན་དེ་ལྟར་ལྟ་བས་ཤེས། བསྒོམ་པས་གོམས་ནས། རིག་པ་ཅོག་བཞག་དང་དེ་རབ་ཏུ་བརྟན་པ་རི་བོ་ཅོག་བཞག་གི་དགོངས་པའང་འབྲེལ་མར་སྐྱེའོ། །
གསུམ་པ་འབྲས་བུ་དགོངས་པ་རིག་པ་ཅོག་བཞག་ནི། ད་ལྟར་གྱི༴ ནས། འཆར་ཏེ། བཞི་ཆ་གསུམ་བྲལ་མཉམ་ཉིད་ད་ལྟར་གྱི་རིག་པ་ཆེད་རྩོལ་གྱི་གཏད་འཛིན་མེད་པ། དངོས་མཚན་བྲལ་ཞིང་རིག་ངར་དང་ལྡན་པའི་སྟོང་སེང་ངེ་བ། གཟུང་འཛིན་གར་སོང་རྗེས་མེད་དུ་དེངས་ནས་ངོ་བོའི་གཏིང་འཆིང་བ་ལས་མ་བཀྲོལ་བཞིན་ཆོས་ཉིད་ལ་འཆིངས་གྲོལ་མེད་པའི་གནད་ཀྱིས་ཁྲོལ་ལེ། འབྲས་བུ་རང་གནས་ཆེན་པོའི་རིག་པ་སེམས་ཀྱི་སྒྲིབ་གཡོག་དང་བྲལ་བས་ཟླ་བྲལ་དུ་རང་རྐྱང་ངེ་བ། ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། རིག་པ་རང་གནས་དེའི་ངང་དུ་ཅོག་གིས་བཞག་པས་ཏིང་ངེ་འཛིན་གྱི་རྩལ་སྣང་གློ་བུར་བ་ཐམས་ཅད་རིག་སྟོང་ཉག་གཅིག་གི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གྲོལ་བར་འགྱུར་རོ། །དེ་ཡང་ཡི་གེ་མེད་པ་ལས། ང་ཉིད་རིག་པ་རང་སྣང་བས། །རིག་པའི་ཡེ་ཤེས་ཁྱབ་བརྡལ་བས། །སྣང་བ་ཆེན་པོ་རབ་ཏུ་གསལ་བ་ཆེ། །གསལ་བའི་རིག་པ་ང་ཡི་སྐུ་ལྟར་སྣང་། །བློ་ཡི་བྱེ་བྲག་བརྗོད་འདས་ཤིང་། །ཆོས་ཀྱི་སྐུ་ལ་བསམ་པ་མེད། །ཡེ་ཤེས་སྐུ་གཅིག་ཀུན་ཏུ་གསལ་བར་སྟོན། །ཞེས་དང་། སྣང་བ་ཅིག་ཆོད་དགོངས་པ་ནི། །རིག་པ་ཉིད་ཀྱི་བཞག་ཐབས་བཙལ། ། ཞེས་དང་། ཇི་སྐད་དུ། གསང་སྔགས་རིག་པ་ཅོག་བཞག་ནི། །ལྟ་བསྒོམ་སྤྱོད་པའི་མདོ་མདུད་ཡིན། །ཞེས་སོ། །དེ་དག་ཀྱང་རིན་ཆེན་སྒྲོན་མེ་རྩ་བའི་རྒྱུད་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་བྱ། །ཞེས་དང་། རྩལ་རྫོགས་ལས། རང་རིག་ཆོས་སྐུའི་སྣང་བ་ཉིད། །བལྟས་པས་མཐོང་བར་མི་འགྱུར་ཏེ། །ཅོག་བཞག་རྣམ་པ་གསུམ་ལ་ཐུག །ཞེས་སོ། །
གཉིས་པ་དུས་གསུམ་དུས་མེད་ཀྱི་དགོངས་པའི་འཆར་ཚུལ་བཤད་པ་ལ། ལྟ་བའི་ཐབས་རི་བོ་ཅོག་བཞག་འབྱུང་ཚུལ་དང་། དགོངས་པ་དངོས་ཀྱི་དོན་འཆར་ཚུལ་འབོད་སྐད་གདམས་པ་དང་བཅས་པའོ། །
དང་པོ་ནི། དེ་ལ༴ ནས། ཕྱིན་ཏེ་ཞེས། བཞག་ཐབས་དེ་དག་ལ་བརྟན་པ་ཐོབ་ནས་རི་བོ་ཅོག་བཞག་དགོངས་ཀློང་དང་བཅས་པ་ངང་གིས་འབྱུང་སྟེ། དེ་ཡང་འཁོར་འདས་ཀུན་གྱི་གཞི་ནི་བདེ་གཤེགས་སྙིང་པོ་ཉིད་ཡིན་པས། ཇི་སྐད་དུ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ལགས། །ཞེས་སོ། །དེ་ཡང་རང་གི་སེམས་ཀྱི་གནས་ལུགས་ཉེ་བར་ཐོབ་པའི་མཐའི་འོད་གསལ་ཉིད་ལས་གཞན་དུ་མ་གྲུབ་པས། རྒྱུད་དག་ལས། ཨེ་མ་ཧོ། བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །ཞེས་སོ། ། དེ་ནི་རྩལ་དང་རོལ་བ་ཀུན་གྱི་བསྐྱེད་པའི་མ་ལྟ་བུ་ཡིན་ལ། ཕྱིར་རྟོག་པ་ཐམས་ཅད་བུའི་འོད་གསལ་ཡིན་ཏེ། གཞི་གནས་ཀྱི་རྩལ་ལས་མ་འདས་པའི་ཕྱིར་རོ། །ཁྱད་པར་བླ་མས་ངོ་སྤྲད་པའི་ལམ་གྱི་འོད་གསལ་ནི་བུའི་འོད་གསལ་མཚན་ཉིད་པ་ཡིན་ཏེ། གནས་ཚུལ་ལ་བློ་ཡང་དག་པར་ཞུགས་པའི་ཕྱིར་དང་། དེ་ཉིད་ཅི་རིགས་སུ་ཤར་བ་ཡིན་བའི་ཕྱིར་འཁྲུལ་པའི་ཀུན་རྟོག་མ་ཡིན་པ་དང་། རླུང་སེམས་ཀྱིས་བསླད་པ་མཐའ་དག་དང་མ་བྲལ་བའི་དོན་གྱི་འོད་གསལ་ཡང་དག་པའང་མིན་པས་སོ། །དེ་ཉིད་གཡོ་བྱེད་ཀྱི་ལས་རླུང་འཆར་གཞི་མའི་འབྱུང་བ་ཆེན་པོ་རླུང་གཡོ་བ་མེད་པ་སོགས་ལ་རིམ་གྱིས་ཐིམ་པས། ལམ་གྱི་འོད་གསལ་ཅེ་དག་ཏུ་སོང་ནས། གཞི་ཇི་བཞིན་མཐོང་རིམ་གྱིས་སྔ་མ་སྔ་མ་ལ་ལྟོས་ནས། ཕྱི་མ་ཕྱི་མ་ལ་འོད་གསལ་མ་བུ་འདྲེས་པ་དང་། ཀུན་གཞི་མ་ཐོག་ཏུ་ཕྱིན་པ་ཞེས་བྱའོ། །འོན་ཀྱང་མ་བུ་སོ་སོ་བ་དང་། ཕྱིན་པ་ཕྱིན་བྱེད་ཕྱིན་རྒྱུ་སོ་སོར་ཡོད་པ་འདྲེས་པ་ནི་མིན་ཏེ། སེམས་ཀྱི་གནས་ལུགས་ཀྱི་ཐོག་ཏུ་ཅེ་ཉེའམ། གནས་ལུགས་མཐོང་བ་ཇེ་བཟང་ལ་དེ་སྐད་ཅེས་བྱའོ། །མ་ཐོག་ཏུ་ཕྱིན་པ་ནི། འཆི་སྲིད་ཀྱི་དུས་སུ་ཤར་བ་དང་། མཐར་ཕྱིན་འབྲས་དུས་ཀྱི་ཡེ་ཤེས་ཉིད་ཡིན་ལ། འཆི་སྲིད་ན་ཡང་མ་རིག་པ་མ་སྤང་ལ་མི་ལྡན་པའི་ཚུལ་དུ་ཡོད་པས་ད་དུང་དངོས་མ་རྫོགས་པ་ལ། འདིར་མིང་བཏགས་ཚུལ་གྱི་རྐྱེན་སྣང་གང་གིས་ཀྱང་དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེངས་ཐོབ་ཅིང་། །རྐྱེན་སྣང་དེ་ཉིད་དགོངས་པ་དེར་ཤར་བས་ན་རི་བོ་ཅོག་བཞག་གི་དགོངས་པ་ཐོབ་པའོ། །ཡི་གེ་མེད་པའི་རྒྱུད་ལས། རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །
གཉིས་པ་ནི། འཁོར་འདས༴ ནས། འགྲོ་བ་ཞེས་བར་གྱི། དེ་ནི་འཁོར་འདས་གང་གིས་རྒྱ་དང་ཕྱོགས་སུ་མ་ཆད་ཅིང་སྣང་བ་གཉིས་དང་བྲལ་བའི་ཀ་དག་གི་རིག་པ་ཞེས་བྱ་སྟེ། རབ་འབྱམས་ལས། སྤྲོས་བྲལ་ཡེ་ཤེས་ཀ་དག་ནི། ངོ་བོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་མེད། །བརྗོད་པས་གཏན་ལ་དབབ་དུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་དང་བྲལ། །གཟུང་འཛིན་འགྱུ་བའི་རྣམ་རྟོག་མེད། སངས་རྒྱས་སེམས་ཅན་ཡེ་མ་གྲུབ། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མེད་ཇི་མེད་ཅི་ཡང་མེད། །ཅེས་སོ། །རྒྱུ་ཚོགས་གཉིས་ཀྱི་བྱེད་རྩོལ་འདུས་བྱས་པས་མ་བསྐྱེད་ཅིང་། རྐྱེན་གྱི་རྣམ་པ་གང་གིས་ཀྱང་མི་འཇིག་པའི་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། རྨད་བྱུང་དོན་གྱི་སྙིང་པོ་ལས། རྒྱུ་ལས་མ་བྱུང་འབྲས་བུ་རྙེད། །ཅེས་དང་། ཐལ་འགྱུར་ལས། རྒྱུ་ཡིས་མ་བསྐྱེད་འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླང་ཏེ། ། ཞེས་སོ། ། འདས་པའི་རྗེས་མ་བཅད། མ་འོང་པའི་མདུན་མ་བསུས། ད་ལྟའི་ཤེས་པ་རྐྱེན་དབང་དུ་མ་གྱུར་བས། དུས་གསུམ་དུས་མེད་མཉམ་པ་ཉིད། སྐྱེ་འགགས་རྟག་ཆད། འགྲོ་འོང་། གཅིག་ཐ་དད་ཀྱི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཆོས་དབྱིངས་ནི། རང་བཞིན་རྣམ་པར་དག་པའི་སངས་རྒྱས་བདེ་གཤེགས་སྙིང་པོའི་རང་སོའི་གནས་ལུགས་བྱ་རྩོལ་མ་དགོས་པར་ལྷུན་གྱིས་གྲུབ་པ་དེ་ལ། བློའི་བཟོ་བཅོས་མེད་པ། ཆེད་དུ་དོན་གཉེར་གྱིས་བྱ་རྩོལ་མེད་པ། ཆོས་རྣམས་ཀྱི་གཤིས་ལུགས། བེམ་ཤེས་རྟག་ཆད་ཡོད་མེད་ཅིའི་ངོ་བོར་ཡང་གྲུབ་པ་མ་ཡིན་ལ། སྟོང་ཉིད་ཀྱི་རང་གདངས་རིས་མེད་ཀྱི་སྣང་བ་མ་འགགས་པར་མཁྱེན་བཞིན་གཟུང་འཛིན་མེད་པ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ་ཉག་གཅིག་ཏུ་རྒྱུན་དུ་འགྲོ་བ་ནི་དུས་གསུམ་མཉམ་ཉིད་ཀྱི་དགོངས་པ་ཤར་བ་ཞེས་བྱའོ། །དེ་ཡང་དང་པོ་འདིའི་ངང་ལ་བཞག་པའི་ཐབས་ནི་བཅུ་པོ་འདི་དག་ཡིན་ལ། དེའི་རང་བཞིན་བར་མེད་ཀྱི་བསམ་གཏན་རྒྱུད་ལ་ཤར་བ་ནི་དགོངས་པ་ཐོབ་པ་དངོས་སོ། །འདི་ཡང་རིན་པོ་ཆེ་སྤུངས་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་རྒྱུན་མ་བླང་། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས། གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། །དུས་གསུམ་མཉམ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །ཞེས་དང་དྲན་པ་རང་ཟད་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བར་བྱ་སྟེ། འདས་པའི་དྲན་པ་རྣམས་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་རྣམས་རང་སར་གཏང་བ་ནི། དུས་གསུམ་མཉམ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་བྱའོ། །ཞེས་དང་། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་བ་ཆེན་པོ་ཞེས་བྱའོ། ། ཞེས་སོགས་སོ། །
གསུམ་པ་ནི། དེ་ལ༴ ནས། དགོས་སོ་སྟེ། ཆོས་ཉིད་ཡིད་དཔྱོད་ལས་འདས་པར་མངོན་སུམ་དུ་མཐོང་བའི་རྟོགས་པ་ཞེས་བྱ། བསྒོམ་པ་ཀློང་དུ་གྱུར་ནས་རྐྱེན་དབང་དུ་མི་འགྱུར་བའི་གོམས་པ་ཞེས་བྱ། ལྟ་བ་ཡོངས་སུ་རྫོགས་པའི་མཐར་ཕྱིན་པ་ཞེས་བྱ། ཡུལ་ལུས་སེམས་ཀྱི་འཆིངས་པ་ཀུན་ལས་གྲོལ་བ་ཞེས་བྱ་སྟེ། །ཀུན་གསལ་ལས། ཀྱེ་གསང་བདག་ངེས་པར་ཟུང་། །དགོངས་པ་ཞེས་པ་གར་བྱུང་དང་། །བསྒོམ་པ་བསམ་གཏན་ཏིང་འཛིན་དང་། །མ་ཡེངས་མ་འཕྲོས་འབྲལ་བ་མེད། །གནས་དང་གོམས་དང་འདྲེས་པའི་ངང་། །དེ་རྣམས་གར་བྱུང་འབོད་སྐད་བསྡེབ་ལ་བཤད། །ཅེས་དང་། ཡེ་ནས་འདུ་འབྲལ་མེད་པ་དང་། །བྱ་བཙལ་རྣམས་ལས་འདས་པ་དང་། །ལམ་ལ་བསྒྲོད་དུ་མེད་པ་དང་། །རྟོགས་པ་མངོན་གྱུར་སངས་རྒྱས་དང་། །རང་བྱུང་ཡེ་ཤེས་ཆེན་པོ་དང་། །ལྷུན་གྲུབ་ཡེ་སངས་རྒྱས་པ་དང་། །ཡིད་ལ་བྱ་རུ་མེད་པ་དང་། །དམིགས་དང་ཡུལ་དང་བྲལ་བ་དང་། །བསྒོམ་མེད་དོན་ལ་བློ་བཞག །ཅེས་པ་དང་། བསྒོམ་དུ་མེད་པའི་ཚིག་ཐམས་ཅད་ནི། ། འབོད་སྐད་ཀྱིས་བསྡེབས་ལ། །ངས་འདིར་བསྟན་པ་བཞིན་དུ་ཤེས་པར་གྱིས་ཤིག །ཅེས་སོ། །དུས་དང་རྣམ་པ་ཐམས་ཅད་དུ་བསྒོམ་དུ་མེད་ལ། ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ཐ་མལ་གྱི་ཤེས་པ་འདི་ལས་མི་འདའ་བ་ཞིག་དགོས་སོ། །རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ངེས་པའི་དོན་གྱིས་གདེངས་རྙེད་པས། །བསྒོམ་དུ་མེད་ཕྱིར་ཡེངས་བ་མེད། །ཅེས་དང་། ཀུན་གསལ་ལས། གཤིས་ལ་བསྒོམ་དུ་མེད་པ་དང་། །རྟོགས་པས་བསྒོམ་དུ་མེད་པའོ། །ཞེས་གསུངས་པས། འདི་ནི་རྟོག་པས་བསྒོམ་དུ་མེད་པའོ། །
གསུམ་པ་སྐབས་དོན་གྱི་འཇུག་སྡུད་པ་ནི། དེ་ནི་གཞི༴ རྒྱ་རྒྱ་རྒྱའི་བར་གྱི། དེ་ལྟར་གཞི་ཁྲེགས་ཆོད་ཀྱིས་སྣང་བ་སེམས་སུ་ངོ་སྤྲད་པས་ཆོས་བདག་གི་ཕྱེད་དང་། འཛིན་པ་རང་གྲོལ་དུ་ངོ་སྤྲད་པས་གང་ཟག་གི་བདག་དང་དེ་གཉིས་ཀྱི་ཞོར་ལ། སེམས་རང་བཞིན་མེད་པར་གཏན་ལ་ཕབས་པས་ཆོས་བདག་གི་ཕྱེད་པོ་སྟེ། བདག་མེད་གཉིས་ཚུལ་བཞིན་དུ་རྟོགས་པས་ཉན་རང་དང་དབུ་སེམས་ཀྱི་ལྟ་བ་ལྷག་ལུས་མེད་པར་ཁོང་དུ་ཆུད་པ་ཡིན་ལ། དེ་དང་བསྒྲགས་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་འོད་གསལ་གནད་ཀྱི་ངོ་སྤྲོད་པ་དང་། གསང་བ་ཕྱི་ནང་གཉིས་མེད་དུ་ལྟ་བསྒོམ་སྤྱོད་པའི་ཐབས་ཀྱི་ཐོག་ཏུ་འོད་གསལ་ངོ་སྤྲད་པ་དང་། དེ་རྣལ་འབྱོར་དུ་བྱ་ཚུལ་ངོ་སྤྲད་པས། རང་བྱུང་གི་ཡེ་ཤེས་གཅིག་ངོ་ཤེས་པས། གཟུང་འཛིན་གྱི་འཆིངས་བ་དང་། ཉོན་མོངས་རྣམ་རྟོག་ཀུན་གྲོལ་བར་འགྱུར་བ་སྟེ། །སྒྲོན་མ་བརྩེགས་པའི་རྒྱུད་ལས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཆོས་གཅིག་བྱ་བའི་རང་བཞིན་ནི། །གཞི་ཡི་ཀློང་ལས་མ་གཡོས་ཀྱང་། །རྩལ་ཟེར་ཤེས་རིག་གཅིག་ཅེས་བརྗོད། །རིན་ཆེན་གསལ་དྭངས་ངང་དྭངས་ཏེ། ། ཡོད་པ་མ་ཡིན་དངོས་པོ་མེད། །མེད་པ་མ་ཡིན་གསལ་ཞིང་རིག ། དངོས་མེད་ཡེ་ཤེས་ཟང་ཀ་མ། །མི་སྣང་གསལ་བའི་རང་བཞིན་ཅན། ། དེ་ཀ་ཉིད་ལས་གྲོལ་ཞེས་བྱ། །དེས་ན་གཅིག་ཤེས་ཀུན་གྲོལ་ལོ། །ཞེས་སོ། །དེ་དག་གིས་དབང་པོ་ཡང་རབ་རྣམས་བསྒོམ་པར་སངས་རྒྱས་པའི་གཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པར་བསྟན་པའོ། །ཁོག་བཅིངས་ངོ་སྤྲོད་དྲུག་གི་ཚུལ་གོང་དུ་བཤད་པ་དེ་དག་ཀྱང་། ཐལ་འགྱུར་ལས། སེམས་ནི་བཟུང་དང་གནས་པ་དང་། །རྩ་བ་བཅད་དང་དངོས་པོ་དེད། །ཡུལ་དང་ཤེས་པའི་བར་ནས་དང་། ། ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད། ངོ་བོ་ཉིད་མེད་པ་རྒྱུ་གཅིག་བྱང་ཆུབ་ཀྱི་སེམས། སྤྲོས་པའི་མཐའ་ཀུན་དང་བྲལ་བའི་ཕྱལ་བ་ཆེན་པོ། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་ཡང་དག་པར་རྟོགས་ནས་ཉམས་སུ་བླང་ན། འབྲས་བུ་རྩོལ་མེད་ཡོངས་གྲུབ་ཏུ་འབྱུང་བའི་བསྒྲུབ་པའི་དམ་ཚིག་གི་མཆོག་གོ་ཞེས་པའི་ཐ་ཚིག་དང་། རྒྱ་གསུམ་ནི་སྔར་ལྟར་རོ། །
སྤྱི་དོན་གཉིས་པ་ལམ་རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་ཆེན་པོའི་གནས་བསྟན་པ་ལ། ཚིག་གིས་མཚམས་སྦྱར་བའི་ཤུགས་ཀྱིས་ཁྲེགས་ཆོད་ལས་ཁྱད་པར་འཕགས་ཚུལ་བཤད་པ་དང་། ཁྱད་པར་ཅན་གྱི་རྫོགས་ཆེན་ཉིད་བཤད་པ། །སྐབས་ཀྱི་མཇུག་སྡུད་པའོ། །་དང་པོ་ནི། གཉིས་པ༴ ནས། ནི། འདི་ལ་རྡོ་རྗེའི་གནས་གསུམ་དུ་ཡོད་པ་ལས་གཉིས་པ་རིག་པ་རང་སྣང་གི་བློ་ཅན་ལ་འབད་བཅས་རང་གྲོལ་དུ་བསྟན་པ་ཐོད་རྒལ་གྱིས་གདམས་པ་འདི་ནི་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་པ་སྟེ། ཁྲེགས་ཆོད་ཀྱི་ལམ་དུ་ཆོས་ཉིད་ཡིད་དཔྱོད་ལ་ལུས་ནས་བལྟར་མེད་པ་ལ། འདིར་སྐུ་གསུམ་ལ༵མ་སྣང་དུ་མངོ༵ན་སུམ༵་པར་མཐོང་བས་འཕགས་༡པའང་། ཐལ་འགྱུར་ལས། སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཞེས་དང་། ཅིག་ཆོད་ཀུན་གྲོལ་ལས། འདི་ཉིད་མཐོང་བ་ཙམ་གྱིས་གྲོལ་བར་འགྱུར། ཞེས་སོ། །ཡང་ཁྲེགས་ཆོད་རྟོག་ཚོགས་རང་གྲོལ་དུ་ལྟ་བའི་གདེངས་ཉམས་ལ་ལྟོས་འཆའ་ཡང་། སྐད་ཅིག་གིས་འཁྲུལ་འཛིན་དང་འཁྲུལ་སྣང་བཙན་ཐབས་སུ་གྲོལ་མི་ནུས་ལ། ཐོད་རྒལ་གྱིས་འཁྲུལ་སྣང་དག་སྣང་གིས་སྐད་ཅིག་ལ་བསྒྲིབ་སྟེ། འཁྲུལ་འཛིན་ཤེས་རབ་ཏུ་གྲོལ་བའི་ཁྱད་པར་༢ཀྱང་། ཐལ་འགྱུར་ལས། འབད་བཅས་རྣམས་ནི་རང་གྲོལ་ཏེ། །སྣང་བ་གོམས་པའི་ཚད་ཉིད་ཀྱིས། །ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །རྐྱེན་དེའི་སྐྱེ་བ་མ་ཡིན་ནོ། ། ཞེས་སོ། །ཡང་ཁྲེགས་ཆོད་ལས་འོད་གསལ་མངོན་སུམ་སྣང་བའི་གནད་ལ་རྨོངས་པ་ལས་འདིར་གནད་ཁྱད་པར་ཅན་གྱིས་འཕགས་པ༣སྟེ། སྒྲོན་མ་སྣང་བྱེད་ལས། གཞན་ལྟ་སྤྱོད་པའི་རྣལ་འབྱོར་བས། ། འདི་ཉིད་མ་བསྟན་བར་དུ་ནི། །ཇི་ལྟར་བརྟགས་ཀྱང་མཐོང་བ་མེད། ། དམ་པའི་གདམས་ངག་འདི་བསྟན་ན། །བ་རྣམས་ལུས་ལ་འོ་མས་ཁྱབ། །མཁས་པས་ནུ་མའི་འཐེན་པ་ན། །འོ་མ་དག་ནི་འབྱུང་བ་བཞིན། །མངོན་སུམ་གསལ་ཏེ་ལུས་གནད་ཀྱང་། །རྟག་ཏུ་གོམས་དང་ཁྱད་མེད་མཐོང་། །ཞེས་སོ། །ཁྲེགས་ཆོད་རགས་པའི་རྩ་རླུང་ལ་བརྟེན་པས་གེགས་དང་གོལ་ས་ཆེ་ཞིང་། འདིར་དྭངས་མའི་རྩ་རླུང་ལ་བརྟེན་པས་གེགས་དང་གོལ་ས་དང་། ན་སོ་ལ་རྒན་གཞོན་མེད་པའི་ཁྱད་པར་༤ཀྱང་། ཅིག་ཆོད་ཀུན་གྲོལ་ལས། ཐེག་པ་གཞན་རྣམས་གཞོན་དུས་བསྒོམ་པ་ལས། །རྒས་ནས་མི་ནུས་བསྒོམ་པ་མི་འོང་ཟེར། །འདི་ལ་ན་སོ་དག་ལ་རྒན་གཞོན་མེད། །ཅེས་སོ། །ཡང་ཁྲེགས་ཆོད་ཀྱི་མ་དག་པའི་སྒོའི་མཐོང་བ་ལས་དྭངས་ཚོལ་ཙམ་དུ་ཟད་ཀྱང་འདིར་དག་པའི་རྒྱངས་ཞག་གིས་གནས་འགྱུར་ཁྱད་པར་ཅན་གྱིས་གཟུང་འཛིན་རང་སར་ཞི་བས་ཁྱད་པར་༥ཏེ། ཐལ་འགྱུར་ལས། ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་འགྱུ་བའི་དྲན་པ་འགགས། །བྱ་ལམ་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། ། གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་བར་སྣང་བའི་རྒྱུ་རྐྱེན་ཟད། ། ཅེས་སོ། །ཡང་ཁྲེགས་ཆོད་དུ་ཤེས་པའི་གཅོད་ཁམས་བརྟན་དུ་འགྲོ་བ་ཙམ་ལས་མེད་པ་ལ། འདིར་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་ཤེས་ཉམས་དང་། སྣང་ཉམས་འོད་དང་ལྷ་སྐུའི་ཉམས་གོང་འཕེལ་ཀྱི་ཁྱད་པར་༦ཀྱང་། ཐལ་འགྱུར་ལས། ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །ཞེས་སོ། །ཡང་རྟོག་དཔྱོད་ཤེས་རབ་ཀྱི་དབང་པོ་ལ་ལྟོས་དགོས་ཕན་ཆད་རྣོ་རྟུལ་གྱི་ཁྱད་པར་ཆེ་ལ་འདིར་མངོན་སུམ་གྱི་དབང་པོའི་མཐོང་བ་ལ་ནི་རྣོ་རྟུལ་མེད་༧དེ། མདུན་གྱི་ཀ་བ་མཐོང་བ་ལ་དབང་པོ་རྣོ་རྟུལ་མེད་པ་ལྟ་བུ་སྟེ། ཐལ་འགྱུར་ལས། དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཤེས་རབ་མ་ཡིན་དབང་པོའི་མཐོང་། །ཞེས་དང་། ཀུན་གྲོལ་ལས། འདི་ལ་དབང་པོ་དག་ལ་རྣོ་རྟུལ་མེད། །ཅེས་སོ། །དེ་ལྟར་ཁྱད་དུ་འཕགས་པའི་རྫོགས་པ་ཆེན་པོ་ནི་ཞེའོ། །
གཉིས་པ་ལ་ཐུན་གྱི་སྔོན་འགྲོ་དང་། དངོས་གཞི་ཉམས་ལེན་རྟགས་ཚད་དང་བཅས་པའོ། །དང་པོ་ནི། དེ་ནས༴ ནས། བཏབས་ཏེ། ཞེས། བྱ་བ་དགུ་སྤྲུགས་སུ་བཏང་ནས་རྣལ་དུ་ཕབས་ཅིང་། ཁྱད་པར་འོད་གསལ་བསྒོམ་པའི་གནས་ནི། འདུ་འཛི་སོགས་བཟང་ངན་གྱི་རྐྱེན་དང་བྲལ་བས་མཐོ་ཞིང་དྭངས་བ། ཉི་ཟླ་འཆར་སྔ་ཟེར་ཕྱི་བ་དང་། དབང་པོ་སྐྱོན་བྲལ་ཆུའི་སྒྲོན་མ། ཡུལ་རྐྱེན་བྲལ་ནམ་མཁའ་སྤྲིན་བྲལ་གསུམ་ལ་འོད་གསལ་འཆར་བརྡོ་བའི་ཕྱིར། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་སྣང་བར་འགྱུར། །ཞེས་སོ། །དེར་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཕྱིར་གསོལ་བ་ཕུར་ཚུགས་བཏབས་ཏེ། དབྱིངས་བཞུགས་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲངས་ནས་འོད་རྩའི་ལམ་ནས་ཞུགས་ཤིང་གཞིའི་དབྱིངས་རིག་ལ་ཐིམ་པས། རིག་མངོན་པར་སད་རུང་དུ་བྱིན་གྱིས་བརླབས་པར་མོས་ལ།
གཉིས་པ་ལ། སྒོ་གསུམ་རྡོ་རྗེ་གསུམ་གྱི་ཆིངས་སུ་བཅིངས་པ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོའི་གཟིར་བ། ས་ལམ་སྦུབས་རྫོགས་ཀྱི་སྣང་བའི་རྟགས་ཚད་ངེས་པ། རྒྱབ་ཆོས་མཐའ་བརྟེན་གྱི་དགོངས་ཀློང་སྐྱོངས་ཚུལ་དང་བཞི་སྟེ། དཔལ་རི་བོ་བརྩེགས་པ་ལས། མངོན་སུམ་གནད་ལ་གོམས་འདོད་པས། །གནད་ནི་བཞི་ཡིས་ལྡེ་ཁ་བསྒྱུར། །ཞེས་སོ། །འདིར་དེ་ལས་ཕྱི་མ་ཉིད་སྔ་ཕྱིའི་ས་བཅད་གཞན་གྱི་ཁུང་ནས་ཤུགས་ཀྱིས་ཚང་པས་གསུམ་དུ་རྣམ་པར་བཞག་གོ །
དང་པོ་ལ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་དང་བརྟན་པའོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཞེས་གསུམ་ལས། དང་པོ་ལ། ལུས་ཀྱི་གནད་བཞུགས་སྟངས་སོ་སོའི་ཡོན་ཏན་དང་བཅས་པ། སྤྱིའི་ཡོན་ཏན། མ་གཟིར་བའི་སྐྱོན། གཟིར་བར་གདམས་པའོ། །
དང་པོ་ལ་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ཚུལ་དུ་གནས་པར་བྱ། །ཞེས་དང། སངས་རྒྱས་སྲས་གཅིག་གི་རྒྱུད་ལས་ཀྱང་། ལུས་ནི་སེང་གེ་ལྟ་བུ་དང་། དྲང་སྲོང་དང་ནི་གླང་ཆེན་ཚུལ། །ཞེས་གསུངས་པས། དང་པོ་ལ། སྒྲ་བཤད་པ། ལུས་གནད་དངོས། ཡོན་ཏན་དང་། གང་ལ་བསྔགས་པ་བཞི་ལས།
དང་པོ་ནི། ཆོས་སྐུའི༴ ནས། ནི་ཞེས། དབྱིངས་རིག་དབྱེར་མེད་ཆོས་སྐུའི་དགོངས་པ་འཆར་བའི་ཐབས་ཡིན་པའི་ཕྱིར་དང་། དཔེ་སེང་གེ་ཁྱི་ཚུགས་མོ་ལྟ་བུའི་དབྱིབས་ཀྱིས་མཚོན། དོན་སེང་གེ་རྩལ་གསུམ་རྫོགས་པས་གཡང་ས་གཅོད་པ་དང་། སྡེར་ཆགས་གང་ལའང་མི་འཇིགས་པ་བཞིན་དགོངས་པའི་རྩལ་གསུམ་རྫོགས་པས་ཐེག་དམན་གྱི་གཡང་ས་ཆོད་ཅིང་འཁོར་བས་མི་འཇིགས་པར་བྱེད་པ་དང་དེ་ཉིད་མཚོན་པའོ། །ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡི། །འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། །ཞེས་སོ། །
གཉིས་པ་ནི། ལུས་འགྱིང་༴ བྱའོ། །ཞེས་པའི་བར་གྱིས། ལག་པའི་སོར་མོ་བསྐུམ་པའི་ནང་ངོས་རྐང་པའི་ཕྱི་ནང་གང་བདེར་ས་ལ་བཙུགས། ཤུགས་མཇིང་བ་ལ་བསྐུར་ཞེས་མགོ་རྩལ་ལྟག་པར་དགྱེ་ནས་སྐེ་ལ་བཅར་ཡང་གསུངས་སོ། །གཞན་ནི་གོ་སླའོ། །དེ་དང་བསྒྲགས་ཏེ་ཆོས་ཉིད་ཇི་ལྟ་བ་གཟིགས་པའི་སྤྱན་ཡོད་པས་གཞི་ལ་གཟིགས་པའི་མཚོན་བྱེད་དམ་དོན་དབྱིངས་རིག་དབྱེར་མེད་ཀྱི་ངང་དང་མི་འབྲལ་བའི་ཕྱིར་སྟེང་གི་ནམ་མཁར་གཏད་པར་བྱ་སྟེ། ཀློང་གསལ་ལས། དང་པོ་ཆོས་སྐུའི་འཁྲུལ་འཁོར་ནི། །སེང་གེ་ཁྱི་ཚུགས་འདུག་པ་ལྟར། །ཡན་ལག་མཐིལ་བཞི་ས་ལ་བཙུག །སྒལ་བ་བསྲིང་ལ་དཔུང་གཉིས་བརྒྱང་། །མཇིང་བའི་ལྗིད་ནི་རྒྱབ་ཏུ་བོར། །ཞེས་དང་། རབ་འབྱམས་ལས། ལག་པ་པུས་མོའི་ཕྱི་ལོགས་སུ། །ཅུང་ཟད་བསྒྲད་དེ་ས་ལ་བཙུག །སྒལ་ཚིག་བསྲིང་ལ་མཇིང་བ་དགྱེ། །རོ་སྟོད་སེང་གེ་ལྟ་བུར་བྱ། །ཞེས་སོ། །དེང་སང་མན་ངག་འགའ་ཞིག་ལས་རྐང་བ་མདུན་དུ་མཐིལ་སྤྲད་པར་བཤད་པ་ནི་རྒྱུད་དང་མི་མཐུན་པས་དགོངས་པ་ཅུང་མ་ལོན་༼ འོན་ཀྱང་མན་ངག་མ་བུ་དག་གི་དགོངས་པ་ནི་ཡིན་ནོ། ། མཆན། ༽པ་འདྲའོ། །
གསུམ་པ་ནི། ལུས་གནད་༴ ནས། འཆར། ཞེས་པའི་བར་གྱིས། ལུས་འགྱིང་ཚུགས་ཀྱིས་ཡེ་ཤེས་ཀྱི་རླུང་གི་འཕེལ་ཁ་རྒྱས་པས་ལས་རླུང་འགགས་ནས་དབྱིངས་རིག་མ་བུ་སྤྲོད། རྐང་མཐིལ་སར་ཕབས་པས་འབྱུང་བ་སྙོམས་ཤིང་རྣམ་རྟོག་སྣ་ཚོགས་འགགས། ལག་སོར་བསྐུམ་པ་སར་ཕབས་པས་ལས་ཉོན་གྱི་འགྱུ་བ་སྟོངས། རོ་སྟོད་གསེང་ལ་བོར་བས་རྟག་ཏུ་ཆོས་ཉིད་ལས་མི་འདའ་ཞིང་ཉམས་སྣང་མྱུར་དུ་འཆར། རྩལ་མཇིང་བ་ལ་བསྐུར་བས་ཆོས་ཉིད་ཀྱི་དོན་ལས་འཆུག་པ་མེད་ཅིང་དབྱིངས་རིག་དང་འབྲལ་བ་མེད་དོ། །མདོར་ན་འདུག་སྟངས་འདི་ལྟར་གནས་པས་རྩ་བ་དང་ཡན་ལག་གི་ལས་རླུང་དང་མ་དག་པའི་འབྱུང་བ་ཟད་ཅིང་སེམས་ཀྱི་རྟ་རླུང་འགགས་པས། རྟ་ཅན་རྣམ་རྟོག་ཟིལ་གྱིས་གནོན་པ་དང་། ཡེ་ཤེས་ཀྱི་རླུང་འཕེལ་ཏེ་དབྱིངས་རིག་ཆོས་ཉིད་ཀྱི་སྣང་བ་མ་བཙལ་ལྷུག་པར་བདེ་ལུགས་སུ་འཆར་བ་སྟེ། རབ་འབྱམས་ལས། ནང་གི་འབྱུང་བ་ཟད་པ་དང་། རྣམ་རྟོག་ཟིལ་མནོན་དགོས་པ་ཡོད། །ཅེས་དང་། གསེར་གྱི་མེ་ཏོག་ལས། འདིས་ནི་ཆོས་སྐུའི་བདེ་ཆེན་ལ། །རྣལ་འབྱོར་དག་ཏུ་བྱེད་པའོ། །ཞེས་སོ། །
བཞི་པ་ནི། གང་ཟག༴ ནས། འགྱུར་རོ་སྟེ། མི་རྣམ་རྟོག་ཆེ་བ། གཉིད་ལ་དགའ་བ། མདོག་ནག་པ། ཤ་ཆེ་བ། བརྗོད་པ་ལ་མི་དགའ་བ། ཤེས་པ་བྱིང་བ། ཚ་བ་ཤས་ཆེ་བའི་གང་ཟག་དང་། གནས་ཡུལ་དམའ་བ་རོང་ས་སོགས་ནས་ཆོས་སྐུའི་བཞུགས་སྟངས་འདི་ལྟར་གནས་ན། ཆོས་ཉིད་ལ་དུས་གསུམ་དུ་གནས་པར་ངེས་པའོ། །འདི་ནི་སྙན་བརྒྱུད་ཡི་གེ་མེད་པའི་གནད་ཡིན་པས་རྒྱབ་ལུང་མེད་དོ། །
གཉིས་པ་ལོངས་སྐུའི་བཞུགས་སྟངས་ལའང་། སྒྲ་བཤད། དངོས། ཡོན་ཏན། གང་ལ་ཤིས་པའོ། །དང་པོ་ནི། ཡང་ལོངས་སྐུའི༴ ནས། ནི་ཞེས་པའི་བར་གྱིས། འདིའི་འགགས་མེད་ལོངས་སྐུའི་དཀྱིལ་འཁོར་དབྱིངས་རྣམ་པར་དག་པ་དང་། དགོངས་པ་རང་བཞིན་གསལ་བའི་ཡེ་ཤེས་འཆར་བར་བྱེད་པ་དང་། དཔེར་ན་གླང་ཆེན་ཉལ་བའི་དབྱིབས་ཀྱི་མཚོན་ཏེ་མཚན་གྱི་ཐ་སྙད་དེར་བཏགས། མཚོན་བྱེད་གླང་ཆེན་ཐེག་པ་ཆེ་བ་བཞིན། ལུས་གནད་འདིས་ཡེ་ཤེས་ཁྱད་པར་ཅན་འདེགས་པས་སོ། །ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་འདུག་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ན། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །ཞེས་སོ། །དེའི་ཞལ་ལས། ལོངས་སྐུ་ལ་རྣམ་པར་དག་པའི་ཞིང་ཁམས་གཟིགས་པའི་སྤྱན་ནམ་ཡེ་ཤེས་ཀྱི་སྤྱན་ཡོད་པས་ཐད་ཀར་ཧྲིག་གེར་བལྟ་བའོ། །དེས་བྱིན་རླབས་ཀྱིས་འོད་གསལ་བའི་དཀྱིལ་འཁོར་རང་གསལ་དུ་འཆར་བའོ། །
གཉིས་པ་ནི། ཁ་སྦུབས༴ ནས། བལྟའོ་སྟེ། དེ་ཡང་ཁ་སྦུབས་ལུས་པོ་བསྒུང་ནས་གྲུ་མོ་དང་ངར་གདོང་ས་ལ་གླན། རྐང་པའི་ཕྱི་རྟིང་གིས་འཕོངས་བཏེགས་ནས་སོར་རྩེ་ས་ལ་བཙུག ། ལག་པའི་ཐལ་མོའི་ལྐོགས་མ་བཏེགས་པ་སྟེ། རབ་འབྱམས་ལས། ཁ་སྦུབས་དྲང་པོར་ཉལ་བྱས་ཏེ། །གྲུ་མོ་གཉིས་པོ་ས་ལ་བཙུག །ལག་མཐིལ་གཉིས་ཀྱིས་ཨོལ་ཁུང་བརྟེན། །པུས་མོ་གཉིས་པོ་བྲང་ལ་སྦྱར། །མཇིང་བ་བཏེགས་ལ་རྒྱབ་དུ་བོར། །ཞེས་དང་། ཀློང་གསལ་ལས། ད་ནི་ལོངས་སྐུའི་འཁྲུལ་འཁོར་བཤད། །གླང་ཆེན་ཉལ་བ་ལྟ་བུ་སྟེ། །གཞོག་གཡས་ས་ལ་ཟིལ་ཕབ་སྟེ། །པུས་མོ་གཉིས་པོ་བྲང་ལ་སྦྱར། །ལག་མཐིལ་གཉིས་པོ་འགྲམ་ལ་སྦྱར། །གྲུ་མོ་གཉིས་པོ་ས་ལ་བཙུགས། །རྐང་སོར་ཐམས་ཅད་ཕྱི་ལ་ཕུལ། །ཞེས་སོ། །གཞུང་རྩ་བའི་ཚིག་རིས་ནི་གོ་སླའོ། །
གསུམ་པ་ནི། ལུས་གནད༴ ནས། གནས་ཞེས། ཁ་སྦུབས་སུ་ཉལ་བས་ལུས་ཀྱི་ཚོགས་པ་དང་སྲིད་གསུམ་ཟིལ་གྱིས་གནོན། པུས་བྲང་སྦྱར་བས་འཁྲུལ་བ་ཡེ་ཤེས་སུ་དག་པའི་གཞི་བྱེད། རྐང་སོར་ཕྱིར་ཕུལ་བས་གཡོ་བ་ལས་རླུང་འཆིངས་པའི་གནད། གྲུ་མོ་སར་བཙུག་པས་དབྱིངས་རིག་མངོན་སུམ་དུ་འདྲེན་པའི་གནད། མཇིང་བ་གྱེན་ལ་བཏེགས་པས་དབྱིངས་རིག་དང་མི་འབྲལ་བའི་ཡོན་ཏན་དང་། མདོར་བསྡུ་ན་སྤང་བྱ་སྤངས་ངོས་ནས་ལུས་ལ་དྲོད་ཐོབ་པས་གཡོ་བྱེད་ལས་རླུང་འགགས། དེའི་སྟོབས་ཀྱིས་སེམས་སེམས་བྱུང་གི་རྟོག་པ་ནུབ་ཅིང་། རྟོགས་བྱ་མངོན་དུ་གྱུར་ངོས་ནས། ངོ་བོ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། དེས་སྐུ་དབྱིངས་རྣམ་པར་དག་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཆར་ཞིང་སངས་རྒྱས་སྐུ་གསུམ་གྱི་ཞིང་སྣང་ལ་སྤྱོད་པ་སྟེ། རབ་འབྱམས་ལས། ད་ནི་ལོངས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལྟ་བུ་སྟེ། །མཚན་ཉིད་འཛིན་པའི་རིག་པ་མཐོང་། །རྣམ་ཤེས་འཇུག་པའི་རྩ་ཁ་ཟུམ། །གསལ་བྱེད་རླུང་ཟིན་དགོས་པ་ཡོད། །ཅེས་དང་། གསེར་གྱི་མཁའ་ལྡིང་ལས། ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། ། རྣམ་ཤེས་འཇུག་པའི་རྩ་ཁ་ཟུམ། །ཞེས་སོ། །
བཞི་པ་ནི། རྣལ་འབྱོར་པས༴ ནས། ཤིས་སོ། །ཞེས་པ། སྲིད་པའི་འཁོར་ལོར་གཟུགས་སུ་སྨིན་དུས་འདོད་ཆགས་མ་དག་པ་ལས་བྱའི་ཚུལ་དུ་སྐྱེ་བས་མི་འདོད་ཆགས་ཆེ་རིགས། སྨྲ་བ་ལ་དགའ་བ་རྒོད་ཁ་ཡངས་པ། མདོག་དཀར་བ། ཤ་ཆུང་བ། ཤེས་པ་རྒོད་ཅིང་གཡེངས་བ་ཅན་དང་། ལུས་འབྱུང་ཚ་གྲང་སྙོམས་པས་འདི་ལྟར་གནས་པས་འབྱུང་བ་མི་འཁྲུལ་ཅིང་། ཆོས་ཉིད་ཀྱི་དོན་ལ་མཆོག་ཏུ་མཁས་པ་དང་། གནས་མཐོ་དམན་བར་བའི་ཉམས་སྐྱོང་བདེ་བས་མཆོག་ཏུ་ཤེས་སོ། །
གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་ལའང་བཞི་ལས། དང་པོ་སྒྲ་བཤད་ནི། ཡང་སྤྲུལ་སྐུའི༴ ནི་ཞེས། འདིས་སྤྲུལ་སྐུའི་དགོངས་པ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་སམ་ཐུགས་རྗེ་ཀུན་ཁྱབ་ཆེན་པོ་དང་། རྟགས་སྣང་རྡོ་རྗེ་ལུ་གུ་རྒྱུད་འཆར་བའི་གནད་ཀྱི་དང་། དཔེ་དྲང་སྲོང་རྒྱས་པ་དང་མེ་སྦྱིན་སོགས་ཀྱིས་སྒོམ་བརྒྱབ་པའི་དབྱིབས་དང་མཚོན། དོན་རྩ་རླུང་ཐིག་ལེ་དྲང་པོར་སྲོང་བའི་ཕྱིར་མིང་བཏགས་པ་སྟེ། ཀློང་གསལ་ལས། ད་ནི་སྤྲུལ་སྐུའི་འཁྲུལ་འཁོར་ནི། །དྲང་སྲོང་ཙོག་པུ་ལྟ་བུ་སྟེ། །ཞེས་དང་། ཆོས་ཉིད་རྣམ་པར་རང་སྤྲུལ་ནས། །ཆོས་ཉིད་མིག་གི་མཐོང་བར་འགྱུར། །ཞེས་སོ། །
གཉིས་པ་འཁྲུལ་འཁོར་དངོས་ནི། རྐང་བའི། ནས། སྦྱངས་ངོ་། ། བར་གྱིས། དེའི་ངེས་ཤེས་འདྲེན་པའི་ལུང་ཡང་། རབ་འབྱམས་ལས། ཙོག་པུར་རྐང་བ་གཉིས་པོ་གཤིབ། །གསུས་པ་སྒལ་ལ་ཡུད་ཙམ་སྦྱར། ། པུས་མོ་གཉིས་པོ་བྲང་ལ་སྦྱར། །ལག་གཉིས་མཐིལ་གྱི་འགྲམ་ཟུར་བཏེགས། །ཞེས་དང་། ཀློང་གསལ་ལས། མགྲིན་དགུགས་དཔུང་བསྒྲེང་ཙོག་པུར་གཏད། །པུས་གཉིས་བྲང་སྦྱར་ཕྱག་རྒྱ་གདབས། །ཞེས་འདྲ་མིན་གཉིས་ལས། འདིར་ཕྱི་མ་ལྟར་གསུངས་པའོ། །དེའི་གཟིགས་སྟངས་ཀྱང་། སྤྲུལ་སྐུའི་སེམས་ཅན་རྗེས་སུ་འཛིན་པའི་གདུལ་བྱ་ལ་གཟིགས་པ་དང་། ཤེས་རབ་ཀྱི་སྤྱན་ཡོད་པས་དེ་ལྟར་བལྟས་པས་ཐོས་བསམ་བསྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་དོན་ཁོང་ནས་འཆར་རོ། །
གསུམ་པ་ཡོན་ཏན་ནི། ལུས་གནད་འདིའི༴ གནས་པའོ། །ཞེས། རྐང་བའི་ལོང་བུ་གཉིས་གཤིབས་པས་ཐབས་ཤེས་ཀྱིས་བཅུད་འབྱིན་པའི་ཡོན་ཏན་དང་ལྡན། པུས་མོ་ཙོག་པུར་བྱས་པས་རྣམ་ཤེས་འཇུག་པའི་རྩ་ཁ་འཆུས་ཏེ་རླུང་ངང་གིས་དལ། ལག་པ་བསྣོལ་བས་དབྱིངས་རིག་འདྲེས་ཤིང་ལས་དང་བག་ཆགས་ཟད། པུས་བྲང་སྦྱར་བས་ལུས་ཀྱི་ཚོགས་པ་དག་ཅིང་ཡེ་ཤེས་ཀྱི་རྩལ་འབར་བར་བྱེད། །ལུས་དྲང་པོར་བསྲིང་བས། རྣམ་ཤེས་ངང་གིས་དག་པ་དང་མཛིང་༼ མཇིང་དཔྱད། ༽པ་ཡིད་ཙམ་དགྱེ་བས་རླུང་རང་སངས་སུ་གཏོང་བའི་ཡོན་ཏན་དང་། མདོར་བསྡུས་ན། ཕོ་བ་མེའི་དཀྱིལ་འཁོར་དང་། པུས་མོ་ཆུ་དང་། ལག་མཐིལ་མེ། ཡང་གྲུ་པུས་ཆུ་ཁ་སྦྱོར་ལག་མཐིལ་དང་ལྐོགས་མ་མེ། པུས་བྲང་མེ་ཆུ་ཁ་སྦྱར་བས་ཐུན་མོང་དུ་འབྱུང་བ་མི་འཁྲུགས་པར་སྙམས་པ་དང་། ལུས་དྲང་བས་རྩ། དེས་རླུང་། དེའི་ཐིག་ལེ་དང་། དེས་སེམས་དྲང་བ་སྟེ། དྲང་པོ་ཡེ་ཤེས་ཀྱི་ལམ་དུ་རྒྱུ་ཞིང་། འཁྱོགས་པོ་ཁམས་གསུམ་གྱི་རྒྱུ་སྲང་བཅད་པ་སྟེ། རང་ལ་གནས་པའི་ཡེ་ཤེས་དབྱིངས་རིག་ཆུ་བུར་གྱི་མིག་ལ་ཅེར་མཐོང་དུ་གསལ་བའི་ངང་དུ་མི་འགྱུར་བའི་ཡོན་ཏན་ཏེ། རབ་འབྱམས་ལས། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གི་མཐོང་བར་འགྱུར། །ཞེས་དང་། མཁའ་ལྡིང་ལས། སྤྲུལ་པ་སྐུ་ཡི་བཞུགས་སྟང་གིས། །ལུས་ཀྱི་ཚོགས་པ་དག་པར་བྱེད། །ཅེས་སོ། །
བཞི་པ་ནི། འདི་ནི༴ ཤིས་སོའི་བར་གྱིས་བསྟན་ཏེ། ཐོག་མར་སྲིད་པའི་འཁོར་ལོར་ཞེ་སྡང་མ་དག་པ་ལས་སྦྲུལ་གྱི་གཟུགས་སུ་སྨིན་པས་ལུས་ཀྱི་བྱེད་པ་ལ་དགའ་བ། ལུས་མདོག་དམར་ཞིང་། སྟོབས་དང་རུས་ཁྱིམ་ཆེ་བ། ལུས་བྱི་དོར་ལ་དགའ་བ། རྣམ་པར་མ་ཞི་ཞིང་ཁྲོ་རྐྱེན་པ་དང་། གྲང་ཤིས་ཆེ་བའི་གང་ཟག་གིས། གནས་མཐོ་སར་སྡོད་པས་བརྟེན་ན། ཏིང་འཛིན་རྒྱུད་ལ་འཁོར། འཕྲོ་རྒོད་རང་སར་ཞི་མྱུར་དུ་སངས་རྒྱས་པར་ངེས་སོ། །
གཉིས་པ་གནད་གཟིར་བས་མཐར་ཐུག་གི་ཡོན་ཏན་ནི། ལུས་གནད་འདི༴ ནས། འཆར་རོ་སྟེ། ལུས་ཀྱི་གནད་བཞུགས་སྟངས་གསུམ་པོ་འདི་ལས་མ་གཡོས་པས་སངས་རྒྱས་སྐུ་གསུམ་གྱི་དགོངས་ཀློང་དུ་མྱ་ངན་ལས་འདས་པ་སྟེ། དེས་ཡོན་ཏན་ཐམས་ཅད་མྱུར་དུ་རང་རྒྱུད་ལ་ཐོབ་པ་ནི། འདས་རྗེས་གསུམ་པ་ལས། ལུས་ནི་མྱ་ངན་འདའ་འདོད་ན། །སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབས། །འདི་ལྟར་སུ་ཡིས་བྱས་པ་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་མྱ་ངན་འདས། །ཞེས་དང་། ཞལ་ཆེམ་གསུམ་པ་ལས། འདི་ཉིད་ལས་མ་འདས་ན་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཀློང་དུ་མྱ་ངན་ལས་འདའ་འོ། །ཞེས་སོ། །
གསུམ་པ་མ་གཟིར་བའི་སྐྱོན་ནི། ལུས་གནད་འདི༴ མི་འགྲུབ་བོ། ། ཞེས། གནད་འདི་རྣམས་དང་བྲལ་ན་ཆོས་ཉིད་མངོན་སུམ་མཐོང་བ་དང་། ཕུང་པོའི་ཟག་པ་མྱུར་དུ་ཟད་པའི་ཐབས་མེད་པ་སྟེ། སྒྲོན་མ་སྣང་བྱེད་ལས། ཉན་ཐོས་རང་སངས་རྒྱས་རྣམས་དང་། །བྱང་སེམས་སྒྲུབ་པ་བྲལ་བས་ཀྱང་། །འདི་ཉིད་གནད་གསུམ་གདེངས་མེད་ན། ། རྡུལ་ཆ་ཙམ་ཡང་མཐོང་བ་མེད། །ཅེས་དང་། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཚད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་དངོས་སུ་སྣང་མི་ནུས། །ཞེས་སོ། །
བཞི་བ་དེས་ན་གཟིར་བར་གདམས་པ་ནི། དེའི་ཕྱིར་༴ རྒྱའི་གསུམ་བར་ཀྱིས། ལུས་གནད་བརྟེན་པའི་ཡོན་ཏན་དང་། མ་གཟིར་བའི་སྐྱོན་ཡོན་གྱི་ཁྱད་པར་དེ་ལྟར་ཡོད་པས་ན་རྒྱུན་དུ་གནད་ལ་ནན་ཏན་དུ་བྱ་དགོས་པའོ། །དེ་ཡང་ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་སོ། །ས་མ་ཡཱ་ནི། སྐུའི་ཕྱག་རྒྱའི། དམ་ཚིག་འདི་དག་ལས་འདའ་བར་མི་བྱ་བའི་བཀའ་གཙིག་གིས་བཏབ་པའོ། །རྒྱ་གསུམ་ནི་སྔར་ལྟར་རོ། །
གཉིས་པ་ངག་གི་གནད་ལའང་དངོས་དང་དེའི་ དགོས་པ་བསྟན་པ་གཉིས་ལས། དང་པོ་ལ་བཞི་སྟེ། ཐལ ་འགྱུར་ལས། ངག་ནི་བསླབས་དང་གནས་པ་དང་། །ལ་བཟླ་བ་དང་བརྟན་བྱའོ། །ཞེས་པས་དང་པོ་བསླབ་པ་ནི། ངག་གི་བྱ་བ༴ ནས། རེ་བྱ་ཞེས་པའི་བར་ཏེ། ངག་གི་གཏམ་སྨྲ་བ་ཇེ་ཉུང་ལ་རིམ་པར་བཏང་སྟེ་སྨྲ་བཅད་བྱེད་པ་དང་མཐར་ཐུན་ཇེ་རིང་གི་སྒོ་ནས་འཁྲུལ་བའི་གཏམ་ཐམས་ཅད་སྤངས། ཁ་ཏོན་དང་འཛབ་བཟླས་སོགས་སྐབས་སུ་མི་སྤངས། ཡང་བརྗོད་འདོད་སྐྱེ་ན་གཅིག་པུར་འབྲེལ་མེད་དང་གང་འདོད་དེ་བརྒྱ་སྟོང་ཁྲི་འབུམ་བརྗོད་པས་ངག་དེས་ཆད་དེ་དེ་ལྟར་བརྗོད་མེད་ལ་བསླབ་པ་སྟེ། རབ་འབྱམས་ལས། དང་པོ་ཡུན་ཐུང་ཉིད་དུ་བསླབས། །འཛབ་སོགས་འདོན་པ་མི་སྤངས་ཤིང་། འཁྲུལ་བའི་གཏམ་རྣམས་ཐམས་ཅད་སྤངས། །ཚིག་ནི་ཞག་རེའི་ཉུང་བར་བྱ། །དེ་ནས་ཡུན་རིང་ཉིད་ལ་བསླབས། སྐབས་སུ་བརྗོད་རྒྱུ་མེད་ཀྱང་བརྗོད། །ཅེས་སོ། །
གཉིས་པ་གནས་པ་ནི། ཡང་སྐབས་སུ༴ ནས། ཙམ། ཞེས། བརྡ་ཙམ་བྱ་བ་ལས་ངག་གཏན་ནས་གཞན་ལ་མི་བསྲེ་བར་ཁ་ཏོན་ཙམ་མི་བཀག ། སྐབས་སུ་སྔགས་བཟླས་ཙམ་སྒྲ་དག་གསལ་གྱིས་ཀླག་པ་ལས་གཞན་ཐམས་ཅད་སྤངས་པའང་དེ་ཉིད་ལས། དེ་ནས་གནས་པར་བྱ་བ་ནི། །ཕྱག་བསྐོར་མདོ་བཟླས་ཀུན་སྤང་ལ། །སྔགས་ཀྱི་བརྗོད་པ་བག་མི་དགགས། །གཞན་དང་ཚིག་ཟུར་ག་ལ་བརྗོད། །ལུས་ཀྱི་བརྡ་ཉིད་བྱ་བ་སྟེ། །ཞེས་སོ། །
གསུམ་པ་ལ་བཟླ་བ་ནི། མཐར་བྱ་བ༴ བྱའོ་ཞེས། མཐར་ལུས་ངག་གི་བརྡ་བརྗོད་པ་ཐམས་ཅད་སྤངས་བ་སྟེ། སྔ་མ་ལས། དེ་ནས་བརྟན་ཅིང་ལ་བཟླ་བ། བརྗོད་པ་མཐའ་དག་བཀག་བྱས་ལ། །ལྐུག་པ་ལྟ་བུར་གནས་པར་བྱ། །ལུས་ཀྱི་བརྡ་ཡང་མི་བྱ་བར། །སེམས་ཀྱིས་བརྡ་ཙམ་འདིར་བྱའོ། །ཞེས་སོ། །
བཞི་བ་བརྟན་པ་ནི། རྩ་བའི་ཚིག་བྱ་བ་ཐམས་ཅད་ཞེས་པའི་ཤུགས་ལས། སེམས་ལ་བརྡ་སྤྲོད་པ་ངག་གི་མཚན་ཉིད་ཀྱི་འགྱུ་བ་ཡོད་པའང་རིམ་གྱིས་བཀག་པས་དག་ནས་བརྗོད་མེད་ཀྱི་དོན་རྒྱུད་ལ་འཁྲུངས་པ་སྟེ། དེ་ཉིད་ལས། བརྗོད་མེད་དོན་ཉིད་རྒྱུད་ལ་འཆར། ། མྱུར་དུ་སངས་རྒྱས་གལ་མདོའོ། །ཞེས་སོ། །
གཉིས་པ་དགོས་པ་ལ། དངོས་སུ་གནད་གཟིར་བའི་ཡོན་ཏན་བཤད་པ། ལྡོག་ཕྱོགས་མ་གཟིར་བའི་སྐྱོན་བཤད་པ་གཉིས་ལས། དང་པོ་ནི། དགོས་པ་ནི༴ ནས། འགྱུར་རོའི་བར་གྱིས་བསྟན་ཏེ། གནས་སྐབས་སུ་འཁྲུལ་བའི་གཏམ་དང་ཉོན་མོངས་པ་མི་འཕེལ། མཆོག་ཏུ་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་བ་དང་། མཐར་ཐུག་སངས་རྒྱས་སྐུ་གསུམ་གྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བ་སྟེ། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་དང་། འདས་རྗེས་གསུམ་པ་ལས། ངག་ནི་བསླབ་བྱའི་རིམ་པ་དང་། གནས་པ་བརྟན་ཞིང་ལ་ཡང་བཟླ། །དེ་ལས་མི་འདའ་སུས་བྱས་པ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཀློང་དུ་མྱ་ངན་འདའ་འོ། །ཞེས་དང་། སངས་རྒྱས་ཞལ་ཆེམ་གཉིས་པ་ལས། ཨེ་མ་ཧོ། རིགས་ཀྱི་བུ་ངག་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་སྨྲ་བཅད་ཀྱི་འཁོར་ལོ་ལས་མི་འདའ་བར་བྱའོ། །ཞེས་སོ། །
གཉིས་པ་མ་གཟིར་བའི་སྐྱོན་ནི། ཡོན་ཏན་དེ་དག་ལས་ལྡོག་ཕྱོགས་ཀྱི་སྐྱོན་ལྡན་པའང་། ཀློང་གསལ་ལས། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་བའི་གཏམ་གྱིས་དོན་ལ་བསྒྲིབ། །ཞེས་སོ། །ས་མ་ཡཱ་ནི། གསུང་ཆོས་ཀྱི་ཕྱག་རྒྱ་བརྗོད་དུ་མེད་པའི་དོན་ཐབས་འདིའི་མངོན་དུ་འགྱུར་བའི་ཐ་ཚིག་གོ །རྒྱ་གསུམ་ནི་སྔར་ལྟར་རོ། །
དོན་གསུམ་པ་སེམས་ཀྱི་གནད་ལ་དངོས་དང་། དགོས་པའོ། ། དང་པོ་ནི། དེ་ནས་ཡིད༴ ནས། བལྟས་པས་ཞེས། སེམས་ཀྱི་གནད་ནི་སེམས་ཀྱི་གཏད་སའི་འབེན་ལྟ་བུ་དབྱིངས་རིག་གཉིས་ཡིན་པས་དེ་ལ་བཅའ་བའམ་བྱེད་པ་སྟེ། སྒོ་གནད་ལྡོག་ཕབ་ཟུར་ཁྲིད་གསུམ་གྱི་ངང་ལས་གང་དུ་ལེགས་པར་ཤར་སའི་ཐད་དྲང་དེར་མི་གཡོ་བར། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སེམས་མདུང་ཚུགས་སུ་མ་ཡེངས་པར་གཏད་པ་དང་། དོན་རྣམ་པར་རྟོག་པ་ཐམས་ཅད་དང་། དག་གྲོལ་ངེས་འབྱིན་དུ་ལྟ་བ་དང་། ཤར་གྱི་རེ་བ་དང་། མ་ཤར་གྱིས་དོགས་པ་མི་བྱེད་པར་བཞག་པ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཞེས་དང་། ཀློང་གསལ་ལས། གནད་གཟིར་གཏད་པའི་འབེན་ཉིད་བཅའ། །ཞེས་དང་། རབ་འབྱམས་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །གནད་གསུམ་མན་ངག་འགུལ་མི་བྱ། །ཕྱི་ཡི་ནམ་མཁའ་སྟོང་པ་ལ། །རིག་པ་ཉིད་ནི་མ་བཅོས་འབེན་དུ་གཏད། །མ་ཡེངས་གཏད་པས་ཕྱི་དབྱིངས་སྟོང་པ་ལ། །ནང་དབྱིངས་རྣམ་དག་སྒྲོན་མ་སྟོང་གསལ་འཆར། །མངོན་སུམ་གསལ་ཞིང་ལྷག་མེད་སངས་རྒྱས་སོ། །ཞེས་དང་། དུམ་དུམ་ཁྲིགས་ཀྱི་མན་ངག་བདུན་ཅུ་པ་ལས། གཏད་པའི་འབེན་གཟུགས་པའི་མན་ངག་ནི། དབྱིངས་རིག་གཉིས་ལ་གཏད་ཅེས་སོ། །
གཉིས་པ་ལ། དེའི་ཡོན་ཏན་དང་། ལྡོག་ཕྱོགས་ཀྱི་སྐྱོན་ནོ། །དང་པོ་ནི། རྟོག་བཟོ༴ ནས། ཡོད་དོ། །བར་ཏེ། དེའི་ཆོས་ཉིད་མངོན་སུམ་གྱི་གནད་ཟིན་ཏེ་སྒྲོན་མ་ཅུར་འབྱིན་དུ་མཐོང་བས། བློ་ཡི་དྲི་མས་བསླད་པའི་ཡིད་དཔྱོད་ཀུན་ལས་འདས་པའི་ལྟ་བ་ཡོངས་གཅོད་དུ་རྟོགས་ཤིང་། ཚིག་གི་སྒྲོ་འདོག་ཐམས་ཅད་དུས་གཅིག་ལ་ཆོད་པའི་དགོས་པ་ཡོད་དེ། །ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། ། སྐུ་གསུམ་རིག་པ་སྟོང་བར་འཆར། །ཞེས་སོ། །གཞན་ཡང་ཡིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཀློང་དུ་མྱ་ངན་ལས་འདའ་བའི་ཡོན་ཏན་ཡོད་དེ། འདས་རྗེས་ལས། སེམས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས། །ཡུལ་ནམ་མཁའ་སྟོང་པ་དང་མི་འབྲལ་བར་བྱའོ། ། ཞེས་སོ། །
གཉིས་པ་ནི། གནད་མ་གཟིར་ན་ཤེས་པ་ཡུལ་ངན་གྱིས་འཁྲིད་ཏེ་འཁོར་བར་ལྡོག་པ་དང་། དབྱིངས་རིག་མི་མཐོང་བ་སྟེ། དེ་ཉིད་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །ཞེས་དང་། རིག་པ་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །ས་མ་ཡཱ་ནི། ཐུགས་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་འདིས་དགོངས་པའི་ངང་ལས་འཁྱོལ་བར་མི་བྱེད་པའི་ཐ་ཚིག་གོ །རྒྱ་ནི་སྔར་ལྟར་རོ། །
གཉིས་པ་གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་དབབས་པ་ལ། འོད་གསལ་བྱེ་བྲག་གི་གནད་གསུམ་བཤད་པ་དང་། དེའི་མངོན་སུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཆར་ཚུལ་ལོ། །དེ་ལ་རྣལ་འབྱོར་༼ འདི་དང་ཇི་ལྟར་ཉམས་སུ་ལེན་ཚུལ་གཉིས་བཟློས་སྙམ། དཔྱོད། དེ་ལྟར་འདི་ལྷག་པོར་བཞག་ན་བདེའམ། མཆན། ༽དུ་ཇི་ལྟར་བྱ་ཚུལ་དང་གསུམ་ལས། དང་པོ་ལ་དགོས་པ་དང་། གནད་དངོས་སོ། །
དང་པོ་ནི། དེ་ནས༴ དགོས་ཏེ། སྒོ་ཡུལ་རླུང་གི་གནད་རྣམ་པ་གསུམ་ལ་བརྟེན་ནས་ཡེ་ཤེས་ཀྱི་རྒྱངས་ཞག་གིས་མཐོང་བས། ཆོས་ཉིད་མངོན་སུམ་གྱི་རང་ཐོག་ཏུ་དབབས་དགོས་ཏེ། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། ། ཞེས་སོ། །གཞན་དུ་གནད་འདི་དག་མེད་ན། ལྟ་བ་ཡིད་དཔྱོད་ཀྱི་མཐའ་ལ་གནས་ཤིང་དེ་ལ་བརྟེན་ནས་ལྐོག་གྱུར་དོན་སྤྱི་རྣལ་འབྱོར་དུ་བྱེད་པའི་བསྒོམ་པ་རྣམས་དང་ཁྱད་མེད་པས་ཆོས་ཉིད་ལ་རེག་དུས་མེད་ཅིང་། ཡི་མུག་འཕེལ་བའི་རྒྱུར་གྱུར་པ་སྟེ། དེས་ན་གནད་བཙལ་བ་རབ་ཏུ་གཅེས་པའང་། ཀློང་གསལ་ལས། གནད་གསུམ་སྔོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབས་ཏེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། །ཞེས་སོ། །
གཉིས་པ་ལ། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། འཆར་བ་རླུང་རིག་གི་གནད་དོ། །དང་པོ་ལ། སྒོའི་གནད་མིག །ཞེས་གསུངས་ཏེ། དེ་ལ་ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་ལ་བལྟ་བའི་རྣམ་པས་བག་ཆགས་ཐུར་ལ་སེལ་བའི་གནད། ལོངས་སྐུའི་ཟུར་ལ་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། སྤྲུལ་སྐུའི་ཐུར་དུ་གཟིགས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །ཡང་གཞིར་གནས་ཀྱི་ཡེ་ཤེས་གསུམ་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཡུལ་ཁྱབ་ཀྱི་ཡེ་ཤེས་གཉིས་རྒྱུད་ལ་ཤར་བ་དང་། དེ་དག་གི་ལྷ་སྐུའི་ཆའང་རིམ་པར། ཐིག་ལེ་སྟོང་སྒྲོན། དབྱིངས་རྣམ་པར་དག་པ། ལུ་གུ་རྒྱུད་རྣམས་འཆར་བའི་གོ་ཕྱེད་པའོ། །དེ་ཡང་བརྩོན་འགྲུས་ཅན་གྱིས་ཆོས་སྐུ། ལེ་ལོ་ཅན་གྱིས་ལོངས་སྐུ། བཏང་སྙོམས་ཅན་གྱིས་སྤྲུལ་སྐུ། །ས་མཚམས་ཀྱིས་མངོན་སུམ་དང་གོང་འཕེལ་མན་ཆད་སྤྲུལ་སྐུ་ལམ་དུ་སྣང་བ་ལས་གཟིགས་སྟངས་ཐ་མ། ཚད་ཕེབས་ལོངས་སྐུ་ལམ་སྣང་གི་དུས་དང་། ཟད་པ་ཆོས་སྐུ་ལམ་སྣང་གི་དུས་སུ་རང་རང་གི་གཟིགས་སྟངས་དགོས། ཡང་ཐིག་ལེ་དང་དབྱིངས། ལུ་གུ་རྒྱུད་གང་མ་མཐོང་ཀྱང་རང་རང་མཐོང་ཐབས་བདེ་གསལ་མི་རྟོག་པའི་ངོ་བོ་ཅན་གྱི་ཡེ་ཤེས་གང་ཉམས་དམའ་ཡང་རང་རང་གི་གཟིགས་སྟངས་བསྔགས་སོ། །སྒྲ་རྒྱུད་ལས། ཕབ་དང་ལྡོག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་དང་། སྒྲོན་མ་འབར་བ་ལས། །ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་ལྡོག་ཕབ་ཟུར་ལ་མནན། །ཞེས་དང་། ཡང་སྙིང་འཕྲུལ་གྱི་དུམ་བུ་ལས། དེ་དག་གིས་ནི་ངོ་བོ་སྐུ་དང་། །རང་བཞིན་གསལ་བ་དང་། །ཐུགས་རྗེ་འགགས་པ་མེད་པ་གསུམ་ལ་སྟོང་པ་ཡེ་དག་གི་རྒྱས་ཐེབས་པས་འཁོར་འདས་མ་བུ་མཉམ་པ་ཞེས་བྱའོ། །ཞེས་དང་། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་སྐུ་ཡི་གཟིགས་སྟངས་ཀྱིས། ཁམས་གསུམ་འཁོར་བ་སྤྱི་ནས་འདོན། །ལོངས་སྐུའི་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུའི་སངས་རྒྱས་ཞིང་དུ་སྒྲོལ། ། ཞེས་སོ། །
གཉིས་པ་ཡུལ་གྱི་གནད་ནི། ཡུལ་གྱི༴ ནས། དག་པ་ཞེས། འཆར་བའི་ཡུལ་ཡིན་པས་སྤྱིར་བསྟན་ཀྱང་། བྱེ་བྲག་ཏུ་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་ཨ་ལོ་ཀེ རྡོ་རྗེའི་རྟེན་ནམ་མཁའ། ཉི་མ། ཟླ་བ། ཁུག་སྣ་སྟེ་སློང་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བ། མངོན་བྱང་གི་རྟེན། མན་ཤེལ་རྣམ་པར་དག་པ་ཡིན་པས་ཡུལ་དེ་དག་ལས་ཐིག་ལེ་དང་དབྱིངས། ལུ་གུ་རྒྱུད་ཤས་ཆེར་མང་བར་འཆར་བ་དང་། རྡོ་རྗེའི་རྟེན་ནམ་མཁའ་ལ་གཏད་པས་སྤྲོས་བྲལ་གྱི་ཡེ་ཤེས་མན་ཤེལ་ལས་ཐམས་ཅད་རྒྱས་པར་འཆར་བ་སྟེ། །ཉམས་སུ་ལེན་བདེ་བ་དང་། གཅིག་གེགས་གཅིག་གིས་སེལ་བའང་ཡིན་ནོ། །དེ་ཡང་རྒྱུད་ལས་རྟེན་གསུམ་ལས་མ་གསུངས་ཀྱང། མན་ངག་གིས་ཁ་བསྐང་བའོ། །དེ་ཡང་རྒྱུད་གཞུང་འགའ་ལས་རྟེན་གཅིག་ཏུ་ཡང་གསུངས་ཏེ། དུས་འཁོར་ལས་ཀྱང་། ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་བ་ཡིས་བསྒྲད་པའི་མིག་གིས་བལྟ་བར་བྱ། །ཞེས་དང་། ཡུམ་ལས། དོན་འདི་གང་ཡིན་ནམ་མཁའ་ཉིད་ལ་བརྟགས་པས་གྱིས། །ཞེས་དང་། ཐལ་འགྱུར་ལས། ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། ཞེས་སོ། ། དེ་ལའང་ཕྱི་རྒྱན་གྱི་ནམ་མཁའ་ནི་འཆར་བའི་གོ་ཕྱེད་པ་ཙམ་མོ། ། ནང་གི་ནམ་མཁའ་ནི་མཐིང་ཀ་ཁྱབ་པ་ཆེན་པོའོ། །གསང་བའི་ནམ་མཁའ་ནི་སེམས་ཀྱི་སྟོང་ཆའོ། །དེས་ན་རྒྱན་གྱི་ཀློང་ནང་དབྱིངས་དང་། དེ་ལ་གཏད་པས་གསང་བ་ཀ་དག་བསམ་ངོ་ལས་འདས་པ་འཆར་བའོ། །རྟེན་གསུམ་དུ་འང་། ཀློང་གསལ་ལས། མིག་གཉིས་ཟུམ་བུའི་སུརྱར་བལྟ། །ཞེས་དང་། ནུབ་མོ་ཙནྡྲ་བལྟ་བར་བྱ། །སྐབས་སུ་བར་སྣང་རྐྱེན་བྲལ་བལྟ། །ཞེས་དང་། རབ་འབྱམས་ལས། ཟེར་གཉིས་དུས་སུ་ལྷག་པར་བལྟ། །ཞེས་དང་། ནམ་མཁའ་རྐྱེན་བྲལ་ཉིད་དུའོ། །ཞེས་སོ། ། མན་ངག་ཀྱང་ཡང་སྙིང་བཅུད་ཀྱི་དུམ་བུར། ། ཆོས་སྐུའི་རྟེན་ཉི་མ་ལ་བསླབས་པས། །དང་པོ་དཀར་ལོང་ལོང་དུ་སྣང་བའོ། །ཞེས་དང་། ལོངས་སྐུའི་བསླབ་ཐབས་ནི་ཙནྡྲ་སྟེ། ཞེས་དང་། སྤྲུལ་སྐུ་ནི་ཨ་ལོ་ཀེ་ལ་བསླབ་སྟེ། ཞེས་སོ། །ཡང་ལྔར་གསུངས་པའང་དེ་བཞིའི་སྟེང་དུ། ཁྲིད་པའི་ཐབས་གསུམ་ནི། མན་ཤེལ་ལ་བརྟེན་ནས་སློབ་པའི་དུས་ན། ཞེས་པས་རྟེན་ལྔ་བོ་བློ་བཟོའི་མིན་པར་ཤེས་སོ། ། འདིར་ནི་ཐལ་འགྱུར་སོགས་ཀྱི་དགོངས་པ་གཙོ་བོར་བཏོན་པ་ལས་གཞན་མེད་པ་ནི་མིན་ནོ། །
གསུམ་པ་ནི། རླུང་གི་གནད༴ དོར་རོ། །ཞེས་སོ། །འདིར་རླུང་གི་གནད་བཅད་པས་རིག་པ་ངང་གིས་དལ་བ་ལ་དགོངས་པ་དང་། སྔར་ཡིད་ཀྱི་གནད་བསྟན་པས་འདིར་རིག་གནད་བཟློས་པར་མ་མཛད་དོ། །དེ་ཡང་ལམ་གཞན་ནས་རླུང་དབུ་མར་གཟུང་བས་གྲོལ་བར་གསུངས་ཀྱང་དེ་ལ་དགོངས་གཞི་ལྷག་མ་ལུས་པ་ཡིན་གྱི་རང་བཞིན་དུ་དེར་ཆུད་ཀྱང་གཟུགས་མེད་པར་འདུ་བྱེད་པ་ཙམ་དུ་བས་པས་ན། འདིར་ལས་རླུང་རང་དག་ལ་བཏང་པས། སེམས་རིག་ནང་འཕྲད་ཀྱི་རིག་གདངས་རིག་པ་ལ་ཐིམ་ནས་འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་འཁྱིལ་བས་ད་ལྟ་ཉིད་ནས་ཡེ་ཤེས་བླ་མའི་ས་ལ་བརྟན་པ་ཐོབ་པས་གནད་རབ་ཏུ་ཟབ་པ་སྟེ། དེས་ན་རླུང་ཁ་ནས་གདོན་པ་དང་། དེ་ཡང་མཆུ་སོ་ཅུང་ཟད་མ་རེག་པའི་བར་དུ་ནས་འབྲུ་ཞིག་ཐར་བ་ཙམ་ནས་སྒྲ་མེད་དལ་བར་དབྱུང་བ་དང་། ནང་དུ་མ་འོང་གི་བར་ལ་རྟོག་པ་རང་བཞིན་གྱིས་ཆད་དེ། རིག་སྟོང་རང་བྱུང་གི་སྒྲོན་མའི་ངང་དུ་གནས་པས་ན་ཡུད་ཙམ་ཕྱིར་ལ་རིང་བར་བཟུང་བར་བྱ་བ་སྟེ། རབ་འབྱམས་ལས། རླུང་གནད་ཤིན་ཏུ་དལ་བར་བསླབས། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཡུད་ཙམ་ཕྱིར་ལ་འདུར་བར་བྱ། །སོ་ཡི་བར་དུ་ནས་ཐར་ཙམ། །ཞེས་དང་། ཀློང་གསལ་ལས། ཕྱི་ཡི་རླུང་ནི་དལ་ཞིང་སྙོམས། །ཡུད་ཙམ་ཕྱིར་ལ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་སོ། །དེ་ལྟར་རླུང་གི་འགྲོ་འོང་དལ་བས་ཚེ་རྒྱས་པ་དང་། ངག་གི་འདུ་བྱེད་ཟད་པར་ཡང་བྱེད་དོ། །འོན་ཀྱང་ལས་དང་པོ་པས་སོ་སོར་མ་བཤད་ན་འགངས་མི་གཤོགས་པས་རིག་གནད་ཀྱང་ལུ་གུ་རྒྱུད་དབྱིངས་ཀྱི་གོ་རར་བཟུང་བ་ལ། གནད་དུ་མིག་སྨིན་ཕྲག་ཏུ་འདྲིལ་བ་དང་། སེམས་དབྱིངས་རིག་ལ་མདུང་ཚུགས་སུ་གཏད་པ་སྟེ། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །ཞེས་དང་། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཡི་ནང་དུ་གཞུག་པར་བྱ། །ཞེས་སོ། །
གཉིས་པ་མངོན་སུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཆར་ཚུལ་བཤད་པ་ལ། གནས་སྐབས་པའི་གཞི་སྙིང་པོའི་རྒྱུད་ཀྱི་གནས་ལུགས། ལམ་འཆར་སྒོ་དང་བཅས་པ་ནས་ཕྱུང་ལུགས། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཁ་བསྐང་བ་གསུམ་ལས།
དང་པོ་ནི་དེའི་ངང་ལས༴ བཞུགས་པ་སྟེ། ཞེས། དེ་ལྟར་གནད་གསུམ་རྡོ་རྗེའི་ཆིངས་ཀྱིས་བཅིངས་ཏེ་བལྟར་བཅུག་པས། དོན་གྱི་ངོ་བོ་ཉིད་སྙིང་པོ་རང་བཞིན་གྱི་རྒྱུད་གནས་སྐབས་ཀྱི་གཞི་ལ་ནི་སྣང་སྟོང་གི་ཁྱབ་པ་གཉིས་སུ་ཡོད་པ་སྟེ། ཕྲེང་བ་ལས། སྟོང་བས་ཁྱབ་དང་སྣང་བས་ཁྱབ། ཁྱབ་པ་རྣམ་པ་གཉིས་སུ་བསྟན། །ཞེས་སོ། །དེ་ལས་སྟོང་པས་ཁྱབ་པ་ནི་སྔར་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་གྲུབ་ལ། འདིར་སྣང་བས་ཁྱབ་པ་ལྷ་སྐུའི་རྣམ་ཆ་ཉིད་ཇི་ལྟར་བཞུགས་པའི་ཚུལ་འཆད་པར་བྱ་སྟེ། དེ་ཡང་གཞིའི་དབྱིངས་རིག་རྩ་བར་བཟུང་ཏེ་བཤད་ན། གནས་སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་རྒྱལ་བ་ཐམས་ཅད་ཀྱི་སྐུའི་སྙིང་པོའི་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་འབྲས་ཆོས་མཐའ་དག་གི་རྟེན་བྱེད་པའི་ལུས་སམ་དབྱིངས་ལྟ་བུར་གནས་པ་ནི་ངོ་བོ་སྐུར་བཞུགས་པ་ཞེས་བྱའོ། །དེ་དང་འདུ་འབྲལ་མེད་པར་ལྷུན་གྲུབ་ཀྱི་ཡེ་གདངས་འབྱུང་བ་ཆེན་པོའི་ངོ་བོ་མི་ཤིགས་པའི་ཐིག་ལེ་རང་གསལ་སྣང་བ་ལྔ་ལྡན་དུ་རྫོགས་པ་ནི་རང་བཞིན་འོད་དུ་བཞུགས་པ་སྟེ། ཀློང་དྲུག་ལས། འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །ཞེས་དང་། ཐལ་འགྱུར་ལས། རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་སེར་དམར་ལྗང་མཐིང་ཀ་ནི། །མཚན་མ་རིས་ཅན་མ་ཡིན་ཏེ། །རིས་མེད་ཤེས་པའི་བབས་ལས་གྲུབ། །ཞེས་པ་ལྟར་རོ། །དེ་དག་གི་མཚན་དཔེ་མ་འདྲེས་སོ་སོར་ཞི་བ་བཞི་བཅུ་རྩ་གཉིས་ལ་སོགས་པའི་ཞལ་ཕྱག་གི་རྣམ་པར་བཞུགས་པ་ནི་ཐུགས་རྗེ་ཞལ་ཕྱག་ཏུ་གནས་པ་ཞེས་བྱ་སྟེ། རབ་འབྱམས་ལས། འོད་ཀྱི་ཁ་མིག་སྤྲུལ་པའི་སྐུ། །ཞེས་སོ། །དེ་དག་ཀྱང་ལུང་ཡེ་ཤེས་མར་མེའི་རྒྱུད་ལས། ཡེ་ཤེས་ལྔ་ནི་གཞི་ལ་གནས་པའི་ཡེ་ཤེས་ཞེས་བྱའོ། །འོད་ལྔ་ནི་མཚན་ཉིད་འཛིན་པའི་འོད་ཅེས་བྱའོ། །སྐུ་ལྔ་ནི་ཐུགས་རྗེ་སྤྲུལ་བའི་སྐུ་འོད་ཀྱི་ཁ་མིག་ཅན་ཞེས་བྱའོ། །ཞེས་པ་ལྟར་རོ། །གཞན་ཡང་གཞི་ལ་བཤད་པ། རབ་འབྱམས་ལས། ངོ་བོ་སྐུ་ལ་རང་བཞིན་འོད། །ཐུགས་རྗེ་རིག་པའི་ཡེ་ཤེས་སོ། །ཞེས་པས། ཐུགས་རྗེའི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་སྤངས་རྟོགས་ལ་བསྟན་པ་ཡང་ཡོད་དོ། །ཡང་གཟུགས་སྐུའི་ཕྱོགས་ལས་གཞི་ལམ་འབྲས་གསུམ་གྱི་དབྱིངས་རིག་གི་སྤྱི་དོན་དུ་བཤད་ནས་ནི། ཀློང་གསལ་ལས། ངོ་བོ་སྟོང་གསལ་སྐུ་རུ་གནས། ། རང་གཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་སྣང་། །ཞེས་པས། ངོ་བོ་སྐུར་བཞུགས་པས་སྙིང་ཀ་ན་གདངས་ཀྱི་སྐུ་ཞི་བ་དང་། དེའི་དབུ་རྒྱན་གྱི་ཚུལ་དུ་སྤྱི་བོ་ན་ཟེར་གྱི་སྐུ་ཁྲག་འཐུང་གི་ལྷ་ཚོགས་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས། རང་བཞིན་འོད་དུ་བཞུགས་པས་སྙིང་ཀའི་རིག་གདངས་ཕྱིར་འཕྲོས་པ་འོད་དང་། ཐིག་ལེའི་རང་བཞིན་དུ་ཁྱད་པར་ཆེན་པོའི་རྩ་བཞི་དང་དེའི་ཡང་ཕྲན་རྣམས་སུ་གནས། ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མ་འབར་བའི་རྣམ་པར་བྷྲི་ཀུ་ཏ་ན་སྨིན་པ་སྟེ། གནས་བཞི་ན་རྣམ་པ་ཡང་ཤེས་ཆེ་ཆུང་གིས་ཅུང་ཟད་མི་འདྲ་བར་བཞུགས་པར་བསྟན་པ་ནི། རྩལ་རྫོགས་ལས། གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགགས་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །ཞེས་དང་། རབ་འབྱམས་དང་ཕྲ་བཀོད་གཉིས་ལས། ཙིཏྟ་རིན་ཆེན་གཞལ་ཡས་དང་། འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། བྷྲི་ཀུ་ཏ་ཡི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། ། གསང་སྔགས་ཀུན་གྱི་གསང་ཆེན་གནས། ཞེས་དང་། རྩལ་རྫོགས་ལས། དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་བཞུགས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ན་འོད་ཟེར་ཚུལ་དུ་གནས། །ཀུན་ན་ལུ་གུ་རྒྱུད་དུ་བཞུགས། །ཞེས་དང་ཀློང་གསལ་ལས། སྙིང་དང་རྩ་དང་དུང་ཁང་དང་། །མིག་དང་བཞི་ཡི་གཞལ་ཡས་སུ། །ཡེ་ཤེས་ཆེན་པོ་དེ་ན་གནས། །ཞེས་དང་། ལུང་ཡེ་ཤེས་མར་མེ་དང་། སངས་རྒྱས་རང་ཆེས་པའི་རྒྱུད་དག་ལས། །སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་གི་ནང་ན་བཞུགས། སངས་རྒྱས་ཁྲོ་བོའི་སྐུ་རང་གི་གླད༼ ཀླད་དཔྱད། ༽པའི་ནང་ན་བཞུགས་སོ། ། ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ཡང་གཞི་ལམ་འབྲས་བུའི་སྒྲོན་མ་གསུམ་ཆར་ལའང་། སྐུ་འོད་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་ལས་རྣམ་པ་ཀུན་ཏུ་འདུ་འབྲལ་མེད་པས། གཞིའི་དབྱིངས་རིག་སྙིང་ཀའི་ངོ་བོ་སྐུ་སྔར་བཤད་པའི་ཆོས་སྐུ་ལའང་། ཆོས་སྐུའི་ལོངས་སྤྲུལ་དང་། ལོངས་སྤྲུལ་གྱི་ཆོས་སྐུ་དོན་གཅིག་པས། མི་ཤིགས་པའི་ཐིག་ལེ་དང་འོད་ཟེར་ལྔ། རླུང་རིག་ལྔའི་ཐུགས་རྗེ་སྟེ་སྐུ་རྣམས་ཡོད་པ་དང་ལམ་གྱི་དབྱིངས་རིག་ལོངས་སྐུའི་སྐུ་གསུམ་རྩ་ནང་གི་འོད་དང་ཐིག་ལེ་ལའང་། གསུང་མཁའ་འགྲོ་སྐུ་གྲངས་མེད་པ་ཡོད་པར་བདེ་མཆོག་དང་རབ་འབྱམས་ཀློང་གསལ་སོགས་ལས་གསུངས། སྤྲུལ་སྐུའི་སྐུ་གསུམ་འབྲས་བུ་ཡུལ་ལ་ཤར་བའི་དབྱིངས་རིག་ཐུགས་རྗེ་སྒྲོན་མ་ལའང་ཕྱི་ནང་གིས་ཕྱེ་བས་རྒྱང་ཞག་གི་རྩ་སྣ་དང་། ཕྱི་ཡུལ་ལའང་། ཐིག་ལེ་དབྱིངས། ལུ་གུ་རྒྱུད་སུམ་བརྩེགས་སུ་ཡོད་པ་ཡིན་པས། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོ་ཡེ་ཤེས་སུམ་བརྩེགས་ཏེ། ། ཞེས་རྩལ་རྫོགས་ལས་གསུངས་སོ། །འདི་དག་ལུས་ལ་གནས་པ་ལ་ལོག་པར་སྨྲ་བ་དེང་སང་མང་ཡང་། དེ་ནི་མ་རྟོགས་པའི་རྣམ་འགྱུར་ཏེ། རང་གཞན་ཀུན་གྱིས་རྒྱུད་རྣམ་དག་ཏུ་འདོད་པ། སམ་བྷུ་ཊི་ལས། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཡུང་དཀར་སྦོམ་པོའི་ཚད་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །ཞེས་དང་། དེ་ཡི་དབུས་ན་དཔའ་བོ་ནི། ། ཡུངས་དཀར་སྦོམ་པོའི་ཚད་ཙམ་སྟེ། །ཞེས་དང་། ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །འོད་ཟེར་ཆེན་པོ་འབར་བ་ཅན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང་། ཀྱེ་རྡོར་ལས། སྐྱེ་གནས་མགྲིན་པ་སྙིང་མགོར་ཡང་། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་པའང་ཆོས་ཉིད་ཀུན་ཏུ་འགྲོ་བ་ཙམ་ལ་མི་རུང་ངོ་། །དེས་ན་དེ་དག་གི་རྒྱུད་འདི་རྣམས་མ་མཐོང་བར་ཟད་དོ། །ལུང་གི་གནས་གཞན་རྒྱས་པར་སྒྲོན་མ་གསལ་རྒྱན་ལས་བསྟན་པས་དེར་བལྟའོ། །ལར་སྐུ་ཡིན་ན་ཁ་མིག་རྣ་བ་ཅན་དུ་སེམས་པ་ཡང་དཔྱིས་ཕྱིན་པའི་དགོངས་པ་མ་ལོན་པ་འདྲ་སྟེ། མཚུངས་པ་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུའི་མ་ངེས་པ་དང་། རྡོ་རྗེའི་གསུང་འདིར་ཆོས་སྐུའི་གནས་སྐབས་ལ་གསུངས་པར། ཐུགས་རྗེ་ཞལ་ཕྱག་གི་རྣམ་པ་ཞེས་པས་གསལ་བའི་ཕྱིར་རོ། །འོ་ན་དེ་ཡང་དབྱིངས་ནང་གསལ་གྱི་སྐུ་གསུམ་འདུ་འབྲལ་མེད་པའི་དོན་ཡིན་པ་དང་། རྒྱུད་ལས་ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཤད་པས་ཁ་མིག་རྣ་བ་མི་རུང་ངོ་སྙམ་ན། ལར་དེ་ཡང་མི་སྲིད་པ་མིན་པས། ཆོས་སྐུའི་སྤྲུལ་སྐུའི་གནས་སྐབས་ལ་དགོངས་ཏེ། ལུང་ཡེ་ཤེས་མར་མེའི་རྒྱུད་ལས། ཆོས་ཀྱི་སྐུ་ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་རྣ་བ་ཅན་དུ་བཞུགས་སོ། །ཞེས་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེན་པའི་ཆ་ནས་ཀྱང་གསུངས་ལ། འདིར་སྤྲུལ་སྐུའི་ཆོས་སྐུ་རྣམ་པ་རྟགས་ཀྱི་ཕྱག་རྒྱ་ལ་བརྗོད་དེ། རྒྱུད་དེ་ཉིད་དང་ཚིག་གསུམ་པའི་རྒྱུད་ལས། ཐུགས་རྗེ་སྤྲུལ་སྐུ་འོད་ཀྱི་ཁ་མིག་ཅན་ཞེས་བྱའོ། །ཞེས་མཐུན་པར་བྱུང་བ་ལ་མི་འགལ་བའི་དགོངས་པ་ལེན་ཚུལ་འཐད་པའི་ཕྱིར་རོ། །རྒྱུ་མཚན་དེ་དག་གི་དོན་གྱི་ངོ་བོར་སྐུར་བཞུགས་པ་ནི། སྐུ་ལས་འདས་པའི་ཡེ་གདངས་རྣམ་དག་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ངོ་བོ་མི་འགྱུར་སྐུར་བཞུགས་པ། །སྐུ་གསུམ་འདུ་འབྲལ་མེད་པ་ཡི། །ཐམས་ཅད་འཆར་བའི་གཞིར་གནས་ཏེ། །མཚན་མ་རིས་ཀྱི་ཞལ་ཕྱག་མེད། །ཅེས་དང་། ཁ་མིག་རྣ་བ་ཡོད་པ་ན། །གཟུགས་ཅན་ཡིད་ཙམ་གཉིས་པོ་སྲིད། །ཅེས་དང་ཐལ་འགྱུར་ལས། དེ་ཡང་ངོ་བོ་སྐུར་གནས་པའི། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེད་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །ཅེས་དང་ཀློང་དྲུག་པ་ལས། སྐུ་ལས་འདས་པའི་ཡེ་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །ཞེས་སོ། །འོན་ཀྱང་འདིར་ལྷ་སྐུའི་མཚན་མ་ལ་གསུང་བའི་ཕྱིར་འབྲེལ་འབྱུང་ལ་འོག་ཏུ་མིག་ནས་འཆར་རོ་ཞེས་པས་ཤེས་སོ་སྙམ་ན། དེ་ཡང་མ་ངེས་སྟེ་ནམ་མཁའ་སུམ་སྤྲུག་གི་དགོངས་པ་འབྲེལ་འབྱུང་དུ་ཤར་བར་བཤད་པ་དང་ཆོས་མཐུན་པ་དང་། མིག་མི་གཡོ་བར་དབྱིངས་ཐིག་ལ་བཞག་དུས། ནང་ཤེས་རབ་རང་བྱུང་གི་དགོངས་པ་འཆར་བའི་ཕྱིར་རོ། །གཞན་གཉིས་ཆོས་སྐུའི་ཕྱོགས་ལས་སྔར་བསྟན་པ་ཉིད་ཀྱིས་འཐུས་སོ། །དེ་ལྟར་སྐུ་འོད་ཡེ་ཤེས་སུམ་བརྩེགས་འདུ་འབྲལ་མེད་པའང་། སྟོང་བ་ཕྱོགས་ཆད་དུ་མ་སོང་བར་དབྱིངས་ལ་ཡེ་ཤེས་ཀྱི་བརྒྱན་པས་རང་གསལ། འོད་དངོས་པོ་མཚན་མ་རིས་ཅན་དུ་གྲུབ་པ་མ་ཡིན་པར་འབྱུང་བ་དྭངས་མའི་ངོ་བོ་ཉིད་དུ་གནས་པ་དང་། སྐུ་མཚན་མའི་ལུས་ལྔའི་དངོས་པོར་མ་གྲུབ་པའི་སྟོང་བ་སྟེ། ཡེ་ཤེས་ཀྱི་རང་སྣང་མ་འགགས་པར་ལྷམ་མེར་བཞུགས་པའོ། །མཚན་མའི་ལུས་ལྔ་ནི། རབ་འབྱམས་དང་ཡེ་ཤེས་མར་མེའི་རྒྱུད། ཚིག་རིས་མི་མཐུན་ཀྱང་དོན་ཀྱི་འགྲོས་མཐུན་པར། གདོས་བཅས་ཤ་ཁྲག་ལུས་ཀྱིས་སྟོང་༡། །འགྱུ་བྱེད་ཡིད་ཀྱི་ལུས་ཀྱིས་སྟོང་༢། །དམིགས་བཅས་ཏིང་འཛིན་ལུས་ཀྱིས་སྟོང་༣། །དཔྱོད་བྱེད་༤ཤེས་རབ་འོད་ལུས་༥སྟོང་། ། ཞེས་སོ། །
གཉིས་པ་ནི། སྙིང་ལས༴ ནས། འཆར་རོའི་བར། འདི་ལ་ནང་གསེས་ཀྱིས་དབྱེ་ན། གང་ལས་འཐོན་པའི་ལམ། གང་ལ་འཆར་བའི་སྒོ་གཉིས་ཡོད་དེ། སྒྲོན་མ་སྣང་བྱེད་ལས། རིག་པའི་ལམ་ནི་རྩ་ཡིན་པས། །ཐིག་ལེ་ཉག་གཅིག་རྩ་ནས་འགྱུ། །རིག་པའི་སྒོ་ནི་མིག་ཡིན་པས། །ལྟ་བ་ཁྱབ་ཆེན་མིག་ནས་འཆར། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ལམ་ནི་རྩ་བཞི་འགྱུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་གཉིས་སོ། །ཞེས་སོ། །
དང་པོ་ནི། དེ་ཡང་ཐོག་མར་མངའ་འཛིན་པའི་དུས་སུ་ཕ་མའི་དྭངས་མ་གཉིས་དང་། བར་དོའི་རླུང་སེམས་གཉིས་ཏེ་བཞི་པོ་འདྲེས་པ་ལས་སྔ་མ་གཉིས་དང་སེམས་ཀྱི་བག་ཆགས་ལས་ཀུན་རྫོབ་པའི་འབྱུང་བ་བཞིའི་རྒྱུ་རྐྱེན་བསྐྱེད་བསྡུད་ཀྱི་ལས་བྱེད་ལ། རླུང་སེམས་ཀྱི་དྭངས་མས་མྱ་ངན་ལས་འདས་པའི་རྒྱུ། སྐུ་འོད་ཡེ་ཤེས་ཐིག་ལེ་སྟེ་དོན་དམ་པའི་འབྱུང་བ་ལྔའི་རང་བཞིན་དུ་ཡོད་པའི་གནད་ཀྱིས་ཡེ་ཤེས་ཀྱི་ཆ་བསྐྱེད་པས་ན། རྩ་གར་ཡོད་དུ་རླུང་། རླུང་གར་ཡོད་དུ་ཐིག་ལེ། དེ་དག་ལ་མ་དག་པའི་སེམས་ཀྱི་ཆས་ཁྱབ་པ་དང་། དེ་ཐམས་ཅད་གར་ཡོད་དུ། རྩ་ཐིག་རླུང་སེམས་ཀྱི་ཡེ་ཤེས་སེམས་དཔའ་ཕྲ་བའི་སྒོ་གསུམ་མི་ཤིགས་པའི་ངོ་བོར་བཞུགས་པ་སྤྱིར་བཏང་གི་འཐད་པ་ལ། ཁྱད་པར་དུ་དཀར་དམར་རླུང་སེམས་འདྲེས་པའི་ཐིག་ལེ་ཤིན་ཏུ་ཕྲ་བ་ཉུང་འབྲུའི་ཆ་ཙམ་གྱི་འབྱུང་བ་དང་། ཡེ་ཤེས་ཀྱི་སྤྱན་གྱི་ངོ་བོ་མིག་ཆུང་གཉིས་དྭངས་སྙིགས་ཀྱི་ཚུལ་གྱི་ཕྱི་ནང་དུ་ཆགས་པ། འབྱུང་བ་སྨིན་བསྡུད་སོ་སོའི་སྟོབས་ཀྱི་རྒྱས་ནས། མངལ་དང་ཕྱི་རོལ་དུ་ཟླ་བ་ཁ་ཤས་སུ། རྩ་དབུ་རྐྱང་རོ་གསུམ་དང། དེའི་རིགས་འཛིན་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཆགས་པ་དང་། ཡེ་ཤེས་ཀྱི་རྩ་ཀ་ཏི་གསེར་གྱི་སྦུ་གུ་ཅན་དང་། དེའི་ཡལ་ཀ་ཁྱད་པར་ཆེན་པོའི་རྩ་བཞི། དེ་ལས་ཡང་ཕྲན་རྩ་སྙིགས་མ་གར་ཡོད་དུ་ཁྱབ་པར་ཆགས་པ་ལས། མ་དག་པའི་རྩ་ནི་འདིར་སྒྲོན་མའི་ལམ་མིན་པས་རེ་ཞིག་བཏང་སྙོམས་སུ་བཞག་ནས། ཕྱི་མའི་རྣམ་པར་ངེས་པ་ཅུང་ཟད་བརྗོད་དེ། དེ་ཡང་སྙིང་ཀའི་དབུས་སུ་ཀ་ཏི་གསེར་གྱི་རྩ་ཆེན་པོ་ཡོད་ལ། དབུ་མའི་ནང་དུ་བརྒྱུད་དེ་སྟོང་བ་རང་གྲོལ་ཚངས་པའི་བུ་ག་ལ་ཟུག །དར་དཀར་སྣལ་མ་མིག་གཡས་དང་། ཕྲ་ལ་འཁྲིལ་བ་གཡོན་དུ་རྩེ་ཆུང་ནས་བརྒྱུད་དེ་སོང་ནས་མིག་གཡོན་དུ་ཟུག །ཤེལ་སྦུག་ཅན་ནི་སྲོག་རྩར་ལམ་ཕྱུང་དེ་ཆགས་སོ། །དེ་དག་ཀྱང་གསེར་རྩ་ཉིད་སྙིང་ཀ་ནས་དབུ་མར་འབྲེལ་བ་ལས། དབུ་མའི་རྩ་འཁོར་གྱི་དབུས་ནས་སོར་བཞི་ཡར་བཅད་པའི་ས་རུ་དབུ་མ་དང་བཅས་པ་རྩེ་མོ་གསུམ་དུ་གྱེས་པའི་ཡར་རྩེ་གསུམ་དང་། ༼ དར་དཀར། རང་གྲོལ། ཕྲ་འཁྲིལ། མཆན། ༽གསེར་རྩ་ལས་སྲོག་རྩར་འབྲེལ་བ་སྟེ། ༼ ཤེལ་སྦུག །མཆན། ༽རྩ་བ་གཅིག་ཡལ་ག་ལྔར་གྱེས་པ་སོ་སོར་བསྒྲང་བ་དང་། མ་ཟད་སྙིང་གའི་འཁོར་ལོའི་དབུས་མན་ཆད་ནས་སྒབ་ཀྱི་རྩ་ཆེན་སྔར་བསྟན་པ་ལྟར་གྱི་གཞིའི་ཐིག་ལེ་བཟང་པོའི་སྒྲོན་བཞི་དང་བཅས་པ། ཕྲ་ལ་འཁྲིལ་ནི་འཁོར་ལོ་སོ་སོའི་དབུས་ཀྱི་ཆ་དང་མིག་གཡོན་ན་གནས་པ་སྟེ། དེ་དག་ཏུ་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་སྣང་བ་སྣ་ཚོགས་པ་བཞུགས། ཤེལ་སྦུག་ཅན་ན་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཚད་ཕེབས་ཀྱི་འཆར་གཞི་དང་བཅས་ཏེ་གནས་སོ། །དེ་དག་གི་ཡང་ཕྲན་རྣམས་སུ། ཡེ་ཤེས་སུམ་བརྩེགས་ཀྱི་རྣམ་པས་ཁྱབ་པའང་འདྲེས་དེའི་ཤེས་སོ། དེའི་ནང་ནས་ཀྱང་ལམ་ཉམས་སུ་ལེན་པའི་དུས་སུ་ནི་དར་དཀར་དང་ཕྲ་ལ་འཁྲིལ་ནས་བརྒྱུད་དེ་ཡེ་ཤེས་ཡུལ་ལ་སྣང་བ་ཡིན་ནའང་། རང་བཞིན་དུ་ཤེལ་གྱི་སྦུ་གུ་ཕྱི་གསལ་ནང་གསལ་དུ་རྣམ་པ་ཐམས་ཅད་འཆར་བ་བཞིན། ཐམས། ༼ རྩ་ལྔ་ཀའི་ནང་གི་གཞི་ལམ་འབྲས་བུའི་དབྱིངས་རིག །མཆན། ༽ཅད་ཀྱི་གདངས་འཆར་པའང་མི་ཁེགས་སོ། །འོ་ན་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཞེས་པ་ཅི་ཡིན་སྙམ་ན། རྩ་འཁོར་གྱི་སྙིང་ཀ་ནས་ཞེས་པའི་དོན་ཏོ། །འདི་དག་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ཉིད་ཡིན་ནོ། །དེ་དག་ཀྱང་སྒྲོན་མ་འབར་བ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ན། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་ཤེལ་གྱི་རྩ་ཆེན་དང་། ། དར་དཀར་སྣལ་མ་ལྟ་བུ་དང་། །ཕྲ་ལ་འཁྲིལ་དང་ཤེལ་སྦུག་ཅན། ། འདི་བཞིའི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། ། འབྱུང་དང་འཇུག་དང་རང་ཤར་དང་། །སྣང་བ་ཡིས་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། ། ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། ། བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། ། ཞེས་དང་། རང་ཤར་ལས། ཀ་ཏི་གསེར་གྱི་རྩ་ཆེན་དང་། །ཤེལ་གྱི་སྦུ་གུ་ཁོག་པ་སྟོང་། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །སྟོང་པ་རང་གྲོལ་རྩ་ཆེན་པོ། །ཞེས་དང་། །རབ་འབྱམས་ལས། ཀ་ཏི་གསེར་གྱི་རྩ་ཆེན་དང་། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །ཤེལ་སྦུག་ཅན་བཞིའི་ནང་ན་ནི། ། རང་གནས་སུས་ཀྱང་བྱས་པ་མེད། །ཅེས་དང་། རང་ཤར་ལས། དེ་ཡང་སྒོ་བཞི་རང་སྣང་རྩ། །དེ་ལས་ལམ་བྱུང་དྷུ་ཏིར་ཐིམ། །དྷུ་ཏིའི་ནང་ནས་འོད་འཕྲོས་ཏེ། །སྒལ་ཚིག་གཡས་ནས་ལམ་བྱུང་སྟེ། །རྩེ་ཆུང་ནས་ནི་དུང་ཁང་ཐིམ། །དེ་ལས་འོད་འཕྲོས་སྒྲོན་མ་བཞི། །མ་འགག་ནམ་མཁའ་སྟོང་བ་ལ། །སེང་ངེ་སལ་ལེ་འོད་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་སྣང་། །ཞེས་སོ། །འདིར་དེ་དག་ལས་ཡུལ་ལ་མངོན་གྱུར་དུ་འཆར་བའི་རྩ་གཙོ་བོར་བསྟན་ཏེ། འཕྲོ་གཞི་སྙིང་ལས་རྩ་བ་མེན་གྱི་རྭ་ལྟ་བུ་དར་དཀར་གྱི་སྐུད་པ་ཙམ་ཞེས་དར་དཀར་དང་ཕྲ་ལ་འཁྲིལ་ཙམ་བཤད་པའང་། ཀློང་གསལ་ལས། ཁྱེད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མེན་རྭ་ཡི་ཁ། །དབང་པོ་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །ཞེས་པ་ལྟར་རོ། །
གཉིས་པ་སྒོ་ནི་མིག་གཉིས་ཏེ། སྔར་གྱི་འོད་རྩ་གཉིས་ཀྱི་རྩ་སྣེ་ཟུག་པ་ལས་སྣང་བ་ནི། དཔེར་ན་བུམ་ནང་གི་མར་མེ་ལྟ་བུ་གཞིའི་དབྱིངས་རིག་དང་། དེ་སྙིང་ཀ་ན་གནས་པའི་འོད་བུམ་པའི་མགྲིན་པ་ལྟ་བུའི་རྩ་བཞི་ནས་ཁྱབ་ཅིང་སྣང་བ་ལམ་གྱི་དབྱིངས་རིག་བུམ་པའི་ཁའི་བུ་ག་ནས་ཕྱིར་དོན་ཏེ་སྣང་བ་ལྟ་བུ་འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་རིག་སྟེ། དེ་ཉིད་འཆར་བའི་བུ་ག་ལྟ་བུ་ནི་མིག་གཉིས་ཡིན་པས། ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་ཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་མཐོང་། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། སྒོ་ནི་མཐོང་བྱེད་མིག་གི་སྒོ། །ཞེས་དང་། ཀློང་གསལ་ལས། ཡེ་ཤེས་འཆར་བའི་སྒོ་ནི་མིག །ཞེས་སོ། །
དེ་ལའང་ཅུང་ཟད་སྤྲོས་ན། རྒྱང་ཞགས་ཀྱི་ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། མཚོན་དཔེ། ཇི་ལྟར་གོམས་པའི་གནད་དོ། །
དང་པོ་ནི། དག་མ་དག་གི་སྣང་བ་གཉིས་ཀྱི་ཆ་འཛིན་པའི་འཁོར་འདས་མཐུན་པའི་ལྟ་བ་སྟེ། རབ་འབྱམས་ལས། ངོ་བོ་སྣང་བ་གཉིས་ཀ་སྡུད། །ཅེས་དང་། སྒྲོན་མ་འབར་བ་ལས། གཉིས་ཀྱི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །
གཉིས་པ་ནི། རྟོགས་ན་དག་སྣང་རྒྱང་ནས་འཛིན་ཅིང་། འཁྲུལ་སྣང་རྒྱང་དུ་འཕེན་པ་དང་། སྣང་བ་གཉིས་ཀ་འཛིན་པའི་ཞགས་པ་དང་ཆོས་མཚུངས་པ་དང་། དབང་པོའི་མཐོང་བ་ཅེར་གྲོལ་དུ་ཡོད་པས་སྣང་བས་མ་གོས་པས་ཆུ། སྒྲོན་མ་ཀུན་འདི་ལ་གསལ་བས་དང་། འདིའི་གསལ་བས་སྒྲོན་མ་ཞེས་བྱ་སྟེ། རབ་འབྱམས་ལས། རྒྱང་ནི་རིག་པའི་སྐུ་མཐོང་སྟེ། །གཟུགས་སོགས་འདོད་དོན་ལྔ་པོ་ཀུན། །འདི་ཡིས་འཆིང་པས་ཞགས་པ་ཡིན། །སྣང་བ་རང་སར་བཞག་ནས་ནི། །བདག་འཛིན་བྲལ་བའི་ཆུ་ཞེས་བྱ། །སྒྲོན་མ་རང་གི་སྣང་བ་གསལ། །གོང་ནས་གོང་དུ་འཕེལ་བར་སྟོན། །དབྱིངས་རིག་འདྲེས་པས་མ་ཞེས་བྱ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རྒྱངས་ནི་རིང་པོའི་རྒྱུད་འཛིན་པས། ། གཟུགས་སོགས་སྣང་བ་འཛིན་པ་དང་། ཁ་དོག་ལ་སོགས་སྡུད་པ་དང་། །རིག་པའི་སྐུ་ཡང་རྒྱངས་རིང་ནས། །མཐོང་བྱེད་འཛིན་པར་བྱེད་པ་དང་། །འཁོར་བར་རྟོགས་པའི་ཆ་ནས་ནི། །རྒྱངས་སུ་འཕེན་པས་རྒྱངས་ཞེས་བྱ། །དེ་བཞིན་མ་རྟོགས་ཆ་ནས་ནི། །མྱང་འདས་འཕེན་པས་རྒྱངས་ཡིན་ནོ། །ཞེས་དང་། ཞགས་པས་བཟུང་བའི་ཡུལ་ཉིད་ནི། །འཛིན་པའི་སེམས་ཀྱི་རྣམ་པར་བཟུང་། །ཞེས་སོགས་བསྟན་པ་ལྟར་རོ། །
གསུམ་པ་ནི། །འབྱུང་བ་འདུས་པའི་དྭངས་མ་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ། །དབང་པོ་འདུས་པའི་རྒྱང་ཞགས་མིག་གི་དབང་པོ་གཟུགས་འཛིན་ནུས་སུ་སྐྱེས་པ། ཡེ་ཤེས་འདུས་པའི་རྒྱངས་ཞགས་སྔར་གྱི་དྭངས་མའི་རྩ་གཉིས་ཀྱི་ཡར་སྣ་འོད་གསལ་མཐོང་བྱེད་དེ་གསུམ་མོ། །དེ་ཡང་རབ་འབྱམས་ལས། དབྱེ་ན་རྒྱངས་ཞགས་ཆུ་སྒྲོན་དང་། ། ཡེ་ཤེས་འདུས་པའི་རྒྱངས་ཞགས་དང་། །དབང་པོ་འདུས་པའི་རྒྱངས་ཞགས་སོ། །ཞེས་དང་། སྒྲོན་མ་འབར་བར། འབྱུང་བའི་དྭངས་མ་རང་འདུས་པའི། །རྒྱངས་ཞགས་ཆུ་ཡི་སྒྲོན་མ་དང་། །ཡེ་ཤེས་འདུས་པའི་རྒྱངས་ཞགས་དང་། །དབང་པོ་འདུས་པས་རྒྱངས་ཞག་གོ །ཞེས་སོ། །
བཞི་པ་ནི། སྤྱིའི་མཚན་ཉིད་གཟུགས་སྣང་འཛིན་ནུས། ཡེ་ཤེས་འདུས་པའི་ཁྱད་པར་གྱི་མཚན་ཉིད་འཁྲུལ་སྣང་འགགས་ལ་དག་སྣང་མཐོང་བ་སྟེ། རབ་འབྱམས་ལས། མཚན་ཉིད་འཆར་བྱེད་མ་འགགས་པས། །ཞེས་དང་། སྒྲོན་འབར་ལས། རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལས་ནི་འཕེན་པ་དང་། །སྡུད་དང་འཛིན་དང་མཆེད་པར་སྣང་། །ཡེ་ཤེས་ལས་ནི་ལྟ་བ་དང་། །གནས་དང་གོང་མ་འཛིན་པའོ། །ཞེས་སོ། །
ལྔ་པ་ནི། ལྕགས་ཀྱུ་ལྟར་གང་སྣང་གི་སྣ་ནས་འཛིན་པ་སྟེ། ཕྲེང་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ལྟར། ཞེས་དང་། རབ་འབྱམས་ལས། མཐུན་དཔེ་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་འདས་སྣ་གཉིས་འདི་ཡི་འཛིན། །ཞེས་དང་། སྒྲོན་འབར་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་དང་མྱ་ངན་འདས་པ་ཡི། །སྣ་གཉིས་འདི་ཡི་འཛིན་པར་བྱེད། །ཅེས་སོ། །
དྲུག་པ་ནི། མིག་མི་འགུལ་བར་ལྟ་སྟངས་གསུམ་ལ་བསླབ་པས། ། དབྱིངས་རིག་ཅུར་འབྱིན་དུ་སྣང་བས། སྒྲོན་འབར་ལས། རྒྱངས་ཞགས་འགུལ་བ་མེད་པའི་གནད། །འདི་དུས་ལྟ་སྟངས་གསུམ་ལ་སྦྱར། །ཞེས་སོ། །དེ་ལྟར་བལྟས་པས་མིག་གཡས་ནས་རྒྱངས་ཞགས་ཆུའི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པ་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར། །དབུས་སྟོང་བ་རང་གྲོལ་ནས་རིག་པ་རྟོག་མེད་ལུ་གུ་རྒྱུད་ཀྱི་སྐུ་དང་། སྲོག་རྩར་ཤེལ་སྦུགས་ལས་དེའི་ངོ་བོ་ཡེ་ཤེས་ཀྱི་རང་གདངས་འཆར། གསེར་རྩ་ནས་དེ་དག་གི་རྣམ་པ་གཏོད་པ་སྟེ། ཕྲེང་བ་ལས་འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་སྒོ། །སྒྲོན་མ་འབར་པའི་ཚུལ་དུ་སྣང་། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། ཤེས་རབ་རང་བྱུང་ཉིད་དང་ཡང་། །རྒྱངས་ཞགས་ཆུ་ཡི་སྒྲོན་མ་ནི། །སེམས་ཅན་ཀུན་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་གསལ། །ཞེས་སོ། །གཞན་ཡང་ཤེལ་སྦུག་གི་ཆ་ཤས་དབང་པོ་ཐམས་ཅད་ལ་ཟུག་པ་ལས་ཀྱང་སྣང་ཡང་། ཁྱབ་ལ་མི་སྣང་བའི་སྒོ་ཞེས་བྱ་ལ། མིག་གཉིས་ནི་ཡེ་ཤེས་མངོན་གྱུར་གྱི་སྒོ་ཡིན་པས་འདིར་དེ་གཙོ་ཆེར་བཤད་དེ། ཐལ་འགྱུར་ལས། གཅིག་ལ་ཡལ་ཀ་ལྔ་ཡོད་པ། །སོ་སོའི་དབང་པོའི་སྒོ་ལ་སྣང་། །ཞེས་དང་། རབ་འབྱམས་ལས། ཁྱབ་ལ་མི་སྣང་སྒོ་དང་མངོན་གྱུར་སྒོ། །ཞེས་སོ། །དེས་ན་མིག་གཉིས་ལས་ཡུལ་ནམ་མཁའ་ལ་འཆར་རོ། །
གསུམ་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ། ལྟ་བསྒོམ་སྤྱོད་འབྲས་རྒྱུན་བྱེད་བཞིའི་རྣམ་འབྱོར་དུ་བྱ་བ་དང་། ཅོག་བཞག་རྣམ་པ་བཞིའི་ཐབས་ཀྱིས་ཉམས་སུ་བླང་བ། ཉིན་མཚན་ཁ་སྦྱོར་དུ་འོད་གསལ་སྐྱོངས་ཚུལ། བར་སྐབས་འཆི་སྦྱངས་བྱེད་པའི་ཚུལ་དང་བཞིའོ། །
དང་པོ་ནི། ཕྱི་ལུ་གུ་རྒྱུད་ཀྱི་སྣང་བ་དང་། ནང་དེའི་དུས་ཀྱིས་སྙེམས་བྱེད་ཀ་ནས་དག་པའི་རིག་པའི་ངང་ལ་བལྟ་བ་དང་། ལུག་རྒྱུད་དབྱིངས་ཀྱི་གོ་བར་དུ་བཟུང་ནས་འགུལ་འཕྲིག་མེད་པར་མཁའ་ལ་དབྱུངས་བས་ཉམས་སུ་བླང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལོངས་སྤྱོད་པ་དང་། སྤངས་ཐོབ་རེ་དོགས་མེད་པར་ལྷུན་གྲུབ་རང་ཆས་སུ་རྟོགས་པའི་གདེང་གིས་ཉམས་སུ་བླང་བའོ། །དེ་དག་ཀྱང་རབ་འབྱམས་ལས། ལྟ་བའི་དོན་ནི་ལུ་གུ་རྒྱུད། །ཆོས་ཅན་ལྟ་བ་གྲངས་མང་ཡང་། །ཆོས་ཉིད་ལྟ་བ་གཅིག་ལས་མེད། །ལྟ་བ་རྒྱུན་གྱི་རྣལ་འབྱོར་བས། །དེ་ཡི་དོན་ལ་འགྱུར་མེད་བལྟ། །ཞེས་དང་། ཕྲ་བཀོད་ལས། ལྟ་བ་རྒྱུན་གྱི་རྣལ་འབྱོར་བས། །དེ་ཡི་དོན་ལ་འགྱུར་མེད་བལྟ། །ཞེས་དང་། ཡང་ལུ་གུ་རྒྱུད་དང་མ་བྲལ་ན། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་རྫོགས། །ཞེས་རབ་འབྱམས་དང་ཕྲ་བཀོད་གཉིས་ལས་གསུང་སོ། །ཡང་ཕྲ་བཀོད་ལས། ལུ་གུ་རྒྱུད་ཀྱི་ངོ་བོ་དང་། །དུས་བཞི་ཀུན་ཏུ་མ་བྲལ་ན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་དང་། རབ་འབྱམས་ལས། རང་རིག་རྒྱུ་རྐྱེན་མེད་པ་ལ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་རྫོགས་ཞེས་པ་དག་གི་ལྟར་རོ། །
གཉིས་པ་ནི། དབྱིངས་རིག་ལ་མཉམ་པར་བཞག་དུས་ཁྲེགས་ཆོད་ཀྱི་ལྟ་དགོངས་རང་ཤར་བ་ཤེས་རབ་རང་བྱུང་གི་སྒྲོན་མ་ལས་འཕོ་འགྱུར་མེད་པར་གནས་པ་རི་བོ་ཅོག་བཞག །མིག་ཆུའི་སྒྲོན་མ་ཡུལ་ལས་མི་གཡོ་བར་བལྟ་བ་དང་། དེའི་དབྱིངས་ཐིག་ཤར་དུས། སེམས་དགགས་སྒྲུབ་གཟུང་འཛིན་གྱི་རྣམ་རྟོག་གི་རྦ་རླབས་ལྟ་བུ་མཐའ་དག་གིས་མ་རྙོགས་པར་རང་དྭངས་སུ་བསྐྱང་བ་རྒྱ་མཚོ་ཅོག་བཞག །འབྱུང་ཆེན་ནང་གི་རང་གདངས་ལ་དག་གྲོལ་ངེས་འབྱིན། རེ་དོགས། བྱིང་རྒོད། བསལ་བཞག །ཉམས་ཆགས་ཀྱི་ཞེན་པ་སོགས་མེད་པར་འཇོག་པ་སྣང་བ་ཅེར་བཞག ། མིག་ཡུད་ཙམ་མནན་ནས་དབྱིངས་ཐིག་གི་གོ་རར་ལུག་རྒྱུད་ཨར་ལ་གཏད་པ་ནི་རིག་པ་ཅོག་བཞག་ཞེས་བྱ་སྟེ་རྣལ་འབྱོར་བཞིའི་ངང་ལ་གནས་དུས་ཐབས་བཞིའི་སྒོ་ནས་སྐྱོངས་བ་འདི་གནད་གལ་བོ་ཆེ་ཡིན་པས་ན། ཡི་གེ་མེད་པ་ལས། སངས་རྒྱས་རྣམས་ཀྱི་མཛད་སྤྱོད་ནི། །ཅོག་བཞག་བཞི་ལས་གཡོ་བ་མེད། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ནི། །དེ་ལས་མེད་པ་ང་ཡིས་བསྟན། །ཞེས་སོ། །སྒྲོན་མ་བཞིའི་བྱེ་བྲག་གི་ཉམས་ལེན་བསྐྱངས་ཚུལ་གྱི་གནད་ནི་སོ་སོའི་ཐད་དུ་ཅུད་ཟད་འཆད་པས་འདིར་མི་སྤྲོའི། །
གསུམ་པ་ལ། གཉིད་འོད་གསལ་དུ་སྦ་བ། ཤེས་བྱ་བུམ་པར་བསྡུ་བ། ཐོ་རངས་འབྱུང་ཁམས་དག་སྦྱོར་རོ། །དེ་ཡང་གཏུམ་མོ་དང་། འཇུ་འདུལ་གྱི་རྒྱུན་དང་། ཨ་ཉེར་གཅིག་གི་བསྡུ་རིམ་བྱས་ནས། ཐ་མའི་ཨ་ལ་ཀུན་གྱི་འོད་འབར་བའི་ངེས་ཤེས་བཟུང་ནས་འོད་ལ་སེམས་འཛིན་པ་དང་། འབྱུང་བ་སོ་སོའི་དག་སྦྱོར་གཞན་བྱུང་ལྟར་བྱས་ཀྱང་ཅུང་ཟད་འདྲ་ཡང་།རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཁྱད་པར་བ་ནི་འདི་ཡིན་ཏེ།
དང་པོ་ནི། ལྟེ་བར་ཐིག་ལེ་སྟོང་པའི་སྒྲོན་མ་ཁ་དོག་ལྔ་ལྡན་གསལ་འཚེར་འོད་འབར་བའི་རང་བཞིན་ཅན་ཞིག་བསྒོམ། དེའི་འོད་ཀྱིས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཞུ་ནས་འཇའ་ལུས་ཟང་ཐལ་ཆེན་པོར་གྱུར་བའི་ལྟེ་བར་ཐིག་ལེ་གསལ་བ་ལ་སེམས་བཟུང་བའང་། དུམ་དུམ་ཁྲིག་གི་མན་ངག་ལས། སྲོད་ལ་བསྐྱེད་བྱེད་ཀྱི་ཙཀྲའི་ལྟེ་བར་ཤེས་པ་བཅུག ། དྲན་པའི་རྒྱུན་འགགས་པར་བྱེད་པའི་གནད་དོ། །ཅེས་སོ། །
གཉིས་པ་ནི། མ་དག་པའི་རྩ་ཐིག་ཐམས་ཅད་དག་པའི་རྩ་རླུང་ཐིག་ལེ་ལ་བསྡུས་ནས། དེ་དག་གི་ཡེ་ཤེས་སེམས་དཔའ་དག་པའི་སྐུ་འོད་ཐིག་ལེ་དང་བཅས་པས་ཚུར་སྙིང་དབུས་གཞོན་ནུ་བུམ་པའི་སྐུའི་གནས་ཀྱི་གཞིའི་དབྱིངས་རིག་ལ་བསྡུས་ཤིང་། །གཞིའི་སྐུ་གསུང་ཐུགས་ཀྱི་བདེ་ཆེན་རོ་གཅིག་པའི་མི་ཤིག་པའི་ཐིག་ལེ་སྟོང་སྒྲོན་ལ་སེམས་གཏད་དེ་གཉིད་པས། འཁོར་འདས་ཀྱི་འཛིན་རྟོག་ཆོས་ཉིད་དུ་གྲོལ་ནས་ཐིག་ལེ་ཆེན་པོ་ཆོས་དབྱིངས་ཀྱི་འོད་གསལ་ལ་རྣལ་དུ་འབྱོར་བའི་ཐབས་སོ། །དེ་ཡང་སྒྲོན་མ་སྣང་བྱེད་ལས། མཚན་དུས་ཤེས་བྱ་བུམ་པར་བསྡུ། །ཤེས་པ་ཉིད་ནི་སྙིང་ལ་བསྡུ། །སྒྲོན་མི་ཙིཏྟའི་དཀྱིལ་དུ་བརྟེན་། །ཐིག་ལེ་རྩ་ཡི་ནང་དུ་སྦ། །དེས་ནི་ཡེ་ཤེས་ནང་ན་གསལ། །ཞེས་སོ། །
གསུམ་པ་ནི། རང་གི་སྙིང་གར་ཨ་གསལ་ཏེ་ཨ་ལས་སྤྲོ་བསྡུའི་འཇུ་འདུལ་གྱི་སྣོད་བཅུད་ཐམས་ཅད་ཨཱའི་རང་བཞིན་དུ་ཞུ་བའམ། ཡང་ན་རང་གི་སྙིང་ཀའི་ཐིག་ལེ་ལས་གཉིས་པ་ཞིག །གཞི་ལས་གཞི་སྣང་གི་ཚུལ་དུ་སྨིན་མཚམས་མདའ་གང་ཙམ་གྱི་ཐད་དུ་ཆད་དེ། དེ་ལས་འོད་འཕྲོས་པས་འོད་ལྔ་ལ་བདག་ཏུ་བཟུང་ནས་གཟུགས་བརྙན་གྱི་འོད་དུ་སྣང་བས་འབྱུང་བའི་དབྱིངས་ཐམས་ཅད་ཁྱབ་པས། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་ནས་ཐིག་ལེ་ལ་བསྡུ་བ་ནི། རྣམ་སྨིན་བག་ཆགས་ཀྱི་སྦུབས། ཡེ་ཤེས་སྒྱུ་མའི་སྦུབས་སམ་གཟུགས་སྐུ་ལ་དག་པའི་ཐབས་སོ། །སླར་སྨིན་མཚམས་ཀྱི་དེ་ཡང་། གཞི་སྣང་གཞི་ལ་བསྡུ་བའམ། གཟུགས་སྐུ་ཆོས་སྐུ། བསྐྱེད་རིམ་རྫོགས་རིམ་ལ་བསྡུ་བའི་ཚུལ་གྱིས་སྙིང་ཀའི་ཐིག་ལེ་ལ་བསྡུ་བ་ནི་ཡེ་ཤེས་ཀྱི་སྦུབས་རིན་པོ་ཆེའི་སྦུབས་སུ་དག་པའི་ཐབས་སུ་གྱུར་བའོ། །དེ་དག་གིས་འབྱུང་ཆུང་ངམ་ཕྱི་འབྱུང་ཉིད་ནང་འབྱུང་ངམ་འབྱུང་ཆེན་ངོ་བོའི་སྐུར་གྲོལ་བའི་གནད་དོ། །ཀློང་དྲུག་པའི་རྒྱུད་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། །འདི་ལྟར་མཚན་མོའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པས་སྤྱོད། །འདིས་ནི་སྣང་བ་རང་རྒྱས་ཐེབ། །ཞེས་པའི་དོན་ཏོ། །
བཞི་པ་ནི། བར་སྐབས་སུ་ནམ་མཁའ་རྣམ་པར་དག་པ་ཕྱི་ནང་སུམ་སྤྲུག་གི་དགོངས་པ་ལ་མཉམ་པར་བཞག་ནས། བདག་ནི་འཆི་བའི་དུས་ལ་བབས་ནས་གཞིའི་འོད་གསལ་འདི་ཤར་བ་ཡིན་པས་འདིའི་ངང་དུ་བཙན་ས་བཟུང་ནས་མྱ་ངན་ལས་འདའ་འོ་སྙམ་དུ་དབྱིངས་རིག་བསྲེ་བ་འདིའི་ལྟ་བ་རྒྱས་འདེབས་ཀྱི་གོ་ས་ཡིན་ལ། བར་སྐབས་སུ་དབྱིངས་ཐིག་མངོན་དུ་བྱས་ཤིང་བདག་བར་དོ་ལ་ལོངས་སྐུའི་སྐུ་གསུམ་ཤར་བའི་ཐོག་ཏུ་ཐོན་འདུག་པས་འདི་ལ་བཙན་ས་བཟུང་སྙམས་པས་མི་འགྱུར་གསེར་གྱི་ཐུར་མའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཡང་སྐབས་སུ་དཔག་ཚད་ལྔ་བརྒྱའི་སྟེང་ན་རང་གི་བླ་མ་བཞུགས་པའམ་ཕྱོགས་བཅུའི་མགོན་པོའི་ཐུགས་ཀར་རིག་པ་རྡོ་རྗེ་ཧཱུྃ་མཚན་ཅན་དུ་གསལ་ཏེ། སེམས་ཀྱི་མདའ་ཧིཀ་གི་སྒྲ་ཡིས་བསྐུལ་ཏེ་འཕོ་བར་བྱེད་པ་སྟེ། དེ་ལྟར་སྐུ་དང་ཡེ་ཤེས་ལ་འཇུག་པ་དང་། ཡུལ་དང་གནས་ལ་འཇུག་པ་གཉིས་པོ་ནི། རྫོགས་པ་ཆེན་པོའི་རང་ལུགས་ཀྱིས་ལྟ་བ་རྒྱས་འདེབས་བསྐྱེད་རྫོགས་ཟུང་འཇུག །ཚད་མེད་ཐུགས་རྗེའི་འཕོ་བའོ། །ཕྱི་མ་འདི་ལ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕང་བ་ལྟ་བུའི་ཐབས་ཞེས་བྱའོ། །དེ་དག་ཀྱང་། ཐལ་འགྱུར་ལས། སྐུ་དང་ཡེ་ཤེས་འཇུག་པ་དང་། ཡུལ་དང་གནས་ལ་འཇུག་པའོ། །ཞེས་སོ། །དེ་ཡང་ངོ་བོ་སྐུའམ༵་འོད་གསལ་མ་བང་བུ་འཇུག་ལྟར་འཕོ་བ་དང༵་ཡེ༵་ཤེས༵་ཀྱི་ཕྱག་རྒྱ་རང་སྣང་ལོངས་སྐུའི་མཚན་དཔེ། ཟུང་འཇུག་ཚོམ་བུ། བཞི་སྦྱོར། ལྷུན་གྲུབ་རྣམས་ལ༵་མི་འགྱུར་བ་གསེར་གྱི་ཐུར་མའི་ཐབས་ཀྱིས་འ༵ཇུག་པ༵་གཉིས་ལ་སྐུ་དང་ཡེ་ཤེས་ལ་འཇུག་པ་ཞེས་བྱ་ཞིང་། བླ་མ་དང་རང་བཞིན་སྤྲུལ་སྐུའི་སྟོན་པ་ལྔའི་གྲོང་དུ་འཕོ་བ་ལ་ཡུལ༵་ད༵ང་གན༵ས་ལ༵་འཇུ༵ག་པ༵་ཞེས་བྱའོ། །༼ ལོངས་སྐུ་མཆན། ༽དབྱིངས༼ ཆོས་སྐུ་མཆན། ༽དང་རིག་པ་ཆོས་ལོངས་སུ་འཇུག་པའི་ཡུལ་དང་། འཇུག་ཚུལ། གྲོང་འཕོ་གྲོང་འཇུག་གིས་སྦྱངས་བ། ལས་ལ་སྦྱོར་ཚུལ་བཅས་རྒྱུད་ལས་བྱུང་བ་ལས། རྟོག་བཟོ་མིན་པར་ཡིད་ཆེས་པར་བྱའོ། །
གསུམ་པ་ས་ལམ་སྦུབས་རྫོགས་ཀྱི་སྣང་བའི་རྟགས་ཚད་ངེས་པ་ལ་བཞི་སྟེ། སྒྲ་ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་སོ། །དེ་ལས་དང་པོ་ཆོས་ཉིད་མངོན་སུམ་པའི་སྣང་བ་ལ། དོན་གྱི་ས་དམིགས་བཟུང་བ་དང་། སྣང་བའི་འཆར་ཚུལ་བཤད་པ། དེ་མངོན་སུམ་གྱི་བདག་ཉིད་དུ་ངོ་སྤྲོད་པ་སྟེ་དངོས་བསྟན་གསུམ་དང་། ཚད་བརྒལ་ལན་རྣམ་གྲངས་ལྷག་མ་དང་བཅས་པས་ཁ་བསྐང་བའོ། །
དང་པོ་ནི། དེ་ཡང་ཆོས༴ ནས། ནི་ཞེས། དེ་ལྟར་ཉམས་སུ་བླང་བའི་སྟོབས་ཀྱིས་ལམ་གྱུར་གྱི་འབྲས་བུ་ཕ་རོལ་ཏུ་ཕྱིན་པའི་ས་ལམ་དང་། རྡོ་རྗེ་ཐེག་པའི་རིག་འཛིན་བཞི་ཡོངས་སུ་རྫོགས་པའི་སྣང་བ་བཞི་རིམ་གྱིས་འཆར་ཏེ། དེ་ཡང་ཐོག་མར་སྐུ་གསུམ་ཞིང་ཁམས་དང་བཅས་པའི་དག་མཉམ་ཟུང་འཇུག་གི་བདག་ཉིད་སྣང་སྟོང་ཁྱབ་པ་གཉིས་ལྡན་ཆོས་ཅན་དང་ཆོས་ཉིད་གནས་རིགས་བརྟན་གཡོ་ཀུན་གྱི་ཆོས་ཉིད་དམ་རང་བཞིན་ཡེ་ཤེས་སེམས་དཔར་བཞུགས་པའང་། སྤྱིར་བརྟན་གཡོ་ཀུན་གྱི་དབྱིངས་ན་དཔལ། །རྡོ་རྗེ་སེམས་དཔལ་རྟག་ཏུ་བཞུགས། །ཞེས་པ་ལྟར་དང་། ཁྱད་པར་སྔར་བསྟན་པ་ལྟར་སྙིང་པོ་ཡེ་ཤེས་སུམ་བརྩེགས་སུ་ཡོད་པ་ཉིད་གཏན་ཚིག་གོ་ཕྱི་ལས་འདས་པར་རང་རིག་ཡེ་ཤེས་དང་། ཡེ་ཤེས་འདུས་པའི་རྒྱངས་ཞག་གིས་མངོན་སུམ་ལ་མཐོང་། གོམས་བརྟན་པས་རིམ་པར་སྣང་བ་ནི། ཞེས་མཚམས་སྦྱར་བའི་སྒོ་ནས་ས་ཁུང་བཟུང་བའོ། །
གཉིས་པ་འཆར་ཚུལ་ནི། སྒྲོན་མ་དྲུག་གི་སྣང་བ་སྟེ། འདིར་འོད་གསལ་ཐོད་རྒལ་ལ་རྣལ་འབྱོར་ཏུ་བྱེད་པས་སྒྲོན་དྲུག་གི་གནས་ལུགས་ཡང་དག་པ་ཞིག་ཤེས་དགོས་པས། དེ་དག་ཅུང་ཟད་རྒྱས་སྤྲོས་སུ་འཆད་པ་ལ་རྟེན་དང་བརྟེན་པའི་འབྲེལ་འབྱུང་གི་དབྱིངས་འཇལ་བ་དང་། གང་འཆར་བའི་དོན་བཤད་པའོ། །
དང་པོ་ནི། སྣོད་གྱི་སྒྲོན་མ་གསུམ་ནི། གཞི་དབྱིངས་ཀྱི་སྣོད་སྙིང་ཙིཏྟ་ཤའི་སྒྲོན་མ། ལམ་ཀྱི་སྣོད་དཀར་འཇམ་རྩའི་སྒྲོན་མ། འབྲས་བུའི་སྣོད་རྒྱངས་ཞགས་ཆུའི་སྒྲོན་མ་གསུམ་ནི་སྔར་སྨོས་གྲུབ་ལ། དེ་ཡང་སྙིང་ནས་འཆར་བའི་དོན་ཕྱུང་། རྩ་ནས་གདངས་ཕྱུང་། མིག་ནས་འོད་ཕྱུང་བ་སྟེ། དེ་གང་བྱུང་ན། དབྱིངས་རྣམ་པར་དག་པས་ཡུལ་ཞིང་ཁམས་དུ་བྱུང་། ཐིག་ལེ་སྟོང་བ་གཞལ་ཡས་ཁང་དུ། ལུ་གུ་རྒྱུད་སྐུ་ཕྱག་རྒྱར་བྱུང་བས་རྟེན་དང་བརྟེན་པར་འབྲེལ་འབྱུང་དུ་འཆར་བའོ། །
གཉིས་པ་ལ། དབྱིངས། ཐིག་ལེ། ཤེས་རབ་ཀྱི་སྒྲོན་མ་བསྟན་པའོ། ། དང་པོ་ནི། ལྟ་སྟངས་ཀྱི༴ ནས། འཆར་ཞེས། ལྟ་སྟངས་གཟིར་བའི་ཡུལ་རྟེན་གྱི་སྟེང་འོག་བར་ཕྱོགས་གང་རུང་དུ་སྒྲོན་མའི་སྣང་བ་འཆར་ཏེ། ཞེས་འཆར་བའི་ཡུལ་དང་འཆར་སྒོ་ཐུན་མོང་དུ་བསྟན་པ་སྟེ། སྒྲོན་མ་འབར་བ་ལས། སྣང་བ་མིག་དང་རང་འབྲེལ་བར། །དེ་ཉིད་རྐྱེན་བྲལ་ནམ་མཁའ་ཤར། །ཞེས་སོ། །དེ་ཡང་ཐོག་མར་ནི། སྐུ་དང་ཐིག་ལེ་འཆར་བའི་ཞིང་ཁམས་ཀྱི་རང་བཞིན་ཡིན་པའི་དབྱིང༵ས། ངོ་བོ་ལ་མ་དག་པའི་སྣང་བ་རང་མཚན་པ་ལས་འདས་པས་རྣམ༵་པ༵ར་དག༵་པ། དེ་ཉིད་མངོན་པར་སྣང་བ༵འི་གནད་ཀྱིས་གོམས་པས་ཡོན་ཏན་ལྔའི་རང་བཞིན་དུ་རིམ་པར་སྨིན་པས་སྒྲོན༵་མ༵། ཞེས༵་བྱ༵་བ༵་ནི་མིང་སྒྲོགས་པའོ། །དཔེ་རྨ༵་བྱའི༵་མདོང༵ས་ལྟ་བུ༵་ཅི༵ག་འཆ༵ར་བར་འགྱུར་རོ། །ཞེས་པ་འདི་ལའང་། ངོ་བོ་ངེས་ཚིག །དབྱེ་བ། མཚན་ཉིད། མཚོན་དཔེ། ཇི་ལྟར་གོམས་པར་བྱ་བའི་གནད་དོ། །
དང་པོ་ནི། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་ལྔ་སྟེ། རབ་འབྱམས་ལས། ཁ་དོག་མཐིང་དཀར་མཐོང་བ་ནི། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཡིན། །ཞེས་སོགས་གསུང་བ་ལྟ་བུའོ། །
གཉིས་པ་ངེས་ཚིག་ནི། སྒྲོན་མ་འབར་བ་ལས། ནང་གི་དབྱིང༵ས་ཀྱི་གོ་རར་ཡང་། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲལ་བ་མེད་པར་རྒྱུན་དུ་སྣང་། །རྣམ༵་པ་ཡུལ་དུ་སྣང་བ་ལ། །དག༵་པ་དྲི་མའི་གྲངས་མཐའ་ཟད། །སྒྲོན༵་གྱི་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་ཉིད་ལ་ཅེར་བཏོན་ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མ༵ས་ནི་དེ་ཡི་དོན་འཛིན་པའི། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །ཞེས་སོ། །
གསུམ་པ་དབྱེ་བ་ནི། གཞིའི་དབྱིངས་སྙིང་ཀ ལམ་གྱི་དབྱིངས་རྩ་ནང་ན། འབྲས་བུའི་དབྱིངས་ནམ་མཁའ་ལ། རང་བཞིན་འོད་ཀྱི་མཚན་དཔེར་རྫོགས་པ་སྟེ། དེ་ཉིད་ལས། གཞི་ལ་གནས་པའི་དག་དབྱིངས་ཀྱིས། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་ལེའི་དྭངས་མ་སྡུད། །ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །ཕྱི་མ་འབྲས་བུའི་དབྱིངས་ལའང་ཕྱི་ནང་གཉིས་སུ་ཡོད་པས། རབ་འབྱམས་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། ། ཡང་ནང་དབྱིངས་ལའང་། མཐིང་ཀ་ཁྱབ་པ་དང་། ལྔ་ལྡན་མཉམ་པ་གཉིས་སུ་ཡོད་པས་ན། སྒྲོན་མ་དག་ཏུའོ། །ཞེས་པའི་ཚིག་ཟུར་བྱུང་བའོ། །
བཞི་པ་མཚན་ཉིད་ནི། ནང་རིག་པ་ཀ་དག་ཟང་མ་དང་། ཕྱི་འོད་ཀྱི་དབྱིངས་གསལ་སྟོང་ཟང་མར་གནས་པའི་སྣང་བ་ཀུན་འཆར་བའི་གོ་ཕྱེད་པ་དང་། ཁ་དོག་གི་མཚན་ཉིད་ནི་མཐིང་ཀ་དང་ལྔ་ལྡན། དབྱིབས་ཀྱི་མཚན་ཉིད་ནི། ཞིང་ཁམས་ཀྱི་བཀོད་པ་དང་། ཕྱག་མཚན་གྱི་རྣམ་པ་ལ་སོགས་པར་འཆར་བ་སྟེ། སྒྲོན་མ་འབར་བ་ལས། ཕྱི་ནང་མེད་པར་ཟང་ཐལ་བས། །མ་བསྒྲིབ་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་ཡང་། །རྣམ་པར་དག་པའི་དབྱིངས་ཀྱིས་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །ཞེས་དང་། ཐལ་འགྱུར་ལས། དབྱིངས་ཉིད་དག་པའི་མཚན་ཉིད་ནི། །མཐིང་ཀ་རང་རྫོགས་གཉིས་ཀྱི་ཆ། ། ཞེས་དང་། འོད་ཀྱི་གཏིང་མདངས་ཉིད་ཀྱང་སྟོན། །སྐུ་དང་ཐིག་ལེའི་འདུན་སའོ། །ཞེས་སོ། །དབྱིབས་སོགས་རྒྱས་པར་རབ་འབྱམས་ལས་ཤེས་སོ། །
ལྔ་བ་ནི། དང་པོ་མིག་ཟུར་གཉིས་ལས་དབྱིངས་མཐིང་ཀ་ན་རོའི་གཟུགས་ལྟར་འཆར་བ་ལ་གོམས་པས། མཐར་ཁ་དོག་ཡོངས་སུ་རྫོགས་པ་འཇའ་ཚོན་ལྟ་བུར་འཆར་བ་སྟེ། སྒྲོན་འབར་ལས། དཔེར་ན་ཡི་གེ་ན་རོ་བཞིན།།གཉིས་ཀྱི་ཟུང་སྟེ་སྡོམ་པས་གཅིག །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེངས་རྙེད་ནས། །བར་སྣང་འཇའ་ཚོན་ཇི་བཞིན་དུ། ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །ཞེས་དང་། རབ་འབྱམས་ལས། རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི། །འོད་ཟེར་ཁ་དོག་མཐིང་ཀ་ལ། །ཡི་གེ་ན་རོ་ལྟ་བུའོ། །འཇའ་ཚོན་སྣ་ལྔའི་མདུད་པ་འདྲ། །ཞེས་སོ། །
དྲུག་པ་ནི། ཐལ་འགྱུར་ལས། དབྱིངས་ཀྱི་གནད་ནི་འཁྲིད་པས་སོ། །ཞེས་པ་སྟེ། དེ་ཡང་སྤྱིར་ཐབས་ཤེས་ཀྱི་རྟེན་འབྲེལ་ལས། སྐྱེས་པས་གཡས་དང་། བུད་མེད་ཀྱིས་གཡོན་དུ་ཁྲིད་པ་གནད་ཡིན་ཏེ། ཡང་སྙིང་འཕྲུལ་དུམ་ལས། ཉི་ཟླ་གཉིས་པོ་གང་ལ་ཁྲིད་ཀྱང་སྐྱེས་པས་གཡས་སུ་ཁྲིད་པར་བྱ་བ་དང་། བུད་མེད་ཀྱིས་གཡོན་དུ་ཁྲིད་པར་བྱ་བ་གནད་ཡིན་ནོ། །ཞེས་སོ། ། ཡང་བྱེ་བྲག་ཏུ་དབྱིབས་ཀྱིས་སྒོ་ནས་ཁྲིད་ཐབས་ཀྱང་། དེ་ཉིད་ལས། དང་པོ་ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན། རྩིབ་ཤར་དུ་མཐོང་ན་རང་གི་མདུན་དུ་དྲིལ་ནས་བལྟ་བ་ཡིན། །གྱེན་བསྒྲེང་དུ་མཐོང་ན་ཐུར་ལ་དབབས་པ་གནད་ཡིན། གྲུ་བཞིར་མཐོང་ན་གཡས་སུ་གཅུན་པ་གནད་ཡིན། ཟླུམ་པོ་ལ་གཡོན་དུ་གཅུན་པ་གནད་ཡིན། ཟླ་གམ་ལ་སྟེང་དུ་བལྟ་བ་གནད་ཡིན། གྲུ་གསུམ་ལ་ཐུར་དུ་མནན་པ་གནད་ཡིན་ནོ། །ཡེ་ཤེས་ལྔའི་དབྱིབས་མཁར་ཐབས་ལ་སོགས་པ་ནི། དེ་ཉིད་དང་བསྟུན་པ་ཡང་དག་པའི་གནད་དོ། །ཅེས་སོ། །ཁ་དོག་གི་ཁྱད་པར་ལས་ཁྲིད་ཐབས་ཀྱང་། དེ་ཉིད་ལས། ཁ་དོག་གི་བྱེ་བྲག་ལ་དང་པོ་དམར་པོ་ཤས་ཆེ་བར་མཐོང་ན་མིག་ཐུར་ལ་མནན་པ་གནད་ཡིན། དཀར་པོ་ཤས་ཆེ་ན་གཡས་སུ་ལྡོག་པ་གནད་ཡིན། སེར་པོ་ཤས་ཆེ་ན་གྱེན་དུ་ལྡོག་པ་གནད་ཡིན། ལྗང་བ་ཤས་ཆེ་ན་གཡོན་དུ་ལྡོག་པ་གནད་ཡིན། མཐིང་ཀ་ཤས་ཆེ་ན་དབུས་སུ་དྲིལ་བ་གནད་ཡིན། ཁ་དོག་ལྔ་གར་གསལ་ན་གཟིགས་སྟངས་གང་ཡིན་པ་ལས་མི་འགྱུར་བ་གནད་ཡིན། ཞེས་པ་ལྟར་རོ། །གཞན་ཡང་། དེ་ཉིད་ལས། བྱིང་ན་རླུང་གྱེན་ལ་འཐེན་པ་དང་། རྒོད་ན་ཐུར་ལ་མནན་པ་གནད་ཡིན། ཞེས་སོ། །
གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མའི་འཆར་ཚུལ་བསྟན་པ་ཡང་། དེའི་ནང་དུ༴ འཆར་རོ། །ཞེས་གསུང་སྟེ། འདི་ལའང་ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། མཚོན་དཔེ། ཚད། གནད་དང་བདུན་ལས།
དང་པོ་ནི། དེ་ལ་ཐིག་ལེའི་ངོ་བོ་ནི་ཀ་དག་བསམ་ངོ་བྲལ་བའི་ཡེ་ཤེས་ཡིན་ཏེ། སྒྲོན་མ་འབར་བ་ལས། དེ་ཕྱིར་དེ་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །ཞེས་དང་། རབ་འབྱམས་ལས། ངོ་བོ་ཉག་གཅིག་ཆ་ཕྲ་སྟེ། །སྟོང་པའི་མུ་ཡངས་རང་གསལ་བས། །ཞེས་སོ། །
ངེས་ཚིག་ནི། གཞི་སེམས་ཅན་ནས། འབྲས་བུ་སངས་རྒྱས་ཀྱི་བར་མི་འགྱུར་བས་ཐི༵ག་འཁོར་འདས་ཀུན་ལ་ཁྱབ་པར་གདལ་བས་ལེ༵། དངོས་པོ་མཚན་མའི་ཆོས་སུ་མ་གྲུབ་པས་སྟོང༵་བ། སྣང་མེད་ཀྱི་རྒྱར་མ་ཆད་པར་རང་གསལ་བས་སྒྲོན༵་མ་སྟེ། ཕྲེང་བ་ལས། །ཐིག༵་ནི་འགྱུར་བ་ཡོད་མ་ཡིན། ལེ༵་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང༵་བ་དངོས་པོ་མཚན་མ་མེད། སྒྲོན༵་མའི་མུན་སེལ་སྣང་བར་བྱེད། །ཅེས་དང་། རབ་འབྱམས་ལས། ཐིག་ནི་མི་འགྱུར་དྲང་པོ་ལ། །ལེ་ནི་གདལ་བ་ཆེན་པོ་ཡིན། །སྟོང་བ་དངོས་ཡོད་ཞེན་བློ་དགགས། །སྒྲོན་མའི་འོད་ལྔ་རང་རིག་སྟེ། །ཞེས་སོ། །
དབྱེ་བ་ནི། གཞི་གནས་རིག་པའི་ཐིག་ལེ་སྟོང་པའི་སྒྲོན་མ་སྙིང་ཀ་ན་ཡེ་ཤེས་སུམ་བརྩེགས་ཀྱི་རང་བཞིན་དང་། དེའི་སྣང་ཆ་མི་ཤིགས་འོད་ལྔའི་གོང་བུར་བཞུགས་པའོ། །ཀུན་རྫོབ་རྒྱུའི་ཐིག་ལེ་ཆ་ཤས་བརྒྱད་ལྡན། རོ་མ་ན་བྱང་ཆུབ་སེམས་དང་། འབྱུང་བ་འདུས་པའི་རང་བཞིན་དུ་ཡོད། །རང་བྱུང་འབྲས་བུའི་ཐིག་ལེ་སྟོང་པ་ཁྱད་པར་ཆེན་པོའི་རྩ་བཞི་ན། ལམ་དང་། བཟང་པོའི་རྩེ་མོ། བཟང་པོའི་རྒྱན་ལྡན་རྣམས་སུ་བཞུགས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་དབྱིངས་རིག་ཟད་པའི་དགོངས་པ་རྐྱང་མ་ན་གནས། རང་བྱུང་འབྲས་བུའི་ཐིག་ལེ་འོད་དང་། ཡེ་ཤེས་རིག་པ་སྨིན་པའི་ཐིག་ལེ་གསུམ་སྨིན་རུང་གི་ངོ་བོར་མིག་ན་གནས་པའང་། རབ་འབྱམས་ལས། དབྱེ་བ་ལྔ་ཡིན་འདི་ལྟར་རོ། །གཞིར་གནས་རང་བྱུང་ཐིག་ལེ་དང་། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང་། །དོན་དམ་སྤྲོས་མེད་ཐིག་ལེ་དང་། །རང་བྱུང་འབྲས་བུའི་ཐིག་ལེ་དང་། །མི་འགྱུར་ཐིག་ལེ་སྟོང་བའོ། །ཞེས་དང་། སྒྲོན་འབར་ལས། དབྱེ་བ་ཉིད་ནི་རྣམ་ལྔའོ། །ཞེས་སོ། །
མཚན་ཉིད་ནི་སྣང་ཡང་ཡུལ་ལ་མ་གྲུབ་ཅིང་། ངོ་བོ་ཡེ་སྟོང་དུ་གནས་པའི་ཕྱིར་དང་། སྟོང་པའི་ཡུལ་མི་གནས་པར་ཟླུམ་ཞིང་རང་གསལ་ཆུ་རིས་འོད་ལྔ་བཀྲ་བ་སྟེ། སྒྲོན་མ་འབར་བ་ལས། །མཚན་ཉིད་སྟོང་བ་གསལ་བས་ཁྱབ། །རང་ངོ་ལུས་ཀྱི་མཐའ་རྣམས་ཟད། །ཅེས་དང་། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །ཞེས་སོ། །མཚོན་དཔེ་ནི། ཁ་དོག་སྣ་ཚོགས་བཀྲ་ཞིང་ཟླུམ་ཁྲིགས་སུ་འཁྱིལ་བའི་རྨ་བྱའི་མདོངས་ལྟ་བུ། ཀོ་མོག་གི་ཆུ་ཞེས་འཁྱིལ་ཆུའི་ནང་དུ་རྡོ་རིལ་དོར་དུས། རི་མོ་ཕྱི་ནང་གི་རིམ་པ་དུ་མ་ཡོད་པ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་རྨ་བྱའི་མདོངས་ལྟ་བུ། །ཞེས་དང་། རབ་འབྱམས་དང་ཅིག་ཆོད་ཀུན་གྲོལ་ལས། ཀོ་མོའི་ཆུ་ལ་རྡོ་རིལ་བོར་བ་བཞིན། ཞེས་སོ། །
ཚད་ནི། ལས་དང་པོ་བས་སྒྲོན་མ་གཏེམ་ན་ཚོན་གང་། གཞན་དུ་ཡུལ་ལ་ཤར་བ་ཆུང་ཚད་ཉུངས་འབྲུ་འམ། ཆེ་བ་སྲན་མའི་འབྲུ་ཙམ་དུ་འཆར་ལ་དེ་ཉིད་སྣང་བཞིའི་རིམ་པ་དང་མཐུན་པར་སྨིན་པའི་ཚད་དུ་ཕྱིན་པའོ། །རྩལ་རྫོགས་ལས། ཆ་མཉམ་ལྡན་ལ་ཚོན་གང་ངོ། །ཞེས་སོ། །
ཉམས་སུ་ལེན་པའི་གནད་ནི། མུན་པའི་ཁང་པར་མཐེབ་མཛུབ་ཀྱིས་ཙཀྵུའི་ཕུག་དང་འགྲམ་ནས་བཅིར་པ་དང་། དེས་ཀྱང་མ་གསལ་ན། རྩེ་ཆུང་གི་ཕྱི་རྩ་གཉིས་ཀྱང་བཙིར་བ་སྟེ། དེའི་དང་པོ་འོད་དམར་པོ་ལས་མཐར་ཁ་དོག་ལྔ་ལྡན་དུ་འཆར་རོ། །ཡང་མིག་སྦྲིད་ཆེས་ཏེ་སྣང་བ་སྤྲ་ཡས་ན། རྩོལ་པ་བཏང་ལ་དངས་སུ་བཅུག་པས་སྔར་བཞིན་འཆར་བ་ཡས་དུས། ཡང་གཏེམ་པ་སྟེ་རེས་མོས་སུ་བྱས་པའི་མཐར་ཉིན་མཚན་འོད་གསལ་གྱི་འཁོར་ལོར་བར་མེད་ཆུ་བོའི་རྒྱུན་ལ་འབྱམས་ཀླས་པ་སྟེ། ཐལ་འགྱུར་ལས། །ཐིག་ལེའི་སྒྲོན་མ་གཏེམ་པ་གནད། །ཅེས་དང་། སྒྲོན་འབར་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུག་དང་འགྲམ་བཙིར་བས། །མངོན་དུ་སྣང་སྟེ་ཡིད་ཆེས་ཀྱིས། །ཞེས་སོ། །
གསུམ་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ལ། སྤྱི་དོན་གྱིས་བསྟན་པ་དང་། གདངས་ཀྱི་འཆར་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། མཚོན་དཔེ། གནད་དྲུག་ལས། དང་པོ་ནི། ལར་སེམས་དང་ཡིད་དང་རྣམ་ཤེས་ཏེ། མ་དག་གསུམ་བརྩེགས་ཅིག་དང་། རིག་པའི་སྐུ་འོད་ཡེ་ཤེས་སྟེ་དག་པ་སུམ་བརྩེགས་གཉིས་སུ་ཡོད་པའི་ཕྱི་མ་ལ། ཡེ་ཤེས་ཀྱི་ངོ་བོ་དང་དེའི་རྩལ་གཉིས་ལས་ཤེས་རབ་འདི་དག་ནི་སེམས་བྱུང་ཤེས་རབ་དང་། ཡིད་ལྟ་བུ་མ་ཡིན་པར་གསལ་བ་རང་ཤེས་ཀྱི་དགོངས་པ་སྒྲོན་མ་ཀུན་གྱི་ཤེས་བྱེད་ཡེ་ཤེས་ཀྱི་རྩལ་དྲང་པོར་ཤར་བ་ཡིན་ཀྱང་། རྟོག་དཔྱོད་གཡོ་རྩོལ་དང་བྲལ་བར་བཞུགས་པ་སྟེ། རབ་འབྱམས་ལས། ཀུན་འབྱེད་རང་རིག་ཤེས་རབ་རྣམས། འདི་ཉིད་ངོ་བོར་ཡེ་ནས་བཞུགས། ཞེས་དང་། སྒྲོན་འབར་ལས། འདི་ལྟར་སྒྲོན་མ་ཐམས་ཅད་ཀྱིས། །ཤེས་བྱེད་ཚུལ་དུ་གནས་པས་ན། ཀུན་གྱི་ཆ་ལ་འདི་ཉིད་པས། འབྱེད་པས་ཤེས་རབ་ཉིད་པས་ནི། འབྱེད་པ་མེད་པའི་ཚུལ་དུ་གནས། ཞེས་སོ། །
གཉིས་པ་ནི། ཡེ་ཤེས་རང་སྣང་གི་ངོ་བོ་གདངས་ཚད་དང་བཅས་པ་ཟང་ཐལ་དུ་ཤེས༵་དུས། སྤྱིར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དུ་རང་དག་པར་ཤེས༵་ཤིང་གྲོལ་བ་དང་། རང་རིག་ཆོས་སྐུ་ཤེས་བྱ་ཀུན་གྱི་ཟབ་མོར་གྱུར་བ་སྣང་ཞིང་རྟོག་པའི་ཤེས་པའི་རབ༵་མཆོག་ཏུ་གྱུར་པ་ཞེས་བྱ་ཞིང་། ཡུལ་ཤེས་གཉིས་རྟོག་གི་སྣང་ཞེན་གྱི་འཁྲུལ་བའི་གཟུང་འཛིན་བྲལ་བར་རང་གནས་རང་རིག་གི་ཚུལ་གྱིས་མངོན་དུ་གྱུར་པས་ར༵ང་ཞེས་བྱ། རྩོལ་མེད་རང་ཤར་དུ་བྱུང༵་བས་བྱུང་། ཆོས་ཀུན་གསལ་བར་ཤེས་པའི་སྒྲོན༵་རང་ངོ་རིག་པའི་ཁྱད་ཆོས་ཀྱིས་གདེངས་གྲོལ་ཐོག་ཏུ་འཆོས་པས་མ༵་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ཤེས་པ་ཆོས་རྣམས་ཅིག་ཆར་རྟོགས། རབ་ནི་ཀུན་གྱི་རྩེ་མོ་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །ཞེས་དང་། སྒྲོན་མ་འབར་བར། སྒྲོན་ནི་ཆོས་ཉིད་ཐམས་ཅད་ཀུན། །གཉིས་སུ་མེད་པར་སྣང་བར་བྱེད། མས་ནི་རང་ངོ་ཁྱབ་པའོ། །ཞེས་སོ། །ངོ་བོ་གཉིས་སུ་མེད་པའི་རྡོ༵་རྗེ༵་འཇུག་ཡུལ་ཆོས་དང་ཆོས་ཉིད་ཀུན་ལ་འབྲེལ་བས་ལུ༵་གུ༵་ཞེས་དང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་རྒྱུན་ཆགས་པས་རྒྱུད༵་ཅེས་བྱའོ། །ཐལ་འགྱུར་ལས། ཚིག་དོན་འབྲེལ་བར་འདོད་པ་ཡི། །མཚོན་པས་ཤེས་དང་བརྗོད་པའོ། །ཞེས་དང་། གཞན་ཡང་ཀུན་གསལ་ལས། །འབྲེལ་བའི་ཕྱིར་ནི་དྲྭ་བ་བཞིན། །ཞེས་དང་། རྒྱུད་དག་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཅེས་སོ། །དེའི་གདངས་ལུ་གུ་རྒྱུད་ཀྱི་དབྱིབས་ལས་ཀྱང་མཚན་དོན་ཐོབ་པ་སྟེ་འབྲས་མིང་རྒྱུ་ལ་ཆགས་པ་དང་། གདངས་མ་འགགས་པར་གསལ་བའི་ལུག་རྒྱུད་ལའང་རྒྱུ་མིང་ཤེས་རབ་རང་བྱུང་སྒྲོན་མར་སྨོས་པ་ངོ་བོ་དབྱེར་མེད་པའི་གནད་ཀྱིས་མི་འགལ་ལོ། ། དེས་ན་ཕྲ་བཀོད་ལས་ཀྱང་། དམིགས་པ་མེད་པར་མཚན་མའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག །ཅེས་ཤེས་རབ་ལ་ལུ་གུ་རྒྱུད་ཅེས་དང་། ཡང་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་འདུག་ཚུལ་ལ་ལྟོས་ཤིག ། ཅེས་གདངས་ལ་གསུངས་སོ། །ཡང་རྩལ་ལུག་རྒྱུད་ལ་ལྟ་བསྒོམ་སྤྱོད་གསུམ་འདུ་འབྲལ་མེད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག །གསུངས་སོ། །
གསུམ་པ་ལ། ངོ་བོའི། རྩལ་གྱི། གདངས་ཀྱི་དབྱེ་བ་དང་གསུམ་ལས། དང་པོ། གཞིར་གནས་རང་བྱུང་གི་ཤེས་རབ་ནི། རིག་པའི་མཁྱེན་ཆ་མ་འགགས་པ་སྟེ། ཆོས་ཐམས་ཅད་ཀྱི་རྟེན་ནམ་འཆར་གཞིར་གནས་པའོ། །འདི་ལ་དགོངས་ཏེ། ཡེ་ཤེས་མར་མེའི་རྒྱུད་ལས། རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན་དུ་བཞུགས་སོ། །ཞེས་སོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས་ཅིང་གཟུང་འཛིན་སྤྲོས་རྟོག་གི་དྲི་མ་དག་པའི་ཆོས་ཉིད་དུ་སྐྱེལ་བར་བྱེད། དྲན་པ་འགགས་མེད་ཀྱི་ཤེས་རབ་ཆེན་པོའི་ཤེས་པ་ཡུལ་ལ་མི་གཡེང་པར་སྡུད་པས་ཡུལ་རྐྱེན་གྱིས་མ་རྙོགས་མ་རྒོད་པར་དྭངས་བ་དང་། ནང་དུ་བྱིང་འཐིབ་ལུང་མ་བསྟན་ལ་མ་ཤོར་བས་གསལ་བ་སྟེ་མཉམ་བཞག་གི་སྐྱོན་མེད་པར་བྱེད་པ་ཤེས་རབ་རྟོག་མེད་དང་། སོ་སོར་རྟོགས་པའི་ཤེས་རབ་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དང་། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཐོས་བསམ་བསྒོམ་པའི་མཚམས་ཕྱེད་པ་སྟེ། ཕྱི་མ་འདི་གཉིས་ལའང་། སེམས་བྱུང་གི་ངོ་བོ་ཅན་གྱི་ཤེས་རབ་དེའི་རང་བཞིན་རང་བྱུང་གི་སྒྲོན་མར་གནས་པས་དེའི་གྲངས་སུ་བསྒྲངས་པའོ། །དེ་དག་ཀྱང་སྒྲོན་འབར་ལས། གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སོགས་ཆོས་ཀྱི་རྟེན་དུ་བྱེད། །སྣང་བ་ཅེར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་འདུན་ས་འཛིན། །དྲན་པ་འགགས་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་ཤེས། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱི། ། རང་བཞིན་བར་དོར་གཏན་ལ་འབེབས། །ཞེས་སོ། །
གཉིས་པ་རྩལ་གྱི་དབྱེ་བའང་། རླུང་སྟོབས་ལྡན་མའི་རྟ་ཅན་རྣམ་པར་སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་ཐམས་ཅད་ཆོས་ཉིད་ཟད་པའི་བྱང་ཆུབ་དུ་སྒྲོལ། ཡེ་ཤེས་ཀྱི་རླུང་ཤུགས་འཆང་མའི་རྟ་ཅན་རྣམ་པར་བསྐྱོད་པའི་ཤེས་རབ་ཀྱིས་རིག་རྩལ་སྐུ་དང་ཡེ་ཤེས་རྩོལ་མེད་ངང་གིས་འཆར་བ་དང་། ཐ་མ་གཙོ་འཁོར་རིན་ཆེན་གྱིས་དབྱིངས་སུ་རྩོལ་མེད་ཀྱི་གྲོལ་བའི་ལས་བྱེད་པ་དང་། བརྟན་མའི་རླུང་ལ་བརྟེན་པའི་རྣམ་པར་སྡུད་བྱེད་ཀྱི་ཤེས་རབ་ཀྱིས་མཚན་རྟོག་མེད་པའི་ཆོས་ཉིད་ནང་གསལ་དུ་སྡུད་ཅིང་བརྟན་པར་གནས། འདེགས་བྱེད་ངོ་བོར་གནས་པའི་འབྱེད་བྱེད་ཤེས་རབ་ཆེན་པོའི་ཤེས་བྱ་ཐམས་ཅད་ཀྱི་ཚིག་དོན་རྣམ་པར་འབྱེད་པ་སྟེ་བཞིའོ། རང་ཤར་ལས། རང་བྱུང་རིག་པའི་ངོ་བོ་ལ། ཤེས་རབ་རྣམ་པ་བཞི་དང་ལྡན། །ཞེས་སོ།
གསུམ་པ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་སྟེ། དེའི་ཡོན་ཏན་ལས་སྐུ་བཅོ་ལྔ་ལ་སོགས་པ་དང་། སྐུའི་རོལ་བ་ལས་ཡེ་ཤེས་ལྔ། ཡེ་ཤེས་ཀྱི་རྒྱན་ལས་འོད་ལྔ། འོད་ཀྱི་རྩེ་མོར་ཟེར་ལ་སོགས་པ་གདངས་ཀྱི་ཆ་ཤས་གྲངས་མེད་པ་ཕྱི་ནང་ཀུན་ཏུ་ཤར་བ་དང་ཡོད་པ་སྟེ། འདི་ནི་སྒྲོན་མ་ཀུན་གྱི་ཁྱབ་བདག་ཡིན་པས། ཇི་སྐད་དུ། ལུ་གུ་རྒྱུད་ནི་གྲངས་མང་བས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཞེས་དང་། རང་ཤར་ལས། ཡངས་དག་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོད་དོ། །དངོས་པོ་ལ་དེ་ལྟར་མེད་ཀྱང་རྩལ་དུ་སྣང་བ་དེ་ལྟར་བྱུང་ངོ། །དེའི་ཡོན་ཏན་ལས་སྐུ་བྱུང་ངོ། །སྐུའི་རོལ་བ་ལས་ཡེ་ཤེས་བྱུང་ངོ་། །ཡེ་ཤེས་ཀྱི་རྒྱན་ལས་འོད་བྱུང་ངོ། །འོད་ཀྱི་རྩེ་ལས་གསེར་བྱུང་ངོ་། །ཞེས་སོ། །
བཞི་བ་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཚུལ་བཞིན་རྟོགས་པའི་བདག་ཉིད་ཅན་ཏེ་ངོ་བོར་རང་བྱུང་སྒྲོན་མའི་མཚན་ཉིད། རྟོགས་པའི་བག་ཆགས་དང་བྲལ་བ་མ་འཁྲུལ་བའི་སངས་རྒྱས་ཀྱིས་སྐུའི་དཀྱིལ་འཁོར་ལམ་དུ་སྣང་བ་ལུ་གུ་རྒྱུད་ཀྱི་མཚན་ཉིད་དེ། སྒྲོན་མ་འབར་བ་ལས། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །འདི་ནི་དེ་ཡི་མཚན་ཉིད་དོ། །ཅེས་དང་། རབ་འབྱམས་ལས། ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི། །རྣམ་རྟོག་བག་ཆག་ཀུན་དག་ནས། །མ་འཁྲུལ་བ་ཡིས་སངས་རྒྱས་སོ། །ཞེས་སོ། །
ལྔ་བ་ནི། ཤེས་བྱ་ཀུན་གསལ་བ་དང་། ཉོན་ཤེས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བསྲེགས་པའི་སྒྲོན་མེ་དང་ཆོས་མཚུངས་པ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་བསྲེགས་བྱེད་སྒྲོན་མེ་ལྟར། །ཤེས་པའི་ཆོས་རྣམས་ཅིག་ཆར་རྟོགས། །ཞེས་དང་། སྒྲོན་མ་འབར་བ་ལས། དཔེར་ན་སྤྲ་བ་རླན་མེད་ལ། །མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང་། །སྤྲ་བ་ཀུན་མཆེད་མེས་བསྲེགས་ལྟར། །ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས། །ཞེས་སོ། །
དྲུག་པ་ནི། ཕྱིར་དབྱིངས་ཀྱི་གོ་རར་ལུག་རྒྱུད་བཟུང་ནས་སེམས་ནམ་མཁའ་ལ་གཏད་པས། ནང་དུ་ཤེས་རབ་རྣོ་མྱུར་ཟབ་གསལ་རྟོག་མེད་དུ་འཆར་བ་སྟེ། ཐལ་འགྱུར་ལས། རིག་པའི་གནད་ནི་འབྱུང་བ་དང་། །བསྐྱིལ་ཞིང་ནམ་མཁར་གཏད་པའོ། །ཞེས་དང་། སྒྲོན་མ་འབར་བ་ལས། དབྱིངས་ཀྱི་རིག་པས་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་བཟུང་བར་བྱ། །ཞེས་དང་། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །ཞེས་སོ། །
གཉིས་པ་གདངས་ཀྱི་འཆར་ཚུལ་བྱེ་བྲག་ཏུ་བཤད་པ་ནི། དེའི་ནང་དུ༴ ནས། འཆར་ཏེ། ཞེས་དབྱིངས་ཐིག་དེའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་དཔེར་ན་རྟ་རྔ་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟར། རང་གི་ཡུལ་བྱེ་བྲག་པ་ནམ་མཁའ་ལ་བལྟས་དུས། ལས་དང་པོ་པ་ལ་དབྱིབས་གཡས་དར་དཀར་སྣལ་མ་ནས་ཤས་ཆེར་ལྕགས་ཐག་བསྐྱང་བ་ལྟ་བུའམ། གཡན་ཕྲ་ལ་འཁྲིལ་ནས་དྲྭ་བ་དྲྭ་བ་ཕྱེད་པ་ཆུན་འཕྱང་གི་རྣམ་པ་ལྟ་བུ། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་མེ་ཏོག་གི་དྲྭ་ཕྱེད་རླུང་གི་བསྐྱོད་པའི་ལྟར་འགྲོ་འོང་དང་། ཐིག་ལེའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་སུ་ཐིག་ལེའི་བརྒྱན་པ། རྩའི་གནད་ལ་བརྟེན་ནས་གྲོལ་བས་ཕྲ་ཞིང་འཁྱོགས་པའི་འོད་ཐག་གི་གཟུགས་སུ་ཡོད་པ་ཉིས་འབྲེལ་ལམ་སུམ་འབྲེལ་ལ་སོགས་པ། འདིའི་ཁྱད་པར་གྱི་ཡུལ་ནམ་མཁའ་ཡིན་པས་དེ་ལ་འཆར་བ་མང་བ་དང་། གསལ་བ་དང་། རྒྱ་ཆེ་བ་ཡིན་ལ། ཁ་དོག་ཀྱང་དཀར་པོ་གཅིག་ལས་དུ་མར་འཕྲོ་བ་དང་འདུ་བ་ཕན་ཚུན་འགྲོ་འོང་གི་བདག་ཉིད་དུ་འཆར་ཏེ། ཀློང་གསལ་ལས། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལས། །འགུལ་འཁྲིགས་འགྱུ་བའི་རྣམ་པར་རྒྱུ། །ཞེས་སོ། །
གསུམ་པ་ནི། དེ་ནི༴ ནས། བྱའོ། །སྟེ། དེ་ལྟར་སྣང་བའི་སྒྲོན་མ་རྣམ་པ་གསུམ་པོ་དེ༵་ནི༵་གཞན་རྒྱུ་རྐྱེན་གློ་བུར་བ་སོགས་ཀྱི་བསྐྱེད་པའི་སྣང་བ་མ་ཡིན་པར་རང༵་གི་ཆོས་ཉིད་བདེ་གཤེགས་སྙིང་པོའི་གཟུགས་སྐུ་འོད་གསལ་སྣང་བ་ལྔ་ལྡན་གྱི་དཀྱིལ་འཁོར་དུ་ནང་ན་བཞུགས་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལས་ཉི་འོད་ཕྱིར་ཤར་བ་བཞིན་དུ་གཞི་མདངས་ལམ་དུ་མཆེད་པ་སྟེ། རང་བཞིན་རི༵ག་སྟོང་གི་ཡེ་ཤེས་སུ་བཞུགས་པའི༵་ངོ༵་བོ༵་རྟོག་པའི་གྲྭ་ཟུར་ལས་འདས་པའི་ཐི༵ག་ལེ༵། གཅིག་དང་དུ་མའི་གྲངས་མཐའ་ལས་འདས་པའི་ཉ༵ག་གཅི༵ག་ཅེས་བྱའོ། །ཀློང་གསལ་ལས། དེ་ཡང་ངོ་ངོ་ཀ་དག་ལས། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་ཤར། །ངོ་བོ་མངོན་སུམ་སྒོ་ལ་ཤར། །རིག་པ་མངོན་སུམ་ཞེས་བྱའོ། །ཞེས་སོ། །
བཞི་པ་ལ་ཚད། བརྒལ་ལན། རྣམ་གྲངས་ལྷག་མའོ། །དང་པོ་ནི། སྒྲོན་མ་དེ་དག་ལས་དབྱིངས་ཁྲུ་གང་ནམ་མཁའ་ལ་མཐིང་ཀ་དང་། ཉི་མ་ལ་ཁ་དོག་སྣ་ཚོགས་པ། ཐིག་ལེ་ཟླུམ་ཁྲིགས་སུ་གསལ་བ། ལུག་རྒྱུད་ཕྲ་ལ་འགྱུ་བ་ནི་མངོན་སུམ་གྱི་སྣང་བ་དང་པོ་མཐོང་བའི་ཚད་དོ། །དབྱིངས་ནམ་མཁར་ཁ་དོག་ལྔ་ལྡན། ཐིག་ལེ་སུམ་འབྲེལ། རིག་པ་འདབ་ཆགས་དལ་གྱིས་འཕུར་བ་ལྟར་བུལ་བ་ནི་བར་དུ་གོམས་པའི་ཚད། དེ་དག་ལས་ཀྱང་རྒྱ་ཆེ་བའི་ཡར་མཚམས་ལས་བྲལ་བ་དང་། ཐིག་ལེ་རྒྱ་ཆེ་བ་རིག་པ་ངང་གིས་དལ་བ་ནི་བརྟན་པའི་ཚད་དུ་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས་གསུངས་སོ། །
གཉིས་པ་ནི། འདི་ལ་ཁ་ཅིག་གིས་རྒྱུ་རྐྱེན་ལ་ལྟོས་པ་དང་། དབང་པོའི་མཐོང་བའི་ཆོས་ཉིད་མངོན་སུམ་ཞེས་བྱ་བར་མི་རུང་བ་དང་། ཡང་འདི་དག་ལོངས་སྐུའི་ཞིང་ཁམས་མཐོང་བ་ཡིན་ཟེར་བ་ལ། ས་མ་ཐོབ་ཀྱང་མཐོང་བ་སོགས་ཀྱིས་མི་འཐད་པའི་རྒྱུ་མཚན་བཀོད་དེ་དགགས་པ་མང་ཡང་། དེ་དག་རང་གི་རྒྱུད་ཀྱི་སྟོང་གཟུགས་རྣམས་ལའང་མཚུངས་བའི་བརྒྱུད་ཆུ་འདྲེན་པའི་དམ་ཉམས་ཀྱི་ཞུགས་གྲལ་བ་ལ་བཟློག་རིན་མི་ཆོག་སྟེ། ཅུང་ཟད་ལུང་བཞིན་བཤད་ན་ཡུལ་ནམ་མཁའ་ལ་འཆར་བར་གསུངས་ནས། ཡེ་ཤེས་སྙིང་པོ་ལས། བཅོམ་ལྡན་འདས་འོད་གསལ་བ་ཞེས་བགྱི་བ་གང་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་གསལ་བ་ནི་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེ་སྟེ། དེས་ནི་ཕྱག་རྒྱ་ཆེན་པོ་བརྙེས་པར་འགྱུར་བའོ། །ཞེས་དང་། དུས་འཁོར་ལས། ནམ་མཁའ་ཆུ་འཛིན་བྲལ་པའི་དབུས་སུ་རྣལ་འབྱོར་བ་ཡིས་བསྒྲད་པའི་མིག་གིས་བལྟ་བྱ་སྟེ། ཞེས་དང་། དོན་དམ་པའི་ཆོ༵ས་ཉིད༵་མངོ༵ན་སུམ༵་དུ་སྒོ་མིག་གིས་མཐོ༵ང་བར་ཨརྱ་དེ་ཝས། དོན་དམ་པའི་འདེན་པས་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ། །ཞེས་དང་། གཟིགས་སྟངས་ཀྱི་དོན་དང་བཅས་པ་རི་གི་ཨ་ར་ལིའི་རྒྱུད་ལས། མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པོའི་དང་པོར་མཐོང་བར་འགྱུར། །ཞེས་མཐིང་ཀ་ཁྱབ་པ་ཆེན་པོའི་དབྱིངས་མཐོང་བར་བཤད། དེ་ནས་རིམ་གྱིས་སྨིན་ཏེ་ལྔ་ལྡན་མཉམ་པའི་དབྱིངས་དང་ཐིག་ལེ་ལུ་གུ་རྒྱུད་དང་བཅས་པ་མཐོང་བར། གསང་འདུས་ཀྱི་རིམ་ལྔ་ལས། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོ་རྟག་པར་ནི། །འོད་ཟེར་ལྔར་ནི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཞེས་དང་། དབང་མདོར་བསྟན་ལས། མུན་ཅན་ཆ་དང་ཐིག་ལེ་ཆེ། སྣ་ཚོགས་གཟུགས་ཅན་འོད་གསལ་བ། ཞེས་དང་ཨརྱ་དེ་ཝས། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །ཞེས་དང་། དུས་འཁོར་ལས། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་དང་ནི་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་དང་། ཡང་དེ་ལོངས་སྐུའི་ཞིང་ཁམས་ཡིན་པར་བཤད་པས་སྐྱོན་ན། དེ་ཡི་དབུས་སུ་སངས་རྒྱས་གཟུགས་རྣམས་ཡུལ་དང་རྣམ་བྲལ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་དང་། དེའི་སྒྲུབ་ཐབས་ཀྱི་ལེའུར་ཡང་། ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མར་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་སོ། ། དབང་པོའི་མཐོང་ཟེར་བ་འང་། ཞིབ་ཏུ་དཔྱད་ན། འདིར་ཡེ་ཤེས་ཀྱི་རྒྱངས་ཞག་གིས་མཐོང་བ་ལས། དེའི་རྟེན་གྱིས་མཐོང་བ་མ་ཡིན་ལ། དེ་རྟེན་དབང་པོ་ལ་རག་ལུས་པས། བདེ་མཆོག་སྟོད་འགྲེལ་ལས། མིག་གི་རྟོག་པ་ཡང་མ་ཡིན་ལ། མིག་མེད་པར་རྟོགས་པའང་མ་ཡིན། ཞེས་པ་དང་འགྲིགས་པས་སོ། །རྒྱུ་མཚན་འཁྲུལ་བ་མེད་པའི་ལུང་གི་གནས་དེ་དག་གིས་ཆོས་ཉིད་མངོན་སུམ་མཐོང་བའི་ཐ་སྙད་འཐད་པ་དང་བཅས་པས་གྲུབ་ཤིང་ཡང་དེ་ལྟ་ནའང་ཆོས་ཉིད་མངོན་སུམ་མཐོང་བ་ཡིན་ན་ས་དང་པོ་ཡིན་དགོས་པས། དེ་ལ་ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པ་མི་རུང་སྙམ་ནའང་། ཆ་གཅིག་དུ་ན་སྤྲིན་གསེབ་གྱི་ཉི་མའི་རང་བཞིན་དབྱིབས་འོད་ཅུང་ཟད་མཐོང་ཀྱང་ཉི་མ་མཐོང་བའི་ཐ་སྙད་གདགས་པ་དང་། དེ་ཡང་གལ་ཏེ་ཉི་མ་ཡིན་ན་འོད་དང་ཟེར་ཇི་ལྟ་བ་བཞིན་ཡོད་དགོས། མེད་ན་ཉི་མ་མིན་ཟེར་མི་སྤོབས་པ་བཞིན། གཟུང་འཛིན་གྱི་སྒྲིབ་པ་མ་དག་པ་དང་། མ་དག་དག་པ། ཤིན་ཏུ་རྣམ་དག་གི་གོ་རིམ་སྲིད་པའི་ཕྱིར། འདིར་མ་དག་དག་པ་ལའང་ས་བཅུའི་རིམ་པས་ཅི་རིགས་པ་དང་། གཞན་ཡང་སོ་སྐྱེས་ཚོགས་སྦྱོར་གྱིས་དཔེའི་ཡེ་ཤེས་གང་ལ་མངོན་སུམ་རྟོགས་སོ་ཞེས་བྱས་ཀྱང་། གོ་མྱོང་རྟོགས་པའི་སྒྲ་དབྱིངས་གཅིག་པས་མི་འགལ་བ་དང་། རྟོགས་བྱ་ཆོས་ཉིད་དོན་གྱི་ངོས་ནས་སྔ་ཕྱི་བཟང་ངན་མེད་པར་གཅིག་པ་དང་། གཤེགས་སྙིང་དེ་ཅི་བཞིན་པར་སངས་རྒྱས་ལས་གཞན་གྱིས་མཐོང་བ་མེད་པར་མཚན་མོའི་གཟུགས་བཞིན་ས་བཅུའི་བྱང་སེམས་ལའང་སྒྲིབ་ཆ་ཡོད་པས་ན། ཡང་ན་ལམ་པ་ཀུན་གྱི་ལྟ་བས་ཅི་རིགས་སུ་རྟོགས་པའི་ཐ་སྙད་བཏགས་ཀྱང་མི་འགལ། སངས་རྒྱས་ལས་སུས་ཀྱང་མངོན་སུམ་མི་རྟོགས་ཞེས་ཀྱང་མི་འགལ། ས་ནས་སར་སྤར་བའི་སྤང་རྟོགས་དམན་མཆོག་གི་ལྟོས་བཞག་གང་ལྟར་བྱས་ཀྱང་མི་འགལ་ཞིང་། ཁོ་བོ་ཅག་གི་ཡང་ཆོས་ཉིད་ཇི་ལྟ་བ་བཞིན་མཐོང་ན་བྱང་སེམས་དེ་ལ་ཆོས་གཟུགས་ཀྱི་ཡོན་ཏན་ཐམས་ཅད་མེད་ན་མི་རུང་ཞེས་བརྒལ་ན་ལན་ཅི་ཡོད་སོམ་ཅིག །ལོངས་སྐུ་མཐོང་བ་བརྒྱུད་མ་དག་པས་མི་རུང་གསུངས་ཀྱང་། སོ་སྐྱེ་ལ་བཟོ་སྤྲུལ་བ་སོགས་སྣང་བ་འདི་དག་ཀྱང་། ཚོགས་སྦྱོར་མཐར་ཐུག་ལ་སངས་རྒྱས་སྤྲུལ་སྐུ་དངོས། ས་བཅུ་ལ་ཕྱེད་ལོངས་སྐུ། སངས་རྒྱས་ལ་རང་སྣང་ལོངས་སྐུ་དང་ཆོས་སྐུ་དབྱེར་མེད་ཡིན་པས། གནས་ལུགས་ལྟ་བའི་ངོས་ནས་ཆོས་སྐུ་དང་ལོངས་སྐུ་དངོས་ཡིན་སྨྲས་པ་ལའང་འགལ་བ་མེད་པར་མ་ཟད། ཤིན་ཏུ་མད་པ་ཡིན་ཏེ། རྒྱུད་སྡེ་ཀུན་ལས། གཟུགས་ནི་རྣམ་པར་སྣང་མཛད་དེ། །ཅེས་གསུངས་པ་ལ། འདུས་བྱས་དུ་མ་སྐྱེ་འཇིག་གི་སྒྲོ་བསྐུར་མི་འཚལ་བ་བཞིན་ནོ། །དེ་ལྟར་རྒྱུད་ལ་མི་ཤོངས་བས་ཚུ་རོལ་གྱི་གླན་ཀ་སྨིག་རྒྱུའི་ཆུ་ལ་རྩོད་པ་འདིའི་ཅི་བྱ་སྙམ་ནས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉེ་བར་བཞག་གོ །འོ་ན་ས་རྡོ་མཐོང་བ་དང་། འོད་སྣང་མཐོང་བ་ལ་གནས་ལུགས་ཀྱི་ངོས་ནས་ཁྱད་མེད་ན། འདི་ལ་བསྔགས་བརྗོད་ཆེ་བ་ཅི་ཡིན་ཟེར་ན། འབྱུང་བ་དྭངས་སྙིགས་ཀྱི་ཁྱད་པར་ལས། མི་ཤིགས་པའི་ཐིག་ལེ། འོད་ཟེར་ལྔ་ལྡན་གྱི་རླུང་། ཤེས་རབ་རང་བྱུང་གི་རིག་པ་འོད་གསལ་བ་སྟེ། འདི་ནི་སྣང་ལུགས་ཆོས་ཅན་གྱི་ངོས་ནས་ཀྱང་། ཕྲ་བའི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བསྒྲུབ་གཞི་ཀུན་ལྷག་པའི་ཀུན་རྫོབ་རང་གཞན་གྱི་རྒྱུད་སྡེ་ཀུན་ནས་གསུངས་བ་ཆོས་ཉིད་ཀྱི་དཀྱིལ་འཁོར་དངོས་མཐོང་བ་ཡིན་ལ། མ་དག་པ་ནི་དེ་ལས་ལོག་པ་འཁྲུལ་བར་སྣང་ཞེན་གྱི་ཁྱད་པར། ཐག་ཁྲ་དང་སྦྲུལ་བཞིན་ཡང་ལོག་གི་ཁྱད་ཡོད་པས་སོ། །དེས་ན་ཚད་མའི་ལམ་ནས་གཞལ་ཀྱང་བསྲེགས་བཅད་བརྡར་བའི་གསེར་བཞིན་ཇེ་དག་ལ་འགྲོ་བས་སངས་རྒྱས་སྟོང་བྱོན་ནས་ཁྱོད་ཀྱི་དེ་ལྟར་མ་ཡིན་ནོ་གསུངས་ཀྱང་བློ་ཕྱིར་མི་ལྡོག་པས་དཔྱད་བཟོད་ཀྱི་ངེས་པ་རྙེད་པ་ཡིན་ནོ། །ཡང་མཐོང་བྱ་མཐོང་བྱེད་ཕྱི་ནང་གི་ལུག་རྒྱུད་གཉིས་ཡོད་པས་འགལ་ལོ་ཞེས་བསྙད་པའང་། སྐུ་དང་ཡེ་ཤེས། ལྷ་དང་ཆོས་ཉིད། སྒྱུ་འོད་ཀྱི་དོན་ཟུང་འཇུག་ལ་གོ་བ་ཅུང་ཟད་ཀྱང་མ་ཆགས་པའི་འོ་དོད་ལ་ལྟོས་ཤིག །རྣལ་འབྱོར་གྱི་དབང་ཕྱུག་མདའ་བསྣུན་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་གཉིས་མེད་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་མཐར་ཐུག་གི་དོན་ཀྱང་འདི་ཡིན་པས་ན། ཉིད་ཀྱི་ཞལ་ནས། རྨད་བྱུང་ནམ་མཁའི་ཁམས་ཤར་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང་། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། ། ཞེས་སོ། །ཁྱེད་ཀྱིས་གཞན་པས་རྟགས་བཅུ་ནི་རླུང་གདངས་དང་འདི་རིག་གདངས་དངོས་ཡིན་ཟེར་བ་མི་འཐད་སྙམ་ན། དེ་ཡིན་དུས་རླུང་གདངས་ཞིག་ལ་དེ་འདྲའི་བསྔགས་བརྗོད་ཡོད་ན། རིག་གདངས་ལ་ཅི་ཕྱིར་མེད་དང་། དེ་ཡང་རླུང་གནད་ཀྱི་ལས་རླུང་གིས་བསླད་པའི་ཕྲ་རགས་ཙམ་ལ་དགོངས་པ་ལས། དོན་དུ་ངོ་བོ་གཅིག་པ་ཡིན་པས་ཐེ་ཚོམ་མི་དགོས་སོ། །ལར་ཧ་ཅང་རྟོག་གེ་ལ་འཆེལ་ཆེ་ན་ནི། ངེད་ཀྱི་ཆོས་ཉིད་མངོན་སུམ་མིན་ཀྱང་། ཚོགས་སྦྱོར་གྱི་དུས་སུ་དཔེའི་འོད་གསལ་ལམ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། དེ་ཡན་ཆད་མཐོང་བསྒོམ་མི་སློབ་པའི་ལམ་དང་། སངས་རྒྱས་ཀྱི་ས་རྣམས་སུ་དོན་གྱི་འོད་གསལ་ལམ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་གསུངས་པའང་། ཤེར་ཕྱིན་འོད་གསལ་བའི་ཡེ་ཤེས་ལ་སྤྱི་དང་རང་གི་མཚན་ཉིད་ཡོད་པར་འགྱུར། ༼ མངོན་སུམ་གྱིས་ཡུལ་རང་མཚན་སྣང་བ་ལ་ཡོངས་གཅོད་དང་། རྗེས་དཔག་གིས་སྤྱི་མཚན་ལ་སེལ་བའི་སྒོ་ནས་རྣམ་གཅོད་དུ་འཇུག་པའི་ཕྱིར་རོ། །མཆན། ༽ ཞེས་དང་། གཟིགས་བྱ་མེད་པས་ཅི་ཡང་མི་གཟིགས་ན་ནི། དེ་ཉིད་གཟིགས་པའི་སངས་རྒྱས་གཏན་ནས་མེད་པའམ། སངས་རྒྱས་དེ་ནམ་མཁའི་ཡིད་ཅན་ཞིག་ཏུ་ཁས་བླང་ངོ་ཞེས་བརྒལ་ནའང་། སུན་འབྱིན་གྱི་ཚིག་གིས་མི་ཕོང་ཙམ་ཞིག་ནི་སུ་ལའང་ཡོད་པ་ཡིན་ཞིང་། དེ་ཙམ་གྱིས་ཡང་དག་པར་མཐར་ཐུག་གི་རིགས་པར་ཡང་མི་འགྱུར་ཏེ། ལར་ཡུམ་དང་གཞི་རྒྱུད་དེ་སྣང་སྟོང་ཐབས་ཤེས་བདེན་གཉིས་དབྱེར་མེད་ཞིག་ཡིན་པའི་གནད་ཀྱིས། དེ་རྟོགས་བྱེད་ལའང་ཚད་མ་གཉིས་ཀྱིས་ཟུང་འཇུག་ཏུ་གཞལ་མ་ནུས་ན། གཅིག་དགྲར་གཅིག་ལངས་ནས་ཡང་དག་པའི་མཐའ་ལ་གནས་པའི་ཐབས་གཏན་ནས་མི་ཤེས་ཏེ། དེའི་ཕྱིར་ན་ལྟ་བ་འཆུགས། དེ་འཆུགས་པས་སྟོང་ ༼ གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཡིན་པ་དང་། གཏན་ལ་ཕབ་པའི་རྙེད་དོན་གྱི་ལྟ་བ་རྣམ་གྲངས་མ་ཡིན་པའི་སྤྲོས་བྲལ་དུ་གནས་པས། དེ་དང་འཛིན་སྟངས་འགལ་བའི་རྣམ་གྲངས་པའི་དོན་དམ་ལ་ཐུགས་དམ་བྱེད་པའི། མཆན། ༽ འཛིན་གྱི་རྒྱས་གདབ་པའི་ཤེར་ཕྱིན་གྱི་བསྒོམ་པ་དང་། ལྟ་བས་སྟོང་ཉིད་དུ་གཏན་ལ་ཕབས་པའི་དོན་དང་མི་མཐུན་པའི་ཞལ་ཕྱག་གི་རྣམ་པ་ཅན་གྱི་བསྐྱེད་རིམ་དང་། མཚན་བཅས་ཀྱི་རྫོགས་རིམ་བསྒོམ་པའི་ལྟ་བསྒོམ་འཛོལ་བ་དང་། རྣམ་གྲངས་བའི་དོན་དམ་དུ་གཏན་ལ་ཕབས་པ་དང་། བསྒོམ་པས་རྒྱས་འདེབས་པའི་བསྐྱེད་རྫོགས་ཐམས་ཅད་དབུ་མ་ཐལ་འགྱུར་གྱི་ལྟ་བསྒོམ་ཡང་དག་ཙམ་དུ་ཡང་མ་སོང་། དེ་དག་གི་གཞི་འཆུགས་པས་ན་འབྲས་བུ་ལོངས་སྐུ་ངེས་པ་ལྔ་ལྡན་ཀྱང་གཞི་ན་མེད་པའི་སྐྱེ་འཇིག་ཅན་གྱི་སྨིན་འབྲས་སུ་རྡོ་རྗེའི་སྐུ་ལ་མི་རྟག་པར་ལྟ་བའི་ཉེས་ལྟུང་གིས་གོས་པར་གྱུར་པ་འདི་བྱུང་བ་ཡིན་པས་ན། ལར་གཞི་ནི་བདེན་གཉིས་སྣང་སྟོང་ཐབས་ཤེས་དབྱེར་མེད་ཆེན་པོ་ཞིག་ཡིན་ལ། དེའི་སྣང་ཆ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན། འབྲས་བུ་གཟུགས་སྐུ་ཡེ་ཤེས་ཕྲིན་ལས་དང་བཅས་པའི་བྲལ་གཞིའང་དེ་ཉིད་ཡིན་ལ། དེ་ཉིད་ལ་ལོག་པར་བཟུང་བས་འཁོར་བའི་ཆོས་སུ་སྣང་བ་ལོག་པའི་ཀུན་རྫོབ་སྟེ། གཞི་ན་མེད་པའི་གནད་ཀྱིས་སངས་རྒྱས་གྱི་རང་སྣང་ལ་མ་དག་པ་མེད་པའི་དོན་དེ་ཡིན་ནོ། །དག་པའི་སྣང་བ་མ་འགགས་པ་དེ་ཡང་དག་ཀུན་རྫོབ་དང་། ལྷག་པའི་ཀུན་རྫོབ། ཐབས་ཀྱི་ཆ་ཡིན། ལོག་པའི་ཀུན་རྫོབ་ནི་འཁྲུལ་སྣང་ཡིན་པས་དོན་དུ་མ་གྲུབ་ལ། ཡང་དག་ཀུན་རྫོབ་ནི་རང་བཞིན་ཡེ་སྟོང་ཀ་དག་ཆེན་པོར་གནས་པའི་ཆ་ནས་ཤེས་རབ་དོན་དམ་པའམ་ལྷག་པའི་དོན་དམ་བདེན་པ། འབྲས་བུ་ཆོས་སྐུའི་བྲལ་གཞི་ཡིན། དེ་གཉིས་ཐག་པ་དཀར་ནག་བསྒྲིལ་བ་དང་། གའུ་ཁ་སྦྱར་བ་ལྟ་བུ་ཞིག་མ་ཡིན་པས། ཆུ་ཟླ་དང་དེའི་རང་བཞིན་དོན་དུ་མ་གྲུབ་པ་བཞིན། སྟོང་བའི་ངོ་བོ་སྣང་བ། སྣང་བའི་རང་བཞིན་སྟོང་བར་དབྱེར་མེད་རོ་གཅིག་ཏུ་གནས་པས་ན། ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུའམ། རྣམ་གྲངས་མ་ཡིན་པའི་དོན་དམ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་གནས་ལུགས་དངོས་ཡིན་ནོ། །དེ་ཉིད་སྐུ་གཉིས་ཟུང་འཇུག་གི་དངོས་རྒྱུ་སངས་རྒྱས་ཀྱི་སྙིང་པོ་སེམས་ཅན་ལ་བཞུགས་པའི་རིགས་ཁམས་གཏན་ལ་ཕབ་བྱའི་གཞི་རྒྱུད་དངོས་ཡིན། སེམས་ཅན་འཁྲུལ་པའི་བརྟགས་སྣང་ནི་གནས་ཚུལ་གྱི་ངོས་ནས་དེ་དང་ཆོས་ཅན་དང་ཆོས་ཉིད་ཡིན་ཡང་། སྣང་ཚུལ་གྱི་དབང་དུ་ཡང་དག་པའི་དོན་དུ་བཟུང་བྱའི་གཞི་རྒྱུད་མ་ཡིན་ཏེ། སྐུ་གཉིས་ཀྱི་བྲལ་གཞི་མ་ཡིན་པ་དང་། ལྟ་བསྒོམ་སྤྱོད་པའི་རྟེན་སའམ། སྟེགས་འཆའ་ས་མ་ཡིན་པའི་ཕྱིར་རོ། ། གཞི་རྒྱུད་དོན་གྱི་གནས་ལུགས་དེ་འཇལ་བྱེད་ཀྱི་ཚད་མའང་། སངས་རྒྱས་ཀྱི་མཉམ་བཞག་སྣང་མེད་དོན་དམ་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་དཔོག་པའི་དོན་དཔྱོད་དང་། རྗེས་ཐོབ་ཀུན་རྫོབ་སྣང་བཅས་ཀྱི་ཡེ་ཤེས་དང་རྗེས་སུ་མཐུན་པར་དཔོག་པའི་ཐ་དཔྱོད། མཉམ་རྗེས་དབྱེར་མེད་ཟུང་འཇུག་གི་རྗེས་སུ་དཔོག་པ་ལ་དེ་གཉིས་དབྱེར་མེད་དུ་དགོས་པའི། དེ་གསུམ་གྱི་གཏན་ལ་ཕབས་པའི་རྙེད་དོན་བདེན་པ་དབྱེར་མེད་སྣང་སྟོང་ཟུང་འཇུག་དག་མཉམ་ཆེན་པོར་ཤེས་པའི་ཆ་གསུམ་ལའང་ཆོས་ཅན་ལྟ་བས་ལྟ་བ། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་སྟེ་གསུམ་དབྱེར་མེད། གཏན་ཚིག་ཀྱང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ལ་སོགས་དབྱེར་མེད་དུ་དགོས་པའོ། །དེ་ལྟར་གཏན་ལ་ཕབས་ནས་ལྟ་བ་རྟོགས་དུས། དེ་རྣལ་འབྱོར་དུ་བྱེད་པའི་བསྒོམ་པའང་། བྱང་ཆུབ་སེམས་གཉིས་དང་། བྱང་ཕྱོགས་སོ་བདུན། གསང་སྔགས་ཀྱི་ཐབས་ཤེས་བསྐྱེད་རྫོགས་སྣང་བཅས་སྣང་མེད་ཟུང་དུ་འཇུག་པར་བསྒོམ་ན་ལྟ་བའི་དོན་མཐུན་དུ་འགྱུར་ཞིང་། དེའི་ཁམས་ཀྱི་སྒྲིབ་པ་ཕྱོགས་རེ་བྲལ་བ་དང་། ཡོན་ཏན་ཕྱོགས་མཐོང་གི་རིམ་པས་ལམ་ལྔ་དང་། བྲལ་དག་མཐར་ཐུག་པའི་སངས་རྒྱས་སྐུ་གཉིས་ཀྱི་འབྲས་བུའང་གནས་ལུགས་ཀྱི་གཞི་ཇི་བཞིན་པ་མཐོང་གོམས་རྟོགས་པའི་གཤིས་ཐོག་ཏུ་ཕེབས་པ་ཡིན་པས་ན། དེ་དུས་འབྲས་བུའི་ཡེ་ཤེས་ཇི་ལྟ་ཇི་སྙེད་གཉིས་ཀྱང་ཟུང་དུ་འཇུག་པའི། དོན་དཔྱོད་མཐར་ཐུག་མཉམ་བཞག་ཆོས་སྐུའི་ཡེ་ཤེས་ཇི་ལྟ་བས་ནི། ཆོས་ཉིད་དེ་བཞིན་ཉིད་ཀ་དག་གི་རང་བཞིན་དང་རྗེས་སུ་མཐུན་པར་བློས་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཤེས་དང་ཤེས་བྱ་དབྱེར་མེད་ཆེན་པོར་གྱུར་པ་ལ་ཆོས་ཉིད་མངོན་སུམ་མཁྱེན་པའི་ཐ་སྙད་གདགས་ཤིང་། དེ་དང་རྗེས་སུ་མཐུན་པའི་ཡེ་ཤེས་སྐྱེས་པ་ས་དང་པོ་ཐོབ་པའི་གང་ཟག་དང་། སྔགས་ཀྱི་རིག་འཛིན་དང་པོ་གཉིས་དང་། རྫོགས་པ་ཆེན་པོའི་ཤེས་རབ་རང་བྱུང་སྒྲོན་མའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་རྣམས་ཡིན་ལ། དེའི་དོན་གྱི་ངོས་ནས་གཟིགས་བྱ་གཟིགས་བྱེད་དང་བྲལ་བས་ན། གསང་སྙིང་ལས། མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །ཅེས་དང་། ཟླ་གྲགས་ཀྱིས། སྟོང་བ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ། སྟོང་བ་ཉིད་རྟོགས་སོ། །ཞེས་བརྗོད་ཀྱི། སྟོང་བ་ཉིད་རྟོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ངོས་ནས་སྤྱི་དང་རང་མཚན་གང་དུའང་། མངོན་རྗེས་ཚད་མ་གང་གིས་ཀྱང་གཟིགས་པར་ཁས་བླང་མི་དགོས་ལ། ཐ་དཔྱོད་མཐར་ཐུགས་རྗེས་ཐོབ་གཟུགས་སྐུའི་ཡེ་ཤེས་ཇི་སྙེད་མཁྱེན་པས་ནི་མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་ཞིང་ཁམས་སོགས་ཡང་དག་པའི་ཀུན་རྫོབ་བམ། ལྷག་པའི་ཀུན་རྫོབ་བདེན་པའི་རང་བཞིན་དང་། མ་དག་པའི་སེམས་ཅན་ཀྱི་ཁམས་དབང་བསམ་པ་ལ་སོགས་པ་མཐའ་དག ། མ་འཛིང་མ་འཁྲུགས་པར་མངོན་སུམ་དུ་མཁྱེན་པའི་ཐ་སྙད་ཐོབ་པ་དང་། ཤེས་བྱའི་གཞི་དང་། རྟོགས་བྱེད་ཀྱི་ཚད་མ། རྟོགས་པའི་ལྟ་བ། བསྒྲོད་བྱེད་ཀྱི་ལམ། འབྲས་བུ་ཡེ་ཤེས་དང་བཅས་པ་ཐམས་ཅད་སྣང་སྟོང་ཟུང་འཇུག་ཡིན་པའི་གནད་ཀྱིས། མཁྱེན་པར་སྣང་དུས་ཉིད་ནས་མཁྱེན་པ་མེད་པ་དང་། མཁྱེན་པ་མེད་དུས་ཉིད་ནས་མཁྱེན་པར་སྣང་བ་ཞིག་ཡིན་ཏེ། སྒྱུ་འཕྲུལ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །སོགས་ནས། འགྲོ་འོང་མེད། ཅེས་པ་ལྟ་བུའོ། །ཚོགས་ལམ་ཆེན་པོའི་སངས་རྒྱས་སྤྲུལ་སྐུ་ལས་མངོན་དུ་ཉན་པ་དང་། ས་དང་པོའི་ཞིང་ཁམས་བརྒྱ་དང་། སངས་རྒྱས་བརྒྱའི་ཞལ་མཐོང་བ་ལ་སོགས་པ་དང་། གསང་སྔགས་ལས་སྟོང་གཟུགས་མཐའ་དག་དང་། རླུང་སེམས་དང་འོད་གསལ་གྱི་རྒྱུ་ལུས་ཐོབ་པ་དང་། འདིའི་ཀུན་རྫོབ་ཡང་དག་འོད་དང་ཐིག་ལེ་ལུ་གུ་རྒྱུད་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་རྟགས་སྣང་དང་བཅས་པ་རྣམས་དང་། རྒྱུ་ལུས་དང་དཔེ་དོན་གྱི་འོད་གསལ་ཟུང་འཇུག་གི་བདེན་གཉིས་ཟུང་འཇུག ། གཞི་ལམ་འབྲས་བུའི་དབྱིངས་རིག་ཟུང་འཇུག་མངོན་སུམ་དུ་མཐོང་བ་རྣམས་དེ་དག་དང་རྗེས་སུ་མཐུན་པར་མཐོང་བ་ཡིན་པས་ན་འགལ་བ་མེད་པར་དོན་དུ་ངོ་བོ་གཅིག་པ་ཡིན་པས་ཐེ་ཚོམ་མི་དགོས་སོ། །
གསུམ་པ་རྣམ་གྲངས་ལྷག་མ་བཤད་པ་ནི། དེ་ལྟར་སྒྲོན་མའི་སྣང་བ་བསྟན་པས་འོད་གསལ་གྱི་ལྷ་སྐུའི་མཚན་མ་མཐོང་བ་ཡིན་ལ། ཁྱད་པར་དུ་རྟགས་ཙམ་གྱིས་ངོས་བཟུང་བ་མ་ཡིན་ཏེ། དེ་ལས་ཁྱད་པར་མཆོག་ཏུ་གྱུར་བའི་དོན་ནི། དེའི་ངོ་བོ་དཔེ་དོན་གྱི་འོད་གསལ་མཐོང་བས་ཕྱེད་དགོས་པས་དེའི་ཚུལ་ནི། འཁོར་བའི་ཕྱོགས་ཀྱིས་བདག་ཏུ་རྟོག་པ་ཉོན་མོངས་པའི་ཡིད་ཀྱི་དྲི་མ་མངོན་གྱུར་བ་སྦྱོངས་ནས། རྣམ་བྱང་ཕྱོགས་ཀྱི་བདག་མེད་དོན་སྤྱིར་རྟོགས་པ་ཡོངས་སུ་རྫོགས་པས་དཔེའི་འོད་གསལ་ཡོངས་སུ་རྫོགས། དཔེའི་འོད་གསལ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དངོས་སུ་རྟོགས་པ་ཞིག་དགོས་ཏེ། དེའི་རྒྱུ་མཚན་ཆོས་ཉིད་མངོན་སུམ་འདི་ཚོགས་སྦྱོར་མཐར་ཐུག་གི་ས་བའི་ཆོས་མཆོག་ཆེན་པོ་ཡེ་ཤེས་ཐོབ་པ་མན་ཆད་ཡིན་པས་སོ། །གནད་དེས་ན་རྣམ་པར་སྨིན་པའི་རིག་འཛིན་ཁམས་གསུམ་དུ་ཟག་ལྡོག་མེད་པ་སྟེ། ཀློང་དྲུག་པ་ལས། ཆོས་ཉིད་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། འདས་རྗེས་ལས། མངོན་སུམ་གནད་ནི་ལུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་རབ་འབྱམས་ལས། མངོན་སུམ་མཐོང་བའི་སྣང་བ་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །གསུངས་སོ། །འོ་ན་བདེན་པ་མངོན་སུམ་མ་མཐོང་བས་མངོན་སུམ་དང་མི་འགྲིགས་སོ་སྙམ་པ་ལ། ལར་སྦྱོར་ལམ་གྱི་དཔེའི་ཡེ་ཤེས་ཉིད་ཚོགས་ལམ་པས་རྟགས་དང་གཏན་ཚིག་གིས་གཏན་ལ་ཕབས་ནས་གོ་ཡུལ་ཙམ་ཞིག་བློ་ལ་བཞག་པ་དང་། རྒྱལ་བའི་བཀའ་ཚད་མ་ལ་དཔང་བོར་བྱས་ནས་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བའོ། །ཞེས་ཕྱི་དུས་སུ་རེ་བ་ཙམ་མ་ཡིན་པར། སྒོམ་བྱུང་ཡང་དག་སྐྱེས་པའི་སྣང་ངོ་དང་ངེས་ངོར་སྟོང་ཉིད་དམ་ཆོས་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་ཡིན་པར་ནི་མདོ་རྒྱུད་བསྟན་བཅོས་མན་ངག་ཚད་མ་རྣམས་ཞལ་མཐུན་པའི་གནད་ཀྱིས། འདིར་ཡང་དེ་ཙམ་གྱི་རྟོགས་པ་རྫོགས་པའང་རྟགས་དང་གཏན་ཚིག་ལས་འདས་པས་ན་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ནོ་ཞེས་གསུངས་པའང་འཐད་པར་མངོན་ལ། ཡང་དུས་འཁོར་ལས། མཚན་མ་དང་པོ་ལས་རླུང་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་ཡ་གྱལ་གཅིག་འགགས་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་ཆོས་ཉིད་བདེན་པའི་ཆ་ཤས་མཐོང་བར་བཤད་པ་དེ་རྣམ་སྨིན་རིག་འཛིན་དང་། ཆོས་ཉིད་མངོན་སུམ་མཐོང་བ་ཡིན་ལ། ལས་རླུང་སྟོང་བརྒྱད་བརྒྱ་འགགས་པ་ན་གསང་གནས་ཀྱི་རྩ་མདུད་གྲོལ་བ་ཆོས་ཉིད་བདེན་པ་མངོན་སུམ་མཐོང་བས་ས་དང་པོ་ནོན་པར་གསུངས་པ་ཚེ་དབང་དང་། གོང་འཕེལ་ཡིན་པས་ཀྱང་འགལ་བ་མེད་པ་དང་། ཡང་ནུས་པ་མ་ཐོབ་པས་མཐོང་ལམ་རྣམ་སྨིན་ནམ་མངོན་སུམ་ས་དང་པོ་དང་དགོངས་སྤྱོད་མཉམ་པ་དང་། ཚེ་དབང་ངམ་གོང་འཕེལ་དང་པོ་དང་སྐལ་བ་ཙམ་མཉམ་ཡང་དགོངས་སྤྱོད་ཁྱད་པར་འཕགས་པས་ས་བརྒྱད་པ་དང་མཉམ་པས་ན། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པས་རིག་མཆོག་དེ། །བརྒྱད་པས་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོའི་ཁྱད་པར་འཕགས། ། ཞེས་པ་ལྟར་རོ། །གཞན་ཡང་མངོན་སུམ་གྱི་ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། གནད་ཚད་མངོན་སུམ་མ་མཐོང་བའི་སྐྱོན། མཐོང་བའི་ཡོན་ཏན་སོགས་མན་ངག་གི་རྩ་བ་ལ། མང་བས་སྒྲིབ་ཀྱིས་དོགས་ནས་མ་བྲིས་སོ། །ས་མ་ཡཱ་ནི། དེ་ལྟར་གནད་གསུམ་རྡོ་རྗེའི་ཆིངས་ཀྱིས་བཅིངས་བས་ཆོས་ཉིད་མངོན་སུམ་མཐོང་ནས་ཁམས་གསུམ་དུ་མི་ལྡོག་པའི་ཐ་ཚིག་གོ །རྒྱ་གསུམ་ནི་སྔར་ལྟར་རོ། །
གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་བཤད་པ་ལ། མངོན་སུམ་དང་འབྲེལ་འབྱུང་གྱི་མཚམས་སྦྱོར། གོང་འཕེལ་གྱི་དངོས་དོན། དམ་ཚིག་གི་ཕྱག་རྒྱའི་བཅིངས་བའོ། །དང་པོ་ནི། དེ་ཡང༴ ནས། བླང་བས་བར་གྱིས་བསྟན་ཏེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་དེ་ཡང་ད་དུང་རྒྱུན་བསྲིང་ནས། གཞི་ཁྲེགས་ཆོད་འཁོར་འདས་སེམས་སུ་ཡེ་ནས་རྫོགས་པ་ཆེན་པོ་རིག་པ་ཡེ་ཤེས་ཀྱི་ངང་ལས་མ་གཡོས་པར་མཉམ་བཞག་སྣང་མེད་ཀྱི་ཐོག་ཏུ་གནས་བཞིན་པས། འོད་སྣང་ལ་སྤུ་རིས་འབྱེད་པའི་འཛིན་པ་དང་། སྣང་ཉམས་ལྷ་སྐུའི་མཚན་མ་ལ་དངོས་པོར་ཞེན་པ་དང་། མ་ཤར་གྱི་དོགས་པ། ཤར་གྱི་རེ་བ། དག་གྲོལ་ངེས་འབྱིན་དུ་བལྟ་བས་མཚན་མ་བཟང་ཞེན་གྱི་འདོད་པ་དང་བྲལ་བའི་ངང་ལས་ཉམས་སུ་བླང་བས། ཉམས་གོང་འཕེལ་གྱི་སྣང་བ་མཐོང་ལམ་དོན་གྱི་འོད་གསལ་ལྷ་སྐུའི་ཕྱག་རྒྱ་དང་བཅས་པ་མངོན་དུ་གྱུར་ནས་ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་བརྙེས་པར་འགྱུར་རོ། །དེ་ཡང་ཁྲེགས་ཐོད་ཟུང་འཇུག་གིས་ཉམས་སུ་ལེན་དགོས་པར་བཤད་པ་དང་། འཛིན་ཞེན་ཡོད་མི་རུང་བར་བཤད་པས། ལས་དང་པོ་བས་སྒྲོན་མ་མཐོང་བའང་ཆོས་ཉིད་མངོན་སུམ་ཙམ་གྱི་མིང་ཐོབ་པ་ལ་དགོངས། མངོན་སུམ་མཐོང་བས་ཁམས་གསུམ་དུ་མི་ལྡོག་པར་བསྟན་པའི་ལུང་གིས། ཡ་མཐའི་ཆོས་མཆོག་གི་བར་སྣང་བ་དེའི་དམན་འབྲིང་མཆོག་ཏུ་གོམས་པའི་ཚད་ཀྱིས་བསྡུས་པར་བསྟན་པ་ལས་འགལ་བ་མ་ཡིན་ལ། ལས་དང་པོ་བ་ཁོ་ན་མངོན་སུམ་དུ་འདི་ཉིད་ཀྱི་གསུངས་བའང་མིན་པའི་ཚུལ་ཤེས་དགོས་ཤིང་། ཡང་འཛིན་པ་དང་རེ་དོགས་ཡོད་ན་འདོད་ཁམས་སུ་གོལ་བ་དང་། ཞེན་ན་གཟུགས་ཁམས་སུ་གོལ་བའི་ཕྱིར། ཕྲ་བཀོད་ལས། དངོས་པོ་ཉིད་དུ་བལྟས་པ་ན། །གཟུགས་ཁམས་གནས་རིགས་བཅུ་བདུན་གོལ། །ཞེས་དང་། ཏིང་འཛིན་ཡིག་འབྲུར་བསྒོམ་བྱས་ན། ། ཆགས་པས་འཁོར་བའི་གནས་སུ་གོལ། །ཞེས་སོགས་གསུངས་སོ། །ལས་དང་པོ་བས་ཁྲེགས་ཆོད་གདེངས་སུ་གྱུར་ནས། གདོད་ཐོད་རྒལ་བསྒོམ་དགོས་པ་དང་། ཐོད་རྒལ་གྱི་དུས་སུའང་ཟུང་འཇུག་ཏུ་གོམས་དགོས་པའི་དོན་ཀྱང་། མན་ངག་ལས། ཁྲེགས་ཆོད་གདེངས་སུ་མ་འགྱུར་ན། །ཐོད་རྒལ་ཤར་ཡང་གཉིས་འཛིན་ཅན། །ཞེས་སོ། །མངོན་སུམ་ལ་སྦྱངས་བས་གོང་འཕེལ་མཐོང་བའང་། རབ་འབྱམས་ལས། མངོན་སུམ་དེ་ལ་སྦྱངས་བ་ཡིས། །འོན་ཀྱང་རང་གི་ཐོ་ཕྱི་ཙམ། །མདུན་རྒྱབ་དག་ཏུ་གསལ་བའོ། །ཞེས་སོ། །
གཉིས་པ་གོང་འཕེལ་གྱི་དངོས་དོན་ལ། སྣང་བ་དངོས་འཕེལ་ཚུལ་དང་བཅས་པ། སྡོད་པ་གསུམ་གྱིས་ཚད་ཐོབ་ཚུལ། གོང་འཕེལ་གྱི་ཡོན་ཏན། མངོན་སུམ་ལས་འཕགས་པའི་ཁྱད་པར་བསྟན་པས་མཇུག་བསྡུ་བ་དང་བཞི་ལས། དང་པོ་ལ། ཐོག་མར། བར་དུ། མཆོག་ཏུ་གོམས་པས་གོང་དུ་འཕེལ་སྣང་གི་ཚད་དོ། །
དང་པོ་ནི། དབྱིངས་རིག་རེས༴ ནས། ཙམ་ལས་ཞེས་པའི་བར་གྱིས། དེ་ཡང་མངོན་སུམ་གྱི་དུས་སུ་དབྱིངས་ཞེས་ཕྱི་མཐིང་ཀ་དང་ལྔ་ལྡན། ནང་རིག་པ་རང་བྱུང་གི་སྒྲོན་མའི་སྟོང་ཆ། རིག་པ་ནི་ཕྱི་ལུ་གུ་རྒྱུད། ནང་རིག་པའི་གསལ་ཆ་སྟེ། དེ་རྣམས་ཕྱི་ནང་རྒྱུ་འོད་ཟུང་འཇུག་ཏེ་རེས་འགའ་གསལ་ཞིང་། རེས་མི་གསལ་པར་གྱུར་པ་ལས། རྒྱུན་ཆགས་སུ་མི་སྣང་ནའང་། གོང་འཕེལ་གྱི་མགོ་ཟིན་ནས། དབྱིངས་རིག་སྨིན་མཚམས་ལ་བྲལ་ཏེ་ནམ་མཁར་ཡེར་གྱིས་ཐོན་ནས་ནམ་བལྟས་བལྟས་སུ་མིག་སྔ་ནས་འབྲལ་བ་མེད་པར་འཆར་བ་དང་། ཐིག་ལེ་སྲན་མ་ཙམ་དང་། ལུ་གུ་རྒྱུ་འདབས་ཆགས་འཕུར་རྐྱེན་པ་ཙམ་དུ་དལ་བའོ། །འདི་དུས་ཚེ་ལ་དབང་བས་བསམ་བཞིན་ཞིང་ཁམས་སུ་བྱོན་ནའང་། འཁོར་བའི་འཇིགས་པ་དང་བྲལ་བས་དང་པོ་གོམས་བའི་ཚད་དེ། བསྟན་བུ་ལས། ཡར་མཚམས་ལས་ནི་སོར་བཞི་ཙམ། ། བྲལ་བའི་སྐྱེས་བུ་སྐལ་བཟང་དེ། ཁམས་གསུམ་འཇུག་པ་མ་ཡིན་ནོ། ། ཞེས་སོ། །
གཉིས་པ་ལ། ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་འཆར་ཞིང་འཕེལ་བའི་ཚུལ་གཉིས་ལས། དང་པོ་ནི། འོད་ལྔ་ཡང་༴ ནས། རྒྱས་པར་འགྱུར་རོ། །བར་གྱིས་བསྟན་ཏེ། སྤྱིར་ཉམས་ལ་མཐར་འགྱུར་གྱི་ཉམས་དང་། སྣང་ཉམས། ཤེས་ཉམས་གསུམ་ལས། མཐར་འགྱུར་གྱི་ཉམས་རྟགས་བཅུའི་སྟོང་གཟུགས་ལ་སོགས་པ་སྤྱིའི་རྫོགས་རིམ་གྱི་སྣང་བ་ནི་འགྱུར་ཞིང་མི་བརྟན་པས་འདིར་གཉེར་བྱ་མ་ཡིན་ལ། ཤེས་ཉམས་ལའང་ལམ་སོ་སོའི་བདེ་གསལ་མི་རྟོག་པའི་རིམ་པ་འཆར་ལུགས་ཐ་དད་ཀྱང་། འདིར་ནི་སྣང་ཉམས་ལ་བརྟེན་ནས་ཤེས་ཉམས་འཕེལ་བས་སྣང་ཤེས་ཀྱི་ཉམས་གོང་དུ་འཕེལ་བ་ཞེས་བྱའོ། །རབ་འབྱམས་ལས། སྣང་ཉམས་ཉམས་སུ་བླང་བ་ཡིས། །དེ་ལ་བརྟེན་ནས་ཤེས་ཉམས་འབྱུང་། །ཞེས་སོ། །དེ་ལྟ་བུའི་སྣང་ཤེས་ཀྱི་ཉམས་དེ་ལས་སྣང་ཉམས་ལ་ཁ་དོག་དང་དབྱིབས་ཀྱི་སྣང་བ་ཡོད་པས། ཁ་དོག་གི་སྣང་བ་ལ། རྡོ་རྗེའི་རིགས་རྣམ་པར་དག་པ་ལས་མེ་ལོང་ཡེ་ཤེས་ཁ་དོག་དཀར་པོའི་སྣམ་བུ་དང་། དེ་ནས་བརྩོན་འགྲུས་རབ་འབྲིང་ཐ་མའི་ཁྱད་པར་གྱིས་ཞག་ལྔ། བདུན། ཉེར་གཅིག་ན། དེའི་སྟེང་དུ་མཉམ་ཉིད་ཀྱི་སེར་བོ་དང་། ཡང་དུས་དེ་ཙམ་ན་སོར་རྟོགས་ཀྱི་དམར་བོ། བྱ་གྲུབ་ཀྱི་ལྗང་གུ། ཆོས་དབྱིངས་ཀྱི་རང་གདངས་མཐིང་ཀའི་འོད་དང་སྣམ་བུ་རྣམས་ཀྱི་ཕྱི་ལ་རྡོ་རྗེའི་རྭ་བས་ཀུན་ཏུ་བསྐོར་བ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར་ལ། འོད་ཀྱི་སྣམ་བུ་ལྔ་པོ་ཡང་། དང་པོ་ཕྲ་བ་ནས་མཆེད་དེ་ཇེ་རགས་ལ་སོང་ནས་རྒྱ་ཆེར་མཆེད་པ། འོད་གསལ་བ། ཟེར་འཕྲོ་བས་འཚེར་བ། ཕྱི་ནང་གཏིང་མི་མངོན་པར་བརྩེགས་པས་ལྷུན་སྟུག་པ་དང་། དེ་དག་གི་སྟེང་དུ། མི་བསྐྱོད། རྣམ་སྣང་། རིང་འབྱུང་། སྣང་མཐའ། དོན་གྲུབ་རྣམས་ཀྱི་རང་མདངས་ཐིག་ལེ་རྩིང་བ་ལ་ཆེ་ཆུང་མེ་ལོང་ཙམ་དུ་ཡོད་པས་བརྒྱན་པ་ལ། དབྱིངས་ཐིག་ཟ་འོག་གི་གུར་ཁྱིམ་ལྟ་བུ། རྨ་བྱའི་མདོངས་ལྟ་བུ། ཐིག་ཕྲན་ཞིབ་པ་ལ་ཉའི་མིག་གི་རྣམ་པ་ལྟ་བུའང་འཆར་ལ། རིག་པ་རི་དྭགས་ཤ་ར་ཎ་དལ་གྱིས་འགྲོ་བ་ལྟར་གྱི་མྱུར་བུལ་དུ། འདིའི་དུས་ཉོན་མོངས་ལྔ་མངོན་གྱུར་གྲོལ་ནས་བག་ཉལ་ཙམ་ལས་མེད་དོ། །
གཉིས་པ་ནི། ཡང་གོམས་པས་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་འཆར་ཏེ། མེ་ལོང་ཡེ་ཤེས་ཀྱི་རང་མདངས། རྒྱ་བོད་རྣམས་ཀྱིས་གྲོ་རྩམ་བརྩེགས་པའི་ལྕགས་སྐུད་བསྟར་བ། སྦྲ་ནག་གིས་ལ་ཚེ་ཟེར་བའི་ལྕགས་ཚགས་ཀྱི་རྣམ་པའམ། ལྷ་ཁང་གི་ལྕགས་དྲ་ལྟ་བུ་འཆར། དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པའོ། །དེ་ལ་གོམས་པས་ཡོས་རྔོད་པའི་ཕྱེ་མའི་ཚགས་མིག་ལ་ཁྲོལ་མ་ཞེས་ཟེར་བ་ལྟར་འཆར། འོད་གྱེན་བསྒྲེང་དུ་ཡང་འཆར་རོ། །མཉམ་པ་ཉིད་ཀྱི་དབྱིངས་རྩིབ་ཤར་དང་། །དྲྭ་བ་ཕྱེད་པ་དང་། གོམས་པས་དྲྭ་བར་ཡང་སྣང་། དེའི་མཚོན་ཏེ་སོར་རྟོགས་ཡེ་ཤེས་གྲུ་ཆད་ཀྱི་རྣམ་པ་དང་། མེ་ཏོག་གི་ཚོམ་བུ་དང་། དེ་ལས་པདྨ་སྟོང་ལྡན་དུའང་འཕེལ། དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུ་དང་། འོད་རེ་ལྡེའི་རྣམ་པ་ཙམ་དུ་འཆར་བ་དང་། དཔལ་གྱི་བེའུ་དང་། རིན་ཆེན་འབར་བ་སོགས་ཕྱག་མཚན་སྣ་ཚོགས་དང་། ཉའི་མིག་གི་རྣམ་པ་ལྟ་བུ་ལུང་བ་ཁེངས་པ་དང་། ཐིག་ལེ་ཡང་རྒྱས་ནས་ཁམ་ཕོར་ཙམ་དུ་སྣང་བར་འགྱུར་རོ། །རིག་པའང་བུང་བ་བཅུད་ལ་འཁོར་བ་ཙམ་དུ་དལ་བའོ། །འདི་དག་གི་དུས་སུ་ཕུང་པོ་ལྔའི་བཅིངས་པ་ལས་གྲོལ་བའོ། །ཆོས་དབྱིངས་ཡེ་ཤེས་ཀྱི་དབྱིབས་གྲུ་ཆད་ལྟ་བུ་དང་། རྒྱ་ཆེ་ཆུང་ཡུལ་གྲུ་ཙམ་དུ་སྣང་བའོ། །དེ་ལྟར་ཁ་དོག་དབྱིབས་གཉིས་ལས་སྔ་མ་ཁ་དོག་གི་རྣམ་པར་ཤར་བའི། དབྱིངས་རིག་ཐིག་ལེའི་འཕེལ་ཚད་ཀྱི་དཔང་རྒྱབ། སྒྲོན་མ་སྣང་བྱེད་ལས། དེ་ནས་དེ་ལ་རབ་འདྲིས་པས། །རེ་ལྡེའི་རྣམ་པ་ཙམ་འཆར་བས། །ཞེས་དང་། རི་དྭགས་བང་དང་མཉམ་པ་ནི། །ཞེས་དང་། མེ་ལོང་ཙམ་དུ་གསལ་གྱུར་ནས། །ཞེས་སོ། །རེ་ལྡེའི་ཆེ་ཆུང་འདིའི་༼ སྒྲོན་སྣང་ལས་ཡིན་ནམ་མཆན། ༽ ས་བཅད་ཕྱི་མའི་ནང་དུ་འཆལ་བ་ནི་མན་ངག་སྤྲོས་མེད་ཀྱི་ས་མ་བཅད་པའོ། །ཡང་དབྱིབས་ཀྱི་རྒྱབ་སྐྱོར་ཀྱང་། དེ་ཉིད་ལས། དེ་ནས་ཡུལ་གྲུ་ཙམ་དུ་སྟེ། །ཞེས་དང་། བུང་བ་བཅུད་ལ་འཁོར་བ་ཙམ། ། ཞེས་དང་། མེ་ལོང་ཙམ་དུ་གསལ་གྱུར་ནས། །ཞེས་སོ། །དེ་དག་ནི་བར་དུ་གོམས་པའི་ཚད་ཡིན་ཏེ། གྲུ་ཆད་རྣམ་པའི་མཚན་དངོས་བསྟན་གྱིས་གཞན་ཐམས་ཅད་དེ་དང་འདྲ་བར་འབྲས་བུ་གྲོལ་ཚད་བསྟན་པའང་། ཐལ་འགྱུར་དང་བསྟན་བུ་ལས་ཀྱང་། གྲུ་ཆད་རྣམ་པར་གང་སྣང་བ། སྤྲུལ་པའི་ཡོན་ཏན་འདིའི་འགྲུབ་པོ། ཞེས་སོ། །དབྱིབས་དང་ཁ་དོག་གི་སྣང་བ་འདི་དག་བཤད་པའི་རྒྱུད་རབ་འབྱམས་སུ་རྒྱས་པར་ཡོད་པས་དེར་བསྟུན་པའོ། །
གསུམ་པ་མཆོག་ཏུ་གོམས་པའི་ཚད་ནི། ཡང་འོད་ནི༴ ནས། བར་མཚམས་མེད་པར་འཆར་སྟེ། ཞེས་དབྱིངས་སྣང་སྟོང་གསུམ་གང་བའི་ཚད་ཙམ་དུ་འཆར་བ་དང་། ཐིག་ལེ་ཡང་རྒྱ་ཆེ་བར་སོང་ནས་ཕུབ་ཀྱི་སྦྲ་འཁོར་ཙམ་ལ་ནང་ན་ཡེ་ཤེས་རེ་རེ་ལ་ཡེ་ཤེས་ལྔ་ལྔའི་འཁོར་གྱིས་བསྐོར་བས་སམ། ཡེ་ཤེས་ལྔ་རེ་རྫོགས་པའི་ཕྱག་རྒྱའི་རང་གདངས་ཐིག་ལེ་ལྔ་ཚོམས་སུ་འཆར་བ་དང་། རིགས་ཆེ་ཆུང་ཡབ་ཡུམ་གྱི་འོད་ཀྱི་ལྡོག་པ་སོ་སོར་བསྒྲང་བས་བཅུ་ལྡན་དང་། དབྱིངས་ཁྲོ་བོའི་སྐུའི་རང་འོད་མེ་འབར་བའི་རྣམ་པ་ལྟ་བུ་དང་། གོང་ནས་གོང་དུ་གཅིག་ལས་དུ་མར་མཆེད་པ་ལྟ་བུར་འཕེལ་བ་དང་། འགྱུ་འཕྲིག་གི་རྣམ་པ་ཅུང་ཟད་ཡོད་པ་ལའམ་སྙམ། གྱུ་གྱུ་བོ་ཞེས་པ་ཡིག་སྐྱོན་མིན་ན་འདི་ཟླུམ་པོ་སོགས་ཅུང་ཟད་ཡོ་པའམ། ཕྱོགས་གཅིག་དུ་ཁ་གྱུ་བ། ཕྱོགས་ལ་སྲབ་འཐུག་ཡོད་པ་ལྟ་བུ་གང་ལའང་གོ་རུང་ཡང་སྤྱིར། ཇི་སྐད་དུ། རྣལ་འབྱོར་ཉམས་ལ་མི་འཆར་མེད། །དབྱར་ཁའི་སྤང་ལ་མི་སྐྱེ་མེད། །ཅེས་པས་ངེས་བཟུང་ཆེར་མི་སྲིད་དོ། །ཐིག་ལེ་ཐིག་ཕྲན་དུ་འཆར་བ་རྣམས་ནི་གང་དུའང་སྡོད་ཅིང་། གང་སྣང་ཐམས་ཅད་འོད་དང་སྐུར་འཆར་བ་དང་། དབྱིངས་ལ་རིག་པས་བརྒྱན་པས་ལུག་རྒྱུད་སྐུ་རུ་སྨིན་ནས། ཐིག་ལེ་རྣམས་ཀྱི་ནང་དུ་ཐོག་མར་ཡི་གེ དེ་ནས་ཕྱག་མཚན། སྐུ་ཡར་ཕྱེད་དང་གདོང་ཕྱེད་སྐུ་རྐྱང་བ་ཕོ་རྐྱང་ལྔ་ཚོམ་ལ་སོགས་པ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་རྣམས་གོང་ནས་གོང་དུ་སྨིན་པའི་རིམ་པ་ལྟར་རྡོ་རྗེའི་མིག་སྔར་སྣང་བའི་ཉམས་ལ་ལམ་ལམ་འཆར་བ་དང་། རིག་པ་ལུ་གུ་རྒྱུད་ཀྱི་འཁྱོགས་མཚམས་སུ་ཐིག་ལེ་ཡོད་པའི་ནང་དུའང་སྐུ་ཕྲ་མོ་རེ་སྣང་ཞིང་བལྟས་པའི་ས་དེར་སྡོད་པའོ། །དེ་ལྟར་དབྱིངས་རིག་ཐིག་ལེའི་སྣང་བས་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་བར་མེད་པར་གང་ཞིང་། ཕྱི་ནང་ཟང་ཐལ་བས་གཅིག་གིས་གཅིག་མི་བསྒྲིབ་པར་གསལ་བ། བྱེད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་ཤར་བ། རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱུ་ལས་མ་བྱུང་བའི་འབྲས་བུ་རང་ལ་ཡོད་བའི་གདངས་ཆེན་པོ། ནམ་མཁའི་གར་ཁྱབ་ཐམས་ཅད་དུ་བར་མཚམས་མེད་པར་འཆར་བ་ནི་མཆོག་ཏུ་གོམས་པའི་ཚད་ཡིན་ནོ། ། དེ་སྐད་དུའང་། སྒྲོན་མ་སྣང་བྱེད་ལས། དེ་ལ་མཆོག་ཏུ་གོམས་པ་ན། ། སྣང་བ་ཐམས་ཅད་འོད་གསལ་དུ། །ཤར་བས་གོམས་པའི་ཚད་ཡིན་ནོ། །ཞེས་དང་། སྣང་བ་ཐམས་ཅད་ཐིག་ལེ་རུ་ཤར་ནས་དཀྲིག་གིས་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། བལྟས་པའི་ས་དེར་སྡོད་གྱུར་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །མཆོག་ཏུ་གོམས་པ་དེའི་གྲོལ་བའི་ཚད་ཀྱང་། ཐལ་འགྱུར་དང་བསྟན་བུའི་རྒྱུད་མཐུན་པར། མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱི་སྣང་འགགས་པ་གང་ཡིན་པ། སྐད་ཅིག་མ་ནི་བཅུ་དྲུག་པ། འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །
གཉིས་པ་སྡོད་པ་གསུམ་གྱི་ཚད་ཐོབ་ཚུལ་ལ། དངོས་ཀྱི་དོན་དང་། འཕྲོས་དོན་རྒྱབ་ཆོས་ཁུང་དོན་གྱི་རྫོགས་ཚུལ་བརྩི་བའོ། དང་པོ་ནི། འདིའི་དུས་ཀྱི༴ ནས ། མི་སྲིད་དོ་ཞེས། འདི་དུས་ཀྱི་དྲོད་རྟགས་ཐོབ་པ་ནི། དབྱིངས་རིག་གི་སྣང་བ་བསྐྱོད་བྱེད་ཀྱི་ལས་རླུང་ཟད་པས། འོད་ལ་འཕྲིག་པ་མེད། རིག་པ་ལ་འགྱུ་བ་མེད། སྐུ་ལ་འདར་བ་མེད་པར་སྡོད་པས། རིམ་པ་བཞིན་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས། ལས་དང་རྣམ་སྨིན་གྱི་མཐའ་དང་། ལུས་ཀྱི་ཟག་པ་རང་ཟད་དེ། སྣང་བ་ཞིང་ཁམས་སུ་རང་ཤར་ནས་སྣང་རྐྱེན་གྱི་རིག་པ་མི་བསླུ་བར་གྲོལ་བའི་གྲོགས་སུ་འཆར་བ་དང་། ནང་སྒྱུ་ལུས་གཡོ་བྱེད་ཀྱི་ལས་རླུང་རང་ཟད་དེ་བྱ་བ་ལ་མི་གནས་ཤིང་། ཡན་ལག་གི་འཕེལ་བསྡུད་མི་དགོས་པར་བྱ་བ་གཞི་ལ་བབས་ནས་རྩོལ་མེད་དུ་སྡོད་པས། འཁྲུལ་བའི་བྱ་བྱེད་ཀྱི་འཁོར་ལོ་རྒྱུན་ཆད་ནས་བསགས་པ་ལས་ཀྱི་རྣམ་སྨིན་དང་བྲལ། གསང་བ་སེམས་འགྱུ་བྱེད་ཀྱི་རླུང་ཕྱིར་མི་འགྲོ་བས་སྣང་རྐྱེན་ཐ་དད་པའི་སྡོད་ས་མེད། ནང་དུ་མི་འགགས་པས་རྣམ་རྟོག་ཐ་དད་པའི་རྟེན་མེད་ནས་འགྱུ་མི་སྲིད། ཕྱི་ནང་དུ་འགྲོ་འོང་མེད་པར་སྡོད་པས་འཁོར་འདས་གཉིས་འཛིན་གྱི་གཞི་སྟོངས་པ་སྟེ། རབ་འབྱམས་ལས། གཉིས་པ་སྡོད་པ་གསུམ་དུ་བསྟན། ཕྱི་ནང་བསྐྱོད་པའི་རླུང་ཟད་པས། དབྱིངས་རིག་འགྲོ་འོང་མེད་པར་སྡོད། ཕུང་པོ་བསྐྱོད་པའི་རླུང་ཟད་པས། ལུས་ནི་མི་འགུལ་སྡོད་པའོ། །གསང་བ་འགྱུ་བྱེད་རླུང་ཟད་པས། སེམས་རྟོག་མི་འགྱུ་སྡོད་པའོ། །ཞེས་སོ། །
གཉིས་པ་ནི། གཞན་རྒྱབ་ཆོས་མི་འགུལ་གསུམ་ལ་གཞི་བཅའ་བ་ལ་གསུམ་དུ་ཡོད་པའང་། འདས་རྗེས་ལས། མིག་དང་ལུས་དང་རིག་པ་ཉིད། །འགུལ་བ་མེད་པའི་གནད་ཟིན་ན། །མངོན་སུམ་གནད་ལ་ཕེབ་པའོ། །ཞེས་པས་དང་པོ་ཁྱབ་པ་བཞུགས་སྟངས་ཀྱི་མི་འགུལ་བ་ནི། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་པས་མིག་མི་འགུལ། དེའི་རླུང་དང་རླུང་མི་འགུལ་བས་སེམས། དེས་རིག་པ་གནས་པའི་དགོས་པ་ཡོད་པས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འགུལ་བར་བྱ་བ་སྟེ། རབ་འབྱམས་ཀྱི་རྒྱུད་ཆེན་པོ་ལས། དང་པོ་མི་འགུལ་གསུམ་དུ་བསྟན། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །སྐད་ཅིག་ཙམ་ཡང་འབྲལ་མི་བྱ། །དེ་ལྟར་ལུས་ཉིད་མ་འགུལ་བས། །རྩ་མིག་རླུང་སེམས་མི་འགུལ་ལོ། །ཞེས་དང་། དེ་དང་ཀློང་གསལ་གཉིས་མཐུན་པར། ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ། །མིག་མི་འགུལ་བས་རླུང་མི་འགུལ། །རླུང་མི་འགུལ་པས་སེམས་མི་འགུལ། །ཞེས་སོ། །
ཡང་གཉིས་པ་འཆར་བྱེད་གཟིགས་སྟངས་ཀྱིས་མི་འགུལ་བའང་། རིག་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མ་ཡིན་པས། རྩ་མ་འགུལ་བས་མིག ། མིག་མ་འགུལ་བས་སྒྲོན་མ། དེའི་སེམས་མི་འགུལ། དེའི་དབྱིངས་རིག་འདུ་འབྲལ་མེད་པས། དེས་ན་གཟིགས་སྟངས་གསུམ་ལས་མི་གཡོ་བར་བྱ་དགོས་པའང་། ཀློང་གསལ་དང་། རབ་འབྱམས་ཚིག་རིས་ཅུང་མི་འདྲ་ཡང་དོན་མཐུན་པར། རབ་འབྱམས་ལས། གཟིགས་སྟངས་གསུམ་ལས་འགུལ་མི་བྱ། །རྩ་གནད་སྒོ་ཡི་ཁྱད་པར་གྱིས། །རིག་པ་སྒྲོན་མར་འཆར་བའོ། །རྩ་མ་འགུལ་བས་མིག་མི་འགུལ། །སྒྲོན་མ་མི་འགུལ་གནད་དུ་ཆེ། །ཞེས་སོ། །
གསུམ་པ་གཅུད་པ་སེམས་ཀྱི་མི་འགུལ་བའང་། གནད་དེ་དག་གིས་སེམས་མ་འགུལ་བས། རྟོག་པ་མི་འབྱུང་། དེའི་དབྱིངས་ཏེ་ཕྱི་འཆར་ཆ་གདངས་ཀྱི་སྒྲོན་མ་རྣམས་དང་། འཆར་གཞི་ཤེས་རབ་རང་བྱུང་གི་རིག་པ་ཟུང་དུ་ཆུད་པའི་གནད་ཐོག་དུ་ཕེབས་པའང་། དེ་ཉིད་ལས། སེམས་མ་འགུལ་བས་རྟོག་མི་འབྱུང་། །དབྱིངས་རིག་འདུ་འབྲལ་མེད་པ་སྟེ། །མ་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་སོ། །གནད་དེ་དག་ནི་སྔར་སྨོས་གྲུབ་པས་བསྐྱར་བཟློས་མི་དགོས་པ་ལ་དགོངས་ཤིང་། ཐོབ་པ་གསུམ་དང་། གདེངས་བཞི་ནི་ཆོས་ཉིད་ཟད་པའི་སྣང་བ་ལ་འབྱུང་བས་འདིར་མ་བསྟེན་ཏོ། །དེ་དག་ཀྱང་། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །སྡོད་པ་གསུམ་གྱི་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་སེམས། །རྟགས་དང་ཚད་ནི་བཟུང་བའོ། །ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེངས་བཞིའི་རྣལ་འབྱོར་ཉིད། །ཅེས་སོ། །
ཞལ་ལ་ལུང་གི་འཕྲོས་ཀྱི་རྟགས་དང་ཚད་ཀྱི་རིམ་པ་གཉིས་ལས། རྟགས་ལ་ཡང་དག་པའི་རྟགས་སྒོ་གསུམ་ལ་འཆར་བ་དང་། ཡང་དག་མ་ཡིན་པའི་རྟགས་བདུད་ཀྱི་བར་ཆད་དུ་བསྟན་པའོ། །
དང་པོ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་དབང་བཞིའི་སྒོ་གསུམ་གྱི་ལས་དག་ཅིང་། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ས་བོན་གོང་འཕེལ་དུ་སྨིན་པའི་རྟགས་ལུས་ངག་ཡིད་གསུམ་ལ། ཐོག་མ། བར་དུ་དང་། རབ་ཏུ། མཆོག་ཏུ་སྣང་བ་བཞིར་རིམ་གྱིས་ཐོབ་པ་སྟེ། དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་སུ་རྩ་དལ་ཞིང་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་དོན་ལུས་ཀྱི་ཡན་ལག་ལ་ཞུགས་ནས་སྤྲོས་བཅས་ཀྱི་ཡེ་ཤེས་རང་ལུགས་སུ་ཤར་བས། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་འགུལ་བསྐྱོད་དང་བྲལ་བར་གནས་པ་དང་། རྫོགས་པ་ཆེན་པོ་བརྗོད་གཞི་རང་སར་དག་པ་ངག་གི་བརྡ་ལ་ཞུགས་ནས་ཡེ་ཤེས་ནང་དུ་གསལ་ཞིང་རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པས་ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་གྱི་དོན་སེམས་ཀྱི་གནས་པ་ལ་ཞུགས་ཤིང་སྤྲོས་པ་ཐམས་ཅད་དང་བྲལ་བར་གནས་པས་ཕྱི་རྟགས་སུ་སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་གར་གཏད་དུ་སྡོད་པ་སྟེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བའི་དུས། །ལུས་ནི་རུས་སྦལ་སྣོད་བཅུག་འདྲ། །ངག་ནི་ལྐུགས་པ་སྨྲ་མི་འདོད། །སེམས་ནི་མི་འཕྲོ་གར་གཏད་སྡོད། །ཅེས་དང་། ཀློང་གསལ་ལས། ལུས་ནི་བྱ་བྱེད་མེད་པ་རུ། །རུས་སྦལ་མཁར་གཞོང་བཅུག་པ་འདྲ། །ངག་ནི་སྨྲ་སྙིང་མི་འདོད་དེ། །ལྐུགས་པ་ལྟ་བུར་གྱུར་བའོ། ། སེམས་ནི་འདབ་ཆགས་སྙིས་ཟིན་འདྲ། །རྣམ་རྟོག་འཕོྲོ་ཡང་གར་གཏད་སྡོད། །ཅེས་སོ། །གང་འཕེལ་གྱི་དུས་སུ། རྫོགས་ཆེན་དགག་སྒྲུབ་མེད་པའི་དོན་ལུས་ཀྱི་སྤྱི་ལ་ཞུགས་ནས། ཉེ་བར་ཐོབ་པའི་ཡེ་ཤེས་རང་ལུགས་སུ་སེམས་ལ་ཤར་བས། ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་སྒེགས་ཆོས་ངོ་ཚ་དང་བྲལ་བར་གནས་། རྫོགས་ཆེན་ཚིག་འདས་ཀྱི་དོན་ངག་གི་གདངས་ལ་ཞུགས་ནས་སྤྲོས་མེད་ཀྱི་དོན་ལ་སྒྲོ་འདོག་ནང་ནས་ཆོད་པས། ངག་སྨྱོན་པའི་རང་ཚིག་རྡོལ་བ་ལྟར་དགག་སྒྲུབ་མེད་པར་གྱུར་བ་དང་། །མ་སྐྱེས་རང་གྲོལ་གྱི་རྟོགས་པ་སེམས་ཀྱི་གདངས་ལ་ཞུགས་ནས། སྤྲོས་པ་ཡེ་ནས་མེད་པའི་ཡེ་ཤེས་སུ་སྐྱེས་པས། སེམས་རྩི་དུག་གི་ལན་བདུན་མྱོས་པ་ལྟར་དྲན་པ་གཏན་ཡལ་འཛིན་མེད་དུ་དག་པ་སྟེ། རབ་འབྱམས་ལས། ཉམས་སྣང་གོང་འཕེལ་དུས་ཉིད་དུ། །ལུས་ལ་རྒྱན་དང་ཕྱི་དོར་བྲལ། །ངག་ནི་དོན་མེད་ཅལ་ཅོལ་ཏེ། །སེམས་ནི་ཁམས་གསུམ་ལྡོག་རེ་ཀན། །ཞེས་དང་། ཀློང་གསལ་ལས། ལུས་ལ་གཅེས་ལོད་མེད་པ་སྟེ། །སྐྱེས་བུ་ནད་ཀྱིས་གདུང་ལྟར་འཆར། །ངག་ནི་སྨྱོན་པ་ལྟ་བུ་སྟེ། །གཏམ་ལ་དོན་ཏིག་མེད་པར་འཆར། །སེམས་ནི་འཁོར་བར་མི་ལྟུང་ཐག་ཆོད་དེ། །སྐྱེས་བུ་དུག་གི་ཐོད་པ་ལྟ་བུར་འགྱུར། །ཞེས་སོ། །ཚད་ཕེབས་ཀྱི་དུས་སུ་ཤེར་དབང་གི་ལུས་དག་པས་རྫོགས་ཆེན་བླང་དོར་མེད་པའི་དོན་སྙིང་ལ་ཞུགས་ནས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་ཤར་ཏེ། ལུས་གླང་ཆེན་འདམ་དུ་བྱིང་བ་རང་སྟོབས་ཀྱིས་བཏོན་པ་ལྟར་རི་བྲག་གང་ལའང་ཟང་ཐལ་རྫོགས་ཆེན་སྨྲ་བསམ་ལས་འདས་པའི་དོན་སྙིང་ལ་ཞུགས་ཤིང་། ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་ནས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་ནང་ནས་ཤར་བས་ངག་གྲུལ་བུམ་གྱི་ཕྲུ་གུའི་རྒྱང་གླུ་ལེན་པ་ལྟར། ཇི་སྨྲས་གཞན་གྱི་རྣ་བར་འཇུག་ཅིང་རྒྱུད་ལ་ཕན་ཐོག་པ་དང་། སེམས་རྣམ་པར་དག་པའི་རླུང་ཟིན་ནས། རྫོགས་ཆེན་བསྐྱར་གཞི་མེད་པའི་དོན་སེམས་ཀྱི་གནས་ས་ལ་ཞུགས་ནས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་གྲོལ་ལ་དབང་བས་འབྲུལ་ནད་བྱང་བའི་སྐྱེས་བུ་ལྟ་བུར་དུས་གསུམ་གྱི་འབྲེལ་ཐག་ཆོད་པ་སྟེ། རབ་འབྱམས་ལས། རིག་པ་ཚད་ཕེབས་རྟགས་གསུམ་ནི། །ལུས་ནི་འབྱུང་ལྔར་ཐོགས་མེད་འགྲོ །ངག་ལ་ཀུན་ཉན་ཆོས་སུ་འོང་། །སེམས་ནི་ཡིད་ཆེས་གདེང་ལྡན་པའོ། །ཞེས་དང་། ཀློང་གསལ་ལས། ལུས་ནི་འབྱུང་བ་ལྔ་པོ་ལ། །ཐོགས་པ་མེད་པར་ཟང་ཐལ་འགྲོ །གླང་ཆེན་འདམ་དུ་བྱིང་བ་འདྲ། །ངག་ནི་ཇི་ལྟར་སྨྲས་པ་བཞིན། །གཞན་གྱིས་ཉན་ཅིང་ནུས་པ་འབྱུང་། །དཔེ་ནི་གྲུལ་བུམ་བུ་ཚ་འདྲ། །སེམས་ནི་འཁོར་བར་མི་ལྟུང་བར། །དོན་ཐག་ཆོད་པས་ཉག་གཅིག་རྟོགས། །སྐྱེས་བུ་འབྲུམ་ནད་བྱང་བ་འདྲ། །ཞེས་སོ། ། ཡང་ཆོས་ཉིད་ཟད་བའི་དུས་སུ་ཚིག་དབང་གིས་ལུས་དག་ཅིང་རབ་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་ཤར་བས། རྫོགས་ཆེན་རང་གྲོལ་ལུས་ཀྱི་དམིགས་པ་ལ་ཞུགས་ནས། སེམས་འོད་གསལ་གྱི་དྲ་བར་ཚུད་དེ། དུར་ཁྲོད་ཀྱི་མི་རོ་ལྟར་ལུས་གཤེད་མ་བརྒྱའི་བསྐོར་ཀྱང་རེ་དོགས་དང་ཉམས་ང་བག་ཚ་མེད། རྫོགས་ཆེན་བརྗོད་མེད་ཀྱི་དོན་ངག་གི་གྲགས་པ་ལ་ཞུགས་ཏེ། རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་ཞིང་། རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པས། ངག་བྲག་ཆའི་རྣམ་པ་ལྟར་ཅི་སྨྲས་གཞན་གྱི་ལད་མོ་བཟློས་པ་དང་། རྫོགས་ཆེན་སྐད་ཅིག་མ་མྱུར་བྱེད་ཀྱི་ཚད་སེམས་ཀྱི་འགྲོས་ལ་ཞུགས་ཏེ། རབ་ཏུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ལ་དབང་ཞིང་གོམས་པ་ཀློང་དུ་གྱུར་བས། སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་ནང་དབྱིངས་སུ་འཇུག་པའང་། རབ་འབྱམས་ལས། ཆོས་ཉིད་ཟད་པའི་སྣང་བའི་དུས། །ལུས་ལ་གཤེད་མས་ཡ་ང་མེད། །ངག་ནི་ཟུང་ཟད་ལད་མོ་བྲག་ཆ་འདྲ། །སེམས་ཀྱི་བག་ཆགས་སྐད་ཅིག་ཡལ། །ཞེས་དང་། ཀློང་གསལ་ལས། ལུས་ནི་དུར་ཁྲོད་མི་རོ་འདྲ། །ཉམས་ང་མེད་པར་རང་གྲོལ་ལོ། ། ངག་ནི་བྲག་ཆ་ལྟ་བུ་སྟེ། །གཏམ་གྱི་ཟུང་ཟད་གཞན་ལེན་སྨྲ། །སེམས་ནི་ན་བུན་ལྟ་བུ་སྟེ། །སྐད་ཅིག་མི་འདུག་རང་ཡལ་ལོ། །ཞེས་སོ། །
གཉིས་པ་ལ་བསླུ་བ་མཁའ་འགྲོའི་རྟགས་ནི། མཁའ་འགྲོ་མས་ལུང་སྟོན་པར་འབྱུང་བ་དང་། བར་ཆད་བདུད་ཀྱི་རྟགས་ནི། བགེགས་ཡི་དམ་གྱི་ལྷར་བརྫུས་ཏེ་ལུང་སྟོན་པ་དང་། གཞན་ཡང་ཕྱི་སློང་ལྷ་འདྲའི་ཆོ་འཕྲུལ་ཐན་དང་ལྟས་ངན། ནང་སློང་ལུས་གྱི་ན་ཚ། གསང་སློང་སེམས་ཀྱི་དགའ་སྡུག་དང་རྟགས་མཚན་སྟོན་པ་ལ་ཆགས་སྡང་རེ་དོག་གིས་བདེན་པར་བཟུང་བས་ལམ་ལོག་པར་ཁ་དྲང་བའོ། །དེ་དག་བྱུང་ན་འཁོར་འདས་སྟོང་ཉིད་དུ་ཤེས་པ་ལྟ་བའི་སྟངས་མ་ཤོར་བའི་ངང་ནས། རེ་དོགས་མེད་པར་བརྟུལ་ཞུགས་ཀྱིས་བཅད་དོ། ། གཞན་འཕེལ་འགྲིབ་ཉམས་ཀྱི་རྟགས་དང་། མི་འགྱུར་གསང་བའི་རྟགས། གསང་བ་ཆེན་པོའི་ཚད་ཡིག་གི་དགོངས་པ་ཁོ་བོའི་སྒྲོན་མ་གསལ་བའི་རྒྱན་དུ་སྤྲོས་པས་དེར་བལྟ་བ་དང་། བཅད་ཚུལ་ཀྱང་ཟིལ་གནོན་བཅུ་བདུན་༼ ཡེ་ཤེས་མཁའ་མཉམ་གྱི་རྒྱུད་ཀྱི་དགོངས་པ། མཆན། ༽གྱིས་དངོས་པོའི་ལྟ་བསྒོམ་སྤྱོད་པ་ཉམས་བྱུང་གི་བདུད་བཅད་ཚུལ་ཀྱང་ཁོ་བོའི་བྱས་པའི་ཆོས་ཉིད་དོན་གསལ་ཆེན་པོ་ལྟར་ཉམས་སུ་བསྟར་རོ། །
གཉིས་པ་ཚད་རྨི་ལམ་གྱི་བཟུང་བའང་། རབ་ཚེ་འདིར་སངས་རྒྱས་པ་རྣམས་གྱི་རྨི་ལམ་རྒྱུན་ཆད་པ་དང་། འབྲིང་བར་དོར་གྲོལ་བའི་ཚད་རྨི་ལམ་ངོ་ཤེས་པ་དང་། ཐ་མ་རང་བཞིན་སྤྲུལ་བའི་སྐུར་གྲོལ་བའི་ཚད་ངན་པ་རྒྱུན་ཆད་དེ་དཀར་ཕྱོགས་དགེ་བ་ཤ་སྟག་རྨི་བ་སྟེ། གསང་བ་སྒྲ་རྒྱུད་ལས། རབ་ལ་འཆད་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བར་ངེས་པའོ། །ཞེས་དང་། རབ་འབྱམས་ལས། རབ་ལ་རྨི་ལམ་དབྱིངས་སུ་ཐིམ། །འབྲིང་དུ་རྨི་ལམ་མངོན་ཤེས་འཆར། །ཐ་མ་རྨི་ལམ་ངོ་ཡང་ཤེས། །ཞེས་དང་། ཀློང་གསལ་ལས། རབ་ནི་རྨི་ལམ་ངོ་ཡང་ཤེས། །འབྲིང་ནི་རྨི་ལམ་འོད་གསལ་དུ། །རྨི་ལམ་རྨི་ལམ་ངང་དུ་ཤེས། །ཐ་མ་རྨི་ལམ་བཟང་རྟོགས་འཆར། །དེ་ལྟར་ཚད་ནི་རྨི་ལམ་ཉིད་ཀྱིས་བཟུང་། །ཞེས་སོ། །
གསུམ་པ་ཡོན་ཏན་ནི། ལམ་འདིར་ཚེའི༴ ནས། མེད་དོ། །ཞེས་སྤྲུལ་སྐུ་ལམ་དུ་སྣང་བ་ཚད་དུ་ཕྱིན་ཏེ། སྐུ་རྐྱང་བ་ཤར་ནས་ཉམས་ཀྱི་འཕེལ་ཚད་རྫོགས་པའི་དུས་འདིར་ཚེའི་དུས་བྱས་ཀྱང་ཞེས། བསམ་བཞིན་དགོངས་པ་ཆོས་དབྱིངས་སུ་གཟིགས་ཀྱང་། ཆོས་ཉིད་ཀྱི་བར་དོ་ལ་ཚོམ་བུ། བཞི་སྦྱོར། ལྷུན་གྲུབ་ཀྱི་གཞི་སྣང་ཆེན་པོར་ཕྱེད་སྤྲུལ་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ལ་ཐེ་ཚོམ་མེད་དེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས། །བར་དོའི་སྣང་འབྱུང་འདིར་ཆོད་པས། ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། ཞེས་སོ། །
བཞི་པ་མངོན་སུམ་ལས་འཕགས་པའི་ཁྱད་པར་བསྟན་པ་ནི། གོང་གི༴ ནས། ཞེས་བྱའོ། །གོང་གི་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་ལས་ཀྱང་ཇེ་བཟང་ལ་སོང་ནས་གཞིར་གནས་ཡེ་ཤེས་ལྔའི་ཁ་དོག་དང་དབྱིབས། སྒོ་རྒྱངས་ཞགས་ལས་ཕྱིར་ཕྱུང་ནས་ནང་ཤེས་པའི་ཉམས་དང་ཕྱི་སྣང་བའི་ཉམས་གཉིས་ཆར་གོང་དུ་འཕེལ་བའི་མཚན་དོན་ཐོབ་པ་སྟེ། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་ཕྱུང་སྟེ། །གྱེན་བསྒྲེངས་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རང་སར་སྣང་བའི་ཡུལ་ལ་གསལ། །ཞེས་དང་། རབ་འབྱམས་ལས། སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ། །འོད་དང་ཁ་དོག་གཉིས་ཀ་འཕེལ། །དེ་ཕྱིར་ཉམས་སྣང་གོང་འཕེལ་ཡིན། །ཞེས་སོ། །
གསུམ་པ་ནི། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚོགས་སྨོན་ལས་འཕྲོ་དུས་འཛོམས་པའི་གང་ཟག་མ་གཏོགས་མངོན་སུམ་མཐོང་མི་སྲིད། མཐོང་ནས་ཉམས་སུ་བླང་ན་སྣང་བ་གོང་འཕེལ་ལ་གདེངས་མི་ཐོབ་མི་སྲིད། ཐོབ་ནས་བར་དོར་དེ་ལ་བཙན་ས་མི་སིན་མི་སྲིད། ཟིན་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་མི་རྒྱ་མི་སྲིད་པས་རྡོ་རྗེའི་དམ་བཅའ་བཞི་ལྡན་གྱི་ཐ་ཚིག་དང་། རྒྱ་གསུམ་ནི་སྔར་ལྟར་རོ། །
དོན་གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བའི་འཆར་ཚུལ་ལ། གོང་འོག་གི་མཚམས་སྦྱར་བ། དངོས་ཀྱི་དོན་བཤད་པ། དམ་ཚིག་གི་ཕྱག་རྒྱས་བཅིངས་པའོ། །དང་པོ་ནི། ད་དུང༴ ནས། བླངས་པས་ཞེས། དེ་ལྟར་ཉམས་ཀྱི་འཕེལ་རྫོགས་པའི་ས་མཚམས་འདི་རྒྱུད་ལས་ཚད་ཕེབས་ཀྱི་ཐོག་མར་བཤད་པ་དང་། འགལ་ལོ་སྙམ་ན། དེ་ནི་མ་ཡིན་གོང་འཕེལ་གྱི་ཁྱད་པར་ལམ་ཉིད། ཚད་ཕེབས་བར་ཆད་མེད་ལམ་དུ་གཅིག་པའི་གནད་ཀྱིས་དགོངས་པའི་དབྱིངས་ཆུ་བོ་དབྱེར་མེད་པ་སྤྱིར་བཏང་གི་སྣང་བ་གཉིས་པོའི་འབྲེལ་དུ་གྲུབ་ལ། བྱེ་བྲག་ཏུ་ད་དུང་དེའི་ངང་ནས་ལོངས་སྐུའི་གཟིགས་སྟངས་ཀྱིས་ཞིང་ཁམས་ལ་མཐོང་བའི་སྒོ་ནས་ཉམས་སུ་བླངས་བས། ཟུང་འཇུག་གི་ལྷ་སྐུ་དང་འོད་གསལ་དེ་ལས་བོག་དབྱུང་དུ་མེད་པར་སྨིན་པ་ཚད་དུ་ཕྱིན་པས་རིག་པ་ཚད་ཕེབས་ཀྱི་སྣང་བ་འདི་ལྟར་མཐོང་བར་འགྱུར་ཏེ། ཞེས་ལྷག་མ་འདྲེན་པའི་ཚིག་གོ །
དངོས་ཀྱི་དོན་ལ། འཆར་ཚུལ་གྱི་རྣམ་པ་སྤྱིར། ཚད་གསུམ་གྱི་རང་བཞིན་བྱེ་བྲག་ཏུ། ངེས་ཚིག་གིས་དོན་བསྡུས་ཏེ་བཤད་པའོ། ། དང་པོ་ནི། ཐིག་ལེ༴ ནས། འཆར་ཏེ། ཞེས། སྔར་གོང་འཕེལ་དུ་ཡེ་ཤེས་ཀྱི་དབྱིབས་དང་ཁ་དོག་ལམ་དུ་སྣང་བ་ཡིན་ཞིང་། ཚད་ཕེབས་འདིར་ནི། ༼ འདིས་སྒོམ་ལམ་སྤྱི་དང་ཁྱད་པར་དག་ས་གསུམ་དང་མུ་ཚོད་མཉམ་པའི་ཕྱག་རྒྱའི་རིག་འཛིན་ཡིན་པས། མཆན། ༽མཚན་དཔེའི་བརྒྱན་པའི་ལོངས་སྐུ་རང་ལུས་ལ་བཞུགས་པའི་ཕྱག་རྒྱ་ཕྱིར་གསལ་བའོ། །གོང་འཕེལ་དུ་ལྷ་སྐུ་མཐོང་བའང་ཚད་ཕེབས་འདིར་མཐོང་བ་དང་སྦྱར་ན་གཉིས་ཀའི་ངོ་བོ་ཕྱེད་སྤྲུལ་ལོངས་སྐུའམ། རང་བཞིན་སྤྲུལ་སྐུ་ཡིན་པ་ལ་གཅིག་ཀྱང་། མ་དག་ས་བདུན་གྱི་རིམ་པ་བཞིན་དང་། དག་ས་བས་ལོངས་སྐུ་མཇལ་བའི་ཁྱད་པར་ནང་གསེས་དང་བཅས་པ་ཡོད་པར་བསྟན་པ་བཞིན་སྔ་མ་ལ་ལྟོས་ནས། ཕྱི་མ་རང་སྣང་ལོངས་སྐུ་དངོས་ཀྱི་སྣང་བ་དང་། ཕྱི་མ་ལ་ལྟོས་ནས་སྔ་མ་ཕྱེད་སྤྲུལ་ལོངས་སྐུར་དོན་གྱིས་གནས་པ་སྟེ་གཞི་རྒྱུད་ཀྱི་སྟེང་གི་སྒྲིབ་ཆ་དག་པའི་མཐོང་བ་དམན་མཆོག་ལྟོས་གྲུབ་ཀྱི་རྒྱུ་མཚན་ལས་སོ། །དེས་ན་གོང་དུ་སྐུ་ཤར་བ་སྣང་བ་གཉིས་ཀྱི་ས་མཚམས་སུ་བཞག་པ་རྣམས་ནི་ལྷ་ཕོ་རྐྱང་བ། སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་ཡིན་ཏེ། རབ་འབྱམས་ལས། དེ་ཡི་ནང་དུ་ཕོ་རྐྱང་སྐུ། ཞེས་དང་། ཐིག་ལེའི་ནང་དུ་སྐུ་རྐྱང་འཆར། །ཞེས་སོ། །དེ་ཡང་སྤྲུལ་སྐུའི་སྦྱངས་པ་རྣམ་པར་དག་ཅིང་། སྤྲུལ་སྐུའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེས་ན་ཀུན་མཁྱེན་གྱིས་གོང་འཕེལ་སྤྲུལ་སྐུར་བཤད་དོ། །ཚད་ཕེབས་འདིར་ལོངས་སྐུ་ཆགས་བཅས་ཀྱི་མཚན་དཔེའི་ཕྱག་རྒྱ་ཡབ་ཡུམ་ཟུང་འཇུག་ཏུ་སྣང་བ་སྟེ། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པས་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ལས་ཐིག་ལེ་ཆེན་པོ་མུ་ཁྱུད་ལྔ་ལྡན་གྱི་ཚོམ་བུ་བསམ་གྱིས་མི་ཁྱབ་པའི་རྭ་བའི་ནང་དུ་སྐུ་ཡབ་ཡུམ་ལྔ་ལྔར་གྱུར་བ་དང་། ཡང་ཆོས་སྐུའི་སྦྱངས་བ་ཚད་དུ་ཕྱིན་པ་ལས། ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་རྒྱུད་སྡེའི་དཀྱིལ་འཁོར་མཐའ་དག་གི་གཙོ་འཁོར་གྲངས་མེད་པའི་འཁོར་ལོ་མངོན་པར་སྣང་བའོ། །དེ་དག་ཀྱང་ཚད་ཕེབས་ཀྱི་སྣང་བ་གོམས་བརྟན་མཐར་ཕྱིན་པས་རིམ་པ་བཞིན་འཕེལ་ཞིང་རྒྱས་པ་སྟེ། ཐལ་འགྱུར་ལས། སྔར་གྱི་འཕྲོས་སུ། དེ་ནས་ལྔ་ལྔ་ཟུང་དང་བཅས། རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། རབ་འབྱམས་ལས། ཐིག་ལེ་ཆེན་པོ་གཅིག་ལ་ཡང་། །མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར། ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ། །དེ་ཡི་ནང་དུ་ཚོམ་བུ་ལྔ། །རེ་རེ་དང་ནི་བཞི་བཞིའི་བསྐོར། །ཐིག་ལེ་དེ་དག་རེ་རེའི་ནང་། །རིགས་ལྔ་ཡབ་ཡུམ་རྫོགས་པར་འཆར། །ལུ་གུ་རྒྱུད་ཀྱི་བར་བར་དུ། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར། །ཉིན་དང་མཚན་མོ་མེད་པ་རུ། །དལ་བའི་དཀྱིལ་འཁོར་རྫོགས་པར་འཆར། །ཞེས་དང་། ཐམས་ཅད་རྒྱལ་བའི་ཞིང་དུ་འཆར། །ཞེས་སོ། །
གཉིས་པ་ལ། ཕྱི་སྣང་བའི་ཚད། ནང་རིག་པའི་ཚད། གསང་བ་སྒྱུ་ལུས་ཀྱི་ཚད། དེ་དག་གི་འབྲས་བུ་རང་དེངས་པའི་ཚད་དོ། །དང་པོ་ནི། དེའི་དུས་ན༴ ནས། གྲོལ་བར་གྱིས། དེའི་དུས་ནས་སྣང་བ་རང་དབང་བསྒྱུར་བའི་ཕྱི་རོལ་གྱི་ས་རྡོ་རི་བྲག་ལ་སོགས་པའི་དངོས་པོ་ཐམས་ཅད་འཇུ་བར་ནུས་པ་དང་། ཤེས་པ་ཅི་ལ་བཙུད་ཀྱང་ཚུད་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་། འཁྲུལ་སྣང་སོ་སོ་གྲོལ་ནས་འཇའ་ཚོན་འོད་ཀྱི་དཀྱིལ་འཁོར་དུ་རྫོགས་པ་ནི། ཕྱི་ཞིང་ཁམས་ཀྱི་མཚན་དཔེའི་སྣང་བ་ཚད་དུ་ཕྱིན་པ་ཡིན་ཏེ། ཐལ་འགྱུར་ལས། དེ་ལྟར་ཕེབས་པས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། ། ས་རྡོའི་སྣང་བ་འཇུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་རྫོགས་པ་དང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། ། ཞེས་དང་། རབ་འབྱམས་ལས། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གང་དུ་བལྟས་ཀྱང་ལོངས་སྐུའི་ཞིང་། །ཞེསས་སོ། །
གཉིས་པ་ནང་རིག་པའི་ཚད་ནི། ནང་རིག་པ༴ ནས། གྲོལ། དེ་བཞིན་དུ་ཀུན་ཏུ་རྟོག་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རགས་པ་དབྱིངས་སུ་ནུབ་ཀྱང་། བར་སྐབས་སུ་ལས་རླུང་ཕྲ་བའི་བག་ཆགས་ཀྱིས་རྟ་བྱས་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་བག་ཆགས་ཆ་ཕྲ་བས་ལུས་ངག་ཡིད་གསུམ་དུ་སྣང་བ་སྐད་ཅིག་བག་ལ་ཉལ་འབྱུང་བའང་། སྐད་ཅིག་གཉིས་པ་ལ་མི་གནས་པར་ནང་རིག་པ་གཟུང་འཛིན་གྱི་ཞེན་པ་འཛིན་བྲལ་དུ་རང་དག་རང་གྲོལ་དུ་འགྲོ་བ་སྟེ། གསང་བ་རབ་འབྱམས་ལས། །སེམས་ནི་མེད་སྟག་འཕྲོ་བ་བཞིན། ། གཅིག་དུ་མི་གནས་རང་སར་ཞི། །ཞེས་དང་། ཐལ་འགྱུར་ལས། རླུང་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་དུ་མི་གནས་རང་སར་ཞི། །ཞེས་སོ། ། གཞན་ཡང་སྣང་བའི་སེམས་ཚད་ལ་ཕེབས་པས་མི་རྟོག་པའི་ཐུགས་རྗེའི་རང་རྩལ་ཇི་སྙེད་མཁྱེན་པས་གཞན་གྱི་སེམས་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་མཐོང་བ་དང་། སྤྱན་དང་མངོན་ཤེས་ཐོགས་པ་མེད་པར་གསལ་བས་སྣང་བའི་སེམས་ཚད་ལ་ཕེབས་པ་དང་། སྟོང་པའི་སེམས་ཚད་ལ་ཕེབས་པས་ཤེས་རབ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་དབང་ཐོབ་པ་སྟེ། ཐལ་འགྱུར་ལས། འདི་དུས་སེམས་ནི་གསལ་བ་དང་། །མངོན་པར་ཤེས་པ་དྲུག་རྣམས་དང་། །རིང་དང་ལྐོག་ཏུ་གྱུར་བ་ཡི། །ཆོས་རྣམས་སྐད་ཅིག་གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་ཁམས་དང་། །དེ་བཞིན་སྐུ་ཡང་སེམས་ལ་སྣང་། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་བརྙེས། །མ་འདྲེས་མཉམ་རྫོགས་དབྱིངས་ལ་ཁྱབ། ། སྣང་བའི་གསལ་བས་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཅེས་སོ། །
གསུམ་པ་ནི། གསང་བར༴ ནས། ལམ་ལམ་དུ་འགྱུར་རོའི་བར་གྱིས། འདི་ནི་བསྐྱེད་རིམ་དང་མ་ཟད་རླུང་སེམས་ཙམ་ལས་གྲུབ་པའི། སྦྱོར་ལམ་གྱི་སྒྱུ་ལུས་ནི་ཕྱིའི་དང་། མཐོང་ལམ་འོད་གསལ་གྱི་ལྷ་སྐུ་ནི་ནང་དང་། བསྒོམ་ལམ་ཟུང་འཇུག་གི་སློབ་བའི་ལྷ་སྐུ་ནི་གསང་བའི་སྒྱུ་ལུས། མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ནི་ཡང་གསང་གི་ལྷ་སྐུ། མཐར་ཐུག་གི་ལྷ་སྐུ་ནི་སངས་རྒྱས་ཀྱི་སྐུ་གསུམ་སྟེ། ཚད་ཕེབས་ཀྱི་དུས་འདིར་ནི་ཟུང་འཇུག་གི་ལྷ་སྐུ་ཡིན་པས་གས༵ང་བ༵འི་སྒྱུ་ལུས་ཞེས་བྱའོ། །དེ་ཡང་ད་ལྟའི་ཤ་ཁྲག་གི་ལུས་རང་མཚན་པར་མི་སྣང་བར་འོད་གསལ་དག་པའི་ལུས་སུ་ལམ་ལམ་དུ་འགྱུར་བ། ཐལ་འགྱུར་ལས། ཟང་ཐལ་དྲི་མེད་འོད་ཀྱི་ལུས། །རང་ལུས་དངོས་པོ་རང་སར་དག །ཅེས་དང་། རབ་འབྱམས་ལས། དེ་དུས་རང་ལུས་ཚད་ལ་ཕེབས། །སྐུ་གསུམ་ཟང་ཐལ་ཉིད་དུ་གསལ། །འདི་ལྟར་སུ་ལ་བསྟན་པའི་མི། །རིག་པ་ཚད་ཕེབས་སྣང་བ་ཡིན། །ཞེས་སོ། །དེ་ཡང་རང་ལུས་འོད་ཀྱི་རང་བཞིན་ལྷག་པའི་ལྷའི་རྣམ་པར་གསལ་བའི་ཐུགས་ཀར་ཡི་གེ་ཨའི་མཚན་པར་བཀྲ་བ་ལ། བར་སྣང་འོད་ཀྱི་སྐར་ཁུང་ནས་འོད་ཟེར་བྱུང་བ་ཟུག་པར་སྣང་ཞིང་། མཛོད་སྤུ་ནས་འོད་འདོམ་གང་གསལ་བ་དང་། སྟོང་བ་རང་གྲོལ་གྱི་ལམ་ནས་ཐིག་ལེ་དགུ་དགུ་བརྩེགས་མར་སྣང་ཞིང་། །ཐོར་གཙུག་ཡེ་ཤེས་ཀྱི་རླུང་གིས་འདེགས་པར་སྣང་བ་དང་། སྤྱི་བོའི་ཁྲག་འཐུང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་སྟེང་ཐམས་ཅད་གང་བར་སྣང་བ་དང་། ལག་སོར་འོད་ལྔར་དཀྲིགས་པར་སྣང་བ་དང་། བ་སྤུའི་ཁུང་བུ་ལ་སོགས་པའི་ལུས་ཀྱི་རྡུལ་ཕྲན་སངས་རྒྱས་ཀྱི་དཀྱིལ་འཁོར་དཔའ་བོ་དཔའ་མོ་གྲངས་མེད་པར་སྣང་བ་དང་། ལུས་གནས་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྲངས་མེད་པ་སྣང་བ་སྟེ། ལྷུན་གྲུབ་གཞི་སྣང་ཆེན་པོའི་བཀོད་པ་རྒྱས་པར་འཆར་བའོ། །འདི་དག་ཀྱང་ཚད་ཕེབས་ཀྱི་དུས་སུ་འཆར་བ་དང་། ཁྱད་པར་ལམ་གྱི་སྣང་བའང་ཡོད་དེ། ཞི་ཁྲོའི་ཐུགས་ཀའི་འོད་ཟེར་གྱི་སྣང་བ་འབྱུང་བ་འདི་འོད་ཟེར་ཆེན་པོའི་དབང་བསྐུར་གྱི་གཞི་ཡིན་པས་རྒྱུའི་ས་བཅུ་བའི་རྒྱུད་མཐའི་བར་ཚད་ཕེབས་ཀྱིས་བསྡུས་པ་འདྲ་ལ། ༼ འདི་ས་བརྒྱད་པ་དང་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུད་མཐའ་དང་མཉམ་པས། མཆན། ༽དབང་ཐོབ་ནས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་བཅོམ་པའི་བར་ལ་ཆོས་ཟད༼ ཕར་ཕྱིན་པས་བཅུ་གཅིག་གི་བར་ཆད་མེད་པར་ཀུན་གཞིའི་བག་ཆགས་ཕྲ་མོ་ཟད། རྣམ་གྲོལ་ལམ་དུ་འབྲས་དབང་ཐོབ་ནས་རྡོར་ཏིང་སྐྱེས། ཁྱད་པར་ལམ་དུ་སྤང་བྱ་རྣམ་གསུམ་གྱི་བག་ཆགས་ཕྲ་བ་སྤངས་ཟིན་པ་ཚུན་ཆད། མཆན། ༽བློ་འདས་ཆེན་པོ་ཞེས་བྱའོ། །ས་མཚམས་འཇོག་ཚུལ་འདི་ནི་བསོད་ནམས་བསགས་པའི་ཆོས་སྐུའམ་ལྷུན་གྲུབ་རིག་འཛིན་ཉིད། སངས་རྒྱས་ཀྱི་སར་མི་འཇོག་པ་ལ་ཤིན་ཏུ་མཁོ་བ་ཞིག་ཡོད་པས་ཅུང་ཟད་དཔྱད་ཀྱང་བཟོད་དེ་འདིར་སྐབས་སུ་མ་བབས་པས་དེ་ཙམ་མོ། ། རབ་འབྱམས་ལས། ལུས་ནི་ཚད་དུ་ཕེབས་པ་ཡིས། །བར་སྣང་འོད་ཀྱི་སྐར་ཁུང་གསལ། །དེ་ལ་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཁྲིལ་ཞིང་འཁྲིལ་བའི་སྣང་བ་འཛིན། །རང་ལུས་དངོས་པོར་རང་དག་ནས། ། ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་སུ་ཡི་གེ་ཨ་དང་བཅས། །སྨིན་ཕྲག་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་གང་བར་སྣང་། །རང་གི་ལག་པའི་སོར་མོ་ལ། །འོད་ཟེར་ཕྲེང་བ་རྣམ་པར་འཁྲིགས། ། མགོ་བོ་ཐོད་པའི་གཞལ་ཡས་ནས། །ཧེ་རུ་ཀ་རྣམས་བརྗིད་པར་གསལ། །དེ་དུས་རང་ལུས་ཚད་ལ་ཕེབས། །སྐུ་གསུམ་ཟང་ཐལ་ཉིད་དུ་གསལ། །འདི་ལྟར་སུ་ལ་བསྟན་པའི་མིའི། །རིག་པ་ཚད་ཕེབས་སྣང་བ་ཡིན། །ཞེས་དང་། ཐལ་འགྱུར་ལས། ཚད་ཕེབས་ལུས་ཀྱང་འདི་ལྟར་འགྱུར། །སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང་། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་དྲིལ་བའོ། །ཞེས་སོ། །
བཞི་བ་ནི། དེ་ལས༴ དེངས་སོ། །ཞེས་པ་སྟེ། ཕྱི་ཞིང་ཁམས། ལུས་ལྷ་སྐུ། སེམས་འོད་གསལ་དུ་ཚད་དུ་ཕྱིན་པས་དེ་ལས་དག་པ་ཆེན་པོའི་སྣང་བ་འཕེལ་རྒྱུའམ་འཆར་རྒྱུ་མེད་པའི་ཡ་མཐར་ཕྱིན་ནས། མ་དག་པའི་ཡུལ་ལུས་སེམས་གསུམ་ཀྱི་འཁྲུལ་བའི་སྣང་བ་ཀུན་རང་ཟད། གཞིར་གནས་རིག་པའི་ཡེ་ཤེས་ཀྱི་ངང་རྒྱས་ཏེ། ལུས་སེམས་ཀྱི་འབྲེལ་བ་ཆོད། གདོས་བཅས་ཀྱི་ཕུང་བོ་རང་སར་ཆོས་ཉིད་ཀྱི་ནམ་མཁའ་ལ་སྤྲིན་ལྟར་དེངས། སྐུ་གསུམ་རང་སྣང་མཐོང་བའི་འབྲས་བུ་མངོན་པར་བརྙེས་པ་སྟེ། རབ་འབྱམས་ལས། འདིས་ནི་ལུས་སེམས་འབྲེལ་བཅད་དེ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། དེ་ཡང་འུབ་ཀྱིས་དྲིལ་ན། ལུས་འོད་གསལ་དུ་གྲོལ་དེ་རང་རྒྱུད་པར་འཛིན་པའི་སེམས་ལོགས་ནས་ལུས་སེམས་ཀྱི་འབྲེལ་བ་ཆད་ནས་ཁམས་གསུམ་དུ་མི་ལྡོག་པས་འབྲས་བུ་ཐོབ་པ་ཡིན་ནོ། །ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། ། ཞེས་སོ། །
གསུམ་པ་ངེས་ཚིག་གི་སྒོ་ནས་དོན་བསྡུས་ཏེ་བཤད་པ་ནི། འདི་ནི༴ ནས། ཞེས་བྱའོ། །བར་གྱིས་བསྟན་ཏེ། འདི་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། སྣང་ཉམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཕེལ་ཚད་རྫོགས་ཏེ་དེ་ལས་གོང་དུ་འཕེལ་རྒྱུ་མེད་པར་ཡར་གྱི་འཕེལ་ཟད་པ་ཉིད་དོ། །དེ་ཡང་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ་ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས། ལྷུན་གྲུབ་ཀྱི་འཆར་སྒོ་སྐུ་དང་ཞིང་ཁམས་སུ་སྣང་བ་ཉིད་ཆད་ལྷག་མེད་པར་སྣང་བས། དཔེར་ན་དངོས་པོའི་ཟས་ནོར་རྣམས་བྲེ་ཚད་དང་སྲང་ཚད་དུ་ལོང་བ་ལྟར། སྨིན་པ་ཚད་ལ་ཕེབས་པར་ཐག་ཆོད་པས། རིག་པ་ཚད་ཕེབས་ཞེས་བྱ་སྟེ། དེ་ཡང་སྐུ་གསུམ་གྱི་ལམ་སྣང་དེ་ལས་བོག་དབྱུང་དུ་མེད་པའི་རྣམ་པར་སྣང་བ་སྟེ། ཇི་སྐད་དུ་ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཞེས་དང་། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཅེས་སོ། །འདིས་དུས་གནས་འགྱུར་ཡང་དག་གི་དབང་བཞི་ཐོབ་པ་ཡིན་པས། མདོ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །འགྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་པས་དག་ས་བརྒྱད་དགུར་གནས་པ་དང་། ཕྱག་ཆེན་རིག་འཛིན་དང་མུ་ཚོད་མཐུན་ལ། འདིའི་དུས་སུ་ཡང་ཕྲིན་ལས་ཀྱང་ལམ་ནས་མཛད་པ་ཡོད་པས། བསོད་ནམས་བསགས་པའི་ཆོས་སྐུའམ། བྱ་བ་རྫོགས་པའི་སྤྲུལ་སྐུའི་ས་ལ་ཉེ་བས་དེ་དང་རྗེས་མཐུན་ཙམ་གྱི་མངོན་ཤེས་ཡུལ་དོན་ཀྱང་གནས་སོ། །
གསུམ་པ་ནི། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ས་མཚམས་འདི་ལ་སླེབ་ནས་ལམ་ལ་འབད་རྩོལ་ཞི་ཞིང་རང་སྣང་ལོངས་སྐུར་གྲོལ་བའི་དམ་ཚིག་གི་རང་བྲོའོ། །རྒྱ་གསུམ་ནི་སྔར་ལྟར་རོ། །
བཞི་བ་ཆོས་ཉིད་ཟད་བའི་སྣང་བ་ལ་མཚམས་སྦྱར་ཏེ་ཟད་པའི་རང་བཞིན་རྣམ་པར་ངོས་བཟུང་བ་དང་། ཟད་ཚུལ་བྱེ་བྲག་ཕྱེ་ནས་བཤད་པ། ཆོས་ཟད་བློ་འདས་ཀྱི་མཇུག་བསྡུ་བ། ཞར་ལ་ལམ་རྫོགས་ཆེན་གྱི་འབྲས་བུ་ཐོབ་པའི་དུས་ཚད་དང་གནད་བཤད་པའོ། །
དང་པོ་ནི། དེ་ནས་དེའི་ངང་༴ འཆར་ཏེ་ཞེས་པ། ཆོས་ཉིད་ཟད་པའི་རང་བཞིན་འཐད་པ་དང་བཅས་པའི་ཚུལ་ནི། རིག་པ་ཚད་ལ་ཕེབས་པའི་གང་ཟག་གིས། དེ་ནས་ཚད་ཕེབས་དེའི་ངང་ལ་ཆོས་ཉིད་ངོ་བོ་སྐུ་དང་། ཆོས་དབྱིངས་རང་སྣང་གི་སྐུ་འོད་གསལ་གྱི་སྣང་བ་ཡོན་ཏན་ལྔར་ཤར་བ་དང་། རང་བཞིན་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་རྣམས་ཡུལ་མེད་དུ་འགགས་སོང་བས་ཟད་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ན། སངས་རྒྱས་ཀྱི་འབྲས་བུ་ཆད་པར་འགྱུར་བ་དང་། དབྱིངས་ལས་སྐུ་དང་ཡེ་ཤེས་འཆར་གཞིར་མེད་ན་སེམས་ཅན་གྱི་དོན་དུ་སྤྲུལ་བ་རྣམ་པ་བཞི་སོགས་འབྱུང་བར་མི་འཐད་པས་འགལ་བ་དང་། རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟག་པ་ལྔ་ལྡན་དང་འགལ་བའི་ཕྱིར་འཐད་པ་མ་མཐོང་ངོ་། དེས་ན་རང་སྣང་གི་སྐུ་དང་ཡེ་ཤེས་མི་ཟད་རྒྱན་གྱི་འཁོར་ལོ་ཆོས་ཀྱི་དབྱིངས་དང་མཉམ་པ་མི་འགགས་བཞིན་དུ། གང་ཟད་ན་ཚད་ཕེབས་ཀྱི་དུས་སུ་ཕྱི་ནང་གི་ཡུལ་ལུས་གདོས་བཅས་ཀྱི་ཆ་འོད་གསལ་གྱི་ངང་དུ་ཟད་ནས། འདིར་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་སེམས་ཀྱིས་བསྡུས་པ་ཀུན་ཟད་ཅིང་། ཡང་ནང་དབྱིངས་འབྲས་ཆོས་ཀྱི་གདངས་སྣང་བའི་ཆ་ཀུན་སྨིན་པ་ཚད་དུ་ཕྱིན་ནས། མཐར་གདངས་ནང་དུ་ནུབ་པ་ཤེལ་འོད་ཤེལ་ལ་བསྡུས་པ་ལྟ་བུ་སྟེ། ལར་ཤེལ་འོད་ཕྱོགས་བཅུར་འཆར་བ་ནི་ཉི་མའི་རྐྱེན་གྱིས་ཡིན་ལ། རྐྱེན་མེད་པས་འཆར་གཞིར་མེད་པ་མིན་ཀྱང་མི་སྣང་བ་ལྟར། གཞི་ལས་གཞི་སྣང་གི་རང་གདངས་ཕྱི་བསྐྱོད་པའང་ལས་རླུང་གི་རང་བཞིན་མ་སྤངས་ལ་མི་ལྡན་པར་ཡོད་པས་དེའི་གཟུང་འཛིན་གྱི་རྒྱུ་རྐྱེན་དུ་སོང་བ་ལས། མིང་བཏགས་དོན་བཟུང་དངོས་པོར་བལྟས་ཏེ་འོད་ཀྱི་སྦུབས་ཏེ་འབྱུང་བཞི་དང་སྣོད་བཅུད་དུ་འཁྲུལ་བ་ཡིན་ནོ། །འདིར་གནད་གསུམ་གྱི་ཆིངས་སུ་བཅིངས་བས་རླུང་གི་གཡོ་བ་ཡེ་ཤེས་སུ་རང་ཟད་པས་རིམ་གྱིས་འཁྲུལ་བ་དག་སྟོབས་ལས་འོད་གསལ་གྱི་རང་གདངས་ཀྱི་མཐོང་བ་ཇེ་དག་ཏུ་སོང་ནས་ཚད་ཕེབས་ཀྱི་སྣང་བ་མུ་མཐའ་མེད་པར་ཤར་བ་དང་འདིར་གདངས་སུ་བསྐྱོད་བྱེད་ལས་རླུང་ཡོངས་སུ་ཟད་པས་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འོད་ཀྱི་སྦུབས་སམ་གདངས་ནང་དུ་བསྡུས་ནས་གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཀ་དག་གི་ནང་དབྱིངས་ངོ་བོའི་སྐུ་དང་ཡེ་ཤེས་ལ་བཙན་ས་ཟིན་པ་ཡིན་པས་ན། ཐལ་འགྱུར་ལས། རྒྱུ་དང་འབྲས་བུ་ཆོས་ཉིད་ནི། །རྟོག་པ་རགས་པའི་ཁུང་འགགས་ནས། །དྲན་པ་རང་དག་རྒྱུད་ལ་ཡང་། །རྟེན་འབྲེལ་རླུང་ཉིད་རང་དག་པས། །རྒྱུ་ལས་བྱུང་བའི་ཆོས་ཉིད་དོ། །ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟད་དེ། །སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུ་ཆོས་ཉིད་ཡིན་པར་བརྗོད། །ཅེས་ལམ་སྣང་གི་ཆ་ལ་གཉིས་སུ་འཛིན་པ་ཟད་པས་ཆོས་ཉིད་ཟད་པ་ཞེས་བྱའོ། །འདི་ལ་འཐད་མིན་གྱི་ཅ་ཅོ་སྒྲོགས་པ་མང་པོ་སྣང་ཡང་འཕགས་པ་ལ་སྟོན་འཁོར་ཐ་དད་དུ་སྣང་ནས་བདག་དང་སྟོན་པའི་ཁྱད་མཐོང་བས་རང་སའི་སྒྲིབ་པ་སྦྱོངས་བ་ལ་གནས་པའི་ཤེས་སྒྲིབ་ཡོད་པ་འདྲ་བར་འོད་གསལ་གྱི་སྣང་བ་ཕྱི་ནང་གི་ཚུལ་དུ་མཐོང་ཞིང་འཛིན་པའི་གཉིས་སྣང་ཕྲ་བ་ཡོད་པ་ཟད་དེ། གཉིས་མེད་རང་སྣང་གི་དཀྱིལ་འཁོར་ལ་དབང་བསྒྱུར་བ་ལས་ཟད་པའི་ཐ་སྙད་ཐོབ་ཅིང་། སྔགས་རྒྱུད་རྣམས་སུ་གསུངས་པའི་སློབ་པའི་ཟུང་འཇུག་གི་ལྷ་སྐུའི་འགྱུར་བའི་དྲི་མ་ཟད་དེ་མི་སློབ་པའི་ལྷ་སྐུར་མངོན་དུ་གྱུར་བ་ལ། མི་སློབ་པའི་ལྷ་སྐུ་དེ་ཉིད་བརྟེན་ཅིང་ལྟོས་པ་ཙམ་གྱི་ཐ་སྙད་ལས་ཀྱང་འདས་པའི་སངས་རྒྱས་ཀྱི་བདེ་ཆེན་རྡོ་རྗེའི་སྐུའམ་ཡེ་ཤེས་ཀྱི་སྐུ་དང་། གཟུགས་སྐུ་རྟག་པ་ལྔ་ལྡན་དུ་གྱུར་བའི་སྟེང་གི་དྲི་མ་དག་པ་ཙམ་ལ་ཟད་པར་བརྗོད་པས་ཀྱང་འཐད་པར་མངོན་ལ། ཡང་མདོ་སྔགས་སྤྱི་ལས་ཀྱང་སློབ་ལམ་གྱི་རྟོགས་པ་ཟག་མེད་གསར་ཐོབ་ཀྱི་ཆ་རྣམས་ཀྱང་ཟད་དེ་དོན་དམ་ཆོས་སྐུ་མངོན་དུ་མཛད་དགོས་པར་གསུངས་པ་དང་མཚུངས་པས་ན་དང་། སྣང་བཞིའི་ལམ་སྣང་འདི་དག་ལའང་མ་དག་རླུང་སེམས་ཀྱི་ཆའང་ཅི་རིགས་འདྲེས་ཡོད་པས་དེ་དག་ཟད་པ་ལས་འཛིན་ཞེན་གྲུབ་མཐའི་ཆོས་ཟད་བློ་འདས་ཀྱི་སྣང་བ་ཞེས་བྱ་བ་ཞིག་འཆར་རོ། །ཚུལ་དེ་ཡང་རྒྱུད་བླ་མ་ལས་ཀྱང་། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་དང་། དེའི་འགྲེལ་བར་ལམ་བདེན་ཐམས་ཅད་འདུས་བྱས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས་ཅན་དུ་གསུངས་པ་བཞིན་ནོ། །དེ་ལྟར་སྣང་བ་ཡོད་ན་ཆོས་ཟད་དང་འགལ་ལོ་སྙམ་ན་མི་འགལ་ཏེ། རབ་འབྱམས་ལས། ཆོས་ཉིད་ཟད་པའི་སྣང་བ་ལ། །སྣང་སྟོང་དབྱེ་བསལ་མེད་པར་རྫོགས། །རང་རིག་ཡིན་ཕྱིན་སྣང་བ་རྫོགས། །རང་ཆས་ཡིན་ཕྱིར་དུས་གཅིག་རྫོགས། །ཞེས་སོ། ། འདིར་མཚམས་སྦྱར་བའི་ཚིག་གི་དངོས་སུ་རིམ་གྱིས་ཟད་པ་བསྟན་ཀྱང་། ཟད་ཚུལ་གཞན་ཅིག་ཆར་ཟད་པའང་ཡོད་དེ། དཔེར་ན་ཐོད་རྒལ་འབྱུང་བའི་ཆོས་གསུམ་ལྡན་པའི་གང་ཟག་ལ་སོ་སྐྱེ་ལམ་ནས་དེ་རུ་དང་། འཕགས་ལམ་ནས་འཕགས་ལམ་བར་ནས་བོར་བ་སྲིད་པ་བཞིན་ཏེ། མངོན་སུམ་ནས་གོང་འཕེལ་དང་། ཚད་ཕེབས་ལ་མི་ལྟོས་པར་ཟད་སར་ཕྱིན་པའི་ཐོད་རྒལ་ལམ། བློ་མཆོག་ཅིག་ཆར་དུ་ཟད་པ་ཞེས་བྱའོ། །
གཉིས་པ་ཟད་ཚུལ་བྱེ་བྲག་ཕྱེ་ནས་བཤད་པ་ལ། སྣང་བའི་ཆོས་ཉིད་ཟད་པ་དང་། སྟོང་བའི་ཆོས་ཉིད་ཟད་པ་དང་། ཡོན་ཏན་གྱི་རྣམ་གྲངས་གཞན་བཤད་པའོ། །དང་པོ་ནི། དེ་ཡང་༴ ཟད་ཅེས། ཕྲ་རགས་ཀྱི་འབྱུང་བ་ལས་གྲུབ་པའི་མ་དག་རྡོས་བཅས་ཤ་ཁྲག་གི་ལུས་དང་། རེས་འགའ་བའི་སྒྱུ་ལུས་དང་། སློབ་པའི་ཟུང་འཇུག་གི་ལྷ་སྐུ་སོགས་གང་ཡང་མེད་པའི་ལུས་སུ་སྣང་བའི་བག་ཆགས་ཟད། དེ་ཟད་པས་དབང་པོ་གཟུགས་ཅན་པ་དང་ཟད་པར་གྱི་སྐྱེ་མཆེད་དང་། ཡུལ་རྡུལ་གྱི་དང་དངས་མའི་འབྱུང་བའང་ཟད་དེ། དེ་གཉིས་ཟད་པས། དེར་འཛིན་པའི་བློ་རྟོག་གི་སྤྲོས་པའང་ཟད་དེ། དེ་ཟད་པས་ཆགས་སྡང་ཉོན་མོངས་ཀུན་ནས་ལྡང་བའི་མཚན་ཉིད་ཅན་གྱི་དྲི་མ་ཕྲ་བ་ས་བོན་གྱི་ཆ་རྣམས་ཀྱང་ཟད་ཅིང་། དེ་དག་ཟད་པས། དེ་དག་སྦྱོངས་བྱེད། བདེ་སྡུག་གི་བྱེད་ཆོས་འདུས་བྱས་མཚན་མའི་གྲུབ་མཐའ་དང་བསྒོམ་པའི་ཆ་དང་། བློའི་བསྒོམ་པ་ཡུལ་སྣང་དང་བཅས་པའང་ཟད་པའི་དུས་ཏེ། སྤངས་གཉེན་ཀུན་ཟད་པ་དེའི་ཕྱིར་ངེས་ཚིག་དུའང་ཆོས་ཉིད་ཟད་པ་ཞེས་བྱའོ། །དེའི་ཚེ་འཁྲུལ་བའི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་རང་གདངས་ཞིང་ཁམས་རྣམ་པར་དག་པའི་སྣང་བར་ཟད་པའོ། །འདི་ལ་ལམ་གྱི་ཆོས་ཟད་པའི་འབྲས་བུ་ཞེས་ཀྱང་བྱའོ། ། དེས་ན་རབ་འབྱམས་ལས། ཉམས་ལས་དབང་པོ་རྟོག་ཚོགས་དང་། ། ཚིག་གི་འཁྲུལ་ཞེན་ཐམས་ཅད་ཟད། །ཅེས་དང་། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོ་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། ། བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། རང་སངས་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་བས་རྡོས་བཅས་འགགས། །རྡུལ་དང་ཕྲ་རབ་མཐའ་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་བས་འཁྲུལ་བ་དང་། །རྟོག་བྲལ་ཞེན་པ་མི་གནས་པས། ། བག་ལ་ཉལ་དང་ཀུན་ནས་ལྡང་། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་པའི་ཆོས་ལས་འདས་པས་ན། ། ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །
གཉིས་པ་ནི། རང་སྣང་བཟོ་མེད༴ བཟློག་གོ །ཞེས་གསུངས་ཏེ། རྩ་རླུང་ཕྲ་རགས་ཟད་པས་སེམས་སེམས་བྱུང་དང་བཅས་པའང་ཟད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བའི་གདངས་ཚད་ཕེབས་ཟླ་བ་ཉ་བ་ལྟ་བུའང་ནང་དབྱིངས་ཀ་དག་གི་སྣང་བ་ལ་ཟད་ཅིང་གནས་པས་ཆོས་སྐུའི་སྣང་བའམ་ཆོས་ཉིད་རང་སྣང་བ་ཞེས་བྱ་སྟེ། དེ་ཉིད་ལས། རྒྱུ་དང་འབྲས་བུའི་ཆོས་ཉིད་ནི། །སོགས་སྔར་རླུང་ཟད་པའི་རྒྱུ་ལས་བྱུང་བར་དྲངས་པ་ཉིད་དེ། དོན་དུ་ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་པའི་གཞི་ལ་གཞི་སྣང་ལྡོག་སྟེ་ཞེས་ལྡོག་པ་ཉིད་དོ། །དེས་ན་དྭངས་མ་འབྱུང་བ་འོད་ཀྱི་སྦུབས། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཐིམ་ནས་འབྱུང་བ་མ་ལ་ཞ། རྟོག་ཚོགས་ཀུན་གཞི་དང་བཅས་པ་རྒྱུན་ཆད་དེ་རྒྱུན་གྱི་ཏིང་འཛིན་ལ་གནས་པས་ཡེ་ཤེས་དབྱིངས་སུ་འཁྱིལ། ཤེས་རབ་མཁའ་ལ་བསྐྱོད་དེ་ཡེ་ཤེས་ཅི་བཞིན་པའི་སྣང་བ་ལ་རྟོག་པ་མེད་ཅིང་མ་དམིགས་པར་མཁྱེན་པའི་སྤྱན་རྒྱས། རིག་པའི་རང་ས་ཟིན་ནས་ཕྱིན་ཆད་འཁྲུལ་མི་ཤེས་པའི་གདེངས་ཐོབ་པའོ། །ཀུན་གསལ་ལས། འབྱུང་བ་མ་ལ་ཞ་བ་ཡིས། །མཚན་མ་རང་སར་གྲོལ་བར་བྱེད། །ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས། །རྩལ་སྟོབས་གཞི་ལ་ཐིམ་པར་སྟོན། །ཤེས་རབ་མཁའ་ལ་འཁྱིལ་བ་ཡིས། །སྐུ་གསུམ་ཡེ་ཤེས་རང་གསལ་སྟོན། །རིག་པ་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །ཞེས་དང་། དུམ་དུམ་ཁྲིག་གི་མན་ངག་ལས། ཡེ་ཤེས་ཅི་བཞིན་གྱི་སྣང་བ་ནི་ཆོས་ཉིད་ཟད་པའོ། །ཞེས་སོ། །འབྱུང་བ་མ་ལ་ཞ་བའི་ཚུལ་ཡང་། རབ་འབྱམས་ལས། ཆོས་རྣམས་ཟད་པའི་སྣང་བ་ཡིས། ། ཡུལ་སྣང་ཐམས་ཅད་གཅེར་གྲོལ་ཉིད། །སྟོང་པས་སྟོངས་པའི་ཚད་ཟིན་ཏེ། །གྲུབ་མཐའི་ཞེན་པ་དུས་གཅིག་ཆོད། །འཁོར་འདས་གཉིས་སུ་མེད་པའོ། །འབྱུང་བ་ཐམས་ཅད་རང་སར་དག །ཆུ་ཡི་སྣང་བ་དྲི་མ་མེད། །ཀུན་ཁྱབ་ཆེན་པོའི་སྟོང་པ་ཉིད། །མེ་ཡི་སྣང་བ་རང་བྱུང་བས། ། རང་གསལ་ཆེན་པོའི་སྟོང་བ་རྙེད། །རླུང་གི་སྣང་བ་རང་སངས་པས། ། བསྐྱོད་པ་ཆེན་པོའི་སྟོང་པ་རྙེད། །ནམ་མཁའི་སྣང་བ་ཡེ་སངས་པས། ། དག་པ་ཡུལ་གྱི་སྟོང་པ་རྙེད། །ཅེས་སོ། །ལུས་འབྱུང་རྒྱུན་ཆད་པའི་ཚུལ་ཡང་། ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །ཞེས་སོ། །གྲུབ་མཐའ་དང་ལམ་གྱི་ཆོས་ཟད་པའང་། རབ་འབྱམས་ལས། ཆོས་དབྱིངས་ཟད་པའི་སྣང་བ་ལ། །ལྟ་བ་བྱ་བ་གཏན་ནས་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །ཀུན་བཟང་ཆོས་ཉིད་ཡངས་བ་ཆེ། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །བསྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཟད་པ་འདི་ལ་མཐའ་བརྟེན་ནས། །མེད་དེ་མི་སྣང་སྣང་བ་མེད། །ཅེས་སོ། །
གསུམ་པ་རྣམ་གྲངས་གཞན་བཤད་པ་ལ། ཐོབ་པ་གསུམ་གྱི་ཡོན་ཏན་དང་། གདེངས་བཞིའི་གྲོལ་ཚད་བརྙེས་པའི་ཡོན་ཏན་བཤད་པ་སྟེ། ཀློང་གསལ་ལས། ཆོས་ཉིད་ཟད་པའི་སྣང་བར་ནི། ། གདེངས་ཚད་གྲོལ་བའི་རྟགས་སུ་བཤད། །ཅེས་སོ། དེ་ལས་དང་པོ་ནི། འདིའི་དུས་ན་ཐོབ་པ་གསུམ་འབྱུང་སྟེ། སྐྱེ་བ་ལ་དབང་ཐོབ་པས་མིའི་ལུས་མཐུན་པ་སུམ་སྟོང་ལྷག་མེད་དུ་གྲོལ་བར་མཛད་པ་དང་། སྐུ་ཚེ་དེའི་གཞན་སེམས་ཅན་གྱི་དོན་འབྱུང་ན་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་གཞན་གྱི་ངོར་ད་སྔོན་གྱི་ལུས་དེར་མཐོང་བའི་སྤྲུལ་པ་དང་ཡང་སྤྲུལ་དུ་མ་འགྱེད་ཅིང་འགྲོ་བ་རིགས་དྲུག་གི་དོན་མཛད་ནུས་པ་ཨོ་རྒྱན་སངས་རྒྱས་གཉིས་པ་ལྟ་བུའོ། །འཇུག་པ་ལ་རང་དབང་ཐོབ་པས་སྐུ་ཚེ་དེར་འགྲོ་དོན་རླབས་པོ་ཆེ་མི་འབྱུང་ན་རང་དང་མཉམ་དུ་སེམས་ཅན་སུམ་སྟོང་ལ་ཐུགས་རྗེ་གཏད་པས་དེ་མ་ཐག་ཏུ་ཅིག་ཆར་གྲོལ་བར་མཛད་ནས་སྐད་ཅིག་ལ་ནང་དབྱིངས་ཀ་དག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ས་ལ་གཤེགས་ནས་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པ་སྟེ། རབ་འབྱམས་ལས། གསུམ་པ་ཐོབ་པ་གསུམ་གྱིས་ནི། །ཟག་བཅས་ཕུང་པོ་རང་ཡལ་ཏེ། །སྐྱེ་བ་ཉིད་ལ་རང་དབང་ཐོབ། །ཕུང་པོའི་སྣང་བ་རང་འགགས་ཏེ། །རྡོས་བཅས་མི་སྣང་བ་རུ་གྱུར། །གལ་ཏེ་སེམས་ཅན་དོན་བྱེད་ན། །རང་གི་ལག་སོར་གཏད་པ་ཡིས། །སྣང་བ་རང་ལོག་དོན་རྣམས་འགྲུབ། །རིག་པ་རང་བཅུག་གྲོལ་འགུལ་འགྱུར། །འཇུག་པ་ཉིད་ལ་རང་དབང་ཐོབ། །ལག་སོར་ཉིད་ལ་རིག་པ་གཏད། །སྐད་ཅིག་མི་སྣང་བྷུདྡྷའོ། །ཞེས་དང་བསྟན་བུ་ལས། ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདི་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་བའི་སྐུ། །འདིས་ནི་འཇུག་པའི་ཤུགས་ཀྱིས་དབང་། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། ། མངོན་དུ་ལོག་སྟེ་འཁྲུལ་བར་སྣང་། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་པོ་འདིས་འགྲུབ་པོ། །དེ་བཞིན་རིམ་དང་ཅིག་ཆར་གྱི། །ལུས་ནི་འདི་ཡི་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །ཕྱི་སྣང་བ་ལ་རང་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་ཤར་ཏེ་རི་བྲག་ལ་ཐོགས་དངོས་མེད། ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་དག་པས་འབྱུང་བའི་གནོད་པས་མི་ཚུགས། གསང་བ་རླུང་སེམས་ལ་དབང་ཐོབ་པས་མངོན་ཤེས་ཐོགས་པ་མེད། རིག་པ་གང་ལ་བཅུག་ཀྱང་ཚུད་པ་དང་། སེམས་ཆོས་ཀྱི་སྐུ་རུ་གྲོལ་བ་སྟེ། འདི་དག་རླུང་སེམས་དག་པའི་བྱེད་ལས་ལས་བྱུང་བས་གཅིག་དུ་བསྒྲངས་བ་ལས་ནང་གསེས་ཀྱི་དབྱེ་བ་གསུམ་དུ་ཡོད་དོ། །ཕྲེང་བ་ལས། རིག་པ་ཤར་བས་རྒྱུ་རྐྱེན་འགགས། ། འོད་གསལ་ཤར་བས་ཕྲ་རགས་འགགས། །དབྱིངས་རིག་ཤར་བས་ཡུལ་སེམས་འགགས། །ཞེས་དང་། སྒྲ་རྒྱུད་ལས། ཐོབ་པ་གསུམ་གྱི་གཟེར་གདབས་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་དང་། སངས་རྒྱས་ཞལ་ཆེམས་ལས། སྐྱེ་དང་འཇུག་དང་རླུང་སེམས་ལ། །སུ་ཡིས་རང་དབང་ཐོབ་པའི་མི། །སངས་རྒྱས་དགོངས་པའི་དྲོད་རྙེད་དོ། །ཅེས་དང་། རབ་འབྱམས་ལས། རླུང་སེམས་ཉིད་ལ་དབང་ཐོབ་པས། ། རླུང་གི་ཡོན་ཏན་ཐམས་ཅད་ཐོབ། །སྡིག་ཅན་འཕོ་དུས་རིག་པ་བཅུག ། རང་དང་མཉམ་པོར་བྷུདྡྷའོ། །བེམ་པོ་རྣམས་ལ་ཐོགས་པ་མེད། ། མངོན་ཤེས་ཕྱོགས་མེད་དུས་གསུམ་ཤེས། །གསུམ་གསུམ་དགུ་ཡིས་རྒྱབ་བརྟེན་ནོ། །ཞེས་དང་། ཀློང་གསལ་ལས། ད་ནི་རླུང་སེམས་གཉིས་ལ་དབང་ཐོབ་པས། །རླུང་སེམས་ལས་སུ་རུང་བས་ན། །རླུང་སེམས་ཡོན་ཏན་ཐམས་ཅད་འབྱུང་། །སེམས་ཅན་གང་དག་ཚེ་འཕོས་པ། །དེ་དག་རྣམས་ལ་རིག་པ་བཅུག །རིག་པ་གང་ལ་གཏད་པ་རྣམས། །སྔོན་གྱི་མཚམས་མེད་ལྔ་སྤྱད་ཀྱང་། །ལས་ལ་བཟང་ངན་མེད་པ་རུ། །རང་དང་མཉམ་པོར་སངས་རྒྱའོ། །མངོན་པར་ཤེས་པ་ཐོགས་མེད་ཅིང་། ། རི་རབ་རྣམས་ལ་ཟང་ཐལ་རྒྱུ། །འབྱུང་བཞིའི་གནོད་པས་ཚུགས་མི་འགྱུར། །ཞེས་སོ། །
གཉིས་པ་གདེངས་བཞི་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་སོགས་པ་ལ་ཨེ་ཐོབ་རེ་བའི་ཡིད་སྨོན་མེད་དེ། རང་གི་རིག་པ་སྐུ་གསུམ་གྱི་སངས་རྒྱས་ཡིན་པ་མངོན་དུ་གྱུར་པ་ལ་ཟག་མེད་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པའི་གདེངས་ཐོབ། ངན་སོང་གི་སྡུག་བསྔལ་ཐོས་ཀྱང་རང་རིག་ལ་འཁྲུལ་འཁོར་དང་སྡུག་བསྔལ་མེད་པའི་ཀ་དག་མངོན་དུ་གྱུར་པས་ཡ་ང་དང་བག་ཚ་མེད་པའི་གདེངས། འཁོར་གསུམ་གྱི་སྣང་འཛིན་ཞེན་པ་གཞི་ལ་གྲོལ་བས་དེ་གཉིས་གའི་རྒྱུ་དགེ་སྡིག་ལ་རེ་དོགས་མེད་པའི་གདེངས་ཏེ། རྒྱུ་འབྲས་ཀྱི་དབྱེ་བས་གདེངས་བཞི་ཞེས་བྱའོ། །འདི་ཡང་རིན་ཆེན་སྤུང་བ་ལས། མི་འགྱུར་ལྟ་བའི་གདེངས་ཆེན་བཞིའི། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། ཞེས་དང་། རབ་འབྱམས་ལས། གདེངས་ནི་ཡར་མར་གཉིས་གཉིས་བཞི། ། རྟགས་ཚད་རྣམ་གྲངས་མང་བཤད་པ། །འདི་རུ་མི་འདུ་མེད་པའོ། ། དཀོན་མཆོག་ཡོན་ཏན་ལ་སོགས་པ། །བྲོད་པ་སྐྱེ་རྒྱུ་རྡུལ་ཙམ་མེད། ། ཡེ་ནས་རིག་པ་སངས་རྒྱས་པས། །བསྐྱར་ནས་གྲོལ་རྒྱུ་ང་ལ་མེད། །རང་ཉིད་སངས་རྒྱས་ཡིན་པ་ཡིས། །གདེངས་ཆེན་དེ་ཉིད་ལོན་པའོ། །དེ་ཉིད་དོན་རྟོགས་གྱུར་བའི་ཕྱིར། །མྱང་འདས་གཞན་ནས་ག་ལ་རེ། ། གདེངས་ཆེན་དམ་པ་ཆོད་པའོ། །དམྱལ་བ་ལ་སོགས་རིགས་དྲུག་གི ། སྡུག་བསྔལ་མྱོང་ཚུལ་ཐོས་ན་ཡང་། །འཁྲུལ་མེད་སྡུག་བསྔལ་དང་བྲལ་བས། །ཡ་ང་མེད་པའི་གདེངས་ཆོས་སོ། །འཁོར་བར་འཁྱམས་མཁན་མེད་པའི་ཕྱིར། །འཁོར་བར་ལྟུང་དོགས་ག་ལ་ཡོད། །ལྟུང་མཁན་མ་གྲུབ་གདེངས་ཆོས་སོ། །མི་འགྱུར་ལྟ་བའི་གདེངས་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་དང་། ཀློང་གསལ་ལས། མི་རྟོགས་ཡེ་ཤེས་ཚད་བཟུང་བ། །ཡར་མར་གདེངས་ཆེན་བཞི་རུ་འདུས། །དང་པོ་ཡར་གྱི་གདེངས་གཉིས་ནི། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དཔག་མེད་ཐོས་ཀྱང་དགའ་བྲོད་མི་སྐྱེད་དོ། །ཡར་གྱི་སངས་རྒྱས་ཐམས་ཅད་ལ། །རེ་བ་མེད་དེ་རང་རིག་གདེངས། །མར་གྱི་འགྲོ་བ་རིགས་དྲུག་གི །སྡུག་བསྔལ་མཐོང་ཡང་འཇིགས་པ་མེད། །རིག་པ་འཁྲུལ་བ་མེད་པའི་གདེངས། །མར་གྱི་ངན་སོང་གསུམ་པོ་ལ། །ལྟུང་གིས་དོགས་པ་མེད་པ་སྟེ། །མཁན་པོ་མ་གྲུབ་རང་བྱུང་སྟེ། །ཞེས་སོ། །ས་མཚམས་འདི་ནི་ལུགས་འགར། །ས་བཅུའི་རྒྱུན་མཐའ་དང་། །འགའ་ཞིག་གི་ཀུན་ཏུ་འོད་ལ་ངོས་འཛིན་ཀྱང་། དོན་དུ། རྒྱུ་ཡིས་བསྒྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཞེས་གསུངས་པས། ལྷུན་གྲུབ་རིག་འཛིན་དུ་དོན་གྱིས་གནད་གཅིག་པས་དོན་དུ་མཐར་ལམ་དང་སྐལ་བ་མཉམ་ཡང་། དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་སྐལ་མཉམ་གཉིས་པ་རིགས་མཆོག་ཏེ། །བརྒྱད་པས་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་ཡོད། ། དགོངས་སྤྱོད་རྒྱ་མཚོའི་ཁྱད་པར་འཕགས། །ཞེས་དང་། འདི་ལ་དགོངས་ནས་གནུབ་ཆེན་གྱིས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །འདི་ལ་བྱ་བ་རྫོགས་པའི་སྤྲུལ་སྐུ་ཟེར་ཏེ། རང་དོན་གྱི་བྱ་བ་རྫོགས་པའི་ཕྱིར་དང་། བསོད་ནམས་བསགས་པའི་ཆོས་སྐུ་ཡང་ཟེར་དེ་ལམ་གྱི་ཆོས་སྐུ་ཡིན་པས་ན། ཀུན་ཏུ་འོད་ཆོས་སྐུ་དང་སྤྲུལ་སྐུར་འདོད་པ་གཉིས་དགོངས་པ་མི་འགལ་བའོ། །རང་ཤར་ལས། སྤྲུལ་བ་སྐུ་ཡི་མཚན་ཉིད་ནི། །བྱ་བ་རྫོགས་དང་བྱ་བ་བྱེད། །རྣམ་པ་གཉིས་སུ་འདོད་པའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་གྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་བ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །གང་འདུལ་དེ་ལ་དེར་སྟོན་ཅིང་། །གཞན་དང་མཐུན་པར་སྣང་བ་ལ། །དོན་ནི་གོང་མ་ལྟ་བུའོ། །ཞེས་སོ། །
གསུམ་པ་མཇུག་བསྡུ་བ་ནི། འདི་ལ་ཆོས་ཉིད༴ བྱ་སྟེ་ཞེས་པས། འདི་ཉིད་ལ་ཆོས་ཞེས་མ་དག་འཁྲུལ་བའི་སྣང་སེམས་ཚོགས་པ་དང་བཅས་པ་དང་། དག་པ་གཞི་སྣང་ཕྱི་གསལ་འཆར་ཚུལ་ལྷུན་གྲུབ་སྒོ་བརྒྱད་གཞི་ལམ་གྱི་སྣང་བ་ཐམས་ཅད་ལ་བྱའོ། །ཉིད་ཅེས་དེ་འཆར་གཞི་རང་སྣང་སྐུ་གསུམ་དབྱེར་མེད་དམ། བདེན་གཉིས། སྣང་སྟོང་། ཐབས་ཤེས། ཟབ་གསལ། དབྱིངས་ཡེ། རྣམ་གྲངས་མ་ཡིན་པའི་དོན་དམ། ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ལ་བྱའོ། །ཟད་ཅེས་པ་ནི་གཞི་རང་བཞིན་གྱིས་སངས་རྒྱས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་བྱེད་འཁོར་བའི་ཆོས་ཉི་ཤུའི་ཚོགས། སྒྲིབ་གཉིས་བག་ཆགས་སེམས་དང་སེམས་བྱུང་གི་འཇུག་པ་ཤེས་སྒྲིབ་ཀྱི་བག་ཆགས་ཕྲ་བའི་ཕྲ་བ་ཙམ་མ་གཏོགས་པ་ཐམས་ཅད་དང་། ལམ་བདེན་འདུས་བྱས་ཀྱི་ཆ་དང་། དེ་ལས་ཐོབ་པའི་ཟག་མེད་གསར་ཐོབ། གཞི་སྣང་ཕྱིར་ཤར་གྱི་སྣང་ཆ་དང་བཅས་པའི་སྣང་ཞེན་འཛིན་པ་གྲུབ་མཐའ་དང་བཅས་པའི་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་རྣམ་པར་ཞི་བའི་དོན་ཏོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་ཆོས་ཉིད་ཟད་པ་ཞེས་བྱའོ། །དེས་ན་རྩལ་རྫོགས་ལས། འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཅི་བཞིན་ནོ། །ཞེས་དང་། དེ་ལྟར་ཆོས་ཉིད་ངེས་པའི་ཚིག །ཆོས་ཤེས་ཚོགས་ཤིང་འདུས་པ་ལ། །བྱ་བ་བྱེད་དང་མཚན་ཉིད་འཛིན། །རང་སྣང་སྟོན་པར་བྱེད་པ་ལ། །སོ་སོའི་རིགས་རྣམས་འཛིན་པའོ། །ཉིད་ནི་བཅོས་པ་མེད་པ་ལ། །ལྷུག་པར་གནས་པས་རྣལ་མས་ཁྱབ། །སོ་མ་གཉུག་མ་དཀྱུས་མ་ལ། །སྒྲ་ཚིག་མིང་གི་གྲངས་ཟད་པའོ། །ཞེས་དང་། དུམ་དུམ་ཁྲིག་གི་མན་ངག་ལས། ཆོས་ཉིད་ཟད་བའི་སྣང་བ་ནི། རང་གི་ངོ་བོར་ཡང་གྲུབ་པ་མེད་ཅིང་། འདི་ལྟར་ཡིན་ནོ་བར་ཡང་གྲུབ་པ་མེད་པའི་དུས་ན་ལུས་ངག་ཡིད་གསུམ་གྱི་ཞེན་པ་ཟད་དེ། རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཆེན་པོར་བཞུགས་སོ། །འདིར་ནི་སྐུ་གསུམ་གྱི་ཞེན་པ་རང་ཟད་སྐུ་ལས་འདས་པའོ། །ཞེས་དང་། རབ་འབྱམས་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །བློ་ཡི་ཆོས་རྣམས་ཟད་པ་ཡིན། །ཞེས་སོ། །
བཞི་པ་གྲོལ་བ་ཐོབ་པའི་དུས་ཚད་ནི། བརྩོན་པ༴ བས་སོ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལྟར་གནད་དྲུག་དང་ལྡན་པས་བརྩོན་པ་ཆེན་པོའི་ཐང་ལྷོད་མེད་པར་ཉམས་སུ་བླངས་ན། དབང་པོའི་བྱེ་བྲག་གིས་རབ་ཞག་བདུན་གྱིས་དོན་རྟོགས་ཤིང་བསྒོམ་པས། ཟླ་བ་བདུན་གྱིས་ཕྱིར་མི་ལྡོག་པ་ཐོབ་པ་༼ འདི་ཟག་གསུམ་ཟད་པ་ལ་དགོངས་པ་དང་། དབང་པོ་རབ་ཀྱི་ཡང་རྩེ་མཐར་ཐུག་ཨིནྟྲ་བྷུ་ཏི་ལྟ་བུ་ལའང་དགོངས་སོ་སྙམ། མཆན། ༽དང་། འབྲིང་ལོ་གསུམ་དང་། ཟླ་བ་བདུན་གྱིས་ཕུང་པོ་ལྷག་མ་མེད་པར་འཇའ་ལུས་ཆོས་སྐུ་ཐོབ་པ་དང་། ཐ་མ་རྣམས་ལོ་བདུན་ན་མངོན་པར་སངས་རྒྱས་པ་དང་། ཡང་ཐའང་ལོ་བཅུ་གཉིས་ན་སངས་རྒྱས་པར་འགྱུར་ཞིང་། དེ་ལས་མི་འགྱང་བ་རྡོ་རྗེ་འཆང་གི་གཏན་ཚིག་ཡིན་ཏེ། ཅིག་ཆོད་ཀུན་གྲོལ་ལས། ཞག་བདུན་དོན་རྟོགས་ཟླ་བདུན་ཕྱིར་མི་ལྡོག །མཐོང་བས་གྲོལ་ཏེ་ལོ་བདུན་མངོན་སངས་རྒྱས། །ཞེས་དང་། ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པར་འགྱུར། །ཤེས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་དོན་གསལ་མེ་ལོང་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཅི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར། །འདི་ཉིད་ལོ་དྲུག་ཉམས་བླང་ན། ། ལྷག་མ་མེད་པར་འཚང་རྒྱའོ། །ཞེས་སོ། །དེར་མ་ཟད་ཐོས་ཤིང་ཚིག་གིས་འབྲེལ་བའང་སྐྱེ་བ་གསུམ་ལས་མི་ཐོགས་པར་སངས་རྒྱས་ཏེ། དེ་ཉིད་ལས། འདི་དང་ཚིག་གིས་འབྲེལ་བའང་། སྐྱེ་བ་གསུམ་དུ་མི་ཐོགས་སོ། །ཞེས་སོ། །དེ་ལྟར་ལམ་མྱུར་བའང་མན་ངག་གི་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་དང་འབྲེལ་བས་ཆོས་ཉིད་མངོན་སུམ་མཐོང་བ་ལས་སོ། །ཀློང་གསལ་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །
གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། ལམ་མངོན་སུམ༴ ས་མ་ཡཱ༔ རྒྱ་རྒྱ་རྒྱའི་བར་གྱིས། འདི་ལྟ་བུའི་གནད་ཀྱིས་ལྟ་བ་རྗེས་དཔག་དང་། བསྒོམ་སྤྱོད་མོས་སྤྱི་ཙམ་ལ་ལྟོས་འཆའ་བ་མ་ཡིན་པར། ལྟ་བ་ཆོས་ཉིད་མངོན་སུམ་དུ་དབང་པོའི་མཐོང་ཞིང་། བསྒོམ་པ་གནད་གསུམ་རྡོ་རྗེའི་ཆིངས་ཀྱིས་དེ་ལས་མི་འདའ་བར་དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོའི་ཕྱག་རྒྱའི་འདེབས་པ། ལ༵མ་མངོ༵ན་སུམ༵་པའི་ཆོས་ཉིད་ཅེར་མཐོང་དུ་སྟོན༵་པ༵འི་སོ་སོ་རང་རི༵ག་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བྱ་བའི་ཚུལ་འདི་ལ་ཐེག་པ་མཐའ་དག་གི་ལམ་ཡར་ལྡན་དུ་རྫོ༵གས་ཤིང་ཀུན་ལས་ཁྱད་དུ་འཕགས་པ༵ས་ཆེ༵ན་པོ༵་ཉིད་བརྗོད་པའི་སྐབས་ཏེ་གཉིས་པའོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། རིམ་དགུའི་ཐེག་པ་རྣམ་མང་ཡང་། །ཡང་གཅིག་རྫོགས་པ་ཆེན་པོར་འདུས། །ཞེས་སོ། །ལམ་གྱི་རིམ་པ་འདི་རྒྱུད་ལ་བརྟེན་པས་མྱུར་དུ་གྲོལ་བའི་རྡོ་རྗེའི་དམ་བཅའ་ཡོད་པས། དམ་ཚིག་གི་རང་བྲོ་དང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་གདབས་པའོ། །