རྨི་ལམ་འོད་གསལ་འདྲེས་པའི་དག་སྣང་རིན་པོ་ཆེའི་སྒྲོམ་བུ།
རྨི་ལམ་འོད་གསལ་འདྲེས་པའི་དག་སྣང་རིན་པོ་ཆེའི་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ། །
ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད༔ དྲུག་པ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས༔ གསང་ཆེན་རྨད་དུ་བྱུང་བའི་འཁོར་ལོ་བསྐོར༔ གདུལ་བྱ་སྨིན་གྲོལ་མཛད་ལ་ཕྱག་འཚལ་ལོ༔ མཐའ་དྲུག་ཚུལ་བཞིའི་བཅིངས་པའི་རྒྱུད་དོན་ཉིད༔ རྟོག་གེ་ངན་པས་ནམ་ཡང་མི་དཔོག་ཕྱིར༔ མངོན་སུམ་འཕགས་བློ་མངའ་བ་ཨོ་རྒྱན་གྱི༔ བཀའ་ལུང་ཇི་ལྟར་ཐོབ་བཞིན་འདི་ན་སྤྲོ༔ ཞེས་པས་མདུན་བསུས་ཏེ་འདིར་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་ལ་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ནུབ་མོ་ཨོ་རྒྱན་གྱི་མཁན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་ཡིན་ཟེར་བའི་རྣལ་འབྱོར་པ་རུས་རྒྱན་ཅན་ཤིན་ཏུ་ཞི་བའི་ཉམས་ཀྱིས་སྒེག་པ་དམར་གསལ་ཕྱག་གཉིས་གྲི་ཐོད་འཛིན་ཅིང་གར་སྟབས་ལིང་ལིང་བསྒྱུར་བ་ཞིག་གིས་དཔེ་ཆུང་ཐོགས་པའི་མཁའ་འགྲོ་ཞིག་ལ་དེ་འདི་ལ་སྟོན་ཟེར་བས་དངུལ་གྱི་ཤོག་བུ་ལ་སུ་ཝརྞའི་རི་མོ་བཀྲ་བ་ཞིག་ཟུར་སྟོན་བྱས་ནས་ངས་འདོན་ཉོན་གསུངས་ཏེ༔ དེང་སང་ཆོས་ལ་འཐེན་རྩོད་བྱེད་ནའང་༔ ཐམས་ཅད་རང་རང་སོ་སོར་བདེན་དོན་འགྲུབ༔ ཕྱོགས་ལྷུང་གདོན་གྱིས་ཟིན་གང་ངན་འགྲོའི་རྒྱུ༔ འོན་ཀྱང་རྒྱུད་ཀྱི་དགོངས་པ་བབས་སོ་གཅིག༔ ཞེས་པའི་བརྡའ་ཡིག་ལ་ཁོང་སྙིང་དམར་འབྱིན་ནི༔ ད་ལམ་སྤྱིར་ས་དགེ་རྙིང་གསུམ་བཀའ་འབྲུག་དྭགས་གསུམ་ཀུན་ཀྱང་རང་རང་གི་གྲུབ་མཐའི་རྒྱུད་དོན་རེ་ལ་འགྲེལ་ཚུལ་མི་འདྲ་བ་མཐའ་དྲུག་ཚུལ་བཞིའི་ཁྱད་ཀྱི་ཕྱོགས་སུ་འཐེན་ཁྱེར་དང་༔ ཁྱད་པར་དུ་གསང་སྔགས་རྙིང་མའི་ལྟ་བ་མ་ཡིན་དགག་གི་སྟོང་ཉིད་དུ་གནས་པ་དྲི་མེད་འོད་ཟེར་དང་གཏེར་བདག་ཡབ་སྲས་ནས་རྩལ་དུ་བཏོན་པ་ལ་གཞན་ཟེར་གྱིས་དྲིངས་སུ་འཇོག་པ་འགའི་སྒྲོ་སྐུར་འདེབས་ཤིང་ཆོས་ལ་བརྟེན་ནས་ལས་ངན་གསོགས་དུ་མཆི་སྟེ༔ དེ་ཡང་མཐར་ཐུག་གི་དགོངས་པ་ལས་མ་འཛུར་བའི་གནམ་ཐིག་གམ་གཟེར་བུ་ནི་རིན་པོ་ཆེའི་སྒྲོམ་བུ་འདིའི་ནང་རྫོངས་སུ་བཅུག་པ་རྡོ་རྗེ་འཆང་གི་ཐུགས་ཐིག་གསང་འགྲེལ་ཞིག་གོ༔
འདི་ལ་ཐོག་མར་གཞི་ལམ་འབྲས་བུ་གསུམ་གྱི་ངེས་པས་མ་ཡིན་དགག་གི་སྟོང་ཉིད་དུ་ཤེས་འཇུག་མངོན་དུ་གྱུར་གསུམ་དང་༔ དེ་ལ་དགོངས་ནས་བླ་མའི་མན་ངག་གིས་གབ་པ་མངོན་དུ་བྱུང་བ་ཡིན་ཚུལ་དང་༔ དེ་ལ་དམོད་པའི་ཉེས་པ༔ ཡང་དག་པར་རྟོགས་པ་དེའི་ཕན་ཡོན་བཤད་པ་དང་དྲུག་ལས༔ དང་པོ་ལ་རྒྱུད་ལུང་མན་ངག་ལ་མ་བརྟེན་པར་རྟོག་གེ་ཚད་མ་མིན་པར་བཤད་༼ པ་དཔྱད ༽༔ ཡིད་ཆེས་ཁུང་བཙུན་འཁྲུལ་དྲི་མེད་པའི་ལུང་རང་སོའི་དགོངས་པ་བཤད་པ་དང་གཉིས་ལས༔
དང་པོ་ནི༔ སྤྱིར་རྟོག་གེའི་ཚུལ་རོལ་མཐོང་བའི་རྗེས་དཔག་གིས་ཆོས་ཉིད་སྤྱོད་ཡུལ་ཡང་དག་པའི་གཞལ་བར་བྱ་བྱེད་དུ་མི་འགྱུར་བར་མ་ཟད་ས་བཅུ་པའི་བྱང་སེམས་ཀྱིས་མཚན་མོའི་གཟུགས་ལྟ་བུ་ལས་མི་མཐོང་བར་བཤད་པའི་ཕྱིར་ན༔ དབུ་མ་གཞན་སྟོང་ལ་ཆོས་ལོག་ཡིན་པར་སྡང་ཤུགས་ཀྱིས་བལྟས་ཏེ་མ་ཡིན་དགག་གི་སྟོང་ཉིད་ཀྱང་གཙོག་པར་འཛིན་པ་དག་གིས་སྔོན་དུ་རང་རང་གི་རྒྱུད་སྡེ་ལ་མི་གནོད་པའི་ཚིག་དོན་གྱི་མཐའ་བཞག་ཏུ་ཡོད་པ་ཞིག་ནི་ངེས་པར་གལ་ཆེ་སྟེ༔ འདི་ལ་དགོངས་ཏེ་ཀུན་མཁྱེན་གྱིས༔ ཆོས་ཉིད་དེ་རྣམ་གཅོད་དུ་མཐོང་གི་ཡོངས་གཅོད་ཀྱི་མི་མཐོང་ཟེར་བ་ནི་དོན་རང་ཐོག་ཏུ་མྱོང་བ་མེད་པའི་ཚིག་གོ་གསུངས་པའང་ཐུགས་ཤུན་ཏུའང་མད་དོ༔ ཁ་ཅིག་ཡོངས་གཅོད་ཀྱི་མངོན་སུམ་པས་ཡུལ་རང་མཚན་ཡིན་ཕྱིར་ན་ཆོས་ཉིད་ལ་མཚན་མ་ཡོད་དོ་པའང་༔ རྣམ་གཅོད་ཀྱི་སྤྱི་མཚན་ལ་སྐྱོན་རྣམ་ཤེས་ལྐོག་ཏུ་གྱུར་ནས༔ འཕགས་པའི་གཉིས་སྣང་མེད་པའི་བློ་ལ་གོ་ཕྱིའི་དཔྱད་རྒྱ་ དགོས་པ ་དང་༔ མངོན་སུམ་གྱི་ཆོས་ཉིད་མཐོང་བ་སངས་རྒྱས་ལའང་མེད་པ་དང་༔ ཡང་སོ་སྐྱེས་ཀྱིས་དོན་སྤྱི་འཕགས་པས་མངོན་སུམ་མཐོང་བས་སྤྱི་རང་གི་མཚན་མ་ཞལ་གྱི་མཉམ་བཞེས་མཛད་པའི་ལྷ་མཇལ་བཟང་པོའི་སྒོ་འཕར་དབྱེ་བའི་དཀའ་དྲིན་གང་ཞིག་གིས་འཁོར༔ ཕོ་རོག་ལྟ་བུར་དོགས་པ་ཆེ་བའི་རྟོག་གེའི་གཞལ་ཡང་གསང་སྔགས་ཀྱི་ཆོས་ལ་ཅུང་ཟད་ཀྱང་མི་དཔོག་པར་མཐར་གང་ལའང་ཡིད་མི་ཆེས་ནས་དངོས་གྲུབ་ཀྱི་བགོ་སྐལ་མེད་པ་ཞིག་བྱེད་ངེས་པས་ན༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས༔ ལུང་མ་གཏོགས་པའི་རྟོག་གེ་ཡི༔ ཆོས་རྣམས་རྣམ་པར་དག་མ་ཡིན༔ དྲང་སྲོང་རྣམས་ཀྱི་ཤེས་པ་ཡང་༔ དེ་ཡི་ལུང་ནི་སྔོན་གཏོང་ན༔ ལོང་བས་རྐང་པས་ཚོད་དཔག་བཞིན༔ ཉམ་ངའི་གཡང་སར་རྒྱུག་བྱེད་ལྟར༔ རྗེས་སུ་དཔག་པ་གཙོར་བྱེད་གང་༔ རྣམ་པར་ལྟུང་བ་དཀའ་མ་ཡིན༔ ཞེས་དང་། གཤེད་དམར་གྱི་རྒྱུད་ལས༔ རྟོག་ཅིང་དཔྱོད་པའི་རྟོག་གེ་བ༔ དེ་ལ་སྦྱོར་བའི་དངོས་གྲུབ་རིང་༔ ཞེས་དང་༔ དགོངས་འདུས་ལས༔ གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ༔ ཚིག་གི་སྤྱོད་ཡུལ་མ་ཡིན་པས༔ བརྗོད་པས་རྟོགས་པར་མི་ནུས་ཏེ༔ བདག་གི་བསྒྲོ་བར་རབ་ཏུ་དཀའ༔ དཔེའམ་ཚད་མ་གཏན་ཚིག་དང་༔ རྗེས་སུ་དཔག་པའི་ཤེས་རབ་ཀྱིས༔ རྟོགས་པར་ནུས་པ་མ་ཡིན་ནོ༔ དམུས་ལོང་མཁའ་ལ་མཐོ་འཇལ་འདྲ༔ ཞེས་དང་༔ ཀྲི་ཡ་བསམ་གཏན་གྱི་རྒྱུད་ལས༔ གསང་སྔགས་རྒྱ་མཚོ་ཆེན་པོ་ནི༔ དཔེའམ་ཚད་མའམ་གཏན་ཚིག་གམ༔ རྗེས་སུ་དཔག་པའི་ཤེས་རབ་ཀྱིས༔ དབྱེ་བར་ནུས་པ་མ་ཡིན་ནོ༔ ཞེས་གསུངས་པ་ལྟར༔ འཕགས་པ་ལྷའི༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལུང་ཟབ་མན་ངག་མི་བརྟེན་པར༔ འཐད་གྲུབ་རིགས་གཉིས་གཙོར་བྱེད་པ༔ རང་རང་གྲུབ་མཐའ་ཚད་མར་འཛིན༔ མཐར་ཐུག་ལྟ་བ་ཟབ་མོ་ལ༔ མི་མོས་སླར་ཡང་སུན་འབྱིན་རྒོལ༔ དེ་ནི་རང་ཕུང་གཞན་ཡང་བརླག༔ ཞེས་གསུངས་སོ༔ རྒྱུ་མཚན་དེས་ན་རྟོག་གེ་ལ་འཆེལ་འཆེལ་ཆེས་བས་རྒྱུད་སྡེ་མཐའ་དག་ལས༔ ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་བྱེད་དུ༔ ཇི་ལྟར་ཕྱི་རོལ་དེ་བཞིན་ནང་༔ ཞེས་པ་ལ་སོགས་པ་ཀུན་ཀྱང་གསང་བ་བའི་བདག་དང་ཁྱད་མེད་པའི་དོགས་པ་སོགས་ལྡང་ཉེ་ཞིང་མཐར་ཆོས་སྤང་གི་ལས་ཀྱི་འབྲས་བུས་འོ་བརྒྱལ་ཆེན་པོ་མྱོང་བར་མངོན་ནོ༔ དེས་ན་མ་ཡིན་དགག་ལས་བཟུང་སྟེ་མཐར་ཐུག་གི་དགོངས་པ་བཙལ་བར་བྱ་བ་རྣམས་རྟོག་གེ་པའི་ཐེ་ཚོམ་གྱི་དྲྭ་བར་གཟུད་པར་མི་བྱ་སྟེ༔ སྔོན་མུ་སྟེགས་པའི་དྲང་སྲོང་འགའི་ཀྱང་འདང་ལོག་གི་ལྟ་ངན་འདི་རྙེད་བྱུང་པ་དང་༔ ཆོས་ཀྱི་མིག་རྡུལ་མེད་མ་ཐོབ་པས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་སྲིད་པའི་ཕྱིར་ན༔ རྒྱལ་བ་རང་གིས་གང་བཞག་པའི་གཞུང་དཀྲུགས་པར་མི་བྱ་བ་ཁོ་ནར་མགོན་པོ་བྱམས་པས༔ གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ༔ མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་གྱིས་མིན༔ དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས༔ ཐུབ་ཚུལ་བཤིགས་ཕྱིར་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར༔ ཞེས་སོ༔
གཉིས་པ་ཡིད་ཆེས་ཁུང་བཙུན་འཁྲུལ་དྲི་མེད་པའི་ལུང་རང་སོའི་དགོངས་པ་བཤད་པ་ལ༔ ཡིད་ཆེས་པའི་གནས་ཡིན་པ་དང་༔ དེ་ལས་ཇི་ལྟར་བསྟན་པ་འཆད་པ་ལས༔
དང་པོ་ནི༔ སྤྱིར་སངས་རྒྱས་ནི་རྫུན་གྱི་རྒྱུ་བཞི་དང་བྲལ་བ་ཡིན་པའི་ཕྱིར་ཡང་བདེན་པར་གསུངས་པ་དང་༔ ཆོས་ཐམས་ཅད་ཆགས་ཐོགས་མེད་པར་མི་མཁྱེན་པའི་རྒྱུ་ཉོན་ཤེས་ཀྱི་སྒྲིབ་པ་དང་བྲལ་བ་དང་༔ སངས་རྒྱས་ཐེག་པ་དམན་པས་མི་འཁྲིད་པ་ལ་སོགས་ཤིན་ཏུ་བདེན་པར་གསུངས་པའི་ཕྱིར༔ གཙུག་ན་རིན་ཆེན་གྱི་མདོ་ལས༔ ལུང་ནི་ངེས་འབྱེད་ཚིག་ཡིན་ཏེ༔ ཉེས་པ་མེད་པ་རྫུན་གྱི་ཚིག༔ སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར༔ ངེས་འབྱེད་ལུང་དུ་ཤེས་པར་བྱ༔ ཞེས་དང་ཏིང་འཛིན་རྒྱལ་པོ་ལས༔ ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་༔ ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས༔ ཞེས་སོ༔ དེས་ན་ལུང་མི་ཤེས་པར་སྨྲས་པའི་རིགས་པ་འདིའི་བདག་གཞན་ཐམས་ཅད་ཆུད་ཟོས་པར་འགྱུར་ཏེ༔ རྒྱན་སྟུག་པོ་བཀོད་པར༔ ཡིད་ཆེས་ལུང་དང་མི་ལྡན་པའི༔ ཆོས་གང་སྟོན་པར་བྱེད་པ་ནི༔ རྣམ་པར་རྟོག་པའི་བདག་ཉིད་དེ༔ བདག་ཀྱང་ཆུད་ཟོས་གཞན་ཆུད་ཟོས༔ ཞེས་དང་༔ ངེས་བརྗོད་བླ་མའི་རྒྱུད་ལས༔ རྟག་ཏུ་ལུང་ནི་མི་སྤངས་ཤིང་༔ ཞེས་པ་ལྟར་དྲང་སྲོང་ཆེན་པོ་ཉིད་ཀྱི་བཀའི་དབྱིངས་གཞལ་པའི་སྒོ་ནས་རང་སོའི་ཐད་ཀ་ཐད་ཀའི་ཚིག་དོན་ལ་བརྟགས་དཔྱད་གོམས་འདྲེས་ཀྱི་སྒོ་ནས་བཀའ་ལུང་ཚད་མ་བཞིན་རིགས་པ་ཚད་མ་སྨྲ་བའང་དངོས་པོ་སྟོབས་ཞུགས་སུ་འགྱུར་བས་ལུང་གི་དག་བྱེད་རིགས་པ་ཞེས་བྱ་ཡི༔ གཞན་དུ་དེ་སྐད་མིན་ནོ༔
གཉིས་པ་དེ་ལས་ཇི་ལྟར་བསྟན་པ་འཆད་པ་ལ༔ ལྟ་བའི་རྣམ་གྲངས་སྤྱིར་བཤད༔ སྔགས་ཀྱི་ལྟ་བ་བྱེ་བྲག་དུ་བཤད༔ དེ་རྒྱུད་ལས་ཇི་ལྟར་གསུངས་ཚུལ་བཤད་པ་དང་གསུམ་ལས༔ དང་པོ་ནི༔ དེ་ཡང་སྤྱིར་ལྟ་བ་ཞེས་བྱ་བ༔ ཐེག་པའི་ཐོག་ནས་དབྱེ་ན་རིམ་པ་དགུ་དང་༔ སེམས་ཀློང་མན་ངག་གི་སྡེའི་ལྟ་བ་སོ་སོ༔ ཐ་སྙད་ཀྱི་སྒོ་ནས་དབྱེ་ན༔ རྒྱུ་འབྲས་ཡིད་ཆེས་པ་འཇིག་རྟེན་པའི་ལྟ་བ་ཡང་དག༔ བདེན་བཞིའི་སྟོང་བདག་མེད་མ་གཏོགས་༼ རྟོགས་དཔྱད། ༽གཞན་ཇི་བཞིན་ངེས་པས་ལྟ་བ་དང་༔ བླ་མ་ལ་སངས་རྒྱས་དངོས་སུ་ལྟ་བ་སོགས་མང་ངོ་༔ དོན་དམ་གྱི་ངོས་ནས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པར་མཐོང་བའི་ལྟ་བ༔ མཉམ་བཞག་ནམ་མཁའ་ལྟ་བུའི༔ རྗེས་ཐོབ་སྒྱུ་མ་ལྟ་བུའི་ལྟ་བ་ལ་སོགས་པ་ཤིན་ཏུ་མང་བས་རྒྱ་ཆུང་ཆུང་ཞིག་མིན་པའི་ཕྱིར་མེད་དགག་ཞིག་ཁོ་ན་མ་གཏོགས་ལྟ་བར་མི་རུང་སྙམ་པ་ནི་ཤིན་ཏུ་གླེན་པའི་སྟབས་འབའ་ཞིག་གོ༔
གཉིས་པ་སྔགས་ཀྱི་ལྟ་བ་བྱེ་བྲག་ཏུ་བཤད་ན༔ མཚན་ཉིད་པས་ཐེག་པ་དབུ་མ་ཆེན་པོའི་ལྟ་བ་སྟོང་ཉིད་མེད་དགག་ཙམ་ལས་མ་བསྟན་པས་དེ་ལ་ཐུགས་ཀྱི་ཞེན་པ་ཆེ་བ་རྣམས་ཀྱི་གསང་སྔགས་ཀྱང་དེ་དང་འདྲ་ དགོས་ཟེར་བ་ནི༔ ལྷག་པའི་བདེན་པ ་དབྱེར་མེད་ཀྱི་ཚིག་ཙམ་ཡང་མ་གོ་བ་ཡིན་གྱི་གཞན་དུ་གང་ལས་ལྷག་ན་མཚན་ཉིད་པའི་ལྟ་བ་ལས༔ གང་ལྷག་ན་སྔགས་ཀྱི་ལྟ་བ༔ གང་གིས་ན་མི་འགྱུར་བདེ་ཆེན་གྱི་རང་གདངས་ཀུན་རྫོབ་དག་པ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཟུང་དུ་འཇུག་པའི་མཉམ་པ་ཆེན་པོ་སྟོང་ཉིད་ཉི་ཤུའི་རང་བཞིན་ལ་རྣམ་པ་ཀུན་གྱི་མཆོག་ལྡན་པས་དོན་མཐོང་གིས་ཁྱད་པར་གྱི་འཕགས་པ་སྟེ༔ གཞི་དེ་དགག་བྱ་འཁོར་བའི་ཆོས་སམ་སྣང་ཞེན་རང་སོ་བ་འདི་ཉིད་མ་ཡིན་པར་དགག་པ་ཙམ་གྱི་ཤུགས་ལས་ཆོས་གཞན་འཕེན་པའི་སྟེང་དུ་དེའི་མཚན་ཉིད་ཀྱི་འདྲ་ཆོས་མཐུན་པར་སྦྱོར་བ་ཉིད་ལས་དཔེར་ན་དུང་གི་སེར་པོ་མེད་པར་དགག༔ དཀར་པོ་ཡིན་པར་བཤད༔ འོན་ཀྱང་སེར་པོར་སྣང་དུས་ཀྱང་རྣམ་པ་མ་དོར་ཙམ་པའི་དབྱིབས་སོགས་མཚུངས་ཆོས་ཡོད་པར་སྨྲས་པ་ལྟ་བུའོ༔ དེ་ལྟར་བདེ་ཆེན་དང་སྟོང་པ་ཉིད་ཟུང་འཇུག་གི་བདག་ཉིད་ཆེན་པོའི་ཡེ་ཤེས་ཆོས་སྐུ་རང་རིག་པས་མངོན་སུམ་དུ་མཐོང་བ་ནི་སྔགས་ཀྱི་ལྟ་བ་ཡིན་གྱི༔ སྤྲོས་བྲལ་མེད་རྐྱང་ཙམ་ཞིག་མིན་པར་ཤེས་དགོས༔ འོན་ཀྱང་མི་སྟོང་བ་ཞིག་གི་རྟགས་དངོས་ཀྱང་མེད་པས་དག་མཉམ་ཟུང་འཇུག་གོ༔ དེ་ཟུང་འཇུག་ཡིན་པའི་གནད་ཀྱིས་དག་ཆེན་མ་རྟོགས་ན་མཉམ་པ་ཉིད་ཀྱང་ཕྱོགས་གཅིག་གི་སྟོང་ཆད་ལ་ལྟུང་དུ་ཉེ་བའི་ཕྱིར༔ དག་ཆོས་འདིའང་དག་མཉམ་གཉིས་ཀའི་ཡིན་པར་གོར་མ་ཆགས་པ་ལས་ཡ་ཆར་བལྟ་བའང་སྔགས་ཀྱི་ཚུལ་དུ་མི་འགྲོ་ལ༔ མཐའ་དཔྱོད་མཐར་ཐུག་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་དང་༔ དོན་དཔྱོད་ཇི་ལྟ་བ་ཟུང་འཇུག་གི་མཐོང་བ་གནས་སྣང་མཐུན་པའི་ཡུལ་ཅན་ལ་དོན་དམ་པར་གསུངས་པའི་གནས་ཡོངས་སུ་གྱུར་པའི་ཚད་མ་དང་རྗེས་སུ་མཐུན་གྱི་གོ་མྱོང་རྟོགས་གསུམ་ནི་རྡོ་རྗེའི་ཐེག་པའི་ལྟ་བའི་ཚུལ་ཡིན་པས་མེད་དགག་རྐྱང་བར་བཞག་ཏུ་མེད་པའོ༔ ཤེས་བྱ་གཞི་ལྷག་པའི་བདེན་གཉིས་ཟུང་འཇུག་སྟེ་ཤེས་བྱེད་ཀྱི་མིག་ལྟ་བ་ཡིན་པའི་གནད་ཀྱི་ཀུན་རྫོབ་ལྟ་བས་དམིགས་ཡུལ་དུ་གྲུབ་ལ༔ དེའི་མ་ཡིན་དགག་གིས་སྟོང་ཉིད་དུ་ཡང་འགྱུར་ཏེ་ཐ་སྙད་རྣམ་དག་སྟོན་པའི་ཕྱིར་རོ༔
གསུམ་པ་དེ་རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ་ལ༔ སྤྱི་དང་བྱེ་བྲག་གཉིས་ལས༔ དང་པོ་ལ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་པའི་རིམ་པའི་སྒྲུབ་གཞི་ལྟར་བཤད༔ སྒྱུ་མ་ལུས་དཀྱིལ་གྱི་རིམ་པ་གཉིས་པས་སྒྲུབ་གཞིར་བཤད༔ དེ་དག་ཀུན་གྱི་འཆར་གཞི་གཉུག་མའི་མི་ཤིགས་པའི་ཐིག་ལེ་བཤད་པ་དང་གསུམ་ལས༔ དང་པོ་ནི༔ ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱི་ཁྱབ་ནས༔ ཕུང་པོ་ལྔ་རིགས་ལྔ༔ འབྱུང་བ་ལྔ་ཡུམ་ལྔ༔ རྡོ་རྗེའི་སྐྱེ་མཆེད་ཀྱི་ཁམས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་ལ་སོགས་པར་གནས་ཚུལ་གཞི་འབྲས་དབྱེར་མེད་ཆེན་པོ་ཉིད་དུ་གསུངས་པ་སྟེ༔ རྒྱུད་གསང་འདུས་ལས༔ མདོར་ན་ཕུང་པོ་ལྔ་རྣམས་ནི༔ སངས་རྒྱས་ལྔར་ནི་རབ་ཏུ་གྲགས༔ རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག༔ ས་ནི་སྤྱན་ཞེས་བྱ་བ་ཡིན༔ ཆུ་ཡི་ཁམས་ནི་མ་མ་ཀཱི༔ དཀར་དང་སྒྲོལ་མ་ཞེས་བྱ་བ༔ མེ་དང་རླུང་དུ་རབ་ཏུ་གྲགས༔ མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི༔ རྡོ་རྗེ་འཛིན་པའི་དེ་ཉིད་དོ༔ ཞེས་དང་༔ མདོར་ན་ཕུང་པོ་རྒྱལ་བ་ལྔ༔ དེ་བཞིན་གཤེགས་པ་ཐམས་ཅད་ཡིན༔ ཞེས་དང་༔གསང་སྙིང་ལས༔ རྡོ་རྗེ་ཕུང་པོའི་ཡན་ལག་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད༔ ས་ཆུ་སྤྱན་དང་མཱ་མ་ཀི༔ མེ་རུལ་གོས་དཀར་སྒྲོལ་མ་སྟེ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་༔ ཞེས་དང་༔ འཁོར་ལོ་སྡོམ་པའི་ངེས་བརྗོད་བླ་མའི་རྒྱུད་ལས༔ གཟུགས་ནི་རྣམ་པར་སྣང་མཛད་ཡིན༔ ཚོར་བ་རྡོ་རྗེ་ཉི་མ་ཡིན༔ འདུས་ཤེས་པདྨ་གར་དབང་ཡིན༔ འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ༔ རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན༔ བདེ་གཤེགས་ཀུན་ཉིད་ཧེ་རུ་ཀ༔ མིག་ནི་གཏི་མུག་རྡོ་རྗེའི་ཡིན༔ རྣ་བ་ཞེ་སྡང་རྡོ་རྗེའི་ཡིན༔ སྣ་ནི་སེར་སྣ་རྡོ་རྗེའི་ཡིན༔ ལྕེ་ནི་འདོད་ཆགས་རྡོ་རྗེའི་ཡིན༔ ལུས་ནི་ཕྲག་དོག་རྡོ་རྗེའི་ཡིན༔ སྐྱེ་མཆེད་དབང་ཕྱུག་རྡོ་རྗེའོ༔ ཞེས་དང་༔ སྡོམ་པ་འབྱུང་བ་ལས༔ ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི༔ ལུས་ནི་སྡུག་ཅིང་འཛིན་པ་སྟེ༔ ལུས་ནི་དབང་པོའི་རང་བཞིན་ཅན༔ འདི་དེ་སངས་རྒྱས་ཀུན་གྱི་དངོས༔ ཞེས་དང་༔ ཀློང་གསལ་ལས༔ ལུས་ཀྱི་ཁྱབ་ཚད་སེམས་ཅན་ལ༔ ཕུང་པོ་ལྔ་ནི་རིགས་ལྔའི་དངོས༔ ཞེས་འཁོར་བའི་ཆོས་རྣམ་པ་ཉི་ཤུ་པོ་ཡེ་ནས་མངོན་པར་སངས་རྒྱས་པའི་དཀྱིལ་འཁོར་ཕྱག་རྒྱའི་དོན་དུ་གནས་པ་ནི་སྒྲུབ་གཞི་ལ༔ བསྐྱེད་རིམ་ནི་སྒྲུབ་བྱེད་དོ༔
གཉིས་པ༔ མ་རྒྱུད་སངས་རྒྱས་ཐོད་པ་དང་རྡོ་རྗེ་བདུད་རྩི་ལ་སོགས་པ་སྤྱི་དང་༔ བྱེ་བྲག་ལུང་ཆེན་ནང་གི་མདོ་བདུན་སོགས་ཨ་ནུའི་བཀོལ་རྒྱུད་ཀྱི་གཙོའི་སྤྱི་འགང་འཁོར་ལོ་སྡོམ་ཆེན་གྱིས་ཁྲོལ་ན༔ དེའི་རྩ་བཤད་དག་དང་གཞན་ཡང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར་ལ་གནས་ཡུལ་ཡོངས་སུ་རྫོགས་པའི་བཀོད་པ༔ རྩ་ཁམས་རྣལ་འབྱོར་མ་དང་༔ ཐིག་ལེ་དཔའ་བོ་རྒྱ་མཚོའི་ གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་རྫོགས་ཚུལ་གསུངས་ཏེ༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ཧེ་རུ་ཀ་ལ་སོགས་པའི་ལྷ༔ རྩ་གཟུགས་མཛེས་པར་ཡང་དག་བྱུང་༔ གཞན་དུ་གང་ན་སངས་རྒྱས་མེད༔ ལུས་ལས་གཞན་དུ་སངས་རྒྱས་ཉིད༔ མི་ཤེས་པ་ཡི་སྒྲིབ་པར་འདོད༔ ཞེས་དང་༔ རྡོ་རྗེ་མཁའ་འགྲོ་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ལུས་འདི་སངས་རྒྱས་རང་བཞིན་སྐུ༔ ཆ་ཤས་བྱང་ཆུབ་ཡན་ལག་ལ༔ དེ་ཡི་བ་སྤུ་དགྲ་བཅོམ་པ༔ ཞེས་དང་༔ སྡོམ་འབྱུང་ལས༔ ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི༔ ལུས་ནི་སྡུག་ཅིང་འཛིན་པ་སྟེ༔ ལུས་ནི་སངས་རྒྱས་རང་བཞིན་ཅན༔ འདི་དེ་སངས་རྒྱས་ཀུན་དང་མཚུངས༔ ཞེས་དང་༔ ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ ཧེ་རུ་ཀ་ནི་ཕུང་པོ་ཉིད༔ ཕུང་པོ་ཡང་ནི་ཧེ་རུ་ཀ༔ ཁམས་ནི་རྡོ་རྗེ་དཔའ་བོ་སྟེ༔ རྡོ་རྗེ་དཔའ་མོ་ཁམས་ཉིད་དོ༔ སྐྱེ་མཆེད་ཡང་ནི་དེ་བཞིན་ཏེ༔ ལྷ་ཡི་ངོ་བོར་ཤེས་པར་བྱ༔ ཞེས་གསུངས་པའི་དག་གཞི་དང་དག་ཆོས་རྟེན་དང་བརྟེན་པའི་ཁྱད་པར་སོ་སོ་བ་མེད་པར་དགག་པའི་རྣམ་སྤྱིའམ༔ ཆོས་དབྱིངས་ཀུན་ནས་འགྲོ་བ་ཙམ་ལ་ཡོད་པ་མ་ཡིན་ལ༔ དེ་འཁོར་བའི་སྡུག་བསྔལ་རང་མཚན་ནས་ཀྱང་མིན་པའི་ཕྱིར་མ་ཡིན་དགག་གི་སྟོང་ཉིད་དང་༔ གཞན་གྱི་སྟོང་བ་ཞེས་སུ་བརྡ་དག་འབྱོར་བའོ༔ ཕྱི་མ་ནི་ལྷན་སྐྱེས་ཡེ་གསལ་གྱི་དཀྱིལ་འཁོར་དུ་གྲུབ་པ་དང་༔ དེ་ཉིད་སྒྲིབ་བྱེད་དྲོད་གཤེར་སྐྱེས་སྦྱོང་གི་ལུགས་སྔ་མ་རང་བཞིན་གཞིར་རྫོགས་གི་༼ ཀྱི་ ༽དཀྱིལ་འཁོར་གྱི་ཁྱད་པར་ཡོད་དོ༔
གསུམ་པ་དེ་ཀུན་གྱི་འཆར་གཞི་གཉུག་མ་མི་ཤིགས་པའི་ཐིག་ལེ་བཤད་པ་ནི༔ ཤིན་ཏུ་ཕྲ་བ་མི་ཤིགས་པའི་ཐིག་ལེ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་ཏེ༔ དེ་ལའང་རྩ་མི་ཤིགས་པའི་ཐིག་ལེ༔ རླུང་མི་ཤིགས་པའི་ཐིག་ལེ༔ ཁམས་མི་ཤིགས་པའི་ཐིག་ལེ་གསུམ་འདུ་འབྲལ་མེད་པར་གནས་པ་ཕྱི་ནང་གསང་གསུམ་དུ་འབྲེལ་བའི་རྩ་སྤྲུལ་སྐུ༔ རླུང་ལོངས་སྐུ༔ ཐིག་ལེ་ཆོས་སྐུའི་དགོངས་གཞི་མཐར་ཐུག་ཕྲ་བའི་སྒོ་གསུམ་ཞེས་ཀྱང་བྱ༔ ཡང་གཞན་རླུང་མི་ཤིགས་པའི་ཐིག་ལེ༔ ཁམས་དཀར་པོ་མི་ཤིགས་པའི་ཐིག་ལེ༔ དམར་པོ་མི་ཤིགས་པའི་ཐིག་ལེ༔ སེམས་མི་ཤིགས་པའི་ཐིག་ལེ༔ ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ལྔར་གསུངས་པའང་གོང་མ་གསུམ་པོ་ལ་འདུ་སྟེ་དེ་དག་ཐམས་ཅད་ཀྱི་ངོ་བོ་འོད་གསལ་གྱི་སེམས་སམ་ཡེ་ཤེས་ཡེ་རླུང་དང་འདུ་འབྲལ་མེད་པའི་རྩལ་ལས་གཞན་ཐམས་ཅད་ཤར་བའི་ཕྱིར༔ ངོ་ཤེས་ཤིང་རྟོགས་གོམས་ཀྱི་རྩལ་ཡོན་ཏན་དུ་ཤར་བའི་སངས་རྒྱས་ཀྱི་སྐུ་གསུམ་ཐུགས་བསམ་ཡས་ལྷུན་གྱིས་གྲུབ་པ་དང་༔ མ་རྟོགས་པས་འཁོར་བའི་ཁམས་གསུམ་སྒོ་གསུམ་སོགས་ཀྱི་འཁྲུལ་གཞི་བྱེད་ལ༔ དེ་ཀུན་གྱི་གནས་ལུགས་ཆོ༵ས་ཉིད༵་སྤྲོས༵་བྲལ༵་ཐིག༵་ལེ༵་ཆེན་པོར་ལྷུན་གྱིས་གྲུབ་པའི་ཕྱིར་རོ༔ འདིར་གཞན་དང་མི་འདྲ་བའི་རྩ་མི་ཤིགས་པའི་ཐིག་ལེ་ནི་རྫོགས་ཆེན་ནས་གསུངས་པའི་འོད་གསལ་གྱི་རྩ་སྟོང་བ་རང་གྲོལ་ལ་སོགས་ཡིན་ཏེ༔ དགོངས་གཞིར་འདུས་པའི་གཉུག་མའི་སྐུ་རྡོ་རྗེའི་ངོ་བོ་ཅན༔ དེ་ལ་གསང་ཐིག་གི་དངས་མའི་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ཟེར༔ གསང་འདུས་ལས་རྩ་རླུང་དབྱེར་མེད་ལས་བཟུང་སྟེ་འོད་ཟེར་ལྔ་བའི་རླུང་སྐུ་རྡོ་རྗེའི་སྒྲུབ་གཞི༔ དེའི་རང་གདངས་གསུངས་རྡོ་རྗེའི་སྒྲུབ་གཞི༔ ཐུགས་རྡོ་རྗེའི་སྒྲུབ་གཞི་སེམས་རྣམ་པར་དག་པ་ཕྲ་བ་གསུམ་དུ་གསུངས་ལ༔ རྩ་འདི་དཀར་ཆས་བསྐྱེད་པའི་རྩ་མི་ཤིགས་པའི་རླུང་དམར་ཆའི་ཡེ་ཤེས་སམ་སེམས་ལས་ཐིག་ལེ་མི་ཤིགས་པ་སྟེ་ཀུན་གྱི་གཞི་འམ་རྩ་བར་གྱུར་བས་ཏེ༔ དེ་དག་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་རང་ལ་གནས་པ་ཞེས་བྱ་བ་ཡིན་ཅིང་༔ དེ་ལྟ་ནའང་བསྡུ་ན་སེམས་ཆོས་སྐུ༔ རླུང་ཁམས་གཟུགས་སྐུའི་སྒྲུབ་གཞིར་ལྡན་པའི་སེམས་ལས་ཡེ་ཤེས་ཉེར་ལྔ་ལ་སོགས་པ་དང་དཀར་དམར་ལས་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པའི་ལྷ་ཞི་ཁྲོ་རིགས་བརྒྱ་དང་༔ རླུང་ལས་གསུང་ལྔའི་རྣམ་པ་ཐམས་ཅད་པ་འཆར་བའི་ཕྱིར་མི་ཤིགས་པའི་ཐིག་ལེ་སྙིང་ལ་གནས་པར་རྒྱུད་སྡེ་ཀུན་ནས་གསུངས་པའི་བསྒྲུབ་གཞི་ཤེས་བྱའི་རྒྱུད་དེ་ཚུལ་བཞིན་ངེས་པར་ལྟ་བ་ཡིན་པའི་ཕྱིར༔ མེད་པར་དགག་པའི་སྒྲུབ་གཞི་རྐྱང་བས་དེ་དག་བཞག་པར་མི་རུང་ལ༔ རགས་པའི་འདི་དག་མ་ཡིན་ཅིང་༔ དེ་དག་ལ་ལོག་སྣང་ཐག་སྦྲུལ་གྱི་རྣམ་པ་ལྟ་བུའི་བརྟགས་སྣང་རང་གའི་སྟོང་པའི་ཕྱིར་གཞན་སྟོང་ཙམ་གྱི་ཆོས་སུ་ཡང་མི་འགལ་བར་འབྲེལ་བ་དང་བཅས་པ་སྟེ༔ མངོན་བརྗོད་བླ་མ་ལས༔ རྟག་ཏུ་སྙིང་ལ་གནས་པ་ཡི༔ ཐིག་ལེ་གཅིག་ལ་འགྱུར་བ་མེད༔ ཞེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ སྙིང་གི་པདྨའི་སྦུབས་མཁའ་ལ༔ ཡེ་ཤེས་རྡོ་རྗེ་རྟག་པར་བཞུགས༔ གཙོ་བོ་ཆེན་པོ་མི་བསྐྱོད་པའི༔ འཇིག་རྟེན་ཁམས་ནི་དེ་ཡིན་ནོ༔ ཞེས་དང་༔ ལྷ་མོ་བཞིའི་ཞུས་པ་ལས༔ ཕྱེད་ཚད་ཙམ་གྱི་ཕྲ་མོས་མཆོག༔ ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས༔ རྟག་ཏུ་སྙིང་གི་དབུས་གནས་པ༔ འོད་ཟེར་ཆེན་པོ་འབར་བ་ཅན༔ ཞེས་དང་༔ བསྡུས་རྒྱུད་ལས༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་དུ་ཡང་དེ་བཞིན་ནོ༔ ཞེས་དང་༔ རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས༔ སྙིང་གི་དབུས་ན་མི་ཤིགས་པ༔ གསལ་ཞིང་མར་མེ་དག་དང་མཚུངས༔ མི་འགྱུར་མཆོག་ཏུ་ཕྲ་བ་སྟེ༔ ཨ་ནི་གཙོ་བོ་དམ་པའོ༔ ཞེས་སོ༔ དེས་ན་ཤིན་ཕྲའི་སེམས་ནི་སངས་རྒྱས༔ དེའི་བཞོན་པ་ཆོས༔ རྩ་དག་པ་དགེ་འདུན་གྱི་བསྒྲུབ་གཞིར་གནས་པའི་ཕྱིར་འདི་ལྟ་བུའི་ཐིག་ལེ་ཆེན་པོའི་འོད་གསལ་པའི་ལམ་སྣང་དུས་ཀྱི་འཁོར་ལོའི་སྟོང་གཟུགས་སོགས་ཡིན་པའི་ཕྱིར༔ རང་སྣང་ལོངས་སྐུའི་ཡོན་ཏན་ལྔ་ལྡན་གྱི་ཀུན་ཏུ་བཟང་བོ་གཞིའི་ཐིག་ལེ་ཞེས་བྱའོ༔ བསྐྱེད་རྫོགས་རྒྱུ་འོད་མཐར་ཐུག་པ་ཡང་དྭངས་མ་ལྔ་དང་ཡེ་ཤེས་ཆེན་པོ་འདུ་འབྲལ་མེད་པའི་ཐིག་ལེ་ཆེན་པོ་དེ་ཉིད་དོ༔
དོན་གཉིས་པ་བྱེ་བྲག་ཏུ་བཤད་པ་ལ༔ བཤད་པ་དངོས་དང་༔ དེ་ལ་ཐེ་ཚོམ་བསལ་བ་གཉིས་ཀྱི་དང་པོ་ནི༔ གསང་སྔགས་རྙིང་མ་བའི་སྒོས་རྒྱུད་ཁྱད་པར་བ་གསང་བ་སྙིང་པོའི་དབུར་འདྲེན་པའི་གཉིས་སུ་མེད་པའི་རྒྱུད་ཀྱཻ་ཡི་རྡོ་རྗེ་དུས་ཀྱི་འཁོར་ལོ་གཉིས་མེད་རྣམ་རྒྱལ་སོགས་ནས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཐིག་ལེ་དང་༔ ལྷན་སྐྱེས་ཀྱི་ཆོས་གསུམ་འདུ་འབྲལ་མེད་པའི་བདེ་ཆེན་དང་སུམ་བརྩེགས་ཀྱི་ཡེ་ཤེས་ཆེན་པོ་དང་བཅས་པར་གསུངས་པའི་ཕྱི་མ་དེ་ཉིད་ཀྱི་རྒྱན་དུ་བཀོད་པ་དེ་དང་༔ མདོ་བདུན་དུ་དབྱིངས་ཡེ་ངོ་མཉམ་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབས་པ་དང་༔ རྫོགས་ཆེན་གྱི་རྒྱུད་ལས༔ མཐའ་དཔྱོད་མཐར་ཐུག་གི་རྙེད་དོན་བྱང་ཆུབ་ཀྱི་སེམས་ལ་སྐུ་གསུང་ཐུགས་འབྲས་ཆོས་ཉེར་ལྔ་ཡོངས་སུ་རྫོགས་པར་ཤེས་པས་ཆོས་ཅན་ལྟ་བ་དོན་དཔྱོད་མཐར་ཐུག་གི་སྟོང་ཉིད་ཉི་ཤུའི་རང་བཞིན་ཅན་དང་མེད་པའི་རང་བཞིན་བཅུའི་ཚུལ་ཤེས་མཐོང་གི་ཆོས་ཉིད་ལྟ་བ༔ དེ་གཉིས་ཟུང་འཇུག་མཐའ་བྲལ་རྩོལ་བསྒྲུབ་ཀྱི་ཁ་ན་མེད་ཅིང་སྐྱོན་ཐམས་ཅད་ལས་འདས་པའི་ཕྱལ་བ་རང་བྱུང་གི་ཡེ་ཤེས་བདེན་གཅིག་སྲིད་ཞི་ཀུན་གྱི་སྲོག་དང་ཁྱབ་བདག་ཆེན་པོར་ཡེ་ཡོད་དང་པོའི་སངས་རྒྱས་སུ་གནས་པར་གསུངས་ཏེ༔ དུས་འཁོར་ལས༔ སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་གྱུར་གང་གི༔ འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ༔ དེའི་གཙོ་བོའི་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཁྱད་ཆོས་ཐེག་པར་བསྟན་པའོ༔ ཞེས་བདེ་ཆེན་ཡེ་ཤེས་སུ་ངོས་འཛིན་མཛད་པ་དང་༔ སེམས་ཅན་ཀུན་གྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ༔ ཞེས་དང་རྣལ་འབྱོར་མའི་རྒྱུད་ཀུན་ཏུ་སྤྱོད་པ་ལས༔ འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད༔ གར་མཁན་དང་འདྲ་རི་མོ་བཟང་ལྟར་སྣང་༔ གང་དུ་བདེ་ཆེན་ཡེ་ཤེས་གཅིག་པུ་ཉིད༔ གཅིག་པུའི་ཚུལ་གྱི་དུ་མའི་གར་མཛད་དོ༔ ཅེས་དང་ཡེ་ཤེས་གྲུབ་པ་ལས༔ སེམས་ཀྱི་དམ་པ་འོད་གསལ་བ༔ ཀུན་ཏུ་དང་པོའི་སངས་རྒྱས་ཏེ༔ སུས་ཀྱང་མ་བྱས་རང་བྱུང་བ༔ ཡེ་ཉིད་ནས་ནི་གནས་པའོ༔ ཞེས་དང་༔ སྡོམ་འབྱུང་ལས༔ སངས་རྒྱས་དེ་བཞིན་ཆོས་དགེ་འདུན༔ གཅིག་ཀྱང་གསུམ་དུ་སྣང་བའོ༔ ཞེས་སོགས་དང་༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ ཐོག་མ་མེད་བྱུང་ཆོས་སྙིང་པོ༔ གློ་བུར་དྲི་མའི་ཉོན་མོངས་གྱུར༔ ང་ནི་ཁོ་ན་ཆོས་ཆེན་པོ༔ ང་ནི་ཆོས་ཀྱི་སྙིང་པོར་བཤད༔ དེ་བས་ང་ནི་རྒྱལ་པོ་ཆེ༔ དག་པ་དེ་བཞིན་གཤེགས་སྙིང་པོ༔ སེམས་དཔའ་སྙིང་པོ་ཞེས་བྱར་བཤད༔ ང་ནི་དེ་བཞིན་གཤེགས་སྙིང་པོ༔ སེམས་ཅན་ཐམས་ཅད་བདག་དང་མཚུངས༔ ཞེས་དང་༔ བརྟགས་གཉིས་ལས༔ འདིར་ནི་ཡེ་ཤེས་ཆེན་པོ་ཉིད༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ གཉིས་དང་གཉིས་སུ་མེད་པའི་ཚུལ༔ དངོས་དང་དངོས་མེད་བདག་ཉིད་ཆེ༔ བརྟན་དང་གཡོ་བ་ཁྱབ་ནས་གནས༔ སྒྱུ་མའི་གཟུགས་ཅན་དག་ཏུའོ༔ ཞེས་དང་༔ དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག༔ དེ་ཉིད་ཡེ་ཤེས་དམ་པ་ཉིད༔ དེ་ཉིད་འགྲོ་བའི་བདག་ཉིད་དེ༔ དེ་ཉིད་ཐམས་ཅད་ཁྱབ་པ་པོ༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ དངོས་དང་དངོས་མེད་དེ་ལས་བྱུང་༔ ཞེས་དང་མངོན་བརྗོད་བླ་མ་ལས༔ དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག༔ དེ་ཉིད་མི་འགྱུར་དམ་པ་ཡིན༔ དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ༔ ལུས་ཅན་ཀུན་ལ་རྣམ་པར་གནས༔ དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ༔ ཧེ་རུ་ཀ་དཔལ་ཡིན་པར་བཤད༔ ཅེས་སོ༔ དེས་ན་དེ་དག་གི་འཁོར་བའི་སྡུག་ཀུན་མེད་པར་དགག་ནས་གློ་བུར་གྱི་དྲི་མ་ཡིན་ཞེས་ངོས་བཟུང་༔ དགག་བྱ་བཀག་ཤུལ་ཆོས་གཞན་འཕེན་པ་ཙམ་དུ་མ་ཟད་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་ངོས་བཟུང་༔ ཁྱད་པར་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་སྙིང་ལ་གནས་སོ་ཞེས་གསུངས་པ་འདི་འདྲ་མེད་པར་དགག་ལ་ཐ་སྙད་སྦྱོར་དོད་དང་ཆོས་ཐམས་ཅད་ལ་སྤྱི་ཁྱབ་གཅིག་པ་སྙིང་ལ་གནས་པའི་དོན་ཀྱང་མ་འབྲེལ་བ་དང་༔ གསང་སྙིང་ལས༔ རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ༔ བྱིན་གྱིས་བརླབས་དང་མངོན་སུམ་པ༔ རབ་ཏུ་རྟོག་པ་རྣམ་བཞི་ཡི༔ ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ༔ ཞེས་དང་༔ དེའི་རྒྱུད་གཞན་ལས་ཀྱང་རང་རིག་མངོན་སུམ་དམིགས་བྲལ་བ༔ རང་གསལ་གསུམ་བྲལ་མི་བསྒུལ་བ༔ ཞེས་སོགས་རྒྱས་པར་བསམ་གྱིས་མི་ཁྱབ་པ་དང་༔ རྔམས་གློག་ལས༔ ཐབས་ཡབ་དང་༔ ཤེས་རབ་ཡུམ་དང་༔ གཉིས་སུ་མེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཐིག་ལེ་དང་གསུམ་མོ་ཞེས་དང་༔ དགོངས་འདུས་ལས༔ ཀུན་ཏུ་བཟང་པོའི་ཡེ་ཤེས་འདི༔ སུས་ཀྱང་མ་བྱས་རང་བྱུང་སྟེ༔ ཐམས་ཅད་འབྱུང་བའི་རྩ་བས་ན༔ རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས༔ ཞེས་དང་༔ ཀུན་འདུས་རིག་པ་ལས༔ རང་བྱུང་རིག་པའི་སེམས་ཉིད་ཀྱི༔ རང་གི་སྙིང་པོ་འོད་གསལ་བ༔ ཀུན་གྱི་སྙིང་པོ་དེ་ཉིད་པས༔ ཅེས་ཀྱང་མི་བསྒྲིབ་ནམ་མཁའ་ཆེ༔ ཞེས་དང་ཁུ་བྱུག་རོལ་བ་ལས༔ རྟོག་མེད་རང་རིག་བྱང་ཆུབ་སེམས༔ སངས་རྒྱས་སེམས་ཅན་གཉིས་ཀྱི་དབྱིངས༔ རིག་དང་མ་རིག་གཉིས་ཁོ་ན༔ དག་དང་མ་དག་གཉིས་སུ་སྣང་༔ ཞེས་སོ༔ ཁྱད་པར་རྫོགས་ཆེན་གྱི་ངོ་བོ་རང་བཞིན་ཐུགས་རྗེ་སུམ་བརྩེགས་ཀྱི་ཡེ་ཤེས་སུ་ངང་དངས་རང་བཞིན་བདག་ཉིད་ཀ་དག་ལྷུན་གྲུབ་བརྒྱད་ལྡན་གྱི་གཞི་ངོས་བཟུང་མཛད་པ་ཉིད་ཡེ་ཡོད་ལྷུན་གྲུབ་ཀྱི་གཞི་ཞེས་བྱ་སྟེ༔ གསུམ་དང་བརྒྱད་ཀྱི་གཞི་ཅི་སྟེ་མེད་དགག་ལ་འཐད་པར་དཔྱད་དོ༔ རིག་པ་རང་ཤར་ལས༔ གོང་དུ་བཤད་པའི་རྒྱུད་ཆེན་པོ༔ རང་རིག་ཐབས་ཆེན་སྦྱོར་བ་ནི༔ གཅིག་ལས་དུ་མར་སྣང་བའོ༔ དུ་མ་རྟོགས་ན་གཅིག་གི་ངང་རིག་པའི་ཆོས་ཉིད་དབྱེ་བ་ནི༔ གཅིག་ལ་ཐམས་ཅད་རྫོགས་པའོ༔ ཉོན་མོངས་སྟོང་ཕྲག་བརྒྱད་ཅུའང་༔ གཅིག་མ་ཤེས་པས་བྱུང་བའོ༔ གཅིག་ནི་ངོ་བོ་སྟོང་པ་ལ༔ རང་བཞིན་གསལ་ཆ་མ་འགགས་པའོ༔ ཞེས་དང་༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན༔ ཞེས་པས་མདོར་བསྡུས་ནས༔ བསམ་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་ནི༔ རང་རང་ཙིཏྟའི་དཀྱིལ་ན་ཕོ་བྲང་འགྱུར་མེད་བཏབ༔ སྙིང་པོ་གསུམ་དང་ལྡན་པའི་ཆོས་ཀྱི་སྐུ༔ ཡེ་ཤེས་དོན་རྟོགས་ས་ལམ་བསྒྲོད་དུ་མེད༔ བརྗོད་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ༔ ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད༔ ཡིད་མེད་སེམས་མེད་མ་རིག་འཁྲུལ་བ་མེད༔ ཞེས་གཞན་སྟོང་དང་ཕྱོགས་མཐུན་པར་གསུངས༔ དེ་ཡང་ལུས་ལ་སྣང་ལུགས་ནི༔ རིག་པ་ཆོས་སྐུའི་ངོ་བོ་ཡིན༔ དེ་ལས་སྣང་བ་མ་འགགས་པ༔ ལོངས་སྤྱོད་རྫོགས་སྐུར་ཡང་དག་འདོད༔ དེ་ཕྱིར་སྐུ་གསུམ་ལུས་ལ་རྫོགས་༔ ཞེས་སོ༔
གཉིས་པ་དེའི་ཐེ་ཚོམ་བསལ་བ་ནི༔ ཁྲེགས་ཆོད་ཐོད་རྒལ་གཉིས་ལས༔ ཁྲེགས་ཆོད་ཀྱི་དབང་དུ་ངོ་རང་ཐོག་དུ་སྤྲད་པ་ཞེས་པ་ལས་སྤྱི་ཐོག་ཏུ་སྤྲད་པ་ཞེས་མ་བྱུང་བ་དང་༔ གལ་ཏེ་ཆོས་སྤྱི་ཁྱབ་ཞིག་གི་ཐོག་ཏུ་རང་ཐོག་ཏུ་སྤྲད་རྒྱུ་མི་འཐད་ན་ཅི་ཡིན༔ དེ་ལ་འདི་སྙམ་དུ༔ ཁ་ནང་དུ་བསྐོར་ནས་ཆོས་ཀུན་སེམས་སུ་རྟོགས༔ སེམས་སྟོང་ཉིད་སྤྲོས་བྲལ་དུ་རྟོགས་པ་དེ་ཉིད་རྫོགས་ཆེན་གྱི་ལྟ་བས་མཐོང་པ་ཡིན་ནོ་བ་ཞིག་འབྱུང་སྟེ༔ དེ་ལ་བཤད་ན་མདོ་ལས༔ དྲན་པ་ཉེར་བཞག་བཞིའི་སེམས་དྲན་ཉེར་དེའི་ཅི་ཉེས་ནས་ལྟ་བ་རྫོགས་ཆེན་དུ་མ་སོང་བ་དང་༔ རྣམ་རིག་པས་ཀྱང་སྣང་བ་སེམས་དུ་འདོད་པ་དག་ཡར་ལྡན་གྱི་དབུ་མ་པས་རྟོགས་པ་ཡོད་པ་དག་ལ་གཞལ་བར་གྱིས་ཤིག༔ ཁྱད་པར་དུ་ཡང་༔ གནས་པ་ངོ་བོ༔ འཕྲོ་བ་རྩལ༔ སེམས་རིག་དོན་གྱི་ཁྱད་འབྱེད་ལ་སོགས་པ་ཇི་ལྟར་ཆོས་ཉིད་ཀུན་ཏུ་འགྲོ་བ་དེ་ལ་འཐད་ཀྱང་དཔྱད་པར་རིགས་ལ༔ དེ་བཞིན་དུ་མེད་པར་དགག་པའི་རྣམ་གྲངས་པའི་སྟོང་ཉིད་ཙམ་ལའང་ཀླན་ནོ༔ དེས་ན་རང་རིག་ལྷུན་གྲུབ་ཆེན་པོ་ནི་ལྟ་བའི་ངོ་བོ་ཉིད་དུ་བཟུང་ནས༔ གནད་ཀྱི་ངོ་སྤྲོད་དྲུག་དང་དེ་ལ་མ་ལྟོས་པའི་ངོ་སྤྲོད་པ་བདུན་མཛད་པ་དང་༔ གཟེབ་བཅུ་བཅད་དེ༔ ང་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངེས་ཚིག་སོགས་བཤད་པ་དང་༔ ཡང་དམ་ཚིག་བཞི་ལས་ལྷུན་གྲུབ་དང་གཅིག་པར་བཤད་དེ༔ དེ་ལྟ་ན་གཞན་སྟོང་དུ་གསུངས་པ༔ མུ་ཏིག་ཕྲེང་བ་ལས༔ གཅིག་གྲོལ་ཡིན་པས་དུ་མ་སྟོངས༔ ཞེས་དང་༔ ལྟ་བས་དཔག་ཚུལ་ལས་བཟུང་སྟེ་རྩལ་རྫོགས་གི་༔ ༼ ཀྱི་དཔྱད། ༽དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ༔ གསང་སྔགས་གཅིག་ལ་འཁྱེར་སོ་དགུ༔ དེ་ཡང་རྣམ་པ་ཙམ་དུ་སྟེ༔ རིམ་པ་དགུ་ཡི་ངོ་བོ་ཡི༔ རང་བྱུང་ཡེ་ཤེས་དོན་མ་རྟོགས༔ ཞེས་དང་༔ ཀློང་དྲུག་ལས༔ མ་བཙལ་བཞག་པའི་མན་ངག་གིས༔ ཡེ་ཡོད་དང་པོའི་སངས་རྒྱས་རྙེད༔ ཅེས་དང་༔ཐིག་ལེ་ཀུན་གསལ་ལས༔ ཤེས་པ་དང་རིག་མཐུན་པའི་རང་བཞིན་གསལ་བའི་ཡེ་ཤེས༔ སྟོང་བ་ཡིན་པས་ནམ་མཁའ་སོགས་དང་རིགས་མཐུན་པར་བཞག་སྟེ་ངོ་བོ་སྟོང་པ་ཉིད་དུ་བཤད་དེ་སེལ་གཞིའམ་གཞན་གྱི་སྟོང་གཞིར་བཟུང་ནས༔ དེ་ལ་སྟོང་པའི་ཆོས་བསལ་བ་སྟེ༔ དེ་ལྟར་ན་མ་ཡིན་དགག་གི་མ་ཟད༔ གཞན་སྟོང་ལ་ཉེར་མཛད་ནས༔ གསལ་གཉིས་ཀྱི་རྒྱུད་ལས༔ རིག་པ་འདུག་པས་བེམ་པོ་སེལ༔ སྟོང་པར་འདུག་པས་དངོས་པོ་སེལ༔ གཉིས་མེད་ཡིན་པས་གཉིས་སྣང་སེལ༔ རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ༔ དག་པ་ཡིན་པས་དྲི་མ་སེལ༔ མེད་པས་ཡོད་པའི་ཆད་མཐའ་སེལ༔ ཡོད་པས་མེད་པའི་རྟག་མཐའ་སེལ༔ ལྷུན་གྲུབ་ཡིན་པས་རྟག་མཐའ་སེལ༔ ཀྱཻ༔ རྡོ་རྗེ་འཛིན་པ་ཉོན་ཅིག༔ ཡང་དག་པ་དོན་གྱི་གཞིའི་ཕྱི་མོ་ནི༔ རང་དང་རིགས་མཐུན་པ་ལས་ཀྱང་ལོག་སྟེ༔ རིག་པ་ཙམ་དུ་མཐུན་པའི་ཚོགས་བརྒྱད་ལས་གྲོལ་བའོ༔ ཞེས་སེལ་གཞིའང་གྲོལ་གཞིར་མཛད་པའོ༔ རང་ཤར་ཆེན་པོའི་རྒྱུད་ལས༔ སངས་རྒྱས་སེམས་ཅན་སྣང་བ་ཀུན༔ གཅིག་ཤེས་ནང་དུ་ཤེས་པར་བྱ༔ ཐམས་ཅད་ངོ་བོ་ཤེས་གྱུར་ན༔ ཡེ་ཤེས་དག་པའི་སྣང་བའོ༔ ཞེས་དང་༔ སྟོང་པ་ཉིད་ལ་མི་གནས་ན༔ རང་གི་བདེ་ཆེན་ས་ལ་གནས༔ སངས་རྒྱས་ཀུན་གྱི་རྗེ་བཙུན་ནི༔ རང་གི་རིག་པར་ཤེས་པར་བྱ༔ རང་སྣང་ཐབས་ཀྱི་རྒྱལ་པོ་འདི༔ ཀུན་ལ་ཡོད་དེ་རྟོགས་པ་མེད༔ ཞེས་དང་༔ མཐའ་ལ་ཐུག་པ་མེད་པའི་ཡེ་ཤེས་རང་ལ་ཡོད་པའོ༔ ཞེས་དང་༔ ཕྱག་རྡོར་དོན་བརྗོད་ལས༔ གསང་བ་རིག་པའི་སྒྲོན་མེ་ཉིད༔ ཀུན་ལ་ཡོད་དེ་རྟོགས་པ་མེད༔ བདག་གི་དོན་བརྗོད་དེ་བཞིན་ནོ༔ ཞེས་སོ༔ དེས་ན་སྐྱེ་བ་མེད་པ་ཙམ་རྟོགས་པས་རྫོགས་པ་ཆེན་པོའི་བདེན་པ་མཐོང་བར་མི་འགྱུར་ཏེ༔ འོ་ན་གང་ཞེ་ན་རང་རིག་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་དཀྱིལ་འཁོར་ཡང་དག་པར་ཤེས་པ་ལ་ཟེར་བས༔ རང་གྲོལ་ལས༔ སྐྱེ་མེད་རྟོགས་པའི་རྣལ་འབྱོར་ནི༔ ཡེ་ཤེས་མཐོང་བ་མ་ཡིན་ནོ༔ བདེན་པ་མཐོང་བའི་གང་ཟག་ནི༔ ཡང་དག་དཀྱིལ་འཁོར་ཤེས་པའོ༔ རིག་པ་ཤེས་པའི་གང་ཟག་ནི༔ ཡང་དག་དཀྱིལ་འཁོར་ཆེན་པོའོ༔ རྡོ་རྗེ་སེམས་དཔའི་ཆོས་ཉིད་འདི༔ མཐོང་བ་མཆོག་ཏུ་གྱུར་བ་ལས༔ གཞན་གྱིས་མཐོང་བ་ཡོད་རེ་ཀན༔ ཞེས་སྟོན་པས་བྲོ་ཐོན་ནོ༔ ཞེས་དང་༔ རྒྱུད་ལས༔ རྫོགས་ཆེན་ཨ་ཏི་ཡོ་ག་ལ༔ ལྟ་བར་འཛིན་པའི་ཆོས་ཉིད་མེད༔ ཅི་ཕྱིར་སྒྲོན་མ་ཡོད་པའི་ཕྱིར༔ གལ་ཏེ་ལྟ་བ་ཡོད་གྱུར་ན༔ རིག་པའི་སྒྲོན་མ་མེད་པར་འགྱུར༔ ཞེས་དང་༔ སེམས་དང་ཡེ་ཤེས་ཕྱེད་ནས་ཡེ་ཤེས་ལ་གཞི་ལམ་འབྲས་བུའི་སྲོག་བཟུང་བའི་ཕྱིར་ཡང་མེད་དགགས་སུ་མ་གསུང་བར་མངོན་ནོ༔ དེའི་ཕྱིར་རང་ཤར་ལས༔ གང་དག་སེམས་ལས་དོན་ཚོལ་བ༔ རིག་པའི་རྒྱལ་པོ་སྤང་བར་འགྱུར༔ ཞེས་གསུངས་པ༔ ཨེ་མ་ཧོ་རིན་ཆེན་བྱང་ཆུབ་སེམས༔ ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད༔ ཅེས་སོ༔ ཐུན་མོང་རྒྱུད་གསང་འདུས་ལས༔ རིན་ཆེན་སེམས་ལས་ཕྱིར་གྱུར་པའི༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ཞེས་དང་༔ ཡེ་ཤེས་གྲུབ་པ་ལས༔ སེམས་ཀྱི་དམ་པ་འོད་གསལ་བ༔ ཀུན་ཏུ་དང་པོའི་སངས་རྒྱས་ཏེ༔ སུས་ཀྱང་མ་བྱས་རང་བྱུང་བ༔ ཡེ་ཉིད་ནས་ནི་གནས་པའོ༔ ཞེས་ཡོད་དང་ཡིན་པའི་ངེས་ཚིག་འབའ་ཞིག་གིས་རྒྱན་པ་དང་༔ རྒྱུ་ལས་མ་བྱུང་བའི་འབྲས་བུ༔ སེམས་ལས་མ་བྱུང་བའི་སངས་རྒྱས་དག་གི་ཇི་འདྲ་ཞིག་སྟོན་བསམ་པས་མ་ཡིན་དགག་ལས་བྱོལ་ཐབས་མེད་དོ༔
གཉིས་པ་ཐོད་རྒལ་གཙོ་བོར་གྱུར་བའི་གཞི་ནི་ཐལ་འགྱུར་དང་༔ དུར་ཁྲོད་ཕུང་པོ་འབར་བའི་རྒྱུད༔ ཀློང་ཆེན་རབ་འབྱམས༔ ཀློང་གསལ་གསལ་གཉིས་དག་གི༔ གཞི་དང་༔ འཁྲུལ་ཚུལ༔ ཁྱབ་ཚུལ༔ གནས༔ ཡུལ་ལམ༔ སྒོ༔ ལམ་ལ་སོགས་པ་སོ་སོར་སེམས་དང་ཡེ་ཤེས་ལ་གསུངས་ནས༔ ངོ་བོ་སྐུར་བཞུགས༔ རང་བཞིན་འོད་དུ༔ ཐུགས་རྗེ་ཡེ་ཤེས་དང་འོད་ཀྱི་ཐིག་ལེར་བཞུགས་པར་བཤད་པ་དང༔ སྔར་མི་ཤིགས་པ་གསུམ་བཤད་པ་དང་དོན་གྱི་དབྱིངས་གཅིག་པ་སྟེ༔ དེས་ན་དེ་ངོ་སྤྲད་ཕྱིར༔ སྐུ་ནང་གསལ་བུམ་སྐུ་ལྟུ་བུ༔ འོད་བར་གསལ་བུམ་པའི་མར་མེ་ལྟ་བུ༔ ཐིག་ལེ་དང་ཡེ་ཤེས་ཕྱི་གསལ་ཁ་རྒྱན་ལས་གདངས་ཕྱི་ཤར་ལྟར་གནས་པ༔ དགོངས་ཀློང་ལྔ་དང་འབྲས་ཆོས་མཐའ་དག་གི་ངོ་བོ་ཅན་ཏེ་སྤྲོས་བྲལ་གྱིས་སངས་རྒྱས་མཛུབ་བཙུག་གི་ཚུལ་དུ༔ དབང་པོ་རྣོ་རྟུལ་མེད་པ་སོགས་ཁྱད་ཆོས་དྲུག་ལྡན་འོད་དང་ཡེ་ཤེས་ཀྱི་ངོ་སྤྲོད་ལ་སོགས༔ དཔེ་དོན་རྟགས་གསུམ་གྱི་སྒོ་ནས་ཉི་ཤུ་རྩ་གཅིག་གི་ཐབས་ངོ་སྤྲོད་སྤྲས་པའི་རྒྱུད་ལས་བཤད་པ་དང་༔ མུ་ཏིག་ཕྲེང་བ་ལས་མཚོན་བྱ་མཚོན་བྱེད༔ དོན་ཐབས་གཞི་སྙིང་པོའི་བཅུད་མེ་ཏོག་རང་བཞིན་གྱི་རྒྱུད་གསུངས་པ་ཐམས་ཅད་མེད་དགག་ལ་ཇི་ལྟར་རུང་བ་མེད་བཞིན་དུ་སྡང་ཞུགས་ཀྱི་དབང་གིས་རྟག་པར་ལྟ་བའི་ཕྱོགས་སུ་བརླན་པ་ནི་རང་གི་ཕ་ཆོས་དང་འགལ་བས་ཚེ་འདི་དང་ཕྱི་མར་སྡུག་བསྔལ་གླགས་མེད་པའི་རྒྱུར་རིག་པའི་ཉམ་ཉེས་ལས་བཟུང་ཕྱིར་བཤད་པ་འདི་ནི་མཆོག་ཏུ་གྱུར་པའོ༔ ཡང་མདོ་སྒྱུ་སེམས་གསུམ་ལས་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་གསུངས་པ་དང་༔ སངས་རྒྱས་རང་ཆས་པའི་རྒྱུད་དང་༔ སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བ་དང་༔ བུ་རྒྱུད་དང་༔ ཚིག་གསུམ་པ༔ བང་མཛོད་འཕྲུལ་ལྡེ་སོགས་ལས༔ སངས་རྒྱས་ཆོས་ཀྱི་སྐུ་ཡེ་ཤེས་སུམ་བརྩེགས་སུ་ཞི་བའི་ལྷ་ཚོགས་སྙིང་ན་བཞུགས་པ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་ཁྲོ་བོ་གླད་༼ ཀླད་དཔྱད། ༽པ་ན༔ ཐུགས་རྗེ་སྤྲུལ་བའི་སྐུ་གཞུངས་བ་ན༔ ཐིག་ལེ་རང་བྱུང་གི་སྐུ་རྩ་ཐམས་ཅད་ན༔ ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་ཀྱི་དཀྱིལ་ན་བཞུགས་ཚུལ་གསུངས་པ་ཀུན་ཀྱང་མེད་པར་དགག་པ་མིན་པའི་ཕྱིར་ལས་དེ་ལ་རྣམ་པར་དབྱེ་བ་དེ་ཚོ་ག་ལ་རུང་༔ འདི་ལྟ་བུའི་དཔང་ལུང་ནི་སྒྲོན་མ་གསལ་རྒྱན་དང་༔ ཨུ་པ་དེ་ཤ་དག་གིས་གསལ་བས་མ་སྤྲོས་སོ༔
མདོར་བསྡུས་ན༔ རང་ཤར་ལས༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ དེ་ཡང་ཙིཏྟའི་དཀྱིལ་འཁོར་ན༔ ཉུང་འབྲུའམ་ནི་ཏིལ་འབྲུ་ཙམ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་གནས༔ ཞེས་དང་༔ གཞན་ཡང་ཕྲ་བཀོད་ལས༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང་༔ ལྟ་བྱེད་མིག་གི་གཞལ་ཡས་དང་༔ དུང་ཁང་བྷནྡྷའི་གཞལ་ཡས་དང་༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ དེ་ཡང་ཇི་ལྟར་གནས་ཞེ་ན༔ ལ་ལ་དག་ན་སྐུ་རུ་བཞུགས༔ ལ་ལ་དག་ན་འོད་དུ་བཞུགས༔ གཅིག་ན་འོད་ཟེར་ཚུལ་དུ་གནས༔ ལ་ལ་དག་ན་ཐིག་ལེ་སྟེ༔ ཀུན་ལ་ལུ་གུ་རྒྱུད་དུ་གནས༔ ཞེས་སོགས་མང་ངོ་༔
དོན་གཉིས་པ་ལམ་གྱི་འཇུག་པ་ཡང་༔ གཞི་ལྷག་པའི་ཀུན་རྫོབ་ལ་ལམ་དུ་བྱེད་པའི་བསྐྱེད་རིམ་གྱི་འབྲས་བུ་དང་འདྲ་བ་དངོས་གང་རུང་དང་༔ རྫོགས་རིམ་པའི་ལྷ་སྐུ་དང་༔ སྣང་བཅས་རྩ་རླུང་ཐིག་ལེའི་རྫོགས་རིམ༔ རྫོགས་ཆེན་གྱི་སྐད་ཅིག་དྲན་རྫོགས་སྣང་བཅས་ཐོད་རྒལ་ཆོས་ཉིད་ཀྱི་རིག་གདངས་དངོས་ལམ་དུ་བྱེད་པ་ལ་སོགས་སྒྱུ་ལུས་ཀྱི་ཕྱོགས་ཐམས་ཅད་སྒྲུབ་གཞི་རང་བཞིན་ཀུན་རྫོབ༔ ཕྱག་རྒྱ་ལྷུན་གྲུབ༔ འོད་ཟེར་ལྔ་རླུང་༔ མི་ཤིགས་དཀར་དམར་སོགས་ཀྱི་ཉམས་སུ་ལེན་པ་དང་༔ སྣང་མེད་རྫོགས་རིམ༔ དེ་ཏིང་ནས་བཟུང་བའི་རིག་པ་སྤྱི་བླུགས་དང་༔ མཐོང་བས་རྗེས་འཇོག༔ གསང་ཤེར་གྱི་བདེ་བ་དང་༔ གཉིད་ཀྱི་རྣལ་འབྱོར༔ རྦ་རླབས་ཀྱི་བདེ་སྟོང་སོགས་ལས་བཟུང་པའི་སྟོང་བཞིའི་དྲངས་པའི་སྣང་བཞིའི་ངོ་བོའི་འོད་གསལ་ཉམས་སུ་ལེན་པ་དང་༔ དབང་བཞི་པའི་ཡེ་ཤེས་སམ་ཁྲེགས་ཆོད་ཀྱི་རིག་པ་རྐྱང་འདེད་དག་གི་མཚོན་ནས་འོད་གསལ་གྱི་ཕྱོགས་ཐམས་ཅད་ལྷག་པའི་དོན་དམ་ལམ་བྱེད་ཡིན་ལ༔ སེམས་མི་ཤིགས་པའི་ཐིག་ལེའི་རྣལ་འབྱོར་ཏེ༔ དེའི་ངོ་བོ་ཉིད་གྱི་རྒྱུ་འོད་ཟུང་འཇུག་མངོན་དུ་འགྱུར་རིམ་ལ་དཔག་ནས༔ བསྐྱེད་རྫོགས་ཁྲེགས་ཐོད་ཀྱང་ཟུང་འཇུག་གི་ཉམས་སུ་ལེན་པའོ༔ དེ་ལྟར་སྒྲུབ་གཞིའི་དཀྱིལ་འཁོར་དེ་དག་གི་ངོ་བོར་ཡེ་ནས་ཡོད་པ་ལ༔ ལྷ་ལ་ཐ་མལ་དུ་འཛིན་པའི་རྟོག་སྒྲིབ་བྱུང་ནས་འཁོར་བར་འཁྱམས་པ་ཉིད༔ འདིར་སྣོད་བཅུད་ཕྱི་ནང་ཐམས་ཅད་གཞན་ཡེ་ཤེས་དང་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་དང་༔ སྤྱི་བླུག་གི་འཇོག་པ་ན་གཞི་ལམ་མཐུན་པས་སྒྲུབ་པ་དང་དངོས་ལམ་བྱེད་འབྲས་བུ་བྲལ་དག་གི་རྒྱུར་འགྱུར་གྱི༔ གཞན་ནི་གཞི་སྟོང་ཉིད་དུ་ལྟ་བས་གཏན་ལ་ཕབ༔ ལམ་ཞལ་ཕྱག་དང་འོད་ཟེར་ཐིག་ལེའི་ཕྲ་མོ་བསྒོམ་པས་འབྲས་བུ་འདོད་པ་དག༔ ལྟ་བའི་དོན་དེ་བསྒོམ་བྱ་མིན་པས་ཤར་ནུབ་ལྟར་འཛོལ་བའི་ཕྱིར་མི་འཐད་པས་ཀྱང་མ་ཡིན་དགག་གི་སྐུ་དང་ཡེ་ཤེས་བདེན་གཉིས་ཟུང་འཇུག་གི་ཆ་ནས་ལམ་ཉམས་སུ་ལེན་པས་རྒྱུད་གསུམ་འབྲེལ་བ་དང་བཅས་པ་འབྱུང་ཞིང་འཐད་པར་མཐོང་བ་སྟེ༔ ཐམས་ཅད་གསང་བ་ལྷ་མོ་བཞིའི་ཞུས་པའི་རྒྱུད་ལས༔ ཕུང་པོ་ལ་སོགས་སངས་རྒྱས་ལྔའི༔ རང་བཞིན་མངོན་ཤེས་བཤད་པ་ཡིན༔ དངོས་ཏེ་ངེས་པར་བསྒོམ་པ་ཡིས༔ རང་སེམས་མཐུ་ཡིས་སངས་རྒྱས་འགྱུར༔ ཞེས་དང་གུར་ལས༔ དེ་ལྟ་བུའི་ལུས་གློ་བུར་གྱི་དྲི་མས་སྦགས་པ་དག་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱིས་སྐུའི་རྣམ་པར་བསྒོམ་པར་བགྱིད༔ ཞེས་གསུངས་པ་བཞིན་ནོ༔
དོན་གསུམ་པ་འབྲས་བུ་མངོན་གྱུར་གྱི་མ་ཡིན་དགག་གི་སྟོང་ཉིདམཐར་ཐུག་པའང་སྒྲུབ་གཞི་ཇི་བཞིན་མངོན་དུ་གྱུར་བ་ལས་འབྲས་བུ་འདུས་བྱས་སྨིན་འབྲས་སུ་མི་རུང་རྒྱན་གཉིས་དང་༔ ཆོས་ཉིད་དོན་གསལ་སོགས་ལས་བཤད་གྲུབ་ཀྱི་དོན་དུ་འཁོར་བའི་རྡུལ་ཤེས་ཀྱི་ཆོས་ལས་འདས་པའི་མཁའ་ཡི་རྡོ་རྗེ་ངོ་བོ་མངོན་དུ་གྱུར་པ་ཡིན་ནོ༔
དོན་བཞི་བ་དེ་ལ་དགོངས་ནས་བླ་མའི་མན་ངག་གིས་གབ་པ་མངོན་དུ་བྱུང་སྟེ༔ ཀུན་མཁྱེན་གྱིས་ཡིད་བཞིན་མཛོད་དུ༔ ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཞེས༔ དྲི་མས་སྒྲིབ་ཕྱིར་སྙིང་པོའི་ཁམས་དང་ནི༔ གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་ཞེས༔ མཐའ་གཉིས་གནས་སྤངས་དབུ་མའི་རང་བཞིན་ནོ༔ ཞེས་དང་༔ ཚུལ་འདི་མི་ཤེས་སྟོང་པ་བྱིང་ཆད་པ༔ ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་བརྗོད་ཀྱང་༔ བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན༔ བསྟན་པ་འདི་ལ་ཕྱི་རོལ་གྱུར་བ་སྟེ༔ ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པར་རུང་༔ ཞེས་དང་༔ འགྲེལ་བ་ལས༔ འཁོར་བའི་སྣང་བ་འདི་དག་དོན་ལ་མེད་ཀྱང་ད་ལྟ་སྣང་༔ སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པའི་ཆོས་ཡོད་ཀྱང་ད་ལྟ་མི་སྣང་སོགས་གསུངས་པ་ནི༔ དཔེ་དོན་སྙིང་པོའི་བསྟན་པའི་མདོ་བཞིན་རྒྱུད་བླ་མའི་འགྲེལ་བའི་ཚུལ་གྱིས་རྗེས་སུ་གསུངས་པ་དང་༔ རྒྱུད་ལས༔ ཡོད་དང་མེད་པའི་ཆོས་རྣམས་ཀུན༔ ཡོད་པས་ཡེ་ཤེས་དོན་ལ་སྣང་༔ མེད་པས་འཁོར་བའི་ཆོས་ལས་ཐར༔ ཐར་བ་ཉིད་ནས་ཡེ་ཤེས་མཐོང་བའི་དོན༔ དེ་ལས་འདས་ན་རིག་པ་མེད་པར་འགྱུར༔ ཞེས་དང་༔ ཀློང་ཆེན་ཆོས་ཀྱི་རྒྱལ་པོའི༔ སྣང་ན་ཆོས་ཉིད་གདལ་བ་སྣང་༔ སྟོང་ན་ཁམས་གསུམ་འཁོར་བ་སྟོང་༔ ཡོད་ན་སྐུ་དང་ཡེ་ཤེས་ཡོད༔ མེད་ན་ལས་དང་བག་ཆགས་མེད༔ ཅེས་སྔགས་ཀྱི་གཞི་རྒྱུད་སྤྱི་ཁྱབ་ནས་ཀྱང་གསུངས་ལ༔ ཡང་རྫོགས་ཆེན་གྱི་སྐབས་སུ་ཆོས་དབྱིངས་མཛོད་ལེའུ་བཅུ་གཅིག་པ་ལས༔ གང་ལའང་རིག་གེ་རྗེན་ནེ་བའི་ཆ་དེ་ཆོས་སྐུར་ངོ་སྤྲད་དོ་གསུངས་ཤིང་༔ མ་བསྒོམ་པའི་རིག་པ་ཟང་ཐལ་ནི་འདི་ལ་བཟླས་ཏེ༔ དེའི་ངོ་བོ་སྐྱེ་འགགས་གནས་གསུམ་དང་བྲལ་བ༔ སྨྲ་བསམ་བརྗོད་མེད་ཆེན་པོ༔ ཆོས་ཟད་མིང་མེད་ཆེན་པོ༔ དགེ་སྡིག་སྐྱོན་ཡོན་ལས་འདས་པ༔ ཐོག་མའི་ཀ་དག་ཆེན་པོ་ལ་སོགས་པར་ངོས་འཛིན་གྱི༔ སྟོང་ཆད་ནམ་མཁའ་དང་འདྲ་བར་མཚོན་པ་མ་ཡིན་ཞིང་༔ གཞན་དང་ངོ་སྤྲད་ཚུལ་མི་འདྲའོ༔ དབུ་མ་ལ་སོགས་ནས་གང་ཡང་མེད་པའི་ཆོས་ཉིད་ཆོས་སྤྱི་ལ་ཁྱབ་པ་ཞིག་ལ་དམིགས་རྩེ་གཏད་ནས་སྐྱེ་འགགས་མེད་པ་སོགས་སུ་འཇལ་ལ༔ སེམས་ཀློང་ཕལ་ལས་སྣང་ཤེས་ཐམས་ཅད་ཕྱམ་གཅིག་ཡོད་མ་མྱོང་མེད་མ་མྱོང་ལ་སོགས་པར་འཇལ་བས༔ སྤྱི་འབྱམས་གཤིས་ཤོར་གྱི་སྐྱོན་དང་གོལ་ས་ཆེའོ༔ འདི་ལ་ཐབས་གང་གིས་ཀྱང་མཚོན་དུ་ཡོད་ལ༔ ངོ་བོ་ཟང་ཐལ་རྗེན་ལ་བུད་པའི་སྤྲོས་བྲལ་ཉག་གཅིག་དུ་ཁ་འདུམ་སྟེ་སོགས་གསུངས་པ་དང་༔ མུ་ཏིག་ཕྲེང་ཆེན་གྱི་རྒྱུད་ལས༔ ཁྱབ་པ་གཉིས་སུ་གསུངས་པ་རིགས་གཉིས་སུ་བཞག་སྟེ་ངལ་བསོ་ལས་རྒྱས་འགྱུར་སྨིན་འབྲས་ལས་གཞན་བྲལ་འབྲས་སུ་གསུངས་པ་དང་༔ སངས་རྒྱས་དང་གྲུབ་ཐོབ་དགོངས་པའི་ཆུ་བོ་ཡེ་ཤེས་སུ་རོ་གཅིག་པའི་གནད་ལས་གཏེར་བདག་ཡབ་སྲས་ཀྱང་མ་ཡིན་དགག་གི་སྟོང་ཉིད་དུ་གསུངས་པའི་དོན་དེ་དང་གཞན་ཡང་ཡོད་པར་རིག་པར་བྱོས་ཤིག་གོ༔ ལར་དགོངས་མཐུན་གྱི་བཤད་གཞི་ཙམ་བཞག་ནས་དགག་དང་སྟོང་གཉིས་ལ་ཁྱད་མེད་དུ་བཞག་ཀྱང་མི་རུང་བ་ཆེར་མེད་དེ༔ ཤེས་བྱ་ལ་བདེན་གཉིས་ཀྱིས་ཁྱབ་པ་གང་ཞིག་སྣང་སྟོང་གི་ལྡོག་ཆ༔ རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་ཀྱི་བཞུགས་ཚུལ་སྔགས་ཀྱི་ལྷག་པའི་ཆོས་སྐུར་བཤད་པའི་གཞི་རྒྱུད་ལ༔ འཇལ་བྱེད་ཀྱི་ཚད་མའང་དོན་གྱི་ངོས་ནས་དཔྱོད་བྱེད་མཐར་ཐུག་ཇི་ལྟར་དང་༔ ཐ་སྙད་རྣམ་དག་གི་ངོས་ནས་དཔྱོད་བྱེད་ཀྱི་ཚད་མ་མཐར་ཐུག་ཇི་སྙེད་པའི་ཡེ་ཤེས་ཏེ༔ ཇི་ལྟའི་གཟིགས་ངོའམ་མཉམ་བཞག་གི་ཐད་ནས་རང་གཞན་ཀུན་གྱིས་སྟོང་བས་མེད་དགག་དང་༔ གཞན་པོ་དེའི་ཡུལ་རྗེས་སུ་ཐོབ་པར་མྱ་ངན་ལས་འདས་པའི་དག་སྣང་སྐུ་དང་ཡེ་ཤེས་སུ་ཤར་བ་ལས་འཁོར་བའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་སྟོང་བས་གཞན་སྟོང་ཙམ༔ ཟུང་འཇུག་གི་ཆ་ནས་བློས་མེད་པར་བཞག་པ་ལས་ཀྱང་འདས་པས་སྤྲོས་མཚན་གང་ཡང་མ་ཡིན་པས་རྣམ་གྲངས་མིན་པའི་དོན་དམ་ལ་མ་ཡིན་དགག་གི་བརྡའ་སྦྱར་བ་མ་དག་པའི་ཀུན་རྫོབ་རྣམ་པར་ཆད་པ་དང་༔ དཀོར་བདུན་ཀྱང་ངོ་བོ་ཉིད་མེད་པའི་ལྡོག་ལས་མེད་དགག་སུ་ཤེས་ན་འགལ་བ་མེད་པའི་སྟེང་འབྲེལ་བ་ངོ་མཚར་འདྲེན་ཀྱང་༔ སྒྲ་ཙམ་ལ་རྟོན་པ་ནི་རང་མཚངས་ཐེར་ལ་འབུད་པའི་རྒྱུར་ངེས་སོ༔ སྤྲོས་པ་གང་ཡང་མིན་པས་མ་ཡིན་དགག་དང་༔ གང་ཡང་མེད་པས་མེད་དགག་ཟེར་བ་ཙམ་ལ་ཁྱད་མེད་པས་ཀྱང་འཇའ་དཔལ་བརྩད་ནས་སྤྲང་དབྱུག་བཅག་ཟེར་བ་འདྲའོ༔ དེ་ལྟར་སངས་རྒྱས་ཀྱི་བཀའི་ཕྱོགས་རེ་རེ་ནས་བཤད་དེ་གཞན་དེའི་ནང་བསྡུད་པའི་པཎྜི་ཏའི་འགྲེལ་ཕྱོགས་སོགས་མ་ཤེས་ཤིང་གདོང་གཏད་ཀྱིས་ཚིག་ལ་སྤར་ཟིན་བྱས་ན་མི་བཟང་ངོ་༔ གཡག་ན་རེ་ང་ལ་ར་ཡོད་པས་མི་ལའང་ཡོད་དགོས་ཟེར་བ་དང་འདྲའོ༔ འོན་ཀྱང་མ་ཡིན་དགག་གི་ཤུལ་དུ་ཆོས་གཞན་འཕེན་སྙམ་ཀྱང་མི་འཕེན་ཀྱང་ཆོག་སྟེ༔ དབུ་མའི་ལྟ་བ་ནི་སྤྲོས་པའི་མཚན་མ་གང་ཡང་མ་ཡིན་ནོ༔ ཞེས་པ་དང་༔ མེད་དགག་གི་དབུ་མའི་ལྟ་བ་ནི་སྤྲོས་བྲལ་ལོ༔ ཞེས་པ་ལ་ཁྱད་མེད་ཅིང་༔ འཕེན་ན་སྤྲོས་བྲལ་ཞིག་ཀྱང་ཨེ་འཕེན་བརྗོད་༼ དབུ་མའི་གཏན་ཚིགས་དག་གིས་དཔྱད་ན་རྣམ་སྤྱིའི་སྤྲོས་བྲལ་གོ་བ་དེའང་ཚིག་གི་འཕེན་ཤུགས་ཀྱི་ཡིན་ པ་དང་། གཞན་དུ་གཏན་ཚིག་ལ་དགོས ་འབྲས་མེད་པའི་གླ་བརྡོལ་འདྲ་ཟེར་མི་སྤོབས་པས་སོ། མཆན། ༽དཀའོ༔ འོན་ཀྱང་འདིར་ནི་བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་འཕེན་པས་མ་ཟད་ཟག་མེད་ཆོས་ཁམས་རྫོགས་པའི་ལྡོག་སོ་སོ་བཤད་པའི་ཕྱིར་མ་ཡིན་དགགས་སུ་བཤད་པའོ༔
ལྔ་པ་དེ་ཉིད་མ་རྟོགས་པའི་ཉེས་དམིགས་ནི༔ འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རྒྱུ་ལ་ལྟོས་འཆའ་བའི་ཉེས་པས་རང་ཆས་ལྷུན་གྲུབ་ཏུ་མི་གྲོལ་བ་དང་༔ ལྟ་བསྒོམ་སྤྱོད་གསུམ་མ་འབྲེལ་པ་དང་འབྲས་བུ་རྒྱུ་ལས་བྱུང་བས་འཇིག་པའི་འདུས་བྱས་རྐྱེན་ཁ་ན་ཡོད་པར་བལྟ་བས་རང་གི་རྒྱུད་དང་བླ་མ་ཕ་ཆོས་ལ་ལོག་པར་བལྟ་བས་ཐར་མེད་སྡུག་བསྔལ་གྱིས་གདུང་བ་དག་གོ༔
དྲུག་པ་ཕན་ཡོན་ནི༔ གསངས་སྔགས་ཀྱི་ལྟ་བ་ཚུལ་བཞིན་རྟོགས་པས༔ བསྒོམ་པའི་འཇུག་ངོགས་ཤེས༔ སྒྲུབ་གཞི་རང་ལ་ཡོད་པས་འབྲས་བུ་བདེ་བླག་གིས་ཐོབ༔ འཇུག་པ་དོན་མཐུན་གྱི་ཚིག་གི་སྲ་མི་ཡས༔ སེང་གེའི་སྒྲ་བསྒྲགས་པས་གྲོང་ཁྱེར་ཕྱི་ཕྱག་གིས་ཕུལ༔ ཐུན་མོང་དུ་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་ཤེས་པས་སེམས་ཞུམ་དང་སེམས་ཅན་དམན་བརྙས་སོགས་མི་འབྱུང་བ་དང་༔ སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་དུ་འབྱམས་ཀླས་པས་འབད་རྩོལ་མེད་པར་གྲོལ་བའི་ དགོས་པ ་ཡོད་དོ༔ འདི་ལྟར་བརྩམས་པ་འདིའི་ཀྱང་ཕ་ཆོས་ལ་སྨྲེ་ངན་གླེང་བ་ཁེག༔ བླ་མ་བརྒྱུད་པ་ལ་ལོག་པར་བལྟ་བ་ཁེག་པ་སོགས་དང་རྒྱུད་ཀྱི་དགོངས་པ་ལོན༔ བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པས་མྱུར་དུ་མཆོག་ཐུན་དངོས་གྲུབ་མཐའ་དག་ཐོབ་པའོ༔ དེ་ལྟར་རྒྱུད་ལུང་མན་ངག་སྙིང་པོའི་དོན༔ ཁོང་སྙིང་བསྡེབས་ནས་གབ་པ་མངོན་བྱུང་ཞིང་༔ རོ་ནུས་བསྲེ་སྦྱོར་ཚད་པའི་སྨན་ཆེན་འདིས༔ འགྲོ་ཀུན་ཉེས་བརྒྱའི་གཅོང་ནད་ཞི་གྱུར་ཅིག༔ ཨོ་རྒྱན་མཁན་པོ་པདྨ་ཀ་ར་ང་༔ སྔར་ཞིག་བྱུང་ནས་ད་ལྟ་མེད་པ་མིན༔ དྲི་མེད་ཆོས་སྤྱན་ལྡན་པའི་བྱང་ཆུབ་སྲས༔ གཏེར་རིགས་བྱེ་བ་བཅོ་བརྒྱད་དག་དང་སྤྲོད༔ ད་དུང་སྲིད་འགྲོའི་གནས་ཁམས་མ་སྟོངས་པར༔ རྗེས་སུ་བཟུང་བའི་ཐབས་དང་ཚུལ་གར་མཁྱེན༔ བཞིན་ལས་ཇི་ལྟར་འཚམས་པའི་འཁོར་ལོ་ནི༔ རྒྱལ་ཆེན་བླ་ན་མེད་པ་བསྐོར་བར་འགྱུར༔ རིན་ཆེན་སྒྲོམ་བུ་བསྟན་པའི་སྲོག་ཤིང་མནོག༔ སྲས་གྱུར་དགོངས་པ་བསྟན་པའི་བཙས་ཀྱི་ཚུལ༔ གང་དུ་ལུས་ལ་གཏེར་འཆང་མི་བཞིན་དུ༔ གནས་པའི་ས་ཕྱོགས་དེ་ཡང་དཀར་པོའི་གླིང་༔ ནམ་མཁའ་འཇིགས་མེད་ཁྱོད་ལ་གཏད་དོ་རྒྱ༔ ཕྲིན་ལས་མཐའ་ཡས་འགྲོ་ཁམས་དོང་སྤྲུགས་ཤོག༔ ཨེ་མ་ཧོ་ཡེ་ངོ་མཚར་འཕྲུལ་གྱིས་བྲིས༔ འདི་ཡི་ཀློང་ན་དེ་འདྲ་བརྒྱ་ཕྲག་གནས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ། །དགེའོ། །དགེའོ། །སརྦ་མངྒལཾ། །