(༡)ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།། །།
(༢)ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར་ཞེས་བྱ་བ། བླ་མ་དང་སེམས་ཀྱི་རྡོ་རྗེ་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་སྤྲོས་དང་བྲལ་ཡང་གཟུགས་སྐུའི་སྤྲོས་པ་ཅི་ཡང་སྟོན། །བརྗོད་བྲལ་ཚིག་གི་སྒྲ་ལས་འདས་ཀྱང་གཞོམ་མེད་རང་སྒྲའི་དབྱངས་སྙན་འཆར། །བདག་གཞན་གཉིས་སྣང་མཚན་མས་དག་ཀྱང་ཐུགས་རྗེའི་མཚན་མ་ཕན་བདེའི་གཞི། །དངོས་མེད་དངོས་པོ་ཀུན་
(༣)གྱི་ཁྱབ་བདག་རྡོ་རྗེ་འཆང་དངོས་ལ་ཕྱག་འཚལ། །ཞིང་ཁམས་ཀུན་ཏུ་སྣ་ཚོགས་སྤྲུལ་པས་སྒྱུ་མའི་རྣམ་རོལ་སྟོན་པའི་སྐུ། །གདུལ་བྱའི་སྣང་ངོར་རང་རང་སྐད་ཀྱིས་ཐེག་གསུམ་ཆོས་ཚུལ་སྒྲོག་པའི་གསུང་། །དམིགས་མེད་བརྩེ་ཆེན་ཀུན་ལ་སྙེམས་པས་འགྲོ་བ་ཡོངས་ལ་འཁྱུད་པའི་ཐུགས། །གསང་གསུམ་མངའ་བ་སྐལ་བཟང་གཉེན་གཅིག་མཚུངས་མེད་སྟོན་པ་དེ་ལ་འདུད། །གང་གི་ཐུགས་རྗེའི་ཆ་ཙམ་ཞུགས་ཀྱང་དྲང་ངེས་གཞུང་བརྒྱའི་
(༤)དོན་འབྱེད་ཅིང་། །ཇི་བཞིན་འཆད་རྩོད་རྩོམ་པའི་ཚེ་ན་འཇིགས་བྲལ་བློ་གྲོས་ཐོགས་མེད་སྩོལ། །ཕལ་གྱི་ལྐོག་གྱུར་ཟབ་མོའི་དེ་ཉིད་མངོན་སུམ་བདེ་བླག་རྟོགས་མཛད་པ། །ལྷ་མཆོག་རྗེ་བཙུན་གཏུམ་པོར་འདུད་དོ་སླར་ཡང་སྤོབས་པ་མཆོག་སྦྱིན་མཛོད། །ཟབ་གསལ་གཉུག་མའི་དེ་ཉིད་མངོན་གྱུར་སྒྲོ་བཏགས་ཆོས་ཀུན་རྫུན་དུ་གཟིགས། །དབྱིངས་རིག་དབྱེར་མེད་མཁའ་འདྲའི་ངོ་བོར་གཞི་ལམ་འབྲས་བུ་མ་ལུས་རྫོགས། །ནམ་མཁའི་སྐུ་ཅན་མདའ་བསྣུན་ཀླུ་སྒྲུབ་ཤ་ཝ་རི་དང་ཏཻ་ལོ་པ། །མཱ་རོ་མཻ་ཏྲི་མར་པ་མི་ལའི་མཚན་ཅན་རྣམས་ལའང་གུས་པས་འདུད། །རྒྱལ་བ་ཉིད་ལས་སྔོན་བྱང་ཆུབ་ཀྱང་རྒྱལ་སྲས་ཟླ་འོད་གཞོན་ནུའི་ཚུལ། །གངས་ཅན་འགྲོ་ལ་བརྩེ་བས་གར་བསྒྱུར་དགེ་སློང་འཚོ་བྱེད་ཅེས་བྱ་
(༥)བར། །རྒྱལ་བས་ལུང་བསྟན་སྙིགས་མའི་དུས་འདིར་ངེས་དོན་ཆོས་སྒྲ་ཆེར་སྒྲོག་པ། །སྒམ་པོ་པ་ཞེས་ས་གསུམ་ཡོངས་གྲགས་སྟོན་པ་གཉིས་པ་དེ་ལ་འདིད། །ཁ་བ་ཅན་འདིར་མཁས་བཙུན་ཕལ་དང་གསང་སྔགས་གྲུབ་པར་རློམ་རྣམས་ཀྱིས། །རྟོག་གེས་དཔྱད་ཅིང་མྱོང་པས་བསྒྲུབས་ཀྱང་ཕྱོགས་རེ་ཙམ་ལས་མ་གྲུབ་པའི། །སེམས་ཀྱི་གནས་ལུགས་རང་ཞལ་གཟིགས་ནས་ཚེགས་མེད་གཞན་ལའང་སྟོན་མཁས་པ། །དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་རྣམས་ལ་གུས་པས་འདུད་དོ་བྱིན་གྱིས་རློབས། །དེ་ཡི་ཆོས་ཚུལ་ཕྱག་རྒྱ་ཆེན་པོ་ཞེས། །ཐ་སྙད་རྫུན་གྱི་འཕྲུལ་འཁོར་ཞི་བྱེད་ཅིང་། །བློས་བྱས་མྱོང་རིག་སྣ་ཚོགས་སུན་འབྱིན་པའི། །ལམ་འདི་
(༦)མདོ་རྒྱུད་ཀུན་གྱི་ངེས་དོན་ནོ། །གཞན་དག་ཐ་སྙད་སྨིག་རྒྱུའི་ཆུ་བོ་སྙེག །ལ་ལ་ཀུན་རྟོག་གཟུགས་ཀྱི་རྣམ་འགྱུར་བལྟ། །འགའ་ཞིག་ཉམས་མྱོང་ནམ་མཁའི་འཇའ་ལ་ཞེན། །ཚུལ་དེ་མྱུར་དུ་རྣམ་གྲོལ་འདོད་པས་མིན། །དྲང་ངེས་གསུང་རབ་མང་དུ་ཐོས་པ་དང་། །དེ་དོན་ལེགས་པར་བསམ་ཞིང་དཔྱད་བྱས་ཀྱང་། །ཡང་དག་དོན་ལ་སྒོམ་པ་མ་བྱས་ན། །གྲོལ་བ་ཐོབ་ལ་རིང་བ་བཞིན་དུ་འགྱུར། །ཁ་ཅིག་དེང་སང་སྒོམ་པའི་དུས་མིན་ཞེས། །རང་གཞན་སྒྱིད་ལུག་བྱེད་པ་ལོག་སྨྲའི་གཏམ། །རྣ་བར་མི་བཟུང་ཡིད་ཀྱིས་བརྒྱང་བསྲིངས་པའི། །སྐལ་ལྡན་རྣམས་ནི་སྒོམ་པ་ལྷུར་ལེན་རིགས། །མདོ་སྔགས་གཞུང་དོན་ཆ་ཤས་ཡོངས་རྫོགས་ནས། །གནས་ལུགས་དོན་གྱི་རི་དྭགས་གཟུགས་ངོམ་པ། །ལེགས་བཤད་ཟླ་བའི་འོད་ཟེར་དེང་འདིར་སྤྲོ། །མི་ཤེས་མུན་པར་འཁྱམས་རྣམས་ཡིད་བདེར་གྱིས། །དོན་ཆེན་སྒྲུབ་ལ་རྒྱབ་ཀྱིས་མི་ཕྱོགས་ཤིང་། །ལོག་ལྟའི་གྲུབ་མཐས་གཟིངས་པར་མ་གྱུར་པར། །ཡང་དག་དོན་ལ་སྒོམ་སྒྲུབ་བྱེད་འདོད་
(༧)པའི། །སྐལ་བཟང་རྣམ་དཔྱོད་ལྡན་རྣམས་གུས་པས་ཉོན།། ༈ །།དེ་ལ་འདིར་རང་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས། དེས་གསུངས་པའི་དམ་པའི་ཆོས་མཐའ་དག་ཉམས་སུ་ལེན་པའི་ཚུལ་ནི་ཆོས་སྤྱོད་བཅུར་གྲགས་པ་དག་ཡིན་ལ། དེའི་ཡང་གཙོ་བོར་གྱུར་ཅིང་མཐར་ཐུག་པའི་འཇུག་ཡུལ་ནི་ཡང་དག་པའི་དོན་སྒོམ་པ་ཁོ་ནར་གསུངས་པས། དེའི་སྒོམ་རིམ་རྣམས་འདིར་བཤད་པར་བྱ་བ་ལས། དེང་སང་གི་ཐོས་བསམ་པ་ཕལ་ཆེར་ཉམས་ལེན་གྱི་ཚུལ་ལ་མི་བྱང་ཞིང་། ཉམས་ལེན་པ་འགའ་ཞིག་ཀྱང་སྒོམ་རིམ་གྱི་གནད་ལ་བློ་རྩིང་བ་ལྟར་མཐོང་བས། རང་ལ་ཡིད་རྟོན་པ་དག་ལ་ཕན་པར་བྱ་བའི་ཕྱིར་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་འཆད་ཅིང་། དེ་ཡང་ཐ་སྙད་ཀྱི་བརྡ་དང་སྡེབས་སྦྱོར་གཙོ་བོར་བྱས་ན་ཕལ་གྱིས་ཅུང་ཟད་གོ་དཀའ་བར་དོགས་པས་གོ་བདེའི་ཚུལ་དུ་བཤད་པར་བྱའོ།། ༈ །།དེ་ལ། སེམས་དོན་སྒོམ་དགོས་
(༨)པའི་རྒྱུ་མཚན་དང་། ཏིང་ངེ་འཛིན་གྱི་སྒོམ་རིམ་ཉིད་བཤད་པ་གཉིས་ལས། དང་པོ་ལ། ཆོས་ཐམས་ཅད་སེམས་སུ་བསྟན་པ། སེམས་དོན་མ་བསྒོམས་པའི་སྐྱོན། བསྒོམས་པའི་ཡོན་ཏན་གསུམ་གྱི། དང་པོ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་དང་། སཾ་བུ་ཊི་ལས། །ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བརྟགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཞེས་དང་། རི་ཁྲོད་དབང་ཕྱུག་གིས། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་ཡིན་ན་ཕྱི་རོལ་དུ་གཟུང་བའི་ཡུལ་གཟུགས་སྒྲ་ལ་
(༩)སོགས་པའི་དངོས་པོར་སྣང་བ་འདི་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་རང་གིས་རང་གི་གནས་ལུགས་མ་རིག་པར་ཐོག་མ་མེད་པ་ནས་བདག་གཞན་གཉིས་སུ་སྣང་བར་གྱུར་ཅིང་། དེར་འཛིན་པའི་རྟོག་པས་བག་ཆགས་བསགས་པས་འཁྲུལ་ངོར་ཕྱི་རོལ་གྱི་དོན་དུ་སྣང་བ་སྟེ། ལང་གཤེགས་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། སཾ་ཊིར། ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །ཞེས་སོ། །དེ་ཡང་དཔེར་ན་རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ལས་ས་རྡོའི་གཟུགས་སུ་འགྱུར་བ་ལྟར། སེམས་འཁྲུལ་པའི་བག་ཆགས་བརྟས་པ་ལས་ཕྱི་རོལ་གྱི་དངོས་པོ་སྲ་མཁྲེགས་སོགས་སུ་སྣང་བ་སྟེ། ས་ར་ཧས། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། །འཇམ་པའི་
(༡༠)ཆུ་ཡང་རྡོ་ཡི་གཟུགས་སུ་འགྲོ། །རྟོག་པས་དཀྲུགས་པས་རྨོངས་པ་གཟུགས་མེད་ལ། །ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་གྱུར། །ཞེས་པ་ལྟར་རོ། །འོ་ན་སེམས་ཉིད་འཁོར་འདས་སུ་འགྱུར་ཚུལ་ཇི་ལྟ་བུ་སྙམ་ན། སེམས་འཁྲུལ་ནས་གཟུང་འཛིན་གྱི་རང་བཞིན་མ་ཤེས་པར་རྨོངས་པར་འཁོར་བ་དང་། དེ་ལས་བཟློག་པས་མྱང་འདས་སུ་འགྱུར་ཏེ། བརྟག་གཉིས་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱང་ངན་འདས་པར་འགྱུར། །ཞེས་དང་། སཾ་ཊིར། ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པ་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་
(༡༡)གསུངས། །ཞེས་དང་། ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་སོ། །དེ་ལྟར་ན་སྐྱོན་ཡོན་ཐམས་ཅད་ཀྱི་རྩ་བ་སེམས་ཀྱིས་བྱས་པའམ། སེམས་ཀྱི་རྒྱུ་ལས་བྱུང་བའམ། སེམས་ལས་ཤར་བ་ཡིན་ཏེ། ལང་གཤེགས་ལས། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡོད་པ་མིན་པར་སྣང་བ་ལྟར། །སེམས་ཀྱི་སྣང་བར་མ་ཤེས་པར། །རྣམ་པར་རྟོག་པ་གཉིས་སུ་སྐྱེ། །རྣམ་རྟོག་བག་ཆགས་འབྲེལ་བ་ཡིས། །སྣ་ཚོགས་སེམས་ལས་བྱུང་བ་ཡི། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་ཤར། །ལུས་ལ་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་དང་། ཕལ་པོ་ཆེར། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོས་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སེམས་ཀྱིས་བྲིས། །ཞེས་དང་། དཀོན་
(༡༢)མཆོག་སྤྲིན་ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བ་འམ་ནི་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱི་མེ་བཞིན་བསྲེག །སེམས་ནི་ཆུ་ཆེན་བཞིན་དུ་བསྐྱེད། །ཅེས་དང་། གུར་ལས། ཐོག་མ་མེད་པའི་སྲིད་གྱུར་ནས། །ཕྱི་རོལ་དོན་དུ་བརྟགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་དང་། སེམས་ལས་ཕྱི་རོལ་གྱུར་མེད་དེ། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་འདི་ཁོ་ན་སྣང་བ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། ཡང་དག་པའི་དོན་མ་བསྒོམས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་དམ་པའི་ཆོས་ལ་ཚིག་ཙམ་གྱི་ཐོས་བསམ་ལ་སོགས་པ་ཅི་བྱས་ཀྱང་གནས་སྐབས་ཀྱི་འབྲས་བུ་ཙམ་ལས། མཐར་ཐུག་པའི་རྣམ་གྲོལ་མི་ཐོབ་པར་དཔེ་དུ་མའི་སྒོ་ནས་གསུངས་ཏེ། སྡོང་པོ་བཀོད་
(༡༣)པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ནི་བཀྲེས་པས་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བོ་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མི་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འདྲིར་བཅུག་ཀྱང་། །བདག་
(༡༤)ཉིད་ཀྱིས་ནི་མི་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་གཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པར་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་ལྟར་རོ། །ཡང་མ་བསྒོམས་ན་སེམས་ཉོན་མོངས་ཀྱི་དབང་དུ་ཡོངས་ནས་ངན་འགྲོར་ལྟུང་སྟེ། རྣམ་པར་རོལ་པའི་མདོ་ལས། སེམས་ཀྱི་རང་བཞིན་མ་རྟོགས་ན་སེམས་རྣམ་པར་རྟོག་པའི་ཁ་ཐབས་སུ་སོང་བས་ཁམས་གསུམ་དུ་འཁོར་ཞིང་རྒྱུ་དྲུག་ཏུ་འཁྱམས་པ་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང་། གང་གི་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མི་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམ། །ཞེས་སོ། །ཡང་བསམ་གཏན་མ་བསྒོམས་
(༡༥)ན་ཤེས་རབ་མི་སྐྱེ། དེ་མ་སྐྱེས་ན་བྱང་ཆུབ་མི་ཐོབ་སྟེ། བཤེས་སྤྲིང་ལས། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །ཅེས་སོ། །དེས་ན་ཚུལ་ཁྲིམས་ལ་གནས་པ་དང་ཐོས་བསམ་བྱེད་པ་རྣམས་ཀྱང་མཐར་སྒོམ་པ་ལ་སྦྱོར་བའི་ཕྱིར་ཡིན་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། །གསུམ་པ་ནི། ཡང་དག་པའི་དོན་བསྒོམས་པའི་བསོད་ནམས་ནི་དཔག་ཏུ་མེད་དེ། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་པས། གང་གིས་སེ་གོལ་ཏོག་པ་ཙམ་ཞིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམས་པ་པས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་འབྲལ་བར་
(༡༦)བྱེད་པའི་ཕྱིར་རོ། །ཞེས་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐངས་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་སོ། །གཞན་ཡང་ཏིང་ངེ་འཛིན་བསྒོམས་པས་འདོད་ཡོན་ལ་ཞེན་པ་བཟློག་པ་དང་། ཐེ་ཚོམ་གྱི་གནས་རྣམས་གཅོད་པ་དང་། མངོན་ཤེས་དང་ཏིང་ངེ་འཛིན་འཆང་བ་དང་། སྙིང་རྗེ་ཆེན་པོ་སྐྱེ་ཞིང་ཡང་དག་པའི་དོན་མཐོང་བ་དང་། གདུལ་བྱ་བྱང་ཆུབ་ལ་འགོད་ནུས་པ་སོགས་ཀྱི་ཡོན་ཏན་མང་དུ་གསུངས་ཏེ། མདོ་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོག །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་སྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་དང་། །ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་
(༡༧)ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོར་འཇུག་གོ །ཞེས་དང་། མདོ་སྡེ་རྒྱན་ལས། བསམ་གཏན་གྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་པ་ལྟར་རོ། །གཉིས་པ་ལ། ཐུན་མོང་པའི་ཏིང་ངེ་འཛིན་གྱི་རྣམ་གཞག་མདོར་བསྡུས་ཏེ་བསྟན་པ་དང་། ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་རྒྱས་པར་ཕྱེ་ནས་བཤད་པ་གཉིས་ལས། དང་པོ་ལ། ཏིང་ངེ་འཛིན་སྤྱིའི་སྡུད་བྱེད་ངོས་བཟུང་ཞིང་དོགས་པ་གཅོད་པ་དང་། ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་བཤད་པ་གཉིས་ཀྱི། དང་པོ་ནི། ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་སྒྲུབ་ཚུལ་ཅི་རིགས་པ་ནི་གར་ཡང་བཤད་ཀྱང་། དེང་སང་ཡོངས་སུ་གྲགས་པའི་ཏིང་ངེ་འཛིན་གྱི་རྣམ་དབྱེ་སྟོན་བྱེད་ལ་མདོ་ཕྱོགས་ཀྱི་གཞུང་རྣམས་གསལ་བར་སྣང་ཞིང་། དེ་ཡང་དགོངས་པ་དེས་འགྲེལ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་མདོ་དུ་མ་དང་། བྱམས་ཆོས་དང་། ཐོགས་མེད་ཀྱི་ས་སྡེ་རྣམས་དང་། མངོན་པ་ཀུན་ལས་བཏུས་དང་། དེ་དག་གི་དོན་བསྡུས་པ་ཤན་ཏི་པའི་ཤེར་ཕྱིན་
(༡༨)གྱི་མན་ངག་དང་། ཀ་མ་ལ་ཤི་ལའི་དབུ་མའི་སྒོམ་རིམ་གསུམ་ལ་སོགས་པ་གྲགས་ཆེ་ཞིང་གསལ་བར་སྣང་བས། ཏིང་ངེ་འཛིན་སྤྱིའི་དོན་རྣམས་དེ་དག་ཏུ་གསུངས་པ་ལྟར་བཤད་པར་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་སྡུད་བྱེད་ནི། མདོ་དགོངས་འགྲེལ་ལས། ངས་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་དང་། སྒོམ་རིམ་བར་པ་ལས། དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། ཞེས་ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་བཤད་དེ། དཔེར་ན་ལྗོན་ཤིང་ལ་ཡལ་འདབ་སོགས་ཇི་སྙེད་ཅིག་ཡོད་ཀྱང་ཐམས་ཅད་སྡོང་པོའི་རྩ་བ་ལ་འདུ་བ་ལྟར་རོ། །འོ་ན་ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་ལ་དམིགས་བཅས་དང་དམིགས་མེད་
(༡༩)ཀྱི་རྣམ་གྲངས་དུ་མ་ཡོད་པ་དང་། སྔགས་ཕྱོགས་ལ་མཚན་བཅས་དང་མཚན་མེད་སྣ་ཚོགས་ཡོད་པ་དང་། ཕྱག་རྒྱ་ཆེན་པོ་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དུ་མ་ཞིག་འཆར་བ་རྣམས་ཞི་ལྷག་གཉིས་ཀྱི་ཁོངས་སུ་ཇི་ལྟར་སྡུད་སྙམ་ན། དམིགས་བཅས་དམིགས་མེད་དང་མཚན་བཅས་མཚན་མེད་གང་ཡིན་ཀྱང་རུང་སྟེ། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཇུག་པ་ཡིན་ཞི་གནས་དང་ཕྱོགས་མཐུན་ཞིང་། དེའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་དང་ཕྱོགས་མཐུན་ལ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལའང་། བློ་མཐོ་དམན་རང་རང་གི་སྒོམ་དོན་ལ་སེམས་མ་ཡེངས་པ་ཞི་གནས་དང་། དེའི་དོན་འབྱེད་ཅིང་རིག་པ་ལྷག་མཐོང་གི་ཕྱོགས་སུ་འགྱུར་རོ། །དེ་ལྟར་ན་ཐམས་ཅད་ཞི་ལྷག་གི་ཁོངས་སུ་འདུས་པ་ཡིན་ཏེ། ཐེག་ཆེན་ལ་དད་པ་སྒོམ་པའི་མདོ་ལས། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལས་འབྱུང་བ་
(༢༠)གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི། རྣམ་པར་མ་གཡེངས་པའི་སེམས་ཀྱི་དོན་དང་། ཆོས་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ། །ཞེས་སོ། །དེ་ཡང་རྣམ་པར་མ་གཡེངས་པའི་སེམས་ནི་དམིགས་པ་ལ་རྩེ་གཅིག་པའི་སེམས་དང་། ཆོས་ཡང་དག་པར་བསམས་པ་ནི་དོན་སོ་སོར་རྟོག་ཅིང་འབྱེད་པའི་སེམས་ཡིན་ནོ། །དེས་ན་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དམིགས་པ་ལ་སེམས་རྩེ་གཅིག་པ་དང་། དོན་སོ་སོར་འབྱེད་པའི་ཤེས་རབ་གཉིས་ཟུང་དུ་འབྲེལ་བས་བསྒྲུབ་པར་བྱ་དགོས་ཏེ། སྒོམ་རིམ་ཐ་མ་ལས། དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐ་དད་པ་ཚད་མེད་པ་དཔག་ཏུ་མེད་པ་ལ་སོགས་པ་བསྟན་དུ་ཟིན་ཀྱང་། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱབ་པས་ན། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་ཉིད་བརྗོད་པར་བྱའོ། །ཞེས་སོ།། ༈ །།གཉིས་པ་ལ། ཞི་
(༢༡)ལྷག་ཐུན་མོང་གི་རྣམ་གཞག་དང་། ཞི་ལྷག་སོ་སོའི་སྒོམ་རིམ་གཉིས་ལས། དང་པོ་ལ། ཞི་ལྷག་གི་རྒྱུ་བསྟན་པ། ཞི་ལྷག་གི་སྒྲིབ་པ་སྤང་པ། ཞི་ལྷག་གི་ངོ་བོ་ངོས་བཟུང་བ། ཞི་ལྷག་གི་དབྱེ་བ་བསྟན་པ། ཞི་ལྷག་གི་གོ་རིམ་ལ་དཔྱད་པ། ཞི་ལྷག་ཟུང་འཇུག་ཏུ་སྒོམ་ཚུལ། ཞི་ལྷག་གི་འབྲས་བུ་བཤད་པ་དང་བདུན་གྱི། དང་པོ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་རྒྱུ་གང་ལགས། བྱམས་པ། ཚུལ་ཁྲིམས་རྣམས་པར་དག་པའི་རྒྱུ་ལས་བྱུང་ངོ་། །ཐོས་པ་དང་བསམ་པའི་ལྟ་བ་རྣམ་པར་དག་པའི་རྒྱུའོ། །ཞེས་གསུངས་ལ། རྗེ་སྒམ་པོ་པས་ཀྱང་རྒྱུ་དེ་ལྟར་བཤད་ཅིང་གཞན་ཡང་། ཞི་གནས་ནི་བླ་མའི་བྱིན་རླབས་དང་རྟེན་འབྲེལ་དང་ཚོགས་བསགས་པ་དང་སྒྲིབ་པ་སྦྱངས་པ་ལས་སྐྱེ་བར་བཤད་དེ། དེ་ནི་ལྷག་མཐོང་ལའང་འདྲ་བར་མངོན་ནོ། །སྒོམ་རིམ་བར་པར། མཐུན་པའི་ཡུལ་ན་གནས་པ། འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་མང་པོ་སྤང་བ། ཚུལ་ཁྲིམས་རྣམ་པར་
(༢༢)དག་པ། རྣམ་རྟོག་ཡོངས་སུ་སྤོང་བ་དྲུག་ཞི་གནས་ཀྱི་རྒྱུ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ། མང་དུ་ཐོས་པ་བཙལ་བ། ཚུལ་བཞིན་དུ་སེམས་པ་གསུམ་ལྷག་མཐོང་གི་རྒྱུར་བཤད་པ་ལས། མཐུན་པའི་ཡུལ་ན་གནས་པ་ནི། ཟས་གོས་སོགས་ཚེགས་ཆུང་ངུས་རྙེད་པས་ལེགས་པར་རྙེད་པ་དང་། དགྲ་དང་གཅན་ཟན་སོགས་ཀྱི་སྐྱེ་བོ་མི་སྲུན་པ་མི་གནས་པས་གནས་བཟང་བ་དང་། ནད་མི་བསྐྱེད་པའི་ས་ཡིན་པས་ས་བཟང་བ་དང་། ཚུལ་ཁྲིམས་དང་ལྟ་བ་མཚུངས་པའི་གྲོགས་དང་ལྡན་པས་གྲོགས་བཟང་བ་དང་། ཉིན་མོ་སྐྱེ་བོ་མང་པོ་མེད་ཅིང་མཚན་མོ་སྒྲ་ཆུང་བས་ཡིད་བདེ་བ་རྣམས་ཏེ། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་པ་ལྟར་རོ། །འདོད་པ་ཆུང་བ་ནི། ཟས་གོས་ལ་སོགས་པ་བཟང་པོའམ་མང་དུ་འདོད་པའི་ཆགས་པ་མེད་པའོ། །ཆོག་ཤེས་པ་ནི། ཟས་གོས་སོགས་ངན་ངོན་
(༢༣)ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་ཡོད་པའོ། །བྱ་བ་མང་པོ་ཡོངས་སུ་སྤང་པ་ནི། ཉོ་ཚོང་ལ་སོགས་པའི་བྱ་བ་ངན་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲིས་བཤེས་ཧ་ཅང་ཆེ་བར་བྱེད་པ་དང་། སྨན་བྱེད་པ་དང་སྐར་མ་བརྩི་བ་སོགས་སྤངས་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། སོ་ཐར་དང་བྱང་སེམས་སོགས་ཀྱི་སྡོམ་པ་ལ་ཇི་ལྟར་གསུངས་པའི་བསླབ་པའི་གཞི་བསྲུང་ཞིང་། གལ་ཏེ་བག་མེད་པས་རལ་ནའང་འགྱོད་པས་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་པའོ། །འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤང་བ་ནི། འདོད་པ་རྣམས་ལ་ཚེ་འདི་དང་ཕྱི་མའི་ཉེས་དམིགས་བསྒོམས་ནས་སམ་འཁོར་བའི་དངོས་པོ་ཡིད་དུ་འོང་མི་འོང་ཐམས་ཅད་ལ་མི་རྟག་པ་དང་མྱུར་དུ་དེ་དག་དང་འབྲལ་བ་སོགས་བསྒོམས་ལ་འདོད་པའི་རྣམ་རྟོག་ཐམས་ཅད་སྤང་པའོ། །སྐྱེས་བུ་དམ་པ་ལ་བརྟེན་པ་ནི། ཐོས་བསམ་སྒོམ་གསུམ་གྱི་གནད་ཕྱིན་ཅི་མ་ལོག་པ་མཁྱེན་ཅིང་ཞི་ལྷག་གི་རྟོགས་པ་དང་ལྡན་པའི་དགེ་བའི་
(༢༤)བཤེས་གཉེན་ལ་བརྟེན་པའོ། །མང་དུ་ཐོས་པ་བཙལ་བ་ནི། ངེས་དོན་དྲི་མ་མེད་པའི་གསུང་རབས་ཉན་ནས་ཐོས་པའི་ཤེས་རབ་བསྐྱེད་པ་སྟེ། ཐ་སྙད་དང་དྲང་དོན་ཐོས་པས་ནི་མ་ཡིན་ནོ། །ཚུལ་བཞིན་སེམས་པ་ནི། ངེས་དོན་ཐོས་པའི་དོན་ཡིད་ལ་སེམས་ཤིང་རྗེས་སུ་དཔགས་པས་ཕྱིན་ཅི་མ་ལོག་པའི་ལྟ་བ་དོན་སྤྱིའི་ཚུལ་དུ་བསྐྱེད་པའོ། །གཉིས་པ་ཞི་ལྷག་གི་སྒྲིབ་པ་སྤང་བ་ལ། སྒྲིབ་པ་ངོས་བཟུང་བ་དང་། དེ་སྤོང་བྱེད་ཀྱི་གཉེན་པོ་བཤད་པ་གཉིས་ཀྱི། དང་པོ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་སྒྲིབ་པ་ལྔ་པོ་གང་དག་ལགས་པ་དེ་དག་ལས། དུ་ནི་ཞི་གནས་ཀྱི་སྒྲིབ་པ་ལགས། དུ་ནི་ལྷག་མཐོང་གི་སྒྲིབ་པ་ལགས། དུ་ནི་གཉིས་ཀའི་སྒྲིབ་པ་ལགས། བྱམས་པ། རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉིས་ཀའི་སྒྲིབ་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་རྒོད་པ་ནི། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་
(༢༥)སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་བཤད་དེ། ཡུལ་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་ལ་དམིགས་ནས། དེ་ལ་སྲེད་པའི་རྣམ་པས་ཕྱིར་ལ་འཕྲོ་ཞིང་སེམས་གནས་པའི་བར་དུ་གཅོད་པའོ། །འགྱོད་པ་ནི། དེ་ཉིད་དུ། བསམས་པ་དང་མ་བསམས་པའི་བྱ་བ་དང་བྱ་བ་མ་ཡིན་པ་གང་ཡིན་པ་ལ་བརྟེན་ནས། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། མདུས་དང་དུས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པ་ལ་སེམས་ཀྱིས་ཡིད་ལ་བཅགས་པ་གཏི་མུག་གི་ཆར་གཏོགས་པ་སྟེ། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་བཤད་དེ། བྱ་བ་ཡིན་མིན་གང་ཡང་རུང་བ་ལ་བརྟེན་ནས། དེ་ཉིད་རིགས་པའམ་མི་རིགས་པའི་སེམས་ཡིད་ལ་ཡང་དང་ཡང་དུ་ཐུ་རེ་བཅགས་པས་སེམས་གནས་སུ་མི་འཛུད་པའོ། །རྨུགས་པ་ནི། དེ་ཉིད་དུ། རྨུགས་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་
(༢༦)པ་སེམས་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཞེས་དང་། མཛོད་འགྲེལ་དུ་རྨུགས་པ་གང་ཞེ་ན། ལུས་ལྕི་བ་ཉིད་དང་སེམས་ལྕི་བ་ཉིད་དེ་ལུས་ལས་སུ་མི་རུང་བ་ཉིད་དང་སེམས་ལས་སུ་མི་རུང་བ་ཉིད་གང་ཡིན་པའོ། །ཞེས་བཤད་དེ། རྨོངས་ནས་ལུས་སེམས་གཉིས་ཀ་ལྕི་ཞིང་བཀོལ་དུ་མི་བཏུབ་པའོ། །འདིར་བྱིང་རྨུགས་ཕྱོགས་མཐུན་པ་ལ་དགོངས་ནས་བྱིང་བ་ཟུར་དུ་མ་གསུངས་ཀྱང་། སྒོམ་རིམ་བར་པ་ལ། གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པར་རིག་པར་བྱའོ། །ཞེས་བཤད་དེ། ལུས་སེམས་ཉོགས་ནས་དམིགས་པའི་གསལ་ཆ་ལྷོད་པར་གྱུར་པ་ཞིག་སྟེ། རྨུགས་པ་དང་ཅུང་ཟད་མི་འདྲའོ། །གཉིད་ནི། དེ་ཉིད་དུ། གཉིད་གང་ཞེ་ན། གཉིད་ཀྱི་རྒྱུ་ལ་བརྟེན་ནས། དགེ་བ་དང་མི་
(༢༧)དགེ་བ་དང་ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པ་ལ་སེམས་བསྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་བཤད་དེ། གཉིད་ཀྱི་རྒྱུ་ལ་བརྟེན་ནས་ཡུལ་གང་ཡང་རུང་བ་ལ་འཇུག་ཤེས་རྣམས་སྡུད་ཅིང་དམིགས་པ་ཤོར་བར་བྱེད་པའོ། །ཐེ་ཚོམ་ནི། དེ་ཉིད་དུ། ཐེ་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་བཤད་དེ། ཀུན་རྫོབ་སོགས་ཀྱི་བདེན་གཉིས་སམ། སྡུག་བསྔལ་སོགས་ཀྱི་བདེན་བཞི་ལ་ཐེ་ཚོམ་ཟ་བ་སྟེ། འདིར་ནི་བསྒྲུབ་བྱའི་དོན་ལ་ཡིན་མིན་དང་འགྲུབ་མི་འགྲུབ་སོགས་ཀྱི་ཚོམ་པས་འཇུག་ཏུ་མི་འདོད་པའོ། །འདོད་པ་ལ་འདུན་པ་ནི། འདོད་པའི་དངོས་པོ་གང་ཅི་ཡང་རུང་བ་ལ་ཐོབ་འདོད་ཀྱི་སྲེད་པས་ཡིད་འཇུག་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་ཁྲོ་བའམ་ཕྲག་དོག་པའི་བསམ་
(༢༨)པས་དེ་ལ་འཚེ་བར་རྩོམ་པའི་སེམས་སོ། །ཞི་ལྷག་གི་བར་དུ་གཅོད་པ་གཞན་ཡང་། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཞུགས་པས། རྣམ་པ་དུ་དག་གིས་སེམས་རྣམ་པར་གཡེང་བ་ཡོངས་སུ་འཚལ་བར་བགྱི་ལགས། བཀའ་སྩལ་བ་བྱམས་པ། རྣམ་པ་ལྔས་ཏེ། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་དང་། ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་དང་། ནང་དུ་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱི་རྣམ་པར་གཡེང་བས་སོ། །ཞེས་རྣམ་གཡེང་ལྔ་གསུངས་ཤིང་། དེའི་ངོས་འཛིན་ཡང་། དེ་ཉིད་དུ། བྱམས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་རབ་ཏུ་ལྟུང་ན། དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་། འདུ་འཛི་དང་མཚན་མ་དང་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་ཕྱི་རོལ་གྱི་
(༢༩)དམིགས་པ་རྣམས་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན། དེ་ནི་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་འགྱུར་ན། དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས། ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན། དེ་ནི་མཚན་མའི་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ། གནས་ངན་ལེན་གྱི་ཚོགས་ཀྱིས་ངའོ་སྙམ་དུ་རློམ་སེམས་སུ་བྱེད་ན། དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་ནོ། །ཞེས་སོ། །ཡང་དབུས་མཐའ་རྣམ་འབྱེད་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་ལེ་ལོ་དང་། བརྗེད་ངེས་དང་། བྱིང་རྒོད་དང་། མི་རྩོམ་པ་དང་
(༣༠)འདུ་བྱེད་སེམས་པ་སྟེ་ཉེས་པ་ལྔའམ། བྱིང་རྒོད་སོ་སོར་བགྲངས་ན་དྲུག་ཞི་གནས་ཀྱི་གེགས་སུ་གསུངས་ཏེ། ལྷ་མཐོང་ལའང་མཚུངས་སོ། །དེ་ལ་ལེ་ལོ་ནི། སྨད་པ་དང་སྙོམ་ལས་དང་སྒྱིད་ལུག་པ་གང་ཡང་རུང་སྟེ་ཡིད་ལད་ཅན་དུ་སོང་ནས་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་པ་ཤོར་བ་དང་། བརྗེད་ངེས་ནི། སྒྲུབ་བྱའི་དམིགས་པ་མ་དྲན་པར་དོར་ནས་ཡིད་གཞན་དུ་ཡེངས་པ་དང་། བྱིང་རྒོད་ནི། གོང་དུ་བཤད་པ་ལྟར་རོ། །མི་རྩོལ་བ་ནི། བྱིང་རྒོད་སྤོང་བ་ལ་ཡིད་མངོན་པར་འདུ་མི་བྱེད་པར་ཡིད་དལ་དུ་ལུས་པ་དང་། འདུ་བྱེད་སེམས་པ་ནི། བྱིང་རྒོད་ཞི་ནས་ཀྱང་སེམས་རྣལ་དུ་མི་འབེབས་པར་དམིགས་པ་ལ་རྩོལ་བ་རྣམས་སུ་བཤད་དོ། །གཉིས་པ་ལ། སྒྲིབ་པའི་གཉེན་པོ་སྤྱིར་བཤད་པ་དང་། བྱིང་རྒོད་འགོག་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། གོང་དུ་བཤད་པའི་སྒྲིབ་པ་ཐམས་ཅད་ལ་སོ་སོའི་གཉེན་པོ་གསལ་ཁ་གསུངས་པ་མི་སྣང་ཡང་། ཕལ་ཆེར་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་འདུ་བས་དེ་འགོག་
(༣༡)ཚུལ་ལས་ཤུགས་ཀྱིས་ཤེས་པར་འགྱུར་ལ། འོན་ཀྱང་རྒོད་པ་ལ་མི་རྟག་པར་སྒོམས་ནས་ཡིད་ཞུམ་པར་བྱེད་པ་དང་། འགྱོད་པ་ལ་དེའི་ཡུལ་ཡིད་ལ་མི་བྱ་བ་དང་། རྨུགས་པ་ལ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་དང་། བྱིང་བ་ལ་གཟེངས་བསྟོད་པ་དང་། གཉིད་ལ་སྣང་བའི་འདུ་ཤེས་བསྐྱེད་པ་དང་། ཐེ་ཚོམ་ལ་ཡིད་རྩེ་གཅིག་ཏུ་དབབ་པ་དང་། འདོད་འདུན་ལ་འདོད་ཡོན་གྱི་ཉེས་པ་དང་ཆོག་ཤེས་བསམ་པ་དང་། གནོད་སེམས་ལ་བྱམས་པ་དང་གཞན་ཕན་གྱི་བློ་བསྐྱེད་པ་རྣམས་གནད་དུ་ཆེ་ལ། དེ་བཞིན་དུ་རྣམ་གཡེང་ལྔ་ལའང་དེ་དག་གི་རིགས་པས་ཤེས་པར་བྱའོ། །དབུས་མཐའ་རྣམ་འབྱེད་ལས་ནི། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །ཅེས་གོང་གི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བཤད་དེ། དེ་ཡང་ལེ་ལོའི་གཉེན་པོར་དད་པ་དང་འདུན་པ་དང་རྩོལ་བ་དང་ཤིན་སྦྱངས་བཞི། བརྗེད་ངེས་ཀྱི་གཉེན་པོར་དྲན་པ། བྱིང་རྒོད་ཀྱི་གཉེན་པོར་དེ་རྟོགས་པའི་ཤེས་བཞིན། མི་རྩོལ་པའི་གཉེན་
(༣༢)པོར་འདུ་བྱེད་པའི་སེམས་པ། འདུ་བྱེད་པའི་གཉེན་པོར་རྣལ་དུ་འཇོག་པའི་བཏང་སྙོམས་རྣམས་ལས། སྔ་མ་གསུམ་ནི་གོ་བདེ་བར་སྣང་ལ། ཤིན་སྦྱངས་ནི། ཀུན་ལས་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་བཤད་དེ། དེ་ལ་ལུས་སེམས་ཀྱི་གནས་ངན་ལེན་ནི་ལུས་སེམས་དགེ་བ་བསྒྲུབ་པ་ལ་བཀོལ་དུ་མི་རུང་བ་ཡིན་ལ། ཤིན་ཏུ་སྦྱངས་པའི་མཐུས་དགེ་བ་སྒྲུབ་པ་ལ་ལུས་ལྕི་བ་སོགས་ཀྱི་སྐྱོན་དང་བྲལ་ནས་ལུས་ཡང་ཞིང་བདེ་བ་ཐོབ་པ་ལུས་ལས་རུང་དང་། སེམས་དམིགས་པ་ལ་གཏོད་པ་ལ་སྡུག་བསྔལ་དང་བྲལ་ནས་དགའ་བདེ་སོགས་ཐོབ་པ་ནི་སེམས་ལས་རུང་སྟེ། སློབ་དཔོན་བློ་བརྟན་གྱིས། དེ་ལ་ལུས་ལས་སུ་རུང་བ་ནི། ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བའོ། །སེམས་
(༣༣)ལས་སུ་རུང་བ་ནི། ཡང་དག་པར་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང་། ཡང་བར་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ། །ཞེས་སོ། །དེ་ཡང་ཏིང་ངེ་འཛིན་སྒྲུབ་པའི་ཐོག་མ་ནས་ཤིན་སྦྱངས་རྫོགས་པར་ཐོབ་པ་མི་འབྱུང་མོད་ཀྱང་། འབད་རྩོལ་གྱིས་ཆ་ཤས་ཙམ་ཐོབ་པ་དེ་རིམ་པས་སྦྱངས་ནས་བྱང་བ་ན་ཤིན་སྦྱངས་ཐོབ་པར་འགྱུར་ལ། དེ་ཡང་ཐོག་མར་སེམས་ཤིན་སྦྱངས་ཐོབ་པའི་མཐུས། ལུས་ཤིན་སྦྱངས་ཐོབ་པའི་རྒྱུར་གྱུར་པའི་རླུང་ལུས་ལ་རྒྱུ་ཞིང་། དེས་ལུས་ཁྱབ་པ་ན་ལུས་ཤིན་སྦྱངས་ཐོབ་པར་ཉན་ས་ལས་བཤད་དོ། །དྲན་པ་ནི། ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །
(༣༤)ཞེས་བཤད་དེ། ཡུལ་སྔར་འདྲིས་པར་བྱས་པའི་དམིགས་པ་དེ་ཉིད་སེམས་ཀྱིས་བརྗེད་པ་མེད་པར་ཡིད་ལ་ཐུ་རེ་བྱས་ནས་དེ་ལས་གཞན་དུ་སེམས་མི་གཡེང་བར་བྱེད་པའོ། །དེ་ནི་དཔེར་ན་དོན་དུ་གཉེར་བྱ་འགའ་ཞིག་བརྗེད་ཀྱི་དོགས་པ་ན་ཡང་ཡང་ཡིད་ལ་དྲན་པར་བྱས་པས་མི་བརྗེད་པ་ལྟར། ཐོག་མར་ཡང་ཡང་དྲན་པ་བསྐྱེད་པར་བྱ་དགོས་སོ། །ཤེས་བཞིན་ནི། དབུས་མཐའི་འགྲེལ་བཤད་ལས། ཤེས་བཞིན་ནི་དྲན་པ་མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོགས་པའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །ཞེས་བཤད་དེ། གོང་གི་དྲན་པའི་རྒྱུན་བསྐྱངས་པ་ལས་དེའི་ཁོངས་ནས་ཡིན་མིན་བརྟག་ཅིང་བསྲུང་བའི་བྱ་ར་ཐུར་རེ་བྱེད་པ་ཞིག་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་དྲན་པ་ཡིད་སྒོ་ནས། །སྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །ཞེས་དང་། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་
(༣༥)ནམ་དོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །ཞེས་སོ། །འདུ་བྱེད་སེམས་པ་ནི། ཀུན་ལས་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་བཤད་པས། དགེ་མི་དགེ་ལུང་མ་བསྟན་གསུམ་གང་རུང་ལ་སེམས་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་བྱུང་ཞིག་སྟེ། སྐབས་འདིར་བྱིང་རྒོད་བྱུང་བ་ཤེས་བཞིན་གྱིས་རྟོགས་པ་ན་བྱིང་རྒོད་སྤོང་བ་ལ་མངོན་པར་འདུ་བྱེད་པའམ་རྩོལ་བའི་སེམས་པའོ། །རྣལ་དུ་དབབ་པའི་བཏང་སྙོམས་ནི། ཉན་ས་ལས། དེ་ལ་བཏང་སྙོམས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ལ་སེམས་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་མཉམ་པ་ཉིད་དང་། རྣལ་དུ་དབབ་པ་དང་རང་གི་ངང་གིས་འཇུག་པ་དང་སེམས་ཉམས་བདེ་བ་དང་སེམས་ལས་སུ་རུང་བའི་རྗེས་སུ་རྩོལ་བ་མེད་པའི་བྱ་བས་
(༣༦)གཏོད་པ་གང་ཡིན་པའོ། །ཞེས་བཤད་དེ། བྱིང་རྒོད་དང་བྲལ་ནས་ཞི་ལྷག་ཆ་སྙོམས་པ་ན། དེ་ཉིད་རྣལ་དུ་ཕབ་སྟེ་ཧ་ཅང་གི་རྩོལ་བ་ཆེ་བ་གློད་ནས་སེམས་ལས་རུང་དུ་འཇོག་མཁས་པར་བྱེད་པའོ། །དེ་ལྟར་ཡང་དེ་ཉིད་དུ། དེ་ལ་བཏང་སྙོམས་ཀྱི་མཚན་མ་གང་ཞེ་ན། དམིགས་པ་གང་གིས་སེམས་བཏང་སྙོམས་སུ་བྱེད་པ་དང་། དམིགས་པ་དེ་ཉིད་ལ་བརྩོན་འགྲུས་ཧ་ཅང་ལྷག་པར་རྩོམ་པར་མི་བྱེད་པ་གང་ཡིན་པའོ། །ཞེས་དང་། དེ་ལ་བཏང་སྙོམས་ཀྱི་དུས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སོགས་བྱིང་བ་དང་རྒོད་པ་མེད་པའི་ཚེ་སྟེ། ཞེས་སོ། །གཉིས་པ་ལ། བྱིང་རྒོད་སྐྱེ་བའི་རྒྱུ་སྤོང་བ་དང་། བྱིང་རྒོད་འགོག་ཚུལ་གཉིས་ཀྱི། དང་པོ་ནི། ཏིང་ངེ་འཛིན་གྱི་སྒྲིབ་པ་ཕལ་ཆེར་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་འདུ་ལ། བྱིང་རྒོད་འབྱུང་བའི་རྒྱུ་ནི་སྒོ་གསུམ་གྱི་སྤྱོད་ལམ་མ་དག་པ་ཅི་རིགས་ལས་འབྱུང་བར་བཤད་དེ། སའི་དངོས་གཞི་ལས། བྱིང་བའི་མཚན་མ་གང་ཞེ་ན། དབང་པོའི་སྒོམ་བསྲུངས་པ་དང་། ཟས་
(༣༧)ཀྱི་ཚོད་མ་ཟིན་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་མི་བརྩོན་པ་དང་། ཤེས་བཞིན་མ་ཡིན་པར་གནས་པ་དང་། གཏི་མུག་སྤྱོད་པ་དང་། གཉིད་ཆེ་བ་དང་། ཐབས་མི་ཤེས་པ་དང་། ལེ་ལོ་དང་ལྡན་པའི་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་དང་། ཞི་གནས་ལ་གོམས་པ་དང་། ཞི་གནས་ཡོངས་སུ་བྱང་བར་མ་བྱས་པའི་ཞི་གནས་ཀྱི་ཕྱོགས་གཅིག་ཡིད་ལ་བྱེད་པ་དང་། སེམས་མུན་པ་ལྟ་བུར་འདུག་པ་དང་། དམིགས་པ་ལ་གཏོད་པར་མི་དགའ་བའོ། །ཞེས་དང་། རྒོད་པའི་མཚན་མ་གང་ཞེ་ན། སྔ་མ་བཞིན་དུ་དབང་པོའི་སྒོམ་བསྲུངས་པ་ལ་སོགས་པ་བཞི་དང་། འདོད་ཆགས་ལ་སྤྱོད་པ་དང་། ཉེ་བར་མ་ཞི་བའི་ཚུལ་ཅན་དང་། སེམས་སྐྱོ་བ་མེད་པ་དང་། ཐབས་མི་ཤེས་པ་དང་། སྔ་མ་བཞིན་དུ་ཧ་ཅང་རབ་ཏུ་འཛིན་པ་དང་ལྡན་པའི་འདུན་པ་ལ་སོགས་པ་དང་། བརྩོན་པ་ལ་མ་གོམས་པ་དང་། རབ་ཏུ་འཛིན་པ་ལ་བྱང་
(༣༨)བར་མ་བྱས་པའི་དེའི་ཕྱོགས་གཅིག་བསྒོམས་པ་དང་། ཉེ་དུ་ལ་རྟོག་པ་ལ་སོགས་པ་རྒོད་པ་དང་མཐུན་པའི་ཆོས་གང་ཡང་རུང་བས་སེམས་རྣམ་པར་གཡེངས་པའོ། །ཞེས་སོ། །དེ་ལ་བྱིང་རྒོད་ཀྱི་མཚན་མ་ཞེས་པ་ནི་བྱིང་རྒོད་ཀྱི་རྒྱུ་དང་། ལེ་ལོ་དང་ལྡན་པའི་ཞེས་པ་བརྩོན་འགྲུས་དང་སེམས་དང་དཔྱོད་པ་གསུམ་ལའང་སྦྱར་བ་དང་། ཞི་གནས་ལ་གོམས་པ་ཞེས་པ་དེའི་ཉམས་སྣང་འབའ་ཞིག་ལ་གོམས་པ་དང་། ཧ་ཅང་རབ་ཏུ་འཛིན་པ་ཞེས་པ་དགའ་བའི་ཡུལ་ལ་སེམས་ཧ་ཅང་བཟུང་དྲགས་པ་སྟེ་དེ་དང་ལྡན་པའི་འདུན་པ་དང་བརྩོན་འགྲུས་སོགས་བཞིའོ། །དེ་ལྟར་ན་བྱིང་རྒོད་ཀྱི་རྒྱུ་དེ་རྣམས་སྤང་པའི་ཚུལ་ལ་འབད་པར་བྱའོ། །གཉིས་པ་ནི། གོང་དུ་བཤད་པའི་བྱིང་བ་རགས་པ་སྐྱེས་ན་དེ་འགོག་པ་ལ། སྣང་བའི་མཚན་མ་དང་སངས་རྒྱས་ཀྱི་ཡོན་ཏན་ཡིད་ལ་བྱེད་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་དང་། དམིགས་པ་རྒྱ་བསྐྱེད་པ་དང་། དགའ་བ་བསྒོམས་ནས་སེམས་གཟེང་བསྟོད་པ་སོགས་བྱ་བར་བཤད་དེ། སྒོམ་རིམ་དང་པོ་
(༣༩)ལས། ཇི་སྟེ་གང་གི་ཚེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། དམིགས་པ་འཛིན་པ་ལ་མི་གསལ་ཞིང་སེམས་བྱིང་བར་གྱུར་པ་དེའི་ཚེ། སྣང་བའི་འདུ་ཤེས་སྒོམ་པའམ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་བསལ་ལ་དམིགས་པ་དེ་ཉིད་དམ་དུ་བཟུང་ངོ་། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། ལྷག་མཐོང་བརྩོན་པའི་སྟོབས་ཀྱི་མཐུས། །ཞུམ་པར་གྱུར་ན་གཟེང་ཡང་བསྟོད། །ཅེས་དང་། དབུ་མ་སྙིང་པོ་ལས། ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམས་པས་ཡངས་པ་ཉིད་དུ་བྱ། །ཞེས་སོ། །སྣང་བའི་མཚན་མ་ནི། ཉན་ས་ལས། མར་མེའི་འོད་ལས་སམ་མེའི་ཕུང་པོའི་འོད་ལས་སམ་ཉི་མའི་དཀྱིལ་འཁོར་ལས་སྣང་བའི་མཚན་མ་ཟུང་ཞིག །ཅེས་པ་ལྟར་དེ་དག་གི་འོད་ཀྱིས་ཐམས་ཅད་སྣང་ཞིང་གསལ་བར་གྱུར་པ་ལ་སེམས་གཏད་པའོ། །འདིའི་སྤྱོད་ལམ་དུའང་། སྣང་བའི་མཚན་མ་ཡིད་ལ་བྱེད་པ་དང་། རྗེས་དྲན་དྲུག་སོགས་ཡིད་དང་བར་
(༤༠)འགྱུར་བའི་དམིགས་པས་གཟེང་བསྟོད་པ་དང་། བྱིང་བ་སྐྱེ་བའི་རྒྱུ་རྨུགས་གཉིད་ཀྱི་ཉེས་དམིགས་བསམས་ཏེ་སྤང་བ་དང་། འཆག་པ་དང་ཕྱོགས་རྣམས་དང་ཟླ་སྐར་ལ་ལྟ་བ་དང་གདོང་ཆུས་བཀྲུ་བ་སོགས་བྱ་བར་ཉན་ཐོས་ཀྱིས་ལས་བཤད་དོ། །རྒོད་པ་རགས་པ་སྐྱེས་ན་དེ་འགོག་པ་ནི། མི་རྟག་པ་ལ་སོགས་པ་བསྒོམས་ནས་ཡིད་འབྱུང་བ་དང་། རྣམ་གཡེང་གི་ཉེས་དམིགས་བསམས་ནས་སྤང་བ་དང་། ཞི་གནས་ལ་བཞག་ནས་སེམས་རྣལ་དུ་དབབ་པ་སོགས་བྱ་སྟེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་སྔོན་རྒོད་པ་དང་རྩེས་པ་ལ་སོགས་པ་དྲན་ཞིང་བར་བར་དུ་སེམས་རྒོད་པར་མཐོང་བ་དེའི་ཚེ། མི་རྟག་པ་ལ་སོགས་པས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དམིགས་པ་དེ་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ལ་འབད་པར་བྱའོ། །ཞེས་དང་། དབུ་མ་སྙིང་པོ་ལས། གཡེངས་པ་གཡེངས་པའི་མཚན་མ་ལ། །ཉེས་དམིགས་བལྟ་བས་བསྡུ་བར་བྱ། །ཞེས་དང་།
(༤༡)པར་ཕྱིན་བསྡུས་པར། རྒོད་པར་གང་ཚེ་གྱུར་པའི་ཡིད། །ཞི་གནས་ཚུལ་གྱིས་བཟློག་པར་བྱ། །ཞེས་སོ། །འདིའི་སྤྱོད་ལམ་དུའང་། དབང་པོའི་སྒོ་སྡོམ་པ་དང་། ནད་པའི་སྤྱོད་ལམ་ལྟར་དྲག་ཤུལ་སྤོང་བ་དང་། རྒོད་པར་འགྱུར་བའི་ཡུལ་ཡིད་ལ་མི་བྱེད་པ་དང་། ཕྱག་མང་དུ་འཚལ་བ་ལ་སོགས་པ་བྱའོ། །བྱིང་རྒོད་ཕྲ་མོ་ཙམ་ལ་ནི། བྱིང་ན་གཟེང་བསྟོད་པ་དང་སྒྲིམ་པ་དང་། རྒོད་ན་སེམས་འཕང་སྨད་པ་དང་གློད་པ་སོགས་ཡོངས་སུ་གྲགས་པ་ལྟར་རོ། །གསུམ་པ་ཞི་ལྷག་གི་ངོ་བོ་ངོས་བཟུང་བ་ནི། དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས། ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་ཅན་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིནྟུ་སྦྱངས་བ་དང་སེམས་ཤིནྟ་སྦྱངས་བ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། ཞེས་དང་།
(༤༢)དེ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ་སེམས་ཀྱི་རྣམ་པ་སྤངས་ནས། ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ། ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་འདོད་པ་དང་བྱེ་བྲག་འབྱེད་པ་དང་བལྟ་བ་དང་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། ཞེས་དང་། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་ཀྱི་མིང་ནི་བསྒོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་དང་། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་
(༤༣)རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་དང་། དེའི་འགྲེལ་པར་སློབ་དཔོན་དབྱིག་གཉེན་གྱིས། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པའི་ཕྱིར་དང་། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་། གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱ་ཡི། ཏིང་ངེ་འཛིན་མེད་པར་ནི་མ་ཡིན་ཏེ། འདི་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་ཡིན་ནོ། །ཞེས་བཤད་དེ། སྤྱིར་བཏང་ཙམ་དུ་ནི་དམིགས་པའི་ཡུལ་གང་ཡང་རུང་བ་ལ་སེམས་གཏད་ནས། སེམས་དེ་གཞན་དུ་མི་གཡེང་བར་རྩེ་གཅིག་ཏུ་གནས་པ་ཞི་གནས་དང་། ཤེས་པར་བྱ་བའི་དོན་དེ་ཉིད་ལ་སོ་སོར་རྣམ་པར་རྟོག་པའི་ཚུལ་གྱིས་འབྱེད་ཅིང་འབྱེད་པའི་སེམས་ལྷག་མཐོང་དུ་གསལ་བར་གསུངས་ཤིང་། དེ་ཡང་དང་པོར་དམིགས་པ་ལ་སེམས་འཇོག་པ་དང་བསྡུས་ཏེ་འཇོག་དགོས་པ་ནས་མཐར་རྒྱུད་གཅིག་ཏུ་བྱེད་པ་དང་མཉམ་པར་འཇོག་པའི་
(༤༤)པར་ཐམས་ཅད་ཞི་གནས་དང་། ཤེས་བྱའི་དོན་དེ་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་ནས་མཐར་རྒྱས་པར་མཁས་པ་དང་ཤེས་རབ་ཀྱི་ངང་གིས་འཇུག་པའི་བར་ཐམས་ཅད་ལྷག་མཐོང་དུ་བཤད་དེ། བྱང་ས་ལས། བརྗོད་དུ་མེད་པའི་དངོས་པོ་ཙམ་དང་དོན་ཙམ་གྱི་དམིགས་པ་ལ་སེམས་ངེས་པར་བཏད་ནས། སྤྲོས་པ་ཐམས་ཅད་དང་བྲལ་བ་དང་སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མོས་པ་ན། ནང་གི་ཏིང་ངེ་འཛིན་གྱི་མཚན་མ་རྣམས་ལ་སེམས་འཇོག་པ་དང་བསྡུས་ཏེ་འཇོག་པ་ནས། རྒྱས་པར་རྒྱུད་གཅིག་ཏུ་བྱེད་པ་དང་ཏིང་ངེ་འཛིན་དུ་བྱེད་པའི་བར་འདི་ནི་ཞི་གནས་ཞེས་བྱའོ། །ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངས་སུ་བསྒོམས་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས། ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས། རྒྱས་པར་
(༤༥)མཁས་པ་དང་ཤེས་རབ་ཀྱིས་འཇུག་པའི་བར་གང་ཡིན་པ་འདི་ནི་ལྷག་མཐོང་ཞེས་བྱའོ། །ཞེས་སོ། །ཞི་ལྷག་གིས་དམིགས་པ་ནི། ཤེས་བྱའི་ཡུལ་དེ་ཉིད་ལས་གཞན་དུ་རྣམ་པར་མི་རྟོག་པའི་རྣམ་པ་ཅན་ཞི་གནས་དང་། ཤེས་བྱའི་ཡུལ་དེ་ཉིད་ལ་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པ་ཅན་ལྷག་མཐོང་གི་དམིགས་པ་ཡིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་དུ་ཞིག་ཞི་གནས་ཀྱི་དམིགས་པ་ལགས། བཀའ་སྩལ་པ་གཅིག་སྟེ། འདི་ལྟ་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས། བཀའ་སྩལ་པ་གཅིག་ཁོ་ན་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །དུ་ཞིག་གཉིས་ཀའི་དམིགས་པ་ལགས། བཀའ་སྩལ་པ་གཉིས་ཏེ། འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ། །ཞེས་དང་། ཤེར་ཕྱིན་མན་ངག་ལས་ཀྱང་། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་
(༤༦)གནས་ཀྱི་དམིགས་པའོ། །ཇི་སྙེད་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །ཞེས་སོ། །མདོ་ཕྱོགས་ལྟར་ན་ཞི་ལྷག་མཚན་ཉིད་བ་ནི། ཤིན་སྦྱངས་ཐོབ་པ་དང་རྒྱུན་དུ་རང་གི་ངང་གིས་འཇུག་པའི་ཏིང་ངེ་འཛིན་ཐོབ་ནས་འཇོག་དགོས་ཏེ། སྒོམ་རིམ་བར་པ་ལས། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས། ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་གནས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། ཞེས་སོ། །འོ་ན་ཤིན་སྦྱངས་མ་ཐོབ་པའི་ཞི་གནས་དང་ལྷག་མཐོང་ལ་ཅི་སྐད་བརྗོད་ཅེ་ན། དེ་ལ་ནི་ཞི་ལྷག་རྗེས་མཐུན་པའི་ཐ་སྙད་གསུངས་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ན།
(༤༧)ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ཞི་གནས་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཀྱི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང་། དེ་དང་མཐུན་པར་ཤེར་ཕྱིན་མན་ངག་ལས་ཀྱང་། འདི་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ་ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་
(༤༨)བ་ལ་ལན་མང་དུ་ཡིད་ལ་བྱས་ཏེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ཞེས་དང་། དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི། ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །ཞེས་སོ། །འོ་ན་ཅི་ཙམ་གྱིས་ཞི་ལྷག་གི་ལམ་ཡོངས་སུ་དག་པར་འགྱུར་ཞེ་ན། རྨུགས་གཉིད་ཆོམས་པ་ན་ཞི་གནས་དང་། རྒོད་འགྱོད་ཆོམས་པ་ན་ལྷག་མཐོང་གི་ལམ་དག་པར་གསུངས་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་དག་
(༤༩)པ་ལགས། བྱམས་པ་གང་གི་ཚེ་རྨུགས་པ་དང་གཉིད་ལེགས་པར་རབ་ཏུ་ཆོམས་པར་གྱུར་པའོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ལགས། བྱམས་པ་གང་གི་ཚེ་རྒོད་པ་དང་འགྱོད་པ་ལེགས་པར་རབ་ཏུ་ཆོམས་པར་གྱུར་པའོ། །ཞེས་པ་ལྟར་རོ། །བཞི་པ་ཞི་ལྷག་གི་དབྱེ་བ་བསྟན་པ་ནི། ཞི་གནས་ཀྱི་དབྱེ་བ་ལ་ངོ་བོའི་སྒོ་ནས་ཕྱེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཞི་གནས་གཉིས་དང་། བྱེད་ལས་ཀྱི་སྒོ་ནས་ཕྱེ་ན། མཐོང་ཆོས་ལ་བདེ་བར་གནས་པའི་ཞི་གནས་སོགས་གསུམ་ཡོད་ཀྱང་། གྲགས་ཆེ་བ་ལ་ཐབས་ཀྱི་སྒོ་ནས་སེམས་རྣམ་པ་དགུར་འབྱེད་དེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོགས་ཀྱི་འགྲེལ་བར་དབྱིག་གཉེན་གྱིས། ཚིགས་སུ་བཅད་པ་བཞི་པོ་འདིས་ནི། སེམས་གནས་པ་རྣམ་པ་དགུས་གནས་པའི་ཐབས་བསྟན་ཏེ། རྣམ་པ་དགུ་ནི། སེམས་འཇོག་
(༥༠)པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་བྱ་བ་ཡིན་ནོ། །ཞེས་དང་། ཀུན་ལས་བཏུས་ལས། ཞི་གནས་གང་ཞེ་ན་འདི་ལྟ་སྟེ། ནང་ཉིད་ལ་སེམས་འཇོག་པ་དང་། རྒྱུན་ཏུ་འཇོག་པ་དང་། བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པའོ། །ཞེས་སེམས་དགུ་བཤད་ལ། དེ་དག་གི་ངོས་འཛིན་ནི་ཞི་གནས་ཀྱི་སྐབས་སུ་འཆད་དོ། །ལྷག་མཐོང་གི་དབྱེ་བ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས། བྱམས་པ། རྣམ་པ་གསུམ་སྟེ། མཚན་མ་ལས་བྱུང་བ་དང་། ཡོངས་སུ་འཚོལ་བ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བའོ། །ཞེས་མཚན་མ་ལས་བྱུང་བའི་ལྷག་མཐོང་སོགས་གསུམ་གསུངས་ཤིང་། དེ་དག་གི་
(༥༡)ངོས་འཛིན་ཡང་དེ་ཉིད་དུ། མཚན་མ་ལས་བྱུང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཡོངས་སུ་འཚོལ་བ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཞེས་སོ། །ཀུན་ལས་བཏུས་ལས། ལྷག་མཐོང་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་
(༥༢)པར་བྱེད་པ་སྟེ། གནས་ངན་ལེན་དང་མཚན་མའི་གཉེན་པོ་ཉིད་དང་། ཕྱིན་ཅི་ལོག་ལས་འབྱིན་པ་དང་། ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པའི་ཕྱིར་རོ། །ཞེས་ཆོས་རྣམ་པར་འབྱེད་པའི་ལྷག་མཐོང་དང་། རབ་ཏུ་རྣམ་པར་འབྱེད་པའི་དང་། ཡོངས་སུ་རྟོག་པར་བྱེད་པའི་དང་། ཡོངས་སུ་དཔྱོད་པར་བྱེད་པའི་ལྷག་མཐོང་བཞི་བཤད་ལ། དེ་དག་གི་ངོས་འཛིན་ནི། ཉན་ས་ལས། ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས། ཆོས་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་པར་བྱེད་ཅེ་ན། དཔྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་ཡིན་ནོ། །ཤེས་
(༥༣)རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པར་བྱེད་དོ། །ཞེས་སོ། །གཞན་ཡང་ཉན་ས་ལས། དེ་ནི་ལྷག་མཐོང་གི་སྒོ་གསུམ་དང་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ཏེ། མདོར་བསྡུ་ན་དེ་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །ཞེས་དབྱེ་བ་རྣམ་པ་དྲུག་གི་ཐ་སྙད་ཀྱང་མཛད་ལ། དེ་ནི་ཡོངས་སུ་འཚོལ་བའི་ལྷག་མཐོང་གི་རྗེས་སུ་ཞུགས་པའི་འཚོལ་ལུགས་དྲུག་སྟེ། དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་འཚོལ་བ་རྣམས་ལ་བཤད་པས། དོན་འཚོལ་བའི་ལྷག་མཐོང་ཞེས་སོགས་སུ་བརྗོད་པ་ཡིན་ནོ། །ལྔ་པ་ཞི་ལྷག་གི་གོ་རིམ་ལ་དཔྱད་པ་ནི། མདོ་ཕྱོགས་ཀྱི་གཞུང་ཕལ་ཆེར་དུ་ཐོག་མར་ཞི་གནས་བསྒྲུབས་ལ་
(༥༤)དེ་ནས་ལྷག་མཐོང་བསྒྲུབ་པར་བཤད་པ་མང་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་གནས་པ་ཡིན། །ཞེས་ཕར་ཕྱིན་དྲུག་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བ་དང་། དེའི་རྒྱུ་མཚན། སྔ་མ་སྔ་མ་དམན་པ་དང་ཕྱི་མ་ཕྱི་མ་མཆོག་ཏུ་གྱུར་པ་དང་། དེ་བཞིན་དུ་རགས་པ་དང་ཕྲ་བའི་དབང་གིས་ཡིན་པར་གསུངས་ལ། བཤེས་སྤྲིང་ལས་ཀྱང་། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །ཅེས་དང་། སྤྱོད་འཇུག་ལས་ཀྱང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །ཞེས་བཤད་དེ། དེ་བཞིན་དུ་ཉན་ས་དང་སྒོམ་རིམ་དང་ཤེར་ཕྱིན་མན་ངག་རྣམས་ལས་ཀྱང་བཤད་དོ། །འདི་དག་ལ་བརྟེན་ནས་ཁ་ཅིག །ཞི་གནས་བསྒྲུབས་ནས་དེ་གྲུབ་པ་ན་ལྷག་མཐོང་སྒོམ་དགོས་པའི་གོ་རིམ་རྣམ་པ་ཐམས་
(༥༥)ཅད་དུ་ངེས་པར་འཆད་ཅིང་། དེའི་ཤེས་བྱེད་དེ། ཤིན་སྦྱངས་མ་ཐོབ་པར་ཞི་གནས་མི་ཐོབ་ལ། དེ་གཉིས་མ་ཐོབ་པར་ལྷག་མཐོང་དང་དེའི་ཤིན་སྦྱངས་མི་ཐོབ་པའི་ཕྱིར། ཞེས་འདོད་པ་མི་འཐད་དེ། ཤིན་སྦྱངས་མ་ཐོབ་པར་ཞི་ལྷག་གཉིས་ཀ་ཐོབ་པ་ཡོད་པའི་ཕྱིར་རོ། །དེ་ཇི་ལྟར་ཡིན་ཞེ་ན། བྱང་ས་དང་ཀུན་ལས་བཏུས་དང་ཤེར་ཕྱིན་གྱི་མན་ངག་རྣམས་སུ། སེམས་འཇོག་པ་ཡིན་གྱི་སེམས་དགུ་པ་ཞི་གནས་དང་། ཆོས་རྣམ་འབྱེད་སོགས་བཞི་ཀ་ལྷག་མཐོང་དུ་གསལ་བར་བཤད་པའི་ཕྱིར་དང་། ལས་དང་པོ་པས་ཞི་གནས་དང་ལྷག་མཐོང་སྔ་མ་རྣམས་ཐོབ་པའི་དུས་ཤིན་སྦྱངས་ཐོབ་པ་ཤིན་ཏུ་དཀའ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན། ཞི་གནས་ཡིན་ན་ཞི་གནས་མཐར་ཐུག་དང་། ལྷག་མཐོང་ཡིན་ན་ལྷག་མཐོང་མཐར་ཐུག་ཡིན་དགོས་པར་འགྱུར་ཏེ། ཞི་ལྷག་ཡིན་ན་སོ་སོའི་ཤིན་སྦྱངས་ཐོབ་དགོས་པར་སྨྲས་པའི་ཕྱིར་རོ། །དེ་ཁས་ལེན་ན། ལམ་ཡིན་ནའང་མཐར་ཐུག་གི་ལམ་ཡིན་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་
(༥༦)པའི་ཕྱིར་རོ། །འོ་ན་དགོངས་འགྲེལ་དང་། ཤེར་ཕྱིན་མན་ངག་ཏུ་ཤིན་སྦྱངས་མ་ཐོབ་པའི་སྒོམ་རྣམས་ཞི་ལྷག་མ་ཡིན་པར་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་མཐར་ཐུག་པའི་ཞི་ལྷག་འགྲུབ་པའི་ཚད་ལ་དགོངས་པ་ཡིན་ཏེ། དེ་ལྟར་མིན་ན། གོང་དུ་བཤད་པ་ལྟར་ནང་འགལ་དང་ལུང་རིགས་ཀྱི་གནོད་པ་མང་དུ་འབབ་པའི་ཕྱིར་རོ། །དེས་ན་ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་པར་བཤད་པ་རྣམས་ནི། རིམ་ཅན་དུ་འཇུག་པའི་གང་ཟག་ལ་དགོངས་པ་ཡིན་ཏེ། ཞི་གནས་མ་ཐོབ་ཀྱང་ལྷག་མཐོང་ཐོབ་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ཡང་ཀུན་ལས་བཏུས་ལས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་སྟེ། དེ་ལྟར་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ། །ཞེས་དང་། སའི་དངོས་གཞི་ལས། གཞན་ཡང་སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། བསམ་གཏན་དང་པོ་ལ་སོགས་པ་ནི་མ་ཐོབ་སྟེ། དེ་འདུག་མ་ཐག་ཏུ་སེམས་འཇོག་སྟེ་ཆོས་རྣམ་པར་འབྱེད་པར་མི་བྱེད་དོ། །དེ་ལྷག་པའི་ཤེས་
(༥༧)རབ་ཉིད་ལ་བརྟེན་ནས་ལྷག་པའི་སེམས་ལ་སྦྱོར་བར་བྱེད་དོ། །ཞེས་བསྙོན་མེད་པར་གསུངས་པ་དང་། རྒྱུད་སྡེ་དང་བསྐྱེད་རྫོགས་ཀྱི་གཞུང་མཐའ་དག་ལས། ཐུན་སྟོད་ལ་མཚན་བཅས་དང་ཐུན་སྨད་ལ་མཚན་མེད་སྒོམ་པར་བཤད་པ་རྣམས་ཀྱང་། དང་པོར་ཞི་གནས་བསྒྲུབས་ནས་དེ་གྲུབ་པ་ན་ལྷག་མཐོང་སྒྲུབ་པའི་ཚུལ་མིན་པ་དང་། གྲུབ་ཆེན་མང་པོས་ཀྱང་ཞི་གནས་ཟུར་དུ་མི་འཚོལ་བར་ཐོག་མ་ཉིད་ནས་ལྷག་མཐོང་སྒོམ་པར་བཤད་པ་མང་དུ་ཡོད་པ་དང་། ཁྱད་པར་སྒྲུབ་བརྒྱུད་འདི་ལ་ལྟ་ཐོག་ནས་སྒོམ་འཚོལ་བ་དང་། སྒོམ་ཐོག་ནས་ལྟ་བ་འཚོལ་བ་གཉིས་བཞེད་པས་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ། །དྲུག་པ་ཞི་ལྷག་ཟུང་འཇུག་ཏུ་སྒོམ་ཚུལ་ལ། ཞི་ལྷག་གཉིས་ཀ་དགོས་པའི་རྒྱུ་མཚན་དང་། དེ་གཉིས་ཟུང་དུ་འཇུག་ཚུལ་གཉིས་ཀྱི། དང་པོ་ནི། ཞི་གནས་མེད་པའི་སེམས་ནི་ཆུ་བཞིན་དུ་གཡོ་བས་མཉམ་པར་འཇོག་ཏུ་མེད་ལ། མཉམ་པར་མ་བཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་མི་ཐོབ་
(༥༨)བ་དང་། ཡང་ཞི་གནས་དང་བྲལ་བའི་ལྷག་མཐོང་ནི་རླུང་ནང་གི་མར་མེ་བཞིན་དུ་མི་བརྟན་ལ། དེས་ཡེ་ཤེས་ཀྱི་སྣང་བ་གསལ་པོ་མི་འབྱུང་བས་ཞི་གནས་དགོས་ཏེ། སྒོམ་རིམ་དང་པོ་ལས། སེམས་ཆུ་བཞིན་དུ་གཡོ་བའི་ཕྱིར་ཞི་གནས་ཀྱི་གཞི་མེད་པར་གནས་པ་མེད་དེ། མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་ཏོ། །ཞེས་དང་། སྒོམ་རིམ་བར་པ་ལས། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་བའི་སེམས་ཡུལ་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་མི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་འདྲ་བར་བསྟེན་པར་བྱའོ། །ཞེས་སོ། །ཡང་ལྷག་མཐོང་མེད་པའི་ཞི་གནས་ནི་ཅི་ཙམ་བསྒོམས་ཀྱང་། རེ་ཞིག་ཉོན་
(༥༩)མོངས་པ་མགོ་གནོན་ཙམ་ལས་སྒྲིབ་པ་ནི་སྤོངས་ཤིང་། ཉོན་མོངས་པའི་བག་ལ་ཉལ་མི་ཆོམས་པ་དང་། སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྐྱོན་ལས་མི་གྲོལ་བར་བཤད་དོ། །སྒོམ་རིམ་བར་པ་ལས། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་ནི་མི་སྤོངས་ཀྱི། རེ་ཞིག་ཉོན་མོངས་རྣམ་པར་གནོན་པ་ཙམ་དུ་ཟད་དོ། །ཤེས་རབ་ཀྱི་སྣང་བ་འབྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏེ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །ཞེས་དང་། དེར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལུང་དྲངས་པ་ལས། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་
(༦༠)འཛིན་པ་ཐོབ་པ་ནི། ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་དུ་ལྷུང་ཞིང་། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལས་ཡོངས་སུ་མི་འགྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་འགྲོ་ལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་འགྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས་གཞན་ལས་རྗེས་སུ་མཐུན་པ་ཐོབ་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཞེས་སོ། །དེ་ལྟར་ན་སེམས་དམིགས་པ་ལས་མི་གཡོ་བ་ཞི་གནས་ཀྱིས་བྱེད་ལ། དེ་ཁོ་ན་ཉིད་རྟོགས་ནས་ལྟ་ངན་གྱིས་སྒུལ་བར་མི་ནུས་པ་རི་བོ་དང་འདྲ་བ་ལྷག་མཐོང་གིས་བྱེད་དགོས་པས་ཞི་ལྷག་གཉིས་ཀ་དགོས་ཏེ། ཟླ་བ་སྒྲོན་མེའི་མདོ་ལས་ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་སོ། །གཉིས་པ་ནི། ཞི་ལྷག་ཟུང་དུ་འཇུག་པ་ལ་ཚུལ་ཇི་ལྟ་བུ་ཞིག་དགོས་སྙམ་ན། སེམས་གནས་དགུ་པ་མ་ཐོབ་པར་ལྷག་ྃྃྃ
(༦༡)མཐོང་བསྒོམས་ནའང་སོ་སོའི་ཟུང་དུ་འཇུག་ཚུལ་རེ་ཡོད་ཀྱང་། འདིར་མཐར་ཐུག་པའི་ཞི་ལྷག་ཟུང་འཇུག་ཏུ་འགྱུར་ཚུལ་ནི། སེམས་གནས་དགུ་པ་མཉམ་པར་འཇོག་པའི་ཞི་གནས་རེ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བར་ཐོབ་པ་ན། དེ་ལ་བརྟེན་ནས་ཆོས་རྣམ་འབྱེད་ཀྱི་ལྷག་མཐོང་ལ་བརྩོན་པར་བྱས་པའི་ཚེ། ལྷག་མཐོང་དེ་ལའང་རང་གི་ངང་གིས་འཇུག་ཅིང་། སེམས་གནས་དགུ་པ་བཞིན་དུ་འདུ་བྱེད་པ་མི་དགོས་པར་རྩོལ་མེད་དུ་སོང་ནས། ལྷག་མཐོང་ཡང་རྣམ་པར་དག་པ་དང་བྱང་བར་གྱུར་ཏེ། སེམས་གནས་དང་ལྷན་ཅིག་ཏུ་འདྲེས་ནས་མཉམ་དུ་འཇུག་པ་ན་ཞི་ལྷག་ཟུང་འཇུག་ཏུ་གྱུར་པ་ཡིན་ཏེ། ཉན་ས་ལས། དེ་ལ་ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པར་གྱུར་ཅིང་། མཉམ་པར་ཟུང་དུ་འཇུག་པ་དང་གང་གིས་ན་ཟུང་དུ་འགྲེལ་པར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ལས་འདི་ལྟ་སྟེ། མཉམ་པར་བཞག་པའི་རྣམ་པ་དགུ་པ་གང་ཡིན་པ་ཐོབ་པར་གྱུར་ཅིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་
(༦༢)ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཚེ་ན་ཆོས་རྣམ་པར་འབྱེད་པ་དེའི་ལམ་རང་གི་ངང་གིས་འཇུག་པ་དང་རྩོལ་བ་མེད་པར་འཇུག་པར་གྱུར་ཅིང་། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས་ལྷག་མཐོང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་དང་ཞི་གནས་ཀྱི་རྗེས་སུ་སོང་བ་དང་ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་དེའི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་འཇུག་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱའོ། །ཞེས་དང་། སྒོམ་རིམ་ཐ་མ་ལས། ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས། དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འགྲེལ་པའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞེས་དང་། ཤེར་
(༦༣)ཕྱིན་མན་ངག་ལས། དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེ་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་ཆད་པ་དང་བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལཾ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ་བ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ནས་འཇུག་པའོ། །ཞེས་སོ། །འདིའི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་པ་ནི་ལྷག་མཐོང་གི་དོན་ཡིན་ནོ། །ཁ་ཅིག །སྤྱིར་བཏང་ཙམ་དུ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་དམིགས་པ་དང་། རྣམ་པར་རྟོག་པ་དང་བཅས་པ་ལྷག་མཐོང་གི་དམིགས་པར་གསུངས་པ་ལ་བརྟེན་ནས། ཞི་གནས་ནི་ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་ཅིར་ཡང་རྣམ་པར་མི་རྟོག་པ་ཞིག་དང་། ལྷག་མཐོང་ནི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་ཁོ་ནར་འདོད་པ་མི་འཐད་དེ། དེ་ལྟར་ཡིན་ན་བསྐྱེད་རིམ་སོགས་
(༦༤)མཚན་བཅས་ཀྱི་ཞི་གནས་མི་སྲིད་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པའི་ཞི་གནས་སྒོམ་པ་ན་སྐུའི་རྣམ་པའང་མི་དམིགས་ཤིང་རྣམ་པར་མི་རྟོག་པར་ཁས་ལེན་དགོས་པའི་ཕྱིར་ཏེ། ཞི་གནས་ཀྱི་ཚེ་ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་ཅིར་ཡང་རྣམ་པར་མི་རྟོག་པར་འདོད་པའི་ཕྱིར་རོ། །ཞི་ལྷག་ཟུང་འཇུག་ཀྱང་མི་སྲིད་པར་འགྱུར་ཏེ། ཞི་གནས་ནི་ཆོས་གང་ཡང་རྣམ་པར་མི་རྟོག་པ་ཡིན་ཞིང་ལྷག་མཐོང་ནི་རྣམ་པར་རྟོག་པ་ཅན་ཡིན་ལ། རྣམ་པར་མི་རྟོག་པ་དང་རྣམ་པར་རྟོག་པའི་གཞི་མཐུན་མི་སྲིད་པའི་ཕྱིར་དང་། སྲིད་ན་རིགས་པ་སྨྲ་བའི་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །ཡང་སྐུའི་རྣམ་པ་དེ་ཡིད་ངོར་སྣང་བ་ཙམ་ཡིན་གྱི་རྣམ་པར་རྟོག་པ་མིན་ནོ་ཞེ་ན། རྣམ་རྟོག་གིས་མ་བརྟགས་ན་དེ་ལྟར་སྣང་ངོ་ན་མེད་ཅིང་། སྣང་བའང་རྟོག་ངོར་སྣང་བ་ཡིན་ཏེ། བསྐྱེད་རིམ་སོགས་ཀྱི་མཚན་བཅས་ཐམས་ཅད་རྟོག་བརྟག་མ་ཡིན་པར་བཤད་པའི་ཕྱིར་རོ། །ལྷག་མཐོང་ཐམས་ཅད་
(༦༥)རྣམ་པར་རྟོག་པ་དང་བཅས་པའང་མི་འཐད་དེ། སྒོམ་རིམ་དུ་མི་གཡོ་བའི་ལྷག་མཐོང་བཤད་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལྷག་མཐོང་གི་མཐོང་དོན་ཡིན་པའི་ཕྱིར་དང་། དེ་ཉིད་ཡང་དག་པའི་ལྷག་མཐོང་ཡིན་པའི་ཕྱིར་རོ། །གཞན་ཡང་སོ་སོར་རྟོག་པའི་ཤེས་རབ་དང་བཅས་པའི་ཞི་གནས་ཀྱང་མི་སྲིད་པར་འགྱུར་ཏེ། རྟོག་པ་དང་བཅས་པའི་ཞི་གནས་མི་སྲིད་པ་དང་། ཞི་གནས་ལ་ཅིར་ཡང་མི་རྟོག་པ་ཁོ་ན་དགོས་པར་སྨྲས་པའི་ཕྱིར་རོ། །ཡང་ཞི་གནས་ལ་ཡིད་བྱེད་དུ་གསུངས་པ་དང་། དེ་ལ་ཡིད་བྱེད་བཞི་ཡོད་པར་གསུངས་པ་ཡང་མི་འཐད་པ་དང་། ཞི་གནས་སྒོམ་པའི་ཚེ་དྲན་པ་དང་ཤེས་བཞིན་ཡང་ཡིད་ལ་མི་བྱེད་པར་འགྱུར་ཏེ། ཞི་གནས་ནི་ཆོས་གང་ཡང་ཡིད་ལ་མི་བྱེད་པར་འདོད་པའི་ཕྱིར་རོ། །འོ་ན་ཞི་ལྷག་གི་དམིགས་པ་དེ་ལྟར་གསུངས་པ་ཇི་ལྟར་ཡིན་ཞེ་ན། ཞི་ལྷག་སྤྱིར་བཏང་གི་དམིགས་པ་དེ་ལྟར་གསུངས་པ་ཡིན་གྱི། གཞི་གཅིག་ལ་བཀར་ན་ལྷ་སྐུ་ལ་དམིགས་པའི་ཞི་ལྷག་ལྟ་བུ་ལའང་། སྐུའི་རྣམ་
(༦༦)པ་གསལ་བར་ཡིད་ངོར་དམིགས་ཤིང་སྣང་བའི་ཞི་གནས་དང་། དེའི་རང་བཞིན་འབྱེད་ཅིང་དཔྱོད་པའི་ལྷག་མཐོང་གཉིས་འོང་བ་ལྟར། དམིགས་བྱའི་དོན་ལས་ལོགས་སུ་གྱུར་པའི་ཆོས་གཞན་གང་ཡང་རྣམ་པར་མི་རྟོག་ཅིང་དོན་དེ་ཉིད་ལ་སེམས་འཇོག་པ་ཞི་གནས་དང་། དོན་དེའི་རང་བཞིན་རྣམ་པར་འབྱེད་ཅིང་། རྣམ་པར་རྟོག་པའམ། དེ་ངོ་བོ་ཉིད་མེད་པར་རྟོགས་པའི་ངེས་ཤེས་ལྷག་མཐོང་དུ་འགྱུར་ལ། དེ་ལ་བརྟེན་ནས་དེ་གཉིས་འདྲེས་ཤིང་མི་ཕྱེད་པར་གྱུར་ཏེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་དུ་གྱུར་པ་ཞི་ལྷག་ཟུང་འཇུག་ཏུ་འགྱུར་བ་ཡིན་ནོ། །བདུན་པ་ཞི་ལྷག་གི་འབྲས་བུ་ནི། དགོངས་འགྲེལ་ལས། དེ་དག་གི་འབྲས་བུ་ཡང་གང་ལགས་ཞེས་བགྱི། སེམས་རྣམ་པར་དག་པ་ནི་འབྲས་བུའོ། །ཤེས་རབ་རྣམ་པར་དག་པ་ནི་འབྲས་བུའོ། །ཞེས་ཞི་གནས་ཀྱིས་སེམས་དག་པ་དང་། ལྷག་མཐོང་གིས་ཤེས་རབ་དག་པར་གསུངས་པའི་སེམས་དག་པ་ནི་ཉོན་མོངས་པའི་རྣམ་པར་
(༦༧)རྟོག་པ་དག་པ་ཡིན་ལ། ཤེས་རབ་དག་པ་ནི་མ་རིག་པའི་བག་ཆགས་དག་པའོ། །དེར་ཞི་ལྷག་གཉིས་ཀྱིས་འཆིང་བ་གཉིས་ལས་གྲོལ་བ་ཐོབ་པར་ཡང་གསུངས་ཏེ། དེ་ཉིད་དུ། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ལས་ཅི་ལགས། བྱམས་པ། མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་སྟེ་འཆིང་བ་རྣམ་པ་གཉིས་ལས་རྣམ་པར་གྲོལ་བའོ། །ཞེས་སོ། །གཞན་ཡང་ཞི་གནས་ཀྱིས་ཚེ་འདིར་འདོད་ཡོན་ལ་ཞེན་པ་བཟློག་ཅིང་། མངོན་ཤེས་དང་ཏིང་ངེ་འཛིན་མཐའ་དག་འཆར་པ་དང་། ཕྱི་མ་འདོད་ཆགས་དང་བྲལ་བའི་ལྷའི་ལུས་ཐོབ་པར་བཤད་དེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་དང་། བཤེས་སྤྲིང་དུ། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་
(༦༨)དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །ཅེས་དང་། བྱང་ཆུབ་ལམ་སྒྲོན་ལས། རྣལ་འབྱོར་ཞི་གནས་གྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཞེས་སོ། །ལྷག་མཐོང་གིས་གནས་སྐབས་སུ་འགྲོ་བ་ཀུན་གྱི་བདེ་སྐྱིད་བསྐྱེད་པ་དང་ཆོས་ཀྱི་རང་བཞིན་ཤེས་ནས་ཁམས་གསུམ་ལས་གྲོལ་བར་བཤད་དེ། སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་དང་། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །ཞི་ལྷག་གི་འབྲས་བུ་མཐར་ཐུག་ནི་རྫོགས་པའི་བྱང་ཆུབ་ཐོབ་པ་སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
(༦༩)པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སོ། །ཞི་ལྷག་སྤྱིའི་སྐབས་སུ་རྗེ་སྒམ་པོ་པས། ཞི་གནས་དང་ལྷག་མཐོང་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པས། དེ་གཉིས་ལ་དོན་ལྔ་སྟེ། རྒྱུ་དང་ལས་དང་གེགས་དང་སྒྲིབ་པ་དང་། ལམ་ཡོངས་སུ་དག་པའོ། །ཞི་གནས་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ། ལྷག་མཐོང་གི་རྒྱུ་ཐོས་བསམ་གྱི་ཤེས་རབ་བོ། །ཞི་གནས་ཀྱི་ལས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་བྱེད་པ། ལྷག་མཐོང་གི་ལས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བར་བྱེད་པའོ། །ཞི་གནས་ཀྱི་གེགས་ནི་ལུས་དང་ལོངས་སྤྱོད་ལ་བལྟ་བའོ། །ལྷག་མཐོང་གི་གེགས་
(༧༠)ནི་འཕགས་པའི་གཏན་གྱིས་ཚིམ་པ་མ་ཐོབ་པའོ། །འདུ་འཛིར་གནས་པ་དང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉིས་ཀའི་གེགས་སོ། །སྒྲིབ་པ་ནི། རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་གྱིས་ཞི་གནས་ལ་བསྒྲིབ། གཉིད་དང་རྨུགས་པས་ལྷག་མཐོང་ལ་བསྒྲིབ། འདོད་འདུན་དང་གནོད་སེམས་ཀྱིས་གཉིས་ཀ་ལ་བསྒྲིབ་པའོ། །རྨུགས་པ་དང་གཉིད་ལེགས་པར་ཆོམས་པ་ནི་ཞི་གནས་ཀྱི་ལམ་ཡང་དག་པའོ། །རྒོད་འགྱོད་ལེགས་པར་ཆོམས་པ་ནི་ལྷག་མཐོང་གི་ལམ་ཡོངས་སུ་དག་པའོ། །དེ་གཉིས་ཀྱིས་སྒྲིབ་པ་གཉིས་ལེགས་པར་ཆོམས་པས་འབྲས་བུ་ཆོས་ཀྱི་སྐུ་རྣམ་དག་ཐོབ་པའོ། །ཞེས་གསུངས་སོ། །དེ་དག་གིས་ཞི་ལྷག་ཐུན་མོང་གི་རྣམ་གཞག་བཤད་ཟིན་ཏོ།། ༈ །།གཉིས་པ་ཞི་ལྷག་སོ་སོའི་སྒོམ་རིམ་ལ། ཞི་གནས་ཀྱི་སྒོམ་རིམ། ལྷག་མཐོང་གི་སྒོམ་རིམ། ལྟ་སྒོམ་སྐྱོང་ཚུལ་གྱི་དོགས་གཅོད་གསུམ་ལས། དང་པོ་ལ། ཞི་གནས་སྒྲུབ་པའི་སྦྱོར་བ། དམིགས་པའི་རྣམ་གཞག་
(༧༡)ཞི་གནས་སྒྲུབ་ཚུལ་གསུམ་གྱི། དང་པོ་ནི། སྔར་བཤད་པའི་ཞི་གནས་ཀྱི་རྒྱུ་ཚོགས་མི་བསྟེན་པ་དང་བྱིང་རྒོད་འབྱུང་བའི་རྒྱུ་དབང་པོའི་སྒོ་མི་སྡོམ་པ་དང་ཟས་ཀྱི་ཚོད་མི་ཟིན་པ་སོགས་ངེས་པར་སྤངས་ནས། ཤིན་ཏུ་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པར་བྱ་བ་དང་། རླུང་ཆམ་ལ་ཕབ་ནས་ཕྱི་ནང་དུ་རྒྱུ་བའི་ཚེ་སྒྲ་ཅན་དང་རྔམ་པ་དང་རྒོད་བག་ཅན་དུ་མ་གྱུར་པར་ངལ་བུར་རྩོལ་མེད་དུ་རྒྱུ་བར་བྱས་ལ། སྡུག་བསྔལ་དང་དུ་ལེན་པ་སོགས་ཀྱི་སྒོ་ནས་སྒྲིབ་དགོས་ཏེ། བྱང་ཆུབ་ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་དང་། སྒོམ་རིམ་དང་པོ་ལས། ཞི་གནས་ནི་རྙེད་པ་ལ་སོགས་པ་འདོད་པ་ལ་མི་ལྟ་ཞིང་ཚུལ་ཁྲིམས་ལ་ལེགས་པར་གནས་ལ། སྡུག་བསྔལ་ལ་སོགས་པ་དང་དུ་ལེན་པའི་ངང་ཚུལ་ཅན་དུ་གྱུར་ལ་བརྩོན་འགྲུས་བརྩམས་ན་མྱུར་དུ་འགྲུབ་བོ། །ཞེས་པ་ལྟར་རོ། །གཉིས་པ་ལ། དམིགས་པ་སྤྱིའི་རྣམ་
(༧༢)གཞག །གང་གིས་གང་ལ་དམིགས་ཚུལ། ཐོག་མའི་དམིགས་པ་བཤད་པ། དྲན་ཤེས་ཀྱིས་དམིགས་པ་སྐྱོང་ཚུལ་བཞི་ལས། དང་པོ་ལ། ཁྱབ་པའི་དམིགས་པ་སྤྱད་པ་རྣམ་སྦྱོང་གི །མཁས་པའི། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་བཞིའི། དང་པོ་ནི། དམིགས་པ་ཕྱི་མ་གསུམ་ལ་དམིགས་ཚུལ་གྱི་བྱེ་བྲག་ཞིག་ཡིན་ལ། །འདི་ལ་ཕྱེ་ན་བཞི་ཡོད་པ་ལས། རྣམ་རྟོག་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ནི། གཙོ་བོར་ལྷག་མཐོང་གི་དམིགས་པ་ཡིན་ཡང་། འདིར་ནི་མཚན་བཅས་སྒོམ་པའི་མཚན་མ་ལ་བྱའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ནི། དམིགས་པ་ལ་སེམས་གཏད་ནས། དཔྱོད་བྱེད་ཀྱི་རྣམ་རྟོག་མེད་པར་འཇོག་པའོ། །གཟུགས་བརྙན་ཞེས་པ་ནི་གང་ལ་དམིགས་པའི་དམིགས་ཡུལ་རང་མཚན་པ་དེ་ཉིད་དངོས་མ་ཡིན་པར་དེའི་རྣམ་པ་བློ་ལ་སྣང་བ་ལ་བཤད་དེ། དངོས་པོའི་མཐའ་ལ་དམིགས་པ་ནི། ཇི་ལྟ་བ་ལ་འདི་ཁོ་ན་ལྟར་གནས་ཀྱི་གཞན་དུ་མི་གནས་སོ་སྙམ་དུ་ངེས་པ་དང་། ཇི་སྙེད་པ་ལ་འདི་ཙམ་དུ་ཟད་ཀྱི་འདི་
(༧༣)ལས་གཞན་པ་མེད་དེ་སྙམ་དུ་སེམས་ངེས་པ་ཐོབ་པ་སྟེ་འདིའི་ཡང་སྔ་མ་ལྷག་མཐོང་གི་དམིགས་པའོ། །དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་ནི། དམིགས་པ་རྣམས་ལན་མང་དུ་གོམས་པར་བྱས་པ་ལས་ལུས་སེམས་ཀྱི་གནས་ངན་ལེན་དང་བྲལ་ནས་དོན་གྲུབ་པའོ། །གཉིས་པ་ནི། འདོད་ཆགས་སོགས་ཀྱི་ཉོན་མོངས་པ་སྔར་སྤྱད་སྤྱོད་པ་དང་ཕྱིས་མི་ལྡང་བར་བྱེད་པའི་དམིགས་པ་ཁྱད་པར་ཅན་ཡིན་ལ། འདི་ལ་ལྔ་ཡོད་པ་ལས། མི་སྡུག་པ་ལ་དམིགས་པ་ནི། སྐྲ་དང་སྤུ་དང་བཤང་གཅི་སོགས་ནང་གི་མི་སྡུག་པ་དང་། རྣམ་པར་སྔོས་པ་དང་བམ་པ་སོགས་ཕྱིའི་མི་སྡུག་པ་རྣམས་ལ་དམིགས་པའོ། །བྱམས་པ་ལ་དམིགས་པ་ནི། དགྲ་གཉེན་བར་མ་ཐམས་ཅད་ལ་མཉམ་པར་ཕན་པར་འདོད་པ་དང་བདེ་བར་འདོད་པའི་བློ་བསྐྱེད་པའོ། །རྟེན་འབྲེལ་ལ་དམིགས་པ་ནི། མ་རིག་པ་སོགས་ཀྱི་རྟེན་འབྲེལ་བཅུ་གཉིས་དང་། ལས་འབྲས་སོགས་ཀྱི་རྟེན་འབྲེལ་བསམ་པའོ། །ཁམས་ཀྱི་རབ་དབྱེ་ལ་དམིགས་པ་ནི། ས་ཆུ་མེ་རླུང་ནམ་མཁའི་རྣམ་ཤེས་
(༧༤)ཀྱི་ཁམས་དྲུག་གི་ཆ་རྣམས་སོ་སོར་ཕྱེ་ནས་དམིགས་པའོ། །དབུགས་འབྱུང་རྔུབ་ལ་དམིགས་པ་ནི། དབུགས་ཕྱི་ནང་དུ་འགྲོ་བ་ལ་བགྲང་བ་དང་བལྟ་བ་སོགས་ཀྱི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་བྱེད་པའོ། །གསུམ་པ་ནི། ཕུང་ཁམས་སོགས་ལས་མ་གཏོགས་པའི་གང་ཟག་གི་བདག་འགོག་ནུས་པའི་དམིགས་པ་ཁྱད་པར་ཅན་ཡིན་ལ། འདི་ལའང་ལྔ་ཡོད་པ་ལས། ཕུང་པོ་ལ་མཁས་པ་ནི། གཟུགས་སོགས་ཕུང་པོ་ལྔ་དང་དེ་ལས་གཞན་པའི་བདག་དང་བདག་གི་བ་མེད་པར་ཤེས་པའོ། །ཁམས་ལ་མཁས་པ་ནི། མིག་ལ་སོགས་པའི་ཁམས་བཅོ་བརྒྱད་པོ་རང་རང་གི་ས་བོན་ལས་འབྱུང་བའི་རྒྱུའི་རྐྱེན་ཤེས་པའོ། །སྐྱེ་མཆེད་ལ་མཁས་པ་ནི། ནང་གི་སྐྱེ་མཆེད་དྲུག་དབང་པོའི་རྣམ་ཤེས་དྲུག་གི་བདག་པོའི་རྐྱེན་དང་། ཕྱིའི་སྐྱེ་མཆེད་དྲུག་དམིགས་པའི་རྐྱེན་དང་། འགགས་མ་ཐག་པའི་ཡིད་ནི་དེ་མ་ཐག་པའི་རྐྱེན་དུ་ཤེས་པའོ། །རྟེན་འབྲེལ་ལ་མཁས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ལ་མི་རྟག་པ་དང་
(༧༥)སྡུག་བསྔལ་བ་དང་བདག་མེད་པར་ཤེས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི། དགེ་བ་རྣམས་ལས་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་གནས་དང་། མི་དགེ་བ་རྣམས་ལས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བ་གནས་མ་ཡིན་པ་ཤེས་པ་སྟེ། འདི་ནི་རྟེན་འབྲེལ་ལ་མཁས་པ་དང་ཕྱོགས་འདྲའོ། །བཞི་པ་ནི། ཉོན་མོངས་པ་སྤྱིའི་གཉེན་པོར་འགྲོ་བའི་དམིགས་པ་ཡིན་ལ། འདི་ལ་གཉིས་ཡོད་པའི། ཞི་རགས་ཀྱི་དམིགས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་རྣམས་འོག་མ་འོག་མ་རགས་པ་དང་གོང་མ་གོང་མ་ཞི་བར་དམིགས་པའོ། །བདེན་པ་བཞི་ལ་དམིགས་པ་ནི། སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་བདེན་བཞི་པོ་སོ་སོར་མི་རྟག་པ་སོགས་བཅུ་དྲུག་ལ་དམིགས་པའོ། །འདིའི་སྔ་མས་ཉོན་མོངས་ཀྱི་ས་བོན་ཉམས་སྨད་པ་དང་ཕྱི་མས་རྩད་ནས་སྤོང་བར་བཤད་དོ། །དམིགས་པ་འདི་དག་ཞི་ལྷག་ཐུན་མོང་པའི་དམིགས་པ་ཡིན་ཡང་གཙོ་ཆེ་བའི་དབང་དུ་
(༧༦)བྱས་ནས་ཕལ་ཆེར་གྱིས་ཞི་གནས་ཀྱི་སྐབས་སུ་འཆད་པར་སྣང་ལ། ཞི་གནས་ཀྱི་དམིགས་པར་བྱེད་པ་ལ་ནི་དང་པོར་དམིགས་ཡུལ་དེ་དག་དམིགས་ནས་དེ་དག་གི་རྣམ་པ་ཤར་བ་ལ། སེམས་ཀྱི་ངེས་པ་གང་ཡང་རུང་བ་ཞིག་གི་སྒོ་ནས་རྟོག་དཔྱོད་གཞན་མེད་པར་སེམས་འཛིན་པར་བྱའོ། །གཉིས་པ་ནི། སྤྱད་པ་རྣམ་སྦྱོང་ལ་གང་ཟག་གང་གིས་དམིགས་པ་གང་དམིགས་པ་ལ། ནམ་གྲུས་ཞུས་པའི་མདོ་ཉན་སར་དྲངས་པ་ལས། གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དམིགས་པ་མི་སྡུག་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེ་སྡང་སྤྱོད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱོད་པ་ཞིག་ཡིན་ན་ནི་རྐྱེན་འདི་ཉིད་ཀྱི་བརྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི། ཁམས་ཀྱི་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ཞེས་དང་། རྣམ་པར་རྟོག་པ་སྤང་བ་ཁོ་ན་ཞིག་ཡིན་ན་ནི། དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ལ་
(༧༧)སེམས་ཉེ་བར་གཏོད་པར་བྱེད་དེ། དེ་ལྟར་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ཞེས་པ་ལྟར་རོ། །མཁས་པའི་དམིགས་པ་ལ་གང་ཟག་གང་གིས་དམིགས་པ་གང་དམིགས་པ་ནི། མདོ་དེ་ཉིད་དུ། གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདུ་བྱེད་ཐམས་ཅད་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པའམ། བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཕུང་པོ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ཡིན་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་པ་ལྟར་རོ། །ཉོན་མོངས་རྣམ་སྦྱོང་ལ་གང་ཟག་གང་གིས་དམིགས་པ་གང་དམིགས་
(༧༨)པ་ནི། མདོ་དེ་ཉིད་དུ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། འདོད་པ་རྣམས་ཀྱི་རིགས་པ་ཉིད་དང་གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། གཟུགས་རྣམས་ཀྱི་རགས་པ་ཉིད་དང་གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འཇིག་ཚོགས་ཐམས་ཅད་ལས་སྐྱོ་བར་འདོད་ཅིང་རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི། བདེན་པ་སྡུག་བསྔལ་དང་བདེན་པ་ཀུན་འབྱུང་དང་བདེན་པ་འགོག་པ་དང་བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ཞེས་པ་ལྟར་རོ། །ཉོན་མོངས་ཆ་མཉམ་དུ་སྤྱད་པ་དང་ཉོན་མོངས་ཆུང་བའི་གང་ཟག་ཡིན་ན་སྔར་བཤད་པ་དེ་དག་ལས་གང་དགའ་བའི་དམིགས་པ་ཞིག་ལ་སེམས་བཟུང་བས་ཆོག་སྟེ། ཉན་ས་ལས། ཆ་མཉམ་པར་སྤྱད་པ་དེས་ནི་སེམས་གནས་པ་ཉི་ཚེ་ཙམ་གྱི་ཕྱིར་གང་ལ་དགའ་བར་འགྱུར་པ་དེ་ལ་བརྩོན་པར་བྱའི། སྤྱད་པ་རྣམ་པར་སྦྱང་བའི་ཕྱིར་ནི་མ་ཡིན་ནོ། །ཆ་མཉམ་པར་སྤྱད་པ་
(༧༩)ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཆུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཞེས་སོ། །གསུམ་པ་ནི། སྔར་བཤད་པའི་དམིགས་པའི་རྣམ་གྲངས་དེ་དག་ལས་ཐོག་མར་གང་ལ་དམིགས་པར་བྱ་སྙམ་ན། གང་ཟག་རང་རང་གི་སོ་སོའི་དམིགས་པ་ལ་སྦྱང་བ་ཡིན་ཡང་། རྣམ་རྟོག་ཤས་ཆེ་བ་དག་ནི་རླུང་སྒོམ་པ་གནད་དུ་ཆེ་ཞིང་། ཐོག་མར་སེམས་འཛིན་གྱི་ཡན་ལག་གཅིག་ཁོ་ན་ལ་བརྟེན་དགོས་ཏེ། ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་དང་། འཕགས་པ་དཔའ་བོས་ཀྱང་། དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུག་པར་འགྱུར། །ཞེས་པ་ལྟར་རོ། །ཐོག་མའི་དམིགས་རྟེན་ནི་མ་ངེས་པ་ཅི་རིགས་བཤད་དེ། སློབ་དཔོན་བྱང་ཆུབ་བཟང་པོས། འདིར་ཞི་གནས་ནི་གཉིས་ཏེ། ཁ་ནང་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པ་ལ་དམིགས་པའོ། །དེ་ལ་ཁ་ནང་དུ་བལྟས་
(༨༠)པ་ལ་ཡང་གཉིས་ཏེ། ལུས་ལ་དམིགས་པ་དང་། ལུས་ལ་བརྟེན་པ་ལ་དམིགས་པའོ། །དེ་ལ་ལུས་ལ་དམིགས་པ་ལ་ཡང་གསུམ་སྟེ། ལུས་ཉིད་ལ་ལྷའི་རྣམ་པར་དམིགས་པ་དང་། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང་། ཁ་ཊྭཱྃ་ག་ལ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་པ་ལ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་མཚན་མ་ཕྲ་མོ་ལ་དམིགས་པ་དང་ཐིག་ལེ་ལ་དམིགས་པ་དང་འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་དགའ་བ་དང་བདེ་བ་ལ་དམིགས་པའོ། །ཁ་ཕྱིར་བལྟས་པ་ལ་དམིགས་པ་ལ་གཉིས་ཏེ། ཁྱད་པར་ཅན་དང་ཕལ་པའོ། །དེ་ལ་ཁྱད་པར་ཅན་ལ་གཉིས་ཏེ། སྐུ་ལ་དམིགས་པ་དང་གསུང་ལ་དམིགས་པའོ། །ཞེས་སོ། །དེ་ལྟར་ན་ཁ་ཅིག་རྡེའུ་ཤིང་བུ་དང་ཐིག་ལེ་ལ་སེམས་འཛིན་པ་འགོག་པ་ནི་རྣམ་གཞག་མ་མཐོང་བར་ཟད་དོ། །འོན་ཀྱང་སྒོམ་རིམ་ཕལ་ཆེར་དུ་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་ལ་སེམས་འཛིན་བྱེད་པར་བཤད་པ་ནི་བསོད་ནམས་སྐྱེ་བ་
(༨༡)དང་ཚོགས་བསག་སྒྲིབ་སྦྱོང་དུ་འགྱུར་བ་སོགས་ཀྱི་དགོས་པ་རྒྱ་ཆེ་བས་ཤིན་ཏུ་ལེགས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་ མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང ་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་དང་། སྒོམ་རིམ་ཐ་མ་ལས། དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། ཞེས་སོ། །དེ་ལྟར་ན་དེ་ལྟ་བུའི་དམིགས་རྟེན་གཅིག་ལ་སེམས་གནས་བསྒྲུབས་ཏེ་དེ་ལ་ཡིད་ཁུགས་ནས་བརྟན་པར་གྱུར་པ་ན། ཕྱིས་ནི་སྔར་བཤད་པའི་དམིགས་པ་རྣམས་ལའང་ཅི་རིགས་པར་འཇུག་པ་ཡིན་ཏེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་ལ་བྱེད་པ་ཁུགས་པར་བྱེད་པ་དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་བྱེ་བྲག་གིས་རྒྱས་པར་དམིགས་པར་བྱེད་པ་ཁོ་ན་སྟེ།
(༨༢)ཞེས་སོ། །བཞི་པ་ནི། ཏིང་ངེ་འཛིན་གྱི་ཚུལ་སྒྲུབ་པ་ལ་ཤིན་ཏུ་གནད་ཆེ་བ་ཞིག་ཡིན་ཏེ། དེ་ལ་དྲན་ཤེས་དང་བྱིང་རྒོད་ངོས་འཛིན་རྣམས་སྔར་བཤད་པ་ལྟར་ངེས་པར་བྱས་ནས། འདིར་དྲན་པས་སེམས་དམིགས་པ་ལས་གཞན་དུ་མི་གཡེང་བའི་དྲན་རྒྱུན་ལེགས་པར་བཟུང་ནས། ཤེས་བཞིན་གྱིས་དེ་ལས་གཞན་དུ་སེམས་འཕྲོ་མི་འཕྲོ་སོགས་ངོ་ཤེས་པར་བྱ་སྟེ། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ། གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང་། གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །ཞེས་སོ། །དེ་ཡང་སེམས་གླང་པོ་མ་དུལ་བ་དང་འདྲ་བ་དེ། དམིགས་པ་ཀ་བ་བརྟན་པོ་དང་འདྲ་བ་ལ། དྲན་པ་ཐག་པ་དང་འདྲ་བས་བཅིངས་ནས་མི་སྡོད་ན། ཤེས་བཞིན་ལྕགས་ཀྱུ་དང་འདྲ་བས་བཏབ་སྟེ་རིམ་པས་རང་དབང་དུ་བྱ་བའི་དཔེ་དོན་བཤད་དེ། དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་
(༨༣)བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་སོ། །དེ་ཡང་ཧ་ཅང་བརྩོན་པ་ཆེས་ནས་བསྒྲིམས་དྲགས་ན་རྒོད་པ་སྐྱེ་ཞིང་། ཧ་ཅང་གློད་དྲགས་ནའང་སེམས་ནང་དུ་ཞུམ་ནས་བྱིང་བ་སྐྱེ་བས་གྲིམ་གློད་སྙོམས་པའི་མཚམས་ནས་ཏིང་ངེ་འཛིན་སྐྱོན་མེད་བཙལ་ལ་དེ་ཉིད་སྐྱོང་བ་ཡིན་ཏེ། ཙནྟྲ་གོ་མིས། བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་རིགས་པར་མཉམ་འཇུག་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་དང་། བཤགས་བསྟོད་ལས་ཀྱང་། འབད་པས་འཇུག་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་གློད་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་དབུ་མར་སྒྲུབ་པའང་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་སོ། །གསུམ་པ་ཞི་གནས་སྒྲུབ་ཚུལ་ལ། འདུ་བྱེད་བརྒྱད་ཀྱིས་སེམས་གནས་སྒྲུབ་ཚུལ། སེམས་གནས་དགུའི་རིམ་པས་འགྲུབ་ཚུལ། སེམས་དེ་དག་སྟོབས་དྲུག་གིས་འགྲུབ་ཚུལ། དེ་
(༨༤)དག་པ་ཡིད་བྱེད་བཞི་ཡོང་ཚུལ་བཞིའི། དང་པོ་ནི། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇུག་པ་ལ། །ཞེས་གསུངས་ཏེ། དེ་ལ་ཉེས་པ་ལྔ་དང་འདུ་བྱེད་བརྒྱད་ཀྱི་ངོས་འཛིན་ནི་སྔར་བཤད་ཟིན་ལ། དེ་དེས་ཇི་ལྟར་སྤངས་ནས་བསམ་གཏན་སྒྲུབ་ཅེ་ན། ཐོག་མར་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་ཞིང་ངོའི་མི་མཐུན་ཕྱོགས་ལ་དགའ་བའི་ལེ་ལོ་གསུམ་སྐྱེས་པ་ན། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ནས་ཡིད་ཕྲོགས་པའི་དད་པ་གསུམ་བསྐྱེད། ཏིང་ངེ་འཛིན་ལ་བློ་ཁ་ཤིན་ཏུ་ཕྱོགས་ཤིང་དོན་དུ་གཉེར་བའི་འདུན་པ་དྲག་ཅིང་བརྟན་པར་བྱ། ལེ་ལོའི་
(༨༥)སྐྱོན་དང་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ནས་དེའི་སྤང་བླང་ལ་རྩོལ་བ་སྟེ་བརྩོན་འགྲུས་ཆེན་པོ་བསྟེན། ལུས་སེམས་ལ་ངལ་དུབ་བྱུང་བ་ན་སྡུག་བསྔལ་དེ་དང་དུ་བླངས་ནས་རིམ་པས་ལུས་སེམས་ལ་ཤིན་ཏུ་སྦྱངས་པ་བསྐྱེད། སེམས་དམིགས་པ་ལ་བཅུག་པ་ན་གདམས་ངག་བརྗོད་ནས་ཡིད་གཞན་དུ་གཡེངས་པའི་ཚེ་དྲན་པའི་ཤུགས་རྒྱུན་ཆགས་སུ་བསྐྱེད་ནས་སླར་སྔར་གྱི་དམིགས་པ་དེ་ཉིད་ལ་སེམས་བསྡུས་ནས་འཇོག །དེའི་ཚེ་བྱིང་རྒོད་ཀྱི་སྐྱོན་བྱུང་བའམ་བྱུང་དུ་དོགས་པ་ན་ཤེས་བཞིན་གྱི་བྱ་ར་བྱས་ནས་དེ་ངོ་ཤེས་པར་བྱ། བྱིང་རྒོད་ཀྱིས་གཡེངས་ནས་དམིགས་པ་ལ་འདུ་མི་བྱེད་པའམ་མི་རྩོལ་བའི་ཚེ་བསྒྲིམ་གློད་ལ་སོགས་པའི་སྒོ་ནས་བྱིང་རྒོད་སེལ་བའི་རྩོལ་བའམ་བརྩོན་འགྲུས་བསྐྱེད་ལ་སྒོམ། བྱིང་རྒོད་ཀྱི་དཔལ་ཚོགས་ནས་ཀྱང་སེམས་ཧ་ཅང་འདུ་བྱེད་པས་གཡོ་བར་གྱུར་པའི་ཚེ་ཡིད་གང་དུའང་འདུ་མི་བྱེད་པའི་བཏང་སྙོམས་ལ་བཞག་ནས་ཏིང་ངེ་འཛིན་དེ་འཚོ་སྐྱོང་མཁས་
(༨༦)པར་བྱ་བ་རྣམས་ཡིན་ལ། ཞི་གནས་སྒྲུབ་ཚུལ་འདི་ཉིད་སྒོམ་རིམ་གྱི་གཞུང་དང་མན་ངག་ཕལ་ཆེར་ལ་གྲགས་ཆེ་བ་ཡིན་ནོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོགས་གསུངས་པའི་དོན་ཡིན་ཏེ། དེ་ལ་སེམས་དགུ་ཡོད་པ་ལས། དང་པོ་སེམས་འཇོག་པ་ནི། སེམས་ཕྱི་རོལ་གྱི་ཡུལ་སྣང་སོགས་ལ་ཀུན་ཏུ་འཕྲོ་ཞིང་ཡོངས་ནས་མི་གནས་པ་དེ་ཉིད་ཡང་དག་པར་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པ་སྟེ། དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་སོ། །གཉིས་པ་རྒྱུན་དུ་འཇོག་པ་ནི། དང་པོར་དམིགས་པ་ལ་གཏད་པའི་སེམས་དེ་ཉིད་གཞན་དུ་ཡེངས་ནི་གཏོང་བར་དེའི་རྒྱུན་མཐུད་ནས་འཇོག་པ་སྟེ། དེའི་རྒྱུན་རྣམ་པར་གཡེངས་མི་བྱ། །ཞེས་སོ། །གསུམ་པ་བླན་ཏེ་འཇོག་པ་ནི། གལ་ཏེ་བརྗོད་ངེས་ཀྱིས་གཞན་དུ་ཡེངས་ན་དེ་ཤེས་པར་བྱས་ནས་སླར་དམིགས་པ་དེ་ཉིད་ལ་སྦྱོར་བར་བྱེད་པ་སྟེ། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བླན་པར་བྱ། །ཞེས་སོ། །
(༨༧)བཞི་པ་ཉེ་བར་འཇོག་པ་ནི། སེམས་འཕྲོ་ཡུལ་རྒྱ་ཆེ་བ་ལས་མང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང་དུ་རྩེན་གྱིས་འཇོག་པ་སྟེ། བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །ཞེས་སོ། །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ཏེ་དེ་ཉིད་ལ་ནན་ཏན་དུ་བྱས་པས་སེམས་འདུལ་བར་བྱེད་པ་སྟེ། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །ཞེས་སོ། །དྲུག་པ་ཞི་བར་བྱེད་པ་ནི། རྣམ་གཡེང་གི་ཉེས་སྐྱོན་བསམས་ནས་ཏིང་ངེ་འཛིན་ལ་མི་དགའ་བའི་སེམས་ཞི་བར་བྱེད་པ་སྟེ། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །ཞེས་སོ། །བདུན་པ་རྣམ་པར་ཞི་བར་བྱེད་པ་ནི། ཆགས་སེམས་དང་ཡིད་མི་བདེ་བ་དང་རྨུགས་གཉིད་ལ་སོགས་པ་ཏིང་ངེ་འཛིན་ལ་སྐྱོན་བྱུང་ན་སོ་སོའི་ཐབས་ཀྱིས་དེ་དག་ཉེ་བར་ཞི་བར་བྱེད་པ་སྟེ། ཆགས་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་སོ། །བརྒྱད་
(༨༨)པ་རྩེ་གཅིག་ཏུ་བྱེད་པ་ནི། ཏིང་ངེ་འཛིན་དེ་ཉིད་མངོན་པར་འདུ་བྱེད་པ་དང་བཅས་པས་ཕྱིས་ནས་འབད་མེད་རྒྱུན་ཆགས་སུ་འབྱུང་བ་ཐོབ་པའི་ཕྱིར་གོམས་པར་བྱེད་པ་སྟེ་དེ་ནས་སྡོམ་བརྩོན་ཅན་གྱིས་ནི། སེམས་ལ་མངོན་པར་འདུ་བྱེད་བཅས། རང་གི་ངང་གིས་འབྱུང་བ་ཐོབ། །ཅེས་སོ། །དགུ་པ་མཉམ་པར་འཇོག་པ་ནི། སེམས་བརྒྱད་པ་དེ་གོམས་པར་བྱས་པ་ལས་འབད་མེད་ལྷུན་གྲུབ་ཏུ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་སྟེ། དེ་གོམས་པ་ལས་འདུ་མི་བྱེད། །ཅེས་སོ། །གསུམ་པ་ནི། སྟོབས་དྲུག་གི་སྒོ་ནས་ཞི་གནས་སྒྲུབ་པར་ཉན་ས་ལས་གསུངས་པ་ལྟར་ན། ཐོས་པའི་སྟོབས་དང་། བསམ་པའི། དྲན་པའི། ཤེས་བཞིན་གྱི། བརྩོན་འགྲུས་ཀྱི། འདྲིས་པའི་སྟོབས་དང་དྲུག་གི །ཐོས་པའི་སྟོབས་ཀྱིས་འཇོག་པའི་སེམས་འགྲུབ་སྟེ། སེམས་དམིགས་པ་ལ་འཇོག་ཚུལ་གཞན་ལས་ཐོས་པ་ཙམ་གྱིས་རང་གིས་ཀྱང་དམིགས་པ་ལ་སེམས་འཇོག་པར་ནུས་པ་སོ། །བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པའི་སེམས་འགྲུབ་སྟེ། དང་པོར་དམིགས་པ་ལ་བརྟགས་
(༨༩)པ་དེ་ཡང་ཡང་བསམས་ནས་བསྐྱངས་པས་རྒྱུན་མཐུད་ནས་ཅུང་ཟད་འཇོག་ནུས་པས་སོ། །དྲན་པའི་སྟོབས་ཀྱིས་བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པའི་སེམས་གཉིས་འགྲུབ་སྟེ། དམིགས་པ་ལས་ཡེངས་པ་ན་དྲན་པས་སྔར་གྱི་དམིགས་པ་དྲན་ནས་ནང་དུ་སྡུད་པ་དང་། ཐོག་མ་ཉིད་ནས་དྲན་པའི་སྟོབས་བསྐྱེད་པའི་ཤུགས་ཀྱིས་དམིགས་པ་ལས་མི་ཡེངས་པར་བྱེད་པས་སོ། །ཤེས་བཞིན་གྱི་སྟོབས་ཀྱིས་དུལ་བར་བྱེད་པ་དང་། ཞི་བར་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་བའི་ཉོན་མོངས་པ་སྐྱེ་ཞིང་དེ་ལ་སེམས་འཕྲོ་བ་ཤེས་བཞིན་གྱིས་རིག་ཅིང་དེ་དག་གི་ཉེས་དམིགས་མཐོང་བས་དེ་གཉིས་ལ་སེམས་འཕྲོར་མི་གཏོང་བས་སོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་ཕྲ་མོ་ཙམ་ཡང་དང་དུ་མི་ལེན་པར་རྩོལ་བས་སྤངས་ཏེ་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་མི་ནུས་པའི་ཏིང་ངེ་འཛིན་རྒྱུན་ཆགས་པར་བྱེད་པས་སོ། །འདྲིས་པའི་སྟོབས་ཀྱིས་
(༩༠)མཉམ་པར་འཇོག་པའི་སེམས་འགྲུབ་སྟེ། སྔ་མ་ལ་འདྲིས་ཤིང་གོམས་པའི་སྟོབས་ཀྱིས་རྩོལ་མེད་དུ་རང་གི་ངང་གིས་ཏིང་ངེ་འཛིན་ལ་འཇུག་པར་བྱེད་པས་སོ། །བཞི་པ་ནི། གོང་གི་སེམས་གནས་དགུ་ལ་ཡིད་བྱེད་བཞི་འཇུག་པར་བཤད་པའི་ཡིད་བྱེད་ནི། བསྒྲིམས་ཏེ་འཇུག་པ་དང་། ཆད་ཅིང་འཇུག་པ་དང་། ཆད་པ་མེད་པར་འཇུག་པ་དང་། ལྷུན་གྲུབ་ཀྱི་འཇུག་པ་བཞི་ལས། སེམས་དང་པོ་གཉིས་ཀྱི་སྐབས་སུ་འབད་པ་ཆེན་པོས་བསྒྲིམ་དགོས་པས་བསྒྲིམས་ཏེ་འཇུག་པ་དང་། དེ་ནས་སེམས་ལྔའི་སྐབས་སུ་བྱིང་རྒོད་ལ་སོགས་པས་བར་དུ་བཅད་ནས་ཡུན་རིང་མོ་སྐྱོང་མི་ནུས་པས་བར་དུ་ཆད་ཅིང་འཇུག་པ་དང་། སེམས་བརྒྱད་པ་ལ་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་མི་ནུས་པར་ཡུན་རིང་དུ་སྐྱོང་ཐུབ་པས་སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། སེམས་དགུ་པ་ལ་ཏིང་ངེ་འཛིན་རྒྱུན་དུ་འབད་རྩོལ་དྲག་པོ་མི་དགོས་པར་རང་གི་ངང་གིས་འབྱུང་བས་ལྷུན་གྲུབ་ཀྱི་འཇུག་པ་རྣམས་ཡོད་དེ། ཉན་ས་ལས། དེ་ལ་སེམས་གནས་པ་དགུ་པོ་དེ་དག་ལ་ཡིད་ལ་བྱེད་པ་བཞི་ཡོད་པར་རིག་
(༩༡)པར་བྱ་སྟེ། བསྒྲིམས་ཏེ་འཇུག་པ་དང་། བར་དུ་ཆད་ཅིང་འཇུག་པ་དང་། སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །བསྡུས་ཏེ་འཇོག་པར་བྱེད་པ་དང་ཉེ་བར་འཇོག་པར་བྱེད་པ་དང་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་དང་ཉེ་བར་ཞི་བར་བྱེད་པ་ལ་ནི་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །རྒྱུད་གཅིག་ཏུ་བྱེད་པ་ལ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཏིང་ངེ་འཛིན་དུ་བྱེད་པ་ལ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཞེས་སོ། །འདིར་སེམས་གནས་དགུའི་མིང་གོང་དང་མི་འདྲ་བ་ཙམ་རེ་བྱུང་ཡང་ངོ་བོ་གཅིག་ཡིན་ནོ། །འོ་ན་སེམས་དང་པོ་གཉིས་ལའང་ཆད་ཅིང་འཇུག་པ་ཡོད་ལ། བར་པ་ལྔ་ལའང་བསྒྲིམས་ཏེ་འཇུག་དགོས་པ་ཡོད་པས་ཚུལ་དེ་ལྟར་བཤད་པ་ཇི་ལྟར་ཡིན་སྙམ་ན། དེ་ལྟར་ཡོད་ཀྱང་དང་པོ་གཉིས་ལ་སེམས་ཏིང་ངེ་འཛིན་དུ་མི་འགྲོ་བ་
(༩༢)ཤས་ཆེ་བས་བསྒྲིམས་ཏེ་འཇུག་པའི་ཐ་སྙད་དང་། བར་པ་ལྔ་ལ་ཏིང་ངེ་འཛིན་དུ་འགྲོ་བ་ཤས་ཆེ་བས་ཆད་ཅིང་འཇུག་པའི་ཐ་སྙད་གསུངས་པར་སྣང་ངོ་། །དེ་ལྟ་བུའི་ཞི་གནས་ཀྱི་ཚུལ་སྒྲུབ་པར་བྱེད་པ་ལའང་གཡེང་བ་ངན་པ་དང་བསྲེས་ནས་ཆེས་འཇོག་ཏུ་བསྒྲུབས་ན་ལོ་སྟོང་ཕྲག་སོང་ཡང་འགྲུབ་དཀའ་བ་དང་། དེ་ལས་བཟློག་སྟེ་སྔར་བཤད་པའི་རྒྱུ་ཚོགས་རྣམས་བསྟེན་པ་དང་། གཡེང་བ་ངན་པས་བར་མ་ཆད་པར་བརྩོན་པ་རྒྱུན་ཆགས་སུ་བསྐྱེད་ན་རིང་པོར་མི་ཐོགས་པར་ཏིང་ངེ་འཛིན་འགྲུབ་པར་བཤད་དེ། ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། རྒྱུན་མི་ཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་ཞིང་ངལ་སོ་ན། །གཙུབས་པས་མི་ཕྱིན་མི་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་བཏང་མི་བྱ། །ཞེས་པ་
(༩༣)ལྟར་རོ། །དེ་དག་གིས་ཞི་གནས་ཀྱི་སྒོམ་རིམ་བཤད་ཟིན་ཏོ།། ༈ །།གཉིས་པ་ལྷག་མཐོང་གི་སྒོམ་རིམ་ལ། ལྷག་མཐོང་སྤྱིའི་སྒོམ་ཚུལ་དང་། ལྷག་མཐོང་གི་ལྟ་བ་བསྐྱེད་ཚུལ་གཉིས་ཀྱི། དང་པོ་ནི། སྤྱིར་ལྷག་མཐོང་ལ། འཇིག་རྟེན་པའི་ལྷག་མཐོང་དང་། འཇིག་རྟེན་ལས་འདས་པ་དམན་པའི་ལྷག་མཐོང་དང་། ཐེག་ཆེན་པའི་ལྷག་མཐོང་གསུམ་ལས། སྔ་མ་ནི་ཞི་རགས་ཀྱི་རྣམ་པ་ལ་དམིགས་པའི་ལྷག་མཐོང་དང་། བར་པ་ནི་བདེན་བཞི་ལ་དམིགས་ནས་གཙོ་བོར་གང་ཟག་གི་བདག་འགོག་པའི་ལྷག་མཐོང་ཡིན་ལ། ཕྱི་མ་ནི་འདིར་བསྒོམ་པར་བྱ་བའི་ལྷག་མཐོང་ཡིན་ནོ། །དེ་ལ་དགོངས་འགྲེལ་དུ་ལྷག་མཐོང་གི་དབྱེ་བ་གསུམ་གསུངས་པའི། མཚན་མ་ལས་བྱུང་བ་ནི། ལྷག་མཐོང་གི་སྦྱོར་བ་དམིགས་པའི་ཡུལ་མཚན་མ་ལ་འཇུག་པའི་ཤེས་རབ་རྣམས་དང་། ཡོངས་སུ་འཚོལ་བ་ལས་བྱུང་བ་ནི། ལྟ་བའི་གནས་ལུགས་དེ་དང་དེར་མ་རྟོགས་པ་རྟོགས་
(༩༤)པར་བྱེད་པའི་ཤེས་རབ་རྣམས་དང་། སོ་སོར་རྟོག་པ་ལས་བྱུང་བ་ནི། དེས་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བའི་ཤེས་རབ་རྣམས་ལ་བཤད་ལ། དེའི་ཕྱི་མ་ནི་ངེས་དོན་གྱི་ལྟ་བ་རྙེད་ནས་སྒོམ་པ་ལ་བྱེད་དོ། །ཡང་དགོངས་འགྲེལ་དང་ཀུན་ལས་བཏུས་སུ་ལྷག་མཐོང་བཞི་གསུངས་པའི། ཆོས་རྣམ་འབྱེད་ནི། སྤྱད་པ་རྣམ་སྦྱོང་གི་དམིགས་པ་སོགས་ཀྱི་སྒོ་ནས་ཇི་སྙེད་པའི་ཆོས་ལ་དམིགས་པའི་ཤེས་རབ་དང་། རབ་ཏུ་རྣམ་འབྱེད་ནི། དེ་བཞིན་དུ་ཇི་ལྟ་བའི་ཆོས་ལ་དམིགས་པའི་ཤེས་རབ་དང་། ཡོངས་སུ་རྟོག་བྱེད་ནི། རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པའི་སྒོ་ནས་ཇི་ལྟ་ཇི་སྙེད་ཀྱི་དོན་རགས་པ་རྣམ་འབྱེད་ཀྱི་ཤེས་རབ་དང་། ཡོངས་སུ་དཔྱོད་བྱེད་ནི། ཇི་ལྟ་ཇི་སྙེད་ཀྱི་དོན་ཕྲ་བ་ཡང་དག་པར་རྣམ་འབྱེད་ཀྱི་ཤེས་རབ་ལ་བཤད་དོ། །ཡང་ཉན་སར། དབྱེ་བ་རྣམ་པ་དྲུག་གི་ལྷག་མཐོང་གསུངས་ཤིང་། དེས་ལྷག་མཐོང་ཐམས་ཅད་བསྡུད་པར་བཤད་པའི་དབྱེ་བ་དྲུག་ནི་
(༩༥)དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་འཚོལ་བ་དྲུག་སྟེ། དེའི་དོན་ནི་ཡོངས་སུ་འཚོལ་བ་ལས་བྱུང་བའི་ལྷག་མཐོང་གི་འཚོལ་ལུགས་སུ་སྣང་ངོ་། །ཡང་མདོ་སྡེ་རྒྱན་དུ། ཡིད་ཀྱི་བརྗོད་པ་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཞེས་པའི་འགྲེལ་བར་སློབ་དཔོན་དབྱིག་གཉེན་གྱིས། ཚིགས་སུ་བཅད་པ་བཞི་པོ་འདིས་ནི་ཡིད་ལ་བྱེད་པ་བཅུ་གཅིག་བསྟན་ཏེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང་། ཞི་གནས་ཡིད་ལ་བྱེད་པ་དང་། ལྷག་མཐོང་ཡིད་ལ་བྱེད་པ་དང་། ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པ་དང་། རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། རྟག་ཏུ་བྱ་བ་ཡིད་ལ་བྱེད་པ་དང་། གུས་པར་བྱ་བ་ཡིད་ལ་བྱེད་པའོ། །ཞེས་ལྷག་མཐོང་
(༩༦)གི་ཚུལ་བཅུ་གཅིག་བཤད་དེ། དེ་དག་ཀྱང་སྔ་མ་རྣམས་ལྟ་བ་འཚོལ་བ་དང་། བར་པ་རྣམས་ལྟ་བ་སྒོམ་པ་དང་། ཕྱི་མ་རྣམས་ལྟ་བ་ལ་ནན་ཏན་དུ་བྱེད་པའི་ལྷག་མཐོང་གི་རྣམ་གཞག་ཏུ་སྣང་ལ། མདོར་ན་མདོ་དང་སྒོམ་རིམ་རྣམས་སུ་ཤིང་གཉིས་གཙུབས་པ་ལས་མེ་འབྱུང་བའི་དཔེས། ལྷག་མཐོང་གི་སྦྱོར་བའི་དུས་སུ་སོ་སོར་རྟོག་པ་དང་དཔྱོད་པའི་ཤེས་རབ་དགོས་པ་དང་། མཐར་ཤིང་དེ་ཡང་མེ་དེ་གཉིས་ཀྱིས་བསྲེགས་ནས་མེ་དང་ཤིང་གཉིས་ཀ་ཞི་བའི་དཔེས་ལྷག་མཐོང་དངོས་གཞིའི་སྐབས་སུ་རྟོག་དཔྱོད་སོགས་ཀྱི་དམིགས་པ་མེད་པར་བཤད་པ་དང་། ཇོ་བོ་ཆེན་པོའི་དབུ་མའི་མན་ངག་ཏུའང་དེ་ལྟར་བཤད་པས་ལྷག་མཐོང་གི་སྒོམ་རིམ་ལ་ལྟ་བ་བསྐྱེད་པ་ཉིད་གལ་ཆེ་བ་ཡིན་ནོ། །གཉིས་པ་ལ། ལྟ་བ་གཏན་ལ་འབེབས་ཚུལ་གྱི་རྣམ་གྲངས་དང་། སྐབས་སུ་བབ་པའི་ལྟ་བ་གཏན་ལ་འབེབས་ཚུལ་གཉིས་ཀྱི། དང་པོ་ནི། བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ལྟར་ན། ལྟ་བ་འཚོལ་བའི་ཚེ་གཅིག་ལ་དུ་མར་སྣང་བ་དང་ལྷན་ཅིག་དམིགས་ངེས་ལ་སོགས་པའི་རིགས་པས་གཟུང་
(༩༧)བའི་ཡུལ་མ་གྲུབ་པར་བྱ་བ་སེམས་ཙམ་གྱི་རིགས་པ་དང་། གཟུང་བའི་ཡུལ་མེད་ན་འཛིན་པའི་སེམས་ཀྱང་མ་གྲུབ་པར་བྱ་བ་མེད་ན་མི་འབྱུང་བའམ་དབུ་མའི་རིགས་པ་གཉིས་ཀྱིས་གཟུང་འཛིན་གཏན་ལ་ཕབ་ནས། ལྟ་བ་དངོས་གཞི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཞེད། ཀླུ་སྒྲུབ་ཡབ་སྲས་ལྟར་ན། དབུ་མ་རང་རྒྱུད་པ་རྣམས་ལྟ་བ་འཚོལ་བའི་ཚེ། གཟུང་འཛིན་གྱི་ཆོས་ཐམས་ཅད་གཅིག་དུ་བྲལ་གྱི་རིགས་པས་གཞིགས་ཤིང་དཔྱད་པ་ན་གཞན་གང་དུའང་མ་གྲུབ་ཅིང་མ་རྙེད་པར། ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིག་ཁས་བླངས་ནས་ཡུལ་ཅིར་ཡང་མི་དམིགས་པར་འཇོག་པ་ལ་ལྟ་བ་དངོས་གཞི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཐ་སྙད་འདོགས་པར་བཞེད། དབུ་མ་ཐལ་འགྱུར་བ་ལྟར་ན། ལྟ་བ་འཚོལ་བའི་ཚེ་འཁོར་བའི་རྩ་བ་བདག་དང་བདག་གིར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པ་དེས་གཙོས་པའི་ཡུལ་ཡུལ་ཅན་གྱི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་རྣམས་ལ། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་
(༩༨)ནས་སྟོང་པ་གཏན་ལ་ཕབ་སྟེ་དེས་ཡོད་པའི་མཐའ་བསལ། རྟེན་འབྱུང་གི་རིགས་པས་སྣང་བ་གཏན་ལ་ཕབ་སྟེ་དེས་མེད་པའི་མཐའ་བསལ་ལ། ལྟ་བ་དངོས་གཞི་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་སྣང་བ་དང་སྟོང་པ་ཟུང་འཇུག་ཅིག་བཞེད་པར་སྣང་ངོ་། །རྒྱ་བོད་ཀྱི་མན་ངག་པ་མང་པོས། གཟུང་འཛིན་གྱི་ཆོས་ཐམས་ཅད་རང་གི་སེམས་སུ་ངེས་པར་བྱས་ལ། སེམས་ཀྱང་ཡོད་མེད་སྐྱེ་འགག་ལ་སོགས་པའི་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་བཞིན་གྱི་སྟོང་ཉིད་དུ་གཏན་ལ་ཕབ་ནས། མཐར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་ལ་ལྟ་བར་འཇོག་པ་སོགས་བཤད་ཚུལ་སྣ་ཚོགས་པ་ཞིག་སྣང་ཡང་། སྐབས་འདིར་གཞུང་ལུགས་སྤྱི་ལ་གྲགས་ཆེ་བའི་ལྷག་མཐོང་སྒོམ་ཚུལ་ཅུང་ཟད་བཤད་པར་བྱའོ། །གཉིས་པ་ལ། བདག་མེད་སྒོམ་ཚུལ་སྤྱིར་བསྟན་པ་དང་། ལྟ་བ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། བདག་མེད་སྒོམ་དགོས་པའི་རྒྱུ་མཚན། བདག་མེད་གཉིས་སྒོམ་
(༩༩)ཚུལ། དེས་ལྟ་བ་བསྐྱེད་ཚུལ་གསུམ་གྱི། དང་པོ་ནི། ཐོག་མར་བདག་དང་བདག་འཛིན་ངོས་བཟུང་བར་བྱ་སྟེ། དེ་ཡང་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་ཆོས་གང་ལའང་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ནས། ཆོས་དང་གང་ཟག་སོ་སོའི་རང་བཞིན་དུ་ཞེན་ཅིང་འཛིན་པ་ནི་བདག་གཉིས་དང་། རང་བཞིན་མེད་པ་ནི་བདག་མེད་པ་གཉིས་སུ་བཤད་དེ། ཟླ་བ་གྲགས་པས་བཞི་བརྒྱ་པའི་འགྲེལ་པར། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལུས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་སོ། །དེ་ལ་ཆོས་ནི་གཟུང་འཛིན་གྱིས་བསྡུས་པའི་རང་གི་མཚན་ཉིད་འཛིན་པ་དང་། གང་ཟག་ནི་རིག་པ་དང་བཅས་པའི་ཉེར་ལེན་གྱི་ཕུང་པོའི་རྒྱུན་འཛིན་པ་ལ་བཤད་དེ། མདོ་སིལ་བུ་ལས། མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཞེས་དང་
(༡༠༠)རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །ཞེས་སོ། །གང་ཟག་དེས་རྟག་པ་དང་གཅིག་པུར་བཟུང་ནས་ངའོ་བདག་གོ་སྙམ་དུ་ཞེན་ཅིང་འཛིན་པ་གང་ཟག་གི་བདག་དང་། དེའི་ཕུང་སོགས་ཀྱི་ཆོས་རྣམས་ལ་རང་མཚན་པའི་དངོས་པོ་གཞན་དུ་ཞེན་ཅིང་འཛིན་པ་ཆོས་ཀྱི་བདག་ཡིན་ལ། བདག་དེ་གཉིས་ཀྱིས་ལས་ཉོན་ལ་སོགས་པའི་ཉེས་སྐྱོན་ཐམས་ཅད་བསྐྱེད་པ་སྟེ། ཆོས་གྲགས་ཀྱིས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོ། །དེ་ལྟར་ན་བདག་འཛིན་གྱིས་བསྒྲུབ་པའི་འཁོར་བ་སྤོང་བ་ལ་བདག་མེད་ཀྱི་དོན་སྒོམ་པ་གལ་ཆེ་སྟེ། ཆོས་གྲགས་ཀྱིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤང་བར་ནི་ནུས་མ་ཡིན། །ཞེས་དང་། བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར་
(༡༠༡)ཞེས་དང་། དབུ་མ་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་པ་ལྟར་རོ། །གཞན་ཡང་བདག་མེད་ཀྱི་དོན་བསྒོམས་པས་བདག་དང་བདག་གིར་འཛིན་པའི་འཇིག་ལྟ་ལྡོག་ཅིང་། དེ་ལོག་པས་སྲེད་ལེན་དང་སྲིད་པ་ལ་སོགས་པའི་རྐྱེན་གྱིས་ཕུང་པོ་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཟད་ནས་ཐར་པ་ཐོབ་སྟེ། རྩ་ཤེར། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ཞེས་དང་། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སོ། །གཉིས་པ་ལ། གང་ཟག་གི་བདག་དགག་པ་དང་། ཆོས་ཀྱི་བདག་དགག་པ་གཉིས་ཀྱི། དང་པོ་ནི། དབུ་མའི་གཞུང་ལུགས་ལྟར་ན། རིན་ཆེན་ཕྲེང་བར། བདག་ཡོད་
(༡༠༢)བདག་གིར་ཡོད་ཅེས་པ། །དེ་ནི་དམ་པའི་དོན་དུ་ལོག །ཅེས་གང་ཟག་གི་བདག་མེད་པར་བཤད་པའི་བདག་མེད་ལུགས་ནི། ཡོད་ན་རང་དང་གཞན་དང་གཉིས་ཀ་དང་དུས་གསུམ་གང་རུང་ལས་སྐྱེ་བར་རིགས་ལ་དེ་དག་ལས་མ་སྐྱེས་པའི་ཕྱིར་བདག་མེད་པ་སྟེ། དེ་ཉིད་དུ། དེ་ནི་རང་གཞན་གཉིས་ཀ་དང་། དུས་གསུམ་དུ་ནི་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་སོ། །ཡང་གང་ཟག་གི་བདག་ཡོད་ན་དེའི་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་དུ་ཡོད་དགོས་པ་ལས་དེ་ལྟར་མི་རིགས་ཏེ། རྩ་ཤེས་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པར་འགྱུར། །ཞེས་དང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་ཕུང་པོ་དང་གཅིག་པ་བཀག་ཅིང་། །གལ་ཏེ་བདག་སྐྱེ་འཇིག་ཅན་དུ་འདོད་ན། སྐྱེ་བ་དྲན་པ་མི་འཐད་པ་དང་། ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་བའི་རིགས་
(༡༠༣)པས་བཀག་ལ། བདག་དང་ཕུང་པོ་ཐ་དད་པ་བཀག་པ་ཡང་དེ་ཉིད་དུ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དང་། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་དང་། འཇུག་པ་ལས། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་སོ། །དེ་ལྟར་གང་ཟག་གི་བདག་བཀག་པའི་ཤུགས་ལས་དེའི་མིག་སྣ་ལ་སོགས་པ་བདག་གི་བ་ཡང་ཁེགས་པ་ཡིན་ཏེ། རྩ་ཤེར། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང་། འཇུག་པར། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་གྱུར། །ཞེས་སོ། །གང་ཟག་གི་བདག་མེད་སྒོམ་པ་མདོར་བསྡུས་ནི། །སྒོམ་རིམ་དང་པོ་ལས། གང་
(༡༠༤)ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །བདག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་ནི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །ཞེས་བཤད་དོ། །གཉིས་པ་ནི། གང་ཟག་ཏུ་གདགས་པའི་གཞི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ནི་ཆོས་ཡིན་ལ་དེའི་རང་བཞིན་དགག་པའི་ཚུལ་ཡང་། རྩ་ཤེར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་མུ་བཞི་ལས་སྐྱེ་བ་སྤྱིར་བཀག་ཅིང་། རྒྱུ་
(༡༠༥)དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་རང་ལས་སྐྱེ་བ་དང་། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གཞན་ལས་སྐྱེ་བ་རིགས་པས་བཀག་ཅིང་། འཇུག་པར་གཞན་གཉིས་ཀྱང་བཀག་ནས། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་སོ། །ཕུང་སོགས་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་རག་ལས་པས་ཀྱང་རང་བཞིན་དུ་མི་རུང་སྟེ། རྩ་ཤེར། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །ཞེས་སོ། །བརྟགས་ཤིང་དཔྱད་ན་གཟུང་འཛིན་ཐམས་ཅད་དངོས་པོར་མ་གྲུབ་སྟེ། གྲུབ་ན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པ་ལས་དེ་གཉིས་གང་དུའང་མ་གྲུབ་པའི་ཕྱིར་ཏེ། ཆོས་གྲགས་ཀྱིས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །
(༡༠༦)གཅིག་དང་དུ་མའི་རང་བཞིན་མེད། །ཅེས་སོ། །གཅིག་ཏུ་མ་གྲུབ་པ་ནི་བྱང་ཆུབ་སེམས་འགྲེལ་ལས། གཟུགས་རྡུལ་དབང་ཤེས་བསྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་བསྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། །ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡི། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །ཅེས་སོ། །དུ་མར་མ་གྲུབ་པ་ཡང་དེ་ཉིད་དུ། ཕྱི་རོལ་དོན་ནི་རྣམ་གཅིག་ལ། །ཐ་དད་ཤེས་པ་འཇུག་པར་འགྱུར། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་མ་གཞན་དུ་འགྱུར། །བུད་མེད་གཟུགས་ནི་གཅིག་པུ་ལ། །རོ་དང་འདོད་བྱ་བཟའ་བ་ཞེས། །ཀུན་རྒྱུ་ཆགས་ཅན་ཁྱི་རྣམས་བཞིན། །རྣམ་པར་རྟོག་པ་གསུམ་ཡིན་ནོ། །ཞེས་པ་ལྟར་རོ། །འོ་ན་གཟུང་འཛིན་སྣ་ཚོགས་སུ་སྣང་བ་འདི་ཇི་ལྟར་ཡིན་སྙམ་ན། བག་ཆགས་མ་དག་པས་ལོག་ཤེས་ཕྱི་རོལ་གྱི་དོན་དུ་སྣང་བ་ཙམ་སྟེ། །ལང་གཤེགས་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།
(༡༠༧)དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་སོ། །སྣང་བ་ཙམ་གྱིས་བདེན་པར་མི་འགྲུབ་པ་ནི་དཔེར་ན་སྒྱུ་མའི་བཀོད་པ་བཞིན་ཏེ། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་རོ། །མདོར་བསྡུས་ཏེ་སྒོམ་པ་ནི། སྒོམ་རིམ་དང་པོ་ལས། ཆོས་ལ་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕུང་པོ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་གཟུགས་ཅན་གང་ཡིན་པ་དེ་དག་ནི་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་མེད་པར་བཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་
(༡༠༨)མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས། རྨི་ལམ་ན་རྨིས་པའི་གཟུགས་ལ་སོགས་པའི་སྣང་བ་བཞིན་དུ། བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པར་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི །དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ། །ཞེས་དཔྱད་པར་བྱའོ། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་བདག་གཉིས་འགོག་པ་ནི་གཟུང་འཛིན་གྱི་དངོས་པོར་སྣང་བ་ལ་རང་མཚན་པར་ཞེན་ཅིང་འཛིན་པ་ལས་བཟློག་པའི་ཕྱིར་འགོག་པ་ཡིན་ལ། དོན་དམ་པར་གཟུང་འཛིན་གྱི་དངོས་པོ་ལ་སྟོང་འཛིན་དང་མེད་འཛིན་བསྐྱེད་ན་དེ་ཡང་མི་རུང་སྟེ། རྩ་ཤེར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། དཀོན་བརྩེགས་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་སླའི། མངོན་པའི་ང་རྒྱལ་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་
(༡༠༩)བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པ་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་དང་། ཇོ་བོ་རྗེས། ཐབས་གོམས་དབང་གི་བདག་ཉིད་ཀྱི། །གང་གིས་ཤེས་རབ་རྣམ་བསྒོམས་ན། །དེས་ནི་བྱང་ཆུབ་མྱུར་ཐོབ་ཀྱི། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཞེས་པ་ལྟར་རོ། །འོ་ན་ཇི་ལྟར་ཡིན་སྙམ་ན། །གཟུང་འཛིན་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་སྣང་བས་ན་སྟོང་རྐྱང་ངམ་མེད་ཀྱང་མ་ཡིན་ཞིང་། གཞིགས་ཤིང་དཔྱད་ན་སོ་སོའི་རང་བཞིན་ནམ་ངོ་བོ་ཉིད་དུ་གྲུབ་པ་མེད་པས་ན་ངོས་བཟུང་རྒྱུ་དང་བདེན་པར་ཡོད་པ་མ་ཡིན་ཏེ། རྩ་ཤེར། གང་ཞིག་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །
(༡༡༠)མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་དང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། བདེན་གཉིས་རང་འགྲེལ་དུ། དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་སོ། །དེས་ན་སྐྱེ་བོའི་ཡིད་འདུ་བྱེད་སྣ་ཚོགས་ལ་འཇུག་པར་གོམས་པ་འདི་ཉིད་མཚན་འཛིན་ནམ་དམིགས་གཏད་སོགས་ཡིད་འཇུག་སའི་གནས་མེད་པས་སྐྲག་ནས། མཚན་འཛིན་སོགས་ཀྱི་གནས་ལ་དགའ་བས་ཡོད་མེད་དང་སྟོང་མི་སྟོང་ལ་སོགས་པར་འཛིན་པ་འདིས་འཇིག་རྟེན་ཕུང་པར་གྱུར་པ་སྟེ། རིན་ཆེན་ཕྲེང་བར། གནས་མེད་ཆོས་འདིས་སྐྲག་གྱུར་པའི། །སྐྱེ་བོ་གནས་ལ་མངོན་དགའ་ཞིང་། །ཡོད་དང་མེད་པར་འཛིན་པས་ན། །མི་མཁས་རྣམས་ནི་ཕུང་བར་འགྱུར། །ཞེས་སོ། །འོ་ན་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་དངོས་
(༡༡༡)པོ་དང་དངོས་མེད་སོགས་གང་དུའང་མ་གྲུབ་ཀྱང་། སེམས་ཙམ་གྱི་རང་རིག་རང་གསལ་ཞིག་ཏུ་བལྟ་བར་བྱའམ་ཞེ་ན། དེ་ཡང་རྐྱེན་གྱིས་བསྐྱེད་པའི་ཉམས་སྣང་འགའ་ཞིག་ལ་འབྱུང་གི་དོན་ལ་གྲུབ་པ་མེད་དེ། ལང་གཤེགས་ལས། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་འགས་ཀྱང་མཐོང་མེད་ན། །གསལ་བའམ་ནི་མི་གསལ་བ། །མོ་ཤམ་བུ་ཡི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། །ཞེས་དང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར་རོ། །དེ་དག་གི་དོན་བསྡུས་པ་ནི། སྒོམ་རིམ་དང་པོ་ལས། དེ་འདི་སྙམ་དུ་ཁམས་གསུམ་པ་འདི་སེམས་ཙམ་མོ་སྙམ་དུ་སེམས་ཤིང་། དེས་དེ་ལྟར་ཆོས་གདགས་པ་མཐའ་དག་ནི། སེམས་ཁོ་ན་ཡིན་པར་རྟོགས་ནས། དེ་ལ་སོ་སོར་
(༡༡༢)བརྟགས་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ། །ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེ་འདི་ལྟར་དཔྱོད་དེ། དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པར་འཛིན་པའི་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ། དེ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་གཟུགས་ལ་སོགས་པ་རྫུན་པ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པས་རྫུན་པ་ཉིད་དོ། །ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་དཔྱད་དོ། །དེས་དེ་ལྟར་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན། དོན་དམ་
(༡༡༣)པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པ་ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མ་ཡོང་། འགག་པའི་ཚེ་ཡང་གང་དུ་སོགས་པར་མི་འགྲོ་སྟེ། སེམས་ནི་བཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པའོ། །བསྟན་དུ་མེད་པ་གཟུང་དུ་མེད་པ་གཟུགས་ཅན་མ་ཡིན་པ་དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་སེམས་སུ་ངེས་པར་བྱ་བ་དང་། སེམས་ཀྱང་ངོས་བཟུང་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུ་ཉམས་མྱོང་གི་ཐོག་ནས་རྟོགས་པར་
(༡༡༤)བྱེད་པའི་ཚུལ་འདི་ནི། དཔྱད་སྟོང་ངམ་བློས་བྱས་ཀྱི་སྟོང་ཉིད་སྒོམ་ཚུལ་ཕལ་མོ་ཆེ་ལས་ཆེས་ལྷག་པར་སྣང་ལ། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང་། དེའི་འགྲེལ་པར་དབྱིག་གཉེན་གྱིས། སེམས་ལས་གཞན་པའི་དམིགས་པ་བཟུང་བ་མེད་དོ། །ཞེས་བྱ་བར་བློས་རྟོགས་ནས་བཟུང་བ་མེད་ན་འཛིན་པའང་མེད་པའི་ཕྱིར། སེམས་ཙམ་པོ་དེ་ཡང་མེད་པ་ཉིད་དུ་ཁོང་དུ་ཆུད་དོ། །དེ་གཉིས་མེད་པ་ཉིད་དུ་རིག་ནས་དེ་དག་མི་ལྡན་པའི་ཆོས་དབྱིངས་གཟུང་བ་དང་འཛིན་པའི་མཚན་ཉིད་དག་དང་བྲལ་བ་ལ་གནས་ཏེ། དེ་ལྟར་ན་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་ཡིན་ནོ། །ཞེས་བཤད་པ་དང་ཡང་མཐུན་ནོ། །གཉིས་པ་ལྟ་བ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཡང་དག་པའི་ལྟ་བ་ངོས་བཟུང་བ། དེ་མཉམ་གཞག་
(༡༡༥)ཏུ་སྒོམ་ཚུལ། རྗེས་ཐོབ་ཏུ་འཆར་ཚུལ་གསུམ་གྱི། དང་པོ་ནི། གོང་དུ་བཤད་པ་ལྟར་དངོས་པོ་དང་དངོས་མེད་དང་དེ་གཉིས་ཀ་དང་གཉིས་ཀ་མིན་པ་ལ་སོགས་པ་གང་དང་གང་དུ་བློས་བསྒོམས་ཀྱང་རྟག་ཆད་ལ་སོགས་པའི་མཐར་འཛིན་དུ་འགྱུར་ལ། སྟོང་ཉིད་དང་སྐྱེ་མེད་དང་དམིགས་མེད་ལ་སོགས་པར་བློས་བསྒོམས་ཀྱང་དེའང་བློས་བཟུང་བའམ་རློམ་སེམས་ཡིན་པས་ལྟ་བ་དངོས་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། གཞུང་ལུགས་ནས་བཤད་པའི་རིགས་པས་དཔྱད་གཞག་བྱས་ཀྱང་རུང་། མན་ངག་ནས་བཤད་པའི་དམིགས་པས་སྒྲོ་སྐུར་བཅད་ཀྱང་རུང་སྟེ། དོན་ལ་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་གི་སེམས་སྣང་ཙམ་དུ་ཐག་ཆོད་ཅིང་། རང་སེམས་ཀྱི་དོན་དམ་པའི་གནས་ཚུལ་དེ་ཉིད་ཀྱང་གདོད་མ་ནས་གང་གི་ཡང་རང་བཞིན་དུ་མ་གྲུབ་པ། དངོས་པོ་དང་མཚན་མས་མ་གོས་པ། སྐྱེ་འགག་གནས་གསུམ་དང་བྲལ་བ། བརྟག་དཔྱད་ཀྱི་བློའི་ཡུལ་ལས་འདས་པ། ངོས་བཟུང་དང་
(༡༡༦)བྲལ་ཞིང་རྒྱུན་ཆད་པ་མེད་པ། དཔེར་ན་ནམ་མཁའ་ལྟ་བུ་ལ། འོན་ཀྱང་ལས་དང་པོ་པ་ལ་སྒྱུ་མ་ལྟ་བུའི་ཉམས་མྱོང་དང་དྲན་རིག་ཕྲ་མོས་ཁྱད་པར་དུ་བྱས་པ་ཙམ་ཞིག །གོ་ཡུལ་དུ་མ་ལུས་པར་ཉམས་མྱོང་གི་ཐོག་ནས་རིག་ཅིང་གཏན་ལ་ཕེབས་པ་ནི་ཡང་དག་པའི་ལྟ་བ་ཡིན་ཏེ། ཆོས་ཉིད་མི་གཡོ་བའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་མི་རྟོག་པའི་ཡུལ་ལས་འདས་པའོ། །ཞེས་དང་། སྡུད་པར། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་མདོ་ལས། སེམས་ནི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་སྣང་བ་མེད་པ་ཐོགས་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་
(༡༡༧)པ། ནང་ན་མི་གནས་ཕྱི་རོལ་ན་མི་གནས་གཉིས་ཀའི་བར་ནའང་མི་གནས་པའི་ཕྱིར། ཡོངས་སུ་དག་པ་ཡོངས་སུ་མ་གྲུབ་པ་ཡིན་ཞིང་། དེ་ལ་རྣམ་པར་གྲོལ་བ་མེད་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཞེས་དང་། ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང་། རྩ་ཤེར། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པའོ། །ཞེས་དང་། ཇོ་བོ་རྗེས། ཟབ་ཅིང་སྤྲོས་བྲལ་དེ་ཉིད་དོ། །འོད་གསལ་འདུས་མ་བྱས་པ་གང་། །མ་སྐྱེས་མ་འགགས་གདོད་ནས་དག །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོས་རྟག་བྲལ་བས། །བྱིང་རྒོད་རབ་རིབ་མེད་པར་བལྟ། །ཞེས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ལ། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་སོ། །གཉིས་པ་ནི། སྤྱིར་ལྟ་བའི་ངང་ལས་
(༡༡༨)གཞན་དུ་མ་ཡེངས་པ་སྒོམ་པ་ཡིན་ལ། དེ་ཡང་གོང་དུ་བཤད་པ་ལྟར་གྱི་ལྟ་བ་དེའི་ངང་མ་ཤོར་ཙམ་གྱི་དྲན་པ་དང་ཤེས་བཞིན་ལས་གཞན་པའི་དམིགས་པ་དང་ཡིད་བྱེད་ཀྱི་བློ་ཐམས་ཅད་སྤངས་ཏེ། བཅོས་སླད་དང་བྲི་བསྣན་དང་རྟོག་དཔྱོད་མེད་པར་ཅི་ཡང་མི་སྒོམ་པའི་ཚུལ་གྱིས་རང་བབས་སུ་འཇོག་པ་ཡིན་ཏེ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལ་མ་ཡེངས་པ། །དེ་ནི་ཏིང་འཛིན་ཞེས་པར་བསྟན། །ཞེས་དང་། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །ཕྱོགས་རིས་མེད་པའི་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། ཆོས་གང་ལ་བླང་བའམ་བཟུང་བའམ་དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་
(༡༡༩)པ་ལགས་སོ། །གང་ལ་ཡང་མི་སེམས་རྣམ་པར་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཞེས་དང་། བརྒྱད་སྟོང་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ནམ་མཁའ་སྒོམ་པ་ལགས་སོ། །ཞེས་དང་། ནམ་མཁའ་རྟོག་པ་མེད་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་དང་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། ཕལ་པོ་ཆེར། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པས། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་རྣམ་པར་སྦྱོངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་དང་། མདོ་སྡེ་རྒྱན་དུ། རྩ་བ་ཆོས་ཀྱི་དབྱིངས་ལ་བློ་བཞག་ནས།
(༡༢༠)དྲན་རྒྱུ་རྟོག་པ་ཙམ་རིག་བརྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་དང་། ཇོ་བོ་རྗེས། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། ཤེས་པའང་སྤྲོས་དང་བྲལ་བར་བཞག །ཅེས་སོ། །འདི་དག་དང་བཤད་ཚུལ་འདྲ་བའི་གྲུབ་ཆེན་གྱི་གསུང་མང་དུ་ཡོད་པ་ནི་ཕྱག་ཆེན་གྱི་སྐབས་སུ་འཆད་དོ། །གསུམ་པ་ནི། མཉམ་གཞག་ལས་གཞན་དུ་རྗེས་ཀྱི་སྣང་བ་མཐའ་དག་འཆར་བའི་ཚེ། གོང་དུ་མཉམ་གཞག་ནམ་མཁའ་ལྟ་བུ་བསྒོམས་པའི་དྲན་པའི་རྩིའམ་ཤུགས་ཀྱིས་ཟིན་ནས་སྣང་བ་ཐམས་ཅད་དོན་ལ་རང་བཞིན་མ་གྲུབ་བཞིན་དུ། སྣང་ཚུལ་ཇི་ལྟར་ཡོད་པ་ལྟར་གསལ་བར་སྣང་བ་ནི་རྗེས་ཐོབ་སྒྱུ་མ་ལྟ་བུ་ཞེས་བྱ་བ་ཡིན་ཏེ། སྡུད་པ་ལས། གང་ཞིག་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་པ། །སྣ་ཚོགས་འདུ་
(༡༢༡)ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོར། ཇི་ལྟར་སྨིག་སྒྱུ་དྲི་ཟའི་གྲོང་ཁྱེར་དང། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོགས་མང་དུ་གསུངས་པ་ལྟར་རོ། །དེ་ཡང་སྒྱུ་མ་ལྟ་བུ་ཞེས་པའི་དོན་ལ། རྗེས་ཤེས་ལ་གང་ཤར་གྱི་སྣང་བ་ཐམས་ཅད་མི་བདེན་ནོ་སྒྱུ་མ་ལྟ་བུ་ཡིན་ནོ་སྙམ་དུ་བློས་འཛིན་པ་ནི་བློས་བྱས་ཀྱི་སྒྱུ་མ་ཞེས་བྱ་བ་སྒྱུ་མ་ལྟ་བུར་རློམ་པ་བྱས་ནས་དེར་འཛིན་པ་ཡིན་པས། སྐབས་འགའ་ཞིག་ཏུ་ད་ལྟར་བྱ་དགོས་པ་ཡོད་ཀྱང་དེ་ནི་སྒྱུ་མ་ལྟ་བུར་སྒོམ་པའི་དོན་མིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། དཔེར་ན་སྒྱུ་མ་མཁན་པོས་སྤྲུལ་པའི་རྟ་གླང་ལ་སོགས་པ་གདོད་མ་ནས་རྟ་གླང་གི་རང་བཞིན་ནམ་ངོ་བོར་གྲུབ་པ་མེད་ཀྱང་། རྟ་གླང་དུ་བསྙོན་མེད་པར་སྣང་བ་ལ་སྒྱུ་མའི་ལྟད་མོ་བ་དང་སྒྱུ་མ་མཁན་པོ་གཉིས་སྣང་ཚུལ་གྱི་སྒོ་ནས་འདྲ་ལ། གནས་ཚུལ་ལ་རྟ་གླང་
(༡༢༢)རང་མཚན་པར་ཞེན་འཛིན་ཡོད་མེད་ཀྱི་ཁྱད་པར་བྱུང་བ་ལྟར། གང་ཟག་དང་ཆོས་ཀྱི་ཐོག་ཏུ་ཐ་མལ་པ་རྣམས་ཇི་ལྟར་སྣང་བ་ལྟར་དུ་ཞེན་འཛིན་འཐས་པ་ཡིན་ལ། རྣལ་འབྱོར་པ་རྣམས་ཀྱིས་གང་སྣང་ཐམས་ཅད་སྣང་བ་ཙམ་ལས་དངོས་པོའི་རང་བཞིན་ནམ་ངོ་བོ་ཉིད་དུ་མ་གྲུབ་པར་ཁོང་ནས་ཤེས་པ་ཡིན་ནོ། །དེས་ན་སྒྱུ་མ་མཁན་པོས་སྒྱུ་མའི་བཀོད་པ་མཐོང་བ་ལྟར་རྣལ་འབྱོར་པས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་བཞིན་དུ་ཀུན་རྫོབ་པའི་སྣང་ཆ་མ་འགགས་པར་སྣང་བ་ཙམ་ལ་སྒྱུ་མ་ལྟ་བུའི་དོན་དུ་བཤད་དེ། ཏིང་འཛིན་རྒྱལ་པོར། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །རྣལ་འབྱོར་ལ་གོམས་པས་ནི་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བའི་མཉམ་གཞག་དང་སྒྱུ་མ་ལྟ་བུའི་རྗེས་ཐོབ་གཉིས་ཀྱང་འདྲེས་ནས། ཐམས་ཅད་ཆོས་ཉིད་ཀྱི་རྣམ་རོལ་དུ་ཤར་ཏེ་
(༡༢༣)གཉིས་འཛིན་དང་བྲལ་ནས་ཟུང་འཇུག་གི་རྟོགས་པ་ཐོབ་པར་འགྱུར་ཏེ། །སྡུད་པ་ལས། བདག་ཉིད་མཉམ་པར་གཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་སོ། །དེ་ལྟར་ལྷག་མཐོང་གི་ལྟ་བ་རྙེད་པ་ན་དེ་སྐྱོང་བའི་ཚེ། ལྟ་བ་དེ་ཉིད་ཀྱི་ངང་ལས་གཞན་དུ་མི་ཡེངས་པའི་དྲན་རྒྱུན་བསྟེན་པ་དང་། བྱིང་རྒོད་སེལ་བའི་ཤེས་བཞིན་གྱིས་བྱ་ར་བྱེད་པ་དང་། བྱིང་རྒོད་དང་བྲལ་བའི་ལྟ་ཐོག་ཏུ་ཡིད་འདུ་བྱེད་པའི་སེམས་པ་བསྐྱེད་པ་དང་། དེ་ནས་གཞན་གང་དུའང་ཡིད་འདུ་མི་བྱེད་པའི་བཏང་སྙོམས་བསྟེན་ཚུལ་རྣམས་དང་། དེ་དག་ཀྱང་བསྒྲིམས་ཏེ་འཇུག་པ་ལ་སོགས་པའི་ཡིད་བྱེད་བཞིས་འགྲུབ་ཚུལ་རྣམས་ཞི་གནས་དང་ལྷག་མཐོང་འདྲ་བར་ཉན་ས་ལས་བཤད་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་དག་གིས་ལྷག་མཐོང་གི་སྒོམ་རིམ་བཤད་ཟིན་ཏོ།། ༈ །།གསུམ་པ་ལྟ་སྒོམ་སྐྱོང་ཚུལ་གྱི་དོགས་གཅོད་ལ། དཔྱད་སྒོམ་དང་འཇོག་སྒོམ་གྱི་རྣམ་དབྱེ། ཞི་
(༡༢༤)ལྷག་ལ་དཔྱད་འཇོག་ཇི་ལྟར་བྱ་བ། ལྟ་བ་སྒོམ་པ་ལ་དཔྱད་འཇོག་ཇི་ལྟར་བྱ་བ། ལྟ་བ་དངོས་གཞིའི་དོགས་གཅོད་ཉིད་བཤད་པ་བཞིའི། དང་པོ་ནི། འགའ་ཞིག་པཎྜི་ཏའི་སྒོམ་རྣམས་དཔྱད་སྒོམ་ཁོ་ན་དང་། ཀུ་ས་ལིའི་སྒོམ་རྣམས་འཇོག་སྒོམ་ཁོ་ནར་སེམས་པ་དང་། དེ་བཞིན་དུ་ལ་ལ་དག །མཁས་པས་གཞུང་ལུགས་ལ་བརྟེན་ནས་ཐོས་བསམ་གྱིས་དཔྱད་པ་འབའ་ཞིག་བྱེད་པ་དང་། ཀུ་ས་ལིས་མན་ངག་ལ་བརྟེན་ནས་མཉམ་གཞག་འབའ་ཞིག་བྱེད་པར་སེམ་མོད། དེ་ནི་མ་ཡིན་ཏེ། མཁས་པ་ལའང་བསྒོམ་བྱའི་དོན་ལ་མཉམ་པར་འཇོག་པའི་འཇོག་སྒོམ་དགོས་ལ། ཀུ་ས་ལི་ལའང་ལྟ་བ་ལ་སྒྲོ་སྐུར་གཅོད་པའི་དཔྱད་སྒོམ་དགོས་པའི་ཕྱིར་དང་། དཔྱད་གཞིག་ཁོ་ནས་བཙལ་བའི་ལྟ་བ་དེ་བློ་བྱས་ཀྱི་ལྟ་བར་འགྱུར་བ་དང་། བཞག་པ་ཁོ་ནའི་ལྟ་བ་དེ་སེམས་ཀྱི་ཉམས་མྱོང་ཙམ་དུ་འགྱུར་བས། དཔྱད་འཇོག་གཉིས་ཀ་མེད་པར་ཡང་དག་པའི་སྒོམ་དོན་རྙེད་དཀའ་བའི་ཕྱིར་རོ། །འོ་ན་དཔྱད་སྒོམ་དང་
(༡༢༥)འཇོག་སྒོམ་ཞེས་གྲགས་པའི་ངོས་འཛིན་དང་ཁྱད་པར་ཇི་ལྟ་བུ་སྙམ་ན། དཔྱད་འཇོག་གཙོ་ཆེ་ཆུང་གི་དབང་གིས་དེ་ལྟར་ཐ་སྙད་བཏགས་པ་ཙམ་སྟེ། དེ་ཡང་རྗེས་དཔག་ལམ་དུ་བྱས་ཏེ་གཙོ་བོར་ལུང་རིགས་ཀྱི་དཔྱད་གཞིག་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་པའི་སྒོམ་རིམ་ལ་དཔྱད་སྒོམ་དང་། མངོན་སུམ་ལམ་དུ་བྱས་ཏེ་གཙོ་བོར་དེ་ཁོ་ན་ཉིད་ཀྱི་མཉམ་གཞག་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་པའི་སྒོམ་རིམ་ལ་འཇོག་སྒོམ་གྱི་ཐ་སྙད་བཞག་ལ། དེའི་སྔ་མ་ནི་འཕགས་པ་ཐོགས་མེད་དང་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལ་བརྟེན་ནས་ལུང་རིགས་ཀྱི་དཔྱད་པ་ཤས་ཆེ་བའི་སྒོམ་རིམ་རྣམས་དང་། ཕྱི་མ་ནི་བྲམ་ཟེ་ཆེན་པོ་དང་ཤ་ཝ་རི་དབང་ཕྱུག་སོགས་ལས་བརྒྱུད་དེ་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་པ་ཤས་ཆེ་བའི་སྒོམ་རིམ་རྣམས་ཡིན་ལ། གཉིས་ཀའི་རྙེད་དོན་གྱི་ལྟ་བ་ནི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་དུ་གནད་གཅིག་དགོས་ཏེ། རྗེ་རྒོད་ཚང་བས། པཎྜི་ཏའི་དཔྱད་སྒོམ་དང་ཀུ་སུ་ལུའི་འཇོག་དོན་
(༡༢༦)གཉིས་པོ་མཐའི་སྐྱེལ་སོ་ནི་གཅིག་ལ། ལམ་ནི་ཀུ་སུ་ལུའི་ལུགས་དེ་མྱུར་བ་ཡིན། ཞེས་གསུང་པ་ལྟར་རོ། །འོན་ཀྱང་ལུང་རིགས་ཀྱི་དཔྱད་གཞིག་ཁོ་ན་ལ་བརྟེན་ནས་ཡང་དག་པའི་ལྟ་བ་རྟོགས་པ་ནི་སྲིད་པ་ཙམ་ཡིན་ཏེ། ལུང་རིགས་ཀྱི་དཔྱད་གཞིག་ནི་སྒྲ་དོན་ཅན་གྱི་རྟོག་པས་དཔྱོད་པ་ཡིན་ལ། དེས་མངོན་སུམ་གཏན་ལ་མ་ཕེབས་པར་ཆོས་གྲགས་ཀྱིས་བཤད་པའི་ཕྱིར་དང་། ཤིང་རྟ་ཆེན་པོ་རྣམ་གཉིས་ལ་སོགས་པའི་པ་ཆེན་གྲུབ་པ་ཐོབ་པ་ཕལ་ཆེར་གསང་སྔགས་ལ་སོགས་པའི་མན་ངག་ལ་བརྟེན་ནས་གྲོལ་བའི་ལོ་རྒྱུས་ཡོད་པ་དང་། ཁྱད་པར་ནཱ་རོ་པ་དང་མཻ་ཏྲི་པ་ལ་སོགས་པའི་པ་ཆེན་མང་པོ་ལུང་རིགས་ལ་བརྟེན་པའི་ཐོས་བསམ་གྱིས་མ་གྲོལ་པར་སྙིང་པོ་དོན་གྱི་མན་ངག་ལ་བརྟེན་ནས་གྲོལ་བའི་ལོ་རྒྱུས་སྣང་ཞིང་། རྒྱ་བོད་ཀྱི་གྲུབ་ཆེན་ཕལ་མོ་ཆེ་རྣམས་ཀྱང་མན་ངག་ལ་བརྟེན་ནས་གྲོལ་བ་ཤ་སྟག་ཏུ་སྣང་བའི་ཕྱིར་རོ། །དེ་ལྟར་ན་ཁ་ཅིག་སྤྱིར་ལུང་རིགས་ལ་མ་བརྟེན་པར་ལྟ་བ་མི་རྟོགས་པ་དང་། ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་རིགས་པ་ལ་མ་བརྟེན་པར་
(༡༢༧)ལྟ་བ་ཇི་ལྟ་བ་མི་རྟོགས་པར་སྨྲ་བ་ནི། རང་འདོད་སྨྲ་བ་ཙམ་དུ་སྣང་ཞིང་ཤིན་ཏུ་མི་འཐད་དེ། དེ་ལྟར་ན་ཀླུ་སྒྲུབ་ཡབ་སྲས་ཉིད་ཀྱང་རིགས་ཚོགས་ཀྱི་བསྟན་བཅོས་མ་མཛད་པའི་གོང་དུ་ལྟ་བ་ཇི་ལྟ་བ་མ་རྟོགས་པ་དང་། སངས་རྒྱས་བྱང་སེམས་དང་རྒྱ་བོད་ཀྱི་གྲུབ་ཐོབ་ཕལ་མོ་ཆེས་ལྟ་བ་ཇི་ལྟ་བ་མ་རྟོགས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྤྱིར་དཔྱད་འཇོག་གི་སྒྲ་འཇུག་པའི་དབང་དུ་བྱས་ན་དཔྱད་གཞིག་དང་བཅས་པའི་སྒོམ་རྣམས་དཔྱད་སྒོམ་དང་། རྣལ་དུ་ཕབ་སྟེ་འཇོག་པའི་སྒོམ་རྣམས་འཇོག་སྒོམ་དུ་བྱ་དགོས་ཏེ། དེ་ལས་གཞན་དུ་དཔྱད་འཇོག་གི་མིང་དོན་ཡང་འཆད་དཀའ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དལ་འབྱོར་རྙེད་དཀའ་བ་དང་མི་རྟག་པ་སྒོམ་པ་ནས་བཟུང་སྟེ་བདག་མེད་གཉིས་གཏན་ལ་དབབ་པའི་བར་དུ་རྣམ་དཔྱོད་ཀྱི་དཔྱད་གཞིག་དང་བཅས་ཏེ་སྒོམ་པ་ཐམས་ཅད་དཔྱད་སྒོམ་དང་། དཔྱད་དོན་གྱི་སྒོམ་བྱ་དེ་དྲན་ཤེས་ཀྱིས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཐམས་ཅད་འཇོག་སྒོམ་དུ་བྱེད་དགོས་སོ། །ཡང་འགའ་
(༡༢༨)ཞིག་དཔྱོད་པའི་ཚེ་རྟོག་པས་དཔྱོད་དགོས་པས་འཇོག་མི་ཐུབ་ལ། འཇོག་པའི་ཚེ་མི་རྟོག་པར་གནས་དགོས་པས་དཔྱོད་མི་ནུས་སྙམ་ནས་དཔྱད་འཇོག་གཉིས་འགལ་བར་སེམས་པའང་མི་འཐད་དེ། སྒོམ་རིམ་དང་པོར། ཞི་གནས་ཀྱི་ངང་ནས་ཤེས་རབ་ཀྱིས་བརྟག་པར་བཤད་པ་དང་། མཉམ་པར་བཞག་པའི་ཤེས་རབ་ཀྱིས་དཔྱོད་པར་བཤད་པ་དང་། དབྱིག་གཉེན་གྱིས་མདོ་སྡེ་རྒྱན་གྱི་འགྲེལ་པར། རྟོག་དཔྱོད་གཉིས་ཀ་ཡོད་པ་དང་རྟོག་པ་མེད་ལ་དཔྱོད་པ་ཡོད་པ་དང་དེ་གཉིས་ཀ་མེད་པའི་ལྷག་མཐོང་བཤད་པའི་ཕྱིར་དང་། ལྷག་མཐོང་གི་དཔྱད་པ་ལའང་འཇོག་པའི་ངང་མ་ཤོར་བར་དཔྱད་དགོས་པ་མང་བའི་ཕྱིར་དང་། དཔེར་ན་ཞི་གནས་ཀྱི་སྐབས་སུ་ཤེས་བཞིན་བསྐྱེད་པའང་འཇོག་པའི་ངང་ནས་བརྟག་པ་ཡིན་པས་དེ་ལྟ་བུ་ཤིན་ཏུ་མང་བའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག །ཞི་གནས་སྒྲུབ་པ་ལ་དཔྱད་འཇོག་སྤེལ་ན་ཞི་གནས་འགྲུབ་མི་སྲིད་པས་འཇོག་སྒོམ་ཁོ་ན་བྱེད་དགོས་པ་དང་། ལྷག་མཐོང་སྒོམ་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་
(༡༢༩)པ་དང་བྲལ་ན་ལྷག་མཐོང་འཆོར་བར་འདོད་པ་ཤིན་ཏུ་མི་འཐད་དེ། སྔ་མ་ལྟར་ན། དཔྱད་པ་རྣམ་སྦྱོང་དང་ཉོན་མོངས་རྣམ་སྦྱོང་སོགས་ཞི་གནས་ཀྱི་དམིགས་པར་མི་འཐད་པར་འགྱུར་བའི་ཕྱིར་དང་། ཞི་གནས་སྒྲུབ་པ་ལ་སོ་སོར་རྟོག་པའི་ཤེས་རབ་དང་ཤེས་བཞིན་སྟོབས་ཅན་བསྐྱེད་པའང་མི་རིགས་པར་འགྱུར་བའི་ཕྱིར་དང་། ཕྱི་མ་ལྟར་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་མཐར་སོ་སོར་རྟོག་པ་ཉིད་ཀྱང་ཞི་བར་བཤད་པའི་ལྷག་མཐོང་མི་འཐད་པར་འགྱུར་བ་དང་། སྒོམ་རིམ་དུ་རྣམ་པར་མི་རྟོག་པ་དང་མི་གཡོ་བའི་ལྷག་མཐོང་གསུངས་པའང་མི་འཐད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན་དཔྱད་པའི་ཚེ་ཞི་གནས་མེད་པ་དང་། འཇོག་པའི་ཚེ་ལྷག་མཐོང་མེད་པར་ཡང་སྨྲ་དགོས་ཏེ། དཔྱོད་པ་ནི་རྟོག་དཔྱོད་འབའ་ཞིག་དང་ཞི་གནས་ནི་མི་རྟོག་པ་འབའ་ཞིག་ཏུ་འདོད་པའི་ཕྱིར་དང་། འཇོག་སྒོམ་བྱས་ན་ལྷག་མཐོང་འཆོར་བ་དང་སོ་སོར་རྟོག་པའི་ཤེས་རབ་དང་མ་བྲལ་བ་དགོས་པར་འདོད་པའི་ཕྱིར་རོ། །
(༡༣༠)དེ་ལྟར་སྨྲ་ན། ཞི་ལྷག་ཟུང་འཇུག་ཀྱང་མི་སྲིད་པར་འགྱུར་བ་དང་། མངོན་སུམ་རྟོག་བྲལ་དང་ལྷག་མཐོང་གི་གཞི་མཐུན་ཡང་མི་སྲིད་པར་འགྱུར་བས་ཧ་ཅང་ཐལ་ཆེས་པ་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན། ཞི་གནས་ཀྱི་སྐབས་སུ་སེམས་གནས་དགུའི་སྒྲུབ་ལུགས་ལྟར་འཇོག་སྒོམ་ཤས་ཆེ་བ་ཡིན་ཀྱང་། ཏིང་ངེ་འཛིན་ཁུགས་ནས་དཔྱད་སྒོམ་ཡང་བྱེད་དགོས་པར་བཤད་དེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་ལ་བྱེད་པ་ཁུགས་པར་བྱེད་པ་དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་བྱེ་བྲག་གིས་རྒྱས་པར་དམིགས་པར་བྱེད་པ་ཁོ་ན་སྟེ། ཞེས་བཤད་པ་ལྟར་རོ། །གཞན་ཡང་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ཞེ་སྡང་གི་གཉེན་པོར་བྱམས་པ་གཏི་མུག་གི་གཉེན་པོར་རྟེན་འབྲེལ་སྒོམ་པ་སོགས་ཞི་གནས་ཀྱི་སྐབས་སུ་དཔྱད་སྒོམ་བྱ་བ་མང་དུ་བཤད་དོ། །དེ་བཞིན་དུ་ལྷག་མཐོང་གི་སྐབས་སུ་ལྷག་མཐོང་གསུམ་མམ་བཞིའི་རིམ་པ་ལྟར་གཙོ་བོར་དཔྱད་སྒོམ་ཤས་ཆེ་བ་ཡིན་ཡང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་མཐར་སོ་སོར་རྟོག་པ་ཉིད་ཀྱང་ཞི་གནས་ཅི་
(༡༣༡)ཡང་མཐོང་བ་མེད་པར་གྱུར་པ་ནི་ལྷག་མཐོང་ཤོར་བ་མ་ཡིན་གྱི་ལྷག་མཐོང་གི་མཐོང་དོན་ཡང་དག་པ་ཡིན་པས་དེའི་ཚེ་འཇོག་སྒོམ་བྱ་དགོས་ཏེ། འོད་སྲུངས་ཀྱིས་ཞུས་པར། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་བསྲེག་པར་བྱེད། །ཅེས་དང་། དབུ་མ་འཇུག་པར། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང་། །ཞེས་པ་ལྟར་རོ། །ཞི་ལྷག་ཟུང་འཇུག་ཐོབ་ནས་ནི་སྐབས་སྐབས་སུ་དཔྱད་སྒོམ་སྤེལ་དགོས་པ་འབྱུང་ཡང་གཙོ་བོར་འཇོག་སྒོམ་བྱ་བ་ཡིན་ཏེ། ཤེས་བྱེད་ཀྱི་ལུང་རྣམས་འོག་ཏུ་འཆད་དོ། །འོན་ཀྱང་ལས་དང་པོ་པ་ལ་དཔྱད་སྒོམ་དང་ལྷག་མཐོང་ཤས་ཆེས་ནས་རྒོད་པར་གྱུར་ན་དེའི་ཚེ་ཞི་གནས་སྒོམ་པ་དང་། འཇོག་སྒོམ་དང་ཞི་གནས་ཤས་ཆེས་
(༡༣༢)ནས་རྨུགས་པར་གྱུར་ན་དེའི་ཚེ་ལྷག་མཐོང་སྒོམ་པ་དང་། ཞི་ལྷག་ཆ་མཉམ་དུ་འཇུག་པའི་ཚེ་མངོན་པར་འདུ་མི་བྱེད་པའི་བཏང་སྙོམས་སྒོམ་པ་རྣམས་བཤད་དེ། སྒོམ་རིམ་དང་པོར། གལ་ཏེ་སེམས་བྱིང་བར་གྱུར་པ་བསལ་བར་མ་བྱས་ན་དེའི་ཚེ་ཤིན་ཏུ་བྱིང་བས་ལྷག་མཐོང་མེད་དེ་སེམས་དམུས་ལོང་བཞིན་དུ་འགྱུར་རོ། །དེ་ལྟ་བས་ན་སེམས་བྱིང་བར་གྱུར་ན་བསལ་བར་བྱའོ། །གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ། དེའི་ཕྱིར་དེ་ཁོ་ན་ཤིན་ཏུ་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བར་འགྱུར་ཏེ། དེའི་ཕྱིར་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་རོ། །དེ་བས་ན་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཤས་ཆེ་བར་གྱུར་ན་ཡང་ཤེས་རབ་བསྒོམ་པར་བྱའོ། །ཞེས་དང་། གང་གི་ཚེ་གཉིས་ཀ་མཉམ་དུ་འཇུག་པ་དེའི་ཚེ། ལུས་དང་སེམས་ལ་གནོད་པར་མ་གྱུར་གྱི་བར་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ། །ཞེས་སོ། །ཞི་ལྷག་འདྲེས་ནས་ཟུང་དུ་འཇུག་པ་ན་དེ་ལྟ་བུའི་སེམས་རྩེ་གཅིག་
(༡༣༣)པ་ཉིད་ལ་མཉམ་པར་འཇོག་པ་ལས་དཔྱད་འཇོག་ཡང་ཡང་སྤེལ་དགོས་པ་མིན་ཏེ། དགོངས་འགྲེལ་ལས། ཅི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས། བཀའ་སྩལ་པ། གང་གི་ཚེ་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པའོ། །ཞེས་དང་། སེམས་རྩེ་གཅིག་པ་ཉིད་གང་ལགས། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དེ་རྟོགས་ནས་ཀྱང་དེ་བཞིན་དུ་ཡིད་ལ་བྱེད་པ་གང་ཡིན་པའོ། །ཞེས་དང་། དེའི་འགྲེལ་པར་སློབ་དཔོན་ཡེ་ཤེས་སྙིང་པོས། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གི་ལམ་དང་ཐ་དད་པ་མ་ཡིན་ཏེ། ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་ཏེ། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གི་དམིགས་པའི་སེམས་ཁོ་ན་ལ་དམིགས་པས། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉིས་ཀ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཉིད་དོ། །ཞེས་བཤད་པ་ལྟར་རོ། །གསུམ་པ་ནི། ཁ་ཅིག །
(༡༣༤)ལྟ་བ་སྐྱོང་བའི་ཚེ་དང་པོར་ལུང་རིགས་ཀྱིས་དཔྱད་ནས་བདེན་སྟོང་གི་འཛིན་སྟངས་ཤུགས་དྲག་བསྐྱེད་དེ་དེ་ལ་འཇོག་སྒོམ་ཅུང་ཟད་བྱེད། འཇོག་སྒོམ་ཡུན་རིངས་ན་སྔར་གྱི་ཞི་གནས་ཙམ་དུ་གྱུར་ནས་ལྷག་མཐོང་འཆོར་བས་སྔར་ལྟར་དཔྱོད་པ་སྟེ། དེ་ལྟ་བུའི་དཔྱད་འཇོག་སྤེལ་སྒོམ་བྱ་དགོས་པར་འཆད་པ་ནི་ཤིན་ཏུ་མི་འཐད་དེ། ལུང་རིགས་ཀྱི་དཔྱད་པ་ལ་བརྟེན་ནས་སྐྱེས་པའི་བདེན་སྟོང་གི་འཛིན་སྟངས་དེ་ཇི་ལྟར་བྱས་ཀྱང་སྟོང་འཛིན་ལས་མ་འདས་པས་ལྷག་མཐོང་གི་ལྟ་བ་ཡང་དག་ཏུ་མི་འགྱུར་བའི་རྒྱུ་མཚན་འཆད་པར་འགྱུར་ལ། དེ་ལྟར་ན་དེ་ལ་འཇོག་སྒོམ་བྱས་ཀྱང་སྒོམ་པོ་ཡང་དག་ཏུ་མི་འགྱུར་བའི་ཕྱིར་རོ། །ཁྱེད་རང་གི་ལུགས་ལ་དཔྱད་འཇོག་སྤེལ་ན་ལྟ་ཐོག་གི་མཉམ་གཞག་ཀྱང་འགྲུབ་མི་སྲིད་པར་འགྱུར་ཏེ། དཔྱད་འཇོག་སྤེལ་ན་ཞི་གནས་འགྲུབ་མི་སྲིད་པར་སྨྲས་ལ། ཞི་གནས་ལ་མཉམ་པར་འཇོག་པ་དང་ལྟ་ཐོག་ཏུ་མཉམ་པར་འཇོག་པ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དཔྱད་པའི་མཐར་འཇོག་པའང་མི་རིགས་ཏེ། བཞག་ན་ལྷག་
(༡༣༥)མཐོང་འཆོར་བར་སྨྲས་པས་ལྷག་མཐོང་ཤོར་བའི་ལྟ་བ་ལ་འཇོག་སྒོམ་བྱས་ཀྱང་སྒོམ་པ་ཡང་དག་ཏུ་མི་འགྱུར་བའི་ཕྱིར་རོ། །ཞི་ལྷག་ཟུང་འཇུག་གི་ལྟ་བ་སྐྱེས་ཀྱང་ཡང་ཡང་མ་དཔྱད་ན་སླར་ཞི་གནས་ཙམ་ཞིག་ཏུ་འགྱུར་བའང་མི་འཐད་དེ། ཞི་ལྷག་ཟུང་འཇུག་གི་ལྟ་བ་སྐྱེས་ན་ལྟ་བ་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་སྒོམ་བྱས་པ་ལ་ཞི་ལྷག་གཉིས་ཀ་ཚང་བའི་ཕྱིར་ཏེ། དེ་ཞི་ལྷག་ཟུང་འཇུག་ཡིན་པའི་ཕྱིར་རོ། །ལྟ་ཐོག་ཏུ་འཇོག་སྒོམ་བྱས་ནས་ཡང་ཡང་དཔྱོད་དགོས་པའང་མི་འཐད་དེ། ལུང་རིགས་ཀྱི་དཔྱད་པ་ནི་སྒྲ་དོན་ཅན་གྱི་རྟོག་པ་ལས་མ་འདས་ལ། དེ་ནི་མ་རིག་པའི་རྣམ་རྟོག་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤང་བྱར་བཤད་པའི་ཕྱིར་དང་། འོད་སྲུངས་ཀྱིས་ཞུས་པ་དང་སྒོམ་རིམ་དུ་སོ་སོར་རྟོག་པའི་ཤེས་རབ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་གསུངས་པ་ཡང་། དང་པོར་ལྟ་བ་གཏན་ལ་འབེབས་དུས་ཤེས་རབ་དེ་མེད་ན་མི་རུང་བར་བསྟན་པ་ཙམ་ལས། ལྟ་བ་སྐྱོང་བ་ལ་
(༡༣༦)ཡང་ཡང་རྟོག་དཔྱོད་བྱེད་དགོས་པར་མ་བསྟན་པའི་ཕྱིར་དང་། རིགས་པས་དཔྱད་པའི་ངེས་ཤེས་ཕལ་ཆེར་ཡང་བསམ་བྱུང་གི་རིགས་ཤེས་རྗེས་དཔག་ལས་མ་འདས་ལ། དེ་རྟོག་བྲལ་མ་འཁྲུལ་བའི་ཤེས་པར་མི་རུང་བའི་ཕྱིར་རོ། །ལྟ་ཐོག་གི་འཇོག་སྒོམ་དང་ཞི་གནས་འདྲ་བར་འདོད་པའང་མི་འཐད་དེ་ཞི་གནས་ནི་དེ་ཉིད་ཀྱི་དམིགས་པ་ལས་གཞན་གང་དུའང་མི་རྟོག་པའི་དྲན་རྒྱུན་སྐྱོང་བ་ཙམ་ཡིན་ལ། ལྟ་ཐོག་ཏུ་འཇོག་པ་ནི་རང་བཞིན་གྱི་སྟོང་ཉིད་ངེས་ནས་དེ་དང་རྗེས་སུ་མཐུན་པའི་སྤྲོས་བྲལ་གྱི་རྒྱུན་སྐྱོང་བས་དེ་གཉིས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །འོ་ན་ལྟ་བ་སྐྱོང་བ་ལ་དཔྱད་འཇོག་ཇི་ལྟར་བྱ་ཞེ་ན། དང་པོར་ལྟ་བ་འཚོལ་བའི་ཚེ་རྟ་ལ་དཀྱུས་སྟོན་པ་ལྟར་ཐོས་བསམ་གྱི་ཤེས་རབ་ཀྱིས་རང་དང་སྤྱིའི་མཚན་ཉིད་ལ་སྒྲོ་འདོགས་བཅད་ན་ངེས་པའི་ཤེས་པ་འདྲེན་པ་ལ་ཁྱད་པར་ཆེ་ལ། ཡང་དག་པའི་ལྟ་བ་འཚོལ་བ་ཉིད་ལ་ནི་སྒོམ་བྱུང་གི་སོ་སོར་རྟོག་པའི་ཤེས་རབ་ཉིད་གལ་ཆེ་བས། དེས་བལྟས་ཤིང་དཔྱད་པ་ན་རྗེས་དཔག་ལ་མ་ལྟོས་པར་
(༡༣༧)ཆོས་ཐམས་ཅད་ངོ་བོ་ཉིད་དམ་རང་བཞིན་མེད་པར་མངོན་སུམ་གྱིས་གཞལ་བར་ནུས་ཤིང་། སོ་སོར་རྟོག་པ་དེ་ཉིད་ཀྱང་སྣང་བ་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་ཉམས་སུ་མྱོང་བར་འགྱུར་ཏེ། དེས་ནི་ལྟ་བ་དངོས་གཞི་ཡིན་ནོ། །དེ་ལྟར་བལྟ་ཞིང་དཔྱོད་པ་དེ་ཡང་འཇོག་སྒོམ་གྱི་དྲན་རྒྱུན་མ་ཤོར་བའི་མཉམ་གཞག་གི་ཤེས་རབ་ཀྱིས་དཔྱོད་པ་ཡིན་གྱི་སྒྲ་དོན་ཅན་གྱི་རྟོག་པས་དཔྱོད་པ་མིན་ཏེ། སྒོམ་རིམ་དང་པོ་ལས། འདི་ལྟར་གང་གི་ཚེ་ཞི་གནས་ཀྱི་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་འབྱུང་ངོ་། །དེ་གཉིས་ཀའང་མིག་དང་སྣང་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་ནང་མི་མཐུན་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་ནི་མུན་པའི་ངོ་བོ་ཉིད་མ་ཡིན་ཏེ། ཅེས་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་དོ། །དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་
(༡༣༨)དུ་རབ་ཏུ་ཤེས་སོ། །ཞེས་བཀའ་སྩལ་བའི་ཕྱིར་ཏེ། ཤེས་རབ་དང་ཤིན་ཏུ་མཐུན་པ་ཡིན་གྱི་མི་མཐུན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མཉམ་པར་བཞག་པའི་ཤེས་རབ་ཀྱིས་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པ་དེ་ཉིད་མི་དམིགས་པའི་དམ་པའོ། །རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་ཀྱི་མཚན་ཉིད་དེ་འདྲ་བ་དེ་ནི་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེའི་ཕ་རོལ་ཏུ་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །སོ་སོར་རྟོག་པ་དེ་ཉིད་ཀྱང་རང་ཞི་ནས་མཐར་ཆོས་ཐམས་ཅད་གང་གི་ཡང་རང་བཞིན་དུ་མཐོང་བ་མེད་པ་དེ་ཡང་དག་པའི་དོན་མཐོང་བ་ཡིན་པ་ནི། དེ་ཉིད་དུ། དོན་དམ་པ་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ། །དེ་ལྟ་བུའི་མཐོང་བ་མེད་པ་ལ་དགོངས་ཏེ་མི་མཐོང་ངོ་ཞེས་བཀའ་སྩལ་གྱི། མིག་བཙུམ་པ་དང་དམུས་ལོང་ལ་སོགས་པ་ལྟ་བུ་རྐྱེན་མ་ཚང་བ་དང་། ཡིད་ལ་མི་བྱེད་པས་མི་མཐོང་བ་ནི་མ་ཡིན་ནོ། །ཞེས་དང་། མཉམ་པར་བཞག་པའི་ཤེས་རབ་ཀྱིས་བརྟགས་ན་ཆོས་ཐམས་ཅད་མི་
(༡༣༩)དམིགས་པ་གང་ཡིན་པ་དེ་ཉིད་མི་དམིགས་པའི་དམ་པའོ། །ཞེས་སོ། །རྒྱུ་མཚན་དེས་ན་ལྟ་བ་འཚོལ་བའི་ཚེ་དང་པོར་མཉམ་གཞག་གི་ངང་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་ངེས་པར་བྱ་དགོས་ཤིང་། ལྟ་བ་རྙེད་ནས་ཀྱང་བར་སྐབས་སུ་མཚན་འཛིན་གྱི་བློས་སེམས་མ་རུངས་པར་གྱུར་ན་དེའི་ཚེ་ཡང་དཔྱད་སྒོམ་ཅི་རིགས་བྱ་ལ། ལྟ་བའི་ངེས་ཤེས་ཕྱིན་ཅི་མ་ལོག་པ་རྙེད་ནས་ལྟ་བ་ལ་གོམས་པར་བྱེད་པའི་གནས་སྐབས་ཐམས་ཅད་དུ་ལྟ་ཐོག་ཏུ་འཇོག་སྒོམ་ཉིད་བྱ་བ་ལས་དཔྱད་འཇོག་སྤེལ་དགོས་པ་མིན་ཏེ། ཤེས་བྱེད་ཀྱི་ལུང་རྣམས་འཆད་པར་འགྱུར་རོ། །བཞི་པ་ལ། གཞན་ལུགས་ལ་དཔྱད་པ་དང་། རང་ལུགས་བཞག་པ་གཉིས་ཀྱི། དང་པོ་ནི། བོད་སྔ་རབས་པ་ཁ་ཅིག །མཚན་འཛིན་ཐམས་ཅད་བཀག་ནས་སྒྲུབ་ཆོས་ཅི་ཡང་ཡིད་ལ་མི་བྱེད་པ་ལྟ་བར་འདོད་པ་མི་འཐད་དེ། གཞན་དག་དེ་ཉིད་ཧྭ་ཤང་གི་ལུགས་དང་མཐུན་པར་སྨྲ་ལ། དེ་ཁོ་ན་ཉིད་རིག་པའི་ངེས་ཤེས་དང་མི་ལྡན་པར་སྣང་བས་རྨོངས་པའམ་ལུང་
(༡༤༠)མ་བསྟན་གྱི་སེམས་སུ་འགྱུར་བའི་ཕྱིར་རོ། །སྔ་རབས་པའི་མཁས་པ་ཁ་ཅིག །ཚུལ་གསུམ་གྱི་རྟགས་ལ་བརྟེན་ནས་ལུང་རིགས་ཀྱིས་དཔྱད་པས་གཟུང་འཛིན་གྱི་ཆོས་གང་ཡང་མ་རྙེད་པའི་ངེས་ཤེས་ཀྱི་རྒྱུན་ལྟ་བར་འདོད་པ་མི་འཐད་དེ། དེ་ལྟ་བུ་ལ་རྗེ་སྒམ་པོ་པས་བཀག་པ་སྐྱེ་མེད་ཀྱི་ཐ་སྙད་གསུང་ཞིང་། རྗེས་དཔག་ལ་བརྟེན་པའི་བློས་བྱས་ཀྱི་སྟོང་པ་ཉི་ཚེ་བ་ཡིན་པའི་ཕྱིར་དང་། ཚད་མ་ཀུན་ལས་བཏུས་ལས། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལ་ཆོས་སྲིད་ཉམས་པའང་ཡིན། །ཞེས་དང་། ཇོ་བོ་རྗེས། མངོན་སུམ་དང་ནི་རྗེས་སུ་དཔག །ཤེས་པ་གཉིས་ཀྱི་སྒོ་ནས་ནི། །སྟོང་ཉིད་མཐོང་བར་འགྱུར་རོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པ་སྨྲ། །ཞེས་བཤད་པའི་ཕྱིར་རོ། །ཡང་སྔ་རབས་པ་ཁ་ཅིག །དབུ་མའི་རིགས་པ་ལ་བརྟེན་ནས་བདག་དང་ཕུང་པོ་རྣམ་བཅད་ཀྱི་སྟོང་ཉིད་མེད་དགག་ལྟ་བར་འདོད་པའང་མི་འཐད་དེ། ཅུང་ཟད་ཆད་ཕྱོགས་སུ་ལྷུང་ཞིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པར་མི་རུང་བར་དུས་འཁོར་ལས་བཤད་པའི་ཕྱིར་རོ། །ཡང་
(༡༤༡)ཁ་ཅིག །ལུང་རིགས་དང་མན་ངག་གང་ཡང་རུང་བས་མཐའ་ཐམས་ཅད་དང་བྲལ་བའི་ལྟ་བ་ཕྱིན་ཅི་མ་ལོག་པ་རྙེད་ནས་དེའི་ངང་ལ་སེམས་སྤྲོས་བྲལ་དུ་འཇོག་པ་ལྟ་སྒོམ་དང་། དེ་ལ་སེམས་མཉམ་པར་བཞག་པའི་ཚེ་གསལ་ཞིང་དྭངས་ལ་རྙོག་པ་མེད་པའི་རིག་སྟོང་ཟུང་འཇུག་གི་ཉམས་མྱོང་སྐྱེས་པ་དེ། ཆོས་ཉིད་རྣམ་པར་མ་རྟོག་པའི་ཡེ་ཤེས་སུ་འདོད་པ་ལ། གཞན་དག་ན་རེ། དེ་ཡང་ཧྭ་ཤང་གི་སྒོམ་ལ་དམོད་བཞིན་དུ་རང་ཉམས་སུ་ལེན་པའི་ཚེ་དེ་ལྟར་བྱེད་པ་མི་འཐད་ཅེས་འགོག་ཀྱང་། ལྟ་བ་དང་འཇོག་ཐབས་པ་ན་གྲུབ་ཀྱི་གཞུང་དང་མཐུན་ལ། རྩ་ཁམས་དྭངས་པའི་ཉམས་མྱོང་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་རུང་སྟེ། ཉམས་མྱོང་གི་རླན་དང་མ་བྲལ་བའི་ཤེས་པ་ནི་ཇི་ལྟར་བཟང་ཡང་རྐྱེན་ལས་སྐྱེས་པའི་གཟུང་འཛིན་གང་རུང་གི་སྣང་བ་ལས་མ་འདས་པའི་ཕྱིར་རོ། །ཡང་མཁས་པ་ཁ་ཅིག །ལྟ་བ་གཞན་ཐམས་ཅད་བཀག་ནས། རང་ལུགས་ཁས་ལེན་ཅི་ཡང་མེད་པར་འདོད་པ་ཡང་ལེགས་པ་མ་ཡིན་ཏེ། དེ་ལྟ་
(༡༤༢)བུ་ངན་གཡོའི་ལྟ་བར་བཤད་པའི་ཕྱིར་དང་། དབུ་མའི་ཕྱོགས་འཛིན་བཞིན་དུ་དེའི་གཞུང་དོན་ཁས་མ་བླངས་པའི་ཕྱིར་དང་། དེ་ཁོ་ན་ཉིད་ལ་ངེས་ཤེས་དང་བྲལ་བའི་རྫུ་ཐབས་ཙམ་དུ་སྣང་བའི་ཕྱིར་རོ། །ཡང་ཁ་ཅིག །ལུང་རིགས་ཀྱིས་གཏན་ལ་ཕབ་ནས་བདག་མེད་པའི་ལྟ་བ་མ་རྙེད་ཀྱང་ཡུལ་ཅིར་ཡང་མ་གྲུབ་པ་ལ་སེམས་ཅིར་ཡང་མི་རྟོག་པར་བཞག་ན་གནས་ལུགས་ཀྱི་དོན་བསྒོམས་པར་འགྱུར་ཏེ། གནས་ལུགས་ཀྱི་སྟོང་པ་ཉིད་དེ་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡིན་པས་འཇོག་ཚུལ་ཡང་དེ་ལྟར་འགྱུར་རོ་ཞེས་འདོད་པ་ལ། གཞན་དག་ན་རེ། དེ་ཧྭ་ཤང་གི་སྒོམ་དང་འདྲ་བ་དང་ཆད་ལྟའི་ཕྱོགས་སུ་འགྱུར་ཞེས་འགོག་གོ །འོན་ཀྱང་ཉམས་ལེན་མ་ནོར་ཡང་བཤད་ཚུལ་མི་མཁས་པ་འོང་བས། ཚུལ་དེ་ལ་དཔྱད་ན། ཡུལ་ཅིར་ཡང་མ་གྲུབ་པ་ལ་མ་གྲུབ་པའི་མཚང་རིག་པ་དང་། གནས་ལུགས་ཀྱི་སྟོང་པ་དེ་ངོས་བཟུང་ཐམས་ཅད་དང་བྲལ་བའི་གནད་གོ་ན་ལྟ་བ་མ་རྙེད་པ་མིན་ལ། དེ་གང་ཡང་མ་གོ་ཞིང་མ་རིག་པར། རང་གའི་མི་རྟོག་པ་ཙམ་ལ་རྩོམ་འཇོག་ཡིན་
(༡༤༣)ནའང་། དེ་ལྟར་བཞག་དུས་ཀྱི་སེམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་འབྱེད་ཅིང་དཔྱོད་པའི་ཤེས་བཞིན་དང་དེ་ལས་གཞན་དུ་ཡེངས་མི་གཏོང་བའི་དྲན་པ་ཡོད་ན་ནི། གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་ལྟ་བ་སྐྱོང་ཚུལ་མིན་ཡང་། ལས་དང་པོ་པའི་ཞི་ལྷག་སྐྱོང་ཚུལ་ཙམ་དུ་སྣང་བས་ལྟ་བ་སྐྱོང་ཚུལ་རྗེས་མཐུན་པར་འགྱུར་ལ། དེ་ལྟར་མེད་ཀྱང་མི་རྟོག་པ་དེ་ལ་དྲན་ཤེས་གཉིས་ཀ་ཡོད་པ་ཙམ་བྱུང་ན་རྟོག་མེད་ཀྱི་ཞི་གནས་སྐྱོང་ཚུལ་དུ་འགྲོ་ཞིང་། དྲན་ཤེས་གསལ་པོ་མེད་པའི་བྱིང་རྨུགས་ཀྱི་ཉམས་མཐུག་པོ་དང་བཅས་ན་ནི་རྟོག་མེད་སྟེངས་པོ་ཞེས་པའི་སྐྱོན་ཅན་ཡིན་ནོ། །ཡང་ཁ་ཅིག །ལུང་རིགས་ཀྱིས་གཏན་ལ་ཕབ་པའི་ལྟ་བ་རྙེད་པ་དགོས་ཀྱང་། རྙེད་ནས་དེས་ཅིར་ཡང་མི་རྟོག་པར་བཞག་པ་ཐམས་ཅད་ལྟ་བ་བསྒོམས་པ་ཡིན་ཞེས་འདོད་པ་ལ། གཞན་དག་ན་རེ། དེ་ལྟར་ཡིན་ན་དེས་གཉིད་མཐུག་པོ་ལོག་པ་དང་ཞི་གནས་རྐྱང་པ་བསྒོམས་པ་སོགས་རྟོག་མེད་དུ་སོང་བའི་ཆ་ཐམས་ཅད་ལྟ་བ་བསྒོམས་པར་འགྱུར་རོ་ཞེས་འགོག་གོ །འདི་ལའང་དཔྱད་ན།
(༡༤༤)མི་རྟོག་པར་འཇོག་ལུགས་དེ་ལ་ལྟ་བའི་ངེས་ཤེས་དང་བཅས་པའི་དྲན་ཤེས་གཉིས་ཡོད་མེད་ཀྱིས་ལྟ་བ་བསྒོམས་པར་འགྱུར་མི་འགྱུར་འབྱེད་དགོས་པར་སྣང་ལ། ལྷག་མ་རྣམས་གོང་བཞིན་ནོ། །ཡང་ཁ་ཅིག །ལྟ་བ་རྙེད་ནས་དེས་སྔོན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་རེ་བྱས་ན། དེའི་རྗེས་སུ་མི་རྟོག་པར་གང་བཞག་ཐམས་ཅད་ལྟ་བ་བསྒོམས་པར་འདོད་པ་ལ། གཞན་དག་ན་རེ། སྔོན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བྱས་ནས་དེས་གཉིད་མཐུག་པོ་ཞེས་སོགས་གོང་བཞིན་འགོག་ལ། འདི་ལའང་དཔྱད་ན། དེ་ལྟར་བཞག་པ་ལ་ལྟ་བའི་ངེས་ཤེས་དང་བཅས་པའི་དྲན་ཤེས་ཡོད་མེད་ཀྱིས་འབྱེད་པ་སོགས་གོང་བཞིན་ནོ། །ཡང་ཁ་ཅིག །ལུགས་སྔ་མ་གསུམ་མི་འདོད་ཀྱང་། སྟོང་ཉིད་ཀྱི་དོན་ལ་ངེས་ཤེས་དྲངས་ཏེ་དེ་ནས་དེའི་དོན་སེམས་གཡོ་མེད་དུ་བཟུང་ནས་གཞན་དུ་མི་དཔྱོད་པར་འཇོག་པ་ནི་ལྟ་བ་ཕྱིན་ཅི་མ་ལོག་པར་སྒོམ་པ་ཡིན་ཏེ། ལུགས་དང་པོ་ལྟར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པ་ཡང་མེད། གཉིས་པ་ལྟར་མི་རྟོག་པར་
(༡༤༥)འཇོག་པའི་ཚེ་ལྟ་བ་དྲན་པར་མི་བྱེད་པའང་མེད། གསུམ་པ་ལྟར་ཐོག་མར་ལྟ་བའི་དཔྱད་པ་བྱས་ཀྱང་དེ་ནས་ལྟ་ཐོག་ཏུ་མི་གནས་པའང་མིན་ནོ་ཞེས་འདོད་པ་ལ། གཞན་དག་ན་རེ། དེ་ནི་ལྟ་བ་དྲན་ཙམ་བྱས་ནས་ལྟ་ཐོག་ཏུ་འཇོག་སྒོམ་ཁོ་ན་བྱེད་པར་འདུག་པས་སྟོང་ཉིད་ལ་འཇོག་སྒོམ་བྱེད་པའི་ཞི་གནས་ཡོད་ཀྱི། དཔྱད་སྒོམ་ལྷག་མཐོང་གི་སྐྱོང་ཚུལ་མེད་པས་ཞི་ལྷག་མ་འབྲེལ་བའི་ཕྱོགས་གཅིག་པའོ་ཞེས་འགོག་ཀྱང་། དེ་ནི་དཔྱད་སྒོམ་གྱི་ལྷག་མཐོང་བསྒྲུབས་ཏེ་རྙེད་པའི་ལྟ་ཐོག་ནས་མ་ཡེངས་པའི་འཇོག་སྒོམ་ཡིན་ན་སླར་སྒྲ་དོན་ཅན་གྱི་རྟོག་པས་འཕྲལ་འཕྲལ་དུ་དཔྱོད་མི་དགོས་པས་དེ་འགོག་པར་མི་རིགས་ལ། རྩ་བའི་ལྟ་བ་དེ་ལ་ཉམས་མྱོང་གི་ཞེན་འཛིན་ཡོད་མེད་སོགས་ཀྱི་དཔྱད་གཞི་ཙམ་སྣང་ཡང་འཆད་ཚུལ་ལེགས་པ་ཡིན་ནོ། །ཡང་མཁས་པ་ཁ་ཅིག །ལྟ་བ་ངོས་འཛིན་པ་ན། རང་གི་མ་རིག་པས་ཇི་ལྟར་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས། དེའི་བཟློག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཀྱི་སྟེང་དུ་ངེས་པ་
(༡༤༦)ཤུགས་དྲག་བསྐྱེད་ནས་སྟོང་ཉིད་སྒོམ་དགོས་པ་དང་། ལྟ་བ་དྲན་ནས་དེའི་སྟེང་དུ་བཞག་པ་ཙམ་ཞིག་ལ་གོམས་པའང་ཞི་གནས་སྐྱོང་ཚུལ་ཉིད་དུ་ཟད་པས་ཡང་ཡང་དཔྱད་ནས་ངེས་ཤེས་ཤུགས་ཅན་བསྐྱེད་དགོས་པ་དང་། ཆོས་ཉིད་ཀྱི་དོན་ལ་བློས་གང་བཟུང་བ་ཐམས་ཅད་བདེན་ཞེན་གྱི་མཚན་འཛིན་དུ་མི་འགྱུར་བ་དང་། སོ་སོར་རྟོག་པ་དང་བྲལ་བའི་མི་རྟོག་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དུ་འགྱུར་བ་སོགས་འཆད་ལ། དེའི་རྗེས་འབྲང་ཁ་ཅིག །གཟུང་འཛིན་གྱི་ཆོས་ཐམས་ཅད་དབུ་མའི་རིགས་པས་དཔྱད་ཅིང་གཞིགས་པ་ན། ཐམས་ཅད་བདེན་པས་སྟོང་པ་བདག་མེད་ཀྱི་དོན་དང་། དེ་ལ་བློ་ཁ་ཕྱོགས་ནས་བདག་མེད་དམ་བདེན་སྟོང་གི་འཛིན་སྟངས་ཤུགས་དྲག་བསྐྱེད་པ་ལྟ་བའི་ངེས་ཤེས་དང་། དེ་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་མཉམ་པར་འཇོག་པ་ཡང་དག་པའི་ལྟ་སྒོམ་དུ་བྱེད་ཅིང་ཚུལ་གཞན་ཐམས་ཅད་སྔ་མ་དང་འདྲ་བར་སྨྲའོ། །འདི་དག་ལ་དཔྱད་པར་བྱ་སྟེ་སྔ་མར་བཤད་པའི་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཀྱི་སྟེང་དུ་ངེས་པ་
(༡༤༧)ཤུགས་དྲག་བསྐྱེད་པའི་ངེས་པ་དེ། རང་བཞིན་མེད་དོ་སྙམ་པའམ་རང་བཞིན་གྱིས་མ་གྲུབ་པ་སྙམ་པའི་ཞེན་འཛིན་ལས་མ་འདས་པས། དེ་ལྟར་ན་འདོད་པ་ཕྱི་མ་དང་འདྲ་བར་མངོན་ལ། ཕྱི་མར་ཆོས་ཐམས་ཅད་བདག་མེད་པའམ་བདེན་པས་སྟོང་པའི་འཛིན་སྟངས་དེ། བདག་མེད་དམ་བདེན་མེད་དུ་འཛིན་པ་ཞིག་ལས་མ་འདས་ཤིང་། དེ་ཇི་ལྟར་ཤུགས་དྲག་པ་དེ་འཛིན་པ་ཇེ་ཆེར་བསྐྱེད་པར་འགྱུར་བས། བདག་འཛིན་བཀག་ཀྱང་བདག་མེད་དུ་འཛིན་པའམ་དེར་བལྟ་བ་དང་། བདེན་འཛིན་བཀག་ཀྱང་བདེན་མེད་དུ་འཛིན་པའམ་དེར་བལྟ་བར་སྣང་བས། དེ་ནི་ཤིན་ཏུ་སྐྱོན་ཆེ་བར་བཤད་དེ། སྒོམ་རིམ་དུ། ཆོས་ཐམས་ཅད་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཞེས་སོགས་བཤད་པ་དང་དངོས་སུ་འགལ་ཞིང་། རྩ་ཤེ་ལས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་
(༡༤༨)ཀྱང་མི་བྱ་ཞིང་། །ཞེས་སོགས་དང་། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་དང་། ཡོད་ཅེས་བྱ་བ་རྟག་པར་བྱ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པ་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་པ་རྣམས་ཀྱི་ཕྱོགས་སྔ་མར་འགྱུར་པའི་ཕྱིར་རོ། །གཞན་ཡང་རྩ་ཤེར། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པའི་འགྲེལ་པ་ཚིག་གསལ་དུ། རེ་ཞིག་གལ་ཏེ་ཐམས་ཅད་སྟོང་པ་སྟེ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་རྟོག་ན་དེའི་ཚེ་འདི་ལོག་པར་ལྟ་བར་འགྱུར་ཏེ། ཞེས་པ་ལྟར་འགྱུར་བ་ལ་ཉེ་ཞིང་། ཅིས་ཀྱང་ཞེན་འཛིན་བྱེད་ན་ཡོད་པའི་ཕྱོགས་ཅུང་ཟད་ལེགས་པ་ཡིན་ཏེ། རྩ་ཤེར། ཡོད་པ་པོ་ནི་བདེ་འགྲོ་འགྲོ། །མེད་པ་ཕོ་ནི་ངན་འགྲོར་འགྲོ། །ཞེས་སོ། །གཞན་ཡང་ལྟ་བ་དྲན་ནས་དེའི་སྟེང་དུ་བཞག །
(༡༤༩)ན་ཞི་གནས་ཙམ་དུ་འགྱུར་བའང་མི་འཐད་དེ། ཞི་ལྷག་གཉིས་མ་ཚང་ན་ལྟ་བ་དེ་ལྟ་བ་ཡང་དག་མིན་ལ། ཚང་ན་དེའི་ཐོག་ཏུ་བཞག་པ་ལ་ལྷག་མཐོང་ཚང་བའི་ཕྱིར་དང་། ལྷག་མཐོང་ཐམས་ཅད་རྟོག་པར་འདོད་ཅིང་ཞི་གནས་ཐམས་ཅད་མི་རྟོག་པར་འདོད་ན། རྟོག་པ་དང་མི་རྟོག་པའི་གཞི་མཐུན་མི་སྲིད་པས་ཁྱེད་ལ་ཞི་ལྷག་ཟུང་འཇུག་གི་སེམས་རྩེ་གཅིག་པའང་མི་སྲིད་པར་འགྱུར་ཞིང་། མདོ་དགོངས་འགྲེལ་གྱི་འགྲེལ་བར། ཞི་ལྷག་ཟུང་འབྲེལ་འཆད་པའི་སྐབས་སུ་སློབ་དཔོན་ཡེ་ཤེས་སྙིང་པོས། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གི་དམིགས་པའི་སེམས་ཁོ་ན་ལ་དམིགས་པས། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་ཀ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཉིད་དོ། །ཞེས་པའང་མི་འཐད་པར་འགྱུར་རོ། །དེ་ཁོ་ན་ཉིད་ལ་ཞུགས་པའི་ཚེ་ཡང་ཡང་དཔྱད་ནས་སྟོང་འཛིན་ནམ་མེད་འཛིན་བསྐྱེད་པའང་རྒྱ་བོད་ཀྱི་ངེས་དོན་སྨྲ་བ་གཞན་སུའང་མི་བཞེད་ཅིང་མི་འཐད་དེ། ཆོས་དབྱིངས་བསྟོད་
(༡༥༠)པར། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམས་སྤངས་ནས། །ཆོས་རྣམས་རང་བཞིན་མེད་ཉིད་ལས། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་དང་། བྲམ་ཟེ་ཆེན་པོས། མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་དག་པས་ཀུན་གྱིས་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དུག་སྦྲུལ་བཙེས་པ་ཁོ་ནར་ཟད། །ཅེས་སོགས་ལུང་མང་པོ་དང་འགལ་བ་དང་། སྒྲ་དོན་ཅན་གྱི་རྟོག་དཔྱོད་ནི་འཁྲུལ་ཤེས་ཀུན་རྫོབ་པའི་བློ་ཡིན་ལ། ངེས་དོན་དམ་པ་ལ་དཔྱོད་པ་བཀག་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱིས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་དུ་འདོད། །ཅེས་སོ། །ཆོས་ཉིད་ཀྱི་དོན་ལ་བློས་བཟུང་བ་མཚན་འཛིན་དུ་མི་འགྱུར་བའང་མི་འཐད་དེ། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཤེར་ཕྱིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་རྟག་མི་རྟག་དང་སྟོང་མི་སྟོང་དང་བདག་ཡོད་མེད་གང་དུ་སྤྱོད་
(༡༥༡)ཀྱང་མཚན་མ་ལ་སྤྱོད་པར་གསུངས་པའི་ཕྱིར་དང་། བྲམ་ཟེ་ཆེན་པོས། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་དང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །སོ་སོར་རྟོག་པ་དང་བྲལ་བའི་མི་རྟོག་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དང་མཐུན་པར་སྨྲ་བའང་ཤིན་ཏུ་ཐལ་ཆེས་ཏེ། བྱང་ཆུབ་སེམས་འགྲེལ་དུ། རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །ཅེས་དང་། དབུ་མ་འཇུག་པར། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང་། །ཞེས་དང་། ཇོ་བོ་རྗེའི་དབུ་མའི་མན་ངག་གི་བཞག་ཐབས་ཀྱི་སྐབས་སུ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། ཞེས་སོགས་རྣམ་པར་མི་རྟོག་པར་འཇོག་པར་བཤད་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དུ་
(༡༥༢)འགྱུར་བའི་ཕྱིར་རོ། །གཞན་ཡང་ཐམས་ཅད་བདེན་སྟོང་དུ་འཛིན་པ་ནི་ཤེས་རབ་དེ་བྱམས་ཆོས་ཀྱི་སྐོར་ནས་རྟག་འཛིན་རྟོག་པར་བཤད་ཅིང་། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤང་བྱར་བཤད་པས་ཡང་དག་པའི་ལྟ་བར་མི་རུང་ཞིང་། དེ་ཞི་གནས་ཀྱི་རྟ་ལ་བསྐྱོན་ཡང་ཡང་དག་པའི་ལྟ་སྒོམ་དུ་མི་འགྱུར་བའི་ཕྱིར་དང་། ཁྱེད་རང་ལྟར་ན་ཞི་གནས་ཡིན་ན་མི་རྟོག་པ་ཡིན་དགོས་པ་དང་། རྟོག་པ་དང་བྲལ་ན་ལྷག་མཐོང་འཆོར་བར་སྣང་བས། རྟ་དང་དེ་ལ་བསྐྱོན་རྒྱུ་གཉིས་ཤིན་ཏུ་འགལ་བར་འགྱུར་བའི་ཕྱིར་དང་། སོ་སོར་རྟོག་པས་དཔྱད་པའི་མཐར་སོ་སོར་རྟོག་པ་ཉིད་ཀྱང་རང་ཞི་བར་བཤད་པས་དེའི་ཚེ་ཡང་ལྷག་མཐོང་འཆོར་བ་དང་ཧྭ་ཤང་གི་སྒོམ་དུ་འགྱུར་བ་ལ་སོགས་པ་ལུང་རིགས་ཀྱི་དཔྱད་པ་དུ་མ་ཞིག་འཇུག་པར་སྣང་ཡང་མངས་པའི་འཇིགས་པས་མ་སྤྲོས་སོ། །གཉིས་པ་རང་ལུགས་བཞག་པ་ནི། སྔར་ལྷག་མཐོང་གི་སྐབས་སུ་ལྟ་བ་ངོས་བཟུང་ནས་སྐྱོང་ཚུལ་བཤད་པ་དང་། དོགས་གཅོད་རིམ་པར་བརྗོད་པའི་ལུང་རིགས་
(༡༥༣)རྣམས་ཀྱིས་ཤེས་པར་ནུས་ལ། འདིར་ཡང་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་སྟོང་ཉིད་ཀྱི་ལྟ་བ་ཇི་ལྟ་བ་མངོན་སུམ་དུ་རྟོགས་པ་ནི་འཕགས་པའི་ས་ཐོབ་པ་ན་འབྱུང་བར་བཤད་པས། སྐབས་འདིར་ནི་སོ་སྐྱེའི་སྤྱོད་ཡུལ་དུ་གྱུར་པའི་ལྟ་བ་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་གོང་དུ་བཤད་པའི་དཔྱད་སྒོམ་དང་འཇིག་སྒོམ་གྱི་ཕྱོགས་གང་ལ་བརྟེན་ཡང་སྟོང་ཉིད་ཀྱི་ལྟ་བ་རྙེད་པ་ནི་ཅི་ནས་ཀྱང་གལ་ཆེ་སྟེ། དེ་མ་རྙེད་པའི་ལྟ་སྒོམ་ནི་ཇི་ལྟར་བཟང་ཡང་སྲིད་པའི་རྩ་བ་གཅོད་མི་ནུས་པར་མདོ་ལས་གསུངས་པ་ལྟར་བྱང་ཆུབ་སེམས་འགྲེལ་དུ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་སོ། །ལྟ་བ་དེ་ཡང་ཕྱིན་ཅི་མ་ལོག་པ་ཞིག་མ་རྙེད་ན་གཏན་མི་རུང་སྟེ། ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། དེ་ལྟར་ལྟ་བ་མ་ནོར་བས། །སྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་པས་བྱང་ཆུབ་ཐོབ། །དཀྱུ་ས་བསྟན་པའི་རྟ་བཞིན་ནོ། །ལྟ་
(༡༥༤)བ་དངོས་སུ་མ་མཐུན་ན། །སྒོམ་པ་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་ཐོབ་སྟེ། །དམུས་ལོང་མིག་བུ་མེད་པ་བཞིན། །ཞེས་བཤད་པ་ལྟར་རོ། །དེ་ལྟ་བུའི་ལྟ་བ་འཚོལ་བ་དེའང་ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་ལྟ་བའི་གོ་ཡུལ་རྙེད་པ་ཙམ་གྱིས་མི་ཆོག་པས་གཙོ་བོར་སྒོམ་བྱུང་གི་ཤེས་རབ་ལ་བརྟེན་ནས་རང་གི་སེམས་ཐོག་ཏུ་ཉམས་སུ་མྱོང་ཞིང་རིག་པ་ཞིག་གལ་ཆ་ལ། དེ་ཡང་སྒོམ་རིམ་གྱི་མཐར་ཐུག་སེམས་ལ་དམིགས་ནས་སྒྲུབ་དགོས་པར་མདོ་སྔགས་མན་ངག་དང་བཅས་པར་གསུངས་ཏེ། གསང་འདུས་ལས། རང་གི་སེམས་ནི་བརྟག་པ་ན། །ཆོས་ཀུན་རང་གི་སེམས་ལ་གནས། །ཆོས་འདི་ནམ་མཁའི་རྡོ་རྗེར་གནས། །ཆོས་དང་ཆོས་ཉིད་མེད་པའོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ཀྱིས་བསྐུལ་བ་ལས། །སེམས་ཉིད་བསྒོམས་པས་སངས་རྒྱས་ཏེ། །ཞེས་སོགས་དང་། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་
(༡༥༥)གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློ་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་སོགས་དང་། བྲམ་ཟེ་ཆེན་པོས། སེམས་བཅིངས་ན་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་སོ། །རྒྱུ་མཚན་དེ་ལ་བརྟེན་ནས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་དབུ་མའི་སྒོམ་རིམ་དང་ཤེར་ཕྱིན་གྱི་མན་ངག་གཉིས་ཀར་མདོ་ལང་གཤེགས་སུ་གསུངས་པའི་དོན་བཀྲོལ་ནས། སེམས་ཙམ་ལ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། སྣང་མེད་ལ་དམིགས་པའི་རྣལ་འབྱོར་རྣམས་བཤད་པ་ཡིན་ནོ། །དེ་ལྟར་མདོ་སྔགས་མན་ངག་དང་བཅས་པའི་སྒོམ་རིམ་གང་ཡིན་ཀྱང་དང་པོར་ལྟ་བ་འཚོལ་བའི་ཚེ་སོ་སོར་རྟོག་པའི་ཤེས་རབ་མེད་དུ་མི་རུང་སྟེ། སྒོམ་རིམ་ཐ་མར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་
(༡༥༦)སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་མེད་ན་དེ་དག་གི་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་དང་པོར་སོ་སོར་རྟོག་པ་དགོས་པའི་རྒྱུ་མཚན་མང་དུ་བཤད་དོ། །འོན་ཀྱང་སོ་སོར་རྟོག་པས་དཔྱད་པ་ན་མཐར་སོ་སོར་རྟོག་པ་ཉིད་ཀྱང་ཞི་ནས་མི་རྟོག་པ་འདྲེན་པ་ཞིག་དགོས་ཏེ། འོད་སྲུངས་ཀྱིས་ཞུས་པར། འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མི་འབྱུང་སྟེ་བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་སོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པའི་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་དང་། སྒོམ་རིམ་བར་པར། འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན། གཙུབས་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ། །ཞེས་སོ། །དཔྱོད་པ་དེ་ཡང་སྒྲ་དོན་ཅན་གྱི་རྟོག་དཔྱོད་ཁོ་ན་མ་ཡིན་པར་མཉམ་གཞག་གི་ངང་ནས་
(༡༥༧)དཔྱོད་དགོས་ཏེ། མདོ་ལས། མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང་། སྒོམ་རིམ་དུ། ཞི་གནས་ཀྱི་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། ཞེས་སོ། །དེ་ལྟར་དཔྱད་པས་དཔྱོད་བྱེད་ཀྱི་སོ་སོར་རྟོག་པ་ཉིད་ཀྱང་རང་ཞི་ནས་ཅིའི་ངོ་བོར་ཡང་མ་གྲུབ་པའི་མི་རྟོག་པར་གྱུར་པ་ནི་སྐབས་འདིའི་ལྟ་བ་དངོས་གཞི་ཡིན་ཏེ། མདོ་ལས། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པ་དེ་ནི་ཡང་དག་པར་མཐོང་བའོ། །ཞེས་དང་། སྒོམ་རིམ་དུ། དོན་དམ་པ་མཐོང་བ་གང་ཞེ་ན་ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ། །ཞེས་སོ། །དེ་ནས་སྐབས་དེར་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན་གཟུང་འཛིན་གྱི་དྲན་པ་དང་ཡིད་ལ་བྱེད་པ་མེད་པར་སེམས་སྤྲོས་བྲལ་དུ་འཇོག་པ་ཡིན་ཏེ། མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཏིང་
(༡༥༨)ངེ་འཛིན་ཞེས་དེ་ལ་བྱ། །ཞེས་སོགས་དང་། ཇོ་བོ་རྗེས། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཅེས་དང་། ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོས་རྟོག་བྲལ་བར། །བྱིང་རྒོད་རབ་རིབ་མེད་པར་བལྟ། །ཞེས་པའི་དོན་ཏོ། །ཚུལ་འདི་དག་ཇོ་བོའི་དབུ་མའི་མན་ངག་ལས། འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ་། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པས་རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ནི་དངོས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན་སོ་སོར་རྟོག་པའི་ཤེས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་
(༡༥༩)ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ་རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་བཤད་པ་གོ་བདེ་ཡང་ཅུང་ཟད་བཀྲོལ་ན། ཐོག་མར་ལྟ་བ་འཚོལ་བའི་ཚེ་གཟུང་འཛིན་གྱི་ཆོས་ཐམས་ཅད་སེམས་སུ་བརྟགས་ལ། སེམས་ཀྱང་དུས་གསུམ་གྱི་སྒོ་ནས་སམ། གཅིག་དུ་བྲལ་ལམ། སྐྱེ་འགག་གནས་བྲལ་ལམ། རང་བཞིན་གྱི་འོད་གསལ་བ་སོགས་
(༡༦༠)རིགས་པའི་སྒོ་ཅི་རིགས་པས་བརྟག་ཅིང་གཞིགས་ནས་ངོ་བོ་ཉིད་དུ་མ་གྲུབ་པར་བརྟགས་ཏེ། དེ་ལྟར་གཟུང་འཛིན་གཉིས་དངོས་པོ་གང་དུའང་མ་གྲུབ་ཅིང་མེད་ཙམ་ན། རྟོག་བྱེད་ཀྱི་སོ་སོར་རྟོག་པ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་དྲུད་པའི་མེས་ཤིང་སྲེགས་ནས་མེ་ཡང་རང་ཞི་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་དེ་ཡང་སྣང་མེད་འོད་གསལ་ཅིར་ཡང་མ་གྲུབ་པར་འགྱུར་ཏེ། དེ་ལྟ་བུའི་ལྟ་བ་རྙེད་པ་དེའི་ཚེ་བྱིང་རྒོད་སོགས་ཀྱི་སྐྱོན་བསལ་ལ། སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན་པ། གཟུང་འཛིན་གྱི་བློའི་དྲན་པ་དང་ཡིད་བྱེད་ཐམས་ཅད་སྤངས་ཏེ། ཇི་སྲིད་མཚན་འཛིན་ནམ་རྣམ་རྟོག་གི་སྐྱོན་མ་ལངས་ཀྱི་བར་དེ་སྲིད་དུ་དེ་ལྟ་བུ་ལ་སེམས་གནས་པར་བྱེད་དགོས་པ་བསྙོན་མེད་པར་བསྟན་ལ། སྒོམ་རིམ་དུ་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ། ཤེས་པ་ཡང་ཡོད་
(༡༦༡)མེད་དང་བྲལ་བ་དེ་ལྟ་བུར་དམིགས་པ་མེད་པར་བསྒོམ་པར་བྱའོ། །ཞེས་གོང་བཞིན་དུ་བསྟན་ཏེ། དེ་ལྟར་ན་ལྟ་བ་སྐྱོང་བའི་ཚེ་དཔྱད་སྟོང་གི་ངེས་ཤེས་སམ། རང་བཞིན་མེད་པའི་ངེས་ཤེས་སམ། །བདག་མེད་པའི་ངེས་ཤེས་རྣམས་ཤུགས་དྲག་པ་ཞི་གནས་ལ་བརྟེན་ནས་སྐྱོང་བར་འདོད་པ་རྣམས་ལུང་དོན་དེ་དག་ལ་ལེགས་པར་སོམས་དང་ལྟ་བའི་ངེས་པ་རྙེད་པར་འགྱུར་རོ། །དེར་མ་ཟད་གཞན་ཡང་ལྟ་བ་རྙེད་ནས་རྟོག་མེད་སྒོམ་པར་བཤད་པའི་ཚུལ་ཤིན་ཏུ་མང་སྟེ། ཏིང་འཛིན་རྒྱལ་པོ་ལས། མཁས་པས་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་གཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རྟག་ཏུ་ཤེས། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་སྒོམ་རིམ་དུ་དྲངས་པ་ལས། སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་དང་། ལྷག་
(༡༦༢)མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་གོ །ཞེས་དང་། སྒོམརིམ་བར་པ་ལས། དེ་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཞེས་དང་། ཀ་མ་ལ་ཤི་ལས་མཛད་པའི་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པར་ཡང་དཔྱད་པའི་མཐར་མི་རྟོག་པ་ལ་འཇོག་དགོས་པ་ཁོ་ན་བཤད་ལ། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་རྐྱེན་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །ཞེས་སོ། །དེ་དག་གིས་ལྟ་སྒོམ་གྱིས་དོགས་གཅོད་བཤད་ཟིན་ཏེ། འདི་ཡན་ཆད་མདོ་སྔགས་མན་ངག་དང་བཅས་པའི་ཏིང་ངེ་འཛིན་སྒྲུབ་ཚུལ་ཐམས་ཅད་ལ་མཁོ་བར་སྣང་བས་སྤྱི་བཤད་ཀྱི་ཚུལ་དུ་ཆེ་ལོང་ཙམ་བཤད་པ་ཡིན་ནོ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པ་ཕྱག་
(༡༦༣)རྒྱ་ཆེན་པོའི་སྒོམ་རིམ་རྒྱས་པར་ཕྱེ་ནས་བཤད་པ་ལ། ཐོག་མར་ཡིད་ཆེས་བསྐྱེད་པའི་རྣམ་ངེས། སྒོམ་རིམ་གྱི་སྔོན་དུ་འགྲོ་བའི་རྣམ་གཞག །ཕྱག་ཆེན་གྱི་སྒོམ་རིམ་དངོས་བཤད་པ་གསུམ་ལས། དང་པོ་ལ། ཉམས་སུ་བླང་བྱའི་ཆོས་ཀྱི་ཆེ་བ་བཤད་པ་དང་། ཉམས་སུ་བླངས་པའི་གང་ཟག་གི་ཆེ་བ་བཤད་པ་གཉིས་ཀྱི། དང་པོ་ལ། ཕྱག་རྒྱ་ཆེན་པོའི་རྣམ་ངེས། དེ་ཉིད་མདོ་རྒྱུད་མཐའ་དག་ནས་བསྟན་ཚུལ། ཁྱད་པར་བླ་མེད་ཀྱི་རྒྱུད་ནས་གསུངས་ཚུལ། མདོ་རྒྱུད་ཐམས་ཅད་ཀྱི་ཟ་བ་དོན་ཡིད་ཚུལ་བཞི་ལས། དང་པོ་ལ། མཚན་དོན་དང་རྣམ་གྲངས། ངོ་བོ་དང་རབ་དབྱེ། མ་ཤེས་པ་དང་ཤེས་པའི་སྐྱོན་ཡོན་གསུམ་གྱི། དང་པོ་ནི། ཆོས་འདིའི་མཚན་མ་ཧཱ་མུ་དྲའི་སྒྲ་ལས་དྲངས་ན་ཕྱག་རྒྱ་ཆེན་པོ་ཞེས་པ་ལས། ཕྱག་རྒྱ་ལ་སྤྱིར་ཕྱག་རྒྱ་དང་རྟགས་དང་མཚན་མ་དང་ཉེ་བའི་མཚན་ཉིད་རྣམ་གྲངས་ཡིན་ལ། དེ་ཡང་གདབ་པར་བྱ་བའམ་བཏབ་པའི་དོན་གྱིས་ཕྱག་རྒྱར་བརྗོད་པ་ནི། དཔེར་ན་འཇིག་རྟེན་དུ་ཐམ་ག་
(༡༦༤)ལྟ་བུས་གཞན་ལ་འདེབས་པའམ་བཏབ་པས་ན་རྒྱ་ཞེས་པ་ལྟར། འདིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་འདེབས་པའམ་བཏབ་པས་ན་ཕྱག་རྒྱ་དང་མཚོན་པར་བྱེད་པས་ཕྱག་རྒྱར་བརྗོད་པ་ནི། དཔེར་ན་གོ་ཆ་ལ་སོགས་པའི་རྟགས་མཚན་གྱིས་སོ་སོའི་བྱེ་བྲག་མཚོན་པ་ལྟར། འདིས་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་མཚོན་པས་ན་ཕྱག་རྒྱ་དང་། མི་འདའ་བར་བྱེད་པས་ན་ཕྱག་རྒྱར་བརྗོད་པ་ནི། དཔེར་ན་རྒྱལ་པོའི་བཀའ་རྒྱས་བཏབ་པ་ལ་འབངས་རྣམས་ཀྱིས་མི་འདའ་བ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་འདི་ལས་མི་འདའ་བས་ན་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ལ། འདི་དང་ཕྱོགས་མཐུན་པར་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་བ་ལ། དེ་བཞིན་ཉིད་དབྱེར་མེད་པ་དེ་ནི་ཕྱག་རྒྱ་སྟེ། ཕྱེ་བ་མེད་པ་འཇུག་པ་མེད་པ་མངོན་པར་ཞེན་པ་མེད་པ་མི་བསྐྱོན་པ་བསྐྱོད་པར་བྱ་བ་མ་ཡིན་པ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་
(༡༦༥)བསྐྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ནི་ཕྱག་རྒྱ་དེས་བཏབ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་དེ་ནི་ཤིན་ཏུ་མ་སྐྱེས་པའི་ཕྱག་རྒྱ། ཤིན་ཏུ་སྟོང་པ་ཉིད་ཀྱི་ཕྱག་རྒྱ། ཤིན་ཏུ་མཚན་མ་མེད་པའི་ཕྱག་རྒྱ། ཤིན་ཏུ་སྨོན་པ་མེད་པའི་ཕྱག་རྒྱ། ཤིན་ཏུ་འདུས་མ་བྱས་པའི་ཕྱག་རྒྱ། འདོད་ཆགས་དང་བྲལ་བའི་ཕྱག་རྒྱ། དེ་བཞིན་ཉིད་ཀྱི་ཕྱག་རྒྱ། ཡང་དག་པའི་མཐའི་ཕྱག་རྒྱ། ནམ་མཁའི་ཕྱག་རྒྱ་སྟེ། ཞེས་སོ། །ཆེན་པོ་ཞེས་པ་ནི་ཆོས་འདིའི་གོང་ན་གཞན་མེད་པའི་དོན་ཏེ། གསང་བ་གྲུབ་པར། བཞི་པ་གོང་ན་མེད་པའི་རྒྱུད། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་སྒོམ་པ། །དེ་ཡི་གོང་ན་གཞན་མེད་པའོ། །ཞེས་པ་ལྟར་རོ། །ཡང་ཕྱག་ཆེན་ཐིག་ལེས། འདི་ནི་ཕྱག་རྒྱ་ཆེན་པོ་སྟེ། །ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པའོ། །ཞེས་གསུངས་པ་ལྟར་ན། ཕྱག་ནི་སྟོང་པ་ཉིད་རང་རིག་པའི་ཡེ་ཤེས་ཀྱི་དོན་ཏེ། རིམ་ལྔར་
(༡༦༦)རང་གིས་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །རྒྱ་ནི་འཁོར་བའི་ཆོས་གཟུང་འཛིན་ལས་གྲོལ་ཞིང་དེས་ཆོས་ཐམས་ཅད་ལ་རྒྱས་བཏབ་པའམ་འདེབས་པའི་དོན་ཏེ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །ཞེས་སོ། །ཆེན་པོ་ནི་ཐབས་ཤེས་སོགས་ཟུང་དུ་འཇུག་པའམ་མཉམ་པར་སྦྱོར་བ་དང་། དེ་ནི་སྒོམ་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་དོན་ཏེ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པར། ཐབས་དང་ཤེས་རབ་མཉམ་སྦྱོར་བ། སྒོམ་པ་མཆོག་གི་རྣལ་འབྱོར་པ། །ཕྱག་རྒྱ་ཆེན་པོ་མཉམ་སྦྱོར་བ། །ཞེས་སོ། །གཞན་ཡང་འདིའི་མཚན་དོན་ལ་དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་ལས། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། རབ་ཏུ་མི་གནས་པའི་
(༡༦༧)མྱ་ངན་ལས་འདས་པའམ་མི་འཕོ་བའི་བདེ་བས་བདེ་བ་ལ་རྒྱས་བཏབ་པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང་། འཁོར་བའི་བག་ཆགས་དང་བྲལ་བར་གྱུར་པས་ན་ཆེན་པོའོ། །ཞེས་བཤད་ལ། རྗེ་སྒམ་པོ་པས། སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ །ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རབ་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །ཞེས་དང་། གསེར་སྡིངས་པའི་ཐེག་སྒྲོན་ལས། ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི། །ལས་དང་ཉོན་མོངས་སྒྲིབ་པ་རྣམས། །རང་གྲོལ་སེམས་ཉིད་ཆོས་སྐུ་རུ། །མཇལ་བའི་ཕྱིར་ན་ཕྱག་ཅེས་བྱ། །མཚན་མའི་རྣམ་པར་རྟོག་པ་ཡིས། །འདའ་བར་མི་ནུས་ཕྱིར་ན་རྒྱ། །མཚན་ཉིད་ཐེག་དང་བྱ་སྤྱོད་སོགས། །ཐེག་པ་ཀུན་ལས་ཆེ་བས་ན། །ཆེན་པོ་ཞེས་ནི་བརྗོད་པ་ཡིན། །ཞེས་ཀྱང་བཤད་དེ། །མཚན་གྱི་རྣམ་གྲངས་ནི། དོན་དམ་པའི་དེ་ཉིད། བླ་ན་མེད་
(༡༦༨)པའི་ཡེ་ཤེས། ཀུན་ཏུ་བཟང་པོ། ཕྱག་རྒྱ་ཆེན་པོ། ཆོས་ཀྱི་སྐུ་རྣམས་དོན་གཅིག་ཏུ་བཤད་དེ། ཨིནྡྲ་བོ་དྷིས་ཡེ་ཤེས་གྲུབ་པའི་སྒྲུབ་ཐབས་ལས། འདི་ནི་དོན་དམ་དེ་ཉིད་དོ། །ཡེ་ཤེས་རྡོ་རྗེ་བླ་མེད་ཡིན། །ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུར་ཤེས་བྱ་སྟེ། །ཞེས་སོ། །སྦྱོར་བ་བདུན་པར། རང་བཞིན་མེད་དང་དེ་བཞིན་ཉིད། །ཆོས་ཉིད་དང་ནི་ཆོས་མཉམ་པ། །དོན་དམ་ལ་སོགས་རྣམ་གྲངས་ཀྱང་། །རང་བཞིན་མེད་པ་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཞེས་པའི་མཚན་གྱི་རྣམ་གྲངས་ཀྱང་བཤད་དོ། །གཉིས་པ་ནི། ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། གང་དུའང་མི་གནས་ཤིང་མཚན་ཉིད་ཐམས་ཅད་དང་བྲལ་བ་ཀུན་ལ་ཁྱབ་པ་ནམ་མཁའ་ལྟ་བུར་བཤད་དེ། ཨིནྡྲ་བོ་དྷིས། ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ནི་དོན་དམ་དེ་ཉིད་དེ། །ཞེས་དང་། མཻ་ཏྲིས་པས། ཟུང་འཇུག་བློ་འདས་ཕྱག་རྒྱ་ཆེན་པོ་ནི། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུ་ཡིས། །ཁྱབ་ཅིང་རྒྱ་ཆེ་སྙིང་རྗེ་ཆེན་
(༡༦༩)པོ་ནི། །སྣང་ལ་རང་བཞིན་མེད་པ་ཆུ་ཟླ་བཞིན། །གསལ་ལ་ཐ་སྙད་མཐའ་དབུས་ཀུན་དང་བྲལ། །གང་གིས་མ་གོས་དྲི་མེད་རེ་དོགས་བྲལ། །ལྐུགས་པའི་རྨི་ལམ་བཞིན་དུ་སྨྲ་མི་ཤེས། །ཞེས་སོགས་གསུངས་པ་ལྟར་རོ། །རབ་དབྱེ་ནི། གཞི་དང་ལམ་དང་འབྲས་བུའི་ཕྱག་རྒྱ་ཆེན་པོ་གསུམ་སྟེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་འཁོར་འདས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པ་དང་། བྱེ་བྲག་ཏུ་གསལ་ཞིང་དྭངས་ལ་ངོས་བཟུང་མེད་པའི་རང་སེམས་ཀྱི་གཤིས་གདོད་མའི་གནས་ལུགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་གཞིའི་ཕྱག་ཆེན་དང་། ཐོས་བསམ་སྒོམ་གསུམ་སོགས་ཀྱི་ལམ་ལ་བརྟེན་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་རང་བཞིན་མེད་པ་འོད་གསལ་སྟོང་པ་ཉིད་དུ་རྟོགས་ཤིང་། མྱོང་ཐོག་ཏུ་རང་ངོ་ཤེས་པའི་ལྟ་སྒོམ་ཁྱད་པར་ཅན་
(༡༧༠)ནི་ལམ་གྱི་ཕྱག་ཆེན་དང་། དེ་ལྟ་བུའི་གཞིའི་ཕྱག་ཆེན་དེ་ཉིད་ལམ་ཕྱག་ཆེན་གྱིས་གོམས་པར་བྱས་པ་ལས་ནམ་མཁའ་གཡའ་དག་པ་ལྟར་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས། སྒྲིབ་བྲལ་དག་པ་གཉིས་ལྡན་གྱི་ཡེ་ཤེས་འབའ་ཞིག་ཏུ་གྱུར་པ་ནི་འབྲས་བུའི་ཕྱག་ཆེན་ཡིན་ནོ། །དེ་དག་ལའང་ནང་ཚན་དུ་ཕྱེ་ན། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །ཞེས་དེ་བཞིན་ཉིད་ལ་གསུམ་དུ་ཕྱེ་བ་གཞིའི་ཕྱག་ཆེན་གྱི་དབྱེ་བ་དང་། བདེ་མཆོག་འབྱུང་བ་ལས། སྟོང་ཉིད་སོ་སོར་རྟོག་པས་ན། །བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། །ཞེས་ཞི་གནས་དང་ལྷག་མཐོང་དུ་ཕྱེ་བ་དང་། ཡེ་ཤེས་སྙིང་པོའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་ནི་འདིར་བཞིར་དབྱེ་བ་སྟེ། ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱའོ། །ཞེས་ཕྱག་རྒྱ་བཞིར་ཕྱེ་བ་ལ་སོགས་པ་རྣམས་ལམ་ཕྱག་ཆེན་གྱི་དབྱེ་བ་དང་། ཨིནྡྲ་བོ་དྷིས་ཡེ་
(༡༧༡)ཤེས་གྲུབ་པའི་སྒྲུབ་ཐབས་སུ། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུར་ཡེ་ཤེས་ནི། །སྣང་བ་མེ་ལོང་ཞེས་བྱའོ། །ཞེས་སོགས་ཡེ་ཤེས་ལྔ་དང་སྐུ་གསུམ་དུ་ཕྱེ་བ་ལ་སོགས་པ་རྣམས་འབྲས་བུའི་ཕྱག་ཆེན་གྱི་དབྱེ་བར་ཤེས་པ་བྱའོ། །གསུམ་པ་ནི། ཕྱག་རྒྱ་ཆེན་པོའི་གནས་ལུགས་མ་ཤེས་ཤིང་མ་རྟོགས་ན་རྣལ་འབྱོར་གཞན་འབུམ་ཕྲག་ཙམ་ཤེས་ཀྱང་རྣམ་གྲོལ་གྱི་འབྲས་བུ་མཆོག་མི་ཐོབ་པ་དང་། དེ་ཤེས་ཤིང་རྟོགས་ན་ཆོས་ཐམས་ཅད་ཤེས་པ་དང་རྡོ་རྗེ་སེམས་དཔར་འགྱུར་བར་གསུངས་ཏེ། ཕྱག་ཆེན་ཐིག་ལེར། གང་ཞིག་ཕྱག་རྒྱ་ཆེ་མི་ཤེས། །སངས་རྒྱས་ཡིན་ཡང་རྣལ་འབྱོར་མིན། །ཕྱག་རྒྱ་ཆེན་པོའི་ཐིག་ལེ་འདི། །གང་ཞིག་དག་པ་མ་ཤེས་པ། །རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། །འབུམ་གཅིག་རྣལ་འབྱོར་དེས་ཤེས་ཀྱང་། །དེ་ལྟ་མོད་ཀྱི་འབྲས་རབ་དེས། །ནམ་ཡང་འབྱུང་བར་མི་འགྱུར་རོ། །ཐམས་ཅད་ཆོས་ཀུན་རབ་ཤེས་ན། །དེ་ནི་ངེས་པར་སངས་རྒྱས་ཡིན། །ཕྱག་རྒྱ་ཆེན་པོ་རབ་
(༡༧༢)ཤེས་ན། །དེ་དཔལ་རྡོ་རྗེ་སེམས་དཔར་འགྱུར། །དེ་ཡི་རང་བཞིན་ཡེ་ཤེས་ནི། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་དང་། མཻ་ཏྲི་པས། གང་གི་དེ་ཉིད་མངོན་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོའོ། །ཞེས་དང་། དེ་ཉིད་མི་རྟོགས་གང་གིས་ཀྱང་། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །དེ་ཉིད་རྟོགས་ན་གང་གིས་འཆིང་། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། མདོ་སྡེ་རྣམས་སུ་ཕྱག་རྒྱ་ཆེན་པོའི་དོན་འདི་ཉིད་ལ་ཕྱག་རྒྱའི་མཚན་གཞན་ཅི་རིགས་པར་བཏགས་ནས་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ་གཉིས་སུ་མེད་ཅིང་ཡོངས་སུ་དག་པའོ། །ཞེས་དང་། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་བྱེ་བྲག་མེད་པའི་ཕྱིར་
(༡༧༣)ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །ཞེས་དང་། ངར་འཛིན་པ་ཡོངས་སུ་དག་པས་དྲི་མ་མེད་པའི་ཕྱག་རྒྱ་དང་། ཞེས་སོགས་ཕྱག་རྒྱ་ཉི་ཤུ་གསུངས་ནས། ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། །ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་སྐྱེ་བ་མེད། །མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགག་པ་མེད། །འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། །ཅེས་དང་། བྱམས་པ་འཇུག་པའི་མདོར། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་དང་། ཞེས་སོགས་ཀྱི་ཕྱག་རྒྱ་བཅོ་ལྔ་གསུངས། ནམ་མཁའ་མཛོད་ཀྱིས་ཞུས་པར་སྔར་བཤད་པའི་ཕྱག་རྒྱ་བཅུ་གསུངས། བུ་མོ་རིན་ཆེན་གྱིས་ཞུས་པར། ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །ནམ་མཁའ་མཉམ་པའི་མཚན་ཉིད་དོ། །མཚན་ཉིད་ཕྱག་རྒྱ་དེ་འདྲ་བས། །ཕྱག་རྒྱས་གང་བཏབ་ཕྱིར་མི་ལྡོག །ཅེས་སོགས་ཕྱག་རྒྱ་མང་དུ་གསུངས་ཤིང་། གཞན་ཡང་སྐལ་བཟང་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱའི་ཐ་སྙད་དང་། གོ་ཆ་
(༡༧༤)བཀོད་པ་བསྟན་པར་ཆོས་ཀྱི་ཕྱག་རྒྱའི་ཐ་སྙད་གསུངས་པ་སོགས་མང་དུ་སྣང་ངོ་། རྒྱུད་སྡེ་འོག་མར་ནི། འཇམ་དཔལ་རྩ་རྒྱུད་དུ་ལག་པའི་ཕྱག་རྒྱ་འཆིང་ཚུལ་ལ་ཕྱག་ཆེན་དུ་བཏགས་པ་དང་། རྣམ་སྣང་མངོན་བྱང་དུ་ལྷའི་ཕྱག་མཚན་ལ་ཕྱག་ཆེན་དུ་བཏགས་པ་དང་། རྣལ་འབྱོར་རྒྱུད་དུ་ལག་པའི་ཕྱག་རྒྱ་འཆིང་ཚུལ་ལ་ཕྱག་རྒྱ་བཞིར་བཏགས་པ་སོགས་མང་པོ་ཞིག་སྣང་ཡང་། དོན་བསྡུ་ན། མདོ་རྒྱུད་ཐམས་ཅད་དུ་སེམས་ཅན་གྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་གནས་པར་སྟོན་པ་དང་། སེམས་ཀྱི་རང་བཞིན་འོད་གསལ་བར་སྟོན་པ་སོགས་གཞིའི་གནས་ལུགས་གསུངས་པ་ཐམས་ཅད་ཀྱིས་གཞིའི་ཕྱག་རྒྱ་ཆེན་པོ་དང་། སྙིང་པོའི་ཁམས་རྒྱས་པར་བྱེད་པའི་ཆོས་སྤྲོས་བྲལ་དང་སྟོང་པ་ཉིད་ཀྱི་བྱེ་བྲག་དང་ཆོས་ཐམས་ཅད་བདེན་མེད་དང་བདག་མེད་པ་དང་མཉམ་པ་ཉིད་དང་ཟུང་དུ་འཇུག་པར་སྟོན་པ་ཐམས་ཅད་ཀྱིས་ལམ་གྱི་ཕྱག་རྒྱ་ཆེན་པོ་དང་། སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པ་རྣམ་པ་
(༡༧༥)ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བྱང་ཆུབ་པའི་ཚུལ་གསུངས་པ་ཐམས་ཅད་ཀྱིས་འབྲས་བུའི་ཕྱག་ཆེན་བསྟན་པ་ཡིན་ནོ། །གསུམ་པ་ལ། ཕྱག་རྒྱ་གསུམ་དང་གཞིའི་རྣམ་གཞག་གསུངས་ཚུལ། ཐུན་མོང་མིན་པའི་ཕྱག་ཆེན་གསུངས་ཚུལ། ཞར་བྱུང་གཞན་གྱི་ལོག་རྟོག་བསལ་བ་གསུམ་གྱི། དང་པོ་ནི། དུས་འཁོར་རྩ་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་བརྟགས་པ་ཡིས། །ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་རྣམ་པར་སྒོམ། །ཞེས་དང་། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་དང་། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བ། །མི་འགྱུར་བ་དེ་འཕེལ་བར་འགྱུར། །ཞེས་དང་། པདྨ་བཛྲ་གྱིས་གསང་བ་གྲུབ་པར། ལས་ཀྱི་ཕྱག་རྒྱ་ཁྲོ་སྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་ཡང་དེ་བཞིན། །རྣམ་རྟོག་མང་བ་སྤང་བྱས་ལ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་བྱ། །ཞེས་དང་། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ལས་ཀྱི་ཕྱག་རྒྱ་གཡོན་ཅན་གདུག །ཡེ་ཤེས་
(༡༧༦)ཕྱག་རྒྱ་དེ་བཞིན་དུ། །རྣམ་རྟོག་མང་བ་དོར་བྱས་ནས། །ཕྱག་རྒྱ་ཆེན་པོ་བསྟེན་པར་བྱོས། །ཞེས་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་གསུམ་གསུངས་པ་ལྟར་གྲུབ་ཆེན་འགའ་ཞིག་གིས་ཀྱང་བཤད་ལ། སྒྲོན་གསལ་ལེའུ་བཞི་པར། ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང་མཚན་མའི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་གསུམ་སྟེ། ཞེས་པའི་ཕྱག་རྒྱ་གསུམ་ཡང་བཤད་དོ། །བཤད་རྒྱུད་རྡོར་ཕྲེང་དུ། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཕྱག་རྒྱའི་དབྱེ་བ་བླ་ན་མེད། །ཆོས་དང་ལས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་མ་ནོར་བརྗོད། །ཅེས་པའི་ཕྱག་རྒྱ་བཞི་དང་། ཟླ་གསང་ཐིག་ལེར། དང་པོ་ཆོས་ཀྱི་ཕྱ་རྒྱ་སྟེ། །གཉིས་པ་དམ་ཚིག་ཕྱག་རྒྱ་ཡིན། །གསུམ་པ་ཕྱག་རྒྱ་ཆེན་པོ་སྟེ། །བཞི་པ་ལས་ཀྱི་ཕྱག་རྒྱར་བཤད། །ཅེས་དང་། ཡེ་ཤེས་སྙིང་པོའི་རྒྱུད་དུ་ཕྱག་རྒྱ་ཆེན་པོ་ལ་ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་བཞིར་ཕྱེ་ནས་བཤད། སངས་རྒྱས་
(༡༧༧)མཉམ་སྦྱོར་གྱི་འགྲེལ་པ་དགའ་རབ་རྡོ་རྗེས་མཛད་པར། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་བཞི་བཤད། སློབ་དཔོན་ཨ་བྷྱེ་ཀ་རས་སངས་རྒྱས་ཐོད་པའི་འགྲེལ་པར། རྫོགས་རིམ་དང་འབྲས་དུས་དང་བསྐྱེད་རིམ་པའི་ཕྱག་རྒྱ་བཞི་ཕྱེ་ནས། རེ་རེ་ལའང་ལས་རྒྱ་དང་ཆོས་རྒྱ་དང་ཕྱག་ཆེན་དང་དམ་ཚིག་གི་ཕྱག་རྒྱ་བཞི་བཞི་བཤད། ནཱ་རོ་པའི་ཀྱེའི་རྡོ་རྗེའི་འགྲེལ་པར། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་རྣམས། །རྒྱུ་དང་བསྒོམ་བྱ་དེ་བཞིན་དུ། །ཐོབ་བྱ་བཞི་པ་འཇིག་པ་མེད། །ཅེས་ལས་རྒྱ་དང་ཡེ་རྒྱ་དང་ཕྱག་ཆེན་དང་དམ་ཚིག་གི་ཕྱག་རྒྱ་བཞི་བཤད། མཻ་ཏྲི་པའི་ཕྱག་རྒྱ་བཞི་གཏན་ལ་དབབ་པར། ལས་ཀྱི་ཕྱག་རྒྱ་ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་བཞི་བཤད། དེ་བཞིན་དུ་གྲུབ་ཆེན་གྱི་གཞུང་འགྲེལ་མང་པོར་ཕྱག་རྒྱ་བཞི་གོ་རིམ་མི་འདྲ་བ་དང་ངོས་འཛིན་མི་འདྲ་བ་མང་པོ་ཞིག་བཤད་སྣང་ཡང་མང་བར་འགྱུར་བས་མ་སྤྲོས་སོ། །ཚུལ་འདི་དག་ལ་ཁ་ཅིག །ནཱ་རོ་དང་ནི་མཻ་ཏྲི་པའི། །ཕྱག་རྒྱ་ཆེན་པོ་
(༡༧༨)གང་ཡིན་པ། །དེ་ནི་ལས་དང་ཆོས་དང་ནི། །དམ་ཚིག་དང་ནི་ཕྱག་རྒྱ་ཆེ། །གསང་སྔགས་རྒྱུད་ནས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ། །ཞེས་འཆད་པ་ནི། གྲུབ་ཆེན་དེ་གཉིས་ཀྱིས་སྔགས་གཞུང་ལྟར་ཕྱག་རྒྱ་བཞིའི་བཤད་པ་མཛད་པ་ལའང་གོ་རིམ་དང་ངོས་འཛིན་མི་འདྲ་བ་ཡོད་པ་མ་ངེས་པ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོའི་བཞེད་གཞུང་གཞན་ཡོད་པ་གཏན་མ་མཐོང་བའི་ཚོད་གཏམ་ཁོ་ནར་སྣང་སྟེ། དེ་གཉིས་ཀྱིས་མཛད་པའི་ཕྱག་རྒྱ་བཞིའི་བཤད་པ་ལའང་གོ་རིམ་དང་ངོས་འཛིན་མི་འདྲ་བ་དུ་མ་ཡོད་པའི་ཕྱིར་དང་། དེ་གཉིས་ཀའི་གོ་རིམ་དང་ཁྱེད་ཀྱིས་བསྐྱར་བའང་གོ་རིམ་མ་འགྲིག་པར་སྣང་བའི་ཕྱིར་དང་། བརྗོད་པ་དེའི་ཟུར་ལ་དཔྱད་ན། གྲུབ་ཆེན་དེ་གཉིས་ཀྱིས་ཕྱག་རྒྱ་བཞིའི་རྣམ་གཞག་སྔགས་གཞུང་ལྟར་བཤད་པ་མ་གཏོགས་པའི་གནས་ལུགས་ཕྱག་ཆེན་གྱི་བཞེད་གཞུང་གཞན་མེད་པར་འཕངས་པའི་ཕྱིར་རོ། །དེ་ལྟར་ན་ཤིན་ཏུ་མི་འཐད་དེ། ནཱ་རོ་པ་མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཡང་། དེས་ཐུགས་མ་ཚིམ་
(༡༧༩)པར་དཀའ་ཆེན་བཅུ་གཉིས་སྤྱད་དེ་གྲུབ་ཆེན་ཏཻ་ལོ་པ་བསྟེན་ཞིང་། དེས་གསང་སྔགས་ཀྱི་ལམ་ལ་མ་ལྟོས་པའི་སྙིང་པོ་དོན་གྱི་ཕྱག་རྒྱ་ཆེན་པོ་བསྟན་ནས་གྲོལ་བར་བཤད་པ་དང་། དེ་ལྟ་བུའི་ཕྱག་ཆེན་གྱི་གཞུང་ལ་ཏཻ་ལོ་པའི་ངོ་ཧའི་རིགས་གཞན་མང་པོ་དང་གང་གཱ་མར་གྲགས་པ་དང་། ནཱ་རོའི་ཕྱག་ཆེན་ཆིག་བསྡུས་དང་ཡེ་ཤེས་གསལ་བྱེད་དང་ལྟ་བ་མདོར་བསྡུས་སོགས་མང་དུ་ཡོད་པ་རྣམས་ནཱ་རོའི་བཞེད་པ་མ་ཡིན་པར་འགྱུར་བའི་ཕྱིར་དང་། མཻ་ཏྲི་པས་ཀྱང་མདོ་སྔགས་ཀྱི་མཁྱེན་རྟོགས་མཐར་ཕྱིན་ནས། དེས་ཀྱང་ཐུགས་མ་ཚིམ་པར་དཔལ་ཤ་ཝ་རི་དབང་ཕྱུག་བསྟེན། དེ་ལས་ཀྱང་གསང་སྔགས་ལ་མ་བརྟེན་པའི་སྙིང་པོ་དོན་གྱི་གདམས་པ་ཐོབ་སྟེ་གྲོལ་བ་དང་། དེའི་ཆོས་སྐོར་ལ་ས་ར་ཧ་ཆེ་ཆུང་གི་དོ་ཧ་རྣམས་དང་མཻ་ཏྲི་པ་ཉིད་ཀྱི་དོ་ཧ་དང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་སོགས་ཀྱི་གཞུང་ཡོད་པ་རྣམས་མཻ་ཏྲི་པའི་བཞེད་པ་མ་ཡིན་པར་འགྱུར་པའི་ཕྱིར་དང་། དེ་དག་ནཱ་རོ་པ་དང་མཻ་ཏྲི་པའི་བཞེད་གཞུང་དུ་ཁས་ལེན་ན། ནཱ་རོ་དང་ནི་མཻ་ཏྲི་པའི། །ཕྱག་རྒྱ་ཆེན་
(༡༨༠)པོ་གང་ཡིན་པ། །ཞེས་གང་ཡིན་པའི་ཚིག་གི་ནུས་པས་དེ་གཉིས་ཀྱིས་མཛད་པའི་ཕྱག་རྒྱ་བཞིའི་ནང་ཚན་མ་གཏོགས་པའི་ཕྱག་རྒྱ་ཆེན་པོའི་གཞེད་གཞུང་གཞན་འགོག་པར་འགྱུར་བ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། གོང་དུ་ཕྱག་རྒྱ་གསུམ་དང་བཞི་བཤད་པའི་ཕྱག་ཆེན་འགའ་ཞིག་གིས་ཀྱང་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་བསྟན་པ་དུ་མ་སྣང་ལ། དུས་འཁོར་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་དེ་ཡང་ཐུན་མོང་མ་ཡིན་པའི་ཕྱག་ཆེན་དུ་འགྱུར་བར་སྣང་སྟེ། དེར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དང་མི་འགྱུར་བའི་བདེ་བ་རོ་གཅིག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོར་བཞེད་པ་དང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་པའི་མི་འགྱུར་བའི་བདེ་བ་ནི། ལས་རྒྱ་དང་ཡེ་རྒྱ་སོགས་ཀྱི་ཉམས་མྱོང་ལ་བརྟེན་པའི་ཡེ་ཤེས་བཏགས་པ་བ་ལ་མི་བཞེད་པར་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ལ་བཞེད་པས་ཀྱང་ཆེས་གསལ་བ་ཡིན་ནོ། །གཞན་ཡང་རྒྱུད་རྡོར་ཕྲེང་གི་ལེའུ་ཞེ་དྲུག་པར། དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱ་ཆེན་པོའི་
(༡༨༡)དོན་མཚན་ཉིད། །རྣལ་འབྱོར་ཆེན་པོའི་འབྲས་བུ་ཞི། །ཡེ་ཤེས་ཆེན་པོའི་དོན་བསྡུས་པ། །བདེ་བ་ཆེན་པོའི་སྐལ་པ་ཆེ། །རོ་མཆོག་ཆེན་པོའི་བདག་ཉིད་ཅན། །སྒྱུ་མ་ཆེན་པོ་མཆོག་ཏུ་ཕྲ། །ཆེན་པོའི་ཆེན་པོ་ནམ་མཁའ་ཆེ། །ཕྱག་རྒྱ་དེ་བཞིན་གཤེགས་ཡེ་ཤེས། །རྣམ་རྟོག་མེད་པའི་གོ་འཕང་བསྟེན། །མི་ཕྱེད་རྡོ་རྗེ་སེམས་དཔའི་གནས། །རྣམ་རྟོག་མེད་པའི་བདེ་བ་ཆེ། །ནམ་མཁའ་བཞིན་དུ་གོས་པ་མེད། །ཅེས་བཞིའི་གནས་ལུགས་ཀྱི་ཕྱག་ཆེན་དང་། རང་བཞིན་མེད་ཅིང་གཞི་དང་བྲལ། །གཉིས་མེད་བདག་མེད་བརྗོད་དུ་མེད། །རྣལ་འབྱོར་རྣམས་ནི་རང་རིག་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཆའི། །ཀུན་རྟོག་ཆོས་ནི་ཡོངས་སུ་སྤངས། །སྒོམ་དང་བསྒོམ་བྱ་སྙོམས་འཇུག་དང་། །རིམ་པ་གཉིས་ནི་རྣམ་པར་སྤངས། །རྣམ་ཤེས་ཡེ་ཤེས་དང་བྲལ་བ། །སྔགས་དང་བཟླས་བརྗོད་བསྙེན་པ་སྤངས། །ཞེས་ལམ་གྱི་ཕྱག་ཆེན་དང་། དངོས་པོ་ཀུན་གྱི་གནས་ལས་བརྒལ། །ཡེ་ཤེས་ཆེན་པོ་རབ་རྩོལ་བ། །དངོས་གྲུབ་ཆེན་པོ་འདིར་ཤེས་བྱ། །ཕྱག་རྒྱ་ཆེན་པོ་བླ་ན་
(༡༨༢)མེད། །ཅེས་འབྲས་བུའི་ཕྱག་ཆེན་བསྟན་པར་བཞེད་ལ། རྒྱུད་འདིའི་འགྲེལ་པ་པཎྜི་ཏ་ཨ་ལངྒ་ཀ་ལ་ཤས་མཛད་པ་ལས་གཞུང་ཚིག་དེ་རྣམས་ཀྱི་འགྲེལ་པར་གསལ་བར་བཤད་དོ། །ཕྱག་ཆེན་ཐིག་ལེ་ལས་ཀྱང་། བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་ཉི། །མི་ཤེས་མུན་པ་མེད་བྱེད་པ། །གསང་བ་ཀུན་གྱིས་གསུངས་པ་ལ། །ཕྱག་རྒྱ་ཆེན་པོ་དེ་མ་གསུངས། །ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། །རྒྱལ་བའི་དབང་ཕྱུག་ཡང་དག་གསུངས། །ཞེས་གསོལ་བ་བཏབ་པའི་ལན་དུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་ཏུ་བདེ་བའི་རྣམ་པ་མཆོག །ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་དང་གཟུགས་དང་བྲལ། །གཟུགས་མེད་གཟུགས་ནི་བདག་ཉིད་མཆོག །ཕྲ་སྦོམ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །ཡང་དག་དྲི་མེད་རྣམ་པའི་འོད། །གང་དུ་ཡང་ནི་གནས་མེད་པ། །ཤར་བ་མ་ཡིན་ནུབ་མ་ཡིན། །རྟག་ཏུ་ཤར་བ་རྒྱར་
(༡༨༣)ཡང་མཆོག །དུས་དང་གནས་སྐབས་གྲོལ་བ་སྟེ། །སྐྱེ་དང་འཇིག་པར་བྱེད་པའོ། །ཞེས་པ་ལ་སོགས་པ་གཞིའི་གནས་ལུགས་དང་། དེ་རྟོགས་པར་བྱེད་པའི་ཐབས་དང་། མི་ཤེས་པ་དང་ཤེས་པའི་སྐྱོན་ཡོན་དང་། འབྲས་བུ་དང་མཚན་ཉིད་ངོས་བཟུང་བ་རྣམས་གསུངས་ལ། དེ་དག་གི་དོན་རྣམས་སློབ་དཔོན་ཟབ་པའི་རྡོ་རྗེས་མཛད་པའི་འགྲེལ་པར་ཡང་གསལ་བར་བསྟན་ནོ། །ཡེ་ཤེས་ཐིག་ལེར། ཚངས་པའི་ཡུལ་ལས་བྱེ་བ་མཐར། །ལེགས་དགྱེས་ཁྱོད་ཀྱིས་རྒྱ་ཡིས་བཏབ། །གྲངས་མེད་པ་ལ་རྒྱས་བཏབ་སྟེ། །དེ་ཕྱིར་ཕྱག་རྒྱ་ཆེ་ཁྱོད་གྲགས། །ཞེས་དང་། དེའི་འགྲེལ་པ་གསང་བའི་དེ་ཁོ་ན་ཉིད་ལས། དེ་ཡིས་ནི་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཡེ་ཤེས་ཀྱི་འོད་ལ་བརྟེན་པ་སྟེ། དགའ་བའི་རིམ་པས་རང་བཞིན་དགའ་བ་དེ་ཉིད་ལས་སྤྲོས་པ་མེད་པའི་རང་བཞིན་དགའ་བ་ཕྱག་རྒྱ་ཆེན་པོའི་རང་བཞིན་རྙེད་པའོ། །ཞེས་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པས་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་
(༡༨༤)འདས་ཡུམ་དང་། རྒྱུ་དང་འབྲས་བུའི་རང་བཞིན་དུ་གཅིག་པའི་ཕྱིར་དང་རྒྱས་བཏབ་པའི་ངེས་ཚིག་གསུངས་པ་ནི། དེ་ཕྱིར་ཕྱག་རྒྱ་ཆེ་ཁྱོད་གྲགས། །ཞེས་སྤྲོས་མེད་དང་རང་བཞིན་གྱི་དགའ་བ་དང་གཞིའི་ཆོས་ཉིད་ལ་ཕྱག་རྒྱ་ཆེན་པོར་བཤད་པ་དང་། སངས་རྒྱས་ཐོད་པའི་དཀའ་འགྲེལ་ས་ར་ཧས་མཛད་པ་ལས་ཕྱག་རྒྱ་ཆེན་པོའི་བློ་ཅན་མ། །ཞེས་པ་ནི་སྟོང་པ་ཉིད་ཆེན་པོའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམས་རྒྱས་འདེབས་པས་ན་ཕྱག་རྒྱ་ཆེན་པོའོ། །ཞེས་སྟོང་པ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་རྒྱ་ལ་ཕྱག་རྒྱ་ཆེན་པོར་བཤད་པ་དང་། དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་ལས། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཞེས་ཤེར་ཕྱིན་གྱི་ལྟ་བ་ལ་ཕྱག་ཆེན་དུ་བཤད་པ་དང་། དབང་བསྐུར་ངེས་བསྟན་གྱི་དཀའ་འགྲེལ་ར་མ་པཱ་ལས་མཛད་པ་ལས། ཕྱག་རྒྱ་གསུམ་ལ་རྒྱས་གདབ་པའི་ཕྱིར། འདི་ཆེན་
(༡༨༥)པོ་ཡང་ཡིན་ལ་ཕྱག་རྒྱ་ཡང་ཡིན་ཏེ། དཔྱད་པས་མ་འོངས་པ་མི་གནས་པའི་ངོ་བོ་ཉིད། ལམ་གྱི་ཡེ་ཤེས་གུས་པ་དང་བཅས་ཤིང་རྒྱུན་མི་ཆད་པར་གོམས་པར་བྱས་པ་མངོན་དུ་བྱས་པ་དངོས་པོ་མེད་པ། ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤངས་པ། ཕུན་སུམ་ཚོགས་པ་མ་ལུས་པའི་གཞིར་གྱུར་པ། སྲིད་པ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་ཀྱིས་གཅིག་པ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ལུས་ཅན། བདེ་བ་ཆེན་པོའི་སྐུ་གཅིག་པུ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་ཕྱག་ཆེན་གྱི་ངེས་ཚིག་དང་ངོ་བོ་ངོས་འཛིན་དང་། དེ་རྣམས་ཀྱིས་གཞི་ལམ་འབྲས་བུའི་ཕྱག་ཆེན་ངོས་བཟུང་བ་དང་། དེ་བཞིན་དུ། སངས་རྒྱས་མཉམ་སྦྱོར་སྡོམ་འབྱུང་གུར་བརྟག་སཾ་ཊི་སོགས་ཀྱི་རྒྱུད་ལས་གསུངས་ཚུལ་དང་། གྲུབ་པ་སྡེ་བདུན་ལ་སོགས་པ་གྲུབ་ཆེན་གྱི་གཞུང་ལས་གསུངས་ཚུལ་ཤིན་ཏུ་མང་བ་ཡོད་ཀྱང་འདིར་མངས་པར་འགྱུར་བས་མ་སྤྲོས་ལ། མདོར་ན་རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་
(༡༨༦)སུ་ཆོས་ཐམས་ཅད་ཀྱི་གཞིའི་གནས་ལུགས་དང་རང་བཞིན་སྟོང་ཉིད་དང་རང་བཞིན་ལྷན་སྐྱེས་དང་མཉམ་པ་ཉིད་དང་མི་འགྱུར་བའི་བདེ་བ་དང་བདེ་བ་ཆེན་པོ་དང་སྐྱེ་འགག་གནས་བྲལ་དང་ཟབ་ཞི་སྤྲོས་བྲལ་སྟོན་པ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་བསྟན་པར་ཤེས་པར་བྱའོ། །དེ་ལྟར་ན་ཁ་ཅིག །དེས་ན་རྒྱུད་ལས་མ་གསུངས་པའི། །ཕྱག་རྒྱ་ཆེན་པོ་ངེད་མི་འདོད། །ཅེས་གཞན་ལ་ཟུར་ཟབ་ནི་མདོ་རྒྱུད་མཐའ་དག་གི་དགོངས་དོན་ལ་རྣམ་དཔྱོད་ཀྱིས་མ་བརྟགས་པའི་གཏམ་ཁོ་ན་ཏེ། ཚུལ་འདི་དག་ལ་རྣམ་གཅོད་དང་ཡོངས་གཅོད་གང་ཡང་མ་ཞུགས་པར་སྣང་བའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག །ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བར། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཅེས་སྨྲ་བ་ནི་སྨྲ་འདོད་པ་ཙམ་དུ་ཟད་དེ། རྫོགས་ཆེན་ནི་ཨ་ཏི་ཡོ་ག་ཞེས་པ་གསང་སྔགས་ཀྱི་མཐར་ཐུག་ཏུ་བཞེད་པ་དང་། ཧྭ་ཤང་གི་
(༡༨༧)སྒོམ་ནི་མདོ་སྡེ་བརྒྱད་བཅུ་ཁུངས་སུ་བྱས་པར་འདོད་པས། དེ་གཉིས་སྒོམ་རིམ་གྱི་ཁྱད་པར་མི་འདྲ་བར་མ་ཟད། བསྟན་ཁུངས་ཙམ་ཡང་མི་འདྲ་བའི་ཕྱིར་དང་། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཡོད་པ་ཚད་ལྡན་སུམ་ཀྱང་མ་བཤད་པའི་ཕྱིར་དང་། རྫོགས་ཆེན་ཧྭ་ཤང་གི་སྒོམ་དུ་སྨྲ་ན་ཆོས་ལ་ཆོས་མིན་དུ་སྐུར་བ་བཏབ་པར་འགྱུར་བའི་ཕྱིར་དང་། ཕྱག་རྒྱ་ཆེན་པོའི་དོན། དོ་ཧ་སྐོར་གསུམ་དོ་ཆུང་མཛོད་བརྒྱད་གྲུབ་སྙིང་དང་ཨ་མ་ན་སིའི་ཆོས་སྐོར་སོགས་ཀྱི་དགོངས་པར་གནས་པའང་གཏན་མ་གོ་བར་སྣང་བའི་ཕྱིར་རོ། །དེ་བཞིན་དུ། ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། །ཞེས་སོགས་ཀྱི་ལོ་རྒྱུས་བསྡེབས་པ་ལའང་ཡིད་བརྟན་ཅི་ཡང་མི་སྣང་སྟེ། སྒོམ་རིམ་གྱི་དབུ་ན་ཀ་མ་ལ་ཤི་ལའི་སློབ་མས་ཡི་གེར་བཀོད་སྣང་བ་སོགས་ཀྱི་ལོ་རྒྱུས་ཁུངས་བཙུན་ཐམས་ཅད་དང་མི་མཐུན་པའི་བློ་བཟོ་མང་དུ་སྣང་བའི་ཕྱིར་རོ། །ཡང་། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡེ་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསངས་ནས་ནི། །ཕྱག་
(༡༨༨)རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ཞེས་པའང་རང་གི་ཞེ་འདོད་བདེན་པར་སྒྲུབ་པའི་རྫུན་རིབ་ཁོ་ནར་སྣང་སྟེ། རྒྱ་ནག་མཁན་པོའི་གཞུང་ལ་བརྟེན་ནས་ཕྱིས་ཕྱག་རྒྱ་ཆེན་པོར་མིང་བསྒྱུར་བའི་ཁུངས་དང་ཤེས་བྱེད་ཅི་ཡང་མེད་པའི་ཕྱིར་དང་། ཕྱག་རྒྱ་ཆེན་པོའི་མཚན་རྒྱུད་འགྲེལ་རྣམས་དང་པ་གྲུབ་ཐམས་ཅད་ལ་སྔོན་ནས་གྲགས་ཟིན་པའི་ཕྱིར་དང་། དེ་སྟོན་པའི་རྒྱུད་གཞུང་ཕལ་ཆེར་ལ་རྟོག་པ་མཚུང་པའི་རང་སྐྱོན་སྦས་ནས་ཆོས་ཆོས་མིན་དུ་ཁ་ཚོན་གཅོད་པ་ནོངས་པར་འགྱུར་བའི་ཕྱིར་དང་། མ་ངེས་བཞིན་དུ་བསྙོན་ནས་སྨྲ་བ་གཟུར་གནས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། རྒྱ་ནག་ཧྭ་ཤང་དེས་སྤྱོད་པའི་སྐབས་སུ་རྒྱུ་འབྲས་ཁས་མི་ལེན། ལྟ་སྒོམ་གྱི་སྐབས་སུ་མདོ་སྡེ་བརྒྱད་བཅུ་ཁུངས་སུ་དྲངས་ཏེ་རྟོག་པ་བཟང་ངན་གང་ཡང་ཡིད་ལ་མི་བྱེད། འབྲས་བུའི་སྐབས་སུ་སེམས་རྟོགས་པ་ལས་གཞན་པའི་སངས་རྒྱས་ཁས་
(༡༨༩)མི་ལེན་པ་ཡིན་པས། དེང་སང་གི་ཕྱག་རྒྱ་ཆེན་པོ་སྒོམ་པོ་རྣམས་ཀྱང་དེའི་ལུགས་སུ་སྣང་ཞེས་ཁ་ཟེར་བ་དང་། ཕྱིས་ཀྱི་མཁས་རློམ་དག་གིས་ཀྱང་རྣམ་དཔྱོད་ཀྱིས་མ་བརྟགས་པར་སླར་བཤད་ཚུལ་དེ་ཉིད་ཅལ་སྒྲོགས་སུ་སྨྲ་བ་རྣམས་ནི། ཕྱོགས་སྔ་མའི་གྲུབ་མཐའ་དང་ལྟ་སྒོམ་གྱི་གནད་མ་གོ་བཞིན་དུ་བསྙོན་ཚིག་གི་སྒྲོ་མང་པོ་བཏགས་ནས་ཅལ་ཅོལ་དུ་སྨྲ་བ་ཁོ་ནར་སྣང་སྟེ། སྒོམ་རིམ་ཐ་མ་ལས། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །སྙམ་དུ་སེམས་ཤིང་དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་
(༡༩༠)དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བ་ན་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྤངས་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །ཞེས་པ་ལ་སོགས་པ་ཧྭ་ཤང་གི་འདོད་པ་བཀོད་ནས་བཀག་པ་ལས། ལྟ་སྒོམ་གྱི་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་དང་། སྐབས་དེར་སྦྱིན་སོགས་ཀྱི་དགེ་བ་ཁྱད་དུ་གསོད་པ་ཙམ་སྣང་མོད། རྒྱུ་འབྲས་ཁས་མི་ལེན་ཟེར་བ་དང་ཉིད་ཀྱིས་མགོ་བ་སྟེ། འདོད་པ་བཀོད་པའི་ཐོག་མར་དགེ་སྡིག་གི་ལས་འབྲས་སྨོས་སྣང་བའི་ཕྱིར་དང་། མདོ་སྡེ་བརྒྱད་ཅུ་ཁུངས་སུ་འཛིན་ན་དེས་ཀྱང་རྒྱུ་འབྲས་
(༡༩༡)ཤེས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་གི་བསྟན་བཅོས་སུ་ཧྭ་ཤང་དང་ཀ་མ་ལ་ཤི་ལ་རྩོད་པ་བྱས་པའི་ལོ་རྒྱུས་ཞིབ་ཏུ་བྲིས་སྣང་བ་ལའང་། འབྲེལ་མེད་དང་བསྙོན་ཚིག་གི་སྒྲོ་འདོགས་དང་ནང་འགལ་དང་ཀ་མ་ལ་ཤི་ལས་མཛད་པའི་སུན་འབྱིན་འབྲེལ་མ་ཆགས་པ་སོགས་མང་དུ་སྣང་བས་ཡིད་བརྟན་ཅི་ཡང་མི་སྣང་ངོ་། །དེ་བཞིན་དུ་གནས་ལུགས་ཕྱག་ཆེན་གྱི་སྒོམ་དེ་དང་མཐུན་ཟེར་བ་ཡང་སྒྲོ་འདོགས་ཁོ་ནར་ཟད་ཀྱང་དེའི་སུན་འབྱིན་ནི་མངས་པའི་འཇིགས་པས་རེ་ཞིག་མི་སྤྲོ་ལ། འོན་ཀྱང་འདིར་ལོག་རྟོག་ཞི་བའི་ཆེད་དུ་ཕྱག་རྒྱ་ཆེན་པོ་དང་ཧྭ་ཤང་གི་ལུགས་མི་འདྲ་བའི་ཚུལ་ཉུང་ཟད་ཙམ་ཞིག་བརྗོད་ན། སྤྱོད་པའི་སྐབས་སུ། ཧ་ཤང་ནི་བསག་སྦྱང་གི་ལས་བླུན་པོ་དེ་ཉིད་མི་ཤེས་པའི་དབང་དུ་བྱས་ནས་གསུངས་པར་འདོད་ཅིང་དོན་ལ་བསག་སྦྱང་ཁྱད་དུ་གསད་ལ། འདིར་སྟོང་ཉིད་རྒྱུ་འབྲས་སུ་འཆར་བ་ཞེས་བྱ་བ་སྟོང་ཉིད་རྟོགས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ཤིན་ཏུ་བརྩོན་དགོས་པའི་ཕྱིར་དང་། དེ་བཞིན་དུ་རོ་གཅིག་
(༡༩༢)དུ་མའི་རྟེན་འབྲེལ་དུ་ཤར་མ་ཤར་དང་། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད་དང་། གཟུགས་སྐུའི་ས་བོན་འདེབས་ཤེས་མ་ཤེས་ལ་སོགས་པའི་རྣམ་དབྱེ་ཤིན་ཏུ་ཕྲ་བ་ཡོད་པའི་ཕྱིར་རོ། །སྒོམ་པའི་སྐབས་སུ། ཧྭ་ཤང་ནི་གང་ཅི་ཡང་ཡིད་ལ་མི་སེམས་ཤིང་ཡིད་ལ་མི་བྱེད་པར་འདོད་ལ། འདིར་ནི་ཐོག་མའི་གནས་པ་སྒྲུབ་པ་ནའང་དམིགས་པ་ལས་མ་ཡེངས་པའི་དྲན་པ་དང་བྱིང་རྒོད་རྟོགས་པའི་ཤེས་བཞིན་གསལ་པོ་བསྟེན་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་མི་རྟོག་པར་ཙོམ་འཇོག་བྱེད་པ་ལས་སྐྱོན་ཡོན་ཅི་ཡང་མི་རྟོག་ལ། འདིར་དེ་འདྲ་ལ་རྟོག་མེད་སྟེངས་པོ་ཞེས་སྐྱོན་དུ་བྱེད་པའི་ཕྱིར་དང་། ཧྭ་ཤང་ནི་སྒོམ་ལ་རྟོག་དཔྱོད་ཅི་ཡང་མི་བྱེད་ལ། འདིར་ནི་ཅི་རིགས་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྒོམ་དོན་ལ་རྟོག་ཅིང་དཔྱོད་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་དྲན་རིག་དང་བྲལ་བའི་ལུང་མ་བསྟན་གྱི་ཡིད་ལ་མི་བྱེད་པའི་ངང་དུ་འཇོག་ལ། འདིར་ནི་སྒོམ་དོན་སོ་སོའི་དྲན་རིག་ལས་སྐད་ཅིག་ཀྱང་མ་ཡེངས་ལ་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་ཅི་
(༡༩༣)ཡང་མི་བསམ་པར་བྱས་པ་ཁོ་ནས་ཆོག་ལ། འདིར་ནི་དེ་ལྟ་བུ་ལ་སོགས་པ་གོལ་ས་དང་ཤོར་སར་བྱས་ནས་དེའི་སྐྱོན་སེལ་དགོས་པའི་ཕྱིར་རོ། །ལྟ་བའི་སྐབས་སུ། ཧྭ་ཤང་ནི་བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་མི་འདོད་ལ། འདིར་ནི་ཤེས་རབ་དེ་གཉིས་ཀྱིས་གནས་ལུགས་ཀྱི་ལྟ་བ་འཚོལ་བ་དང་དེ་རྟོགས་པར་བྱེད་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་བྲལ་ལ། འདིར་ནི་གཟུང་འཛིན་ཐམས་ཅད་ཀྱི་གཞི་རྩ་བཅད་ནས་དེ་དག་གི་གནས་ལུགས་རིག་པའི་ལྟ་བ་སྐྱོང་དགོས་པའི་ཕྱིར་རོ། །འབྲས་བུའི་སྐབས་སུ། ཧྭ་ཤང་ནི་ཅི་ཡང་མི་སེམས་པ་ཙམ་གྱི་རྒྱུན་གོམས་པ་ཁོ་ནས་ཐར་པ་ཐོབ་པར་འདོད་ལ། འདིར་ནི་དེ་ཁོ་ན་ཉིད་རྟོགས་ནས་ཀྱང་དེ་ལས་མ་ཡེངས་པའི་ཚུལ་གྱིས་གོམས་པར་བྱས་ནས་གཉིས་སྣང་ཕྲ་ཞིང་ཕྲ་བའང་མ་ལུས་པ་དག་དགོས་པར་བཞེད་པའི་ཕྱིར་རོ། །དེས་ན་ཡང་དག་པའི་དོན་ལ་ཕྲག་དོག་གི་སྒོ་ནས་སྒྲོ་བཏགས་ཀྱི་སྐུར་འདེབས་སྨྲ་བར་མི་རུང་སྟེ། རང་ལ་ཡིད་རྟོན་པ་དག་ཆོས་སྤོང་གི་ལས་ལ་བཀོད་
(༡༩༤)པར་འགྱུར་བའི་ཕྱིར་རོ། །ཁྱེད་རང་གི་ལུགས་ལ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་འདོད་པ་ལ་དཔྱད་ན། རིམ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སྤྱིར་ཕྱག་རྒྱ་བཞི་དང་། ཐུན་མོང་མ་ཡིན་པ་གནས་ལུགས་ཕྱག་ཆེན་གྱི་རྟོགས་པ་འཆར་བར་འགྱུར་བ་ན་གདོན་མི་ཟ་མོད་ཀྱང་། དབང་གསུམ་པ་ལ་བརྟེན་ནས་བྱུང་བའི་འཛག་བདེ་ལུས་ཤེས་འཁོར་གྱི་ཚོར་བ་སིམ་པའི་བདེ་བ་ལ་སྟོང་པས་རྒྱས་བཏབ་པའི་ཉམས་མྱོང་ལ་ཕྱག་རྒྱ་ཆེན་པོར་འདོད་པ་ཤིན་ཏུ་མི་འཐད་དེ། ཨིནྡྲ་བོ་དྷིས། དབང་པོ་གཉིས་འབྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དུའང་དེ་ཉིད་ཤེས་མི་འགྲུབ། །གང་ཕྱིར་བདེ་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་པའི། །བདེ་བ་
(༡༩༥)ཀུན་གྱི་གཙོར་གྱུར་པས། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་སོགས་ཀྱིས་བཀག་པ་ལྟར་མང་པོས་བཀག་པའི་ཕྱིར་དང་། དུས་འཁོར་ནས་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བར་གསུངས་པ་དང་ཡང་འགལ་བའི་ཕྱིར་ཏེ། དེ་ཉིད་འཕོ་འགྱུར་དང་བཅས་པའི་འཛག་བདེའི་ཚོར་བ་ཡིན་པའི་ཕྱིར་རོ། །དེ་ལ་དཔྱད་སྟོང་གིས་རྒྱས་འདེབས་པ་དེ་བས་ཀྱང་མི་འཐད་དེ། དུས་འཁོར་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། དུས་འཁོར་ཡེ་ཤེས་ལེའུའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་ཉིད་ལས་རིང་དུ་བྱས་པ། ཞེས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ཆད་སྟོང་དུ་བཤད་པའི་ཕྱིར་དང་། གཞན་ཡང་ཁྱེད་ཀྱི་ལུགས་ལ་དབང་གསུམ་པའི་དཔེའི་ཡེ་ཤེས་འཛག་བདེ་འཕོ་འགྱུར་
(༡༩༦)ཅན་ལ་ངོ་སྤྲོད་པ་དང་། དབང་བཞི་པའི་དོན་གྱི་ཡེ་ཤེས་སྤྲོས་བྲལ་དུ་མིང་བཏགས་པའི་ཆད་སྟོང་དུ་ངོ་སྤྲོད་པར་བྱེད་པ་ཡང་ཤིན་ཏུ་མི་འཐད་དེ། དུས་འཁོར་དང་ཡེ་ཤེས་གྲུབ་པ་གཉིས་སུ་བཀག་པའི་ཕྱོགས་སྔ་ཁས་བླངས་པར་འགྱུར་བའི་ཕྱིར་དང་། དཔེ་དོན་གྱི་ཡེ་ཤེས་དེ་གཉིས་ཀྱང་རྒྱུ་འབྲས་རིགས་འདྲ་མཚུངས་ཤིང་འབྲེལ་བ་ཞིག་དགོས་པ་ལ་འབྲེལ་མེད་རིགས་མི་མཐུན་གཉིས་སུ་ངོ་སྤྲོད་པར་སྣང་བའི་ཕྱིར་རོ། །ཡང་ཁྱེད་ཀྱི་ཐུབ་དགོངས་སུ། ཕྱག་རྒྱ་ཆེན་པོ་ཡིན་ན་དབང་ལས་འབྱུང་དགོས་པའི་ཁྱབ་པ་འཆའ་བའང་མི་རིགས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་གཞིའི་ཕྱག་རྒྱ་ཆེན་པོ་དེ་ཡང་དབང་བསྐུར་ལས་བྱུང་ཚུལ་བརྗོད་དགོས་པར་འགྱུར་བའི་ཕྱིར་དང་། དེ་འདྲའི་གཞིའི་ཕྱག་ཆེན་ཁས་མི་ལེན་ན། གཞི་ལ་གནས་པ་ལམ་གྱིས་གོམས་པར་བྱས་ནས་འབྲས་བུ་མངོན་དུ་བྱེད་དགོས་པས། ལམ་གྱི་ཕྱག་ཆེན་དང་འབྲས་བུའི་ཕྱག་ཆེན་ཡང་མེད་པར་སྨྲ་དགོས་པའི་ཕྱིར་དང་། སྔར་བཤད་པའི་ས་ར་
(༡༩༧)ཧ་ཆེ་ཆུང་ཏཻ་ལོ་ནཱ་རོ་མཻ་ཏྲི་པ་སོགས་ཀྱི་ཕྱག་རྒྱ་ཆེན་པོའི་གཞུང་དང་། གྲུབ་པ་སྡེ་བདུན་ལ་སོགས་པའི་གཞུང་མང་པོ་ལ་ཆོས་སྤོང་གི་ལས་སྒྲུབ་དགོས་པར་འགྱུར་བའི་ཕྱིར་དང་། གཞུང་མཛད་པའི་གྲུབ་ཆེན་དེ་དག་ཀྱང་ལོག་ལྟས་སུན་འབྱིན་དགོས་པར་འགྱུར་བའི་ཕྱིར་རོ། །བཞི་པ་ལ། ལམ་འདི་ཉིད་ཀྱི་ངོ་བོ་ཇི་ལྟར་ཡིན་ངོས་བཟུང་བ་དང་། འདི་ལ་མདོ་རྒྱུད་ཀྱི་ཟབ་དོན་འདུས་ཚུལ་གཉིས་ཀྱི་དང་པོ་ནི། དོ་ཧའི་སྐོར་དང་ཕྱག་ཆེན་བརྡ་བརྒྱུད་ཀྱི་སྐོར་འགའ་ཞིག་ཏུ། ལམ་སྲོལ་འདི་ཉིད་མདོ་སྔགས་གཉིས་ཀྱི་ནང་ནས་གསང་སྔགས་ཀྱི་ཐེག་པ་དང་། དེ་ལ་བྱིན་རླབས་ཀྱི་ལམ་དང་། དབུགས་དབྱུང་གི་ལམ་དང་། མངོན་སུམ་གྱི་ལམ་གསུམ་དུ་ཕྱེ་བའི་ཕྱི་མ་ཡིན་པར་འཆད་ལ། སྨིན་བྱེད་དུ་དབང་རྒྱས་བསྡུས་གང་ཡང་རུང་བ་ཞིག་དགོས་པར་བཤད་པ་དང་། ཐེག་པ་སྔ་མ་རྣམས་ལ་མ་སྟེགས་ལྟ་བུར་བཞེད་པས་ཁྱད་དུ་མི་བསད་ཅིང་ཅི་རིགས་སྒོམ་པར་བཤད་དོ། །གསང་སྤྱོད་ཀྱི་སྐོར་ནས། གདུལ་བྱ་བློ་དམན་
(༡༩༨)འབྲིང་མཆོག་གསུམ་གྱི་དབང་གིས། མཚན་ཉིད་ཕར་ཕྱིན་ཐེག་པ་དང་། གསང་སྔགས་རྡོ་རྗེའི་ཐེག་པ་དང་། བླ་མེད་སྙིང་པོའི་ཐེག་པ་གསུམ་དུ་ཕྱེ་བའི་ཕྱི་མ་ཡིན་པར་བཞེད་ཅིང་། ཐེག་པ་སྔ་མ་གཉིས་དང་དངོས་སུ་མི་མཐུན་པ་དང་། མི་འགལ་བ་དང་། ཆ་མཐུན་པ་དང་། ཁྱད་པར་དུ་འཕགས་པ་བཞིའི་ཚུལ་རྣམས་བཤད་ལ། འོན་ཀྱང་དབང་དང་བྱིན་རླབས་རྒྱས་བསྡུས་གང་རུང་རེ་དགོས་པ་དང་། སྐབས་ཅི་རིགས་པར་ལྷ་སྒོམ་པའི་ཚུལ་ཡང་བཤད་དེ། དེ་ལྟར་ན་གསང་སྔགས་ཀྱི་ཐེག་པའི་དབྱེ་བར་བསྡུ་དགོས་སོ། །བྲམ་ཟེ་ཆེན་པོ་ཉིད་ཀྱི་གཞུང་ལ་དཔྱད་ན་སྙིང་པོའི་ལམ་ཞེས་གསེང་ལམ་ཞིག་ཏུ་བཞེད་པར་སྣང་སྟེ། དོ་ཧ་ལས། ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་བས་གདོད་ནས་འབྲས་བུར་གནས། །ཞེས་དང་། དཀྱིལ་འཁོར་པ་དང་སྦྱིན་སྲེག་པས་སྟོང་ཞིང་། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱིས་སྒྲུབ་པར་མི་ནུས་པའི། །རྡོ་རྗེ་ཡེ་ཤེས་འདི་ནི་རང་
(༡༩༩)བཞིན་གནས་ན་མཛེས། །ཞེས་དང་། རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་འཁྲུལ་བར་བྱེད་པའི་རྒྱུ། །ཞེས་དང་། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟེན་པས་ཅི། །ཞེས་པ་ལ་སོགས་པ་གསུངས་པས་ལམ་རང་གི་ངོ་བོ་གསང་སྔགས་ལ་མ་བལྟོས་པར་བཤད་ཅིང་། དེ་ཡང་རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་གྱུར་པ་ཞིག་བཞེད་ལ། བཙུན་མོ་དོ་ཧ་ར་ལས་ཀྱི་ཕྱག་རྒྱ་བརྟེན་ཚུལ་དང་། དེ་དབང་གིས་སྨིན་པར་བྱ་ཚུལ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཚུལ་ཡང་བཤད་པས་གསང་སྔགས་དང་སྦྲེལ་ན་སྦྲེལ་དུ་རུང་བར་བཞེད་དོ། །མཉམ་མེད་དྭགས་པོའི་གསུང་ལས། སྤྱིར་ལམ་གསུམ་ལ། རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་བྲལ་གྱིས་གཞིགས་ནས་རང་བཞིན་མེད་པར་བྱས་ཤིང་འགྲོ་ས་འདི་ལས་མེད་ཟེར་ནས་དེ་སྒོམ་པའོ། །བྱིན་རླབས་ལམ་དུ་བྱེད་པ་ནི། ལྷའི་
(༢༠༠)སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩ་རླུང་ལ་སོགས་པ་སྦྱོང་བའོ། །མངོན་སུམ་ལམ་དུ་བྱེད་པ་ནི། གཉུག་མ་ཕྱག་རྒྱ་ཆེན་པོའོ། །ཡང་ལམ་གསུམ་ལ། གཞི་སྤོང་བའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། སྤང་བྱ་དང་གཉེན་པོ་ཐ་དད་དུ་བྱས་ནས་སྤོང་བ་ཡིན། གཞི་བསྒྱུར་བའི་ལམ་ནི་གསང་སྔགས་པ་སྟེ། རྟེན་བསྒྱུར་པ་ལུས་ལྷར་བསྐྱེད། བརྟེན་པ་བསྒྱུར་བ་དབང་པོ་རྡོ་རྗེ་དང་པདྨར་བྱེད། ཆོས་བསྒྱུར་བ་ཉོན་མོངས་པ་ལམ་དུ་བྱེད། རྟོག་པ་ཡེ་ཤེས་སུ་བྱེད། དྲི་མས་དྲི་མ་འཁྲུད། རྟོག་པས་རྟོག་པ་གཅོད་པའོ། །གཞི་ཤེས་པའི་ལམ་ནི་ཕྱག་རྒྱ་ཆེན་པོ་སྟེ། སྤང་བྱ་མེད་གཉེན་པོ་མེད་བསྒྱུར་དུ་མེད་སྒྱུར་བྱེད་མེད་དེ། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ལ། སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་དོན་ཆོས་སྐུ་རང་ཆས་སུ་ཡོད་པ་ངོ་ཤེས་ཤིང་མཐོང་བ་གོམས་པར་བྱེད་པས་སངས་རྒྱ་བའོ། །ཡང་ལམ་གསུམ་སྟེ། དབང་པོ་རྟུལ་པོ་ཚོགས་ཀྱི་ལམ་དུ་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་རྟོག་པ་དང་ཉོན་མོངས་པ་ཅན་ཐབས་ཀྱི་
(༢༠༡)ལམ་དུ་འཇུག་པ་ནི་གསང་སྔགས་སོ། །དབང་པོ་རྣོན་པོ་ཤེས་རབ་ཅན་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་གསུངས་པས་མདོ་སྔགས་གཉིས་ཀ་ལས་ལོགས་སུ་གྱུར་པའི་གསེང་ལམ་ཞིག་ཡིན་པར་བཞེད་ཅིང་། སྐབས་འགའ་ཞིག་ཏུ་བྱིན་རླབས་ཀྱི་ལམ་ཞེས་པའི་ཐ་སྙད་ཀྱང་གསུངས་ཏེ། བླ་མ་རྟོགས་པ་དང་ལྡན་པ་ཞིག་གིས། སློབ་མ་སྐལ་ལྡན་ཚེ་འདིའི་བྱ་བ་བློས་བཏང་བ་ཞིག་འཁྲིད་པ་ལ། མདོ་སྔགས་ཀྱི་གཞུང་ལམ་ལ་མ་བལྟོས་པར་ཕྱག་རྒྱ་ཆེན་པོའི་ལམ་གཅིག་ཆོད་ཀྱིས་གྲོལ་བར་བཞེད་པ་ཡིན་ལ། ཕྱིས་ཀྱི་སྒྲུབ་བརྒྱུད་པ་དག་གིས། མདོ་སྔགས་གཉིས་ཀ་དང་སྒོ་བསྟུན་པའི་དབང་དུ་བྱས་ནས། སྨིན་བྱེད་དུ་དབང་དགོས་པ་དང་སྔོན་འགྲོའི་སྐོར་དང་བོགས་འདོན་གྱི་སྐབས་ཅི་རིགས་སུ་མདོ་སྔགས་ཀྱི་ཉམས་ལེན་མང་པོ་སྦྱར་བར་སྣང་བས། དེ་ལྟར་ན་མདོ་སྔགས་ཐུན་མོང་པའི་ཟབ་ལམ་དུ་བྱས་ཀྱང་བློ་མཆོག་དམན་མང་པོ་ལ་མཁོ་ཞིང་འགལ་བ་མེད་པ་ཡིན་ནོ། །གཉིས་པ་ནི། རྒྱལ་བའི་གསུང་རབ་
(༢༠༢)མདོ་རྒྱུད་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་གསུངས་ལ། དེ་དག་གི་དགོངས་དོན་ཐམས་ཅད་དེ་ཁོ་ན་ཉིད་ལ་གཞོལ་བ་དང་། ཉམས་ལེན་གྱི་མཐར་ཐུག་དེ་ཁོ་ན་ཉིད་ལ་འབབ་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ཅི་དང་ཅི་གསུངས་པའང་དེ་ཁོ་ན་ཉིད་ལ་ཕྱོགས་པར་གསུངས་པ་སྟེ། མདོ་ལས། དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ནི། །དེ་ཁོ་ན་ཉིད་ལ་གཞོལ། དེ་ཁོ་ན་ཉིད་ལ་འབབ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས། ཞེས་དང་། སྒོམ་རིམ་བར་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །ཞེས་དང་། ཇོ་བོ་རྗེས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ནི། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །ཅེས་སོ། །དེ་ལྟར་ན་གནས་ལུགས་སྟོང་པ་ཉིད་རྟོགས་པའི་ཐབས་ལས་གཞན་པའི་མདོ་དང་རྒྱུད་གང་ཡང་མ་གསུངས་ཏེ།
(༢༠༣)རིམ་ལྔ་ལས། སྣ་ཚོགས་མདོ་དང་རྒྱུད་རྣམས་སུ། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་པ་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཞེས་དང་། སྒྲིབ་པ་རྣམ་སེལ་གྱིས་བཅོམ་ལྡན་འདས་ལ་བསྟོད་པ་ལས། ཁྱོད་ཀྱིས་ཆོས་རྣམས་བསྟན་པ་ནི། །གདོད་ནས་ཞི་ཞིང་སྐྱེ་བ་མེད། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པ་ལྟར་རོ། །དེ་ལྟར་སྟོང་ཉིད་རྟོགས་པར་བྱེད་པའི་ཐབས་སུ་མདོ་རྒྱུད་ཀྱི་ལམ་གཉིས་གསུངས་པ་ལས། མདོའི་ལམ་གྱི་མཐིལ་པོ་ནི་སྤྱིར་ཐོས་བསམ་སྒོམ་གསུམ་དང་། ཁྱད་པར་ཕར་ཕྱིན་དྲུག་གི་ཉམས་ལེན་དག་ཡིན་ལ། དེ་དག་གི་དོན་ནི་གནས་ལུགས་སྒོམ་པ་ལ་འདུས་པར་བཤད་དེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་འདུས་སོ། །ཞེས་དང་། ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་སྦྱིན་པའོ། །ཐ་དད་མ་ཡིན་པ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་
(༢༠༤)མི་བྱེད་པ་ནི་བཟོད་པའོ། །བླང་དོར་མེད་པ་ནི་བརྩོན་འགྲུས་སོ། །མ་ཆགས་པ་ནི་བསམ་གཏན་ནོ། །མི་རྟོག་པ་ནི་ཤེས་རབ་བོ། །ཞེས་དང་། བྲམ་ཟེ་ཆེན་པོས། ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་དང་། རབ་ཏུ་མི་གནས་པའི་རྒྱུད་ལས། མ་བཅོས་རྣལ་མའི་ཟས་ཤིག་ཟོས་གྱུར་པ། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །བྱིས་པས་མ་རྟོགས་ཐ་སྙད་ཚིག་ལ་བརྟེན། །ཐམས་ཅད་རང་གི་སེམས་ཀྱི་མཚན་ཉིད་ཡིན། །ཞེས་སོ། །གཞན་ཡང་སྔགས་ལམ་གྱི་མཐིལ་པོ་ལ་ལཾ་རིམ་པ་གཉིས་གསུངས་པའི་སྤྲོས་བྱས་རྣམས་སྤྲོས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་སྦྱོར་བའི་ཆེད་དུ་གསུངས་པ་ཡིན་ལ། མཐར་ཐུག་གི་དགོངས་དོན་སྤྲོས་མེད་ཉིད་ཡིན་ཏེ། རྡོ་རྗེ་མཁའ་འགྲོར། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་སྒོམ་པ་དང་། །བཅོས་མ་ཡི་ནི་བཟླས་པ་བྱ། །བཅོས་མའི་སྦྱོར་བའི་ཕྱི་རོལ་བ། །རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་
(༢༠༥)རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་དུ། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟེན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །ཞེས་སོ། །དེས་ན་སྤྲོས་མེད་ཀྱི་དེ་ཁོ་ན་ཉིད་ལ་གསང་སྔགས་ཀྱི་རྣལ་འབྱོར་རྣམས་ཀྱི་དོན་ཚང་བར་གསུངས་ཏེ། བརྟག་གཉིས་སུ། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་དང་། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པའི། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་པས། །ཐམས་ཅད་འདི་ཡིས་བསྡུད་པར་ངེས། །ཞེས་སོ། །ཡང་དག་པའི་ཡེ་ཤེས་རྟོགས་པར་བྱེད་པ་ལའང་ཕྱག་རྒྱ་ཆེན་པོའི་གདམས་པ་འདི་ཉིད་མེད་ན་མདོ་སྔགས་ཀྱི་
(༢༠༦)གཞུང་ལམ་ཁོ་ནས་ནི་དོན་དམ་པའི་གནས་ལུགས་འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་དཀའ་བར་བཤད་དེ། བྲམ་ཟེ་ཆེན་པོས། དགེ་སློང་དགེ་ཚུལ་གནས་བརྟན་ཞེས་བྱ་བའི། །བན་དེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །གཞན་དག་ཐེག་ཆེན་དེ་ལ་རྒྱུ་བྱེད་དེ། །དེ་ནི་གཞུང་ལུགས་མཚན་མའི་བསྟན་བཅོས་ཏེ། །གཞན་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་སྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་བྱེད། །གཞན་དག་སྟོང་ཉིད་ལྟ་བར་བྱེད་པ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་སྟེ། །ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཞེས་དང་། ཏཻ་ལོ་པས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་སྣ་ཚོགས་ཀྱི། །རང་རང་གཞུང་དང་གྲུབ་
(༢༠༧)པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེས་སོ། །ངེས་དོན་ཕྱག་རྒྱ་ཆེན་པོའི་གདམས་པ་འདི་ཉིད་ལ་བརྟེན་ན་ནི་དོན་དམ་པའི་གནས་ལུགས་རྟོགས་སླ་བར་བཤད་དེ། ཨ་བྷི་དྷ་ནའི་རྒྱུད་ལས། ཕྱག་རྒྱ་ཆེ་ལ་ངེས་པར་རོལ། །སྒོམ་པ་མངོན་དུ་གྱུར་པ་ཡིན། །རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་། །སྐྱེ་བ་འདི་ལ་མངོན་དུ་འགྱུར། །ཞེས་དང་། ཉི་ཟླ་གྲུབ་པར། རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི། །དོན་དམ་ཕྱག་རྒྱ་ཆེ་བསྟེན་ནས། །མི་གཡོ་བསམ་གཏན་སྦྱོར་བ་ཡིས། །རྒྱུ་མཐུན་བདེ་སྟོང་ཏིང་འཛིན་སྒོམ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །ཞེས་སོ། །གཉིས་པ་ཉམས་སུ་བླངས་པའི་གང་ཟག་གི་ཆེ་བ་བཤད་པ་ལ། རྒྱ་གར་དུ་དོན་བརྒྱུད་འདི་ཉིད་ཆེ་ཚུལ་དང་། བོད་དུ་སྒྲུབ་བརྒྱུད་འདི་ཉིད་ཆེ་ཚུལ་གཉིས་ཀྱི། དང་པོ་ནི། སྟོན་པ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་རྒྱུད་སྡེ་མཐའ་ཡས་པ་གསུངས་ཤིང་། ཁྱད་པར་སྙིང་པོ་
(༢༠༨)དོན་གྱི་རྒྱུད་ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་། དཔལ་རྙོག་པ་མེད་པ་དང་། རབ་ཏུ་མི་གནས་པའི་རྒྱུད་ལ་སོགས་པ་གསུངས་ནས་གསང་བའི་བདག་པོ་ལ་གཏད་དེས་ཨུ་རྒྱན་གྱི་ཡུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གདམས་པ་ལས། སྤྲུལ་པའི་རྒྱལ་པོ་བི་སུ་ཀ་ལ་བ་ཞེས་བྱ་བས་ཨུ་རྒྱན་དུ་བྱོན། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་གདམས་པ་དང་རྗེས་སུ་བསྟན་པ་ཐམས་ཅད་མནོས་ཤིང་གསང་སྔགས་མང་པོ་སྤྱན་དྲངས་ཏེ། དེས་སྣོད་བརྟགས་པས་དབང་པོ་ཡང་རབ་ཅིག་ཅར་བའི་ལས་ཅན་གང་ཟག་མཆོག་ཏུ་གྱུར་པ་བྲམ་ཟེ་ཆེན་པོ་ས་ར་ཧ་གཟིགས་ནས་དེ་ལ་གདམས་པ་བསྟན་པས་གྲོལ་ནས་དེ་ཉིད་ཀྱིས་དོན་གྱི་གདམས་པ་མཐའ་དག་གླུར་བླངས་ཤིང་སྐལ་ལྡན་མང་པོ་གྲོལ་བར་མཛད་པ་ལས་དོན་གྱི་བརྒྱུད་པ་འདི་བྱུང་བར་ཡོངས་སུ་གྲགས་ལ། དོ་ཧ་དང་བརྡ་རྩ་དང་རྒྱ་གར་གསང་སྤྱོད་སོགས་ཀྱི་ལོ་རྒྱུས་ལྟར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་
(༢༠༩)འཁོར་རིམ་གསུམ་དུ་བསྐོར་ནས། དགོངས་པ་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཁར། ཆོས་ཐམས་ཅད་ཀྱི་སྙིང་པོའི་དོན་རྨད་དུ་བྱུང་བ་སྟོན་པའི་དུས་ལ་བབ་པར་གཟིགས་ནས། ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ཏེ། བེ་ཏའི་གྲོང་ཁྱེར་དུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་པ་ལ། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་ཞུས་ནས་སྙིང་པོ་དོན་གྱི་ཆོས་འདི་བཀའ་སྩལ་ཏེ། ཕྱིས་སྙིང་པོའི་དོན་སྟོན་པའི་བྱང་ཆུབ་སེམས་དཔའ་གཉིས་དང་། བྲམ་ཟེ་ས་ར་ཧ་དང་ཀླུ་སྒྲུབ་དང་ཤ་ཝ་རི་སོགས་འབྱུང་བར་ལུང་བསྟན། ཕྱིས་འཇམ་དཔལ་གྱིས་ལྷ་སྲས་བློ་གྲོས་རིན་ཆེན་དང་། སྤྱན་རས་གཟིགས་ཀྱིས་ལྷ་སྲས་བདེ་བའི་མགོན་པོར་སྤྲུལ་པའི་སྒྱུ་མ་བཟུང་སྟེ། དེ་གཉིས་ཀྱིས་བྲམ་ཟེ་ཆེན་པོ་ལ་གསུངས་པས་ཅིག་ཅར་དུ་གྲོལ་བར་གྲག་གོ །ཡང་ལོ་རྒྱུས་འགའ་ཞིག་ཏུ་གཞན་ཕལ་ཆེར་ཕྱོགས་འདྲ་བ་ལས། བློ་གྲོས་རིན་ཆེན་སངས་རྒྱས་ཉིད་ཀྱི་སྤྲུལ་པར་བཤད་པ་དང་། བདེ་བའི་མགོན་པོ་གསང་བདག་གི་སྤྲུལ་པར་བཤད་པ་སོགས་
(༢༡༠)སྣ་ཚོགས་པ་སྣང་ཡང་ཐམས་ཅད་འགལ་བ་མེད་དེ། དོན་དམ་པར་ཕུན་སུམ་ཚོགས་པ་ལྔ་ལ་སོགས་པ་ཐམས་ཅད་སྟོན་པའི་རྣམ་རོལ་དུ་བཤད་པའི་ཕྱིར་རོ། །དེ་ལྟར་ན་སྟོན་པ་རྡོ་རྗེ་འཆང་གིས་སྤྲུལ་པའི་བྱང་སེམས་རྣམ་པ་གཉིས་ལ་གསུངས། དེ་གཉིས་ཀྱིས་འཕགས་ཡུལ་པའི་གྲུབ་ཆེན་ཐམས་ཅད་ཀྱི་སྤྱི་མེས་ལྟ་བུར་གྱུར་པ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གསུངས་ནས་གྲོལ་བར་མཛད། དེས་རྒྱལ་བ་གཉིས་པ་ལྟར་གྲགས་པ་མགོན་པོ་ཀླུ་སྒྲུབ་ལ་གསུངས། འདི་གཉིས་ནི་འཕགས་ཡུལ་གྱི་གྲུབ་ཆེན་སྔ་རབས་པ་ཕལ་ཆེ་བའི་བླ་མར་གྱུར་ཅིང་། ཁྱད་པར་ཀླུ་སྒྲུབ་ཀྱིས་ཅིག་ཅར་བའི་ལས་ཅན་མཆོག་ཏུ་གྱུར་ཅིང་གར་མཁན་གྱི་རིགས་ལས་བྱུང་བ་དཔལ་ཤ་ཝ་རི་དབང་ཕྱུག་གྲོལ་བར་མཛད་པ་དང་། ཕྱིས་ཤ་ཝ་རིས་ཀྱང་བྱང་སེམས་རྣམ་པ་གཉིས་དང་ས་ར་ཧ་ཉིད་ལའང་སྙིང་པོ་དོན་གྱི་གདམས་པ་དངོས་སུ་ནོད་པའི་ལོ་རྒྱུས་སྣང་ངོ་། །དེ་དག་ནི་སྒྱུ་མའི་སྐུའམ་ནམ་མཁའི་སྐུ་བརྙེས་ནས་ལྷོ་དཔལ་གྱི་རི་ལ་སྐལ་པ་དང་ལྡན་པས་
(༢༡༡)ཕྱིས་ཀྱང་མཇལ་དུ་ཡོད་ཅེས་གྲག་གོ །དེ་དག་ལས་རིམ་པར་བརྒྱུད་དེ་ཕྱག་རྒྱ་ཆེན་པོ་གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཨ་མ་ན་སིའི་ཆོས་སྐོར་ཉེར་བཞི། གཞན་ཡང་དོ་ཧའི་གཞུང་ཆེ་ཆུང་ལ་སོགས་པ་སྙིང་པོའི་གདམས་པ་མང་པོ་འཕགས་ཡུལ་དུ་དར་བར་གྱུར། དེ་ལ་བརྟེན་ནས་ཕྱིས་ཀྱི་པན་གྲུབ་དཔྱོད་ལྡན་ཕལ་མོ་ཆེ་ཡང་སྙིང་པོ་དོན་གྱི་གདམས་པ་འདི་ཉིད་ལ་མཆོག་ཏུ་ངོ་མཚར་སྐྱེས་ནས། བརྒྱུད་པ་འདིའི་བླ་མ་དང་གདམས་པ་འཚོལ་བ་ལ་ཕྱོགས་པར་གྱུར་ཏོ། །དེ་བཞིན་དུ་མཁས་གྲུབ་མཻ་ཏྲི་པས་ཀྱང་སྙིང་པོ་དོན་གྱི་ཆོས་དང་བརྒྱུད་པའི་ཆེ་བ་བསན་ཏེ། དཀའ་བ་དཔག་ཏུ་མེད་པས་ལྷོ་ཕྱོགས་དཔལ་གྱི་རི་ལ་བགྲོད་ནས་ཤ་ཝ་རི་དབང་ཕྱུག་བཙལ་བས་ཐོག་མར་མ་རྙེད་པར་ལྕེབ་པ་ལ་ཐུག་པའི་དུས་མཇལ་ནས་རིམ་པས་སྙིང་པོའི་གདམས་པ་མནོས་ཏེ་ཡུལ་དབུས་སུ་བྱོན། ཕྱིས་དེ་ལ་བརྟེན་ནས་རྡོ་རྗེ་གདན་ཉིད་དུའང་མངའ་བདག་མཻ་ཏྲི་པ་ཆེན་པོ་ཞེས་གཞན་ལས་ཕུལ་དུ་བྱུང་ཞིང་། སྙིང་པོ་དོན་གྱི་མན་ངག་གི་
(༢༡༢)གཞུང་འགྲེལ་མང་པོ་སྤེལ། ཁྱད་པར་རྒྱ་གར་ཕྱག་ན་ལས་བརྒྱུད་དེ་དོ་ཧ་དང་བརྡ་རྩ་དང་གསང་སྤྱོད་ལ་སོགས་པ་སྙིང་པོའི་དོན་གྱི་གདམས་པ་མང་དུ་འཕེལ་ལོ། །ཡང་སྒྲུབ་བརྒྱུད་འདི་ཉིད་ལ་ཡོངས་སུ་གྲགས་པ་ལྟར་ན། མ་ལས་འདས་པའི་གྲུབ་ཆེན་ཏཻ་ལོ་པར་གྲགས་པ་དེ་ཉིད། འགའ་ཞིག་ཏུ་བཅོམ་ལྡན་འདས་བདེ་མཆོག་གི་སྤྲུལ་པར་བཤད་ལ། ལ་ལར་བྱང་ཆུབ་སེམས་དཔའ་ཐུགས་ཀྱི་རྡོ་རྗེའི་སྤྲུལ་པར་ཡང་གྲག་སྟེ། དེས་སྒྱུ་མའི་སྐུ་དེ་ཉིད་ཀྱིས་འོག་མིན་དུ་བྱོན་ནས་རྡོ་རྗེ་འཆང་ཉིད་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་གསན་ཏེ། གསང་སྔགས་ལ་དབང་བསྒྱུར་བ་ཕྱག་ན་རྡོ་རྗེ་ལྟར་གྱུར་ནས། སྔགས་ཀྱི་བསྐྱེད་རིམ་ཐམས་ཅད་ཡན་ལག་དྲུག་དང་བཞི། ཕ་རྒྱུད་ཀྱི་རྫོགས་རིམ་ཐམས་ཅད་རིམ་པ་ལྔ། མ་རྒྱུད་ཀྱི་རྫོགས་རིམ་ཐམས་ཅད་ཕྱག་རྒྱ་བཞི་དང་ཡན་ལག་དྲུག་ཏུ་བསྡུས་ཤིང་། ཏཻ་ལོ་པ་ལ་མིའི་བླ་མ་མེད་ཅེས་གསུངས་པས་གཞན་དག་ཐེ་ཚོམ་གྱི་གནས་སུ་གྱུར་པ་ན། གཞན་གྱིས་འཕྱ་བ་སེལ་བའི་ཕྱིར་སྤྱིའི་སྣང་
(༢༡༣)ཚུལ་དུ་སླར་མིའི་བླ་མ་བསྟེན་པའི་ཚུལ་ལ། སློབ་དཔོན་ཀླུ་སྒྲུབ་དང་། ནག་པོ་སྤྱོད་པ་དང་། གྲུབ་ཆེན་ལ་ཝ་པ་དང་། མཁའ་འགྲོ་མ་སྐལ་པ་བཟང་མོ་སྟེ་བཀའ་བབས་བཞིའི་བླ་མ་དང་། གཞན་ཡང་ལོ་ཧི་པའི་སློབ་མ་ཌེ༚་ཀི་པ་དང་དཱ་རི་ཀ་པ་མཆེད་དང་། ཨིནྡྲ་བོ་དྷི་དང་རྡོ་རྗེ་དྲིལ་བུ་པ་ལ་སོགས་པའི་གྲུབ་ཆེན་མང་པོ་དང་རྣལ་འབྱོར་མ་དུ་མ་ཞིག་ཀྱང་བླ་མར་བསྟེན་ནས་གྲོལ་བའི་ཚུལ་བསྟན་ཏོ། །དེ་ནས་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་ཆེན་པོར་བྱོན་ཏེ། གྲོང་ཁྱེར་གྱི་དབུས་སུ་ཆོས་གསུངས་པས་མི་འབུམ་ཕྲག་མང་པོ་མཁའ་སྤྱོད་དུ་སོང་ནས་གྲོང་ཁྱེར་སྟོངས་པར་གྱུར་ཅེས་གྲག་ཅིང་། རྫུ་འཕྲུལ་གྱིས་བརྟུལ་བའི་གྲུབ་ཐོབ་བརྒྱད་དུ་གྲགས་པས་ཀྱང་འགྲོ་བ་གྲངས་ལས་འདས་པ་གྲོལ་བར་མཛད་པའི་ལོ་རྒྱུས་དང་། ཏཻ་ལོ་པ་ཉིད་ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་སྒྱུ་མའི་སྐུས་རྣལ་འབྱོར་གྱི་སྤྱོད་པ་སྐྱོང་ཞིང་བཞུགས་པར་གྲག་གོ །དེའི་ཚེ་མདོ་སྔགས་རིགས་གནས་དང་བཅས་པ་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་
(༢༡༤)བརྙེས་པའི་སློབ་དཔོན་ཆེན་པོ་ནཱ་རོ་པ་དེས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དང་མཁའ་འགྲོ་མའི་ལུང་བསྟན་ལ་བརྟེན་ནས། ཤར་ཟ་ཧོར་གྱི་ཡུལ་ཕྱོགས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད་འཚོལ་བའི་ཕྱིར་གཤེགས་པ་ལས་དེ་ཉིད་རྙེད་ནས། བྱ་དཀའ་བ་བཅུ་གཉིས་ལ་སོགས་པའི་རིམ་གྲོས་མཉེས་པར་མཛད་པ་ལས། གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་སླར་ཡུལ་དབུས་སུ་བྱོན་ནས། མཻ་ཏྲི་པ་ལ་སོགས་པ་རང་དང་འདྲ་བ་བདུན། བེན་ཏ་པ་ལ་སོགས་པ་གྲུབ་ཐོབ་བརྒྱ་རྩ་བརྒྱད། བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་པ་ལྔ་བཅུ་རྩ་བཞི། མཚན་ལྡན་གྱི་རྣལ་འབྱོར་མ་སྟོང་ཆིག་བརྒྱ། བལ་པོ་ཕམ་འདིང་པ་དང་བོད་ཀྱི་མར་པ་ལོཙྪ་སོགས་སློབ་མ་མང་པོའི་དོན་མཛད་ཅིང་འཆི་མེད་འཇའ་ཚོན་ལྟ་བུའི་སྐུ་བརྙེས་པར་གྲག་གོ །གཉིས་པ་ནི། དེ་ནས་མངའ་བདག་མར་པ་ལོཙྪ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན། རྗེ་ནཱ་རོ་པ་དང་མཻ་ཏྲི་པ་སོགས་གྲུབ་ཐོབ་ཀྱི་བླ་མ་མཐའ་དག་ཡུན་རིང་དུ་བསྟེན། གདམས་ངག་ཟབ་
(༢༡༥)དགུ་ཐམས་ཅད་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་བཅད་པས་རྒྱ་གར་དུ་ལོཙྪ་བ་བྱོན་ནོ་ཅོག་ལ་མངའ་བདག་མར་པ་འདི་ཉིད་གདམས་པ་ཟབ་པ་དང་རྒྱ་ཆེ་བར་ཡོངས་སུ་གྲགས་ནས། སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་དབང་པོར་གྱུར་ཅིང་གྲུབ་ཐོབ་ཀྱི་སྙན་པས་ཁྱབ་སྟེ། མེས་རྔོག་རམ་གསུམ་དང་ཚུར་སྟོན་མགོ་ལེགས་ལ་སོགས་པའི་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱོན་ནོ། །ཁྱད་པར་དུ་གུང་ཐང་གི་མི་ལ་བཞད་པའི་རྡོ་རྗེ་དེས། མངའ་བདག་ཆེན་པོ་དེ་ཉིད་ལུས་ཐོག་ནས་བྱ་དཀའ་བ་དང་དུ་བླངས་པའི་ཚུལ་མཐའ་ཡས་པས་མཉེས་པར་མཛད་པ་ལས། གདམས་པ་སྤྱི་དང་ཁྱད་པར་སྙིང་པོ་དོན་གྱི་མན་ངག་ཕྱག་རྒྱ་ཆེན་པོ་དང་ཟབ་མོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་གནང་སྟེ། ངོ་མཚར་རྨད་དུ་བྱུང་ཞིང་ཐོས་ཀྱང་ཡིད་བརྣངས་པར་འགྱུར་པའི་དཀའ་བ་མང་པོ་སྤྱད་ནས་སྒྲུབ་པའི་རྒྱལ་མཚན་བཙུག་པས། གངས་ཅན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་ཡོངས་སུ་གྲགས་
(༢༡༦)ཏེ། རས་པ་ཆེ་བཞི་ཆུང་བརྒྱད་དང་སྟོན་པ་དྲུག་གིས་ཐོག་དྲངས་པའི་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱོན་ནོ། །འོན་ཀྱང་རྗེ་བཙུན་ཆེན་པོ་ཡན་གྱི་སྒྲུབ་བརྒྱུད་ལ་གསང་སྔགས་ཀྱི་མན་ངག་རྣམས་གཙོ་བོར་སྒོམ་ཞིང་། གཏུམ་མོ་དང་འོད་གསལ་ལ་སོགས་པའི་སྐབས་ཅི་རིགས་སུ་ཕྱག་རྒྱ་ཆེན་པོའི་གདམས་པ་སྟོན་པར་མཛད་པ་ལས། རྗེ་སྒམ་པོ་པ་ཆེན་པོ་དེས་ཚད་མེད་པའི་ཐུགས་རྗེས་ཀུན་ནས་བསླང་སྟེ། གདུལ་བྱ་མཆོག་དམན་ཐམས་ཅད་ཀྱིས་རྟོགས་སླ་བའི་ཆེད་དུ། སྙིང་པོ་དོན་གྱི་གདམས་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་རྩལ་དུ་ཕྱུང་སྟེ་བསྟན་པས་ཤིན་ཏུ་འཕེལ་ཞིང་རྒྱས་པ་དང་། སྐལ་པ་ཅན་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་དུ་གྱུར་པ་ཡིན་ནོ། །འདི་ལ་སྔོན་གྱི་རྟེན་འབྲེལ་ཆེས་ཁྱད་པར་དུ་གྱུར་པའང་སྣང་སྟེ། དེའི་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་རྗེ་སྒམ་པོ་པ་དེ་ཉིད་སྔོན་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བར་
(༢༡༧)གྱུར་པ་ན། སྟོན་པས་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུང་པའི་དུས་ཤིག་གི་ཚེ། བྱང་ཆུབ་སེམས་དཔའི་འཁོར་ཚོགས་མང་པོ་ལ་མི་བཟད་པའི་ཕྱི་དུས་དམ་པའི་ཆོས་འཇིག་པའི་ཚེ། མདོ་སྡེ་འདིའི་དོན་བཤད་པ་དང་རྒྱས་པར་བྱེད་པ་སུ་དག་ཡོད་ཅེས་བཀའ་སྩལ་པ་ལ། ཟླ་འོད་གཞོན་ནུར་གྱུར་པས་ལངས་ཏེ་ཁས་བསླངས་ཤིང་དམ་བཅས་པ་ན། སྟོན་པས་དེའི་སྤྱི་བོར་ཕྱག་བཞག་ཅིང་མ་ཕམ་པ་ལ་སོགས་པ་བྱང་སེམས་ཀྱི་འཁོར་རྣམས་དང་། ལྷ་དང་བཅས་པའི་འཇིག་རྟེན་དག་ཀྱང་དབང་དུ་བཀོད་དེ། མ་འོངས་པའི་ཕྱི་དུས་འཇིགས་པ་ཆེན་པོ་ལ་ཟླ་འོད་གཞོན་ནུར་གྱུར་པས་རྟག་ཏུ་ཚངས་སྤྱོད་ལ་གནས་པ་དང་། ཏིང་ངེ་འཛིན་དམ་པ་རྒྱས་པར་བྱེད་པ་དང་། བདེ་བར་གཤེགས་པའི་ཆོས་ཀྱི་གཏེར་འབྱེད་པ་དང་། འཁོར་ལྔ་བརྒྱ་ལས་མི་ཉུང་བ་འབྱུང་བ་དང་། དེ་ནས་རྒྱལ་བ་དྲི་མེད་འོད་དུ་འཚང་རྒྱ་བ་ལ་སོགས་པར་ལུང་བསྟན་ཞིང་དེ་དག་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབས་པ་དང་།
(༢༡༨)དེ་བཞིན་དུ་ཆོས་སྨྲ་བ་བརྒྱད་བརྒྱ་དག་ཀྱང་ལངས་ཏེ་སྔར་བཞིན་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་དོན་འཛིན་པར་དམ་བཅས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་སོགས་བྱེ་བ་བརྒྱད་བཅུ་ལ་སོགས་པས་ཀྱང་སྐྱེས་བུ་དམ་པ་དེ་རྣམས་བསྲུང་བར་དམ་བཅས་པའི་ཚུལ་རྣམས་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོར་གསུངས་ལ། ཡང་སྟོན་པ་མྱ་ངན་ལས་འདས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་འབྱོན་པ་དང་། དེ་ལ་བསྔགས་པ་མང་པོ་བརྗོད་པ་དང་། དེས་སྟོན་པའི་བསྟན་པ་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་ཞེས་ཀུན་དགའ་བོ་དབུགས་དབྱུང་བར་མཛད་པ་དང་། དེ་འཆི་བའི་དུས་བྱས་མ་ཐག་འོད་དཔག་མེད་ཀྱི་ཞིང་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་འཚང་རྒྱ་བར་འགྱུར་པ་སོགས་མདོ་སྙིང་རྗེ་པད་དཀར་དུ་བཤད་པ་དང་། གཞན་ཡང་། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། ཆུ་བོ་མ་ཧཱ་ལོ་ཧི་ཏའི་འགྲམ། རི་བྲག་ཚང་
(༢༡༩)ཚིང་ཅན་དུ་ཆོས་སྨྲ་བ་དགེ་སློང་འཚོ་བྱེད་ཅེས་བྱ་བ་འཁོར་ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད་པར་བཤད་པ་སོགས་ལུང་བསྟན་དུ་མ་ཞིག་གསུངས་ཀྱང་མངས་པར་དོགས་པས་འདིར་མ་བྲིས་ལ། སྤྲོ་ན་མདོ་དེ་དག་ཏུ་བལྟ་བར་བྱའོ། །དེ་ལྟར་ལུང་བསྟན་དེ་དག་དང་མཐུན་པར། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་དཔལ་དྭགས་ལྷ་སྒམ་པོའི་གནས་རི་བྲག་ཚང་ཚིང་ཅན་དུ། རྗེ་སྒམ་པོ་པ་དགེ་སློང་འཚོ་བྱེད་དུ་གྲགས་པ། འཁོར་བུ་སློབ་ལྔ་བརྒྱ་ལས་མི་ཉུང་བ་དང་བཅས་པར་བྱོན་ཏེ། མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོའི་དགོངས་དོན་སྙིང་པོ་དོན་གྱི་གདམས་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཐུགས་ཉམས་སུ་བཞེས་ཤིང་། བུ་སློབ་རྣམས་ལའང་རྒྱ་ཆེར་སྤེལ་ལོ། །དེ་བཞིན་དུ་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བརྒྱད་བརྒྱས་དམ་བཅས་པའི་ལུང་དང་མཐུན་པར། བོད་ཡུལ་གྱི་ལྗོངས་སུ་མཉམ་མེད་དྭགས་པོའི་སློབ་མ་ཡང་སློབ་ལ་སོགས་པའི་གྲུབ་ཆེན་ཡོངས་སུ་གྲགས་པ་མང་པོ་ཞིག་བྱོན་
(༢༢༠)ནས། སྙིང་པོའི་བསྟན་པ་འཛིན་པ་དང་སྐྱོང་བ་དང་སྤེལ་བར་མཛད་པས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཐམས་ཅད་དུ་སྙན་གྲགས་ཀྱི་སྒྲ་ཆེན་པོས་འཇིག་རྟེན་གཡོ་བར་ནུས་པ་ཙམ་དུ་གྱུར་ཅིང་། རྒྱ་གར་དང་བལ་ཡུལ་རྒྱ་ནག་དང་ཧོར་ཡུལ་ལ་སོགས་པའི་ཡུལ་གྲུ་གཞན་དག་ཏུའང་དཔལ་ལྡན་དྭག་པོའི་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པར་གྱུར་ཏེ། དུས་སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་པ་དེང་སང་གི་བར་དུའང་གང་ཟག་ཚེ་འདིའི་ཞེན་ཆགས་བློས་བཏང་ནས། འཇིགས་པའི་དུར་ཁྲོད་དང་། རི་བོའི་བྱ་སྐྱིབས་དང་། མི་མེད་ཀྱི་ལུང་སྟོང་དང་། དབེན་པའི་བས་མཐའ་ལ་སོགས་པར་སྒྲུབ་པའི་རྒྱལ་མཚན་འཛུགས་པ་ལ་བརྒྱུད་པ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པར་སྐྱེ་བོ་ཡོངས་ཀྱི་མིག་ལམ་དུ་བབས་པ་འདི་ཡིན་ནོ། །དེ་དག་གིས་ཡིད་ཆེས་བསྐྱེད་པའི་རྣམ་ངེས་ཅུང་ཟད་བཤད་ཟིན་ཏོ།། ༈ །།གཉིས་པ་སྒོམ་རིམ་གྱི་སྔོན་དུ་འགྲོ་བའི་རྣམ་གཞག་ལ། བསྟན་པ་སྤྱིའི་ལམ་གྱི་
(༢༢༡)གོ་རིམ། ལམ་སྲོལ་འདི་ཉིད་ཀྱི་སྔོན་འགྲོའི་རྣམ་དབྱེ། སྐབས་སུ་བབ་པའི་སྔོན་འགྲོ་བཤད་པ་གསུམ་གྱི། དང་པོ་ནི། སྤྱིར་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ནས་ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཞུགས་ནས་དམ་པའི་ཆོས་ཉམས་སུ་ལེན་པའི་གོ་རིམ་ལ། ཐོག་མར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ཞིག་བརྟགས་ཤིང་དཔྱད་ནས་བཙལ་ཞིང་བསྟེན། དེ་ལ་ཡོན་ཏན་སྐྱེ་བའི་གཞི་རྟེན་དུ་ཚུལ་ཁྲིམས་ཀྱི་བསླབ་པ་ཅི་རིགས་བླངས་ཏེ་ཚུལ་བཞིན་དུ་བསྲུང་། རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར་དུ་བློ་ཁ་དམ་པའི་ཆོས་ཚུལ་ལ་སྦྱོར་ཞིང་ཕྱིར་མི་ལྡོག་པར་བྱེད་པའི་ལམ་བསླུ་བ་མེད་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ལྟ་བུའི་ཆོས་ལ་ཐོས་པ་ཞིབ་ཏུ་བྱ། ཐོས་པའི་དོན་ཡང་ལན་རེ་ཙམ་གྱི་གོ་ཡུལ་དུ་ཤར་བས་ཅུང་ཟད་མི་འོང་བས་ཡང་ནས་ཡང་དུ་བསམ་མནོ་ལེགས་པར་བཏང་། དེས་ཚེ་འདིའི་སྣང་ཤེས་ལ་
(༢༢༢)ཞེན་ཆགས་གཏིང་ནས་ལོག་སྟེ་ཕྱི་མའི་ངེས་ལེགས་དོན་གཉེར་གྱི་བློ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་པར་བྱ། དེས་ཆོས་བྱེད་དུ་རློམ་པ་ཅི་རིགས་ཀྱི་བྱ་བ་ལ་བརྟགས་ཤིང་དཔྱད་པས། འགའ་ཞིག་ཞོར་ཆོས་དང་ཟ་ཆོས་དང་བཤད་ཆོས་དང་མཛེས་ཆོས་པ་ལྟ་བུར་གོ་ནས། དེས་ཕྱི་མ་ལ་མི་ཕན་ཞིང་ལ་ལས་གནོད་པར་ཤེས་ཏེ་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་སྒོམ་སྒྲུབ་ལ་ཅི་ནས་ཀྱང་འཇུག་པར་སྤྲོ་བ་ཞིག་འོང་བ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ལས་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་དང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་། སྒོམ་རིམ་ལས། དེ་ལ་ཐོག་མར་རེ་ཞིག་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེས་རེ་ཞིག་ལུང་གི་དོན་ཀུན་ཏུ་འཛིན་པར་བྱེད་དོ། །དེ་ནས་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པ་
(༢༢༣)དང་དྲང་བའི་དོན་རྣམ་པར་འབྱེད་པར་བྱེད་དོ། །དེ་ནས་བྱེ་བྲག་ཕྱེད་པའི་དོན་ལ་བརྟེན་ནས་ཡང་དག་པའི་དོན་བསྒོམ་པར་བྱའི། ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན། ཕྱིན་ཅི་ལོག་ཏུ་བསྒོམས་ཤིང་ཐེ་ཚོམ་ཡང་མ་བསལ་བས་ཡང་དག་པའི་ཤེས་པ་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་སྒོམ་པ་དོན་མེད་པར་འགྱུར་བས་མུ་སྟེགས་ཅན་རྣམས་ཀྱི་སྒོམ་པ་དང་འདྲའོ། །ཞེས་བཤད་པའི་དོན་ཏོ། །དེ་ལྟར་ན་ཐོག་མ་ཉིད་ནས་ཟབ་དོན་ཉམས་སུ་ལེན་པའི་སྐལ་པ་དམན་པ་རྣམས་ནི་ཐེམས་སྐས་ལ་འཛེག་པའི་ཚུལ་ལྟར་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པས་འཁྲིད་པ་ཉིད་ལེགས་པ་ཡིན་ཏེ། སྤྱོད་བསྡུས་ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བཞག །ཅེས་དང་། བརྟག་གཉིས་ལས། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་
(༢༢༤)འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་པོར་ཐེག་པའི་རིམ་པ་དང་དེ་ནས་སྔགས་ལའང་རིམ་པས་བསླབ་པར་གསུངས་པ་ལྟར་རོ། །གཉིས་པ་ནི། ཟབ་དོན་ཉམས་སུ་ལེན་པར་བྱེད་པའི་གང་ཟག་ལའང་གཉིས་ཡོད་པའི་སྐལ་ལྡན་སྦྱངས་པ་ཅན་ལ་ཟབ་ལམ་ཅིག་ཅར་དུ་བསྟན་པས་ཆོག་པ་དང་། དང་པོའི་ལས་ཅན་ལ་ཟབ་ལམ་ཡང་རིམ་པས་སྟོན་དགོས་པའི་རྣམ་དབྱེ་ཤེས་དགོས་ཏེ། ཀ་དཔེ་སྔ་ཕྱི་གཉིས་ཀ་ལས། གང་ཟག་བློ་ཡི་ཁྱད་པར་གྱིས། །རིམ་གྱིས་པ་དང་ཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ཡི་དུག་ཆེན་ཡིན། །ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་
(༢༢༥)ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཟབ་ལམ་འདི་ཉིད་སྟོན་ཚུལ་ལའང་། རྗེ་སྒམ་པོ་པ་ནི་འདི་ཉིད་གསང་སྔགས་ལ་མ་བལྟོས་པའི་གསེང་ལམ་དུ་བཞེད་པས། འདི་ཉིད་ཀྱི་སྔོན་འགྲོར་ཡང་སྨིན་བྱེད་ཀྱི་དབང་དགོས་པར་མ་གསུངས་ཤིང་། བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དན་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དེ་དག་ལ་མཎྜལ་དབུལ་ཞིང་སྡིག་པ་བཤགས་པ་དང་། མོས་གུས་དྲག་པོ་བསྐྱེད་ནས་གསོལ་བ་འདེབས་པའི་ཚུལ་ཁོ་ན་ལ་བརྟེན་ནས་སེམས་དོན་ཉིད་ལ་ཁྲིད་ཚུལ་གསུངས་ལ། དེ་ལའང་དབང་པོ་རབ་ཅིག་ཅར་བའི་རིགས་ཅན་ལ་ཐོག་མར་ལྟ་བ་བཙལ། དེ་ནས་ལྟ་ཐོག་ཏུ་མཉམ་པར་འཇོག་ཐབས་ཀྱི་མན་ངག་སྟོན་པ་དེང་སང་གི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཚུལ་ལྟ་བུ་དང་། དབང་པོ་དམན་པ་རིམ་
(༢༢༦)གྱིས་པའི་རིགས་ཅན་ལ། ཞི་གནས་ནས་རིམ་པས་ལྷག་མཐོང་ལ་ཁྲིད་པ་དེང་སང་གི་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཚུལ་ལྟ་བུ་མཛད་པར་སྣང་སྟེ། དེའི་རྒྱུ་མཚན་ནི། གསུང་འབུམ་རིན་པོ་ཆེའི་ཁྲིད་ཡིག་དང་ཞལ་གདམས་དང་ཞུས་ལན་རྣམས་དང་། དཔལ་ཕག་མོ་གྲུ་པ་དང་རྗེ་དུས་མཁྱེན་གྱི་གསུང་འབུམ་དུ་རྗེའི་ཞལ་གདམས་ཡི་གེར་མཛད་པ་རྣམས་ལས་ཤེས་པ་ཡིན་ནོ། །དེ་ནས་ཕྱིས་སྒྲུབ་བརྒྱུད་པ་རྣམས་ཀྱིས། གསང་སྔགས་ཀྱི་ཉམས་ལེན་དང་སྒོ་བསྟན་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་གྲགས་པ་ལ། བྱང་ཆུབ་ཀྱི་སེམས་དང་ཡི་དམ་གྱི་ལྷ་དང་བླ་མའི་རྣལ་འབྱོར་དང་ཕྱག་ཆེན་རྣམས་རིམ་པས་སྒོམ་ཞིང་རྗེས་བསྔོ་བ་བྱ་བ་རྣམས་ཀྱི་ཕྱག་བཞེས་དང་། ལྷན་ཅིག་སྐྱེས་སྦྱོར་དང་ཡི་གེ་བཞི་པའི་ཁྲིད་ལའང་ཐོག་མར་སྒོམ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞི་སྦྱོར་ཞེས། མི་རྟག་པའི་སྐོར། རྡོར་སེམས་ཀྱི་སྒོམ་བཟླས། མཎྜལ་དབུལ་བ། བླ་མའི་རྣལ་འབྱོར་རྣམས་སྦྱོར་བར་མཛད་དེ། ཚུལ་དེ་ལྟར་བྱེད་ན་གསང་སྔགས་དང་བསྲེས་པར་སྣང་བས་སྔོན་དུ་སྨིན་བྱེད་
(༢༢༧)ཀྱི་དབང་རྒྱས་བསྡུས་གང་རུང་ཞིག་ངེས་པར་དགོས་ཏེ། ཕྱག་ཆེན་ཐིག་ལེར། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །ཞེས་དང་། སངས་རྒྱས་ཐོད་པར། དཔེར་ན་པི་ཝཾ་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཕྱག་ཆེན་ཁོ་ནའི་གཞུང་ཁྲིད་བྱེད་པ་ལ། རྗེ་སྒམ་པོ་པ་ཉིད་ཀྱི་ཕྱག་བཞེས་ལྟར་སྨིན་བྱེད་ཀྱི་དབང་བསྐུར་མི་དགོས་ཤིང་། རྡོར་སེམས་ཀྱི་སྒོམ་བཟླས་དང་རང་ལྷར་བསྐྱེད་པ་དང་བླ་མ་རྡོ་རྗེ་འཆང་དུ་བསྐྱེད་ནས་དབང་ཞུ་བ་སོགས་ཀྱང་མི་བྱ་བར་རྗེ་སྒམ་པོ་པ་ཉིད་ཀྱིས་གསུངས་པའི་སྔོན་འགྲོ་ལྟར་བྱའོ། །འོ་ན་ཞི་གནས་ལ་འཁྲིད་པའི་སྐབས་ཀྱི་རླུང་བགྲང་བཟུང་ལ་སོགས་པ་གསང་སྔགས་ཀྱི་རྣལ་འབྱོར་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མདོ་ཕྱོགས་ཀྱི་ཞི་གནས་སྒྲུབ་ཚུལ་ལའང་རླུང་བགྲང་བ་དང་རྗེས་འགྲོ་སོགས་དུ་མ་བཤད་པའི་ཕྱིར་རོ། །འོན་ཀྱང་དེང་སང་ཕྱག་ཆེན་
(༢༢༨)དང་གསང་སྔགས་བསྲེས་ནས་བསྒོམས་ཏེ་རྟོགས་པ་བོགས་དབྱུང་བར་བྱེད་པ་དང་། སྔོན་འགྲོ་ལའང་སྔགས་ཀྱི་ཉམས་ལེན་དུ་མ་སྦྱོར་བར་སྣང་བས། དེ་ལྟར་དུ་བྱེད་ན་ནི་སྔོན་དུ་སྨིན་བྱེད་ཀྱི་དབང་ངེས་པར་དགོས་ཤིང་། དེ་ཡང་འཁོར་ལོ་སྡོམ་པ་ཡབ་ཡུམ་ལྟ་བུའི་ཡི་དམ། རྒྱུད་སྡེ་ཁུངས་བཙུན་ཞིང་བརྒྱུད་པའི་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་ཞིག་གི་དབང་རྒྱས་བསྡུས་ཅི་རིགས་དགོས་སོ། །གསུམ་པ་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཤད་པ་དང་། སྒོམ་རིམ་ཉིད་ཀྱི་སྔོན་དུ་ཇི་ལྟར་བྱ་བ་གཉིས་ལས། དང་པོ་ལ། ལེ་ལོ་བཟློག་ཕྱིར་མི་རྟག་པ་སོགས་བསམ་པ། བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ཚོགས་བསག་ཕྱིར་མཎྜལ་དབུལ་བ། སྒྲིབ་པ་སྦྱང་ཕྱིར་རྡོར་སེམས་ཀྱི་སྒོམ་བཟླས་བྱ་བ། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྒོམ་པ་དང་ལྔའི། དང་པོ་ནི། དལ་འབྱོར་རྙེད་དཀའ་བ། རྙེད་པ་དོན་ཆེ་ཚུལ། མྱུར་དུ་མི་རྟག་པར་འགྱུར་ཚུལ། ཤི་ནས་ལས་དབང་དུ་འགྲོ་ཚུལ། ལས་དཀར་
(༢༢༩)ནག་གི་རྣམ་གཞག །དེ་དག་གི་ཡང་ལྕིའི་ཁྱད་པར། ལས་ཆུད་མི་ཟ་བར་སྨིན་ཚུལ། ལས་འབྲས་གསུམ་མྱོང་ཚུལ། དེ་ལ་བརྟེན་པའི་རིགས་དྲུག་གི་སྡུག་བསྔལ། སྲིད་པའི་བདེ་བ་ལྟར་སྣང་གི་སྐྱོན་རྣམས་ཞིབ་ཏུ་བསམས་ནས། ཐར་པ་ལ་དོན་གཉེར་གྱི་འདུན་པ་དྲག་པོ་བསྐྱེད་པ་ནི་ཆོས་ཀྱི་རྩ་བ་ཡིན་པས་རྣམ་པ་ཀུན་ཏུ་གལ་ཆེ་སྟེ། ཞེན་ལོག་སྒོམ་གྱི་རྐང་པ་ཞེས་དང་། ཞེན་ལོག་སྒོམ་གྱི་བདག་པོ་ཞེས་གྲགས་ཤིང་། འདི་དག་ལན་རེ་ཙམ་གྱི་གོ་ཡུལ་དུ་ལུས་ན། དང་པོར་སྒོམ་སྐྱེས་ཀྱང་ཕྱིས་ཆགས་སྡང་རྨོངས་གསུམ་ཁམ་ནོན་པར་ཟས་གོས་སོགས་ཀྱི་འདོད་ཡོན་དང་། གྲགས་འདོད་སོགས་སྣང་ཤས་ཀྱི་དབང་དུ་སོང་ནས་སྒྲུབ་པ་མཐར་ཕྱིན་པ་དཀོན་པའི་རྒྱུ་མཚན་འདི་ལ་ཐུག་པ་ཡིན་ནོ། །དེ་ལྟར་ན་ཏཻ་ལོ་པས། ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོགས་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུལ་ཆགས་སྡང་འབྲེལ་བ་ཀུན་ཆོད་ལ། །གཅིག་པུར་
(༢༣༠)ནགས་འདབ་རི་ཁྲོད་དགོན་པར་སྒོམས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་ནས་ཐར་པ་དོན་དུ་གཉེར་བ་དག་གིས་ཅི་ནས་ཀྱང་དཀོན་མཆོག་རིན་པོ་ཆེའི་སྐྱབས་འོག་ཏུ་ཞུགས་ནས་སྐྱབས་སུ་འགྲོ་བ་ནི་དམ་པའི་ཆོས་ཀྱི་རྩ་བ་ཡིན་པས་ཤིན་ཏུ་གལ་ཆེ་སྟེ། མདོ་ལས། གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །སྐྱབས་འགྲོའི་ཕན་ཡོན་ནི། ཤེར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །
(༢༣༡)ཕུལ་གྱིས་བཅལ་བར་གཞལ་མི་ནུས། །ཞེས་བཤད་པ་ལྟར་བསམ་གྱིས་མི་ཁྱབ་ཅིག །བྱེ་བྲག་ཏུ་ནང་པ་སངས་རྒྱས་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། སྔར་བྱས་ཀྱི་ལས་སྒྲིབ་ཟད་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་གསོགས་པ། ངན་འགྲོར་མི་ལྟུང་བ། མི་དང་མི་མ་ཡིན་གྱི་བར་ཆོད་ཀྱིས་མི་ཚུགས་པ། ཅི་བསམས་འགྲུབ་པ། མྱུར་དུ་འཚང་རྒྱ་བ་སྟེ་བརྒྱད་དང་། ཐེག་ཆེན་གྱི་སྐྱབས་འགྲོ་ནི་ཕན་ཡོན་དེ་དག་གི་ཐོག་ཏུ། ཐབས་མ་ཡིན་པ་དང་། ཐེག་དམན་དུ་ལྟུང་བ་སྐྱོབ་པར་བཤད་དོ། །དེ་ལྟར་ན་སྐྱབས་འགྲོའི་ཡུལ་དང་དུས་དང་བསམ་པ་དང་ཆོ་ག་སོགས་ལ་ཞིབ་ཏུ་ངེས་པ་རྙེད་པར་བྱས་ཏེ་སྐྱབས་འགྲོ་བྱེད་དགོས་ལ། དེང་སང་ཁ་ཅིག །སྐྱབས་འགྲོའི་རིམ་པ་ནི། ལས་དང་པོ་པའི་འཇུག་སྒོ་ཙམ་དུ་སེམ་ཞིང་། ཕྱིས་གནད་ཆུང་བར་བྱས་ཏེ་སྐྱབས་སྡོམ་གྱི་བསླབ་བྱ་ལ་མི་སློབ་ཅིང་ཁྱད་དུ་གསོད་པ་དག་ནི། ནང་པ་སངས་རྒྱས་པའི་གྲངས་སུ་ཚུད་པའང་དཀའ་བས་ཤིན་ཏུ་མ་མཁས་པ་ཡིན་ནོ། །སེམས་བསྐྱེད་ནི། ཐེག་
(༢༣༢)པ་ཆེན་པོ་ལ་ཞུགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ཐམས་ཅད་ཀྱི་འཇུག་སྒོ་དང་ལམ་གྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་སེམས་དེ་ཡང་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྐྱེས་པ་ལས་འབྱུང་དགོས་ཤིང་། བྱམས་སྙིང་རྗེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། མ་ཐམས་ཅད་དྲིན་ཅན་དུ་ཤེས་པ་དང་། དྲིན་ཅན་ལ་བྱས་པ་དྲིན་དུ་བཟོ་བ་སོགས་ཀྱི་ལྷག་བསམ་ལ་རག་ལས་པས། ཚུལ་དེ་དག་ཞིབ་ཏུ་ཤེས་པས་བསྒོམ་པར་བྱའོ། །དེ་ལྟ་བུའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམས་པའི་ཕན་ཡོན་ནི། རིན་ཆེན་ཕྲེང་བར། རྗེའུ་ཚོང་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐབས་གཅིག་གི །བསོད་ནམས་
(༢༣༣)དག་ལ་ཆར་མི་ཕོད། །ལྷ་མིས་བྱམས་པར་འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་རྟོགས་བརྗོད་ལས། །ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་ཏུ་བཞག་པ་ལྟ་བུར་འགྱུར་ཏེ། གཅིག་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །ཞེས་དང་། ཟླ་གྲགས་ཀྱིས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་དང་། དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་
(༢༣༤)གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་དང་། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གི །རིན་ཆེན་དག་གིས་ཡོངས་བཀང་སྟེ། །བདེ་གཤེགས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་པ་ལ་སོགས་པ་མང་དུ་གསུངས་ཤིང་། །གཞན་ཡང་། ཐེག་པ་ཆེན་པོར་ཚུད་པ། བྱང་སེམས་ཀྱི་བསླབ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། སྡིག་པ་རྣམས་རྩད་ནས་གཅོད་པ། བྱང་ཆུབ་ཀྱི་རྩ་བ་ཚུགས་པ། བསོད་ནམས་དཔག་མེད་འཐོབ་པ། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ། སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ། མྱུར་དུ་འཚང་རྒྱ་བ་སྟེ་སྨོན་སེམས་ཀྱི་ཕན་ཡོན་བརྒྱད་དང་། དེའི་ཐོག་ཏུ་རང་དོན་རྒྱུན་ཆགས་སུ་འབྱུང་བ་དང་།
(༢༣༥)གཞན་དོན་སྣ་ཚོགས་སུ་འབྱུང་བ་སོགས་འཇུག་སེམས་ཀྱི་ཕན་ཡོན་མང་པོ་བཤད་དོ། །དེ་ལྟར་ན་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པའི་དམིགས་རྣམ་དང་ངོ་བོ་སོགས་ལ་ངེས་པ་རྙེད་པར་བྱས་པའི་སྒོ་ནས་ནན་ཏན་དུ་སྒོམ་དགོས་ཏེ། བྱང་ཆུབ་ཀྱི་སེམས་དང་མི་ལྡན་པའི་དགེ་རྩ་སྤྱི་དང་། བྱེ་བྲག་ཏུ་སྟོང་ཉིད་སྒོམ་པ་སོགས་བྱས་ཀྱང་ཐེག་ཆེན་གྱི་ལམ་དུ་འགྱུར་བ་དང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་མ་བཤད་པའི་ཕྱིར་རོ། །གསུམ་པ་ནི། སྤྱིར་རྒྱུ་བསོད་ནམས་ཀྱི་ཚོགས་མ་བསགས་ན་གནས་སྐབས་དང་མཐར་ཐུག་གི་བདེ་བ་མི་ཐོབ་ཅིང་། ཁྱད་པར་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསག་བྱེད་དུའང་བསོད་ནམས་ཀྱི་ཚོགས་མ་བསགས་ན་སྟོང་ཉིད་ཀྱི་ལྟ་བ་མི་རྟོགས་པས། ཐོག་མར་བསོད་ནམས་ཀྱི་ཚོགས་བསག་པ་གལ་ཆེ་སྟེ། མདོ་ལས། བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་ཡང་ཡང་དང་ཡང་དུ་བསག །དེ་རིང་ཉིད་
(༢༣༦)ལ་བསྟུན་ཏེ་བསག །ཅེས་དང་། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་འཐོབ་མི་འགྱུར། །ཞེས་སོ། །ཚོགས་བསགས་པའི་ཕན་ཡོན་ནམ་དགོས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །ཞེས་དང་། རིན་ཆེན་ཕྲེང་བར། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། མདོར་ན་ཕར་ཕྱིན་དྲུག་གི་ཕན་ཡོན་ཐམས་ཅད་ཚོགས་གཉིས་ཀྱི་ཕན་ཡོན་ཡིན་ནོ། །དེ་ཡང་བསོད་ནམས་བསག་ཐབས་ནི། སྤྱིར་ཆོས་
(༢༣༧)སྤྱོད་བཅུ་དང་། བསྡུ་བའི་དངོས་པོ་བཞི་ལ་བསླབ་པར་བྱ་བ་ཡིན་ཀྱང་། སྐབས་འདིར་མཆོད་པའི་ཡན་ལག་ཏུ་མཎྜལ་གཙོ་བོར་བྱས་པའི་ཡན་ལག་བདུན་པས་ཚོགས་བསག་པར་བཤད་ལ། མཎྜལ་འབུལ་ཚུལ་ནི། སྒྲུབ་བརྒྱུད་པ་རྣམས་ཀྱིས་སྒྲུབ་པའི་མཎྜལ་དུ་ཚོགས་གསོག་པའི་ཞིང་ཅི་རིགས་པར་བསྐྱེད་པའམ་དམིགས་ནས། དེ་ལ་མཆོད་པའི་མཎྜལ་འབུལ་ཏེ། དེ་ཡང་ཡིད་ཀྱིས་སྤྲུལ། བདག་ཏུ་བཟུང་། བློས་བསླངས། ལྟོས་པ་མེད་པར་འབུལ་ཞེས་གསུང་ངོ་། །གཞན་ཡང་ཡན་ལག་བདུན་པའི་སྒོ་ནས་ཚོགས་བསག་པར་བྱ་སྟེ། ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་འདེབས་པ་རྣམས་ཚོགས་བསག་ཉིད་དང་། བཤགས་པ་ནི་སྒྲིབ་སྦྱོང་དང་། ཡི་རང་ནི་དགེ་བ་སྤེལ་བ་དང་། བསྔོ་བ་ནི་བསག་སྦྱང་སྤེལ་གསུམ་གྱི་དགེ་བ་དེ་ཡང་རྒྱ་ཆེར་སྤེལ་ཞིང་ཆུད་མི་ཟ་བར་བྱེད་པ་སྟེ། ཚུལ་འདི་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པར་གསུངས་པས་འབད་
(༢༣༨)པ་ཆེར་བྱའོ། །བཞི་པ་ནི། ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ལས་ཉེས་བྱས་སྡིག་པ་བསགས་པའི་རྣམ་སྨིན་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྟོགས་པ་དང་འབྲས་བུ་མངོན་དུ་བྱེད་པ་ལ་སྒྲིབ་པ་ཤིན་ཏུ་སྟོབས་ཆེ་བ་ཡོད་ལ། དེ་ཉིད་མ་སྦྱངས་ན་སྔར་ཡང་འཁོར་བ་མཐའ་མེད་དུ་འཁྱམས་ནས་སྡུག་བསྔལ་མྱོང་། སླར་ཡང་ཟོ་ཆུའི་རྒྱུན་བཞིན་དུ་འཁོར་བའི་སྡུག་བསྔལ་ཅི་ནས་ཀྱང་མྱོང་དགོས་པས། དེས་ན་སྡིག་སྒྲིབ་སྦྱང་བ་ལ་འབད་དགོས་ཏེ། ཚོམས་ལས། སྡིག་པ་ཆུང་དུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིག་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། བདག་ཉིད་བདེ་བ་འདོད་པའི་ཕྱིར། །རྒོད་ཅིང་སྡིག་པའི་ལས་བྱས་པའི། །སྡིག་ལས་དེ་ཡི་རྣམ་སྨིན་དག །དུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་ལ་སྡིག་པ་སྦྱང་ཐབས་ནི་སྤྱིར་སྟོབས་བཞི་གསུངས་
(༢༣༩)ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། །རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ཟློག་པ་དང་། རྟེན་གྱི་སྟོབས་སོ། །ཞེས་པ་ལྟར་རོ། །དེ་ལ་སྟོབས་དང་པོ་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པའི་སྒོ་ནས་བཤགས་པ་དང་། སྟོབས་གཉིས་པ་ནི། མདོ་སྡེ་འཛིན་ཀློག་དང་སྟོང་ཉིད་ལ་མོས་པ་དང་བཟླས་པ་དང་སྐུ་གཟུགས་དང་མཆོད་རྟེན་བྱེད་པ་དང་དེ་དག་ལ་མཆོད་པ་དང་སངས་རྒྱས་བྱང་སེམས་ཀྱི་མཚན་སྒྲོག་པ་སོགས་དང་། སྟོབས་གསུམ་པ་ནི། མི་དགེ་བཅུ་ཕྱིན་ཆད་ནས་སྡོམ་པ་དང་། སྟོབས་བཞི་པ་ནི། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ལ་བཤད་དེ། འོན་ཀྱང་སྐབས་འདིར་སྒོམ་བཟླས་ལ་བརྟེན་ནས་བཤགས་པ་ཡིན་
(༢༤༠)ལ། དེ་ཡང་སྡིག་པ་སྔར་བྱས་ལ་འགྱོད་པ་དང་ཕྱིས་སྡོམ་སེམས་དང་ལྡན་ན་སྟོབས་བཞི་ཀ་དོན་གྱིས་ཚང་བ་ཡིན་ནོ། །ཁྱད་པར་བཟླས་བརྗོད་ཀྱིས་སྡིག་པ་འདག་པ་ནི། དཔུང་བཟང་གིས་ཞུས་པ་ལས། སོ་ཀ་ནགས་མེས་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཆུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་མི་ཤེས་པ་དང་ཉོན་མོངས་མང་བ་དང་བག་མེད་པ་དང་མགུས་པ་སྟེ་རྒྱུ་བཞི་པོ་གང་ཡང་རུང་བས་ཉེས་ལྟུང་འཕྲལ་
(༢༤༡)དུ་སོགས་ན་མི་རུང་བས། ཡང་ནས་ཡང་དུ་བཤགས་དགོས་ཏེ། ཚོམས་ལས། སྡིག་པ་ཤིན་ཏུ་ཆུང་ངུ་ལའང་། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང་། །སྣོད་ཆེན་ཁད་ཀྱིས་འགང་བར་འགྱུར། །ཞེས་སོགས་དང་། ལེགས་གྲུབ་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པའང་ཉིན་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་པ་ལྟར་རོ། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉིད་ནི། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླ། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། སྤྱིར་མདོ་རྒྱུད་
(༢༤༢)ཐམས་ཅད་ནས་ཐར་པ་དོན་གཉེར་གྱི་ལམ་གྱི་རྩ་བར་བླ་མ་བསྟེན་དགོས་ཚུལ། དེའི་མཚན་ཉིད། དེ་བསྟེན་ཚུལ། བསྟེན་པའི་དགོས་པའང་ཕན་ཡོན་རྣམས་མང་དུ་གསུངས་ཤིང་། ཁྱད་པར་གསང་སྔགས་ནས་དངོས་གྲུབ་སློབ་དཔོན་རྗེས་འབྲང་དུ་བཤད་ནས་དེ་བསྟེན་པའི་ཚུལ་ལ་བསྒྲིམ་དགོས་པར་རྒྱ་ཆེར་གསུངས་ལ། ཁྱད་པར་སྒྲུབ་བརྒྱུད་འདི་ནི་བྱིན་རླབས་ཀྱི་ལམ་དུ་བཞེད་པས་སྒོམ་མ་སྐྱེས་པར་སྐྱེ་བར་བྱེད་པ་དང་། སྐྱེས་པ་བོགས་དབྱུང་བ་གཉིས་ཀ་བླ་མའི་བྱིན་རླབས་ལ་རགས་ལས་པར་བཤད་པས་བླ་མའི་རྣལ་འབྱོར་སྒོམ་པ་ལ་ནན་ཏན་དུ་བྱེད་པ་ཡིན་ནོ། །དེའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། མཚན་བརྗོད་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་དང་། གཞན་ཡང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་ལ་ནི་ཕྱག་འཚལ་ལོ། །ཞེས་བསྔགས་
(༢༤༣)པ་ལྟར་རོ། །དེ་ལྟར་བྱེད་པའི་དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐོབ་པའི་ཆེད་དུ་ཡིན་ཏེ། བྷ་ཝི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་དང་། དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་རྒྱུར་གྱུར་པའི། །བླ་མའི་ཞབས་ཀྱི་པདྨོར་ཇི་བཞིན་བཏུད་བྱས་ཏེ། །ཞེས་སོ། །བླ་མ་ཇི་ལྟར་སྒོམ་པ་ནི། །རྡོ་རྗེ་སྙིང་པོ་རྒྱན་ལས། རྟག་ཏུ་བླ་མ་ལ་གུས་པའི། །སློབ་མས་བླ་མ་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་སོགས་དང་། གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་དང་། བྷ་ཝི་ལྷས་ཀྱང་། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་པ་ལྟར་རོ། །དེ་ཡང་སངས་རྒྱས་ཀུན་འདུས་པའི་བདག་ཉིད་དུ་སྒོམ་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །
(༢༤༤)ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་དང་། རྡོ་རྗེ་གདན་བཞི་རྩ་འགྲེལ་ལས་ཀྱང་དེ་དང་ཕྱོགས་འདྲ་བར་བཤད་དེ། དེའི་རིགས་པས་ཚུལ་གཞན་ཡང་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། རྡོ་རྗེ་འཆང་དང་བླ་མ་ལ་དད་པ་མཉམ་པར་བྱ་བ་དང་། རྡོ་རྗེ་འཆང་གི་ང་རྒྱལ་བརྟན་པར་བྱ་བ་དང་། ཚེགས་ཆུང་ངུས་ཚོགས་བསགས་པས་མྱུར་དུ་འགྲུབ་པའི་དོན་དུ་ཡིད་པར་སློབ་དཔོན་ཤན་ཏི་པས་བཤད་དོ། །དེ་ལ་མཆོད་པའི་བྱེ་བྲག་དབུལ་བ་དང་དེའི་ཕན་ཡོན་ནི། རིམ་ལྔ་ལས། མཆོད་པ་ཐམས་ཅད་རྣམ་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། གསང་འདུས་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་
(༢༤༥)མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། སམ་ཊིར། གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ནི་བླ་མར་དབུལ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་རྡོ་རྗེ་འཛིན་པ་མཆོད། །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་དང་། བྷ་ཝི་ལྷས། མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་པ་ལྟར་རོ། །དེ་ཡང་བླ་མ་ལ་དད་པ་དང་མོས་གུས་ཀྱི་ཤུགས་བསྐྱེད་ནས་བྱ་དགོས་ཏེ། ཆོས་བཅུ་པའི་མདོ་ལས། གང་གི་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་
(༢༤༦)འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་པ་ལྟར་རོ། །དེ་ཡང་བླ་མའི་བཀའ་དྲིན་དྲན་པའི་སྒོ་ནས་གདུང་ཤུགས་ཀྱིས་དུ་བ་ལ་ཐུག་པར་བྱེད་དགོས་ཏེ། སྡོང་པོ་བཀོད་པ་ལས། གཞོན་ནུ་ནོར་བཟང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་
(༢༤༧)འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་རྗེས་སུ་དྲན་ཞིང་དུ་བར་བྱེད། ཅེས་སོགས་མང་དུ་གསུངས་པ་ལྟར་རོ། །དེ་ལྟར་མོས་གུས་ཡོད་ན་བྱིན་རླབས་འཇུག་ཅིང་བྱིན་རླབས་ཞུགས་ན་སེམས་ཀྱི་རྟོགས་པ་འཆར་བ་ཡིན་ཏེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་ཐུར་དུ་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་བྱ་སྙམ་ཡང་
(༢༤༨)གྲོལ་བར་འགྱུར། །ཞེས་དང་། རྗེ་སྒམ་པོ་པས་ཀྱང་། འོ་སྐོལ་གྱི་འདི་བྱིན་རླབས་ཀྱི་བརྒྱུད་པ་ཡིན་པས། བླ་མའི་བྱིན་རླབས་མ་ཞུགས་ན་ཕྱག་རྒྱ་ཆེན་པོའི་དོན་རྒྱུད་ལ་འཆར་མི་སྲིད་པ་ཡིན། བླ་མའི་བྱིན་རླབས་ཞུགས་པ་ལ་ཚེགས་མེད། མོས་གུས་ཡོད་པས་གསོལ་བ་བཏབ་པ་ལ་བརྟེན་ནས་འཇུག་པ་ཡིན། མོས་གུས་རབ་ལ་བྱིན་རླབས་ཀྱང་རབ་ཏུ་འཇུག །མོས་གུས་འབྲིང་ལ་བྱིན་རླབས་འབྲིང་། མོས་གུས་ཐ་མ་ལ་བྱིན་རླབས་ཐ་མ། མོས་གུས་གཏན་ནས་མེད་ན་བྱིན་རླབས་ཀྱང་གཏན་ནས་མི་འཇུག་པ་ཆོས་ཉིད་ཡིན། ཞེས་དང་། རྟོགས་པ་མ་སྐྱེས་པ་ཐམས་ཅད་ཀྱང་རྟོགས་པ་སྐྱེ་བའི་ཐབས་བླ་མ་ལ་བསྙེན་བཀུར་ཞིང་མོས་གུས་ཀྱིས་གསོལ་བ་འདེབས་པ་མ་གཏོགས་པ་གཞན་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་དེ་བརྟན་པར་བྱེད་པའི་ཐབས་ལ་བླ་མ་ལ་མོས་གུས་བྱ་ཞིང་དེ་ཉིད་ལ་གོམས་པར་བྱ། ཞེས་དང་། གསོལ་བ་འདེབས་ལུགས་ཀྱང་། འགྲོ་ཞིང་འགྲོ་ཞིང་ཡང་གསོལ་བ་
(༢༤༩)གདབ། འདུག་ཅིང་འདུག་ཅིང་ཡང་གསོལ་བ་གདབ། གཉིད་ནམ་སད་སད་ཀྱང་གསོལ་བ་གདབ། ཅེས་གསུངས་པ་ལྟར་སྒྲུབ་བརྒྱུད་འདི་ལ་ཡོངས་སུ་གྲགས་སོ། །དེང་སང་བླ་མའི་རྣལ་འབྱོར་སྒོམ་ཚུལ་མན་ངག་རིག་པ་རྣམས་ཀྱི་ཕྱག་བཞེས་ལ། བླ་མ་ལ་ཉམས་ཆགས་ཤོར་བའི་བཤགས་པ་བྱེད་ན། རང་ཐ་མལ་པའི་མདུན་ནམ་སྤྱི་བོར་སྒོམ་ལ། གཞན་ནི་རང་ཐ་མལ་པ་ལ་དབང་ལེན་པ་མི་རིགས་པས། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོ་ལ་སོགས་པར་བླ་མ་རྡོ་རྗེ་འཆང་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན་སྒོམ། མཎྜལ་སོགས་ཕྱི་ནང་གསང་པའི་མཆོད་པ་འབུལ། མོས་གུས་དྲག་པོས་འདོད་དོན་ལ་གསོལ་བ་བཏབ། ཏིང་ངེ་འཛིན་གྱི་དབང་ཞུས་ཏེ་མཐར་རང་ཉིད་ལ་ཐིམ་པར་སྒོམ་པའི་ཚུལ་འདི་ནི་ཤིན་ཏུ་ལེགས་ཏེ། སྨིན་གྲོལ་གྱི་ལམ་གྱི་གནད་མང་པོ་ཞིག་ཚང་བར་སྣང་བའི་ཕྱིར་རོ། །དེ་ཡང་བླ་མ་སྒོམ་པའི་གནས་ལ། ཨ་བྷི་དྷ་ན་ལས།
(༢༥༠)དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བཀོད་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་བཤད་ལ། རྗེ་སྒམ་པོ་པས་མདུན་གྱི་ནམ་མཁར་སྒོམ་པ་ཤས་ཆེར་གསུངས་ཤིང་། རྗེ་ཡང་དགོན་པས། མཆོད་ཚོགས་དུས་སུ་མདུན་གྱི་མཁའ། །གསོལ་བ་འདེབས་ཚེ་སྤྱི་བོའི་གཙུག །རྟག་ཏུ་བླ་མ་སྙིང་གི་དབུས། །ཞེས་ཀྱང་བཞེད་དོ། །དེ་ལྟར་སྔོན་འགྲོའི་སྐོར་རྣམས་ལ་ནན་ཏན་དུ་བསྒོམས་པའི་རྟགས་སུ། མི་རྟག་པ་བསྒོམས་པ་ལ་བརྟེན་ནས་འདོད་ཡོན་ལ་ཞེན་ཆགས་དང་། ཚེ་འདིའི་སྣང་ཤས་ཀྱི་བསམ་སྦྱོར་ལོག་ནས་དགོས་མེད་རྒྱུད་ལ་སྐྱེས་ཏེ་བློ་སྣ་ཐུང་ཞིང་ཆོས་བརྒྱད་ཞི་བ་དང་རྒྱུད་དུལ་བ་སོགས་དང་། སྐྱབས་འགྲོ་བྱས་པ་ལ་བརྟེན་ནས་ཡིད་བདེ་བ་བློ་སེམས་སྤྲོ་བ་བག་དྲོ་བ་བློ་རྣལ་དུ་ཕེབས་པ་སོགས་དང་། མཎྜལ་ཕུལ་བ་ལ་བརྟེན་ནས་ཟོ་མདོག་བདེ་བ་ཉམས་དགའ་བ་ཟས་མ་ཟོས་ཀྱང་
(༢༥༡)མི་ལྟོགས་པ་རིག་པ་དངས་པ་ཤེས་རབ་སྐྱེ་བ། རྨི་ལྟས་སུ་ཉི་ཟླ་ཤར་བ་མེ་ཏོག་མང་པོ་མཐོང་བ་གྱེན་དུ་འགྲོ་བ་སོགས་རྨི་བ་དང་། རྡོར་སེམས་ཀྱི་སྒོམ་བཟླས་ལ་བརྟེན་ནས་ལུས་ཡང་བ་གཉིད་ཆུང་བ་ཁམས་བདེ་བ་སྙིང་དགའ་བ། རྨི་ལྟས་སུ་ལུས་ལས་རྣག་ཁྲག་ཟགས་པ་འཁྲུ་སྐྱུག་དང་ཁྲུས་བྱས་པ་སོགས་རྨི་བ་དང་། བླ་མའི་རྣལ་འབྱོར་བསྒོམས་པ་ལ་བརྟེན་ནས་བླ་མའི་དྲུང་དུ་ཡོད་ཀྱང་སྐུ་ལ་རེག་འདོད་པ། བློ་སྣ་བླ་མས་ཕྲོགས་ནས་ཡིད་ལ་དུང་བ། ཉིན་མཚན་དུ་གསོལ་བ་འདེབས་འདོད་པ། ཉམས་འབར་ཞིང་ཤེས་པ་བན་བུན་དུ་འགྲོ་བ། རྨི་ལྟས་སུ་བླ་མ་དང་མཇལ་ནས་ཆོས་བཤད་པ་དང་དབང་བསྐུར་བ་སོགས་རྨི་བ་འབྱུང་བར་སྒྲུབ་བརྒྱུད་པ་མཐའ་དག་གི་གསུང་ལས་འབྱུང་ངོ་། །འགའ་ཞིག་སྔོན་འགྲོ་འདི་དག་ལས་དང་པོ་པ་ལ་ཐོག་མར་སྒོམ་སྐྱེ་བར་བྱེད་པ་ལ་དགོས་པ་ཙམ་ཡིན་པས་ཕྱིས་གནད་ཆུང་བར་སེམས་པ་ནི་ཆོས་ཀྱི་གནད་ལ་ཤིན་ཏུ་རྨོངས་པ་སྟེ། ཆོས་འདི་དག་ཐེག་པ་ཆེན་པོའི་ལམ་
(༢༥༢)གྱི་གཞུང་ཤིང་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཡི་གེ་མངས་པར་འགྱུར་བའི་འཇིགས་པས་ཟུར་ཙམ་ལས་མ་བཤད་ཀྱང་ཆོས་ཀྱི་རྩ་བ་དང་ལམ་གྱི་གཞུང་ཡིན་པས་ཤིན་ཏུ་གལ་ཆེ་སྟེ། རྒྱ་ཆེ་བའི་ལམ་རིམ་སོགས་ལ་ཐོས་བསམ་བྱས་ཏེ། ཞིབ་ཆར་གཏན་ལ་ཕབ་ནས་ཡུན་དུ་འབད་པར་བྱ་བ་གལ་ཆེའོ། །གཉིས་པ་ལ། སྔོན་དུ་ཤེས་པར་བྱ་བའི་རྣམ་ངེས་དང་། དེས་ཐུན་བསྐྱང་ཚུལ་གཉིས་ཀྱི། དང་པོ་ནི། མངོན་པ་ཀུན་ལས་བཏུས་ནས་གསུངས་པའི་ཐར་པ་ཆ་མཐུན་གྱི་ཆོས་ལྔ་ལ་བསླབ་པར་བྱ་བ་ལས། དེ་ཡང་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ནི། གཞན་ལ་གནོད་པ་གཞི་དང་བཅས་པའི་བསམ་སྦྱོར་ལས་ཡིད་ཕྱིར་ལྡོག་སྟེ་དེ་དག་སྤོང་བའི་སེམས་ལ་གོམས་པར་བྱེད་པ་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡིན་ཏེ། སྤྱོད་འཇུག་ལས། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །དེ་ལྟར་ན་དྲན་ཤེས་ཀྱིས་བཟུང་
(༢༥༣)སྟེ་དགེ་བསྙེན་ལ་སོགས་པའི་སྡོམ་པ་ཇི་ལྟར་ཐོབ་པའི་བསླབ་བྱ་རྣམས་དང་གཞན་ཡང་ཁ་ན་མ་ཐོ་པའི་ཉེས་སྤྱོད་མཐའ་དག་སྤངས་ནས་བག་ཡོད་པས་ཚུལ་ཁྲིམས་ལེགས་པར་བསྲུང་དགོས་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་གསུངས་པ་ལྟར་རོ། །དབང་པོའི་སྒོ་སྡོམ་པ་ནི། གཟུགས་སོགས་ཡུལ་དྲུག་དང་མིག་སོགས་དབང་པོ་དྲུག་ལ་བརྟེན་ནས་དབང་པོའི་ཤེས་པ་དྲུག་སྐྱེས་པའི་མཐར། ཡིད་ཀྱི་རྣམ་ཤེས་ཀྱིས་སླར་ཡུལ་ཡིད་དུ་འོང་བ་དྲུག་ལ་ཆགས་པ་དང་མི་འོང་བ་དྲུག་ལ་སྡང་བ་སྐྱེ་བ་བསྡམས་ནས། མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་པར། ཡིད་ཆགས་སྡང་ལས་བསྲུངས་ནས་དགེ་བའམ་ལུང་མ་བསྟན་ལ་སེམས་འཇོག་
(༢༥༤)པ་སྟེ། མདོ་ལས། མིག་གིས་གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན། ཞེས་སོགས་གསུངས་པ་ལྟར་རོ། །ཤེས་བཞིན་དུ་སྤྱོད་པ་ནི། ལུས་ཀྱི་ལས་ལ་སོགས་པ་བྱ་བ་གང་དང་གང་ལ་འཇུག་པའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པ་དང་དེའི་བླང་དོར་དྲན་བཞིན་ཤེས་བཞིན་དུ་བག་ཡོད་པར་སྤྱོད་པ་སྟེ། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །ཞེས་དང་། སྡུད་པར། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །ཞེས་དང་། མདོ་ལས། སྤྱོད་ནའང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ། །འགྲེང་ནའང་བདག་འགྲེང་ངོ་ཞེས་རབ་ཏུ་ཤེས་སོ། །འདུག་ནའང་བདག་འདུག་གོ་ཞེས་རབ་ཏུ་ཤེས་སོ། །ཞེས་སོགས་མང་དུ་གསུངས་ལ། དགོས་པ་ནི་དཀོན་བརྩེགས་སུ། དྲན་དང་ཤེས་བཞིན་རྟག་བསྟེན་ན། །ལོག་རྟོག་མཚན་མས་ཉེ་མི་ནུས། །ཞེས་པ་ལྟར་རོ། །ཟས་ཀྱི་ཚོད་རིག་
(༢༥༥)པ་ནི། ཟས་ཧ་ཅང་ཉུངས་ན་བཀྲེས་ཤིང་ཉམས་ཆུང་བར་འགྱུར་བ་སོགས་དང་། ཧ་ཅང་མངས་ན་ལུས་ལྕི་ཞིང་གཉིད་རྨུགས་འཕེལ་བ་སོགས་དང་། ཟས་མི་འཇུ་བ་དང་མི་འཕྲོད་པ་བསྟེན་པས་ནི་ནད་གསར་རྙིང་བསྐྱེད་པས་དེ་དག་གིས་དགེ་སྦྱོར་བྱེད་པ་ལ་ལུས་ལས་སུ་མི་རུང་བར་བྱེད་ལ། ཆགས་སྡང་སོགས་ཉོན་མོངས་པ་ཅན་གྱི་ཟས་ཀྱིས་ནི་ཁ་ན་མ་ཐོ་བ་བསྐྱེད་ཅིང་སེམས་ལས་སུ་མི་རུང་བར་བྱེད་པས། དེ་དག་དང་མི་ལྡན་པའི་ཟས་རན་པར་ལུས་གནས་པ་ཙམ་གྱི་ཕྱིར་སྨན་བཞིན་དུ་བསྟེན་པ་སྟེ། བཤེས་སྤྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་པ་ལྟ་རོ། །འདི་ནི་ཟས་ལ་སྲེད་པའི་ཉེས་དམིགས་བསམ་པ་ལ་རག་ལས་པས། དེ་ཡང་ཟས་ཅི་འདྲ་ཞིག་ཡིན་ཡང་ཟོས་པའི་དེ་མ་ཐག་ངན་སྐྱུགས་ལྟར་ཡིད་དུ་མི་འོང་བར་འགྱུར་ཞིང་ལུས་ཀྱི་ནད་དང་མི་གཙང་བའི་རྫས་བསྐྱེད་
(༢༥༦)ནས་དེ་ཡང་མཐར་ཕྱིར་དབྱུང་དགོས་པ་དང་། ཟས་དང་ཟས་ཀྱི་རྒྱུའི་ཕྱིར་དཀའ་བ་དང་སྡུག་བསྔལ་མང་དུ་འབྱུང་བ་དང་། ཆགས་སྡང་རྨོངས་གསུམ་བསྐྱེད་ཅིང་དེས་སྡིག་པ་སོགས་ནས་མཐར་ངན་འགྲོར་ལྟུང་བ་སོགས་བསམ་པ། རན་པར་ལོངས་སྤྱོད་པའང་སྦྱིན་པ་པོ་ལ་ཕན་གདགས་པ་དང་ལུས་ཀྱི་སྲིན་བུ་གསོ་བ་དང་སེམས་ཅན་གྱི་དོན་སྒྲུབ་པའི་བསམ་པས་ཟ་བར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། །ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་ནི། ཉིན་པར་ཐམས་ཅད་དང་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་སྟོད་སྨད་གཉིས་དྲན་ཤེས་དང་ལྡན་པར་རྣལ་འབྱོར་སྒོམ་པ་ལ་བརྩོན་འགྲུས་བསྐྱེད་པ་སྟེ། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་དང་། བཤེས་སྤྲིང་ལས། རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོའང་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་
(༢༥༧)པར་དེ་དག་བར་དུ་མནོལ། །ཞེས་སོ། །འདིའི་ཤུགས་ལས་ཉལ་བའི་ཀུན་སྤྱོད་བསྟན་པ་ཇི་ལྟ་བུ་སྙམ་ན། དེ་ལ་ཚུལ་བཞི་ལས་ལུས་ཀྱི་སྤྱོད་ལམ་ནི། མཚན་མོ་ཆ་གསུམ་དུ་བྱས་པའི་བར་པ་ལ་གློ་གཡས་པ་འོག་ཏུ་ཕབ། རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེའི་ཉལ་སྟབས་སུ་ཉལ་བར་བྱ་སྟེ། དེས་ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་། གཉིད་མཐུག་པོར་མི་འགྱུར་བ་དང་། གཉིད་ལོག་པའི་ཚེའང་དྲན་པ་མི་བརྗེད་པ་དང་། རྨི་ལམ་དུ་སྡིག་པ་དང་ངན་པ་མི་རྨི་བའི་གནད་ཡོད་པར་བཤད་དོ། །དྲན་པ་ནི། གཉིད་དུ་མ་སོང་གི་བར་ཉིན་པར་གང་ལ་ཆེད་དུ་བྱ་བའི་དམིགས་པ་དེའི་དྲན་པ་བསྟེན་པ་སྟེ། འདིས་གཉིད་ལོག་པའི་ཚེའང་དགེ་སྦྱོར་ལ་འཁྲིད་ནུས་པར་བཤད་དོ། །ཤེས་བཞིན་ནི། དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་སོགས་སྐྱེས་ན་དེ་ཤེས་པར་བྱས་ནས་སྤོང་བ་སྟེ། འདིས་གཉིད་དང་རྨི་ལམ་དུ་འཁྲུལ་པ་ཆུང་བར་བཤད་དོ། །ལྡང་བའི་འདུ་ཤེས་ནི། གཉིད་ཀྱིས་རྒྱས་
(༢༥༨)པར་བྱེད་པའི་འབྱུང་བ་འཕེལ་བས་ལུས་བརྟས་པར་བྱེད་པ་ཙམ་གྱི་ཕྱིར་དུ་གཉིད་ཐུམ་ཕྲས་ཙམ་ཞིག་ལོག་ནས། ནང་པར་དུས་ལ་ལངས་ཏེ་དགེ་སྦྱོར་ལ་བརྩོན་པར་བྱའོ་སྙམ་དུ་འཕེན་པ་བཏང་ལ། འོད་ཀྱི་མཚན་མ་བསྐྱེད་ནས་དེ་ལ་སེམས་གཏད་པས་གཉིད་པར་བྱ་སྟེ། འདི་སེམས་ལ་མུན་པ་མི་འབབ་པ་དང་གཉིད་སྲབ་ཅིང་དུས་ལ་སད་པ་དང་ནང་པར་ཡང་དགེ་སྦྱོར་གྱི་བརྩོན་པ་འཕེལ་བར་བཤད་དོ། །གཉིས་པ་ནི། སྤྱིར་དགེ་སྦྱོར་བྱེད་པ་ལ་ཐུན་གཉིས་དང་གསུམ་བྱ་བའང་བཤད་མོད་ཀྱང་ཐུན་བཞིར་བཤད་པ་མང་ཞིང་། སྒྲུབ་བརྒྱུད་འདིའི་ཕྱག་བཞེས་ཀྱང་ཡིན་ལ། དེ་ཡང་ཐོ་རངས་དང་སྔ་དྲོ་དང་ཕྱི་དྲོ་དང་སྲོད་དེ་བཞི་ལ་ཐུན་ངེས་པར་འཛིན་པར་བཤད་དོ། །ཐུན་རེ་ལའང་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་གྱི་ཉམས་ལེན་ཤེས་དགོས་པ་ལས། སྦྱོར་བ་ནི། རྟེན་གསུམ་ཡོད་ན་བཤམས་པའི་དྲུང་དུ་ཅི་འབྱོར་བའི་མཆོད་པ་གཡོ་མེད་པར་བཤམས། སྟན་བདེ་བ་ལ་འཁོད་དེ་ལུས་དང་སེམས་རྣལ་དུ་ལེགས་པར་ཕབ། ཞེ་འདོད་གཞན་གྱི་བློའི་
(༢༥༩)སྤྲོས་པ་བཅད་པར་བྱ་སྟེ། འདིར་བློའི་སྤྲོས་པ་མཆོད་ན་དེའི་འཕེན་པས་དགེ་སྦྱོར་དངོས་གཞི་སྐྱོང་བའི་ཚེ་ངེས་པར་སྐྱོན་དུ་ལྡང་བ་ཡིན་ནོ། །དེ་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དགེ་སྦྱོར་ལ་འཇུག་དགོས་ཏེ། འདིས་དངོས་གཞིའི་སྐབས་སུ་དགེ་སྦྱོར་ཅི་བྱས་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དོ། །དངོས་གཞི་ནི། གོང་དུ་བཤད་པའི་མི་རྟག་པ་བསམ་པ་སོགས་ཀྱི་དམིགས་པ་རྣམས་སྐྱོང་བ་དང་། འཆད་པར་འགྱུར་བའི་མཚན་བཅས་དང་མཚན་མེད་ཀྱི་དམིགས་པ་གང་ཡིན་ཡང་། སྐྱོང་རྒྱུའི་དམིགས་པའི་གྲངས་དང་གོ་རིམ་གང་ཡིན་ཡིད་ལ་ངེས་པ་ཅན་བྱ་ཞིང་། དེ་ལས་གཞན་མགོ་ཟིན་མཇུག་ཟིན་གྱི་དམིགས་པ་སྣ་མངས་ལ་སོམས་ཡེ་མ་ཤོར་བར་བྱ་སྙམ་པའི་འདུན་པ་དྲག་པོ་བསྐྱེད། དེ་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་དམིགས་པའི་གྲངས་དང་གོ་རིམ་གང་ཡིན་ཚུལ་བཞིན་དུ་བསྐྱང་བར་བྱའོ། །དེ་ལྟར་མ་བྱས་པར་དམིགས་པ་ཟིན་པ་དང་མ་ཟིན་པ་དང་དྲན་པ་དང་ཡེངས་པ་སྣ་ཚོགས་པར་བསྐྱང་
(༢༦༠)ན། དེས་ཡིད་ལང་ཅན་དུ་སོང་ནས་མི་ཚེ་ཧྲིལ་པོའི་དགེ་སྦྱོར་སྐྱོན་ཅན་དུ་འགྲོ་བར་བཤད་པས། དང་པོ་ཉིད་ནས་དམིགས་པ་ལ་ཡིད་གཞུང་ཁྲོངས་བར་འཛུད་པ་གནད་དུ་ཆེའོ། །དེ་ཡང་ལས་དང་པོ་པས་ཐོག་མ་ནས་དམིགས་པ་སྐྱོང་ཡུན་རིང་ན་སེམས་བྱིང་རྒོད་ཀྱི་དབང་དུ་འགྲོ་ཞིང་། དེ་ལང་ཅན་དུ་སོང་ནའང་ཕྱིས་བཅོས་དཀའ་བར་འགྱུར་བས་ཡུན་ཐུང་ལ་གྲངས་མང་བར་བྱ་སྟེ། ཐུན་ཆུང་བས་ནི་སྐྱོན་དང་བྲལ། །གྲངས་མངས་པས་ནི་ཡོན་ཏན་འཕེལ། །ཞེས་གསུང་ངོ་། །ད་ལྟར་ན་དམིགས་པ་གསལ་བཞིན་པ་ལ་འཕྲོ་བཅད་ཀྱིན་སླར་བསྒོམས་ན་ངལ་དུབ་ཆུང་ཞིང་ཕྱིས་སྒོམ་སྤྲོ་བ་འོང་ལ། གཞན་ནི་སྒོམ་དང་སྣ་སུན་ཁྱེར་ནས་ཕྱིས་སྒོམ་མི་འདོད་པ་འོང་བར་བཤད་དོ། །དེ་ནས་ཅུང་ཟད་བརྟན་དུ་སོང་ནས་ཡུན་ཇེ་རིང་ཇེ་རིང་དུ་བྱ་ཞིང་། ཕྱིས་གོམས་ནས་སྒོམ་སྲན་ཇེ་ཆེར་བསྐྱེད་ནས་ཀླུངས་སུ་ཚུད་པར་བྱ་དགོས་ཏེ། རྣམ་པ་ཀུན་ཏུ་ཡུན་ཐུང་ཁོ་ན་བྱས་ན་དེས་ཀྱང་བློ་ལང་ཅན་དུ་སོང་ནས་ཚེ་ཧྲིལ་པོར་དགེ་སྦྱོར་རྣལ་དུ་མི་ཕེབས་པ་ཡིན་ནོ། །རྗེས་
(༢༦༡)ཀྱི་བྱ་བ་ནི། ཐུན་འཕྲོ་གཅོད་པའི་ཚེ་དགེ་སྦྱོར་བསྐྱངས་པའི་དགེ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པ་འདེབས་པར་བྱ་སྟེ། དེས་དགེ་རྩ་དེ་བར་མདོར་ཆུད་མི་ཟ་ཞིང་གོང་འཕེལ་དུ་འགྱུར་བར་བཤད་པའི་ཕྱིར་རོ། །དེ་ནས་ཐུན་མཚམས་ནི། གོང་དུ་བཤད་པ་ལྟར་ཚུལ་ཁྲིམས་བསྲུང་བ་དང་། དབང་པོའི་སྒོ་སྡོམ་པ་སོགས་ཅི་རིགས་དང་ལྡན་པར་ཆོས་སྤྱོད་བཅུ་དང་ཕྱག་དང་སྐོར་བ་སོགས་བསག་སྦྱང་གི་ལས་ལ་བརྩོན་པ་བྱ་བ་ཡིན་ལ། འོན་ཀྱང་ཐུན་བཏང་ནས་བསྐྱང་རྒྱུའི་དམིགས་རྣམ་ལ་དྲན་ཤེས་ཀྱི་རྩོལ་བ་མ་བསྟེན་པར་ཡིད་ཅི་བདེར་རྒྱ་ཡན་དུ་བཅུག་ནས། བློས་བཏང་ན་དགེ་སྦྱོར་ལ་བསྐྱེད་ཆེར་མི་འབྱུང་བས་དེ་དང་རྗེས་སུ་མཐུན་པའི་ཆོས་རྣམས་ལ་བལྟ་བ་དང་བསམ་པ་དང་། ཡང་ཡང་དེའི་དྲན་ཤེས་ཡུད་དེ་བསྐྱོང་བ་ལ་བརྩོན་པར་བྱའོ། །དེ་ལྟར་ན་མི་རྟག་པ་བསྒོམས་པ་ནས་བཟུང་སྟེ། ཕྱག་རྒྱ་ཆེན་པོའི་ལྟ་
(༢༦༢)སྒོམ་མཐར་དབྱུང་བའི་བར་དུ་རང་རང་གི་དམིགས་རྣམ་དང་སྐྱོང་ཚུལ་ཁྱད་པར་བ་རྣམས་མ་གཏོགས། ཕལ་ཆེར་དུ་ཚུལ་འདི་ཉིད་སྦྱོར་ཚུལ་ཤེས་པར་བྱའོ། །དེ་དག་གིས་སྒོམ་རིམ་གྱི་སྔོན་དུ་འགྲོ་བའི་རྣམ་གཞག་མདོར་བསྡུས་བཤད་ཟིན་ཏོ།། ༈ །།གསུམ་པ་ཕྱག་ཆེན་གྱི་སྒོམ་རིམ་དངོས་བཤད་པ་ལ། སྒོམ་རིམ་གྱི་རྣམ་དབྱེ་བསྟན་པ་དང་། སྐབས་སུ་བབ་པའི་སྒོམ་རིམ་བཤད་པ་གཉིས་ཀྱི། དང་པོ་ནི། སྤྱིར་ངེས་དོན་སྒོམ་པའི་ཚུལ་ལ། གང་ཟག་ཅིག་ཅར་བའི་རིགས་ཅན་དབང་པོ་རབ་ཀྱིས་ཐོག་མར་ལྟ་བ་ལ་སྒྲོ་འདོགས་བཅད་དེ། དེ་ནས་ལྟ་ཐོག་དེར་སེམས་བཞག་ཐབས་ཀྱི་སྒོམ་པ་བྱེད་པ་དང་། རིམ་གྱིས་པའི་རིགས་ཅན་དབང་པོ་འབྲིང་ངམ་ཐ་མས་ཐོག་མར་སེམས་གནས་སོགས་བསྒོམས་པའི་ཐོག་ནས་ལྟ་བ་བཙལ། དེ་ནས་ལྟ་བ་ཉིད་ལ་གོམས་པར་བྱེད་པའི་ཚུལ་གཉིས་ཡོད་པ་ལས། དཔལ་ས་ར་ཧ་ཤ་ཝ་རི་པ་ཨིནྡྲ་བོ་དྷི་ཏཻ་ལོ་པ་མཻ་ཏྲི་པ་སོགས་ཀྱིས། དབང་པོ་རབ་ཀྱི་
(༢༦༣)དབང་དུ་མཛད་ནས་ཚུལ་སྔ་མ་ལྟར་བཤད་ལ། བྱམས་ཆོས་དང་ས་སྡེ་དང་ཀ་མ་ལ་ཤི་ལའི་སྒོམ་རིམ་དང་ཤན་ཏི་པའི་ཤེར་ཕྱིན་གྱི་མན་ངག་རྣམས་སུ་དབང་པོ་འབྲིང་མན་ཆད་ཀྱི་དབང་དུ་མཛད་དེ་ཚུལ་ཕྱི་མ་ལྟར་བཤད་དོ། །བོད་དུ་སྙིང་པོའི་དོན་སྒོམ་ཚུལ་ལ། སྔོན་གྱི་བཀའ་གདམས་པ་འགའ་ཞིག་ལ། ཨིནྡྲ་བོ་དྷི་ནས་བརྒྱུད་དེ་ཌོ་མ་བྷི་པ་ལ་ཇོ་བོ་རྗེས་གསན་པའི་ཕྱག་རྒྱ་ཆེན་པོའི་མན་ངག་ཡོད་ཅིང་། དེ་ཇོ་བོའི་སློབ་མ་རྣལ་འབྱོར་པ་དང་དགོན་པ་བ་ལས་བརྒྱུད་པ་བྱུང་སྣང་ཡང་འབྲོམ་སྟོན་པ་ནས་སྐུ་མཆེད་གསུམ་ལ་བརྒྱུད་པ་ཕལ་ཆེར་ནི་ལམ་རིམ་ལ་བརྟེན་པའི་མདོ་ཕྱོགས་ཀྱི་སྒོམ་རིམ་ཤས་ཆེ་བར་སྣང་ངོ་། །དེ་ནས་རྗེ་སྒམ་པོ་པའི་ཁྲིད་སྲོལ་ལ་གོང་དུ་བཤད་པའི་ལུགས་གཉིས་དང་གསང་སྔགས་ཀྱི་རྫོགས་རིམ་ལ་བརྟེན་པའི་མན་ངག་སོགས་མང་དུ་ཡོད་ཀྱང་། གཙོ་ཆེར་ཕྱག་ཆེན་གྱི་སྒོམ་རིམ་ལ་དང་པོར་ལྟ་བ་ལ་སྒྲོ་འདོགས་བཅད་ནས་དེ་བཞག་ཐབས་ཀྱིས་ཉམས་སུ་ལེན་པའི་ཚུལ་ཉིད་འབྱུང་ཞིང་།
(༢༦༤)ཕྱིས་མཻ་ཏྲི་པའི་སློབ་མ་རྒྱ་གར་ཕྱག་ན་སོགས་ལས་བརྒྱུད་པའི་དོ་ཧ་དང་བརྡ་རྩ་དང་། གསང་སྦྱོར་གྱི་མན་ངག་ཐམས་ཅད་ཀྱང་རྗེ་སྒམ་པོ་པའི་ཁྲིད་སྲོལ་དེ་དང་མཐུན་པར་བོད་དུ་དར་བས་ཆེས་ཆེར་ཁུངས་བཙུན་པར་གྱུར་ཏོ། །དེ་ལྟར་ན་ཁ་ཅིག །ཡང་དག་པའི་དོན་མདོ་ཕྱོགས་ཀྱི་གཞུང་བཤད་ཁོ་ན་ལ་བརྟེན་ཏེ་སྒོམ་དགོས་པར་འདོད་ཅིང་། དེ་དང་མི་མཐུན་པར་ཐོག་མ་ནས་ལྷག་མཐོང་ལ་རྩལ་དུ་བཏོན་ནས་གསུངས་པའི་གྲུབ་ཆེན་གྱི་མན་ངག་དག་ལ་ཁ་ཟེར་བ་ནི། གསང་ཆེན་གྱི་མན་ངག་མཐའ་དག་དང་གྲུབ་པ་སྡེ་བདུན་དང་སྙིང་པོ་སྐོར་དྲུག་སོགས་ཀྱི་གཞུང་མཛད་པ་པོ་དང་བཅས་པའི་གྲུབ་ཆེན་རྣམས་ཁྱད་དུ་བསད་ཅིང་། ཀ་དཔེ་སྔ་ཕྱི་ལས། རིམ་གྱིས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ཡི་དུག་ཆེན་ཡིན། །ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་སོགས་ཀྱི་དོན་ཡང་མ་གོ་བར་ཟད་དོ། །དེ་བཞིན་དུ་མདོ་ཕྱོགས་ནས་ལུས་སེམས་ཀྱི་ཤིན་སྦྱངས་མ་ཐོབ་པར་ཞི་གནས་མི་ཐོབ་པ་དང་། དེ་མ་ཐོབ་པར་ལྷག་
(༢༦༥)མཐོང་མི་ཐོབ་པ་དང་། དེ་གཉིས་མ་ཐོབ་པར་དེ་ཁོ་ན་ཉིད་མི་རྟོགས་པའི་ཚུལ་གྱི་གཞུང་བཤད་ལ་མངོན་པར་ཞེན་ནས། ཚུལ་དེ་དག་གྲུབ་པ་ནི་དེང་སང་མ་བྱུང་ཞིང་མི་འབྱུང་བར་ཐག་བཅད་དེ། དེས་ན་དེང་སང་སྒོམ་པའི་དུས་མིན་ཞེས་རང་གཞན་ཐམས་ཅད་སྒོམ་ཕྱོགས་ལ་རྒྱབ་ཀྱི་ཕྱོགས་པར་བྱེད་པ་ནི་ཤིན་ཏུ་མི་འཐད་དེ། སངས་རྒྱས་ཀྱིས་དབང་པོའི་རིམ་པ་ལ་བལྟོས་ནས་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་མང་དུ་གསུངས་པ་ཐམས་ཅད་མི་འཐད་པར་འགྱུར་བའི་ཕྱིར་དང་། ཚེགས་ཆུང་ལ་དོན་ཆེ་བའི་གསང་ཆེན་གྱི་མན་ངག་དང་། གྲུབ་ཆེན་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་བ་ལས་བྱུང་བའི་གསེང་ལམ་དུ་མ་ཞིག་ལ་ཆོས་སྤོང་གི་ལས་བསགས་པར་འགྱུར་བའི་ཕྱིར་རོ། །དེས་ན་དྭགས་པོའི་སྒྲུབ་བརྒྱུད་འདི་ཉིད་ལ་ནི། ཅིག་ཅར་བའི་རིགས་ཅན་ལ་མཁོ་བ་ཐོག་མ་ཉིད་ནས་གཞི་རྩ་ལ་སྒྲོ་འདོགས་བཅད་ནས། དེའི་བཞག་ཐབས་སྟོན་པའི་ཁྲིད་སྲོལ་དང་། རིམ་གྱིས་པའི་རིགས་ཅན་ལ་མཁོ་བ་ཐོག་མར་སེམས་
(༢༦༦)ཀྱི་གནས་ཆ་བཙལ་ནས་རིམ་པས་ལྷག་མཐོང་ལ་འཁྲིད་པའི་སྲོལ་གཉིས་ཀ་ཡོད་པ་ལས། དེང་སང་ཡང་གང་ཟག་བློ་ཤིན་ཏུ་གསལ་ཞིང་སེམས་རྒོད་པའི་རིགས་ཕལ་ཆེར་ལ་ཁྲིད་ཚུལ་སྔ་མ་ལྟར་སྐབས་སུ་བབས་པ་ཡིན་ཡང་། འདིར་རེ་ཞིག་གྲགས་ཆེ་བའི་དབང་དུ་བྱས་ནས་ཕྱི་མ་ལྟར་བཤད་པར་བྱའོ། །གཉིས་པ་ལ། ཐོག་མར་འཁྲིད་པའི་ཚུལ། དགེ་སྦྱོར་ངོ་སྤྲོད་པའི་རིམ་པ། སྒོམ་གྱི་ཉམས་ལེན་སྐྱོང་ཚུལ། སྒོམ་བསྐྱངས་པས་རྟོགས་པ་འཆར་ཚུལ་བཞི་ལས། དང་པོ་ལ། ཞི་གནས་ཀྱི་སྒོ་ནས་འཁྲིད་པ་དང་། ལྷག་མཐོང་གི་སྒོ་ནས་འཁྲིད་པ་གཉིས་ཀྱི། དང་པོ་ལ། ཞི་གནས་ཀྱི་སྦྱོར་བ་བསྟེན་པ། བསམ་གཏན་སྒྲུབ་པའི་ལུས་ཀྱི་ཀུན་སྤྱོད། དམིགས་པ་ལ་སེམས་གཏོད་ཚུལ། སེམས་གནས་སྒྲུབ་པའི་དམིགས་པ་དངོས། ཚུལ་དེ་དག་གིས་སེམས་གནས་སྐྱོང་ཚུལ། སེམས་གནས་འགྲུབ་ཚུལ་གྱི་རིམ་པ། སེམས་གནས་བསྒྲུབས་པའི་དགོས་པ་དང་བདུན་ལས། དང་པོ་ནི། ཞི་གནས་འགྲུབ་པའི་རྒྱུ་ཚོགས་བསྟེན་པ་དང་
(༢༦༧)ཁྱད་པར་བྱིང་རྒོད་འབྱུང་བའི་རྒྱུ་ངོས་བཟུང་ནས་སྤོང་བ་སོགས་སྔར་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱས་ནས་སྒྲུབ་དགོས་ལ། ཁྱད་པར་དུ་སྐབས་འདིར། ཉིན་མོ་སྐྱེ་བོ་གཞན་གྱི་རྒྱུ་འགྲུལ་མེད་པ། མཚན་མོ་སྒྲའི་ཀླག་ཅོར་ཆུང་བ། ཆུ་ཤིང་སོགས་ཀྱི་མཐུན་རྐྱེན་ཚང་བར་བྱས་པའི་གནས་ཤིན་ཏུ་དབེན་པར། ལུས་སེམས་ཀྱི་རྣམ་གཡེང་སྐྱེ་བའི་རྒྱུ་རྣམས་སྤངས་ཏེ། མཚམས་བཅད་ལ་ནད་པའི་སྤྱོད་ལམ་ལྟར་འཇམ་ཞིང་དལ་བར་བྱས་ནས། གོང་དུ་བཤད་པའི་དབང་པོའི་སྒོ་སྡོམ་པ་དང་ཤེས་བཞིན་དུ་སྤྱོད་པ་དང་ཟས་ཀྱི་ཚོད་རིག་པ་སོགས་ཀྱིས་ངེས་པར་སྒྲུབ་དགོས་ལ། དེ་དག་ལས་བཟློག་ན་སེམས་གནས་འགྲུབ་དཀའ་བའི་ཕྱིར་ཏེ། ཇོ་བོ་རྗེས། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། ནཱ་རོ་པས། ལུས་ཀྱི་གནས་ཐབས་སྒོམ་པའི་གནད།
(༢༦༨)།ཅེས་གསུངས་པ་དང་། སྒྲུབ་བརྒྱུད་པའི་གསུང་ལས། སེམས་གནས་པར་འདོད་ན་ལུས་ཀྱི་འཁྲུལ་འཁོར་བཅུན། ཞེས་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བར་གསུངས་པས་ལུས་གནད་ཤིན་ཏུ་གལ་ཆེ་ལ། དེ་ཡང་བསམ་གཏན་གྱི་ཆོས་བདུན་སྤྱིར་གྲགས་པ་ནི། ཤིན་ཏུ་འཇམ་ཞིང་བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་མི་ནུས་ན་སེམས་དཔའི་སྐྱིལ་ཀྲུང་བྱ་བ་དང་། ལག་མཐིལ་གཡས་སྟེང་དུ་བྱས་མཐེ་བོང་རྩེ་སྤྲད་པའི་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིའི་ཐད་དུ་བསྡམ་པ་དང་། སྒལ་ཚིགས་བརྩེགས་ནས་བསྲང་ཞིང་ལུས་ཀུན་བསྒྲིམ་པ་དང་། དཔུང་པ་དང་གྲུ་མོ་མ་གུག་པར་བརྒྱང་ཞིང་ཕྲག་པའི་སྟེང་ཐད་ཀར་བརྐྱང་བ་དང་། ཨོལ་སྐོས་ཨོལ་མདུད་ནོན་ཙམ་དུ་མགྲིན་པ་ཅུང་ཟད་གུག་པ་དང་། ལྕེ་རྩེ་ཡ་རྐན་ལ་གཏད་དེ་སོ་ལ་བར་བག་ཙམ་ཡོད་པར་མཆུ་ཟུམ་ཙམ་དུ་བྱས་པ་དང་། མིག་སྣ་རྩེའི་ཐད་ཀའི་བར་སྣང་ལ་ཞི་བའི་ལྟ་སྟངས་བྱས་ལ་མིག་འབྲས་མི་འགུལ་ཞིང་
(༢༦༩)མི་འཛུམས་པར་བྱ་བ་རྣམས་ཡིན་ལ། ཚུལ་འདི་ཉིད་སངས་རྒྱས་རྣམ་སྣང་གི་བཞུགས་ཚུལ་དང་མཐུན་པས་རྣམ་སྣང་གི་ཆོས་བདུན། །ཞེས་ཀྱང་གྲགས་སོ། །ཁ་ཅིག་ཏུ་མཆུ་དང་སོ་རང་ལུགས་སུ་འཇོག་པར་བཤད་པ་ཡོད་ཀྱང་ཚུལ་འདི་ལེགས་པ་ཡིན་ནོ། །ཀ་མ་ལ་ཤི་ལའི་སྒོམ་རིམ་གཉིས་སུ་ནི། དེ་དག་གི་ཐོག་ཏུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་སྒྲ་ཅན་དང་རྔམ་པ་དང་རྒོད་བག་ཏུ་མི་བཏང་ཞིང་། ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་མེད་དུ་འཇུག་པར་བྱ་བ་སྟེ། ལུས་ཀྱི་ཀུན་སྤྱོད་བརྒྱད་བཤད་པ་ཡང་ཤིན་ཏུ་ལེགས་པར་སྣང་ངོ་། །གཞན་ཡང་རྡོར་ཕྲེང་ལས། ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །མིག་གཉིས་སྣ་རྩེར་གཏད་བྱས་ལ། །ཞེས་དང་། སློབ་དཔོན་དཔག་མེད་རྡོ་རྗེས། བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་དང་། །ལག་གཉིས་མཉམ་པར་བཞག་པའི་ཕྱག་རྒྱ་ཅན། །ལུས་བསྲངས་ནས་ནི་མགྲིན་པ་དགུག་པ་དང་། །ཞེས་སོགས་བཤད་ཅིང་། ནཱ་རོ་པས། དེ་ལ་ལུས་ཀྱི་
(༢༧༠)གནད་བཤད་པ། །རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་བསྲང་ལ་དགུག་པར་བྱ། །ལི་གྲི་བཞིན་དུ་ཁོང་བསྒྲིམ་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བྱ་ཞིང་། །རེ་མིག་ལྟར་ནི་བསྣོལ་བར་བྱ། །ཞེས་བཤད་པའི། རེ་མིག་ལྟར་བསྣོལ་བ་ནི་སྐབས་གཞན་གྱི་ཁྱད་པར་ཡིན་ལ། སྒལ་ཚིགས་བསྲང་བ་དང་མགྲིན་པ་དགུག་པ་དང་ལུས་བསྒྲིམ་པ་དང་དཔུང་པ་བརྒྱང་བ་དང་མཉམ་གཞག་གི་ཕྱག་རྒྱས་བསྡམ་པ་རྣམས་བསྟན་ནོ། །ལུས་གནད་དེ་ལྟར་བྱས་པའི་ཕན་ཡོན་ནམ་དགོས་པ་ནི། སྐྱིལ་ཀྲུང་གིས་ཐུར་སེལ་གྱི་རླུང་ཟིན། དེ་བཞིན་དུ་མཉམ་གཞག་གི་ཕྱག་རྒྱས་ལྟེ་འོག་བཙིར་བས་མེ་མཉམ། སྒ་ལ་ཚིགས་བསྲངས་ནས་ལུས་བསྒྲིམས་པས་ཁྱབ་བྱེད། དཔུང་པ་དང་གྲུ་མོ་མ་གུག་པར་ཕྲག་པ་ཐད་ཀར་བརྒྱང་བས་སྲོག་འཛིན་མགྲིན་པ་གུག་པ་དང་ལྕེ་ཡ་རྐན་ལ་གཏད་པས་གྱེན་རྒྱུ་རྣམས་ཟིན་ལ། རྩ་བའི་རླུང་དེ་དག་ཟིན་པས་ཡན་ལག་རྣམས་ཤུགས་ཀྱིས་ཟིན་པར་འགྱུར་ཞིང་།
(༢༧༡)ཁྱད་པར་དུ་ལྟ་སྟངས་མི་གཡོ་བར་བྱས་པས་ཡན་ལག་གི་རླུང་རྣམས་ཟིན་ནོ། །དེ་དག་གིས་རྩ་རླུང་བྱང་ཆུབ་ཀྱི་སེམས་རྣམས་རང་སར་གནས་ཤིང་བརྟན་པར་བྱེད། དེ་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང་ཟོ་མདོག་བཟང་། འཇུག་ཤེས་ཡུལ་ལ་མི་ལྡང་བས་ཏིང་ངེ་འཛིན་ཤུགས་ལ་སྐྱེ། སེམས་བྱིང་རྒོད་ཆུང་ཞིང་རིག་པ་གསལ་དྭངས་ཐོན་པ་རྣམས་འབྱུང་བར་བཞེད་ལ། ལུས་གནད་འཆོལ་བའི་སྐྱོན་ནི། གཡས་སུ་ཡོ་ན་དང་པོར་གསལ་ཡང་གཟུང་བའི་རྣམ་རྟོག་མང་། གཡོན་དུ་ཡོ་ན་དང་པོར་བདེ་ཡང་འཛིན་པའི་རྣམ་རྟོག་མང་། དགུར་ན་དང་པོར་གསལ་ངར་ཆེ་ཡང་ཕྱིས་སེམས་འཚུབ་པར་འགྱུར། དགྱེ་ན་དང་པོར་དྭངས་ཤིང་གུ་ཡངས་ཀྱང་ཕྱིས་ཡེངས་ཆ་ཆེ། ལྟ་སྟངས་འགྱུར་ན་འཇུག་ཤེས་ལངས་ནས་རྣམ་རྟོག་མང་བ་རྣམས་སྒྲུབ་བརྒྱུད་འདིའི་མན་ངག་རིག་པ་རྣམས་གསུང་ངོ་། །ཉན་ས་ལས་ནི། ལུས་ཀྱི་སྤྱོད་ལམ་དེས་ཤིན་སྦྱངས་མྱུར་དུ་སྐྱེ་བ་དང་། དུས་
(༢༧༢)ཡུན་རིང་མོ་འདའ་བར་བྱེད་ནུས་ཤིང་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང་། སྤྱོད་ལམ་དེ་མུ་སྟེགས་པ་དང་ཕས་ཀྱི་རྒོལ་བ་དག་ལས་ཁྱད་པར་དུ་འགྱུར་བ་དང་། སྤྱོད་ལམ་དེས་འདུག་པ་མཐོང་ན་ཤིན་ཏུ་དང་བ་སྐྱེ་བ་དང་། སྤྱོད་ལམ་དེ་སངས་རྒྱས་དང་དེའི་ཉན་ཐོས་རྣམས་ཀྱིས་མཛད་པས་ན་བསྟེན་པར་བྱ་བར་བཤད་དོ། །གསུམ་པ་ནི། ཏིང་ངེ་འཛིན་སྒོམ་པ་ལ་ཡིད་སྤྲོ་བའི་སྒོ་ནས་དམིགས་པ་ལ་འཇུག་པར་བྱ་དགོས་པ་ལས། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་ལ་རག་ལས་པས། ཡོན་ཏན་ནི་མདོ་ལས། ཆོས་འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་སྤྱིར་ཆོས་སྒོམ་དགོས་པའི་རྒྱུ་མཚན་དང་། སྡུད་པར། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་པ་ལ་སོགས་པ་བསམ་གཏན་གྱི་ཡོན་ཏན་སྤྱི་དང་། ཁྱད་པར་ཞི་གནས་གྲུབ་ན་
(༢༧༣)ལུས་སེམས་ལ་བདེ་དགའ་རྒྱས་ནས་སེམས་དམིགས་པ་ལ་བཀོལ་དུ་རུང་བ་དང་། སེམས་ཕྱིན་ཅི་ལོག་གི་རྣམ་གཡེང་ངང་གི་ཞི་ནས་ཉེས་སྤྱོད་མང་པོ་འགེགས་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་རྣམས་འགྲུབ་པ་དང་། འདི་ལ་བརྟེན་ནས་ལྷག་མཐོང་གི་རྟོགས་པ་སྐྱེ་ཞིང་དེ་སྐྱེས་ནས་བསྐྱངས་པས་མྱུར་དུ་སྲིད་པ་ལས་ཐར་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་མཐོང་ཞིང་དེ་དག་དྲན་པའི་སྒོ་ནས་འཇུག་གོ །འདི་ནི་དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་བཤད་དེ། དེ་ལ་གནས་ནི་རྩོལ་བའི་གནས་ཏེ་ཏིང་ངེ་འཛིན་དོན་གཉེར་གྱི་འདུན་པ་དྲག་པོའོ། །དེ་ལ་གནས་པ་ནི་རྩོལ་བ་ཆེ་བ་སྟེ་རྒྱུན་ལྡན་དུ་བརྩོན་འགྲུས་རྩོམ་པར་ནུས་པའོ། །རྒྱུ་ནི་འདུན་པའི་རྒྱུ་སྟེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ནས་ཡིད་ཕྲོགས་པའི་དད་པའོ། །འབྲས་བུ་ནི་རྩོལ་བའི་འབྲས་བུ་སྟེ་ལུས་སེམས་ལ་ཤིན་སྦྱངས་ཐོབ་པའོ། །དེ་ལྟར་ན་ཚུལ་དེ་དག་ཤེས་
(༢༧༤)པར་བྱས་ཏེ་དམིགས་པ་ལ་སེམས་གཏད་དོ། །བཞི་པ་ལ། མཚན་བཅས་ཀྱི་དམིགས་པ་དང་། མཚན་མེད་ཀྱི་དམིགས་པ་གཉིས་ལས། དང་པོ་ལ། རྟེན་ཅན་དང་། རྟེན་མེད་གཉིས་ཀྱི། དང་པོ་ལ། དམིགས་པ་དངོས་དང་། སེམས་གནས་ངོས་བཟུང་བ་གཉིས་ལས། དང་པོ་ནི། གང་ཟག་བློ་དམན་པ་དག་ཐོག་མར་སེམས་ཀྱི་གནས་ཆ་འཚོལ་བ་ལ་སེམས་འཛིན་གྱི་ཡན་ལག་མ་ངེས་པ་ཅི་རིགས་པའི་སྒོ་ནས་སེམས་གནས་འཚོལ་བའི་རུང་སྟེ། ཏཻ་ལོ་པས། ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། །ཞེས་སོ། །དེ་ཡང་མདོ་དང་ཀ་མ་ལ་ཤི་ལའི་སྒོམ་རིམ་རྣམས་སུ་ཐོག་མའི་དམིགས་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་དམིགས་ནས་སེམས་གནས་སྒྲུབ་པར་བཤད་ཀྱང་། སྒྲུབ་བརྒྱུད་པ་དག་གིས་བློ་དམན་པ་དག་དང་པོ་ཉིད་ནས་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་བློ་ཡུལ་དུ་འཆར་བ་རང་ཡང་ཆེས་དཀའ་བས། ཕལ་པའི་དངོས་པོ་ལ་སེམས་འཛིན་
(༢༧༥)བྱས་ན་སེམས་གནས་བདེ་བླག་ཏུ་སྐྱེ་བར་དགོངས་ནས་མ་དག་པ་རྡེའུ་ཤིང་བུ་དང་དག་པ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པའི་སེམས་འཛིན་གཉིས་མཛད་དེ། དེ་ཡང་ཉིན་མོ་རྡེའུ་འམ་ཤིང་བུ་སོགས་ཅི་རིགས་ལ་སེམས་འཛིན་པ་དང་། དེ་ལ་མི་བདེན་རེས་ཉི་གྲིབ་ཀྱི་མཚམས་སུ་རྫས་ཆུང་དུ་ཅི་རིགས་ལ་སེམས་འཛིན་པ་དང་། མཚན་མོ་རང་གི་སྨིན་མཚམས་དང་། རེས་རང་གི་ཐོག་ཏུ་ཐིག་ལེ་དཀར་ནག་ཆེ་ཆུང་ཅི་རིགས་ལ་སེམས་འཛིན་པར་བཤད་དེ། དེ་ཡང་དམིགས་རྟེན་དེ་དག་ལ་སེམས་ལྷོད་ཀྱིས་གཏད་ནས། དེ་ལས་གཞན་གང་དུའང་སེམས་མ་འཕྲོས་ཤིང་མ་ཡེངས་ཙམ་བྱ་ལ། དམིགས་རྟེན་དེ་ཉིད་ལའང་བཙིར་འཛིན་དུ་བྱས་ནས་དེའི་ཁ་དོག་དང་དབྱིབས་སོགས་ལ་བློས་རྣམ་པར་རྟོག་པ་དང་དཔྱད་གཞིག་གི་བསམ་མནོ་སོགས་ཀྱང་མི་གཏོང་བར། མདོར་ན་སེམས་ཅི་ཡང་མི་བསམ་པའི་རྟོག་མེད་དུ་ཧུ་རེ་ལྷན་ནེ་གནས་པའི་ཆ་འཚོལ་བ་ཡིན་ལ། དེ་ཡང་ཡུད་ཙམ་རེའི་གནས་ཆ་རྙེད་ན། གནས་བཞིན་པའི་ངང་
(༢༧༦)དེ་ཉིད་འཕྲོ་བཅད་ལ་ཅུང་ཟད་ངལ་གསོས་ནས་ཡང་གནས་སུ་འཇུག །ཡུན་ཐུང་ལ་གྲངས་མང་དུ་སྦྱང་བ་ཡིན་ཏེ། སྒོམ་འཕྲོ་གཅོད་པ་ལ་སྒོམ་དང་བཟང་གྱེས་བྱས་པས་ཕྱིས་སྒོམ་འདོད་པ་འོང་ལ། ཐོག་མ་ཉིད་ནས་ངལ་དུབ་ཆེ་བར་བྱས་ནས་སྣ་སུན་ཁྱེར་ནས་ཕྱིས་སྒོམ་མི་སྤྲོ་བ་འབྱུང་གསུང་ངོ་། །ཁ་ཅིག །རྡེའུ་དང་ཤིང་བུ་དང་ཐིག་ལེ་ལ་བརྟེན་ནས་གནས་ཆ་འཚོལ་བ་ནི་གཞུང་གཞན་དུ་མ་བཤད་པས་སེམས་གནས་སྒྲུབ་པའི་དམིགས་པ་མ་ཤེས་པར་ཟད་ཅེས་ཁ་ཟེར་བ་ཤིན་ཏུ་མི་རིགས་ཏེ། བློ་དམན་དག་གིས་ཀྱང་སེམས་གནས་བདེ་བླག་དུ་རྙེད་པའི་དགོས་པ་དང་། ཚིགས་ཆུང་ལ་དོན་ཆེ་བའི་ཟབ་གནད་སྣང་བའི་ཕྱིར་རོ། །གཞུང་གཞན་ལས་མ་བཤད་པའང་མིན་ཏེ། སློབ་དཔོན་བྱང་ཆུབ་བཟང་པོས། འདིར་ཞི་གནས་ནི་གཉིས་ཏེ། ཁ་ནང་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པས་ཐོབ་པའོ། །ཞེས་སོགས་སྔར་དྲངས་པ་ལྟར་མང་དུ་བཤད་པ་དང་། ཁ་ཕྱིར་བལྟས་པ་ལ་དམིགས་པ་གཉིས་ཏེ། ཁྱད་པར་ཅན་དང་ཕལ་པའོ། །ཞེས་པའི་ཕལ་པ་ལ་རྡེའུ་ཤིང་
(༢༧༧)བུ་སོགས་གང་ཡང་འཇུག་ཏུ་རུང་བའི་ཕྱིར་དང་། ལུས་ལ་བརྟེན་པ་ལ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་མཚན་མ་ཕྲ་མོ་ལ་དམིགས་པ་དང་ཐིག་ལེ་ལ་དམིགས་པ་དང་འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་དགའ་བ་དང་བདེ་བ་ལ་དམིགས་པའོ། །ཞེས་ཐིག་ལེ་ལ་བརྟེན་པའི་སེམས་འཛིན་བཤད་པའི་ཕྱིར་རོ། །འོ་ན་སེམས་གནས་ཡིད་ཀྱི་ཤེས་པའི་སྟེང་དུ་སྒྲུབ་དགོས་ཀྱི། རྡེའུ་ཤིང་བུ་སོགས་ཕྱི་རོལ་གྱི་རྫས་མཐོང་བའི་དབང་ཤེས་ལ་བརྟེན་ནས་སྒྲུབ་པ་མི་རིགས་སོ་སྙམ་ན་སྐྱོན་མེད་དེ། དབང་ཤེས་རྣམས་ཡུལ་ལ་གཡོ་བའི་གཙོ་བོ་མིག་གི་རྣམ་ཤེས་ཀྱིས་བྱེད་ལ། དབང་ཤེས་ལ་བརྟེན་ནས་ཡིད་ཤེས་གཡོ་བ་ཤས་ཆེ་བའི་གནད་ཀྱིས། མིག་གི་དབང་པོ་མི་གཡོ་བའི་ལྟ་སྟངས་བྱས་པས་དེའི་དབང་ཤེས་ཀྱང་མི་གཡོ་ཞིང་། དབང་ཤེས་གཞན་ཡང་གཡོ་བ་ཉུང་བ་དང་། དེ་མ་གཡོས་ན་ཡིད་ཤེས་ཀྱང་གཡོ་བ་ཉུང་བའི་གནད་ཀྱིས་གནས་ཆ་རྙེད་སླ་བ་དང་། རྡེའུ་ཤིང་བུ་ལྟ་བུ་ལ་ཡིད་དང་
(༢༧༨)མིག་ཤེས་གཏོད་པ་ཙམ་བྱ་བ་ཡང་དེ་ལས་གཞན་དུ་ཡིད་མི་ཡེངས་པའི་མཚན་མ་ཙམ་ཡིན་པའི་ཕྱིར་ཏེ། དཔེར་ན་དོན་མི་བརྗེད་པའི་རྟགས་མཚན་ལ་བརྟེན་ནས་དོན་དྲན་པ་བཞིན་ནོ། །དེ་ལྟར་ན་སེམས་འཇོག་པའི་མཚན་མ་ལ་ངེས་པ་མེད་དེ། རྣམ་པར་བམ་པ་སོགས་མི་སྡུག་པའི་མཚན་མ་ཉིད་ལའང་མཚན་མ་མི་འདྲ་བ་མང་དུ་གསུངས་པའི་ཕྱིར་དང་། ཡི་གེའི་གཟུགས་དང་སྒྲ་དང་འོད་དང་མིང་ལ་སེམས་འཇོག་པ་སོགས་མང་དུ་བཤད་པའི་ཕྱིར་དང་། སྒོམ་རིམ་ཉིད་དུའང་ཞི་གནས་ཀྱི་དམིགས་པ་ལ་ངེས་པ་མེད་པར་བཤད་པའི་ཕྱིར་རོ། །འོན་ཀྱང་ཚུལ་དེ་དག་ལས་དེ་བཞིན་གཤེགས་པའི་སྐུ་ལ་སེམས་འཛིན་པ་ནི་བསྔགས་པ་ཆེ་སྟེ། བཟང་སྐྱོང་གིས་ཞུས་པའི་མདོ་ལས། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། ང་ད་ལྟར་ཁྱེད་ཀྱི་མདུན་ན་འདུག་ཅིང་ཆོས་སྟོན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དེ་དག་ཡིད་ལ་བྱ་སྟེ། སངས་རྒྱས་གདན་ལ་བཞུགས་ཤིང་ཆོས་འཆད་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། གཟུགས་བཟང་བ་
(༢༧༩)མཛེས་པ་བལྟ་ན་སྡུག་པ། སྐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བྱའོ། །དེ་བཞིན་གཤེགས་པའི་མཚན་རྣམས་རེ་རེ་ཡང་བསོད་ནམས་བརྒྱས་བསྐྱེད་པ་བསྒོམ་པར་བྱའོ། །ཞེས་སོགས་མང་དུ་གསུངས་ཤིང་། ཏིང་འཛིན་རྒྱལ་པོར་ཡང་། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །ཞེས་སོགས་སྔར་དྲངས་པ་དང་སྒོམ་རིམ་ཐ་མར་ཡང་དེ་ལྟར་བཤད་དོ། །དམིགས་པའི་རིམ་པ་མང་དུ་བཤད་པ་དེ་དག་ལས་ཐོག་མར་སེམས་ཀྱི་གནས་ཆ་འཚོལ་བ་ནི་དམིགས་པ་གང་ཡིད་ལ་འབབ་པ་གཅིག་གིས་བསྒྲུབས་ན་ལེགས་པར་འཕགས་པ་དཔའ་བོ་དང་ཇོ་བོ་རྗེས་བཤད་ལ། སེམས་ཀྱི་གནས་ཆ་རྙེད་ནས་ནི་དམིགས་པ་གང་ལའང་སྦྱང་བར་སྒོམ་རིམ་དང་པོར་བཤད་དེ། དཔེར་ན་མདོ་ཕྱོགས་ནས་སྤྱད་པ་རྣམ་སྦྱོང་དང་ཉོན་མོངས་རྣམ་སྦྱོང་སོགས་མང་དུ་བཤད་པ་ལྟ་བུ་སྟེ། དེ་དག་གི་ཚུལ་ནི་སྔར་བཤད་ཟིན་པ་ལྟར་རོ། །ཚུལ་འདི་དག་ལ་སྒྲུབ་བརྒྱུད་པ་རྣམས། སེམས་འཛིན་གྱི་རྟེན་རྡེའུ་
(༢༨༠)ཤིང་བུ་སོགས་དངོས་སུ་བཞག་པ་དང་ཐིག་ལེ་སོགས་ཡིད་ཀྱིས་དམིགས་པའི་རྟེན་ལ་སེམས་འཇོག་པས་ན་རྟེན་ཅན་ཞེས་ཐ་སྙད་མཛད་དོ། །གཉིས་པ་ནི། སྤྱིར་སེམས་གནས་ཀྱི་བྱེ་བྲག་ལ་མང་དུ་ཡོད་ཀྱང་རེ་ཞིག་སྐབས་འདིར་ནི་ཡིད་རྟོག་མེད་དུ་གནས་པའི་ཆ་སྒྲུབ་པ་ཡིན་ཏེ། ཏཻ་ལོ་པས། ལུས་ཀྱི་བྱ་བ་ཡོངས་ཐོང་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །ཡིད་ལ་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ཞེས་དང་། སློབ་དཔོན་ཕྱོགས་གླང་གིས། གཟུང་དང་འཛིན་པ་གཉིས་དང་གཉིས་མིན་དང་། །བདག་དང་གཞན་དང་མྱ་ངན་འདས་པ་དང་། །འཁོར་བ་ཞེས་བྱའི་རྣམ་རྟོག་མང་པོ་ནི། །རྟག་ཏུ་སྤང་ལ་ཡིད་ནི་མཉམ་པར་བཞག །ཅེས་པ་ལྟར་རོ། །དེ་ལྟར་ན་སྐབས་འདིའི་སེམས་གནས་ལ། ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོན་མེད་འཆར་བ་ཕལ་ཆེར་ལ་དཀའ་བས། དམིགས་རྟེན་དེ་དག་ལ་བརྟེན་ནས་སྔར་གྱི་ཡིད་རྒྱ་ཡན་ལང་ཅན་དུ་འགྲོ་བ་དེ་ལས་ལོག་སྟེ། དྲན་པ་མ་ཡེངས་ཙམ་གྱི་ངང་ནས་རྣམ་རྟོག་གར་ཡང་མི་འཕྲོ་བར་སེམས་ལྷོད་དེ་བ་ཚོམ་
(༢༨༡)མེ་བ་ཡུན་རིང་ཐུང་ཅི་རིགས་འཆར་ན་གནས་ཆ་ཅུང་ཟད་རྙེད་པ་ཡིན་པས། དེ་ལྟར་གནས་བཞིན་གྱི་ངང་ནས་ཤིགས་ཀྱིས་བཤིག །ཅུང་ཟད་ཙམ་ངལ་གསོས་ཏེ་སླར་སྔར་བཞིན་དུ་བསྐྱང་། ཡང་རྟོག་པ་མེད་ཀྱང་དྲན་མེད་དུ་སོང་བའི་སྟེངས་པོ་ཤར་ན་སྐྱོན་ཅན་ཡིན་པས་ཧུར་ཕྱུད་ལ་དྲན་པའི་ངར་བསྐྱེད་དེ་ཡུན་ཐུང་ངེ་བ་ཡང་ཡང་བསྐྱང་། དྲན་པ་མ་ཤོར་ཙམ་དུ་བྱིང་ངེ་བར་གནས་ན་ནི་དེའི་སྐྱོན་ཤུགས་ཀྱིས་འདག་པས་རེ་ཞིག་དེ་ཀ་ཉིད་ཡུན་ཐུང་ངེ་བར་བསྐྱང་ངོ་། །དྲན་བཞིན་པའི་ངང་ནས་རྟོག་པ་མང་དུ་སོང་བ་ལྟར་གྱུར་ཏེ་གནས་ཆ་ཆུང་ན། སྔར་རྟོག་པ་ལུ་གུ་བརྒྱུད་དུ་སོང་བ་ངོས་མ་ཟིན་པ་དེ་ཉིད་འདིར་རྟོག་པ་གཅིག་སྐྱེས་གཉིས་སྐྱེས་ངོས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་པ་ཡིན་པས་སྐྱོན་དུ་མི་འཛིན་པར། སེམས་ཀྱི་ཞེ་འདོད་གློད་ཅི་ཐུབ་བྱས་ཏེ་རྟོག་པའི་སྣ་ཡང་མི་བསྐྱིལ་རྗེས་ཀྱང་མི་འབྲང་བར་དགག་སྒྲུབ་ཆུང་ངེ་བའི་ངང་ལ་མ་ཡེངས་ཙམ་བྱ། ཡང་སེམས་གནས་པ་དང་འཕྲོས་པའི་རྣམ་པ་གང་ཡང་འཁུ་
(༢༨༢)ཕྲིག་མི་ཚུད་ན་བློ་ཅུང་ཟད་དམན་པ་ཡིན་ཏེ། དེ་ལ་གློ་བུར་བའི་སྒྲ་དྲག་པོ་གྲག་པའི་རྗེས་ལ་རྟོག་པ་སྔ་མ་རྒྱུན་ཆད་ཕྱི་མ་མ་ཤར་བའི་བར་ན་སེམས་ཧད་དེ་སེམ་མེ་བ་ཞིག་འབྱུང་བ་དེ་རྟོག་མེད་ཡིན་པའི་བརྡ་དོན་གོ་བར་བྱས་ནས། དེ་ལྟ་བུ་ཡུན་ཅུང་ཟད་རེ་འཐུད་ནས་གནས་ཆ་བསྒྲུབ་པ་ཡིན་ཏེ། ཚུལ་འདི་ཉིད་རྗེས་སུ་འཆད་པའི་རླུང་ཅན་གྱི་དམིགས་པ་ཅི་རིགས་ལའང་ཤེས་པར་བྱའོ། །གཉིས་པ་རྟེན་མེད་ལ། རླུང་ཅན་དང་། རླུང་མེད་གཉིས་ལས། དང་པོ་ལ། རླུང་བགྲང་བ་ལ་སེམས་འཛིན་པ་དང་། དགང་བ་ལ་སེམས་འཛིན་པ་གཉིས་ཀྱི། དང་པོ་ནི། སྤྱིར་རླུང་ལ་བརྟེན་ནས་སེམས་གནས་སྒྲུབ་ཚུལ་མདོ་རྒྱུད་གཉིས་ཀ་ནས་གསུངས་ཤིང་། འདིར་ཡང་ཏཻ་ལོ་པས། བློ་དམན་སྐྱེ་བོ་དང་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ཞེས་སོ། །མདོ་ཕྱོགས་ཀྱི་སྒོམ་རིམ་རྣམས་སུ་རྣམ་རྟོག་ཤས་ཆེ་བས་རླུང་བསྒོམ་པར་བཤད་པའི་སྒོམ་ཚུལ་ལ། མཛོད་ཀྱི་རང་འགྲེལ་དུ། བགྲང་དང་རྗེས་འགྲོ་འཇོག་པ་དང་།
(༢༨༣)རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་བཤད་པ་ལས། བགྲང་བ་ནི། དབུགས་འབྱུང་བརྔུབ་།།།ཉེར་གཅིག་ནས་ཆུ་སྲང་དང་ཆུ་ཚོད་ཀྱི་བར་གྲངས་མ་འཆོལ་བར་བགྲང་བ་ལ་དམིགས་ནས་སེམས་འཛིན་པའོ། །རྗེས་འགྲོ་ནི། དེའི་འོག་ཏུ་རླུང་འདི་ལུས་ཐམས་ཅད་དུ་འཇུག་གམ་འགའ་ཞིག་ཏུ་འཇུག་ཅེས་ལུས་ཐམས་ཅད་ཀྱི་མཐར་ཐུག་པར་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་དམིགས་པའོ། །འཇོག་པ་ནི། ཐམས་ཅད་ལ་ཁྱད་པར་རྣམ་པར་མི་རྟོག་པ་ལ་སེམས་འཇོག་པའོ། །རྟོག་པ་ནི། རླུང་གི་ངོ་བོ་མི་དམིགས་པ་རྟོག་པའོ། །བསྒྱུར་བ་ནི། རླུང་ལ་དམིགས་པའི་བློ་དེ་ཉིད་ཞི་གནས་ཀྱི་དམིགས་པ་གཞན་དུ་བསྒྱུར་བའོ། །ཡོངས་དག་ནི། གཟུང་འཛིན་གྱི་རྟོག་པ་ཡོངས་སུ་དག་པའི་རྟོག་མེད་དུ་བསྒོམ་པའོ། །སྔགས་ཕྱོགས་ལས་ནི་རླུང་གི་སྒོམ་ཚུལ་རྣམ་གྲངས་ཤིན་ཏུ་མང་བ་གསུངས་ཀྱང་མངས་ཀྱི་དོགས་པས་མི་སྤྲོས་ལ། སྐབས་འདིར་སྒྲུབ་བརྒྱུད་ཀྱི་མན་ངག་ནས་རླུང་བགྲང་
(༢༨༤)བ་དང་དགང་བ་ལ་བརྟེན་པའི་སེམས་གནས་སྒྲུབ་ཚུལ་གསུངས་པ་ཉིད་བཤད་པར་བྱ་བ་ལས། རླུང་བགྲང་བ་ནི། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཇི་ལྟར་ན་དྲན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་བ་དང་། ཞེས་དང་། དེ་བཞིན་དུ་འགྲོ་བ་དང་འོང་བ་རྗེས་སུ་དྲན་པས་བཟུང་བར་བསམ་གཏན་དག་ལ་ཞུགས་པ་ནི། ཡང་དག་པའི་ཆོས་དོན་དམ་པ་ལ་གནས་པའི་སེམས་ཅན་ཞེས་བྱའོ། །བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒོམ་པ་ཞེས་བྱའོ། །ཞེས་བསྔགས་པ་དང་བཅས་ཏེ་གསུངས་ལ། སྡོམ་འབྱུང་ལས་ཀྱང་། རྣལ་འབྱོར་པ་ནི་མཉམ་གཞག་ལས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བར་རྟག་ཏུ་བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ནི། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་གསུངས་
(༢༨༥)སོ། །དེ་ལྟར་ན་འདིར་སྔར་གྱི་ལུས་གནད་ལྟ་སྟངས་དང་བཅས་པས་སེམས་རྣལ་དུ་ཕབ་སྟེ། སྣ་བུག་གི་རླུང་རྔམ་པ་དང་སྒྲ་ཅན་དང་རྒོད་བག་མེད་པར་ཕྱི་ནང་དུ་དལ་བུས་འབྱུང་བརྔུབ་བྱེད་དུ་བཅུག་པ་ལས། ཕྱིར་འགྲོ་བའི་ཚེ་ཡང་དྲན་བཞིན་པ་ནང་དུ་འོང་བའི་ཚེ་ཡང་དྲན་བཞིན་པར་སེམས་བཟུང་། གཞན་གང་དུའང་སེམས་མ་ཡེངས་པ་བྱ་སྟེ། དེ་ཡང་དང་པོར་ཁུག་པ་གསུམ་ཙམ་དང་། དེ་ནས་ལྔ་ཙམ་དང་། དེ་ནས་བདུན་ཙམ་ཅི་རིགས་ལ་སེམས་བཟུང་ཞིང་བར་བར་དུ་ཅུང་ཟད་ངལ་གསོ་བ་དང་བཅས་ནས་སྦྱང་བར་བྱ་ལ། མཐར་དབུགས་ཁུག་པ་བརྒྱ་ཙམ་རེ་བར་མ་ཆད་དུ་དྲན་པས་ཟིན་གྱི་བར་དུ་སྦྱང་ངོ་། །ཚུལ་འདི་ནི་སྔར་གྱི་སེམས་འཛིན་ལ་སེམས་གནས་འགྲུབ་ན་དེའི་རྩལ་སྦྱོང་ཡིན་ལ། མ་འགྲུབ་ཀྱང་སེམས་གནས་འཚོལ་བའི་མན་ངག་རྨད་དུ་བྱུང་བ་ཡིན་པས་ནན་ཏན་དུ་བྱ་བ་གལ་ཆེའོ། །གཉིས་པ་ནི། སྤྱིར་རླུང་དགང་བ་ལ་རང་གར་དགག་པ་དང་བུམ་ཅན་དུ་བྱ་བ་གཉིས་
(༢༨༦)ཏེ། རྡོ་རྗེ་མཁའ་འགྲོ་ལས། དགང་བ་ཡིས་ནི་ལུས་དག་ནས། །དུག་དང་རིགས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱི་རླུང་བཅིངས་ན། །སྒོ་ཡི་བུ་ག་འགག་པར་འགྱུར། །ཞེས་སོགས་གསུངས་ལ། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིགས་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་རྟེན་བཅས་ནས། །ཞེས་བཤད་དོ། །དེ་ཡང་བུམ་ཅན་དུ་བྱེད་ན་སྟེང་འོག་གི་རླུང་ཁ་སྦྱོར་དུ་བྱ་བར་གསུངས་ཏེ། སྡོམ་འབྱུང་ལས། སྟེང་དང་འོག་ཏུ་འགྲོ་བའི་རླུང་། །ཡིད་ཀྱིས་ཁ་སྦྱོར་དུ་བྱ་སྟེ། །དེ་ཡི་རྣལ་འབྱོར་གོམས་པ་ཡིས། །དེས་ནི་བརྟན་པའི་གོ་འཕང་འཐོབ། །ཅེས་དང་། དུས་འཁོར་ལས། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་དཀྲུགས་ཏེ་དྲི་མ་མེད་པའི་གློག་དང་མཚུངས་པའི་ཐུར་སེལ་རླུང་དང་སྦྱར་བྱས་པ། དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་
(༢༨༧)སུ་རོ་མཉམ་འགྱུར། །ལུས་ལ་ཟས་ལ་སོགས་པ་བཀྲེས་པ་དང་ནི་སྐོམ་པ་འཕྲོག་ཏེ་འཆི་བ་མེད་པ་ཉིད་ཀྱང་སྟེར། །ཞེས་པ་ལྟར་རོ། །འདི་དག་ལ་སྦྱོར་བ་བཞི་ལྡན་གྱི་གནད་ཤེས་པ་གལ་ཆེ་སྟེ། ནཱ་རོ་པས། བརྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་བཤད་དོ། །འོན་ཀྱང་ཁྲིད་གཞུང་རྣམས་སུ་སྐབས་འདིར་རླུང་སྦྱོར་གྱི་མན་ངག་རྒྱས་པར་མ་བཤད་པས། སེམས་འཛིན་གྱི་ཡན་ལག་ཙམ་དུ་རླུང་གིས་ལུས་བཀང་ནས་ཅི་རིགས་བསྡམས་པ་ལས་རྟོག་མེད་ཀྱི་གནས་ཆ་འཚོལ་བ་ཡིན་ཏེ། དེའི་ཚུལ་ནི། རླུང་ཆམ་ལ་དབབ་པ་དང་རླུང་རོ་བསལ་བ་སོགས་ཅི་རིགས་སྔོན་དུ་འགྲོ་བས་ལྟ་སྟངས་དང་ལུས་གནད་སྔར་ལྟར་བྱས་ལ། ཕྱི་རོལ་ནས་རླུང་སྒྲ་ཅན་དང་རྔམ་པ་དང་རྒོད་བག་མེད་པར་སྣ་བུག་གཉིས་ནས་དལ་བུས་རྫོགས་པར་བརྔུབས་ཏེ། ཁོག་སྨད་དུ་ཡིད་ཙམ་མནན་ཁོག་སྟོད་ཡངས་སང་ངེ་བཞག་ནས་མི་བདེ་བ་མེད་ཀྱི་བར་དབུགས་
(༢༨༨)བསྡམ་ལ། མི་བདེ་བར་ཕྱིར་གཏོང་འདོད་པ་ན་དེ་མ་ཐག་ཏུ་རྒོད་བག་དང་སྒྲ་མེད་པར་སིལ་གྱིས་བཏང་བར་བྱ་ཞིང་། དེ་ལྟར་ཕྱི་ནས་བརྔུབ་པ་དང་ནང་དུ་བསྡམ་པ་དང་ཕྱིར་བཏང་བའི་བར་ཐམས་ཅད་དུ་སྔར་བཞིན་ཡིད་མ་ཡེངས་པར་དྲན་བཞིན་པའི་ངང་ནས་བྱ་བ་དང་། ཁྱད་པར་ནང་དུ་ཇི་སྲིད་བསྡམ་པའི་བར་ཡིད་རྟོག་མེད་དུ་ཧད་དེ་སེམ་མེ་ཧུ་རེ་གནས་པའི་རྒྱུན་བསྲིང་བ་ཡིན་ནོ། །དེ་ལྟ་བུ་ཡང་དང་པོར་དབུགས་ཁུག་པ་གསུམ་དང་ལྔ་དང་བདུན་སོགས་ཀྱི་བར་ཅི་རིགས་ལ་དབུགས་ངལ་གསོ་ཞིང་གོམས་ནས་ཐུན་ཇེ་རིང་ལ་སྦྱང་སྟེ། དེ་ལྟར་སྦྱངས་པས་སེམས་རྒོད་དུ་སོང་ན་མ་ཡེངས་ཙམ་མ་གཏོགས་སེམས་ཁོང་གློད། དེས་ཀྱང་འཚུབ་ན་དུབ་པ་ཡིན་པས་དུབ་སངས་ཅི་རིགས་བྱ། མགོ་འཁོར་བའམ་སེམས་ཡེར་ན་ཅུང་ཟད་རླུང་ཁ་སྐྱེས་བས་བཟའ་བཏུང་བཅུད་ཆེ་བ་བསྟེན་ཞིང་བསྐུ་མཉེ་བྱ། རླུང་བསྡམས་པའི་གནད་ཀྱིས་བྱིང་ཤས་ཆེར་མི་འབྱུང་ལ། བྱུང་ན་ལྟ་སྟངས་དཔངས་བསྟོད་ལ་ཧུར་འདོན་པ་སོགས་བྱ། རྟོག་པ་འོག་འགྱུས་
(༢༨༩)ལྟ་བུར་མ་སོང་བར་དྲན་བཞིན་པའི་ངང་ནས་རྟོག་པ་ཕྲ་མོ་འཆར་བ་ལ་སྐྱོན་དུ་མི་བཟུང་འཁུ་ཕྲིག་མི་བྱ་བར་སླར་དྲན་པའི་སྟོབས་བསྐྱེད་དེ་ཤེས་པ་གཏིང་གྲིམས་ལ་ཁ་ལྷོད་པ་ལྟ་བུ་ཞིག་བྱའོ། །འདི་དག་ཐམས་ཅད་ནི་སེམས་འཛིན་གྱི་ཡན་ལག་སྟེ་སེམས་མ་ཟིན་པ་ཟིན་པར་བྱེད་པའི་མན་ངག་ཅེས་བཞེད་པས་འདི་ཡན་ལ་རྟོག་མེད་ཀྱི་གནས་ཆ་ཅི་ནས་ཀྱང་རྙེད་པར་བྱའོ། །གཉིས་པ་རླུང་མེད་ནི། གོང་གི་སེམས་འཛིན་གྱི་ཡན་ལག་དེ་དག་གིས་སེམས་ཀྱི་གནས་ཆ་ནི་རིགས་རྙེད་པ་དེ་ཉིད་རྟེན་མེད་གཏད་མེད་དུ་སྦྱོང་བར་བྱེད་པའི་ཚུལ་ཏེ། དེ་ཡང་ལུས་གནད་སྔར་བཞིན་ལས། ཕྱིའི་དམིགས་རྟེན་དང་ནང་གི་དབུགས་འགྲོ་འོང་སོགས་ལ་སེམས་གཏད་དེ་འཛིན་པའི་སྦྱོར་བ་མི་བྱ་བར། སེམས་གང་ལའང་རྟེན་ས་མེད་ཅིང་ཡིད་བྱེད་ཀྱི་རྟོག་པས་ཀྱང་མ་དཀྲུགས་པར་སེམས་རང་ལུགས་ཀྱི་ངང་ཉིད་ལ་འཇོག་སྟེ། དེ་ཡང་སྔོན་འདི་ལྟར་བྱས་པ་དང་། བྱུང་བ་སོགས་
(༢༩༠)འདས་པ་རྣམས་ཀྱང་མི་བསམ། ཕྱིན་ཆད་འདི་བྱ་དང་འདི་བྱེད་སོགས་མ་འོངས་པ་ལའང་སེམས་མི་སྤྲོ། འཕྲལ་ཇི་ལྟར་འདུག་དང་འདི་ལྟར་སྣང་སོགས་ད་ལྟའི་རྟོག་དཔྱོད་ཀྱང་ཡིད་ལ་མི་བྱེད་པར་སེམས་རང་གར་ལྷོད་དེ་ཤིག་གེ་བར་འཇོག་པ་ཡིན་ལ་འཇོག་ཚུལ་འདི་ནི་གསང་འདུས་ལས། སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམ་པར་མི་བྱའོ། །ཞེས་དང་། དོ་ཧ་ལས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་བཞག་པར་བྱ། །ཞེས་པ་ལྟར་རོ། །དེ་ལྟར་ཅི་ཡང་ཡིད་ལ་མི་བྱེད་པར་སེམས་ནམ་མཁའ་ལྟ་བུར་བཞག་ན་རྣམ་རྟོག་གི་རླུང་འཆིངས་ནས་ཡིད་གཡོ་མེད་དུ་གནས་པར་འགྱུར་ཏེ། དོ་ཧ་ལས། མཁའ་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང་། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །མདའ་བསྣུན་གྱིས་སྨྲ་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤང་བར་འགྱུར། །ཞེས་སོ། །དེ་ལྟར་ཡིད་གཡོ་བ་མེད་པར་རྟོག་མེད་དུ་བརྟན་ན་འཕྲལ་དུ་ཕྱི་ནང་གི་རླུང་ཐིམ་པའི་རྟགས་
(༢༩༡)ཅི་རིགས་འཆར་ཞིང་། མཐར་འཁོར་བའི་དངོས་པོ་ལས་གྲོལ་བར་བཤད་དེ། དུས་འཁོར་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་དང་། དོ་ཧ་ལས། གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །ཞེས་སོ། །ཚུལ་དེ་ལྟར་དུ་སེམས་གནས་འཚོལ་བ་འདི་ལའང་ཡུན་ཐུང་གྲངས་མང་དུ་སྦྱང་བ་དང་སེམས་བྱིང་ན་ཧུར་འདོན་པ་དང་རྒོད་ན་འདོད་པ་གློད་པ་སོགས་སྔར་བཞིན་དུ་བྱ་ཞིང་། གལ་ཏེ་རྨུགས་ནས་ཤེས་པ་གསལ་དྭངས་མི་ཐོན་པ་དང་སེམས་ལས་སུ་མི་རུང་བ་བྱུང་ན། ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་དང་སྡིག་བཤགས་མང་དུ་བྱ་བ་དང་ཏིང་ངེ་འཛིན་སྐྱེ་བར་གསོལ་བ་དྲག་ཏུ་འདེབས་དགོས་པར་མན་ངག་ལས་འབྱུང་ངོ་། །གོང་དུ་གནས་ཆ་ཅུང་ཟད་རྙེད་བདེ་སྐབས་འདིར་རྟེན་མེད་གཏད་མེད་དུ་འཇོག་པ་ལ་བདེ་བར་མ་བྱང་ན་མཚན་མེད་ལ་བོགས་མི་ཐོན་པས་བྱང་བ་གལ་ཆེའོ། །རླུང་ཅན་དང་
(༢༩༢)རླུང་མེད་ཀྱི་སེམས་གནས་འཚོལ་ཚུལ་འདི་ལ་རྡེའུ་དང་ཤིང་བུ་ལྟ་བུའི་དབྱིངས་དང་ཁ་དོག་ཏུ་སྣང་བའི་དངོས་པོ་ལ་སེམས་ཀྱི་རྟེན་བཅའ་བ་མེད་པས་ན་སྒྲུབ་བརྒྱུད་པ་རྣམས་ཀྱིས་རྟེན་མེད་ཀྱི་ཐ་སྙད་མཛད་ལ། སེམས་ཟིན་པ་བརྟན་པར་བྱེད་པའི་མན་ངག་ཅེས་ཀྱང་གསུངས་སོ། །གཉིས་པ་མཚན་མེད་ཀྱི་ཞི་གནས་ལ། ཞི་གནས་སྐྱོན་མེད་འཚོལ་ཚུལ་དང་། དེའི་ཏིང་ངེ་འཛིན་ངོས་བཟུང་བ་གཉིས་ལས། དང་པོ་ལ། གྲིམས་ལྷོད་ཀྱི་གནད་ཤེས་པ་གལ་ཆེ་ཚུལ། སྒྲིམ་པའི་དམིགས་པ། གློད་པའི་དམིགས་པ་གསུམ་གྱི། དང་པོ་ནི། ཕྱག་ཆེན་གྱི་སྒོམ་རིམ་རྣམས་སུ་སྐབས་འདིར་སྒྲིམ་པ་དང་གློད་པའི་དམིགས་པ་གསུངས་པ་ནི། མདོ་ཕྱོགས་སུ་ཏིང་ངེ་འཛིན་གྱི་སྐྱོན་བྱིང་རྒོད་སེལ་ཚུལ་བཤད་པ་དང་ཕྱོགས་མཐུན་པ་ཡིན་ཏེ། དེ་ཡང་གོང་དུ་སེམས་འཛིན་གྱི་ཡན་ལག་དེ་དག་གིས་སེམས་ཀྱི་གནས་ཆ་ཅི་རིགས་རྙེད་པ་ན། དེ་ལ་བྱིང་སྐྱོན་བྱུང་ན་སྒྲིམ་པའི་དམིགས་པས་སེལ་ལ། རྒོད་སྐྱོན་བྱུང་ན་གློད་པའི་དམིགས་པས་སེལ་
(༢༩༣)བ་ཡིན་ནོ། །སྤྱིར་ཏིང་ངེ་འཛིན་གྱི་སྒྲིབ་པ་ལ་མདོ་དགོངས་འགྲེལ་དུ་རྒོད་འགྱོད་རྨུགས་གཉིད་ཐེ་ཚོམ་འདོད་འདུན་གནོད་སེམས་སོགས་མང་དུ་ཕྱེ་ནས་གསུངས་ཀྱང་། ཕལ་ཆེར་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་བསྡུད་པ་ཡིན་ཏེ། རྨུགས་གཉིད་དང་བྱིང་བ་ལ་ནང་སེལ་དུ་ཁྱད་པར་ཡོད་ཀྱང་མདོ་དེར་བྱིང་བ་མ་གསུངས་པས་བྱིང་རྨུགས་ཕྱོགས་མཐུན་པ་ལ་དགོངས་སོ། །དེ་བཞིན་དུ་སྒྲིབ་པ་དེ་དག་རེ་རེ་ལ་གཉེན་པོ་རེ་ཡོད་ཀྱང་བྱིང་རྒོད་ཀྱི་སྐྱོན་བསལ་ན་སྐྱོན་གཞན་ཕལ་ཆེར་སེལ་བ་ལ་དགོངས་ནས་སྒོམ་རིམ་རྣམས་སུ་བྱིང་རྒོད་ཀྱི་སྐྱོན་སེལ་ལུགས་ཉིད་བཤད་དོ། །དེས་ན་བྱིང་རྒོད་འབྱུང་བའི་རྒྱུ་ངོས་བཟུང་སྟེ་སྤོང་བ་དང་། བྱིང་རྒོད་ཀྱི་མཚན་ཉིད་ངོ་ཤེས་པར་བྱ་བ་དང་། དེ་སེལ་ཚུལ་རྣམས་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། མདོར་ན་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོན་མེད་ཅིག་ལ་སེམས་ཤིན་ཏུ་དངས་པའི་གསལ་ངར་ཡོད་པ་དང་མི་རྟོག་པ་ལ་རྩེ་གཅིག་ཏུ་གནས་པའི་གནས་ཆ་གཉིས་ཀ་ཚོགས་དགོས་པ་ལས།
(༢༩༤)མའི་གེགས་སྐྱོན་ནི་བྱིང་བས་བྱེད་ལ། ཕྱི་མའི་གེགས་སྐྱོན་རྒོད་པས་བྱེད་དེ། དེ་ལྟར་ན་ཏིང་ངེ་འཛིན་སྐྱོང་བའི་གེགས་ཀྱི་གཙོ་བོ་བྱིང་རྒོད་གཉིས་ཀྱིས་བྱེད་པས་དེ་སེལ་ཐབས་གལ་ཆེའོ། །དེ་ལ་མདོ་ཕྱོགས་ཀྱི་སྒོམ་རིམ་རྣམས་སུ། བྱིང་ན་གཟེང་བསྟོད་པ་དགའ་བའི་དངོས་པོ་ཡིད་ལ་བྱ་བ་སྣང་བའི་མཚན་མ་བཟུང་བ་སོགས་བྱ་བ་དང་། རྒོད་ན་མི་རྟག་པ་སྒོམ་པ་རྣམ་གཡེང་གི་ཉེས་དམིགས་བལྟ་བ་ཞི་གནས་སྒོམ་པ་སོགས་བྱ་བར་བཤད་ཀྱང་། འདི་གཙོ་བོར་སེམས་སྒྲིམ་པ་དང་གློད་པ་ལ་བརྟེན་ནས་བྱིང་གོད་སེལ་ཞིང་ཏིང་ངེ་འཛིན་གྱི་མཚང་འཚོལ་བ་ཡིན་ཏེ། གྲིམས་ལྷོད་འདི་ཙམ་ཞིག་ལ་བྱིང་སྐྱོན་མེད་ཅིང་། འདི་ཙམ་ཞིག་ལ་རྒོད་སྐྱོན་མེད་དོ་སྙམ་པའི་གནད་རྟོགས་པར་བྱ་བ་ཡིན་ནོ། །གཉིས་པ་ནི། གཙོ་བོར་བྱིང་བའི་ཕྱོགས་ལ་དགོས་པ་ཡིན་ལ་རྒོད་པ་ཅི་རིགས་ལའང་འགྲོ་བ་ཡོད་དོ། །དེ་ལ་བྱིང་བ་ནི། ཡིད་རྟོག་མེད་ཀྱི་གནས་ཆ་ལ་སྦྱར་ནས་བསྐྱང་བ་ན་དེའི་འཛིན་སྟངས་ཀྱི་དྲན་པའི་ཤུགས་རིམ་པས་ལྷོད་པོར་སོང་ནས་མཐར་དམིགས་པ་ཤོར་བའམ་མི་གསལ་ཞིང་སེམས་
(༢༩༥)སྙོམ་མེ་བར་སོང་བ་ནི་བྱིང་བ་ཆེ་བའམ་རགས་པ་དང་། དམིགས་པ་མ་ཤོང་ཀྱང་དམིགས་པའི་འཛིན་སྟངས་ཀྱི་གསལ་ཆ་མེད་པར་རྟོག་མེད་ཙམ་དུ་འཇམ་ཉལ་ལེ་གནས་པའང་བྱིང་བ་ཕྲ་མོ་མཆོད་པའི་བྱིང་ཞད་མི་རྟག །མི་མཁས་པ་དག་ཕྱི་མ་འདི་ལ་ཞི་གནས་སྐྱོན་མེད་དུ་སེམ་པ་ཡང་ཡོད་དོ། །དེ་ལྟ་བུ་བྱིང་བ་ཕྲ་མོ་དེ་ཡང་མ་བསལ་བར་བསྐྱངས་ན། ཇི་ཙམ་བསྐྱང་ཡུན་རིང་བ་བཞིན་དུ་སེམས་ཀྱི་གསལ་ངར་མི་ཐོན་པ་དང་དྲན་པ་བརྟུལ་དུ་འགྲོ་བ་དང་བརྗེད་ངས་ཆེ་བ་སོགས་འབྱུང་བས་སྐྱོན་ཆེན་པོར་འགྱུར་རོ། །དེས་ན་སྐྱོན་དེ་སེལ་ཚུལ་ལ། ལུས་གནད་སྔར་ལྟར་ལས་ལྟ་སྟངས་དཔངས་བསྟོད་དེ་མིག་ཐད་ཀར་བལྟ་བ་དང་། སེམས་སྔར་བསྡུས་ནས་ཞུམ་པའམ་ཐིབས་པ་ལྟར་གྱུར་པ་ལས་བཟློག་སྟེ་སེམས་སྣང་རྒྱ་ཆེ་ཞིང་གུ་ཡངས་སང་ངེ་བྱས་པས་བྱིང་བ་སེལ་ནུས་པར་བཤད་དེ། ཕར་ཕྱིན་བསྡུས་པར། ཞུམ་པར་གྱུར་ན་གཟེང་ཡང་བསྟོད། །ཅེས་དང་། དབུ་མ་སྙིང་པོར། ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམས་པས་ཡངས་པ་ཉིད་
(༢༩༦)དུ་བྱ། །ཞེས་པ་ལྟར་རོ། །གལ་ཏེ་དེས་བྱིང་བ་རགས་པ་སོང་ཡང་ཕྲ་བ་མ་སོལ་ན། སེམས་ངར་བསྐྱེད་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒྲིམས་ཏེ། ཞེ་འདོད་ཀྱི་གཏད་སོ་མེད་པར་སེམས་རྩེ་གཅིག་ཏུ་སིང་ངེ་ཡེ་རེ་ཧུ་རེ་བཞག །དེ་ཡུན་མི་རིང་ཙམ་ལ་ཤིགས་ཀྱིས་བཤིག །ཡང་ཀྲིམ་གྱིས་བསྒྲིམས་ནས་སྐད་ཅིག་ཀྱང་མ་ཡེངས་པར་ཙེན་གྱིས་འཇོག་པ་ལ་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པས་སྔར་གྱི་སེམས་གནས་སྙོམ་མེ་བའམ་འཇམ་ཉལ་ལེ་བ་དེ་གྲུང་སང་ངེ་སོང་ནས་སིང་ངེ་ཡེ་རེ་ཧྲིག་གེ་རྗེན་ནེ་ངོས་ཟིན་པ་ཞིག་དགོས་ལ། མདོར་ན་རྟོག་མེད་ཀྱི་ངང་ནས་བྱིང་རྒོད་ཀྱི་སྐྱོན་བྱུང་བའམ་འབྱུང་བ་ངོ་ཤེས་པའི་སེམས་ས་ལེ་ཧྲིག་གེ་པའི་སོ་ཚུགས་པ་ཞིག་དགོས་ཏེ། དབུགས་མཐའ་ལས། བྱིང་དང་རྒོད་པ་རྟོགས་པ་དང་། །ཞེས་དང་། སྒོམ་རིམ་ཕྱི་མ་གཉིས་ལས། སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན་ཞེས་དང་། སེམས་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ་ཞེས་བཤད་པས་སོ། །ཚུལ་འདིས་བློ་རྒོད་པའི་རིགས་འགའ་ལ་སེམས་ཀྱི་གསལ་ངར་སྐྱེས་ཀྱང་རྟོག་
(༢༩༧)མེད་དུ་གནས་པའི་ཡུན་ཐུང་དུ་སོང་ན་སྐྱོན་དུ་མི་ལྟ་བར་ཡུན་ཐུང་གྲངས་མང་དུ་སྦྱངས་པས་ཞི་གནས་སྐྱོན་མེད་འཆར་ལ། ཅི་ནས་ཀྱང་གནས་ཆ་ཆུང་ན་གསལ་ངར་མ་ཤོར་ཙམ་གྱི་གློད་ཚུལ་ཤེས་པར་བྱས་ཏེ་བསྐྱང་ངོ་། །གསུམ་པ་ནི། སྤྱིར་གློད་པའི་རྣམ་དབྱེ་དུ་མ་ཡོད་ཀྱང་སྐབས་འདིར་ནི་རྒོད་སྐྱོན་སེལ་བའི་ཕྱིར་དུ་ཡིན་ལ། དེ་ལ་རྒོད་པ་ཉིད་ནི། ཡུལ་སྙིང་དུ་སྡུག་པ་ལ་དམིགས་ནས་དེ་ལ་སྲེད་པའི་རྣམ་པ་ཅན་དུ་བཤད་ཀྱང་། འདིར་ནི་འགྱོད་པ་དང་ཐེ་ཚོམ་དང་གནོད་སེམས་སོགས་སེམས་མ་ཞི་བར་འཕྲོ་བའི་རིགས་ཐམས་ཅད་རྒོད་པའི་ཕྱོགས་སུ་བསྡུས་ཏེ་དེ་དག་ཞི་བར་བྱ་བ་ཡིན་ནོ། །དེ་ཡང་སྤྱིར་རྣམ་གཡེང་དང་ཁྱད་པར་ཆགས་སོགས་ཀྱི་ཉེས་སྐྱོན་དྲན་པའི་སྒོ་ནས་ཞི་བར་བྱ་བའི་ཚུ་གསུངས་ཏེ། མདོ་སྡེ་རྒྱན་དུ། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །ཆགས་སེམས་ཡིད་མི་བདེ་ལ་སོགས་ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་དང་། དབུ་མ་སྙིང་པོ་ལས། གཡེངས་པ་གཡེངས་པའི་མཚན་མ་ལ། །ཉེས་དམིགས་བལྟ་བས་བསྡུ་བར་བྱ། །ཞེས་པ་
(༢༩༨)ལྟར་རོ། །དེ་ཡང་འཕྲོ་བའི་ཡུལ་ལ་སེམས་མི་རྟོག་ཅིང་བློ་དགག་སྒྲུབ་གློད་པའི་ངང་དུ་ཞི་བར་བྱ་བ་ཡིན་ཏེ། ཕར་ཕྱིན་བསྡུས་པར། རྒོད་པར་གང་ཚེ་གྱུར་པའི་ཡིད། །ཞི་གནས་ཚུལ་གྱིས་བཟློག་པ་བྱ། །ཞེས་སོ། །དེ་ལྟར་ན་ལུས་གནད་སྔར་བཞིན་ལས་ལྟ་སྟངས་ཅུང་ཟད་འཕང་སྨད་ལ། འདི་སྒོམ་འདི་མི་སྒོམ་དང་གནས་ན་དགའ་བ་དང་འཕྲོ་ན་མི་དགའ་བ་སོགས་ཀྱི་ཞེ་འདོད་མེད་པར་སེམས་གུ་ཡངས་སང་ངེ་བའི་ངང་དུ་ལྷོད་ཀྱིས་གློད། དེ་ལའང་དགག་སྒྲུབ་ཀྱི་བཅོས་སླད་མ་བྱས་པར་སེམས་ཀྱི་རང་བབས་ཇི་ལྟར་འདུག་པ་དེའི་ངང་ལ་ཆམ་མེ་ལྷོད་དེ་བཞག །དེའི་ངང་ནས་དེ་ལས་གཞན་དུ་མ་ཡེངས་པ་བྱེད་སྙམ་པའི་དྲན་པ་ས་ལེ་བརྒྱ་བསྐྱེད་ལ་བསྐྱང་ངོ་། །དེ་ལྟར་བསྐྱངས་པས་རྣམ་པར་རྟོག་པ་རགས་པ་མངོན་ཚན་ཅན་དུ་ཐོལ་གྱི་འཆང་ན་དེ་བྱུང་རྒྱལ་དུ་གཏོང་བ་དང་དེའི་རྗེས་སུ་འབྲངས་ནས་ཡེངས་སུ་ཡང་མི་གཞུག་འཆར་སྒོ་དགག་པ་ལྟ་བུའི་སེམས་ངུར་ངུར་པོ་ཡང་མི་བྱ་བར་དྲན་པའི་གསོས་བཏབ་ཀྱིན་མ་ཡེངས་པའི་རྒྱུན་འཚོ་མཁས་པར་བྱ། དྲན་བཞིན་པའི་རྟོག་པ་ཕྲ་བ་བན་བུན་རྣམས་
(༢༩༩)ལའང་འཁུ་ཕྲིག་དང་དགག་སྒྲུབ་ཅི་ཡང་མི་བྱ་བར་བློ་ལྷོད་དེ་བའི་དྲན་པ་སོ་མ་ཤོར་ཙམ་གྱིས་ངང་བསྲིང་། ཡང་སེམས་དང་སིང་ངེ་ལྷན་ནེ་གནས་པ་དང་ཤིགས་བཤིག་ལ་ཅུང་ཟད་རེ་ངལ་གསོས་ལ་ཡང་གོང་བཞིན་དུ་བསྐྱངས་པས། སྔར་བསྒྲིམས་པའི་ཚེ་རྟོག་པ་ཕྲ་རགས་ཐམས་ཅད་བཀག་པ་ལྟར་སོང་ནས་སེམས་སིང་ངེ་ཡེ་རེ་བའི་རྟོག་མེད་ཅིག་ཏུ་རྩེ་གཅིག་པར་གཏུན་དགོས་པ་ལྟ་བུས་ཅུང་ཟད་མི་བདེ་ལ། འདིར་གློད་པ་ན་མ་ཡེངས་པའི་དྲན་པ་སོ་མ་ཤོར་ཙམ་གྱི་ངང་ནས་སེམས་རང་ལུགས་ཅི་བདེར་བཞག་པས་ཆོག་པ་དང་། རྟོག་པ་ཕྲ་རགས་འཆར་བའི་ཚེ་ཡང་དྲན་པ་ཚོ་ཟིན་པ་ན་རྟོག་པ་དེ་ཉིད་ཁ་ཡན་དུ་མི་འཆོར་བར་སྔ་ཕྱི་ཅི་རིགས་སུ་ལྷན་གྱིས་ཞི་ནས་གནས་པའི་སྟེང་དུ་ཆམ་གྱི་འགྲོ་བ་དང་། དྲན་འཛིན་མ་གཏོགས་པའི་གཞན་ཞེ་འདོད་མ་དགོས་པས་སེམས་ཀྱང་སྔར་བས་གུ་ཡངས་པ་ལྟ་བུ་ཞིག་འབྱུང་བ་དང་། ཞེ་འདོད་ཤིགས་བཤིག་ལྷོད་གློད་པའི་སེམས་ཀྱང་ཤིག་གེ་ལྷོད་དེ་གནས་པའི་མཚང་རིག་ན་གློད་པའི་བོགས་ཐོན་པ་ཡིན་ཏེ། ས་ར་ཧ་ལས། འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་
(༣༠༠)གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །ཞེས་དང་། མཻ་ཏྲི་པས། སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་བཞིན་དུ་མ་བཅོས་གློད་ལ་ཞོག །ཅེས་བཤད་པ་ལྟར་རོ། །སྐབས་འདིར་ཁ་ཅིག་སྒྲུབ་བརྒྱུད་པ་དག་གིས་གློད་རབ་ལ་སྒོམ་རབ་ཅེས་པའི་གསུང་སྒྲོས་སྣང་བ་འདིའི་སྐབས་ཀྱི་གསུང་ཡིན་པར་འཁྲུལ་ཞིང་། དེ་ཡང་སེམས་ཀྱི་དྲན་ཤེས་ལྷོད་པོར་སོང་ནས་བྱིང་བ་སྐྱེས་པ་དང་སྒོམ་སྐྱེས་པ་ནོར་ཞེས་ཁ་ཟེར་བ་ནི་དོན་དེ་ལ་ཤིན་ཏུ་རྨོངས་བཞིན་དུ་སྨྲ་འདོད་པ་ཁོ་ནར་ཟད་དེ། གསུང་དེ་ནི། གོང་གི་ས་ར་ཧའི་ལུང་དང་། ཏཻ་ལོ་པས་ཀྱང་། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་སོགས་གསུངས་པ་ལྟར། སྒོམ་དངོས་གཞིའི་སྐབས་སུ་ཉམས་མྱོང་གི་ཞེན་འཛིན་བཤིག་པའི་ཐབས་ལ་དེ་ལྟ་བུའི་ཐ་སྙད་མཛད་པ་ཡིན་ཏེ། གྲུབ་ཆེན་ཞང་གིས། ཤེས་པ་
(༣༠༡)ལྷོད་ཀྱིས་གློད་པའི་དུས། །གལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་འཆར། །དེ་ནི་འོད་གསལ་ཆོས་སྐུ་ཡིན། །ཞེས་སོགས་གསུངས་སོ། །དེ་ལྟར་ན་སེམས་གློད་མ་ཤེས་པར་དྲན་ཤེས་ཉམས་ནས་བྱིང་བ་མཐུག་པོས་རྨོངས་པ་ལ་གནས་པ་སྟེངས་པོ་ཞེས་སྐྱོན་ཅན་དུ་བཞེད་པ་ཡིན་གྱི། དེ་གློད་རབ་དང་སྒོམ་རབ་ཏུ་སུ་ཞིག་གིས་འཆང་། དེས་ན་བསྙོན་ནས་སྨྲ་བར་མི་བྱའོ། །དེ་ལྟར་ན་གློད་མ་ཤེས་པར་འོག་འགྱུས་སུ་སོངནས་དྲན་པ་ཡེངས་པའམ་འགྱུས་པ་དང་མ་འགྱུས་པ་གང་ཡང་མ་རིག་པར་དྲན་མེད་ཧད་པོར་སོང་བ་སོགས་བྱུང་ན་དྲན་ཤེས་སྟོབས་ཆུང་བ་ཡིན་ལ། དྲན་བཞིན་པའི་ངང་ནས་འགྱུ་བ་བུན་ནེ་བའམ་འཚུབ་བེ་བ་ལྟ་བུ་བྱུང་ན་གློད་ཞན་པའམ། ཡང་ན་ཞེ་འདོད་ཧ་ཅང་དུར་དྲགས་པ་ཡིན་པས་གྲིམས་གློད་སྙོམས་པའི་གནས་སྐབས་ཤེས་པར་བྱ་ཞིང་། མདོར་ན་དྲན་ཤེས་སྔ་མས་དྲན་བཞིན་ཤེས་བཞིན་པའི་ཤུགས་མཛད་ན་དེ་ཐོག་ཏུ་ལས་དང་པོ་པས་ཡང་ཡང་དྲན་པ་བསྐྱེད་པ་མིན་པས་ལྷོད་དེ་ཤིག་གེ་འཇོག་ལ། དྲན་ཤེས་ཀྱི་ཤུགས་ཟད་
(༣༠༢)པར་རྩོམ་པ་ན་སླར་དྲན་ཤེས་ཀྱི་བར་ཅུང་ཟད་བསྐྱེད་ལ་སྒྲིམ་པ་སྟེ། སྐྱོང་ལུགས་ཀྱི་སྐྱོན་བསལ་བའི་སྐྱོང་ཚུལ་ཤེས་པར་བྱའོ། །དེ་ལྟར་བསྐྱེད་པས་དྲན་རིག་གསལ་སིང་ངེ་གཡོ་མེད་དུ་གནས་ཤིང་དེའི་ངང་ནས་གཟུགས་སྒྲ་སོགས་མཐོང་ཐོས་ཀྱི་སྣང་བ་ཡང་མ་འགགས་པར་ཤིག་གེ་ལྷང་ངེ་། སྐྲག་མེད་དུ་ཝལ་ལེ་ཆམ་མེ་བ་འཆར་ན་ཞི་གནས་སྐྱེས་པ་ཡིན་ནོ། །གཉིས་པ་ནི། གོང་དུ་རིམ་པར་བཤད་པའི་སེམས་གནས་འཚོལ་ཚུལ་དེ་དག་ལ་བརྟེན་ནས་མཐར་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོན་མེད་ཅིག་སྐྱེས་པ་ན། ཏིང་ངེ་འཛིན་དེ་ལ་སེམས་མི་རྟོག་པ་ལ་རྩེ་གཅིག་ཏུ་ལྷན་ནེ་གནས་པའི་གནས་ཆ་དང་། དྲན་པ་དང་ཤེས་བཞིན་མ་ཉམས་པའི་གསལ་ངར་ངེས་ཤེས་དང་བཅས་པ་གཉིས་ཚོགས་པ་ཞིག་ཅི་ནས་ཀྱང་དགོས་ཏེ། ཡིད་དམིགས་པ་ལ་རྩེ་གཅིག་ཏུ་མི་གནས་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ་དང་། མི་འཕྲོ་ཡང་དྲན་པ་ཉམས་པའི་སྟེངས་པོ་དང་། དྲན་པ་ཕྲ་མོ་ཙམ་མ་ཤོར་ཡང་སེམས་ཀྱི་གསལ་ངར་མེད་པའི་སྙོམ་མེ་བར་གནས་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཡིན་ནོ། །དེ་ཡང་དྲན་ཤེས་
(༣༠༣)གྱི་གསལ་ངར་མེད་པ་ནི་བྱིང་སྐྱོན་ཡིན་ལ། ཡིད་རྩེ་གཅིག་ཏུ་མི་གནས་པ་ནི་རྒོད་སྐྱོན་ཡིན་པས། དེས་ན་བྱིང་རྒོད་ཀྱི་སྐྱོན་སེལ་ཚུལ་གལ་ཆེ་ལ། དེ་ནི་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་ཏེ་དོན་བསྡུ་ན། བྱིང་བའི་ཚེ་དྲན་ཤེས་དང་སེམས་ཀྱི་གསལ་ངར་བསྐྱེད་དེ་ཧུར་འདོན་པ་དང་། རྒོད་པའི་ཚེ་དམིགས་པ་ལ་ཡིད་སྒྲིམ་པའི་ཞེ་འདོད་ཅི་རིགས་གློད་པ་དང་། གྲིམས་ལྷོད་སྙོམས་ནས་འདོད་པ་ལྟར་བྱུང་བའི་ཚེ་གཞན་དཔྱོད་གཞིག་མི་བྱེད་པར་དེ་ཀའི་རྒྱུན་མ་ཤོར་ཙམ་པའི་རང་སོ་བཟུང་ནས་དང་བསྲིང་བ་ཡིན་ཏེ། ཀླུ་སྒྲུབ་ཀྱི་དུས་བཞི་མཉམ་སྦྱོར་དུ། བྱིང་ཞིང་ལྕི་བ་གཟེང་བསྟོད་ཅིང་། །འཐོང་ཞིང་འབྱམས་པ་རང་སོར་བཞག །ཅེས་སོ། །དེ་ལ་དྲན་ཤེས་གཉིས་ཀྱི་དྲན་པས་ནི་སེམས་དམིགས་པ་ལས་མི་ཡེངས་པར་བྱེད་ཅིང་། ཤེས་བཞིན་གྱིས་ཡེངས་མི་ཡེངས་དང་བྱིང་རྒོད་དོ་ཤེས་པར་བྱེད་པ་སྟེ། དེ་ཡང་དམིགས་པ་ལས་སྐད་ཅིག་ཀྱང་མ་ཡེངས་པ་བྱེད་སྙམ་པའི་འདུན་པ་ཤུགས་བསྐྱེད་ནས། དེའི་རྒྱུན་བསྲིངས་ཤིང་དེ་མི་བརྗེད་པའི་དྲན་པའི་སེམས་
(༣༠༤)ཁུར་ཡིད་ལ་དུང་ངེ་བ་བྱ་ལ། དེའི་ངང་ནས་ཡེངས་མ་ཡེངས་དང་བྱིང་རྒོད་ཀྱི་སྐྱོན་རྟོགས་པར་བྱེད་པའི་ཤེས་བཞིན་གྱིས་གཞན་དཔྱད་གཞིག་མང་པོ་མི་བྱེད་པར་བྱ་ར་ཙམ་ཞིག་ཅེ་རེ་བལྟ་བ་ཡིན་ནོ། །འདི་ལ་མདོ་ཕྱོགས་ནས་དྲན་ཤེས་བྱ་སྟེ་བཤད་པ་མང་ལ། སྒྲུབ་བརྒྱུད་པའི་མན་ངག་ཏུ་དྲན་རིག་གམ་དྲན་པ་ཁོ་ནར་བསྡུས་པ་མང་བས་དེ་ཇི་ལྟར་ཡིན་སྙམ་ན་སྐྱོན་མེད་དེ། སྤྱོད་འཇུག་ཏུ། གང་ཆེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོད་འགྱུར་ཞིང་། །ཞེས་བཤད་པས་དྲན་ཤེས་གཉིས་ཕྲ་རགས་སམ་རྩིང་ཞིབ་ཀྱི་སྒོ་ནས་ཕྱེ་བ་སྟེ། དྲན་པ་གསལ་པོ་སྟོབས་ཅན་གྱི་ཁོངས་སུ་ཤེས་བཞིན་ཚད་བའི་ཕྱིར་རོ། །དེ་ལྟར་ཡང་དབུས་མཐའི་འགྲེལ་པར། དྲན་པ་ཉེ་བར་གནས་པ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །ཞེས་སོ། །འདིའི་སྐབས་སུ་དཔྱོད་ལྡན་དག །དྲན་ཤེས་ཀྱིས་ཡིད་དམིགས་པ་ལ་རྩེ་གཅིག་ཏུ་བཟུང་བའི་ཚེ། དམིགས་པ་ལ་གནས་མི་གནས་དང་བྱིང་རྒོད་བྱུང་མ་བྱུང་བརྟག་པའི་རྟོག་པ་ཕྲ་མོ་
(༣༠༥)བསྐྱེད་ན་ནི་མི་རྟོག་པར་མི་འགྱུར་ལ། མ་བསྐྱེད་ན་བྱིང་རྒོད་སོགས་རྟོགས་པའི་ཤེས་བཞིན་མི་འབྱུང་བས་ཇི་ལྟར་བྱ་སྙམ་ན། མི་མཁས་པ་དག །དེ་ལྟ་བུའི་རྟོག་པ་ཕྲ་མོ་དེ་ལ་སྐྱོན་དུ་བཟུང་ནས། ཤེས་བཞིན་གྱི་གསལ་ངར་ནི་མེད་ལ། སེམས་ཀྱི་དངས་ཆ་ཅི་རིགས་ནི་ཡོད་པའི་གནས་ཆ་སྐྱོང་བར་སྣང་ཡང་། དེ་ལྟ་བུའི་རྟོག་པ་ཕྲ་མོ་དེ་རྟོག་པ་རང་མཚན་པ་མ་ཡིན་གྱི། ལྷག་མཐོང་དང་མཚུངས་ལྡན་གྱི་ཤེས་བཞིན་ནམ་རིག་པ་ཡིན་པས་བསྐྱེད་དགོས་ཏེ། སྒོམ་རིམ་བར་པ་ལས། དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནས། དེ་ཉིད་ལ་ཕྱིར་ཞིང་རྒྱུན་དུ་སེམས་བཞག་པར་བྱའོ། །དེ་ལ་ཉེ་བར་བཞག་ནས་སེམས་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལ་སེམས་ལེགས་པར་འཛིན་ནམ། འོན་ཏེ་བྱིང་ངམ་འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྱར་བས་རྣམ་པར་གཡེངས་སམ་སྙམ་དུ་བརྟག་པར་བྱའོ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་རྟོག་པ་བསྐྱེད་ལུགས་ཀྱང་མ་ཡེངས་པའི་དྲན་རྒྱུན་བཏང་ནས་བསྐྱེད་པ་མིན་གྱི། ཏིང་
(༣༠༦)ངེ་འཛིན་གྱི་ངང་མ་ཤོར་བའི་ཐོག་ནས་བྱ་ར་ཙམ་བྱེད་པ་ཡིན་ཏེ། རྟོག་པ་འདི་ཡང་ཧ་ཅང་གི་ཤུགས་ཆེ་བར་ཡང་ཡང་བསྐྱེད་ན་དྲན་པ་ཤོར་བའི་རྟོག་པ་སྐྱོན་ཅན་ལྡང་བས། སྔ་མ་སྔ་མའི་ངེས་ཤེས་ཀྱི་ཤུགས་མ་ཟད་ཙམ་ལ་ཕྱི་མ་ཕྱི་མས་བྱ་ར་ཙམ་བྱེད་པའོ། །མདོར་ན་གྲིམས་གློད་ཀྱི་ཆ་སྙོམ་ལུགས་ལྟར་སྐྱོང་མཁས་པར་བྱ་སྟེ། ཚུལ་འདི་ནི་བསམ་གཏན་སྐྱོང་ཚུལ་མཐའ་དག་གི་གནད་དམ་པ་ཡིན་ནོ། །མདོར་ན་དམིགས་པ་རྗེས་སུ་དྲན་པའི་དྲན་རྒྱུན་དང་ལྡན་པ་དང་། དེ་ལ་བྱིང་རྒོད་ཀྱི་ཁ་ན་མ་ཐོ་བ་མེད་པ་དང་། ཡིད་རྣལ་དུ་ཕབས་པའི་དགའ་བ་དང་ལྡན་པའི་སེམས་ལ་ཏིང་ངེ་འཛིན་ཞེས་བྱ་བ་ལས། སྐབས་འདིའི་དམིགས་པ་ནི་རྣམ་པར་མི་རྟོག་ཅིང་གསལ་རིག་དང་ལྡན་པ་སྟེ། དེ་ལྟ་བུའི་དྲན་ཤེས་རྒྱུན་ཆགས་པའོ། །དེ་ལྟར་ཡང་ཉན་ས་ལས། དེ་ལ་སེམས་རྩེ་གཅིག་པ་ཉིད་གང་ཞེ་ན། སྨྲས་པ། ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་ཆ་མཐུན་པ་ལ་དམིགས་པ་དང་། རྒྱུན་དང་ལྡན་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་
(༣༠༧)ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་ཞེས་ཀྱང་བྱ། དགེ་བའི་སེམས་རྩེ་གཅིག་པ་ཉིད་ཅེས་ཀྱང་བྱའོ། །ཞེས་སོ། །དེ་ལ་ཡང་དང་ཡང་དུ་རྗེས་སུ་དྲན་པ་ཞེས་པ་ནི། བར་བར་དུ་ཐོས་བསམ་ལ་གཡེངས་པ་དག་མཉམ་གཞག་ལ་འཇུག་པར་བྱེད་པ་ལ་བཤད་དེ། དེ་ཉིད་ལས། དེ་ལ་ཅི་ཞིག་ཡང་དང་ཡང་དུ་རྗེས་སུ་དྲན་པར་བྱེད་ཅེ་ན། སྨྲས་པ་ཆོས་གང་དག་བཟུང་ཞིང་མཉན་པ་དང་བླ་མ་དག་ལས་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས། མཉམ་པར་བཞག་པའི་ས་པའི་མཚན་མ་མངོན་དུ་བྱ་སྟེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པས་རྗེས་སུ་འཇུག་པར་བྱེད་ཅིང་ཉེ་བར་གཏོད་པར་བྱེད་པའོ། །ཞེས་སོ། །ལྔ་པ་ཚུལ་དེ་དག་གིས་སེམས་གནས་སྐྱོང་ཚུལ་ནི། ཏིང་ངེ་འཛིན་སྐྱོང་བའི་ཐུན་རེ་བཞིན་དུ་ཤེས་པར་བྱ་སྟེ། དེ་ཡང་ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པའི་ཚེ་ཐོག་མར་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པའི་སྒོ་ནས། དེ་ལ་སེམས་དད་པ་དང་དོན་གཉེར་གྱི་འདུན་པ་དང་
(༣༠༨)བརྩོན་འགྲུས་དང་ཤིན་སྦྱངས་རྣམས་བསྐྱེད་ནས་འཇུག་དགོས་ཏེ། དེ་ལྟ་བུའི་འདུ་བྱེད་བཞི་མ་བསྐྱེད་ན་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བར་ལེ་ལོའི་དབང་དུ་འགྱུར་བའི་ཕྱིར་རོ། །དེ་ནས་གོང་དུ་བཤད་པའི་ཏིང་ངེ་འཛིན་སྐྱོན་མེད་དེ་ཉིད་ལས་ཡིད་གཞན་དུ་མི་ཡེངས་ཤིང་དེ་མི་བརྗེད་པའི་དྲན་པ་ཤུགས་ཅན་རྒྱུན་ཆགས་པར་བསྟེན་དགོས་ཏེ། དེ་ལྟ་བུའི་དྲན་པ་སྟོབས་ཆུང་ན་བརྗེད་ངེས་སྐྱེས་ནས་དམིགས་པ་མི་ཟིན་པའི་ཕྱིར་རོ། །དེ་ནས་དྲན་པ་དེའི་ཁོངས་ནས་བྱིང་རྒོད་རྟོགས་པར་བྱེད་པའི་ཤེས་བཞིན་གྲུང་པོ་བསྐྱེད་ལ་དེས་བྱིང་རྒོད་ཀྱི་སྐྱོན་བྱུང་མ་བྱུང་གི་བྱ་ར་ཐུ་རེ་བྱ་དགོས་ཏེ། དེ་ལྟ་བུའི་ཤེས་བཞིན་མི་གསལ་བའམ་མ་གྲུབ་ན་ཏིང་ངེ་འཛིན་གྱི་གེགས་སྐྱོན་ངོས་མི་ཟིན་པའི་ཕྱིར་རོ། །དེ་ནས་བྱིང་རྒོད་བྱུང་ན་དེའི་སྐྱོན་སེལ་ཚུལ་སྔར་བཤད་པ་ལ་ཡིད་འདུ་བྱེད་པའི་རྩོལ་བ་བསྐྱེད་དགོས་ཏེ། དེ་འདྲའི་རྩོལ་བ་ཆུང་ན་བྱིང་རྒོད་ཀྱི་དབང་དུ་གྱུར་ནས་ཏིང་ངེ་འཛིན་སྐྱོན་མེད་མི་འཆར་བའི་ཕྱིར་རོ། །དེ་ནས་བྱིང་རྒོད་ཀྱི་སྐྱོན་ཞི་བ་ན་ཡིད་ཀྱི་འདུ་བྱེད་སྤངས་ཏེ་དེ་ཉིད་རྣལ་དུ་
(༣༠༩)འབེབས་པའི་བཏང་སྙོམས་སུ་འཇོག་དགོས་ཏེ། དེ་འདྲའི་བཏང་སྙོམས་མ་བསྟེན་ན་ཏིང་ངེ་འཛིན་དེ་འཐོར་ནས་མཉམ་པར་བཞག་ཏུ་མི་བཏུབ་པའི་ཕྱིར་རོ། །ཚུལ་འདི་ནི་དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་གསུངས་པའི་དོན་ཏོ། །འགའ་ཞིག་ཐོག་མར་ཏིང་ངེ་འཛིན་ལ་དད་འདུན་སོགས་མི་བསྐྱེད་པར་རང་གར་རྩོམ་འཇོག་བྱས། དྲན་པ་ཤུགས་ཆུང་ནས་སེམས་ཡེངས་ཆ་ཤས་ཆེ་བར་གྱུར། ཤེས་བཞིན་མི་གསལ་བས་བྱིང་རྒོད་ཀྱི་སྐྱོན་ངོས་མི་ཟིན། གལ་ཏེ་ཟིན་ཡང་དེ་རྟོག་པའོ་སྙམ་དུ་སྤང་བྱར་ངོས་བཟུང་ནས་རིག་པའི་གསལ་ངར་སྨད། ཏིང་ངེ་འཛིན་སྐྱོན་མེད་ངོས་མི་ཟིན་པར་ཉམས་སྣང་ཅི་རིགས་ལ་ཏིང་ངེ་འཛིན་དུ་རློམ། སྐབས་སུ་ཏིང་ངེ་འཛིན་སྐྱོན་མེད་ཅི་རིགས་ཤར་ཡང་དེ་ཉིད་རྣལ་དུ་མི་འབེབས་པར་སླར་ཡིད་ཀྱི་འདུ་བྱེད་དུ་མས་འཕྲོ་རྒོད་
(༣༡༠)བསྐྱེད་པ་རྣམས་ནི་ཏིང་ངེ་འཛིན་སྒྲུབ་ཚུལ་གྱི་ཐབས་ལ་མ་མཁས་པ་ཡིན་ནོ། །དེས་ན་ལས་དང་པོ་པས་ཐོག་མར་དྲན་པ་ཤུགས་ཅན་བསྐྱེད། དེ་ནས་བློ་རྒོད་ཤས་ཆེ་བ་ལ་ཡིད་ལད་ཅན་གྱི་རྒོད་སྐྱོན་འབྱུང་བས། དེ་ཤེས་བཞིན་གྱིས་ངོས་བཟུང་ནས་སྐྱོན་བསལ་བ་ན་རྒོད་པ་རགས་པ་ཞི་ཡང་འཕྲོ་རྒོད་ཀྱི་རྟོག་པ་ཕྲ་མོ་བན་བུན་ཙམ་འཆར་ན། དེ་ལ་འཁུ་ཕྲིག་ཆེན་པོ་མི་བྱ་བར་ཞེ་འདོད་ཅུང་ཟད་གློད་པས་རྟོག་པ་ཕྲ་མོ་དེ་ཡང་རང་ཞིར་སོང་ཚེ། སླར་བྱིང་བ་ཕྲ་རགས་ཀྱིས་སེམས་ཀྱི་གསལ་ངར་སྒྲིབས་དོགས་པའི་བྱིང་ཟོན་བྱས་ཏེ་ཅུང་ཟད་ཙམ་བསྒྲིམས་པས། ཅི་ཞིག་ན་བྱིང་རྒོད་གཉིས་ཀའི་དབལ་ཚོགས་ནས་ཏིང་ངེ་འཛིན་སྐྱོན་མེད་འཆར་རོ། །དེའི་རིགས་པས་བློ་བྱིང་ཤས་ཆེ་བ་ལ་བྱིང་བ་ཕྲ་རགས་བསལ་ཏེ་སླར་རྒོད་ཟོན་བྱས་ལ་ཏིང་ངེ་འཛིན་སྒྲུབ་ཏིང་ངེ་འཛིན་སྐྱོན་མེད་བྱུང་བ་ན། སླར་ཡིད་ཀྱི་འདུ་བྱེད་མངས་པའམ་རྩོལ་བ་ཆེས་ན་ཏིང་ངེ་འཛིན་རྣལ་དུ་མི་ཕེབས་པའི་གེགས་ཆེན་པོར་འགྱུར་བས་ཏིང་ངེ་འཛིན་གྱི་དང་མ་ཤོར་ཙམ་གྱི་བཏང་སྙོམས་སུ་འཇོག་པ་ཡིན་ལ། དེ་ཡང་དྲན་པ་ནི། བློའི་
(༣༡༡)འདུན་པ་དྲག་པོས་དྲན་པའི་ཤུགས་བསྐྱེད་དེ་བཟུང་བ་ན། ཤུགས་ཡོད་པའི་ཚེ་དམིགས་པ་ལས་སེམས་ཡེངས་པ་གཏན་མི་འབྱུང་ཞིང་། ཅུང་ཟད་ཡེངས་པར་རྩོམ་པ་ནི་དྲན་པའི་ཤུགས་ཅུང་ཟད་ཉམས་པ་དང་། ཡེངས་པ་ནི་དྲན་པ་ཤོར་བ་ཡིན་པས། དྲན་པ་སྔ་མའི་ཤུགས་མ་ཉམས་ཤིང་མ་ཤོར་ཙམ་ལ་སླར་ཡང་དྲན་པའི་སྟོབས་ཤུགས་བསྐྱེད་པར་བྱ་སྟེ། མདོར་ན་དྲན་པའི་སྟེང་དུ་དྲན་པ་བསྣན་པ་ལྟ་བུར་དྲན་ཤུགས་སྔ་ཕྱིའི་བར་མི་ཆད་པར་བྱ་བའོ། །ཤེས་བཞིན་ནི། དྲན་པ་ཤུགས་ཅན་གྱི་ཁོངས་ནས་འབྱུང་བ་ཡིན་ཏེ། དེས་བྱིང་རྒོད་ཀྱི་སྐྱོན་བྱུང་མ་བྱུང་ཅེ་རེ་བལྟ་བའི་ཚུལ་དུ་བྱ་ར་ཙམ་ཞིག་བྱེད་ལ། དེ་ལས་སྤྲོས་པའི་བརྟག་དཔྱད་གཞིག་འབྲེལ་སོགས་སྐབས་འདིར་མི་རུང་སྟེ། སེམས་རྩེ་གཅིག་པའི་གེགས་སུ་འགྱུར་བའི་ཕྱིར་རོ། །རྩོལ་བའམ་འདུ་བྱེད་ནི། བྱིང་རྒོད་བྱུང་ན་དེ་སེལ་ཐབས་ལ་མངོན་པར་འདུ་བྱེད་པ་ཙམ་ཡིན་གྱི། བྱིང་རྒོད་བསལ་ཟིན་ནས་དེ་ལྟར་མི་རུང་སྟེ། ཡིད་ཀྱི་འདུ་བྱེད་བསྐྱེད་པ་དང་ཡིད་མི་གཡོ་བར་བྱེད་པ་འགལ་བའི་ཕྱིར་དང་། སྒོམ་རིམ་
(༣༡༢)ཕྱི་མ་གཉིས་ལས་ཀྱང་། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་རྩོལ་བ་བྱས་ན། དེའི་ཚེ་རྣམ་པར་གཡེང་བར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །བཏང་སྙོམས་ནི། བྱིང་རྒོད་ཀྱི་སྐྱོན་ཞི་ནས་གྲིམས་ལྷོད་སྙོམས་པའི་ཚེ་དེ་ལ་ཡིད་རྣལ་དུ་ཕབ་ལ། རྩོལ་བའམ་ཡིད་ཀྱི་འདུ་བྱེད་སྤངས་ནས་ཏིང་ངེ་འཛིན་དེ་ཉིད་འཚོ་སྐྱོང་མཁས་པར་བྱེད་པ་སྟེ། སྒོམ་རིམ་བར་པ་ལས། གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ། དམིགས་པ་དེ་ལ་སེམས་རྣལ་དུ་འདུག་པར་མཐོང་བ་དེའི་ཚེ་རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང་། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །ཞེས་པ་ལྟར་རོ། །འོ་ན་ཚུལ་དེ་ལྟ་བུ་ལ་ཐུན་རིང་ཐུང་ཇི་ལྟར་བྱ་སྙམ་ན། ལས་དང་པོ་པ་ལ་ཐུན་རིངས་ན་དྲན་ཤེས་ཀྱི་ཤུགས་དང་ངམ་ཤུགས་ཀྱིས་ཤོར་ནས་བརྗེད་ངས་སྐྱེས་ཏེ་ཡེངས་ཆ་འབྱུང་ཞིང་། བྱིང་རྒོད་ཀྱི་སྐྱོན་ཡང་མྱུར་དུ་ངོས་མི་ཟིན་པར་རྣམ་གཡེང་དང་བྱིང་རྒོད་ཀྱི་དབང་དུ་འགྱུར་བས་ཐུན་ཆུང་ངུར་ཡང་ཡང་སྒོམ་པ་ཡིན་ལ། ཅུང་ཟད་གོམས་ནས་དྲན་ཤེས་སྐྱོང་ཚུལ་ལ་མཁས་པས་
(༣༡༣)ཏིང་ངེ་འཛིན་སྐྱོན་མེད་རྣལ་དུ་ཕེབས་ན་ནི་ཐུན་ཅུང་ཟད་རིང་ཡང་སྐྱོན་དུ་མི་འགྱུར་ཏེ། མདོར་ན་ལུས་སེམས་ལ་ཏིང་ངེ་འཛིན་གྱི་བར་ཆད་མ་བྱུང་བ་དེ་སྲིད་དུ་མཉམ་པར་འཇོག་ཅིང་། བྱུང་ན་བར་ཆད་ཀྱི་སྐྱོན་བསལ་ལ་བསྒོམ་པར་བྱ་བ་ལས་ཐུན་ཚད་ཀྱི་ངེས་པ་མ་བཤད་དོ། །དེ་ལྟར་ན་འདིར་སེམས་གནས་སྐྱོང་ཚུལ་གྱི་གནད་ཅི་རིགས་བཤད་པ་ཡིན་གྱི། ཞི་གནས་ཀྱི་གེགས་སམ་སྒྲིབ་པ་རྣམས་དང་། དེ་སྤོང་བའི་འདུ་བྱེད་རྣམས་ཀྱི་ངོས་འཛིན་དང་། དེའི་ཤེས་བྱེད་མཐའ་དག་ནི་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་ཟིན་པས་སླར་མ་སྤྲོས་སོ། །དྲུག་པ་སེམས་གནས་འགྲུབ་ཚུལ་གྱི་རིམ་པ་ནི། གྲུབ་ཆེན་ཏེ་ལོ་པས། ལས་ནི་དང་པོ་གཅོང་རོང་འབབ་ཆུ་འདྲ། །བར་དུ་ཆུ་བོ་གང་གཱ་དལ་ཞིང་གཡོ། །ཐ་མ་ཆུ་རྣམས་མ་བུ་ཕྲད་པ་འདྲ། །ཞེས་བཤད་པ་ནི་གནས་ཀྱི་སྐབས་ཁོ་ནར་མ་ངེས་ཀྱང་སྦྱར་དུ་རུང་སྟེ། དེ་ཡང་ལས་དང་པོ་པ་ལ་རྣམ་རྟོག་ཕྲ་རགས་མང་པོ་འཁྲུག་པའི་བར་ནས་མི་རྟོག་པའི་གནས་ཆ་ཅི་རིགས་རྙེད་དེ་སྐྱོང་བ་ནི། དཔེར་ན་གཅོང་རོང་གི་འབབ་ཆུ་དང་འདྲ་སྟེ། ལས་
(༣༡༤)ཅན་གྱི་ཡིད་ཤིན་ཏུ་གཡོ་ཞིང་མི་བརྟན་པས་སོ། །དེ་ནས་གོམས་པ་ཤས་ཆེ་བས་རྟོག་པ་རགས་པ་རྣམས་ཕལ་ཆེར་ཞི་བའམ། མ་ཞི་ཡང་ཕྲ་ཉལ་གྱི་སོང་ནས་དེས་བར་དུ་མི་གཅོད་པར་ཅུང་ཟད་སྐྱོང་བདེ་བ་ནི། དཔེར་ན་ཆུ་བོ་གང་གཱ་དལ་ཞིང་གཡོ་བ་དང་འདྲ་སྟེ། ཕལ་ཆེར་སེམས་གནས་ཀྱི་ཐོག་ཏུ་ཆམ་མེ་གནས་ཤིང་། རེས་ཡུལ་རྐྱེན་ཅི་རིགས་ལ་བརྟེན་ནས་རྣམ་རྟོག་གི་གཡོ་བ་དྲག་པོ་རྣམས་ཉམས་འོག་ཏུ་མི་ཚུད་པས་སོ། །དེ་ནས་རྟོག་པ་ཕྲ་རགས་ཐམས་ཅད་མི་ལྡང་བའམ་ཕྲ་བ་ཅུང་ཟད་རེ་ལྡང་ནའང་རང་ཞི་རང་དག་དུ་འགྲོ་བ་ནི། དཔེར་ན་ཆུ་མ་བུ་ཕྲད་པ་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། བྱུང་ཚོར་ཐམས་ཅད་དྲན་ཤེས་ཀྱི་དབྱིངས་སུ་རོ་གཅིག་ཏུ་གྱུར་ནས་རྟོག་པའི་རླབས་ཀྱིས་གཡོ་བར་མི་ནུས་པས་སོ། །དེ་ལྟར་ན་སེམས་གནས་རིམ་པ་གསུམ་དུ་བསྡུ་བའམ། མདོ་ཕྱོགས་ནས་བཤད་པའི་སེམས་གནས་དགུ་དང་སྦྱར་ན། ཐོག་མར་སེམས་སྤྲོས་པ་བསྡུས་ནས་དམིགས་པ་ལ་གཏད་པས་ནི་འཇོག་པའི་སེམས་འགྲུབ་ལ། དེ་བཞིན་དུ་སེམས་གཞན་དུ་མི་
(༣༡༥)ཡེངས་པར་གནས་པ་དེའི་རྒྱུན་བསྲིངས་པས་རྒྱུན་དུ་འཇོག་པ་དང་། གཞན་དུ་ཡེངས་ནའང་སླར་དེ་ཉིད་ལ་སྦྱར་བས་བླན་ཏེ་འཇོག་པ་དང་སེམས་ཡང་ཡང་བསྡུས་ཤིང་ཕྲ་བར་བྱས་པས་ཉེ་བར་འཇོག་པ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ནས་དེ་ལ་ནན་ཏན་བྱས་པས་དུལ་བར་བྱེད་པ་དང་། རྣམ་གཡེང་གི་ཉེས་སྐྱོན་མཐོང་ནས་དེ་ཞི་བར་བྱས་པས་ཞི་བྱེད་དང་། ཏིང་ངེ་འཛིན་ལ་ཆགས་སོགས་ཀྱི་རྟོག་པའི་སྐྱོན་བྱུང་ན་དེ་དག་ཀྱང་ཞི་བར་བྱས་པས་རྣམ་པར་ཞི་བྱེད་དང་། ཏིང་ངེ་འཛིན་ལ་སེམས་འདུ་བྱེད་པ་དང་བཅས་ཏེ་གོམས་པར་བྱེད་པས་རྩེ་གཅིག་ཏུ་བྱེད་པ་དང་དེ་གོམས་ནས་རྩོལ་མེད་དུ་ཏིང་ངེ་འཛིན་ལ་ངང་ངམ་ཤུགས་ཀྱིས་འཇུག་པས་མཉམ་པར་འཇོག་པའི་སེམས་རྣམས་འགྲུབ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོགས་གསུངས་པའི་དོན་ཏོ། །སྟོབས་དྲུག་བཤད་པ་དང་སྦྱར་ན། ཏིང་ངེ་འཛིན་གྱི་མན་ངག་ཐོས་པ་ནི་ཐོས་པའི་སྟོབས་དང་། དེ་ཉིད་
(༣༡༦)ཉམས་སུ་ལེན་པ་ནི་བསམ་པའི་སྟོབས་དང་། དྲན་པ་མི་ཡེངས་པ་དྲན་པའི་སྟོབས་དང་། བྱིང་རྒོད་རིག་པ་ཤེས་བཞིན་གྱི་སྟོབས་དང་། ཏིང་ངེ་འཛིན་ལ་འབད་རྩོལ་ཆེར་བྱེད་པ་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ་གོམས་པར་བྱེད་པ་འདྲིས་པའི་སྟོབས་རྣམས་སོ། །ཡིད་བྱེད་བཞི་དང་སྦྱར་ན། ཐོག་མར་ཏིང་ངེ་འཛིན་ལ་འབད་པ་ཆེན་པོར་ཡིད་རྩེ་གཅིག་ཏུ་སྒྲིམ་དགོས་པས་བསྒྲིམས་ཏེ་འཇུག་པ་དང་། དེ་ནས་བྱིང་རྒོད་ཀྱིས་བར་དུ་གཅོད་པ་ཡོད་པའི་ཚེ་ཆད་ཅིང་འཇུག་པ་དང་། དེས་བར་དུ་གཅོད་མི་ནུས་པའི་ཚེ་ཆད་པ་མེད་པར་འཇུག་པ་དང་། མཐར་རྩོལ་མེད་དུ་ངང་གིས་འཇུག་པའི་ཚེ་ལྷུན་གྲུབ་ཀྱི་འཇུག་པ་རྣམས་ཏེ། འདི་དག་གི་ཚུལ་ཡང་སྔར་བཤད་ཟིན་ཏོ། །དེ་ལྟ་བུའི་སེམས་གནས་དེ་ཡང་སེམས་དྲུག་པ་མན་ཆད་དུ་ཏིང་ངེ་འཛིན་ལ་དད་འདུན་དང་དྲན་ཤེས་ཤུགས་ཅན་གྱི་སྒོ་ནས་རྩོལ་བའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པས་སེམས་བདུན་པ་དང་བརྒྱད་པ་གྲུབ་པ་ན། གོམས་པའི་སྟོབས་ཀྱིས་རྩོལ་བ་ཆེར་མི་དགོས་པར་ངང་ངམ་ཤུགས་ཀྱིས་ཏིང་
(༣༡༧)ངེ་འཛིན་དུ་འགྲོ་བའི་སེམས་དགུ་པ་འཆར་ཞིང་། དེ་ཡང་ཤིན་ཏུ་གོམས་པ་ན་ཐོག་མར་ཏིང་ངེ་འཛིན་སྒོམ་པའི་ཀུན་སློང་གི་དྲན་པས་ལན་ཅིག་མཉམ་པར་བཞག་ན། རྒྱུན་ལྡན་དུ་དྲན་ཤེས་ཐུ་རེ་འཛིན་མི་དགོས་པ་ཏིང་ངེ་འཛིན་དུ་ཆམ་ཆམ་འགྲོ་བ་འབྱུང་སྟེ། དཔེར་ན་ཀློག་གམ་ཁ་ཏོན་ལྟ་བུ་ཞིག་མ་བྱང་བའི་ཚེ་དྲན་ཤེས་བསྒྲིམས་པའི་རྩོལ་བ་ཆེ་ཆུང་ཅི་རིགས་བསྐྱེད་དགོས་ཀྱང་། གོམས་པ་ན་དང་པོའི་ཀུན་སློང་ཙམ་མ་གཏོགས་པར་དུ་དྲན་ཤེས་རྒྱུན་ཆགས་ཀྱི་རྩོལ་བ་མེད་པར་ཤུགས་འབྱུང་གིས་ཐོན་པ་ལྟར་རོ། །དེ་ལྟ་བུའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་ཞིག་ལ་དེ་ཀའི་མཉམ་རྗེས་འདྲེས་པ་འོང་སྟེ། དེ་ལ་མི་མཁས་པ་དག་དགེ་སྦྱོར་བཟང་པོར་རློམ་པ་ཡོད་ཀྱང་སེམས་གནས་ཀྱི་ཉམས་སྣང་ཙམ་དུ་བཞེད་ཀྱི། སྒྲུབ་བརྒྱུད་འདི་བཞེད་པའི་དགེ་སྦྱོར་གཏན་མིན་རོ། །འོ་ན་དེ་ལྟ་བུ་དེ་ཞི་གནས་མཚན་ཉིད་པ་ཡིན་ནམ་མིན་སྙམ་ན། མདོ་ཕྱོགས་ཀྱི་སྒོམ་རིམ་རྣམས་སུ་ཤིན་སྦྱངས་ཐོབ་ནས་ཞི་གནས་སུ་འཇོག་ལ། དེ་མ་
(༣༡༨)ཐོབ་པའི་ཏིང་ངེ་འཛིན་ཇི་ལྟར་བཟང་ཡང་འདོད་པའི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་ཙམ་ལས། ཁམས་གོང་མའི་སས་བསྡུས་པའི་བསམ་གཏན་གྱི་དངོས་གཞི་ལྟ་ཅི་སྨོས། ཉེར་བསྡོགས་ཙམ་དུ་ཡང་མི་འཇོག་སྟེ། ཉེར་བསྡོགས་ཐོབ་ན་ཤིན་སྦྱངས་ཐོབ་དགོས་པར་བཤད་པས་སོ། །དེ་ལྟར་ན་འདོད་སེམས་རྩེ་གཅིག་པ་ཙམ་ལ་ཞི་གནས་རྗེས་མཐུན་པ་དང་། མཉམ་པར་མ་བཞག་པའི་ས་པའི་ཐ་སྙད་དང་། ཁམས་གོང་མའི་བསམ་གཏན་ལ་མཉམ་པར་བཞག་པའི་ས་པའི་ཐ་སྙད་འདོགས་སོ། །འདོད་སེམས་རྩེ་གཅིག་པ་དེས་ཤིན་སྦྱངས་སོགས་རིམ་པས་ཐོབ་ཚུལ་ནི། དེ་ཉིད་བདེ་གསལ་མི་རྟོག་པ་དང་བཅས་པའི་སྟོབས་ཀྱིས་ཏིང་ངེ་འཛིན་སྐྱོང་བ་ལ་འཚེར་སྣང་མེད་པར་དགའ་སྤྲོ་རྒྱས་པས་ཐོག་མར་སེམས་ལས་རུང་གི་ཤིན་སྦྱངས་སྐྱེད་ཅིང་། དེའི་མཐུས་ལུས་ལས་རུང་གི་རྒྱུན་གྱུར་པའི་རླུང་ལུས་ལ་རྒྱུ་སྟེ། དེས་ལུས་ལ་ཁྱབ་པ་ན་ལུས་ལས་རུང་གི་ཤིན་སྦྱངས་སྐྱེ་ཚུལ་རྣམས་ཉན་ས་ལས་བཤད་ལ། ཤིན་སྦྱངས་དེ་སྐྱེས་ནས་དོན་སོ་
(༣༡༩)སོར་རིག་པ་དང་མོས་པ་ལས་བྱུང་བ་དང་རབ་ཏུ་དབེན་པ་དང་དགའ་བ་སྡུད་པ་དང་དཔྱོད་པ་དང་སྦྱོར་བ་མཐར་ཐུག་པའི་ཡིད་བྱེད་དྲུག་དང་ལྡན་པ་ན། གཟུགས་ཀྱི་སས་བསྡུས་ཀྱི་བསམ་གཏན་དང་པོའི་ཉེར་བསྡོགས་སུ་འགྱུར་བ་དང་། དེ་ནས་རིམ་པས་བསམ་གཏན་དང་གཟུགས་མེད་ལ་སོགས་པའི་སྙོམས་འཇུག་རྣམས་འགྲུབ་པར་བཤད་དེ། སྒོམ་རིམ་ལས། འདི་ལྟར་བཏང་སྙོམས་ཀྱི་ཚོར་བ་དང་ལྡན་ཞིང་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པར་གྱུར་པ་དེའི་ཚེ་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། བསམ་གཏན་དང་པོའི་སྦྱོར་བའི་སེམས་སོ། །གང་གི་ཚེ་འདོད་པའི་སྲེད་པ་དང་སྡིག་པའི་ཆོས་རྣམས་དང་བྲལ་ཞིང་། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་དང་པོ་ཞེས་བྱའོ། །བསམ་གཏན་དང་པོ་ཉིད་ལས་རྟོག་པ་ཙམ་མེད་པ་དེ་ནི་བསམ་བསྟན་ཁྱད་པར་ཅན་ཞེས་བྱའོ། །གང་གི་ཚེ་རྟོག་པ་དང་དཔྱོད་པ་དང་བྲལ་བ་དེའི་ཚེ་བསམ་གཏན་དང་པོའི་སའི་སྲེད་པ་
(༣༢༠)དང་བྲལ་བར་གྱུར་ནས་དགའ་བ་དང་བདེ་བ་དང་ནང་ཡོངས་སུ་དང་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གཉིས་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གཉིས་པའི་སའི་སྲེད་པ་དང་བྲལ་བར་གྱུར་ཏེ། བདེ་བ་དང་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དག་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གསུམ་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གསུམ་པའི་སའི་སྲེད་པ་དང་བྲལ་ཏེ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ཞིང་བཏང་སྙོམས་དང་དྲན་པ་དག་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་བཞི་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་བཤད་དེ་རྒྱས་པར་ནི་མངས་པའི་འཇིགས་པས་མ་སྤྲོས་སོ། །ཤིན་སྦྱངས་དེ་ཐོབ་པ་ན་ཞག་མང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཀྱང་། དེའི་ཚེ་ལུས་སེམས་གཉིས་ཀྱི་གནས་ངན་ལེན་རྒྱུན་ཆད་ནས། ལུས་སེམས་ལ་བདེ་དག་འཐོབ་པ་དང་བཅས་པས་ཏིང་ངེ་འཛིན་ལ་འཇུག་ནུས་པ་སྟེ། དཔེར་ན་རྗེ་དྭགས་པོས་ཞག་བཅུ་གསུམ་དབུ་ཐོག་ཏུ་མར་མེ་བཞག་ནས་ཏིང་ངེ་འཛིན་ལ་
(༣༢༡)བཞུགས་ཐུབ་པ་ལྟ་བུ་འབྱུང་བ་ཡིན་ནོ། །འོན་ཀྱང་སྒྲུབ་བརྒྱུད་འདིའི་བླ་མ་རྣམས་སེམས་གནས་སྒོམ་གྱི་གཞིའམ་རྐང་པོ་ཙམ་དུ་བཞེད་པས། ཤིན་སྦྱངས་ཇི་ལྟ་བ་མ་ཐོབ་ཀྱང་སེམས་གནས་རྩོལ་མེད་དུ་སྐྱོང་ནུས་པའམ་རྩོལ་བ་ཅུང་ཟད་དང་བཅས་ཏེ་སྐྱོང་བདེ་བ་ཙམ་ཡང་ཞི་གནས་སུ་བཞེད་ཅུང་ལྷག་མཐོང་ལ་འཁྲིད་དུ་རུང་བར་ཡང་བཞེད་དེ། ཞི་ལྷག་འབྲེལ་བའི་སྒོམ་རྩེ་གཅིག་ལ་རིམ་པ་གསུམ་དུ་གསུངས་པས། འདིར་ཞི་གནས་ཁོ་ན་ལ་རྩལ་དུ་མི་འདོན་པར་ཞི་ལྷག་འབྲེལ་བའི་དགེ་སྦྱོར་རྙེད་ནས་རྩལ་དུ་འདོན་ཚུལ་དུ་སྣང་ངོ་། །འོན་ཀྱང་སྐྱོང་རྒྱུའི་ཏིང་ངེ་འཛིན་གྱི་ཁྱད་པར་ཙམ་མ་གཏོགས། བསྒོམ་བྱ་དེ་དྲན་ཤེས་རྩོལ་གསུམ་གྱིས་གོམས་པར་སྦྱངས་པས་མཐར་བསྒོམ་བྱ་དེ་ལ་རྩོལ་མེད་དུ་འཇུག་པའི་མཉམ་གཞག་འཆར་ཚུལ་ནི་རྣམ་པ་ཐམས་ཅད་དུ་མཚུངས་པས། སྐབས་འདིར་གང་ཟག་རིམ་གྱིས་པའི་རིགས་ཅན་ལ་ཞི་གནས་རྐང་ཚུགས་ན་ལེགས་པར་མཐོང་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་
(༣༢༢)པའི་ལྷག་མཐོང་གིས། །ཞེས་དང་། སྒྲུབ་བརྒྱུད་པའི་གསུང་ལས། ཞི་མ་གནས་ན་ལྷག་མི་མཐོང་། །ཞེས་དང་། ལྷག་མཐོང་སྔས་ན་ཞི་གནས་མེད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཞི་གནས་བསྒྲུབས་པའི་དགོས་པ་ནི། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལ་འདས་པའི་ལས་ཐམས་ཅད་ཀྱི་རྩ་བ་ལ་ཞི་གནས་ངེས་པར་སྒྲུབ་དགོས་ཏེ། དེ་ཡང་འཇིག་རྟེན་པའི་ལམ་ལ་ཁམས་གསུམ་ལས། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་སྤང་བར་བྱེད་པ་ལ། ཉོན་མོངས་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བསྐྱེད་པ་དང་འདོད་པ་ལ་རགས་པ་དང་གཟུགས་ལ་ཞི་བར་བལྟ་བའི་རྣམ་པ་ཅན་གྱི་ལྷག་མཐོང་སྒྲུབ་དགོས་པའི་དེའི་རྟེན་དུ་ཞི་གནས་དགོས་པའི་ཕྱིར་དང་། དེ་བཞིན་དུ་གཟུགས་དང་གཟུགས་མེད་ཀྱི་སས་བསྡུས་པའི་བསམ་གཏན་གྱི་ཉེར་བསྡོགས་བརྒྱད་དང་། བསམ་གཏན་དངོས་གཞི་བརྒྱད་སྒྲུབ་པ་ལའང་ས་འོག་མ་འོག་མ་ལ་རགས་པ་དང་། གོང་མ་གོང་མ་ལ་ཞི་བར་བལྟ་བའི་རྣམ་པ་ཅན་གྱི་ལྷག་མཐོང་སྒྲུབ་དགོས་པས་དེའི་རྟེན་དུའང་ཞི་གནས་དགོས་པའི་ཕྱིར་དང་། འདས་ལམ་ལ་ཐེག་དམན་པ་བདེན་བཞི་ལ་
(༣༢༣)དམིགས་ནས་གང་ཟག་གི་བདག་འགོག་པའི་ལྷག་མཐོང་བསྐྱེད་པའི་རྟེན་དུའང་ཞི་གནས་དགོས་པའི་ཕྱིར་དང་། ཐེག་ཆེན་པ་བདག་མེད་གཉིས་ཀའི་དོན་ལ་དམིགས་ནས་གཉིས་མེད་ཡེ་ཤེས་ཀྱི་ལྷག་མཐོང་བསྐྱེད་པའི་རྟེན་དུའང་ཞི་གནས་དགོས་པའི་ཕྱིར་རོ། །དེར་མ་ཟད་རྫུ་འཕྲུལ་གྱི་རྐང་པ་བཞི་དང་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་དང་རྣམ་ཐར་བརྒྱད་དང་མངོན་ཤེས་དང་ཟད་པར་དང་ཟིལ་གནོན་ལ་སོགས་པའི་ཡོན་ཏན་སྒྲུབ་པའི་རྟེན་དུའང་ཞི་གནས་དགོས་ཏེ། སྒོམ་རིམ་དང་པོ་ལས། སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་ཤིན་ཏུ་ཁུགས་པ་ཡིན་ཏེ། དེས་རྫུ་འཕྲུལ་ལ་སོགས་པ་ཡོན་ཏན་རྣམས་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་མདོ་སྡེ་ལས། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ་ཞེས་བཀའ་སྩལ་ཏོ། །སེམས་རྩེ་གཅིག་པ་དེ་ཕྱི་ཕྱིར་ལས་སུ་རུང་བ་ཉིད་དང་ལྡན་ཞིང་དམིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་བསམ་གཏན་དང་གཟུགས་མེད་
(༣༢༤)པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་ལ་སོགས་པའི་མིང་ཐོབ་བོ། །ཞེས་སོ། །གཞན་ཡང་ཉོན་མོངས་པའི་རྟོག་པ་མངོན་གྱུར་པ་མགོ་གནོན་པ་དང་། མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་བ་སོགས་ཞི་གནས་ཀྱི་དགོས་པ་ཤིན་ཏུ་མང་ཡང་། འདིར་བསྒྲུབས་པའི་དགོས་པའི་གཙོ་བོ་ནི་ལྷག་མཐོང་སྒྲུབ་པའི་ཆེད་དུ་ཡིན་ཞིང་དེ་ལའང་སྲིད་རྩེའི་བར་དུ་འགྲོ་བར་བྱེད་པའི་འཇིག་རྟེན་པའི་ལྷག་མཐོང་ཞི་རགས་ཀྱི་རྣམ་པ་ཅན་དང་། སྲིད་པའི་ས་བོན་རྩ་བ་ནས་སྤོང་བའི་བདག་མེད་པའི་རྣམ་པ་ཅན་གྱི་ལྷག་མཐོང་གཉིས་ཡོད་པ་ལས། ཕྱི་མ་བསྐྱེད་པའི་ཕྱིར་དུ་སྒྲུབ་པ་ཡིན་ལ། དེ་སྒྲུབ་དགོས་པའི་རྒྱུ་མཚན་ནི། ཞི་གནས་མེད་པའི་ལྷག་མཐོང་ནི་འབབ་ཆུའམ་རླུང་ནང་གི་མར་མེ་ལྟར་ཤིན་ཏུ་གཡོ་བས་མཉམ་པར་བཞག་པར་མི་འགྱུར་ལ། མཉམ་པར་མ་བཞག་པར་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཤིང་མི་གསལ་བའི་ཕྱིར་ཏེ། སྒོམ་རིམ་དང་པོ་ལས། སེམས་ཆུ་བཞིན་དུ་གཡོ་བའི་ཕྱིར་ཞི་གནས་ཀྱི་གཞི་མེད་པར་གནས་པ་མེད་དེ། མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡང་
(༣༢༥)དག་པ་ཇི་ལྟ་བཞིན་དུ་ཤེས་པར་མི་ནུས་ཏེ། ཞེས་དང་། སྒོམ་རིམ་བར་པ་ལས། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་མི་འབྱུང་སྟེ། ཞེས་པ་ལྟར་རོ། །འོ་ན་སྐབས་འདིར་ཞི་གནས་ཅི་ཙམ་ཞིག་སྒྲུབ་སྙམ་ན། གོང་དུ་བཤད་པའི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་ཙམ་གྲུབ་ན་མཆོག་ཏུ་བསྔགས་ལ། དེ་མ་གྲུབ་ན་འདོད་སེམས་རྩེ་གཅིག་པ་ཙམ་ཞིག་གྲུབ་ཀྱང་རུང་བར་མངོན་ཏེ། སློབ་དཔོན་དཔའ་བོས་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་གང་འབྱུང་སྲིད་པ་སྒྲུབ། །ཁྱེད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་
(༣༢༦)བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་བཤད་པས་སོ། །དེ་དག་གིས་ཞི་གནས་ཀྱི་སྒོ་ནས་འཁྲིད་ཚུལ་བཤད་ཟིན་ཏོ།། ༈ །།གཉིས་པ་ལྷག་མཐོང་གི་སྒོ་ནས་འཁྲིད་པ་ལ། ལྷག་མཐོང་སྒོམ་དགོས་པའི་རྒྱུ་མཚན། ལྷག་མཐོང་གི་སྦྱོར་བ་བསྟེན་པ། ལྷག་མཐོང་སྒོམ་ཚུལ་གྱི་རྣམ་དབྱེ། སྐབས་སུ་བབ་པའི་ལྷག་མཐོང་སྒོམ་ཚུལ། ལྷག་མཐོང་སྐྱེས་མ་སྐྱེས་སོགས་ཀྱི་ཁྱད་པར། འདི་ཉིད་ཀྱི་ལྷག་མཐོང་ཚུལ་གཞན་དང་སྦྱོར་བ་དྲུག་ལས། དང་པོ་ནི། བཤད་མ་ཐག་པའི་ཞི་གནས་ཏིང་ངེ་འཛིན་ཙམ་གྱི་ཆོག་ཤེས་མི་བྱ་བར་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བས། བདག་མེད་པའི་རྣམ་པ་ཅན་གྱི་ལྷག་མཐོང་ངེས་པར་སྒོམ་དགོས་ཏེ། དེ་མ་བསྒོམས་ན་ཞི་གནས་ཀྱིས་ནི་རེ་ཞིག་ཉོན་མོངས་པ་མགོ་གནོན་པ་ཙམ་ལས་བག་ལ་ཉལ་མི་ཆོམས་པར་སྲིད་པ་ལས་གྲོལ་བར་མི་ནུས་པའི་ཕྱིར་ཏེ། སྒོམ་རིམ་བར་པ་ལས། ཞི་གནས་ཙམ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱིས་སྒྲིབ་པ་ནི་མི་སྤོངས་ཀྱི། རེ་ཞིག་ཉོན་མོངས་རྣམ་པར་
(༣༢༧)གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ། །ཞེས་བཀའ་སྩལ་ཏོ། །ཞེས་དང་། དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པས་ཞི་གནས་ལ་གནས་ནས་ཤེས་རབ་བསྒོམ་པར་བྱའོ། །ཞེས་བཤད་ཅིང་། ཏིང་འཛིན་རྒྱལ་པོ་ལས་ཀྱང་། འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་ནི་བདག་ཏུ་འདུ་ཤེས་འཇི་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱི་ནི་ཏིང་འཛིན་འདིར་བསྒོམས་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་སྒོམ་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་ཏེ། དེ་ཡང་འཇིག་རྟེན་ན་བསམ་གཏན་བཞི་ལ་སོགས་པའི་
(༣༢༨)ཏིང་ངེ་འཛིན་སྒོམ་པར་བྱེད་ཀྱང་། དེ་ཙམ་གྱིས་འཁོར་བའི་རྩ་བ་བདག་འཛིན་སྤོང་མི་ནུས་ཤིང་། དེའི་སྟོབས་ཀྱིས་སླར་ཡང་རྩ་བ་དང་ཉེ་བའི་ཉོན་མོངས་པ་སྐྱེ་ཞིང་ལས་ངན་སོགས་ནས་ངན་འགྲོར་འཁོར་བར་འགྱུར་ཏེ། དཔེར་ན་ལྷག་སྤྱོད་ལ་སོགས་པ་ཕྱི་རོལ་བའི་དྲང་སྲོང་རྣམས་ཀྱིས་ཏིང་ངེ་འཛིན་བསྒོམས་པ་བཞིན་ནོ། །ཡང་གལ་ཏེ་བདག་མེད་པའི་ཆོས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་སྒོམ་པ་ནི་འབྲས་བུ་མྱང་འདས་ཐོབ་པའི་རྒྱུ་སྟེ། དེ་ལས་གཞན་པའི་རྒྱུ་གང་གིས་ཀྱང་སྡུག་བསྔལ་དང་ཉོན་མོངས་པ་རྩ་བ་ནས་ཞི་བར་མི་འགྱུར་རོ། །ཞེས་པའི་དོན་ཏོ། །གཉིས་པ་ནི། དགོངས་འགྲེལ་དུ་ཐོས་བསམ་གྱི་ལྟ་བ་རྣམ་དག་ལྷག་མཐོང་གི་རྒྱུར་གསུངས་ཤིང་། སྒོམ་རིམ་བར་པར། སྐྱེས་བུ་དམ་པ་ལ་བརྟེན་པ་དང་མང་དུ་ཐོས་པ་བཙལ་བ་དང་ཚུལ་བཞིན་དུ་སེམས་པ་གསུམ་ལྷག་མཐོང་སྐྱེས་པའི་རྒྱུར་བཤད་པ་ལས། སྐྱེས་བུ་དམ་པ་ནི་སྐབས་འདིར་ཞི་ལྷག་གི་རྟོགས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་བྱ་སྟེ། རྟོགས་པ་དང་མི་ལྡན་ན་དྲང་དོན་གྱི་ཐ་
(༣༢༩)སྙད་ལ་མཁས་ཀྱང་དོན་མི་འགྲུབ་པས་སོ། །མང་དུ་ཐོས་པ་བཙལ་བ་ཡང་ངེས་དོན་དྲི་མ་མེད་པའི་གསུང་རབ་འཚོལ་ཏེ། །ཐ་སྙད་དང་དྲང་དོན་གྱི་ཆོས་ཐོས་ཀྱང་ངེས་པའི་དོན་མི་སྟོན་པས་སོ། །ཚུལ་བཞིན་སེམས་པ་ཡང་གྲུབ་ཐོབ་ནས་བརྒྱུད་པའི་གདམས་པས་ཉམས་སུ་ལེན་དགོས་ཏེ། དོན་དམ་པ་ནི་རྟོག་གེའི་བློས་བརྟག་ཅིང་དཔྱད་པའི་ཡུལ་མིན་པས་སོ། །དེ་ཡང་དྲང་དོན་དང་ངེས་དོན་གྱི་གསུང་རབ་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། བརྗོད་བྱའི་གཙོ་བོར་ཀུན་རྫོབ་དང་ཚིག་དང་ཡི་གེ་སོགས་སྟོན་པ་དྲང་དོན་དང་། དོན་དམ་དང་ཟབ་མོ་རྟོགས་དཀའ་བ་སྟོན་པ་ངེས་དོན་དུ་བཤད་དེ། བློ་གྲོས་མི་ཟད་པས་བསྟན་པ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟ་དཀའ་བ་རྟོགས་པར་དཀའ་བ་
(༣༣༠)བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོ། །དེ་ལ་ཀུན་རྫོབ་དང་དོན་དམ་ཉིད་ཀྱང་ཇི་ལྟར་ཡིན་སྙམ་ན། བདག་དང་སེམས་ཅན་དང་སྲོག་དང་གསོ་བ་སོགས་སྐྱེ་འགག་མི་རྣམ་པར་སྟོན་པ་ཀུན་རྫོབ་དང་། བདག་མེད་དང་སྐྱེ་མེད་སོགས་སྟོང་པ་ཉིད་སྟོན་པ་ངེས་དོན་ཡིན་ཏེ། མདོ་དེ་ཉིད་ལས། མདོ་སྡེ་གང་དག་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་དག་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ། བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་སྐྱེ་བ་མེད་པ་དང་མ་སྐྱེས་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་དང་བདག་པོ་མེད་པ་རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས་ཀྱང་། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་
(༣༣༡)གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་ལྟར་རོ། །དེ་ལྟར་ན་སྟོན་པའི་བཀའ་དང་དེའི་དགོངས་འགྲེལ་པ་ན་གྲུབ་ཀྱིས་བཀྲལ་བ་གང་ཡིན་ཡང་རུང་སྟེ། ངེས་དོན་ཕྱིན་ཅི་མ་ལོག་པ་གསལ་བོར་སྟོན་པའི་གཞུང་ལུགས་རྩོད་པ་མེད་པ་དག་ལ་ཐོས་བསམ་བྱས་པ་ལས་ལྟ་བའི་དོན་སྤྱི་རྙེད་པ་ལྷག་མཐོང་གི་རྒྱུ་ཡིན་པར་བཤད་པས་དེ་ལྟར་བསྒྲུབ་པར་བྱ་ལ། གཞན་ཡང་སྔར་བཤད་པའི་བྱིང་རྒོད་ཀྱི་རྒྱུ་སྤོང་བ་དང་། དབང་པོའི་སྒོ་སྡོམ་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་། ཟས་ཀྱི་ཚོད་རིག་པ་སོགས་བསམ་གཏན་གྱི་སྦྱོར་བ་རྣམས་ཀྱང་བསྟེན་དགོས་ཤིང་། ཁྱད་པར་སྒྲུབ་བརྒྱུད་འདིར་ནི་བླ་མའི་བྱིན་རླབས་ལ་བརྟེན་ནས་ལྟ་བ་རྟོགས་དགོས་པར་བཞེད་པས་བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་དྲག་པོ་འདེབས་པ་གནད་དུ་ཆེ་སྟེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རང་གི་རིག་པའི་
(༣༣༢)ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་པ་ལྟར་རོ། །གསུམ་པ་ནི། །ལྷག་མཐོང་ལ་མང་དུ་ཡོད་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལྷག་མཐོང་དང་། བདེན་བཞིའི་རྣམ་པ་ཅན་གྱི་ཐེག་དམན་པའི་ལྷག་མཐོང་ནི་གྲུབ་ན་ཕུན་སུམ་ཚོགས་ཀྱང་མེད་མི་རུང་གི་ཡན་ལག་མིན་ལ། བདག་མེད་ཀྱི་དོན་སྒོམ་པའི་ལྷག་མཐོང་ནི་འདིར་བསྒྲུབ་བྱའི་ལྷག་མཐོང་ཡིན་ཏེ། དེ་ལ་བརྟེན་ནས་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་གཏན་ལ་འབེབས་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་ལྷག་མཐོང་བསྐྱེད་ཚུལ་ལའང་། རྒྱས་པ་མདོ་དགོངས་འགྲེལ་དང་མངོན་པ་ཀུན་ལས་བཏུས་ནས་གསུངས་པའི་ལྷག་མཐོང་བཞི་དང་། འབྲིང་དུ་དགོངས་འགྲེལ་ནས་གསུངས་པའི་ལྷག་མཐོང་གསུམ་དང་། དེ་དག་གི་དོན་བསྡུས་པར་བདག་མེད་གཉིས་སྒོམ་པའི་ལྷག་མཐོང་རྣམས་ལས། ཕྱི་མའི་དབང་དུ་བྱས་པ་ལའང་། རྒྱ་གར་བའི་ལུང་རིགས་སྨྲ་བ་ཕལ་ཆེར་གྱིས། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་
(༣༣༣)གཞུང་ལ་བརྟེན་ནས། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་དཔྱད་ནས་བཟུང་འཛིན་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པའི་ལྟ་བ་སྟོང་ཉིད་སྒོམ་ཚུལ་དུ་མ་བཤད་ཀྱང་། བོད་ཡུལ་འདིར་ཚུལ་དེ་དག་ལ་བརྟེན་ནས་ལྟ་བ་ཡང་དག་རྟོགས་པ་ནི་སྲིད་པ་ཙམ་ལས། དེང་སང་ཕལ་ཆེར་རིགས་ཤེས་རྗེས་དཔག་ལ་བརྟེན་ནས་སྟོང་ཉིད་ཀྱི་དོན་སྤྱི་བློ་ཡུལ་དུ་བྱེད་པ་ཙམ་ཤས་ཆེ་བར་སྣང་ཞིང་། དེ་དག་ནི་དཔྱད་སྟོང་དང་བེམས་པོའི་སྟོང་པ་སོགས་བློས་བྱས་ཀྱི་སྟོང་ཉིད་ཉི་ཚེ་བར་འགྱུར་ཚུལ་རྣམས་ལུང་རིགས་དང་སྦྱར་ཏེ་སྔར་བཤད་ཟིན་ལ། སྐབས་འདིར་ནི་བྲམ་ཟེ་ཆེན་པོ་དང་དཔལ་ཤ་ཝ་རི་པ་དང་རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་རྣམས་ལས་བརྒྱུད་པའི་གཞུང་ཆེ་ཆུང་མན་ངག་ཕྲན་དང་བཅས་པ་རྣམས་ལ་བརྟེན་ནས་མངོན་སུམ་ལམ་དུ་བྱེད་པའི་མན་ངག་སེམས་ཙམ་ལ་དམིགས་ནས་གཟུང་འཛིན་ཐབས་ཅད་གཏན་ལ་ཕབ་སྟེ་རང་བཞིན་སྟོང་ཉིད་ཀྱི་ལྟ་
(༣༣༤)བ་བསྐྱེད་པའི་ཚུལ་ཡིན་པས། ཚེགས་ཆུང་ངུས་དོན་ཆེན་པོ་རྙེད་པའི་ཟབ་ཁྱད་ཤིན་ཏུ་མང་བ་སྣང་ཞིང་མདོ་ཕྱོགས་པའི་སྒོམ་རིམ་ཤེར་ཕྱིན་གྱི་མན་ངག་དང་ཀ་མ་ལ་ཤི་ལའི་སྒོམ་རིམ་གསུམ་དང་། ཇོ་བོའི་དབུ་མའི་མན་ངག་རྣམས་དང་ཡང་གནད་ཕལ་ཆེར་གཅིག་བར་སྣང་བས་ཆེས་ངོ་མཚར་དུ་གྱུར་པ་སྟེ། དེ་ལྟར་ན་ཚུལ་དེ་ཉིད་ཅི་ནས་སུ་བཤད་པར་བྱའོ། །བཞི་པ་ལ། སེམས་སྣང་སྣ་ཚོགས་ཀྱི་ངོ་བོ་གཏན་ལ་དབབ་པ་དང་། གཞི་རྩ་ལ་སྒྲོ་འདོགས་བཅད་པ་གཉིས་ལས། དང་པོ་ལ། སེམས་ཙམ་ལ་དམིགས་པས་དོན་འགྲུབ་པའི་རྒྱུ་མཚན། རྩ་བ་སེམས་ཀྱི་ངོ་བོ་གཏན་ལ་དབབ་པ། རྩལ་རྣམ་རྟོག་དང་སྣང་བའི་ངོ་བོ་གཏན་ལ་དབབ་པ་གསུམ་གྱི། དང་པོ་ནི། སྤྱིར་ཆོས་ཐམས་ཅད་སེམས་སུ་བསྟན་པ་དང་། སེམས་དོན་མ་བསྒོམས་པའི་སྐྱོན་དང་བསྒོམས་པའི་ཡོན་ཏན་རྣམས་ནི་སྔར་བཤད་ཟིན་ལ། མདོར་ན་འཁོར་འདས་ཀྱི་སྐྱོན་ཡོན་ཐམས་ཅད་སེམས་ལ་བརྟེན་པའམ་སེམས་ལས་བྱུང་བས་ན་སེམས་ལ་དམིགས་
(༣༣༥)ནས་སྒོམ་པ་ཉིད་གལ་ཆེ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་བ་བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། གཞན་དུ་ན་ཆོས་རང་གི་སེམས་ལ་རག་ལས་པ་ནི་མ་གཏོགས་སོ། །དེ་བས་ན་བདག་རང་གི་སེམས་ཤིན་ཏུ་བཟུང་བ་དང་མཐར་གཏུགས་པ་དང་ཤིནྟུ་འདུལ་བ་དང་ཤིནྟུ་མཉམ་པར་བཞག་པ་དང་ཤིན་ཏུ་ཚར་གཅོད་པར་བྱའོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་སེམས་ཤེས་ན་ཆོས་ཐམས་ཅད་ཤེས་པ་དང་སེམས་གྲོལ་ན་ཐམས་ཅད་གྲོལ་བར་ཡང་བཤད་དེ། འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །
(༣༣༦)ཞེས་དང་། བྲམ་ཟེ་ཆེན་པོས། སེམས་བཅིངས་ན་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་དང་། ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་ལ་རྟོགས་ན་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། །ཞེས་བཤད་ཅིང་། ཏཻ་ལོ་པས་ཀྱང་། དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །སེམས་ཀྱི་རྩ་བཅད་འཁོར་བའང་དེ་བཞིན་ཏེ། །ཞེས་སེམས་ཀྱི་གཞི་རྩ་བཅད་པས་འཁོར་བའི་རྒྱུན་ཆོད་པར་བཤད་དོ། །ཞི་བ་ལྷས་ཀྱང་སེམས་མ་ཤེས་ན་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། སེམས་ངོ་ཤེས་ནས་བསྲུང་བ་བརྟུལ་ཞུགས་ཀྱི་མཆོག་ཏུ་བཤད་དེ། སྤྱོད་འཇུག་ལས། གང་གི་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམ། །ཞེས་དང་། དེ་ལྟར་བདག་གིས་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་
(༣༣༧)པར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་གཞན་གྱིས་ཅི་ཞིག་བྱ། །ཞེས་སོ། །ཐ་སྙད་སྨྲ་བ་ཁ་ཅིག །སྟོང་པ་ཉིད་བསྒོམས་པས་གྲོལ་བར་གསུངས་ཀྱི། སེམས་ཉིད་གདོད་མའི་སངས་རྒྱས་སུ་འདོད་པ་དང་སེམས་བསྒོམས་པས་གྲོལ་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཞེས་སྨྲ་བ་ནི། རང་གི་རྟོག་པས་སྟོང་ཉིད་ཅེས་བཟང་པོ་ཞིག་དང་སེམས་ཞེས་ངན་པ་ཞིག་ཏུ་བཟུང་ནས་དེ་དག་གི་གནས་ཚུལ་མགོ་བའི་རང་སྐྱོན་དང་། གཞུང་ལུགས་ཀྱང་མང་དུ་མ་མཐོང་བའི་རང་མཚང་སྟོན་པ་ཁོ་ན་སྟེ། སྟོང་ཉིད་ཀྱི་ཡིན་ལུགས་དང་སེམས་ཀྱི་གནས་ལུགས་གཅིག་ཚུལ་དང་། དེ་བཞིན་དུ་དེ་གཉིས་སྒོམ་པའང་གཅིག་ཚུལ་རྣམས་རིམ་པས་འཆད་པར་འགྱུར་བ་ལས་ཤེས་པར་ནུས་པས་འདིར་མ་སྤྲོ་ལ། སེམས་ཉིད་གདོད་མའི་སངས་རྒྱས་སུ་གསུངས་ཚུལ་ནི། ལང་གཤེགས་ལས། རྟོག་པ་སྤངས་པའི་སེམས་ཉིད་འདི། །ཡིད་ཀྱི་རྣམ་ཤེས་བཟློག་པ་སྟེ། །ཆོས་རྣམས་ཐམས་ཅད་ཤེས་པའི་ཕྱིར། །སེམས་ནི་སངས་རྒྱས་ཞེས་པ་འཆད། །ཅེས་དང་། དུས་འཁོར་རྩ་རྒྱུད་ལས། སེམས་ཅན་སེམས་ཉིད་འོད་གསལ་ཞིང་། །གདོད་
(༣༣༨)ནས་སྐྱེ་འགག་གནས་བྲལ་ཏེ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་ཏེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པ། །ཞེས་དང་། བསྡུས་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། རང་སེམས་རང་གིས་རྟོགས་པས་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་དང་། བརྟག་གཉིས་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་དང་། འཇམ་དཔལ་ཞལ་ལུང་ལས། དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །ཞེས་པ་སོགས་ཀྱི་ལུང་ཤིན་ཏུ་མང་ལ། དེ་ལྟ་བུའི་གདོད་མའི་སངས་རྒྱས་མངོན་དུ་འགྱུར་བའི་ཐབས་མཐར་ཐུག་ཉམས་སུ་ལེན་པ་ལ་སེམས་སྒོམ་པའི་ཐ་སྙད་དང་། དེ་བསྒོམས་པས་རྣམ་གྲོལ་ཐོབ་པར་འགྱུར་ཚུལ་ཡང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་
(༣༣༩)མདོ་ལས། གང་ལ་བརྟེན་ཏེ་སེམས་སྒོམ་དུ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཡིན། །ཞེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ཀྱིས་བསྐུལ་བ་ལས། །སེམས་ཉིད་བསྒོམས་པས་སངས་རྒྱས་ཏེ། །སྐྱེ་བ་དམ་པར་སངས་རྒྱས་ཉིད། །ཅེས་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པར། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་པ་སོགས་མང་དུ་གསུངས་ཤིང་། མདོ་ཕྱོགས་སུའང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐ་སྙད་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ། གང་ལས་གསུངས་པའི་ཚུལ། དེ་དག་གི་སྒོམ་རིམ་དངོས། །དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ། སེམས་གཏན་ལ་ཕེབས་ཚུལ་བཞིའི། དང་པོ་ནི། སྤྱིར་ཆོས་ཐམས་ཅད་སེམས་སུ་བརྟག་པ་དན་། སེམས་ཀྱང་ངོ་བོ་ཉིད་མེད་པར་བརྟགས་ནས་དེ་ལ་སྒྲོ་འདོགས་ཆོད་པའི་ལྷག་མཐོང་གི་ལྟ་བ་སྒོམ་ཚུལ་འདི་ཉིད་གང་ལས་གསུངས་ཞེ་ན། མདོ་སྡེ་
(༣༤༠)རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་འགྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །དེ་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་བུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་དང་། སྒོམ་རིམ་དང་པོ་ལས། དེ་འདི་སྙམ་དུ་ཁམས་གསུམ་པ་འདི་སེམས་ཙམ་མོ་སྙམ་དུ་སེམས་ཤིང་། དེས་དེ་ལྟར་ཆོས་
(༣༤༡)གདགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས། དེ་ལ་སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ། །ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེ་འདི་ལྟར་དཔྱོད་དེ། དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པར་འཛིན་པའི་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ་དེ་བདེན་པ་ཉིད་དུ་ག་ལ་འགྱུར། །ཇི་ལྟར་གཟུགས་ལ་སོགས་པ་རྫུན་པ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པས་རྫུན་པ་ཉིད་དོ། །ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །ཞེས་དཔྱད་དོ། །ཞེས་བཤད་པ་ལྟར་སྒོམ་རིམ་གཞན་དུའང་འབྱུང་ངོ་། །གཉིས་པ་ནི་
(༣༤༢)སྔར་ཞི་གནས་ཀྱི་ཏིང་ངེ་འཛིན་སྒོམ་པའི་ཚེ་གཙོ་བོ་རྣམ་པར་མི་རྟོག་ཏིང་ངེ་འཛིན་ལ་བརྟེན་པའི་འཇོག་སྒོམ་གཙོ་ཆེ་བ་ཡིན་ལ། སྐབས་འདིར་ལྷག་མཐོང་སྒོམ་པ་ལ་དམིགས་པ་ལས་གཞན་དུ་སེམས་མ་ཡེངས་ཙམ་པའི་ཞི་གནས་ཀྱི་ངང་ནས་སེམས་ཀྱི་གསལ་ངར་བསྐྱེད་དེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་སེམས་ལ་བརྟག་ཅིང་དཔྱོད་པའི་དཔྱད་སྒོམ་གཙོ་ཆེ་བ་ཡིན་ནོ། །དེ་ཡང་སྐབས་འདིར་སེམས་ཉིད་ཀྱི་ངོ་བོ་གཏན་ལ་འབེབས་པ་ནི་མདོ་ཕྱོགས་སུ་གང་ཟག་གི་བདག་མེད་གཏན་ལ་འབེབས་པ་དང་མཚུངས་ཏེ། དེའི་ཚུལ་ལ་ལུས་གནད་སྔར་ལྟར་ལས་བལྟ་སྟངས་ནི་མིག་འབྲས་རང་གི་ཐད་ཀར་མི་འཛུམས་པའི་ཚུལ་དུ་བལྟ་སྟེ། བྲམ་ཟེ་ཆེན་པོས། མིག་ནི་མི་འཛུམས་སྒོམ་དུ་མེད་པའི་རྣལ་འབྱོར་དང་། །ཞེས་དང་། གཞན་དུའང་། མིག་མ་བཙུམ་པའི་རྣལ་འབྱོར་པ། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །ཞེས་དན་། མུ་སྟེགས་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་ཐུར་དུ་བལྟ། །རྡོ་རྗེའི་སྤྱན་ནི་ཐད་
(༣༤༣)ཀར་བལྟ། །ཞེས་བཞེད་དོ། །དེ་ནས་ཤེས་པ་གསལ་ལ་མི་རྟོག་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ལ། དེའི་ངང་ནས་རང་གི་སེམས་ཀྱིས་སེམས་ཉིད་ལ་ཁ་ཕྱིར་བལྟ་བའི་རྣམ་པའམ་ནང་དུ་བལྟ་བའི་རྣམ་པ་གང་བདེར་བྱས་ནས་གཅེར་གྱིས་བལྟ་སྟེ། སེམས་དེ་ལ་དབྱིབས་དང་ཁ་དོག་སོགས་ཇི་ལྟར་འདུག །གནས་ས་དང་བརྟེན་ས་གང་ལ་བརྟེན། ངོས་བཟུང་དང་རྣམ་འགྱུར་ཇི་ལྟར་འདུག་རྣམས་རིམ་པས་བརྟག་ཅིང་དཔྱད་པར་བྱ་སྟེ། དེ་ཡང་དབྱིབས་ལ། ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་དང་། ས་རྡོ་དང་རི་བྲག་ལ་སོགས་པ་དང་། མི་དང་དུད་འགྲོའི་བྱེ་བྲག་ལ་སོགས་པའི་དབྱིབས་སུ་འདུག་གམ་བརྟག །ཁ་དོག་ལ། དཀར་པོ་དང་ནང་པོ་དང་དམར་པོ་སོགས་ཀྱི་མདོག་ཏུ་འདུག་གམ་བརྟག །གནས་ས་དང་བརྟེན་ས་ལ། སེམས་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ལ་བརྟེན་ནས་གནས་སམ། ནང་རང་གི་ལུས་ལ་བརྟེན་ནས་གནས་པ་
(༣༤༤)བརྟག །རང་གི་ལུས་ལ་གནས་པ་སྙམ་བྱེད་ན། ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གྱི་ལྷུ་དང་དུམ་བུ་ལ་གནས་སམ་ལུས་སྤྱི་ཁྱབ་ཏུ་གནས་བརྟག །སྤྱི་ཁྱབ་ཏུ་གནས་ན་ཕྱི་ནང་གི་ཚུལ་དུའམ་འདྲེས་པའི་ཚུལ་དུ་གནས་བརྟག །འདྲེས་ན་སེམས་ཕྱིའི་གཟུགས་སོགས་ཡུལ་རྣམས་ལ་འཕྲོས་པའི་ཚེ་ཇི་ལྟར་སོང་སོགས་བརྟག །ངོས་བཟུང་དང་རྣམ་འགྱུར་ལ། སེམས་དེ་སྟོང་པར་ངོས་བཟུང་རྒྱུའམ་དེའི་རྣམ་པ་ཅན་དུ་འདུག་གམ་གསལ་བའི་ངོས་བཟུང་དང་དེའི་རྣམ་པ་ཅན་དུ་འདུག་བརྟག །སྟོང་པར་འདུག་ན་ཅང་མེད་ཀྱི་སྟོང་པ་དང་བར་སྣང་ལྟ་བུའི་སྟོང་པ་ཇི་ལྟར་འདུག་བརྟག །གསལ་ན་ཉི་ཟླའམ་མར་མེ་ལས་འོད་འཕྲོ་བ་ལྟ་བུར་གསལ་བ་དང་། འོད་དང་ཁ་དོག་མེད་པའི་རང་གསལ་དུ་འདུག་ལ་སོགས་པ་སྒོ་དུ་མ་ནས་བརྟགས་ཤིང་དཔྱད། ཐོས་བློ་དང་གོ་ཡུལ་ཙམ་བློ་ལ་ཤར་ནས་མ་བརྟགས་ན་སེམས་ཀྱི་གནས་ཚུལ་ལ་ཕྲིག་མི་ཚུད་ཅིང་ཕུ་ཐག་མི་ཆོད་པ།
(༣༤༥)སེམས་ཀྱིས་སེམས་རྡོ་རུས་ཐུག་པར་བརྟག་པར་བྱའོ། །དེ་ལྟར་བརྟགས་པས་ཕྱི་ནང་གི་དངོས་པོའི་བྱེ་བྲག་ལྟར་རྫས་སུ་མ་གྲུབ་པར་བློ་ཐག་ཆོད་ཀྱང་སེམས་གསལ་སྟོང་གི་ངང་དུ་ལྷན་ནེ་གནས་པ་ཞིག་ཏུ་བསྒོམ། སྔར་གྱི་གནས་ཉམས་ཤར་བ་ཙམ་ལས་སེམས་ཀྱི་གནས་ཚུལ་ལ་ཕྲིག་མ་ཚུད་པས། མོས་གུས་དྲག་པོས་གསོལ་བ་བཏབ་ནས། སླར་ཡང་གསལ་ན་གསལ་ལུགས་དང་། སྟོང་ན་སྟོང་ལུགས་ཉིད་ལ་ལེགས་པར་བརྟག་ཅིང་དཔྱད་པས་དབྱིབས་དང་ཁ་དོག་གནས་ས་དང་བརྟེན་ས་ངོས་བཟུང་དང་རྣམ་འགྱུར་འདི་འདྲ་ཞེས་ངག་ནས་དོན་གསལ་པོར་བརྗོད་དུ་མི་ནུས་ཀྱང་། འོད་དང་ཁ་དོག་སོགས་མིན་པའི་སེམས་རང་རིག་རང་གསལ་ལྟ་བུ། ངོས་བཟུང་རྒྱུ་ཅི་ཡང་མེད་པའི་རང་སྟོང་ལྟ་བུ། དེ་ཡང་དྲན་རིག་ཡོད་པའི་ཚེ་སིང་ངེ་ཡེ་རེ་བ་ལྟ་བུའི་ཉམས་སུ་མྱོང་རྒྱུ་ཅུང་ཟད་ཡོད་ལ། དྲན་རིག་ཡེངས་པའི་ཚེ་དེ་ཉིད་ཤོར་ནས་ཐ་མལ་དུ་ཁྲེས་སེ་འགྲོ་བ་
(༣༤༦)ཅིག་ཏུ་ཕྲིག་ཚུད་ན་འདིའི་སྐབས་ཀྱི་མྱོང་བ་སྐྱེས་པ་ཡིན་ཏེ། དེའི་ཚེ་རང་གི་སེམས་འདི་ཡིན་གྱི་ངོས་བཟུང་མེད་བཞིན་དུ་རང་གིས་རང་རིག་ཅིང་རང་གསལ་བ་དེའི་ངང་མ་ཤོར་བའི་དྲན་རིག་ཐུ་རེ་བརྟེན་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྐྱང་ངོ་། །དེ་ལྟར་བརྟག་དཔྱད་བྱེད་པའི་ཚེ་ཡང་མ་ཡེངས་པའི་ངང་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་ཡིན་གྱི། དྲན་རིག་ཡེངས་ནས་ཐ་མལ་པའི་བསམ་མནོ་ལྟ་བུ་བཏང་ནས་དཔྱོད་པ་མིན་ཏེ། བྲམ་ཟེ་ཆེན་པོས། ཀྱེ་མ་རང་ལ་རང་གིས་དེ་ཉིད་མཚོན་ཏེ་ལྟོས། །མ་ཡེངས་སེམས་ཀྱི་བལྟ་དང་བྲལ་གྱུར་ན། །ཡེངས་པའི་སེམས་ཀྱིས་དེ་ཉིད་མཐོང་བ་མེད། །ཅེས་དང་སྒོམ་རིམ་དུ། འདི་ལྟར་གང་གི་ཚེ་ཞི་གནས་ཀྱི་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། ཞེས་སོགས་བཤད་པ་ལྟར་རོ། །གསུམ་པ་ནི། བཤད་མ་ཐག་པའི་དམིགས་པ་དེ་དག་ལ་སྒྲུབ་བརྒྱུད་པ་དག་སེམས་
(༣༤༧)འཚོལ་གྱི་ཐ་སྙད་བྱེད་པ་ལ། འགའ་ཞིག་སེམས་དངོས་པོར་མ་གྲུབ་པས་འཚོལ་རྒྱུ་མེད་ལ། མེད་བཞིན་དུ་འཚོལ་བ་དོན་མེད་དུ་འགྱུར་ཞེས་སྨྲ་བ་ནི་དོན་དམ་པའི་གནད་ལ་རྨོངས་པ་སྟེ། སེམས་འཚོལ་གྱི་ཐ་སྙད་ནི། དཀོན་བརྩེགས་ལས། དེ་ལྟར་སེམས་ཡོངས་སུ་འཚོལ་ཏེ། ཞེས་སོགས་དང་། གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་ཏུ་འཚོལ་བ་ནི། །ཞེས་སོགས་དང་། སུམ་ཅུ་རྩ་གསུམ་པའི་ལེའུ་ལས་ཀྱང་། མཁས་པ་དེ་ཉིད་སེམས་ཀྱི་ཆོས་ཉིད་འཚོལ། །དེ་ནི་སེམས་ཀྱི་ཆོས་ཉིད་འཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་ན། །སེམས་དེ་སེམས་གང་གིས་ནི་འཚོལ་བྱེད་པ། །སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད། །ཅེས་སོགས་མང་དུ་གསུངས་ལ། སེམས་དངོས་པོར་མ་གྲུབ་ཀྱང་དེ་ལ་བརྟག་དཔྱད་ཀྱིས་འཚོལ་བ་ནི། དེ་ལ་བརྟེན་ནས་སེམས་རང་བཞིན་གྱིས་སྟོང་པར་རྟོགས་པའི་ཆེད་དུ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་སྒོམ་རིམ་དུ་དྲངས་པ་
(༣༤༨)ལས། དེ་སྟོང་པ་ཉིད་སྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོས་ཤིང་སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་པ་ལྟར་རོ། །དེ་ནས་སེམས་ལ་དཔྱོད་པའམ་སེམས་འཚོལ་ལུགས་ཉིད་ནི། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པ་ཞེས་བྱ་བའི་དཀོན་བརྩེགས་ལས། ཚེ་དང་ལྡན་པ་དག །ཅི་སེམས་འདི་སྔོན་པོ་ཞེས་བྱ་བ་ཞིག་གམ། སེར་པོ་ཞེས་བྱ་བ་ཞིག་གམ། དེ་བཞིན་དུ་སྦྱར་ཏེ། དམར་པོ། དཀར་པོ། བཙོད་ཁ། ཤེལ་གྱི་ཁ་དོག་ལྟ་བུ། ཡང་དག་པ། ཡང་དག་པ་མ་ཡིན་པ། རྟག་པ། མི་རྟག་པ། གཟུགས་ཅན། གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ཞིག་གམ་
(༣༤༩)རྟོགས་ཤིག །དེ་དག་གི་སྨྲས་པ། ཚེ་དང་ལྡན་པ་སེམས་ནི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ་སྣང་བ་མེད་པ་ཐོགས་པ་མེད་པ་གནས་མེད་པ་རྣམ་པར་རེག་བྱེད་མ་ཡིན་པའོ། །དེ་ནས་སྤྲུལ་པའི་དགེ་སློང་དེས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཅི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ་སྣང་བ་མེད་པ་ཐོགས་པ་མེད་པ་གནས་མེད་པ་རྣམ་པར་རིག་བྱེད་མ་ཡིན་པའི་སེམས་དེ། ནང་ན་གནས་སོ་ཞེས་བྱ་བའམ། ཕྱི་རོལ་ན་གནས་སོ་ཞེས་བྱ་བའམ། གཉིས་ཀའི་བར་ན་གནས་སོ་ཞེས་བྱ་བར་དམིགས་སུ་ཡོད་སྙམ་མམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་དག །གལ་ཏེ་སེམས་དེ་གཟུགས་ཅན་མ་ཡིན་བསྟན་དུ་མེད་སྣང་བ་མེད་ཐོགས་པ་མེད་གནས་མེད་རྣམ་པར་རིག་བྱེད་མ་ཡིན་ནང་ན་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀ་མེད་པར་ཡང་དམིགས་སུ་མེད་ན། ཅི་དེ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་མེད་སྙམ་མམ། དེ་དག་གིས་
(༣༥༠)སྨྲས་པ་དེ་ནི་མ་ཡིན་ནོ། །ཞེས་དང་། ཡང་དཀོན་བརྩེགས་ལས། དེ་ལྟར་སེམས་ཡོངས་སུ་འཚོལ་ཏེ། འདོད་ཆགས་པར་གྱུར་པའམ་ཞེ་སྡང་བར་གྱུར་པའམ། གཏི་མུག་པར་གྱུར་པའི་སེམས་གང་ཡིན། ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ནའང་མེད་ཕྱི་རོལ་ནའང་མེད་གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འོད་སྲུངས་སེམས་ནི་བཅད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་མེད་པའོ། །ཞེས་སོགས་དང་། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་ནི་མི་དམིགས་སོ། །གང་མི་དམིགས་པ་ནི་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ནོ། །གང་འདས་པ་མ་ཡིན་མ་འོངས་
(༣༥༡)པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་པ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་ནི་ཡོད་པ་མ་ཡིན་མེད་པ་མ་ཡིན། ཞེས་སོགས་དང་། གཙུག་ན་རིན་པོ་ཆེའི་མདོ་ལས། དེ་སེམས་ཀུན་ཏུ་འཚོལ་བ་ནི་སེམས་དེ་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་སྦྱར་ཏེ། སེམས་དེ་ཕྱི་རོལ་ན། སེམས་དེ་ཕྱི་ནང་ན། ཕུང་པོ་རྣམས་ལས། ཁམས་རྣམས་ལས། སྐྱེ་མཆེད་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས་སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུད་ཀུན་ཏུ་འཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་བྱུང་ངོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། དམིགས་པ་དེ་གཞན་ལ་སེམས་དེ་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་ནི་སེམས་
(༣༥༢)དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི། སེམས་ཀྱིས་སེམས་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་ནི་སེམས་མཐོང་བར་མི་རུང་ངོ་། །ཞེས་དན་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན་འདི་ལྟ་སྟེ། རྣམ་པར་རམ་ཁ་དོག་ཏུའམ་དབྱིབས་སུའམ་ཡུལ་དུའམ། གཟུགས་སུའམ་ཚོར་བར་རམ། འདུ་ཤེས་སུའམ་འདུ་བྱེད་དུའམ་རྣམ་པ་ཤེས་པར་རམ། བདག་ཏུའམ་བདག་གིར་རམ་བཟུང་བར་རམ་འཛིན་པར་རམ་དག་པར་རམ་མ་དག་པར་རམ། ཁམས་སུའམ་སྐྱེ་མཆེད་དུའམ་རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་པ་ཡིན་ཏེ། ཞེས་དང་། གསང་བའི་བདག་པོ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད་ཕྱི་
(༣༥༣)རོལ་ན་ཡང་མེད་གཉིས་ཀའི་བར་ན་ཡང་མི་དམིགས་སོ། །གསང་བའི་བདག་པོ་སེམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། དེ་བཞིན་དུ་སྦྱར་ཏེ། སེར་པོར། དམར་པོར། དཀར་པོར། ཁ་དོག་ལེ་བརྒན་དུ། ཤེལ་གྱི་ཁ་དོག་ཏུ། ཐུང་ངུར། རིང་པོར། ཟླུམ་པོར། གྲུ་བཞིར། སྣང་བར། མུན་པར། བུད་མེད་དུ། སྐྱེས་པར། མ་ནིང་དུ་མ་ཡིན། གསང་བའི་བདག་པོ་སེམས་དེ་ནི་འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན། ལྷ་དང་ཀླུ་དང་ནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པའི་འགྲོ་བ་སེམས་ཅན་རིས་མཐུན་པའི་རང་བཞིན་མ་ཡིན་ནོ། །གསང་བའི་བདག་པོ། སེམས་དེ་ནི་མིག་ལ་མི་གནས་ལུས་
(༣༥༤)ལ་མི་གནས་ཡིད་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་ནམ་མཁའི་མཚན་ཉིད་དེ། དེའི་ཕྱིར་རྟོག་པ་དང་རྣམ་རྟོག་ཐམས་ཅད་དང་བྲལ་བའོ། །ཞེས་སོགས་མདོ་རྒྱུད་གཉིས་ཀ་ལས་མང་དུ་གསུངས་ཏེ། མདོར་ན་སེམས་ལ་བརྟག་དཔྱད་བྱེད་པའི་ཚེ་ཁ་དོག་དང་དབྱིབས། གནས་ས་དང་བརྟེན་ས། ངོས་བཟུང་དང་རྣམ་འགྱུར་ཇི་ལྟར་འདུག་གཟུང་འཛིན་གྱིས་བསྡུས་པའི་ཕྱི་ནང་ཐམས་ཅད་དུ་དཔྱོད་པར་གསུངས་ཤིང་། དཔྱད་པའི་མཐར་སེམས་ཀྱི་ངོ་བོ་གཟུགས་ཅན་མ་ཡིན་པ་བསྟེན་དུ་མེད་པ་སོགས་ཀྱི་ཁྱད་པར་དུ་མ་དང་ལྡན་པ། ཕྱི་ནང་སོགས་གང་དུའང་མི་གནས་ཤིང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་དང་འདྲ་བར་བསྟན་ལ། དེ་བཞིན་དུ། བྱང་ཆུབ་སེམས་འགྲེལ་ལས། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་ལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །
(༣༥༥)ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ནི་གཟིགས་པར་འགྱུར། །ཞེས་དོན་བསྡུས་ཏེ་བཤད་ཅིང་། སྤྱོད་བསྡུས་ལས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འགྲོ་བ་ལས། ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། མཆོག་ཏུ་བཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེ་ནི། རྩ་བ་མེད་པ་གནས་པ་མེད་པ་གཞི་མེད་པ་མཚན་མ་མེད་པ་དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ་རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ། །ཞེས་དང་། བདེན་པར་ན་སེམས་
(༣༥༦)ནི་ཁ་དོག་དང་དབྱིབས་དང་བྲལ་བ་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ། །ཞེས་བཤད་དོ། །བཞི་པ་ནི། དེ་ལྟར་གོང་དུ་བཤད་པའི་སེམས་འཚོལ་དེ་དག་གིས་ཚུལ་བཞིན་དུ་བཙལ་བ་ན། མཐར་སེམས་དབྱིབས་དང་ཁ་དོག་སོགས་ཀྱི་གཟུགས་ཅན་མ་ཡིན་པ། གནས་ས་དང་བརྟེན་ས་མེད་པ། ངོས་བཟུང་དང་རྣམ་འགྱུར་ལས་འདས་པ། སྤྲོས་པ་ཀུན་གྱིས་མ་གོས་པ་དཔེ་ནམ་མཁའ་དང་འདྲ་བ་འཆར་བར་བཤད་དེ། སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས། སེམས་ནི་ནམ་མཁའ་དང་མཚུངས་ཏེ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་དང་མཉམ་པར་གཞོལ་བའོ། །ཞེས་དང་། བྱམས་ཞུས་ཀྱི་མདོ་ལས། བཅོམ་ལྡན་འདས་ནང་གི་སེམས་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ་སེམས་ནི་དབྱིབས་མེད་པ། ནམ་མཁའ་ལྟ་བུའོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་ནམ་མཁའི་མཚན་ཉིད་དེ།
(༣༥༧)དེའི་ཕྱིར་རྟོག་པ་དང་རྣམ་རྟོག་ཐམས་ཅད་དང་བྲལ་བའོ། །ཞེས་སོགས་སེམས་ནམ་མཁའ་དང་འདྲ་བར་གསུངས་ཚུལ་ཤིན་ཏུ་མང་ཞིང་། བྲམ་ཟེ་ཆེན་པོས་ཀྱང་། སེམས་ནི་ནམ་མཁའ་འདྲ་བར་བཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཞེས་དང་། ཤ་ཝ་རས། རྩ་བ་ཆོད་པའི་སེམས་ནི་ནམ་མཁའ་འདྲ། །ཞེས་སོགས་གསུངས་སོ། །སེམས་ནམ་མཁའ་དང་འདྲ་ཚུལ་ལ་མང་དུ་ཡོད་ཀྱང་འདིར་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་མཐར་རྟོགས་དེ་ཉིད་ཀྱང་ཞི་ནས་རྟོག་མེད་དུ་དག་པ་དང་། ནམ་མཁའ་ལ་བལྟས་པས་མཐོང་བ་འགགས་པ་འདྲ་བ་ལ་བྱ་སྟེ། ཏཻ་ལོ་པས། དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་ཐོབ། །དཔེར་ན་ཁུག་སྣ་སྤྲིན་རྣམས་ནམ་མཁའི་ཁམས་སུ་དེངས། །གར་
(༣༥༨)ཡང་སོང་བ་མེད་ཅིང་གང་དུའང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དེངས། །ཞེས་དང་། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །འདི་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །དེ་ལྟར་སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ཞེས་དང་། ཤ་ཝ་རས། གང་ཞིག་ནམ་མཁའི་ཁམས་ཀུན་ཡོངས་བཙལ་ཡང་། །མཐའ་དང་དབུས་མེད་མཐོང་བ་ཡོངས་སུ་འགག །དེ་བཞིན་སེམས་དང་ཆོས་ནི་ཡོངས་བཙལ་བས། །སྙིང་པོ་རྡུལ་ཙམ་རྙེད་པར་མ་གྱུར་ཏེ། །ཡོངས་སུ་འཚོལ་བའི་སེམས་ཀྱང་མི་དམིགས་པས། །ཅི་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན། །ཞེས་དང་། འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་
(༣༥༩)ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་དང་པོར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་མཐར་རྟོག་པ་དེ་ཉིད་ཀྱང་ཞི་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་བཤད་དོ། །འོ་ན་སེམས་དང་ནམ་མཁའ་ལ་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད་དམ་མེད་སྙམ་ན་ཡོད་དེ། ནམ་མཁའ་ནི་རང་གིས་རང་རིག་པའི་ཤེས་པ་མིན་ལ། སེམས་རྟོགས་ན་དེ་ཉིད་རང་གིས་རང་རིག་པའི་ཡེ་ཤེས་སུ་བཤད་པའི་ཕྱིར་ཏེ། དགོངས་འགྲེལ་ལས། སོ་སོ་རང་གིས་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་སྤོང་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །འདི་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། དགོངས་པ་ལུང་བསྟན་གྱི་མདོ་ལས། བྱང་ཆུབ་སེམས་ཀྱི་ངེས་པའི་དོན། །སླར་ཡང་དེ་ཉིད་ལེགས་བྱས་པ། །ནང་ན་མ་ཡིན་ཕྱི་ནའང་མིན། །གཉིས་ཀ་མིན་དུ་འགྱུར་བ་མིན། །རྟག་པ་མ་ཡིན་
(༣༦༠)སྐད་ཅིག་མིན། །དེ་ནི་སོ་སོ་རང་རིག་ཡིན། །ཞེས་དང་། བརྟག་གཉིས་ལས། རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །ཞེས་དང་། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་དག་གིས་ནི་སོ་སོ་རང་རིག་གི་དོན་མཚན་མ་ལས་འདས་ཤིང་བསམ་བརྗོད་དང་བྲལ་བ། མི་འགྱུར་བའི་བདེ་བ་དོན་དམ་པའི་གནས་ལུགས་ལ་བཤད་ལ། འོན་ཀྱང་འདིར་རང་གིས་རང་རིག་ཅེས་བརྗོད་པའི་དོན་ནི། སེམས་ཀྱིས་སེམས་ལ་དཔྱད་པས་སེམས་དེ་ཉིད་ཀྱི་གདོད་མའི་གནས་ལུགས་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་མཚང་རིག་པ་ལ་རང་རིག་པའི་ཐ་སྙད་བཞག་པ་ཙམ་ཡིན་ལ། མིག་གིས་གཟུགས་རིག་པ་ལྟར་རིག་བྱའི་དངོས་པོ་ངོས་བཟུང་རྒྱུ་ཞིག་ཡོད་ནས་དེ་རིག་པ་མ་ཡིན་ཏེ། ཏཻ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །
(༣༦༡)ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་པ་ལྟར་རོ། །སྐབས་འདིར་མི་མཁས་པ་དག །སེམས་ཀྱིས་སེམས་ལ་བལྟས་པ་ན་སྔར་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་ཤར་ནས་དེའི་ཉམས་སྣང་ལ་སེམས་མཐོང་བར་རློམ་པ་དང་། ལ་ལ་དོག་བག་ཆགས་ཀྱི་སྣང་གཟུགས་ཅི་རིགས་ཤར་བ་ལ་འཐས་པར་བཟུང་སྟེ་སེམས་མཐོང་བར་རློམ་པ་དང་། ཁ་ཅིག་སེམས་ཀྱི་གསལ་ཉམས་སམ་སྟོང་ཉམས་སོགས་ཤར་བ་ལ་སླར་ཆེད་འཛིན་བསྐྱེད་ནས་སེམས་མཐོང་བར་རློམ་པ་རྣམས་ཤིན་ཏུ་ནོར་ཏེ། དེ་དག་སེམས་མཚན་མའི་སྤྲོས་པ་དང་བྲལ་བའི་གནས་ཚུལ་ལ་ཕྲིག་ཅི་ཡང་མ་ཚུད་པར། གློ་བུར་དུ་རྒྱུ་རྐྱེན་ཅི་རིགས་ལས་ཤར་བའི་ཉམས་སྣང་ལ་བློའི་འཛིན་པ་ཞུགས་པར་སྣང་བའི་ཕྱིར་རོ། །དེ་ལྟར་ན་སེམས་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཚང་རིག་པ་ལ་སེམས་མཐོང་བའི་ཐ་སྙད་བཏགས་པ་ཙམ་ལས་ངོས་
(༣༦༢)བཟུང་ཅན་གྱི་མཐོང་རྒྱུ་དང་མཐོང་མཁན་གྱི་དངོས་པོ་སྐྲ་རྩེ་ཙམ་ཡང་མ་དམིགས་ཤིང་མ་མཐོང་བ། དོན་སྨྲ་བསམ་གྱི་ཡུལ་ལས་འདས་པ། དུས་ཐམས་ཅད་པ་འགྱུར་བ་མེད་པའི་རང་བཞིན་ཅན་ཞིག་ཡིན་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་མོད། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་དང་། བྲམ་ཟེ་ཆེན་པོས། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་དང་། ཤ་ཝ་རས། སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །ཞེས་དང་། ང་ཡིས་ང་མཐོང་ང་ཉིད་གཅིག་པུར་ལུས། །གཅིག་པུ་ཉིད་ལ་བལྟས་པས་གཅིག་མ་མཐོང་། །
(༣༦༣)མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པས་སུ་ཡིས་གོ་བར་འགྱུར། །ཞེས་དང་། ན་རོ་པས། རང་བཞིན་འོད་གསལ་སེམས་དེ་ལ། །དངོས་པོ་སྐྲ་ཡི་རྩེ་ཙམ་མེད། །ཅེས་པ་ལྟར་རོ། །འོན་ཀྱང་ལས་དང་པོ་པ་ལ་ནི་དེ་ལྟ་བུའི་བརྗོད་བྲལ་གྱི་ཉམས་མྱོང་དྲན་རིག་ངེས་ཤེས་དང་བཅས་པ་ཙམ་ཞིག་ཡོད་དེ། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལས། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཞེས་སོགས་དང་། ཏཻ་ལོ་པས། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཉམས་མྱོང་དྲན་རིག་གློ་བུར་འདི། །ཞེས་དང་། མཻ་ཏྲི་པས། སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ཞེས་བཤད་པ་ལྟར་རོ། །གསུམ་པ་ལ། སྣང་བ་ཐམས་ཅད་སེམས་སུ་བསྟན་པ། སེམས་རྟོགས་པས་སྣང་བ་རྟོགས་ཚུལ། སྒོམ་རིམ་གྱི་དམིགས་པ་ཉིད་བཤད་པ་གསུམ་གྱི། དང་པོ་ནི། སེམས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ལ་སེམས་
(༣༦༤)ཀྱི་རྩལ་ལས་ཤར་བའི་ཀུན་རྟོག་དང་གཟུགས་སྒྲ་སོགས་ཀྱི་སྣང་བ་རྣམས་སེམས་ལས་གཞན་པའི་རང་མཚན་དུ་གྲུབ་པ་ལྟར་འཁྲུལ་ཡང་དོན་དམ་པར་རང་གི་སེམས་ཁོ་ན་ཡིན་ཏེ། ལང་གཤེགས་ལས། རྣམ་རྟོག་བག་ཆགས་འབྲེལ་བ་ཡིས། །སྣ་ཚོགས་སེམས་ལས་བྱུང་བ་ཡི། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་ཤར། །ཞེས་དང་། གུར་ལས། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྐྱེས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དེ། །ཆོས་དབྱིངས་མཆོག་ཏུ་ཞི་ཉིད་དོ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དན་ནི་རྣམ་པར་ཤེས། །ཐམས་ཅད་སེམས་འདིའི་དངོས་པོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཞེས་སོ། །འོ་ན་གཟུགས་སོགས་ཕྱི་རོལ་གྱི་དངོས་པོར་སྣང་བ་འདི་ཇི་ལྟ་བུ་ཞེ་ན། སེམས་ཉིད་ཀྱིས་རང་གི་གནས་ལུགས་མ་རིག་ཅིང་རང་ཚོ་མ་ཟིན་པར་
(༣༦༥)བདག་གཞན་གཉིས་སུ་བཟུང་ནས། དེར་འཛིན་གྱི་རྟོག་པས་བག་ཆགས་བསགས་པ་ལས་འཁྲུལ་ངོར་ཕྱི་རོལ་གྱི་དོན་ལྟ་བུར་སྣང་བ་སྟེ། ལང་གཤེགས་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། གུར་ལས། ཐོག་མ་མེད་པའི་སྲིད་གྱུར་ནས། །ཕྱི་རོལ་དོན་དུ་བརྟགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་སོ། །འོ་ན་ཕྱི་རོལ་དུ་སྣང་བ་ཙམ་དུ་མ་ཟད་སྲ་མཁྲེགས་ལ་སོགས་པའི་དངོས་པོ་རང་མཚན་པར་གྲུབ་པ་ཇི་ལྟར་ཡིན་ཞེ་ན། འཁྲུལ་པའི་བག་ཆགས་ཤིན་ཏུ་མང་པོ་གོམས་ཤིང་འཐས་པར་གྱུར་པ་ལས། ཕྱི་རོལ་དུའང་དངོས་པོ་སྲ་མཁྲེགས་ལ་སོགས་པའི་རང་མཚན་པ་ལྟར་སྣང་བ་ཡིན་ཏེ། བྲམ་ཟེ་ཆེན་པོས། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། །འཇམ་པའི་
(༣༦༦)ཆུ་ཡང་རྡོ་ཡི་གཟུགས་སུ་འགྲོ། །རྟོག་པས་དཀྲུགས་པས་རྨོངས་པ་གཟུགས་མེད་པ། །ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར། །ཞེས་དཔེ་དོན་དུ་སྦྱར་ནས་བཤད་པ་ལྟར་རོ། །འཁྲུལ་ངོར་སྣང་བ་ཙམ་གྱིས་བདེན་པར་གྲུབ་ཏུ་མི་རུང་བ་ནི། མིག་ནད་ཅན་ལ་སྐྲ་ཤད་དང་རབ་རིབ་སྣང་བ་ལྟ་བུ་སྟེ། དེ་ཡང་མིག་ནད་ཅན་ལ་སྐྲ་ཤད་སོགས་མངོན་སུམ་པ་ལྟར་སྣང་ཡང་། མིག་ནད་མེད་པ་ལ་ཅི་ཡང་མི་སྣང་བ་ལྟར་རོ། །འོ་ན་སེམས་ཀྱི་གནས་ལུགས་ཤེས་པ་ལ་ཕྱི་རོལ་གྱི་སྣང་བ་མེད་དམ་ཞེ་ན། དེ་ཡང་མིན་ཏེ་མིག་ནད་དང་འདྲ་བའི་སྤྱི་མཐུན་གྱི་ལས་དང་བག་ཆགས་མ་ལོག་ན། མིག་ནད་ཀྱི་སྐྱོན་དུ་ཤེས་པ་དང་འདྲ་བའི་སེམས་ཀྱི་འཁྲུལ་ལུགས་དང་གནས་ལུགས་ཤེས་པ་ཙམ་གྱིས་སྣང་བ་ལྡོག་མི་ནུས་ཏེ། བིར་ཝ་པས། རྟོགས་པའི་ངང་ལ་མི་གནས་མཚན་མས་གཡེངས་གྱུར་ན། །གཉིས་སྣང་མཚན་མའི་བག་ཆགས་ལྡོག་པར་མི་འགྱུར་ཏེ། །རབ་རིབ་ཅན་གྱིས་
(༣༦༧)མིག་གི་ནང་དུ་ཤེས་གྱུར་ཀྱང་། །མིག་གི་ནད་མ་བྱང་བར་རབ་རིབ་སྣང་མི་ལྡོག །ཅེས་བཤད་པ་ལྟར་རོ། །འོན་ཀྱང་སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཚེ་ཇི་ལྟར་སྣང་བ་ཐམས་ཅད་ཀྱི་སྣང་ཚུལ་མ་འགགས་བཞིན་དུ་དེ་སེམས་ཀྱི་ངོ་བོ་དང་དབྱེར་མེད་དུ་འཆར་བར་བཤད་དེ། གུར་ལས། སེམས་ལས་ཕྱི་རོལ་གྱུར་མེད་དེ། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་འདི་ཁོ་ན་སྣང་བ་ཡིན། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་སོ། །གཉིས་པ་ནི། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སྲིད་ཞི་ཐམས་ཅད་ཀྱི་རྩ་བ་སེམས་ཉིད་ཁོ་ན་ཡིན་པར་བཤད་པ་དང་། གང་ཞིག་སེམས་ལས་རྣམ་
(༣༦༨)འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླངས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །ཞེས་སེམས་ལས་འཕྲོས་པའམ་ཤར་བ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་བཤད་ཅིང་། མདོ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་སེམས་ཀྱི་རང་བཞིན་འོད་གསལ་སྟོང་ཉིད་དུ་གསུངས་ཏེ། རྒྱུ་མཚན་དེའི་ཕྱིར་སེམས་ཀྱི་ངོ་བོ་སྟོང་ཉིད་དུ་རྟོགས་ན་སྣང་བའི་ངོ་བོ་སྟོང་ཉིད་དུ་ཤུགས་ཀྱི་རྟོགས་པར་ནུས་ཏེ། མདོ་ལས། ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །ཞེས་དང་། ཨཱརྱ་དེ་ཝས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་པ་ལྟར་རོ། །ཚུལ་གཞན་ཡང་བཞི་བརྒྱ་པ་ལས། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་
(༣༦༩)གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་དངོས་པོ་གཟུགས་ལྟ་བུ་གཅིག་གི་རང་བཞིན་ལ་དཔྱོད་པའམ་ལྟ་བ་པོ་དེ་ཉིད། སྒྲ་ལ་སོགས་པའི་དངོས་པོ་གཞན་ཀུན་གྱི་རང་བཞིན་ལ་དཔྱོད་པའམ་ལྟ་བ་པོ་ཡིན་པར་གཅིག་པ་དང་། དེ་བཞིན་དུ་གཟུགས་ལྟ་བུ་དངོས་པོ་གཅིག་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་གང་ཡིན་པ་དེ་ཡང་། སྒྲ་སོགས་དངོས་པོ་གཞན་ཀུན་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཡིན་པར་བཤད་ཅིང་། ཇོ་བོའི་བདེན་གཉིས་ལས་ཀྱང་། སྟོང་པ་ཉིད་ལ་ཐ་དད་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེས་ན་གོང་དུ་སེམས་ཉིད་ཀྱི་ངོ་བོ་བརྟག་དཔྱད་ཀྱིས་གཏན་ལ་ཕབ་པའི་རིགས་པ་སྦྱར་ནས་སྣང་བ་མཐའ་དག་གི་ངོ་བོ་གཏན་ལ་འབེབས་ཚུལ་ཡང་ཤེས་པར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་
(༣༧༠)སུ་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང་། །ཞེས་ཆོས་གཅིག་གི་གནས་ཚུལ་ཤེས་ཤིང་མཐོང་བས་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཤེས་ཤིང་མཐོང་བར་གསུངས་པ་ལྟར་སྒྲུབ་བརྒྱུད་འདིར་ཡང་གཅིག་ཤེས་པས་ཀུན་གྲོལ་བའི་ཐ་སྙད་བཞེད་པ་ཡིན་ནོ། །འོན་ཀྱང་སྐབས་འདིར་སྣང་བའི་ངོ་བོ་གཏན་ལ་ཕེབས་པ་ན་སྣང་བའི་ངོ་བོའམ་རང་བཞིན་གང་དུའང་གྲུབ་པ་མེད་པའི་སྟོང་ཉིད་དང་། སྣང་བའི་སྣང་ཚུལ་མ་འགགས་པར་སྣང་བ་གཉིས་དབྱེར་མེད་དུ་འབྱུང་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་དང་། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་པ་ལྟར་རོ། །གསུམ་པ་ནི་
(༣༧༡)སྐབས་འདིར་རྟོག་པ་དང་སྣང་བ་གཏན་ལ་འབེབས་པ་ནི་མདོ་ཕྱོགས་སུ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་དང་མཚུངས་ཏེ། དེ་ལ་སེམས་བྱུང་གི་རྟོག་པ་ཉིད་སེམས་ཀྱི་སྣང་ཆ་ཡིན་ཡང་རེ་ཞིག་རྟོགས་བདེ་བའི་ཕྱིར་སོ་སོར་བརྟག་དཔྱད་བྱ་བ་ལས། དང་པོར་རྟོག་པ་གཏན་ལ་འབེབས་པ་ནི། ལུས་གནད་ལྟ་སྟངས་དང་བཅས་པ་གོང་བཞིན་བྱས་ལ། སེམས་གསལ་སྟོང་ངོས་བཟུང་མེད་པའི་ངང་དུ་སྐད་ཅིག་ཀྱང་མ་ཡེངས་པར་ཅུང་ཟད་ཅིག་མཉམ་པར་བཞག །དེའི་ངང་ནས་ཞེ་སྡང་ལྟ་བུའི་རྣམ་པར་རྟོག་པ་མངོན་ཚན་ཅན་རགས་ཤིང་ངར་ཆེ་བ་ཞིག་ཤར་བའམ་ཆེད་དུ་འཆར་དུ་བཅུག །དེ་ཏོལ་གྱིས་ཤར་བ་ན་དེ་ཀ་ཉིད་ལ་ཅེར་གྱིས་བལྟས་ལ། རྟོག་པ་དེ་ལ་དབྱིབས་དང་ཁ་དོག །དེའི་གནས་ས་དང་བརྟེན་ས། ངོ་བོ་ངོས་བཟུང་རྒྱུ་དང་རྣམ་པ་ཇི་ལྟར་འདུག་རྣམས་རིམ་བཞིན་སྔར་བཤད་པ་ལྟར་བརྟག་དཔྱད་ཡང་ཡང་བྱ། གལ་ཏེ་རྟོག་པ་མི་འཆར་ན་བརྟག་དཔྱད་བྱེད་
(༣༧༢)པའི་ཡུལ་མེད་པས་ཅུང་ཟད་ཡེངས་སུ་བཅུག་ནས་དགྲ་ལ་སོགས་པས་རང་ལ་གནོད་འཚེ་བྱས་པ་བསམས་ནས་དེ་ལ་ཞེ་སྡང་གི་རྟོ་པ་བསྐྱེད་ལ་བརྟག །དེའི་རིགས་པས་ཆགས་ཡུལ་ལ་འདོད་ཆགས་ཀྱི་རྟོག་པ་བསྐྱེད་ལ་བརྟག་པ་སོགས་རྟོག་པ་རགས་པ་རྣམས་ལ་བརྟག །དེ་བཞིན་དུ་རྟོག་པའི་འཆར་སྒོ་ཕྲ་བ་ཅི་རིགས་ཀྱང་ཤར་བའམ་འཆར་དུ་བཅུག་ལ་སྔར་བཞིན་དུ་བརྟག་གོ །དེ་ལྟར་བརྟགས་པས་རྟོག་པ་ཕྲ་རགས་གང་ལའང་དབྱིབས་དང་ཁ་དོག་དང་གནས་ས་བརྟེན་ས་སོགས་འདི་ཡིན་མེད་པར་རྟོགས་པ་སླ་ཡང་། སླར་རྟོག་མེད་ཀྱི་སེམས་གསལ་སྟོང་གི་ངང་དུ་འགྲོ་ན་རྟོག་པ་དེ་ཉིད་རང་དག་ཏུ་སོང་ནས་མཉམ་བཞག་ལ་བློ་ཁ་ཕྱོགས་པ་ཡིན་ཡང་། དེས་རྣམ་རྟོག་ལ་སྒྲོ་འདོགས་ཅུང་མི་ཆོད་པས་རྟོག་པའི་འཆར་སྒོ་མ་འགགས་པར་གསལ་བཞིན་པ་ལ་བརྟག་དགོས་སོ། །དེ་ཡང་རྟོག་པ་གང་ཤར་དེའི་འཆར་ཚུལ་དེ་ཉིད་མ་བཀག་མ་སངས་པར་གསལ་བཞིན་དུ། སྔར་གྱི་རྣམ་རྟོག་
(༣༧༣)རང་ཁམ་དང་ཅུང་ཟད་མི་འདྲ་བར་རྟོག་པའི་བྱ་བ་བདེན་འཛིན་མི་བསྐྱེད་ཅིང་། ངོ་བོ་ངོས་བཟུང་འདི་ལྟ་བུ་ཞེས་བརྗོད་པར་དཀའ་བ་ཞིག་ཉམས་མྱོང་གི་ཐོག་ཏུ་ཕྲིག་ཚུད་དགོས་པ་ཡིན་ལ། དེ་ལྟར་བྱུང་ན་སྐབས་འདིའི་མྱོང་བ་སྐྱེས་ནས་རྟོག་པ་གཏན་ལ་ཕེབས་པ་ཡིན་པས། དེ་ནས་རྣམ་རྟོག་ཕྲ་རགས་གང་ཤར་ཡང་རྟོག་པ་གསལ་བཞིན་དུ་ངོས་བཟུང་མེད་པ་དེ་ཉིད་མ་ཡེངས་པར་སྐྱོང་དགོས་པ་ཡིན་ནོ། །དེ་ནས་སྣང་བ་གཏན་ལ་འབེབས་པ་ནི། རྗེ་དྭགས་པོས་སེམས་ཀྱི་འཆར་སྒོ་གཟུང་འཛིན་གྱི་རྟོག་སྣང་སེམས་ལ་ཅི་ཤར་ཐམས་ཅད་སྣང་བའི་ཁོངས་སུ་བསྡུས་ནས་གསུངས་ཀྱང་། རེ་ཞིག་རྟོགས་བདེ་བའི་ཕྱིར་སྐབས་འདིར་གཟུང་བའི་ཡུལ་གཟུགས་སོགས་ཚོགས་དྲུག་གི་སྣང་བ་ལ་སྣང་བའི་ཐ་སྙད་བྱས་ནས་དེ་དག་ལ་བརྟག་དཔྱད་བྱེད་པ་ཡིན་ལ། དེ་ཡང་ལས་དང་བག་ཆགས་ཀྱིས་བསྡུས་པའི་མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་ཡུལ་
(༣༧༤)ལྔ་ཕྲད་པའི་སྣང་བ་འཆར་ཚུལ་ཐ་མལ་པ་ལ་མངོན་སུམ་དུ་གྲགས་པ་རྣམས་ལ་རེ་ཞིག་དབྱིབས་དང་ཁ་དོག་ལ་སོགས་པ་སོ་སོའི་རང་མཚན་པ་ལྟར་དབང་ཤེས་ཀྱི་ངོར་སྤྱི་མཐུན་གྱི་སྣང་བ་འཆར་བ་མི་ལྡོག་ཅིང་། དེ་ལྟར་ཕྱི་རོལ་གྱི་ཡུལ་གཟུགས་སོགས་སུ་སྣང་བ་དེ་དག་ཀྱང་རྡུལ་ཕྲན་དང་ཕྱོགས་ཆ་སོགས་སུ་བསིལ་ནས་རང་བཞིན་མེད་པར་བརྟག་ཅིང་དཔྱད་པའང་འདིར་མི་བྱེད་དེ། འཛིན་པའི་སེམས་གཏན་ལ་ཕབས་པས་གཟུང་བྱའི་ཡུལ་སྒྲོག་རང་གྲོལ་དུ་འགྲོ་བར་བཞེད་པས། དེ་ལྟར་ན་འདིར་བརྟག་བྱ་ཡང་སྣང་མཁན་གྱི་ཤེས་པ་དེ་ཉིད་གཙོ་བོར་བརྟག་པ་ཡིན་ནོ། །དེ་ལ་སྔར་ལྟར་སེམས་གསལ་སྟོང་གི་ངང་ནས་གཟུགས་སྣང་གང་ཡང་རུང་བ་ཞིག་གསལ་ལམ་གྱི་འཆར་དུ་བཅུག །དེ་ཤར་པ་ན་འཆར་མཁན་གྱི་སེམས་དེ་ལ་དབྱིབས་དང་ཁ་དོག་གནས་ས་དང་བརྟེན་ས་ངོས་བཟུང་དང་རྣམ་འགྱུར་རྣམས་སྔར་བཤད་པའི་རིམ་པ་ལྟར་ཞིབ་ཆར་བརྟག །གཟུགས་ཀྱི་
(༣༧༥)མཚོན་ནས་སྒྲ་དང་དྲིལ་སོགས་པར་སྣང་མཁན་ལ་བརྟག །དེ་བཞིན་དུ་སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོའི་བྱེ་བྲག་དང་། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་དང་། སྐྱིད་སྡུག་ལ་སོགས་པ་སྣང་བའི་འཆར་སྒོ་ཕྲ་རགས་ཅི་རིགས་པ་ཤར་བའམ་འཆར་དུ་བཅུག་ལ་དེ་ལྟར་ཤར་མཁན་ལ་བརྟག་ཅིང་དཔྱད་དོ། །དེ་ལྟར་བརྟགས་པའི་ཚེ་སྣང་བའི་འཆར་སྒོ་དེ་ཉིད་འགགས་པའམ་མི་གསལ་བར་སེམས་གསལ་སྟོང་གི་ངང་དུ་ཞི་ནས། ཡིད་ཀྱི་འཆར་སྒོ་དང་འཛིན་རྟོག་ཞི་ནས་མཉམ་གཞག་ཏུ་སོང་བ་ཡིན་རུང་། དེས་སྣང་བ་དང་སྣང་མཁན་ཉིད་ལ་ཕྲིག་མི་ཚུད་པས་སླར་སྣང་བ་ཅི་རིགས་སྣང་དུ་བཅུག་པའི་སྣང་ཐོག་དེ་ཉིད་དུ་སྣང་མཁན་བརྟག་དཔྱད་བྱེད་དགོས་ལ། མདོར་ན་ཇི་ལྟར་སྣང་བའི་སྣང་ཆ་མ་འགགས་པར་སྣང་བཞིན་དུ་དེར་སྣང་མཁན་གྱི་སེམས་རང་བཞིན་ནམ་ངོས་བཟུང་མེད་པའི་སྟོང་པར་ཤར་ནས། ཞེན་འཛིན་མེད་པའི་སྣང་བ་
(༣༧༦)བཀྲག་མེད་ལྟ་བུ་བརྗོད་པར་དཀའ་བ་ཞིག་ཏུ་མྱོང་ན་འདིའི་སྐབས་ཀྱི་མྱོང་བ་ཅུང་ཟད་སྐྱེས་པ་ཡིན་པས། དེ་ནས་སྣང་བ་ཕྲ་རགས་གང་ཤར་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྣང་སྟོང་དུ་བསྐྱང་བར་བྱའོ། །ཁྲིད་སྲོལ་ལ་ལར་སེམས་འཚོལ་ཅི་རིགས་ལ་བརྟེན་ནས་རྟོག་མེད་ཀྱི་སེམས་གསལ་རིག་ཅན་ལ་ཕྲིག་འཛུད་ཐབས་ཁོ་ན་ཙམ་ལས། འགྱུ་ཐོག་དང་སྣང་ཐོག་ལ་བརྟག་དཔྱད་མི་བྱེད་པ་ནི་ཅུང་ཟད་རྩིང་པར་མཐོང་སྟེ། དེ་ལྟར་བྱས་ན་བློ་རིགས་ཕལ་ཆེར་ལ་སེམས་གནས་པའི་ཚེ་སྒོམ་དུ་བདེ་ཡང་། འགྱུ་བ་དང་སྣང་བའི་ཚེ་སྒོམ་དུ་མི་བདེ་བ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འགྱུ་ཐོག་དང་སྣང་ཐོག་ཏུ་བལྟས་པས་དེ་ཞིག་ནས་གསལ་སྟོང་དུ་འགྲོ་ཟེར་བའང་ལས་དང་པོ་པ་ཁ་ཅིག་ལ་དེ་ལྟར་བྱེད་མོད་ཀྱི། གཞན་ནི་དྲན་པས་རྟོག་སྣང་མཉམ་གཞག་གི་ངང་དུ་ཁུགས་པ་ཙམ་ལས་རྟོག་སྣང་ཉིད་གཏན་ལ་ཕེབས་ནས་ལམ་དུ་སློངས་པ་མིན་པས་དེ་
(༣༧༧)ངག་གི་རྣམ་དབྱེ་ཤེས་པར་བྱའོ། །གཉིས་པ་གཞི་རྩལ་སྒྲོ་འདོགས་བཅད་པ་ལ། རྟོག་པ་དང་སྣང་བ་སེམས་ཉིད་དུ་ཐག་བཅད་པ། སེམས་ཉིད་གནས་པ་དང་འགྱུ་བའི་རྩ་བ་བཅད་པ། གང་ཤར་ཐམས་ཅད་སྐྱེ་མེད་དུ་ཐག་བཅད་པ་གསུམ་གྱི། དང་པོ་ནི། གོང་ཉིད་དུ་རྟོག་པ་དང་སྣང་བ་གཏན་ལ་ཕབ་པ་དང་འདིའི་ཁྱད་པར་ཇི་ལྟ་བུ་སྙམ་ན། གོང་དུ་བརྟགས་པ་ནི་རྟོག་སྣང་གི་ངོ་བོ་དབྱིབས་དང་ཁ་དོག་སོགས་ལ་དཔྱད་ནས་རང་བཞིན་མེད་པར་བརྟག་པ་ཡིན་ལ། འདིར་ནི་རྟོག་སྣང་གི་བྱུང་གནས་འགྲོ་གསུམ་ལ་དཔྱད་ནས་སེམས་ཀྱི་ངོ་བོ་དང་དབྱེར་མེད་དུ་བརྟག་པ་སྟེ། འདིར་ཡང་ཇི་སྐད་བཤད་པ་བཞིན་དུ་སོ་སོར་ཞིབ་ཏུ་བརྟག་དཔྱད་བྱ་དགོས་སོ། །དེ་ལ་དང་པོར་རྟོག་པ་སེམས་ཉིད་དུ་ཐག་བཅད་པ་ནི། སེམས་གསལ་སྟོང་གི་ངང་དུ་མཉམ་གཞག་བྱས་ཏེ་དེ་ལས་ཞེ་སྡང་ལྟ་བུའི་རྟོག་པ་ཞིག་ཤར་བའམ་འཆར་དུ་བཅུག་ནས་དེའི་བྱུང་གནས་འགྲོ་
(༣༧༨)གསུམ་ལ་དཔྱད་པར་བྱ་བ་ལས། ཐོག་མར་རྟོག་པ་དེ་གཞིའམ་རྒྱུ་ཅི་ལས་བྱུང་བརྟགས་པས་བྱུང་ས་གཞན་མི་རྙེད་ཀྱང་སེམས་ཉིད་ལས་བྱུང་སྙམ་ན། མ་ལས་བུ་སྐྱེས་པ་ལྟར་སོ་སོར་ཆུགས་ཐུབ་པར་བྱུང་ངམ། ཉི་ཟླ་ལས་འོད་འཕྲོས་པ་ལྟར་རང་རྩལ་ལ་ཤར་རམ། སེམས་ཉིད་དེ་ཀ་རྣམ་རྟོག་དེར་སོང་ལ་སོགས་པ་བརྟག །བར་དུ་ཚུལ་ཇི་ལྟར་གནས་བལྟས་པས་གནས་ཚུལ་གཞན་མི་རྙེད་ཀྱང་ཞེ་སྡང་གི་རྣམ་པར་སྣང་སྙམ་ན། ཞེ་སྡང་དེ་ཉིད་ཀུན་སློང་དྲག་པོའི་བདེན་འཛིན་དང་བཅས་པར་སྣང་ངམ། ཞེ་སྡང་ལྟ་བུའི་རྣམ་པ་ལ་ངོ་བོ་ངོས་བཟུང་རྒྱུ་འདི་ཡིན་མེད་པའི་ཕྱལ་ལེ་བ་ལྟ་བུ་ཞིག་ཏུ་འདུག་བརྟག །མཐར་ཇི་ལྟར་སོང་བརྟགས་པས་སོང་ས་གཞན་མི་རྙེད་ཀྱང་དངོས་མེད་དུ་སོང་སྙམ་ན། རྟོག་པ་དེ་ཉིད་བཀག་ནས་དངོས་མེད་དུ་སོང་ངམ་སངས་ནས་སོང་། བཀག་ན་སུས་བཀག་རྐྱེན་ཅིས་དགགས། སངས་ན་རྐྱེན་གྱིས་སངས་པ་དང་རང་སངས་ལ་སོང་བ་
(༣༧༩)བརྟག །འདིའི་རིགས་པ་སྦྱར་ནས་རྣམ་རྟོག་ཕྲ་རགས་གཞན་ཐམས་ཅད་ལའང་ཞིབ་ཏུ་བརྟག་ཅིང་དཔྱད། དེ་ནས་ཁྱད་པར་དུ་སྐྱིད་པའི་རྟོག་པ་དང་སྡུག་པའི་རྟོག་པ་ལྟ་བུ་རྒྱབ་འགལ་གྱི་རྟོག་པ་གཉིས་རིམ་གྱིས་སྤྲོས་ལ། དེ་གཉིས་ཀྱི་རྣམ་པ་དང་ངོ་བོ་ལ་སོ་སོར་བརྟགས་ནས་མཐར་དེ་གཉིས་ལ་ངོ་བོ་བཟང་ངན་སོགས་ཀྱི་ཁྱད་པར་ཅི་འདུག་ལ་སོགས་པ་བརྟག་པར་བྱའོ། །དེ་ལྟར་བརྟགས་པས་རྟོག་པའི་བྱུང་གནས་འགྲོ་གསུམ་ཚུལ་དང་མཐུན་པ་མི་རྙེད་ཀྱང་། རྟོག་པ་དང་སེམས་ཉིད་ཐ་དད་དང་ཕྱི་ནང་དང་ལུས་དང་ཡན་ལག་ལྟ་བུའི་གཉིས་འཛིན་གྱི་བློ་ཞིག་སྟེ། རྣམ་རྟོག་སྣ་ཚོགས་རྣམ་པ་ཅིར་ཤར་ཡང་ངོ་བོ་ངོས་བཟུང་མེད་པ་གསལ་སྟོང་དུ་ཉམས་སུ་མྱོང་ནས། སེམས་ཉིད་དང་རྣམ་རྟོག་དབྱེར་མེད་པ་ཆུ་དང་ཆུ་རླབས་ལྟར་ཤེས་དགོས་ཏེ། དཔེར་ན་ཆུ་རླབས་ནི་ཆུ་ལས་མ་འདས་ཤིང་ཆུ་ཉིད་རླབས་སུ་ཤར་ལ་ཤར་ཡང་ཆུའི་ངོ་བོ་ལས་
(༣༨༠)གཞན་མ་ཡིན་ནོ། །དེ་བཞིན་དུ་རྣམ་རྟོག་སྣ་ཚོགས་ཀྱང་ཤར་ཙམ་ཉིད་ནས་སེམས་ཉིད་གསལ་སྟོང་དེ་ལས་མ་འདས་ཤིང་། སེམས་ཉིད་དེ་ཡང་སྒོམ་འགགས་པས་རྣམ་རྟོག་ཅི་རིགས་སུ་ཤར་ལ། དེར་ཤར་ཡང་ངོ་བོ་ངོས་བཟུང་མེད་པའི་སེམས་ཉིད་གསལ་སྟོང་དེ་ཉིད་ལས་གཞན་མ་ཡིན་པར་ཐག་ཆོད་པར་བྱའོ། །དེ་ནས་སྣང་བ་སེམས་སུ་ཐག་བཅད་པ་ནི། སྔར་ལྟར་མཉམ་གཞག་གི་ངང་ནས་གཟུགས་སྣང་ལྟ་བུ་གང་ཡང་རུང་བ་ཞིག་རྣམ་པ་གསལ་ལམ་གྱི་འཆར་དུ་བཅུག་ལ། ཐོག་མར་དེའི་བྱུང་གནས་འགྲོ་གསུམ་གོང་བཞིན་དུ་བརྟག །དེ་ནས་གཟུགས་སྣང་དང་སེམས་ཐ་དད་དུ་འདུག་གམ་གཅིག་ཏུ་འདུག །ཐ་དད་ན་དེ་གཉིས་ཕན་ཚུན་ནམ་ཕྱི་ནང་ངམ་སྟེང་འོག་སོགས་སུ་འདུག་བརྟག །དེ་ལྟར་འདུག་ན་རང་རྐྱ་ཐུབ་པའི་ངོ་བོ་གཉིས་སོ་སོར་གྲུབ་པ་འདུག་གམ། སེམས་གཟུགས་སྣང་དུ་སྣང་བ་ཙམ་དུ་འདུག་བརྟག །སེམས་གཟུགས་སྣང་དུ་སྣང་བ་ཙམ་
(༣༨༡)ཡིན་ན་སེམས་གཅིག་ཁོ་ན་ལས་མེད་པས་ཐ་དད་དུ་མ་གྲུབ་པར་བརྟག །གལ་ཏེ་གཟུགས་སྣང་དང་སེམས་གཅིག་ན་སེམས་གཟུགས་སྣང་དུ་སོང་ནས་གཅིག་གམ། གཟུགས་སྣང་སེམས་སུ་སོང་ནས་གཅིག་ལ་སོགས་པ་ཞིབ་ཏུ་བརྟག །དེའི་རིགས་པ་སྦྱར་ནས་སྒྲ་དང་དྲིའི་སྣང་བ་ལ་སོགས་པ་སྣང་བ་གཞན་ཕྲ་རགས་ཐམས་ཅད་ལ་བརྟག །ཁྱད་པར་དུ་མཛེས་མི་མཛེས་དང་སྙན་མི་སྙན་ལ་སོགས་པ་རྒྱབ་བསྣོལ་གྱི་སྣང་བ་གཉིས་རིམ་པས་སྣང་དུ་བཅུག་ལ། དེ་གཉིས་ཀྱི་རྣམ་པ་དང་ངོ་བོ་ལ་བརྟག་པ་དང་མཐར་ངོ་བོ་ལ་བཟང་ངན་སོགས་ཀྱི་ཁྱད་པར་ཡང་བརྟག་པར་བྱའོ། །དེ་ལྟར་བརྟགས་པས་སྣང་བ་དང་སེམས་ཉིད་ཐ་དད་པའི་ཕྱི་ནང་དམ་ཕན་ཚུན་ལ་སོགས་པའི་གཉིས་འཛིན་ཞིག་ནས། སྣང་བ་སྣ་ཚོགས་པ་རྣམ་པ་ཅིར་སྣང་ཡང་ངོ་བོ་ངོས་བཟུང་རྒྱུ་མེད་པ་སྣང་སྟོན་དུ་ཉམས་སུ་མྱོང་ནས། སེམས་ཉིད་དང་སྣང་བ་དབྱེར་མེད་པ་རྨི་ལམ་གྱི་སེམས་
(༣༨༢)དང་རྨི་ལམ་གྱི་སྣང་བ་ལྟར་ཤེས་དགོས་ཏེ། དཔེར་ན་རྨི་ལམ་ན་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་ཤར་ཡང་རྨི་ལམ་གྱི་ཤེས་པ་ཉིད་ལས་མ་འདས་ཤིང་། རྨི་ལམ་གྱི་སྣང་བ་དང་རྨི་ལམ་གྱི་ཤེས་པ་དབྱེར་མེད་དོ། །དེ་བཞིན་དུ་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་སྣང་ཡང་སྣང་ཙམ་ཉིད་ནས་སེམས་ཉིད་འགག་པ་མེད་པའི་འཆར་སྒོ་ཙམ་ལས་མ་འདས་ཤིང་། སྣ་ཚོགས་པར་སྣང་བའི་སྣང་བ་དང་རང་གི་སེམས་ཉིད་དབྱེར་མེད་དུ་ཤེས་པར་བྱའོ་དེ་ལྟར་ན་སྣང་བ་སྣ་ཚོགས་ཕྱིར་མ་ཆད་སེམས་ཉིད་ནང་དུ་མ་ལུས་པར་སྣང་སེམས་གཉིས་མེད་དུ་ཐག་བཅད་དོ། །འོན་ཀྱང་སྤྱི་མཐུན་གྱི་ལས་དང་བག་ཆགས་མ་དག་པ་དེ་སྲིད་དུ། དེས་བསྡུས་པའི་ཡུལ་དང་དབང་པོ་དང་ཤེས་པ་གསུམ་གྱི་རྟེན་ཅིང་འབྲེལ་འབྱུང་ཤེས་པ་ཙམ་ལས་སྤྱི་མཐུན་གྱི་སྣང་བ་འཆར་ཚུལ་མི་ལྡོག་པ། སྣང་སེམས་ཀྱི་སྒྲོ་འདོགས་དཔྱིས་ཕྱིན་པར་ཆོད་དེ་སྣང་ཐོག་ཏུ་རེ་དོགས་དང་བྲལ་ཞིང་སྣང་སེམས་
(༣༨༣)འདྲེས་པ་རོ་གཅིག་ཆེན་པོའི་སྐབས་སུ་འབྱུང་བར་བཤད་པས་འདིར་སྐབས་དོན་ཙམ་བཤད་པ་ཡིན་ནོ། །གཉིས་པ་ནི། སྔར་བཞིན་སེམས་གསལ་སྟོང་དུ་མཉམ་པར་བཞག་པའི་ངང་ནས་རྟོག་མེད་དུ་ལྷན་ནེ་གནས་པ་དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཅེར་གྱིས་བལྟས་ནས་བྱུང་གནས་འགྲོ་གསུམ་སྔར་བཞིན་བརྟག །ཡང་དེ་ལས་གང་ཡང་རུང་བའི་རྟོག་པ་ཅིག་ཐོལ་གྱིས་འགྱུ་རུ་བཅུག་ནས་དེ་ལའང་གོང་བཞིན་བརྟགས་པས། གཉིས་ཀ་ལ་བྱུང་གནས་འགྲོ་གསུམ་དང་ངོ་བོ་ངོས་བཟུང་རྒྱུ་གཞན་ཅི་ཡང་མི་རྙེད་ཀྱང་། ཉམས་སྣང་ལ་ལྷན་ནེ་གནས་པ་དང་ཁྱུར་གྱིས་འགྱུ་བ་ལྟ་བུའི་ཁྱད་པར་བྱུང་སྟེ། སླར་དེ་གཉིས་རང་ལ་ངོ་བོ་ངོས་བཟུང་རྒྱུ་ཡོད་མེད་དང་སྟོང་མི་སྟོང་དང་བཟང་ངན་སོགས་ཀྱི་ཁྱད་པར་ཅི་འདུག་བརྟགས་པས་དེ་དག་གི་ཁྱད་པར་མི་རྙེད་ལ། ཁྱད་པར་མེད་པར་གོ་ཡང་མེད་ལུགས་ལ་གནས་འགྱུ་གཉིས་གཅིག་ནས་ཁྱད་པར་མེད་པ་དང་
(༣༨༤)ཐ་དད་ཀྱང་རྣམ་པ་འདྲ་ནས་ཁྱད་པར་མེད་བརྟག །གཅིག་ན་ཐོག་མ་དང་ཐ་མ་དང་བར་གང་དུ་གཅིག་བརྟག །རྣམ་པ་འདྲ་ན་འདྲ་ཚུལ་ཇི་ལྟར་འདྲ་ལ་སོགས་པ་ཞིབ་ཆར་བརྟགས་པས། གནས་འགྱུ་གཉིས་རྒྱུད་ཐ་དད་དུ་ཞེན་ཅིང་འཛིན་པ་ལས་ལོག་སྟེ། གནས་འགྱུ་གཉིས་སུ་མ་ཟད་སྣ་ཚོགས་པའི་འཆར་སྒོ་གང་ཤར་ཐམས་ཅད་སེམས་ཉིད་གཅིག་པུའི་འགྱུར་བ། བརྟགས་ན་ངོས་བཟུང་མེད་བཞིན་དུ་རྣམ་འགྱུར་ཅིར་ཡང་འཆར་བའི་རང་གི་རིག་པ་ཞེས་བྱ་བར་རོ་གཅིག་པ་ཉམས་སུ་མྱོང་སྟེ། དཔེར་ན་ཆུ་དང་རླབས་བཞིན་ནམ་ཉི་མ་དང་འོད་བཞིན་དུ་སེམས་ཉིད་ཀྱི་རང་རྩལ་དུ་ཤེས་ནས། གནས་འགྱུ་གང་བྱུང་ཡང་དགག་སྒྲུབ་དང་སྤང་བླང་མི་དགོས་པར་ཐག་ཆོད་དེ་སེམས་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་དེ་ཀ་རང་སེམས་གསལ་སྟོང་རང་རིག་རང་གསལ་རང་ཤར་རང་གྲོལ་དུ་ངེས་ཤེས་སྐྱེ་དགོས་པ་ཡིན་ནོ། །འོ་ན་སེམས་ཀྱི་ངོ་བོར་གཅིག་བཞིན་དུ་གནས་འགྱུ་གཉིས་ཀྱི་
(༣༨༥)ཉམས་སྣང་སོ་སོར་འཆར་བའི་རྒྱུ་རྐྱེན་ཇི་ལྟར་ཡིན་ཞེ་ན། ལས་ཉོན་གྱི་བག་ཆགས་སམ་རྣམ་སྨིན་ཉེར་ལེན་གྱི་ལུས་ལ་བརྟེན་ནས་དེའི་རླུང་རྒྱུ་ཚུལ་གྱི་མདངས་ཤར་བ་དང་། ཡུལ་དབང་ཤེས་པ་གསུམ་གྱི་རྟེན་འབྲེལ་ལས་འཆར་སྒོ་སྣ་ཚོགས་འབྱུང་བ་ཡིན་ཏེ། བྲམ་ཟེ་ཆེན་པོས། འདི་ན་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འཆར་ལ་ཤིན་ཏུ་མི་སྲུན་འགྱུར། །ཞེས་དང་། མཻ་ཏྲི་པས། སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ཞེས་པ་ལྟར་རོ། །དེ་ཡང་དཔེར་ན་རྒྱ་མཚོའི་ནང་གི་ཤིང་སེམས་མེད་ཀྱང་མཚོ་རླབས་ཀྱིས་གཡོ་བ་ལྟར། ཀུན་གཞིའི་རྣམ་ཤེས་ཀྱང་ལུས་ལ་བརྟེན་ནས་རླུང་གི་རླབས་ཀྱིས་གཡོ་བ་ལྟར་འགྱུར་བ་དང་། ལུས་ལ་མ་བརྟེན་ན་སོ་སོ་རང་རིག་པ་ཡིན་པར་བཤད་དེ་བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་
(༣༨༦)བརྟེན་ནས་ནི་གཡོ་བར་འགྱུར། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡང་རྟོག་ན། །དེ་ནི་སོ་སོ་རང་རིག་ཉིད། །ཅེས་སོ། །སྐབས་འདིར་གནས་འགྱུ་གཉིས་ངོ་བོ་གཅིག་པའི་དོན་ལ། ཁ་ཅིག་གནས་དུས་འགྱུ་བ་ལོགས་ན་མེད་ཅིང་འགྱུ་དུས་གནས་པ་ལོགས་ན་མེད་པ་ལ་འདོད། ལ་ལ་འགྱུ་བ་ལ་བལྟས་པས་དེ་སངས་ནས་གནས་པར་སོང་བ་ལ་འདོད། ཕལ་ཆེར་གནས་ཐོག་ཏུ་འགྱུར་བའི་རང་ངོ་ཤེས་འགྱུ་ཐོག་ཏུ་གནས་པ་རང་སོ་ཚུགས་པ་ལ་འདོད་ཀྱང་། དང་པོ་མིན་ཏེ། སེམས་ཉིད་གཅིག་པུ་རེས་གནས་རེས་འགྱུ་བར་ཤེས་པ་ཙམ་ལས་གཅིག་དགོས་སའི་ངོ་ཐོག་ལ་ཕྲིག་མ་ཚུད་པར་སྣང་བའི་ཕྱིར་རོ། །གཉིས་པ་མིན་ཏེ། འགྱུ་བའི་ངོ་བོ་གཏན་ལ་མ་ཕེབས་པར་འགྱུ་བ་འགགས་དགོས་པར་སྣང་བའི་ཕྱིར་རོ། །གསུམ་པའང་ཅུང་ཟད་མིན་ཏེ། གནས་ཐོག་རང་ངོ་ཤེས་པ་འགྱུ་བ་དང་འགྱུ་བ་ངོས་བཟུང་མེད་པ་གནས་པར་བཞག་པ་ཙམ་ལས་ངོ་བོ་གཅིག་ཚུལ་
(༣༨༧)མི་གསལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། སྐབས་འདིར་ནི་གོང་དུ་གཏན་ལ་ཕབ་པ་ལྟར་ཆུ་དང་རླབས་ཀྱི་དཔེས་མཚོན་ནས་གནས་འགྱུ་གཉིས་ངོ་བོ་ངོས་བཟུང་མེད་པའི་རང་བཞིན་སྟོང་ཉིད་དུ་རོ་གཅིག་པ་ལ་ཉམས་ཀྱི་འགྱུར་བ་ཐ་དད་དུ་སྣང་བ་ལ་བྱ་དགོས་ཏེ། བྲམ་ཟེ་ཆེན་པོས། ཇི་ལྟར་རླུང་གིས་རྒྱབ་པས་མི་གཡོ་བའི། །ཆུ་ལ་གཡོ་བའི་རྦ་རླབས་རྣམས་སུ་འགྱུར། །དེ་བཞིན་རྒྱལ་པོ་མདའ་བསྣུན་སྣང་བ་ཡང་། །གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས་བྱེད། །ཅེས་པ་ལྟར་རོ། །རིག་ཐོག་ཏུ་གནས་འགྱུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཏགས་པ་སོགས་ནི་སླར་ཡང་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །གསུམ་པ་ནི། སྔར་བཞིན་སེམས་གསལ་སྟོང་གི་ངང་ནས་སེམས་ཉིད་རང་གིས་རང་ལ་བརྟག་པར་བྱ་སྟེ། དེ་ཡང་རྣམ་རྟོག་དང་སྣང་བ་སྣ་ཚོགས་འཆར་བ་ནི་སེམས་ཉིད་འདི་ཀའི་རྩལ་སྣང་ཙམ་དུ་འདུག །ད་ནི་སེམས་ཞེས་མིང་ཙམ་དུ་བཏགས་
(༣༨༨)པ་འདི་རང་གི་གཤིས་ལུགས་སམ་གནས་ལུགས་དེ་ཇི་ལྟ་བུ་སྙམ་དུ་ཅེར་གྱིས་བལྟས་ལ། དང་པོར་རྒྱུ་ཅི་ལས་བྱུང་བརྟགས་ཤིང་དཔྱད་པས་རྒྱུ་འདི་ལས་བྱུང་དང་རྐྱེན་འདིས་བྱས་དང་བཟོ་བོ་དང་མཁན་པོ་འདིས་བཅོས་སོགས་མེད་པས་རྒྱུ་རྐྱེན་ལས་མ་སྐྱེས་པ་གཞི་མེད་རྩ་བྲལ་ཡེ་ནས་ཀྱི་སྐྱེ་མེད་དུ་ཐག་བཅད། བར་དུ་ཚུལ་ཇི་ལྟར་གནས་བརྟགས་པས། དབྱིབས་དང་ཁ་དོག་གནས་ས་དང་བརྟེན་ས་ངོས་བཟུང་དང་རྣམ་འགྱུར་སོགས་སུ་གྲུབ་པ་སྐྲ་རྩེ་ཙམ་ཡང་མེད་པས་ཚུལ་ལུགས་འདི་ལྟ་བུ་ཞེས་གང་དུའང་གནས་ས་མེད་པར་ཐག་བཅད། མཐར་ཅི་འདྲར་སོང་བརྟགས་པས། འདིར་སོང་གི་ཡུལ་དང་རྗེས་མེད་པ། སུས་ཀྱང་མི་ཁེགས་ཤིང་འཆར་སྒོ་མི་འགགས་པས་འཇིག་པའམ་འགག་པ་མེད་པར་ཐག་བཅད། གཞན་ཡང་སེམས་ཉིད་འདི་འདས་པ་ཡིན་ན་འགགས་པའམ་ཞིག་དགོས་ཤིང་། མ་འོངས་པ་ཡིན་ན་མ་བྱུང་ཞིང་མི་འཆར་ལ། ད་ལྟ་བ་ཡིན་ན་ངོས་བཟུང་
(༣༨༩)རྒྱུ་ཞིག་དགོས་པ་ལས། དེ་ལྟར་དུས་གསུམ་གང་དུའང་དཔྱད་མི་ནུས་པས་ཡོད་པའི་མཐའ་དང་བྲལ། གང་དུའང་མ་གྲུབ་ཀྱང་ཅིར་ཡང་འཆར་ཞིང་འཁོར་འདས་ཀྱི་རྩ་བར་གྱུར་པས་མེད་པའི་མཐའ་དང་བྲལ། དངོས་པོ་དང་མཚན་མར་མ་གྲུབ་པས་འདི་ལྟ་བུ་ཞེས་དཔེ་གང་གིས་ཀྱང་དཔྱིས་ཕྱིན་པར་མཚོན་དུ་མེད། ཐོག་མར་རྒྱུས་མ་བསྐྱེད་པས་སྐྱེ་མེད། ད་ལྟ་ངོས་བཟུང་ཐམས་ཅད་དང་བྲལ་བས་གནས་མེད། མཐར་འདིར་སོང་མེད་ཅིང་འཆར་སྒོ་མ་འགགས་པས་འགག་མེད། རྒྱུ་ལས་མ་བྱུང་བས་རྐྱེན་གྱིས་མི་འཇིག་པ། དུས་གློ་བུར་དུ་མ་བྱུང་བས་དུས་ཐམས་ཅད་པ། སྐྱེ་འགག་གནས་ལུགས་དང་བྲལ་བས་རྒྱུན་ཆད་མེད་པ། རྟོགས་མ་རྟོགས་ཐམས་ཅད་ལ་བཟང་ངན་མེད་པར་གནས་པས་འཕེལ་འགྲིབ་མེད་པ། ངོ་ཤེས་མ་ཤེས་ཀུན་ལ་ཡོད་པས་ཐོབ་ཤོར་མེད་པ། དུས་ཀུན་ཏུ་འགྱུར་བ་མེད་པས་གང་བྲི་མེད་པ་ལ་སོགས་པ་སྐྱེ་མེད་ཀྱི་དོན་ལ་སོ་སོར་རྟོག་
(༣༩༠)པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་ནས་སེམས་ཉིད་ཀྱི་གཤིས་སམ་གཞི་རྩ་རྩད་ཆོད་པའི་ཉམས་མྱོང་རྡོ་རུས་ཐུག་པར་དཔྱད་དོ། །དེ་ལྟར་དཔྱད་པས་སེམས་ཀྱི་གནས་ལུགས་བསམ་བརྗོད་ལས་འདས་པ་ཉམས་སུ་མྱོང་ཞིང་། མཐར་དཔྱོད་བྱེད་ཀྱི་སོ་སོར་རྟོག་པ་ཉིད་ཀྱང་རང་ཞི་རང་ཐིམ་དུ་སོང་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་བཤད་དེ། བྲམ་ཟེ་ཆེན་པོས། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་དང་། གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རྣམ་རྟོག་དང་ནི་མི་གཡོ་བརྟག་པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །ཞེས་པ་ལྟར་རོ། །དེ་ལྟར་སེམས་སྐྱེ་མེད་དུ་བརྟག་པའི་ཚུལ་འདི་ནི་སྒོམ་རིམ་བར་པ་ལས། དེས་དེ་ལྟར་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན། དོན་དམ་པར་སེམས་
(༣༩༡)ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འདས་པའི་སེམས་ཀྱང་མི་དམིགས། །མ་འོངས་པ་ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགགས་པའི་ཚེ་ཡང་གང་དུ་ལ་སོགས་པར་མི་འགྲོ་སྟེ། སེམས་ནི་བཟུང་དུ་མེད་པ་བསྟན་དུ་མེད་པ་གཟུགས་ཅན་མ་ཡིན་པའོ། །ཞེས་བཤད་ཅིང་། དེར་དཀོན་བརྩེགས་དྲངས་པ་ལས་ཀྱང་། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ངོ་བོ་ཉིད་མེད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ། །གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ། །ཞེས་སོགས་དང་། ཆོས་ཀྱི་རྒྱལ་པོའི་
(༣༩༢)མདོ་ལས། རིགས་ཀྱི་བུ་གྲོལ་བ་དང་ཐར་པ་འདོད་ན་འདོད་པའི་ཡན་ལག་བཅད་ལ་སེམས་གཉིས་སུ་མི་བསམ་པར་གཅིག་ཏུ་བསམ་སྟེ། ཡོད་བསམ་པའི་སེམས་ཀྱང་སྟོང་ངོ་། །སེམས་ཀྱི་ངོ་བོ་ཉིད་ནི་སྟོང་པ་སྟེ། འགྲོ་བ་ཡང་མེད་བཏང་བ་ཡང་མེད་ཐོབ་པ་ཡང་མེད་དེ་དེའི་མིང་ནི་བྱང་ཆུབ་བོ། །གསོལ་པ། སེམས་ཀྱི་འདུ་ཤེས་བསམ་གྱིས་མི་ཁྱབ་པ་མཆིས་ན། དེ་ལ་འགྲོ་བ་དང་བཏང་བ་དང་ཐོབ་པ་མེད་ཅེས་བགྱི་བ་ཇི་ལྟར་ལགས། བཀའ་སྩལ་པ་བསམ་གཏན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ་ནང་དུ་བལྟ་ཞིང་ནང་དུ་བརྟགས་ན། ཡང་དག་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་དོ། །ཞེས་སོགས་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་མདོ་ལས། དེ་ཕྱིར་སེམས་ནི་གསོག་དང་གསོ་བ། །ཡོད་པ་མིན་པར་རབ་ཤེས་ནས། །འདི་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱི་སྟོང་པའི་ཆོས། །དེ་དག་ལ་ནི་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་བརྟགས་པ་སྟེ། །རང་
(༣༩༣)བཞིན་དེ་ལྟར་རབ་ཏུ་བསྟན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །མཁས་རྣམས་དབུ་མར་དཔྱོད་པར་བྱེད། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་བསྟན་པ་ཡིན། །ཞེས་པ་ལ་སོགས་པ་མདོ་སྔགས་གཉིས་ཀ་ནས་མང་དུ་གསུངས་སོ། །ལྔ་པ་ལྷག་མཐོང་སྐྱེས་མ་སྐྱེས་ཀྱི་ཁྱད་པར་ནི། དེ་ལྟར་ལྷག་མཐོང་སྒོམ་པའི་སྐབས་རྣམས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན། ཁ་ཅིག་ཞི་གནས་ཀྱི་གནས་ཆ་ཤས་ཆེ་བས་ཇི་ལྟར་དཔྱད་ཀྱང་དཔྱད་དོན་ལ་ཕྲིག་ཅིང་ཡང་མི་ཚུད་པར་ཇི་ཙམ་དཔྱད་པ་ཙམ་དུ་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཉིད་ཤར་ནས་དཔྱད་དོན་ཐམས་ཅད་དེའི་ཐོག་ཏུ་བབས་པའི་ངེས་ཤེས་སྐྱེས་པ་ལ་ངོ་བོ་མཐོང་བར་འཁྲུལ་པ་དང་། ལ་ལ་གཞི་གནས་ཀྱི་སྟོང་ཉམས་ཤས་ཆེ་བས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྟོང་ཉམས་ཤར་བ་ལ་ངོ་བོ་མཐོང་བར་འཁྲུལ་པའང་འབྱུང་སྟེ། དེ་དག་ལ་རེ་ཞིག་
(༣༩༤)ཞི་གནས་ཀྱི་ཉམས་སྣང་དང་དེའི་འཛིན་པ་སེལ་ཐབས་བྱས་དེ་ཤེས་པ་ཉམས་ཀྱི་རླན་དང་ཕྲལ་ནས་སླར་ལྷག་མཐོང་བསྒོམས་པས་དོན་འགྲུབ་ལ། བློ་དམན་ཞིང་ལས་སྒྲིབ་ཚན་ཆེ་བ་འགའ་ཞིག་ལའང་ཇི་ཙམ་དཔྱད་ཀྱང་ངོ་བོ་མི་མཐོང་བ་འོང་སྟེ། དེ་ལ་ནི་རེ་ཞིག་བསགས་སྦྱང་གི་ཐབས་ལ་བརྩོན་པ་དང་། ཞི་གནས་ཀྱི་གསལ་ངར་བསྐྱེད་དེ་བསྐྱང་ནས་ཅི་ཞིག་ན་ལྷག་མཐོང་སྒོམ་མོ། །གཞན་ཡང་ཁ་ཅིག་རྣམ་དཔྱོད་ཆེ་བས་དོན་སྤྱིའི་གོ་བ་བཟང་པོ་ཤར་བ་ལ་མྱོང་བ་སྐྱེས་པར་རློམ་པ་དང་། གཞན་དག་ཐོས་པ་ཆེ་བས་སྨྲ་མཁས་ཀྱང་ཉམས་མྱོང་མེད་པ་དང་། ཅི་རིགས་ནི་ངག་ཏུ་བརྗོད་མ་ཤེས་ཀྱང་སྐབས་ཐོབ་ཀྱི་ཉམས་མྱོང་སྐྱེས་ནས་ངོ་ཐོག་ཏུ་བློ་ཐག་ཆོད་པའང་འབྱུང་བས་དེ་དག་གི་རྣམ་དབྱེ་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། ལྷག་མཐོང་མ་སྐྱེས་པའི་སྒོམ་ཇི་ལྟར་བཟང་ཡང་མུ་སྟེགས་པ་དང་ནང་ལ་ཐུན་མོང་བའི་འཇིག་རྟེན་པའི་སྒོམ་ཅི་རིགས་ཙམ་ལས་ཐེག་
(༣༩༥)དམན་པའི་སྒོམ་དུའང་མི་འགྲོ་ན། ཐེག་ཆེན་དབུ་མ་པ་དང་ཁྱད་པར་ཕྱག་ཆེན་གྱི་སྒོམ་དུ་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ལྷག་མཐོང་སྒོམ་པ་ལ་ནན་ཏན་དུ་བྱ་བ་གལ་ཆེ་བ་ཡིན་ནོ། །འོ་ན་ལྷག་མཐོང་སྐྱེས་པའི་ཚད་ཅི་ཙམ་ལ་འཇོག་སྙམ་ན། ཆོས་ཉིད་གྱི་བདེན་པ་མངོན་སུམ་དུ་རྟོགས་པའི་ལྷག་མཐོང་ཕྱིན་ཅི་མ་ལོག་པ་ནི་སྤྲོས་བྲལ་ཆེན་པོའི་སྐབས་ཙམ་ལས་མི་འཆར་ལ། འདིར་ནི་སོ་སོ་སྐྱེ་བོའི་བློ་ཡུལ་དུ་འཆར་བའི་ལྷག་མཐོང་ཙམ་སྟེ། དཔེར་ན་ཆོས་གཅིག་གི་ཟླ་བ་ལ་ཉ་གང་བ་ལྟ་བུའི་བྱེད་ལས་མེད་ཀྱང་ཟླ་བའི་ཐ་སྙད་འཇོག་པ་ལྟར་རོ། །དེས་ན་འདིར་ནི་གོང་དུ་ཇི་སྐད་བཤད་པའི་རང་སེམས་དང་དེའི་རྩལ་ལས་ཤར་བའི་རྟོག་པ་དང་སྣང་བས་བསྡུས་པ། མདོར་ན་གཟུང་འཛིན་གྱི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་མ་ཚང་རིག་ཅིང་། དེ་དག་གི་ངོ་བོ་ཉིད་དམ་རང་བཞིན་མེད་པའི་
(༣༩༦)མྱོང་བ་ངེས་ཤེས་དང་བཅས་པ་གཏིང་ནས་རྙེད་པ་ཅིག་ལ་སྐབས་འདིའི་ལྷག་མཐོང་དུ་བྱེད་དགོས་ཏེ། ཤེས་བྱེད་ཀྱི་ལུང་རྣམས་ནི་བཤད་ཟིན་པ་དང་འཆད་པར་ཡང་འགྱུར་རོ། །རེ་ཞིག་དེ་ཙམ་ཡང་མ་སྐྱེས་ན་སྒྲུབ་བརྒྱུད་འདི་ཉིད་ཀྱི་བླ་མ་རྣམས། རང་གི་སེམས་ཉིད་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བའི་སྟོང་པ་དང་། དེ་རང་རིག་ཅིང་རང་གསལ་བ་གཉིས་ཚོགས་པའི་སེམས་ལ་སེམས་ཀྱིས་ཕྲིག་ཚུད་པའི་མྱོང་བ་རྙེད་པ་ལ་ལས་དང་པོ་པའི་ལྷག་མཐོང་དུ་འཇོག་པར་སྣང་སྟེ། དེ་ཙམ་ཞིག་ཐོག་མར་བསྐྱང་བས་ལྷག་མཐོང་ཕྱིན་ཅི་མ་ལོག་པ་རིམ་གྱིས་འཆར་བར་བཞེད་དོ། །ལྷག་མཐོང་གྲུབ་པའི་ཚད་ལ། མདོ་ཕྱོགས་ནས་སྔོན་དུ་ཞི་གནས་ཀྱི་ཤིན་སྦྱངས་གྲུབ་པའི་ཐོག་ཏུ་ལྷག་མཐོང་བསྒོམས་པའི་མཐུས་ཤིན་སྦྱངས་སྐྱེས་པ་ལ་ལྷག་མཐོང་མཚན་ཉིད་པ་དང་། དེ་མན་ཆད་ཀྱི་ལྷག་མཐོང་ནི་ལྷག་མཐོང་རྗེས་མཐུན་པར་གསུངས་ལ། འདིར་ནི་དེ་ལྟ་བུའི་ངེས་པ་མེད་དེ།
(༣༩༧)ཤིན་སྦྱངས་མ་ཐོབ་པའི་སེམས་རྩེ་གཅིག་པའང་ཞི་གནས་སུ་བྱེད་པ་བཞིན་དུ་ཤིན་སྦྱངས་མ་ཐོབ་པའི་ལྷག་མཐོང་གི་ཕྱོགས་ཀྱི་རྟོག་དཔྱོད་ཡན་ཆད་ཀྱང་ལྷག་མཐོང་གི་ཁོངས་སུ་བསྡུད་པ་མན་ངག་པའི་ལུགས་ཕལ་ཆེར་ལས་འབྱུང་བའི་ཕྱིར་དང་། ལྷག་མཐོང་གི་དབྱེ་བ་ལ། ཆོས་རྣམ་འབྱེད་སོགས་བཞི་དང་། མཚན་མ་ལས་བྱུང་བ་སོགས་གསུམ་གསུངས་པས་ལྷག་མཐོང་གི་དབྱེ་བ་ལྷག་མཐོང་དུ་བསྡུ་བ་སྐབས་སུ་བབ་པའི་ཕྱིར་རོ། །ཉན་ས་ལས་ནི་ཞི་གནས་ཀྱི་སྐབས་སུ་བཤད་པའི་ཡིད་བྱེད་པ་ཞི་ལྷག་མཐོང་ལའང་ཡོད་པར་བཤད་པས། དེ་ལྟར་ན་ལྷག་མཐོང་གི་སྐབས་ཀྱི་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ནས་བཟུང་སྟེ་ལྷག་མཐོང་གྲུབ་པར་བཞག་ཀྱང་འགལ་བ་མེད་དེ། དེར་ལྷག་མཐོང་ལ་རྒྱུན་ཆད་མེད་པར་འཇུག་པ་ཐོབ་པའི་ཕྱིར་རོ། །འོན་ཀྱང་མདོ་དང་སྔགས་དང་མན་ངག་པ་རྣམས་
(༣༩༨)ལ་ཞི་ལྷག་སྒྲུབ་ཚུལ་དང་ངོ་བོ་ངོས་འཛིན་ཚུལ་དང་ཟུང་དུ་འབྲེལ་ཚུལ་ལ་རྣམ་གཞག་མི་འདྲ་བ་དུ་མ་ཞིག་སྣང་བས་འདིར་ནི་མན་ངག་པའི་ལུགས་གཙོ་བོར་བྱས་ཏེ་བཤད་པ་ཡིན་ནོ། །དྲུག་པ་འདི་ཉིད་ཀྱི་ལྷག་མཐོང་ཚུལ་གཞན་དང་སྦྱོར་བ་ནི། མདོ་དགོངས་འགྲེལ་སོགས་ལས་ཆོས་རྣམ་འབྱེད་སོགས་ཀྱི་ལྷག་མཐོང་བཞི་བཤད་པ་དང་སྦྱར་ན། འདིར་སེམས་ཀྱི་རྩལ་ལས་ཤར་བ་རྟོག་པ་དང་སྣང་བས་བསྡུས་པའི་གཟུང་འཛིན་གྱི་ཆོས་ཇི་སྙེད་ལ་དམིགས་པ་ནི་ཆོས་རྣམ་འབྱེད་ཀྱི་ལྷག་མཐོང་ཡིན་ཏེ། ཤེས་བྱ་ཇི་སྙེད་པའི་ཆོས་མཐའ་དག་ལ་དམིགས་ནས་དེ་དག་རྣམ་པར་འབྱེད་པའི་ཕྱིར་རོ། །གཟུང་འཛིན་གྱི་དངོས་པོ་དེ་དག་ཀྱང་རང་རང་གི་ངོ་བོ་ཉིད་མེད་པར་དམིགས་པ་ནི་རབ་ཏུ་རྣམ་འབྱེད་ཀྱི་ལྷག་མཐོང་ཡིན་ཏེ། ཤེས་བྱ་ཇི་ལྟ་བའི་དོན་ལ་དམིགས་ནས་རྣམ་པར་འབྱེད་པའི་ཕྱིར་རོ། །དོན་དེ་གཉིས་ལ་མཚན་འཛིན་དང་བཅས་ཏེ་རྣམ་པར་རྟོག་
(༣༩༩)པ་ནི་ཡོངས་སུ་རྟོག་བྱེད་ཀྱི་ལྷག་མཐོང་ཡིན་ཏེ། སོ་སོར་རྟོག་པ་དང་བཅས་པས་ཇི་ལྟ་ཇི་སྙེད་ཀྱི་དོན་རགས་པ་རྣམས་མཚན་འཛིན་དང་བཅས་པས་རྣམ་པར་རྟོག་པའི་ཕྱིར་རོ། །དོན་དེ་གཉིས་ལ་ཞིབ་ཏུ་དཔྱོད་པ་ནི་ཡོངས་སུ་དཔྱོད་བྱེད་ཀྱི་ལྷག་མཐོང་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱི་དོན་ཕྲ་ཞིང་ཕྲ་བའང་ཡང་དག་པར་དཔྱོད་པའི་ཕྱིར་རོ། །དེ་ལྟར་ཡང་ཉན་ས་ལས། དེ་ལ་ཇི་ལྟར་རྣམ་པར་འབྱེད་པར་བྱེད་ཅེ་ན། དཔྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་ཡིན་ནོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་རྟོག་
(༤༠༠)པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པར་བྱེད་དོ། །ཞེས་སོ། །ཡང་དགོངས་འགྲེལ་ནས་མཚན་མ་ལས་བྱུང་བའི་ལྷག་མཐོང་སོགས་གསུམ་བཤད་པ་དང་སྦྱར་ན། འདིར་ལྷག་མཐོང་གི་དམིགས་ཡུལ་མཐའ་དག་ལ་རྣམ་པར་རྟོག་པའི་ཚུལ་རྣམས་ནི་མཚན་མ་ལས་བྱུང་བའི་ལྷག་མཐོང་ཡིན་ཏེ། ལྷག་མཐོང་གི་དམིགས་ཡུལ་རྣམ་རྟོག་དང་བཅས་པའི་གཟུགས་བརྙན་ཁོ་ན་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་དག་ངོ་བོ་ཉིད་མེད་པ་རྟོགས་པར་བྱེད་པའི་ཚུལ་རྣམས་ནི་ཡོངས་སུ་འཚོལ་བ་ལས་བྱུང་བའི་ལྷག་མཐོང་ཡིན་ཏེ། སྔར་མ་རྟོགས་པའི་རྟོགས་བྱ་རྟོགས་པར་བྱེད་པའི་ཡིད་བྱེད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་གྲོལ་བ་ཐོབ་ནས་གོམས་པར་བྱེད་པའི་ཚུལ་རྣམས་ནི་སོ་སོར་རྟོག་པ་ལས་བྱུང་བའི་ལྷག་མཐོང་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་ནས་རྣམ་པར་གྲོལ་བས་ཡང་དག་པའི་
(༤༠༡)བདེ་བ་ལ་རེག་པར་བྱ་བའི་ཕྱིར་གོམས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་དགོངས་འགྲེལ་ལས། མཚན་མ་ལས་བྱུང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཡོངས་སུ་འཚོལ་བ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས། ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཞེས་སོ། །དེ་ལྟ་བུའི་ལྷག་མཐོང་གི་དབྱེ་བ་མདོ་དང་དགོངས་འགྲེལ་རྣམས་ལས་གསུངས་པ་ཙམ་ལས་
(༤༠༢)སོ་སོར་གཏན་ལ་འབེབས་ཚུལ་སྒོམ་རིམ་རྣམས་སུ་མ་བཤད་ལ། དེ་དག་གི་གནད་བསྡུས་ནས་བདག་མེད་གཉིས་གཏན་ལ་འབེབས་ཚུལ་ཉིད་མདོ་ཕྱོགས་ལ་རྒྱ་བོད་གཉིས་ཀར་གྲགས་ཆེ་བས་ཚུལ་དེ་དག་དང་སྦྱར་ན། འདིར་སེམས་ཀྱི་ངོ་བོ་གཏན་ལ་འབེབས་པ་ནི་མདོ་ཕྱོགས་སུ་གང་ཟག་གི་བདག་མེད་གཏན་ལ་འབེབས་པ་དང་ཚུལ་མཚུངས་ཏེ། མདོ་ཕྱོགས་སུ་རིག་པ་དང་བཅས་པས་ཕུང་པོའི་རྒྱུན་འཛིན་པ་ལ་གང་ཟག་དང་། དེས་རང་རྟག་པ་དང་གཅིག་པུར་བཟུང་ནས་ང་བདག་ཏུ་ཞེན་ཅིང་འཛིན་པ་གང་ཟག་གི་བདག་དང་། དེ་རང་བཞིན་མེད་པར་ཤེས་པ་གང་ཟག་གི་བདག་མེད་དུ་བྱེད་པ་བཞིན་དུ། འདིར་ཡང་རང་རྟག་པ་དང་གཅིག་པུར་བཟུང་ནས་ང་བདག་ཏུ་འཛིན་མཁན་ནི་རང་གི་སེམས་ཉིད་ཡིན་ལ། དེ་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ། །དེ་བཞིན་དུ་རྟོག་པ་དང་སྣང་བ་གཏན་ལ་འབེབས་པ་ནི་མདོ་ཕྱོགས་སུ་ཆོས་ཀྱི་
(༤༠༣)བདག་མེད་གཏན་ལ་འབེབས་པ་དང་ཚུལ་མཚུངས་ཏེ། མདོ་ཕྱོགས་སུ་གང་ཟག་གི་བདག་དེས་བརྟགས་པའི་ཕུང་ཁམས་ལ་སོགས་པ་རྣམས་ཆོས་དང་། དེ་དག་རང་མཚན་པའི་དངོས་པོར་ཞེན་ཅིང་འཛིན་པ་ཆོས་ཀྱི་བདག་དང་། དེ་རང་བཞིན་མེད་པར་ཤེས་པ་ཆོས་ཀྱི་བདག་མེད་ཡིན་པ་བཞིན་དུ། འདིར་ཡང་སེམས་ཉིད་ཀྱིས་བརྟགས་པའི་སེམས་བྱུང་དང་ཕྱི་རོལ་གཟུགས་སྒྲ་སོགས་ཀྱི་སྣང་བ་རང་མཚན་པ་རྣམས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ། །འོན་ཀྱང་ཡུལ་དང་ཡུལ་ཅན་གཏན་ལ་འབེབས་ཚུལ་གྱི་གོ་རིམ་ནི་མི་འདྲ་སྟེ། མདོ་ཕྱོགས་རྣམས་སུ་ཐོག་མར་གཟུང་བྱའི་ཡུལ་གཏན་ལ་མ་ཕེབས་པར་ཡུལ་ཅན་འཛིན་པའི་སེམས་གཏན་ལ་མི་ཕེབས་པར་བཤད་དེ། ཆོས་ཀྱི་གྲགས་པས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤང་བར་ནི་ནུས་མ་ཡིན། །ཞེས་དང་། ཨཱརྱ་དེ་ཝས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་
(༤༠༤)པའི་ས་བོན་འགག་པར་བྱེད། །ཅེས་པ་ལྟར་རོ། །འདིར་ནི་དེ་ལྟར་བྱས་ན་སླར་འཛིན་པའི་སེམས་གཏན་ལ་འབེབས་པ་ཚེགས་ཆེ་ལ། ཐོག་མར་འཛིན་པའི་སེམས་གཏན་ལ་ཕེབས་པས། དེས་བཟུང་བའི་ཡུལ་རང་གྲོལ་ལྟར་གཏན་ལ་ཕེབས་སླ་བར་བཞེད་དེ། ལྗོན་ཤིང་རྩ་བ་བཅད་པས་ཡལ་ག་དང་ལོ་འདབ་སྐམས་པའི་དཔེ་དང་སྦྱར་ནས་ཏཱེ་ལོ་པས་གསུངས་པ་ལྟར་སྙིང་པོ་དོན་གྱི་གདམས་ངག་ཐམས་ཅད་ལས་འབྱུང་ངོ་། །དེ་དག་གིས་ལྷག་མཐོང་གི་སྒོ་ནས་འཁྲིད་ཚུལ་བཤད་ཟིན་ཏོ།། ༈ །།གཉིས་པ་དགེ་སྦྱོར་ངོ་སྤྲོད་པའི་རིམ་པ་ལ། སྔོན་དུ་ངེས་པར་བྱ་བའི་རྣམ་གཞག །ལྷན་ཅིག་སྐྱེས་པ་ངོ་སྤྲོད་པ་དངོས། སྐྱོན་སེལ་ཞིང་སྒོམ་དོན་ངོས་བཟུང་བ་གསུམ་ལས། དང་པོ་ལ། སེམས་ཀྱི་གནས་ལུགས་གཏན་ལ་དབབ་པ་དང་། ལྷན་ཅིག་སྐྱེས་པའི་རྣམ་ངེས་བཤད་པ་གཉིས་ཀྱི། དང་པོ་ལ། སེམས་ཀྱི་ངོ་བོ། སེམས་ཀྱི་རང་བཞིན། སེམས་
(༤༠༥)ཀྱི་མཚན་ཉིད་གསུམ་ལས། དང་པོ་ནི། སྤྱིར་སེམས་ཀྱི་གནས་ཚུལ་ལ་ངོ་བོ་དང་རང་བཞིན་དང་མཚན་ཉིད་དམ་རྣམ་པ་གསུམ་གྱི་ཐ་སྙད་བཞག་ཀྱང་དོན་དུ་སེམས་ཀྱི་ངོ་བོ་ཉིད་ལས་གཞན་མིན་ཏེ། མན་སྙེར། དངོས་པོ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ཏོ། །ཞེས་པ་ལྟར་རོ། །འོན་ཀྱང་ལྡོག་པའི་སྒོ་ནས་ཕྱེ་ན། ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་ཕྱེ་ནས་སོ་སོའི་ངོས་འཛིན་ཡང་བཤད་དེ། རྗེ་སྒམ་པོ་པས། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་གསུམ་ལས། ངོ་བོ་གསལ་ལ་རྟོག་པ་མེད་པ། རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བ། མཚན་ཉིད་འཁོར་འདས་གཉིས་སུ་སྣང་བ། ཞེས་དང་། ཡང་སེམས་ཀྱི་རང་བཞིན་ངོ་བོ་མཚན་ཉིད་གསུམ་ཡིན། སེམས་ཀྱི་རང་བཞིན་བྱ་བ་རང་བཞིན་གྱིས་དག་པ་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་འདུས་མ་བྱས་དེ་ཡིན་ནོ། །སེམས་ཀྱི་ངོ་བོ་བྱ་བ་རིག་པ་སྐྱེ་འགག་མེད་པ་དེ་ཡིན་ནོ། །སེམས་ཀྱི་
(༤༠༦)མཚན་ཉིད་བྱ་བ་བག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡིན་ནོ། །ཞེས་དང་། རྗེ་ཕག་མོ་གྲུ་པས། གཉིས་སུ་མེད་པ་ཕྱག་རྒྱ་ཆེ། །མཚན་ཉིད་ངོ་བོ་རང་བཞིན་གསུམ། །རང་བཞིན་གསལ་ལ་གོ་མ་འགགས། །ངོ་བོ་སྐྱེ་འགག་སྤྲོས་དང་བྲལ། །མཚན་ཉིད་འཁོར་འདས་དུ་མར་སྣང་། །ཞེས་གསུངས་ཏེ། དོན་ལ་སེམས་ཀྱི་ངོ་བོ་དང་རང་བཞིན་ཕྱོགས་མཐུན་པར་གསུངས་སོ། །རྗེ་རང་བྱུང་བས། ངོ་བོ་སྟོང་ལ་རང་བཞིན་གསལ། རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་བཤད་པའི་རྣམ་པ་ནི་མཚན་ཉིད་དང་མཐུན་པ་ཡིན་ནོ། །དེ་ལྟར་ན་སེམས་ཀྱི་ངོ་བོ་ནི། གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་ཁམས་སྐྱེ་མཆེད་སོགས་གཟུང་འཛིན་གྱི་རྟོག་པས་མ་གོས་པ། ཆོས་ཐམས་ཅད་ཀྱི་ངོ་བོ་བདག་མེད་མཉམ་པ་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་དུ་གནས་ཏེ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་
(༤༠༧)སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་སྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་སོ། །དེས་ན་སྔར་བཤད་པ་ལྟར་སེམས་ཀྱི་ངོ་བོ་ལ་ཚུལ་མཐའ་དག་གིས་དཔྱད་ཅིང་བཙལ་བ་ན་མཚན་གཞིར་གྲུབ་པ་ཅི་ཡང་མ་རྙེད་ཅིང་འཚོལ་མཁན་གྱི་བློའི་སྤྲོས་པ་ཉིད་ཀྱང་རང་ཞི་རང་ཟད་པ་ནི་དོན་དམ་པ་དང་ཡེ་ནས་གནས་པའི་ཆོས་ཉིད་སྟོང་པ་ཉིད་དུ་བཤད་དེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིག་པས་བཏགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་ཀྱང་ཡིན་ཏེ། ཨཱརྱ་དེ་ཝས། དངོས་
(༤༠༨)གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །ཅེས་དང་། བཞི་བརྒྱ་པར། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་དང་། བདེན་གཉིས་ལས། སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཞེས་སོ། །གཉིས་པ་ནི། བརྒྱད་སྟོང་པར། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། ལང་གཤེགས་ལས། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དག །ཅེས་པ་ལ་སོགས་པ་སེམས་ཀྱི་རང་བཞིན་འོད་གསལ་བར་གསུངས་པ་ཤིན་ཏུ་མང་ལ། འོད་གསལ་བ་ཞེས་པའི་དོན་ནི། སྐྱེ་འགག་ལ་སོགས་པའི་སྤྲོས་པས་དག་ཅིང་མ་གོས་པ། ཕུང་ཁམས་ལ་སོགས་པའི་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། ནམ་མཁའ་ལྟར་རྣམ་པ་ཀུན་ཏུ་འགྱུར་བ་མེད་པ། ནམ་མཁའི་རང་བཞིན་དང་གཉིས་སུ་མེད་པ་ལ་བཤད་དེ། ཉེ་བ་འཁོར་གྱིས་ཞུས་པ་ལས། སེམས་འདི་རང་བཞིན་འོད་གསལ་རྣམ་དག་ཅིང་།
(༤༠༩)རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། །ཞེས་དང་། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་དང་། ཡེ་ཤེས་སྣང་བ་བརྒྱན་ལས། འཇམ་དཔལ། བྱང་ཆུབ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཅིའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཉམ་པ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་ཡང་དག་པར་འདུ་བ། ནམ་མཁའ་ལྟ་བུས་ཏེ། རང་བཞིན་གྱིས་ཤིན་ཏུ་འོད་གསལ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེ་ནི་ནང་དང་ཕྱི་དང་གཉིས་ཀའི་བར་ནའང་མི་དམིགས་སོ། །ཞེས་དང་། ནམ་མཁའི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཡིན་ལ། སེམས་
(༤༡༠)ཀྱི་རང་བཞིན་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་བས་ན་སེམས་དང་ནམ་མཁའི་དབྱིངས་དང་བྱང་ཆུབ་ཀྱི་སེམས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་དང་། གསང་འདུས་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་སོ། །དེ་ལྟར་ན་མི་མཁས་པ་དག །སེམས་ཀྱི་ཉམས་སྣང་གསལ་ཆ་ཅི་རིགས་ཤར་བ་ལ་རང་བཞིན་གྱིས་འོད་གསལ་བའི་དོན་དུ་རློན་པ་དང་། འོད་གསལ་ཞེས་པའང་ཉིན་བྱེད་ཀྱི་འོད་ལྟར་སྣང་བ་དང་བཅས་པ་ཞིག་ཏུ་སེམས་པ་ཤིན་ཏུ་ནོར་ཏེ། སེམས་ཀྱི་རང་བཞིན་དེ་སྤྲོས་པའི་དྲི་མས་མ་གོས་ཤིང་དེའི་དྲི་མས་རྣམ་པར་དག་པ་ལ་རང་བཞིན་གྱིས་འོད་གསལ་བའི་ཐ་སྙད་བཏགས་པ་ཙམ་ཡིན་པར་གོང་གི་ལུང་རྣམས་ཀྱིས་གྲུབ་པའི་ཕྱིར་དང་། སེམས་ཀྱི་རང་བཞིན་ཁ་དོག་དང་འོད་ཀྱི་སྣང་བ་ལྟ་བུའི་འོད་གསལ་རྒྱུ་ཡོད་ན་སེམས་ཁ་དོག་དང་འོད་ཀྱི་རང་བཞིན་ཅན་དུ་འགྱུར་བའི་
(༤༡༡)ཕྱིར་དང་། དེ་ལྟར་ན་སེམས་རང་བཞིན་མེད་པ་དང་རང་བཞིན་གྱིས་དག་པ་མི་འཐད་པར་འགྱུར་བའི་ཕྱིར་རོ། །འོ་ན་རྣལ་འབྱོར་པའི་ཉམས་མྱོང་གི་འཆར་ཚུལ་ལ་ཁ་དོག་དང་འོད་ཀྱི་སྣང་བ་ལས་འདས་པའི་སེམས་ཀྱི་རང་སྣང་ངམ་རང་འོད་ལྟ་བུས་རང་རིག་ཅིང་རང་གསལ་བའི་ཤེས་པ་དེ་ཇི་ལྟར་ཡིན་སྙམ་ན། དེ་ནི་ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །ཞེས་དང་། རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་ལྟར། །ཞེས་བཤད་པ་ལྟར་སེམས་ལ་གསལ་རིག་གི་ཉམས་མྱོང་ཤར་བ་ཙམ་ཡིན་ལ། དེ་ལ་དེང་སང་ཉམས་མྱོང་གི་སྐད་དུ་རིག་པ་ཞེས་མིང་དུ་བཏགས་པ་སྣང་ཡང་། དེ་ལྟ་བུ་དེ་རྟོག་པ་དང་བཅས་པའི་ཕྱིར་དང་རྣམ་ཀུན་མཆོག་ལྡན་གྱི་
(༤༡༢)སྟོང་པ་མིན་པའི་ཕྱིར་དང་ཀུན་གྱི་ཁྱབ་བདག་མ་ཡིན་པའི་ཕྱིར་རིག་པ་ཇི་ལྟ་བ་མིན་ཏེ། དུས་འཁོར་འགྲེལ་ཆེན་ལས། འོ་ན་རིག་པ་གང་ཡིན་ཞེ་ན། སྨྲས་པ། རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ། རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །ཡང་འགྱུར་མེད་ཀྱང་རིག་པ་སྟེ། དམིགས་པ་མེད་པ་ཟག་པ་མེད་པ་བདེ་བའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན། །རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མེའི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །ཞེས་དང་། མཚན་བརྗོད་ལས། ཀུན་ཤེས་ཀུན་རིག་དམ་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས་ཞེས་སོགས་དང་། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་རྗེ་འབྲི་ཁུང་པས། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། །རང་གི་རིག་པ་འདི་ཉིད་ཡིན། །ཞེས་གསུངས་པ་སོགས་བསྒོམ་བྱར་བཤད་པའི་རིག་པ་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་དགོས་སོ། །དེ་ལྟར་ན་
(༤༡༣)རྣལ་འབྱོར་པའི་ཉམས་སྣང་ལ་ཅི་ཤར་ཡང་དེ་ཉིད་སོ་སོ་རང་རིག་དང་རང་བཞིན་འོད་གསལ་གྱི་དོན་དུ་གཏན་མི་རུང་སྟེ། དགོངས་འགྲེལ་ལས། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །ཞེས་སོགས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རྟག་ཆད་སྐྱེ་འགག་ལ་སོགས་པའི་མཐའ་སྤངས་སེམས་ནི་རང་རིག་ཅིང་། །གདོང་ནས་སྤྲོས་པ་མེད་པ་ཉིད། །དེ་དོན་བསམ་མི་ཁྱབ་པར་ངེས། །ཞེས་སོ་སོ་རང་རིག་གི་དོན་མཚན་མ་མེད་པ་དང་བསམ་གྱིས་མི་ཁྱབ་པའང་བཤད་པའི་ཕྱིར་དང་། རང་བཞིན་འོད་གསལ་གྱི་དོན་ཡང་སྔར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་སེམས་ཀྱི་ངོ་བོ་རང་བཞིན་རྣམ་དག་དེ་ཉིད་གློ་བུར་གྱི་དྲི་མས་བསྒྲིབས་པ་ལས། རང་གི་གནས་ལུགས་རང་གིས་མ་རིག་པར་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལ་བརྟེན་ནས་རིགས་དྲུག་བདེ་སྡུག་དང་བཅས་ཏེ་འཁོར་བའི་རྣམ་པར་སྣང་བ་དང་། གློ་བུར་གྱི་དྲི་མ་དང་བྲལ་ཞིང་རང་གི་གནས་ལུགས་རིག་
(༤༡༤)པ་ལས་རྣམ་བྱང་གི་རྟེན་འབྲེལ་ལ་བརྟེན་ནས་ཆོས་ཉིད་དོན་དམ་པའི་སྐུ་མངོན་དུ་གྱུར་ཏེ་གཞན་སྣང་དུ་གཟུགས་སྐུའི་བཀོད་པ་སྒྱུ་མ་ལྟ་བུར་སྣང་བ་ཡིན་ཏེ། ལྟ་བ་མདོར་བསྡུས་ལས། ཨེ་མ་ཧོ། །སེམས་ཉིད་དྲི་མ་དང་བཅས་དེའི། །རྣམ་འཕྲུལ་འགྲོ་བ་དྲུག་ལ་སོགས། །ནམ་མཁའི་ཁམས་ཀྱི་མཐས་ཀླས་པར། །སྡུག་བསྔལ་འཁྲུལ་འཁོར་བསམ་ལས་འདས། །ཞེས་དང་། ཨེ་མ་ཧོ། །སེམས་ཉིད་དྲི་མ་མེད་དེ་ཡི། །རྣམ་འཕྲུལ་གཟུགས་སྐུས་བསྡུས་པ་ཡི། །ཞིང་ཁམས་དག་པར་སྣང་བ་དང་། །དཀྱིལ་འཁོར་རྣམ་འཕྲུལ་སྣ་ཚོགས་པ། །ངོ་མཚར་ཆེ་བའི་རྣམ་འཕྲུལ་དག །ནམ་མཁའི་མཐས་ཀླས་ཁྱབ་པར་སྣང་། །ཞེས་དང་། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་དང་། སཾ་ཊིར། ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་
(༤༡༥)པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱང་ངན་འདས་པ་མཆོག་ཏུ་གསུངས། །ཞེས་པ་ལྟར་རོ། །འོ་ན་སེམས་གདོད་མ་ནས་རང་བཞིན་རྣམ་དག་ཡིན་ན་གློ་བུར་གྱི་དྲི་མས་གོས་པ་མི་རིགས་ལ། གལ་ཏེ་རིགས་ན་དྲི་མ་བསལ་ཡང་སླར་གོས་པར་འགྱུར་བས་ཇི་ལྟར་ཡིན་སྙམ་ན། དྲི་མ་དེ་ཉིད་འབྲལ་རུང་གི་ཆ་ནས་གློ་བུར་བའི་ཐ་སྙད་བཏགས་པ་ཡིན་ལ། སྔར་མེད་པ་ཞིག་བློ་བརྡེག་ཏུ་བྱུང་བ་ལྟ་བུའི་གློ་བུར་བ་མིན་པས་དོན་ལ་སྤང་བྱའི་དྲི་མའང་གདོད་མ་ནས་སེམས་ཉིད་དང་ལྷན་ཅིག་ཏུ་གནས་པའི་ཚུལ་དཔེ་དང་སྦྱར་ནས་གསུངས་ཏེ། རྒྱུད་བླ་མར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང་། །ས་ནང་
(༤༡༦)གསེར་གྱི་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །དེས་ན་སེམས་རང་བཞིན་རྣམ་དག་ཡིན་ཡང་གློ་བུར་གྱི་དྲི་མ་དང་བཅས་པའི་ཚེ་སངས་རྒྱས་ཀྱི་ཡོན་ཏན་མི་གསལ་བ་དང་། དྲི་མ་དང་བྲལ་བའི་ཚེ་སངས་རྒྱས་ཀྱི་ཡོན་ཏན་འཆར་བའི་ཚུལ་ཡང་། བརྟག་གཉིས་སུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། ཀླུ་སྒྲུབ་ཀྱིས། ཇི་ལྟར་ནོར་བུ་བཻ་ཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་པ་ལྟ་བུ་སྟེ། དེ་ལྟར་ན་མཚན་ཉིད་འཁོར་འདས་སྣ་ཚོགས་སུ་སྣང་བ་ཞེས་པའི་ཐ་སྙད་གསུངས་
(༤༡༧)སོ། །དེང་སང་རྣལ་འབྱོར་པའི་ཉམས་མྱོང་གི་སྐབས་སུའང་སེམས་ཀྱི་རྣམ་པ་ཅིར་ཡང་མ་ངེས་ཤིང་གང་དུའང་འགག་པ་མེད་པར་སྣ་ཚོགས་སུ་འཆར་བ་ནི་བག་ཆགས་སྣ་ཚོགས་པའི་སྟོབས་ཀྱིས་ཕྱི་རོལ་གྱི་དོན་མ་ཡིན་པ་ལ་དོན་ལྟར་འཆར་ཞིང་། དེ་ཡང་ལས་དང་བག་ཆགས་ཀྱི་རྒྱུ་རྐྱེན་གྱིས་ཇི་ལྟར་བརྟགས་པ་དང་བསྒྱུར་བ་དེ་ལྟར་སྣང་བ་ནི། དཔེར་ན་སྣམ་བུ་ཚོན་གྱིས་བསྒྱུར་བ་ལྟར་ངོ་བོ་མ་འགྱུར་ཡང་རྣམ་པ་སྣ་ཚོགས་པར་འགྱུར་པ་སྟེ། ལང་གཤེགས་ལས། སེམས་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་སྟེ། དེ་ནི་ཇི་ལྟ་ཇི་ལྟར་བརྟགས་པ་དེ་ལྟ་དེ་ལྟར་སྣང་སྟེ། དཔེར་ན་སྣམ་བུ་དཀར་པོ་ཚོན་གྱིས་ཁ་དོག་བསྒྱུར་བ་བཞིན་ནོ། །ཞེས་པ་ལྟར་རོ། །སེམས་དངོས་པོའི་གནས་ཚུལ་དང་སྣང་ཚུལ་ཞིབ་ཏུ་གཏན་ལ་འབེབས་ན་ཀུན་གཞི་སོགས་རྣམ་ཤེས་བརྒྱད་དང་སེམས་བྱུང་རྣམས་ཀྱི་རྣམ་གཞག་ལས་ཤེས་དགོས་ཀྱང་འདིར་རེ་ཤིག་སྐབས་དོན་ཆེ་ལོང་ཙམ་བསྟན་
(༤༡༨)ཡིན་ནོ། །གཉིས་པ་ལྷན་ཅིག་སྐྱེས་པའི་རྣམ་ངེས་ལ། ལྷན་སྐྱེས་ཀྱི་ངོ་བོ་དང་སྒྲ་དོན། དབྱེ་བ་དང་སོ་སོའི་ངོས་འཛིན། ལྷན་ཅིག་སྐྱེས་སྦྱོར་གྱི་དོན་གསུམ་གྱི། དང་པོ་ནི། ལྷན་ཅིག་སྐྱེས་པའི་ངོ་བོ་ནི། བརྟན་གཡོ་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་ནམ་མཁའ་ལྟ་བུའི་རང་བཞིན་འོད་གསལ་ཏེ། བརྟག་གཉིས་སུ། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་སོགས་མང་དུ་གསུངས་ལ། དེ་ཉིད་ཀྱི་ཉམས་མྱོང་ཡང་སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་ཤིང་སོ་སོ་རང་རིག་གི་སྤྱོད་ཡུལ་ཅན་ཏེ། ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །
(༤༡༩)ཞེས་དང་། ཏཻ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཞེས་དང་། བརྟག་གཉིས་སུ་གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །ཞེས་སོགས་ཀྱི་དོན་ཏོ། །སྒྲ་དོན་ནི། ཆོས་ཅན་བརྟན་གཡོས་བསྡུས་པའི་དངོས་པོ་ཐམས་ཅད་དང་། །རང་རང་གི་ཆོས་ཉིད་དེ་བཞིན་ཉིད་དག་སྔ་ཕྱི་མེད་པར་གདོད་མ་ནས་དུས་མཚུངས་པར་གནས་པས་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། བརྟག་གཉིས་སུ། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །ཞེས་དང་། ཌོམ་བྷི་པའི་ལྷན་ཅིག་སྐྱེས་གྲུབ་ལས། ལྷན་ཅིག་སྐྱེས་གྱུར་དེ་ཡི་ཕྱིར་བརྗོད་བྲལ་ལྷན་ཅིག་སྐྱེས་པར་བཤད། །ཅེས་དང་། ཨིནྡྲ་བོ་དྷིའི་ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ལས། གང་དང་མཚུངས་པར་སྐྱེས་པ་ནི། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བའི་ལྷན་ཅིག་སྐྱེས་པ་དེ་ཁོ་ན། གང་ཞིག་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་དང་ལྷན་གཅིག་ཏུ་གནས་
(༤༢༠)པས་དེ་སྐད་ཅེས་བྱའོ། །ཞེས་པ་ལྟར་རོ། །གཉིས་པ་ནི། སྤྱིར་ལྷན་སྐྱེས་ལ་དབྱེ་ན་གཞི་ལམ་འབྲས་བུའི་ལྷན་སྐྱེས་གསུམ་སྟེ། དེ་ཡང་འཁོར་འདས་ཐམས་ཅད་ཀྱི་གཞིའམ་སྙིང་པོར་གྱུར་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ནི་གཞིའི་ལྷན་སྐྱེས་དང་། ཐོས་བསམ་སྒོམ་གསུམ་སོགས་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དུ་རྟོགས་པའི་ལྟ་བ་ནི་ལམ་གྱི་ལྷན་སྐྱེས་དང་། དེ་ལ་གོམས་པར་བྱས་པས་གཞིའི་ལྷན་སྐྱེས་དེ་ཉིད་དག་པ་གཉིས་ལྡན་གྱི་ལྷན་སྐྱེས་སུ་གྱུར་པ་འབྲས་བུའི་ལྷན་སྐྱེས་སུ་བཤད་དོ། །ཡང་བརྟག་གཉིས་ལ་སོགས་པར་རང་བཞིན་ལྷན་སྐྱེས་དང་ཞུ་བདེ་ལྷན་སྐྱེས་གཉིས་སུ་ཕྱེ་བ་དང་། གྲུབ་སྙིང་གི་སྐོར་ནས་དེའི་ཐོག་ཏུ་བདེ་སྟོང་ལྷན་སྐྱེས་དང་གསུམ་དུ་ཕྱེ་བ་ལྟར་ན། གནས་ལུགས་ཕྱག་རྒྱ་ཆེན་པོ་སྤྱི་དོན་གྱི་འོད་གསལ་ནི་རང་བཞིན་ལྷན་སྐྱེས་དང། ཀུན་རྫོབ་བྱང་སེམས་ཞུ་བ་ལས་བྱུང་བའི་དཔེའི་འོད་གསལ་ནི་ཞུ་བདེ་ལྷན་སྐྱེས་
(༤༢༡)དང་། ཟུང་འཇུག་གི་རིམ་པའི་དོན་གྱི་འོད་གསལ་ནི་བདེ་སྟོང་ལྷན་སྐྱེས་སུ་བཤད་དོ། །འདིར་སྐབས་སུ་ཕབ་པ་ནི། རྗེ་དྭགས་པོས་སེམས་ཉིད་ལྷན་ཅིག་སྐྱེས་པ་དང་། སྣང་བ་ལྷན་ཅིག་སྐྱེས་པ་གཉིས་སུ་ཕྱེ་ནས། སེམས་བྱུང་གི་རྟོག་པ་སྣ་ཚོགས་པ་ཐམས་ཅད་སྣང་བའི་ཁོངས་སུ་བསྡུད་པར་མཛད་ལ། རྗེ་སྒོམ་ཆུང་གིས་སྔ་མའི་ཐོག་ཏུ་རྣམ་རྟོག་ལྷན་ཅིག་སྐྱེས་པ་ཞེས་རྟོག་པ་དང་སྣང་བ་སོ་སོར་འབྱེད་པར་མཛད་དེ། དེ་ནི་ཕལ་མོ་ཆེ་ལ་སྤྱི་མཐུན་གྱི་ལས་སྣང་ལ་འཆར་བའི་ཕྱི་རོལ་གྱི་ཡུལ་སྣང་དང་། རྟོག་པའི་འཆར་སྒོའི་ཡུལ་སྣང་ལ་ཁྱད་པར་ཅུང་ཟད་ཡོད་པ་ལ་དགོངས་པ་འདྲའོ། །དེ་ལྟར་ན་གོང་དུ་བཤད་པའི་སེམས་ཀྱི་ངོ་བོའམ་རང་བཞིན་གསལ་ལ་རྟོག་པ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་སེམས་ཉིད་ལྷན་སྐྱེས་དང་། དེའི་རང་རྩལ་ལམ་མཚན་ཉིད་གོ་མ་འགགས་པར་འཁོར་འདས་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྣང་བ་ལྷན་སྐྱེས་དང་། དུག་
(༤༢༢)གསུམ་ལ་སོགས་པའི་རྣམ་པར་རྟོག་པ་སྣ་ཚོགས་འཕྲོ་བ་ནི་རྣམ་རྟོག་ལྷན་སྐྱེས་སུ་བཞེད་ཅིང་། དོན་ལ་ཕྱི་མ་གཉིས་ཀ་སྣང་བ་ལྷན་ཅིག་སྐྱེས་པའོ། །དེ་ལ་ལྷན་སྐྱེས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་རོ། །དེ་ལྟ་བུའི་ཆོས་ཅན་ནམ་ཆོས་དེ་དང་དེའི་ཆོས་ཉིད་དམ་སྟོང་པ་ཉིད་གཉིས་བུ་རམ་དང་མངར་བའམ་མེ་དང་ཚ་བ་ལྟར་གདོད་མ་ནས་ལྷན་ཅིག་ཏུ་གནས་པས་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་ལ། སེམས་ཉིད་ལྷན་སྐྱེས་དང་སྣང་བ་ལྷན་སྐྱེས་དེ་གཉིས་ཀྱང་ཉི་མན་དང་འོད་བཞིན་ནམ་ཙན་དན་དང་དྲི་བཞིན་དུ་དབྱེར་མེད་པར་བཤད་དེ། ཀླུ་སྒྲུབ་ཀྱིས། ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་དང་། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་དང་། རྗེ་སྒམ་པོ་པས།
(༤༢༣)སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི་སེམས་ཉིད་ཀྱི་ངོ་བོའམ་ཡིན་ཚུལ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི་དེ་ལ་དྲན་རྟོག་སྣ་ཚོགས་སུ་འཆར་བ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་ཟེར་ལྟ་བུ། ཙན་དན་དང་ཙན་དན་གྱི་དྲི་ལྟ་བུ་ཡིན། ཞེས་དང་། རྗེ་སྒོམས་ཆུང་གིས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་དངོས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་དོན། །ཞེས་གསུངས་སོ། །འོ་ན་གང་ཟག་ཐ་མལ་པ་ལའང་སེམས་ཉིད་དང་སྣང་བ་འཆར་བ་ཡོད་པས་དེ་ཡང་ལྷན་སྐྱེས་སུ་འགྱུར་རམ་སྙམ་ན། ལམ་པ་པོས་དེ་ཉིད་ལྷན་སྐྱེས་སུ་རྟོགས་མ་རྟོགས་ནི་ཡོད་ལ། རྟོགས་རུང་མ་རྟོགས་རུང་དེ་ཉིད་ལྷན་སྐྱེས་ཡིན་པ་ལ་འཕོ་འགྱུར་དང་རྒྱུན་ཆད་མེད་དེ། དཔེར་ན་མར་མེ་དང་ཉི་འོད་ལ་ཕྱོགས་རིས་
(༤༢༤)མེད་ཀྱང་། མིག་མེད་པ་ལ་མུན་པར་སྣང་བ་ལྟ་བུར་བཤད་དེ། བྲམ་ཟེ་ཆེན་པོས། ཁྱིམ་དུ་མར་མེ་མང་པོ་སྤར་གྱུར་ཀྱང་། །མིག་མེད་པ་ལ་མུན་པར་གནས་པ་བཞིན། །ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་ཀྱང་། །ཉེ་ཡང་རྨོངས་པ་དག་ལ་ཤིན་ཏུ་རིང་། །ཞེས་དང་། ཤ་ཝ་རས། ཀྱེ་མ་ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང་། །མིག་མེད་པ་ལ་མུན་པ་རྟག་ཏུ་སྣང་། །ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་གྱུར་ཀྱང་། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང་། །ཞེས་དང་། བིར་ཝ་པས། དེ་ལྟར་སྣང་ཞིང་སྲིད་པའི་ཀུན་རྫོབ་ཆོས་ཅན་རྣམས། །ངོ་བོ་ཉིད་མེད་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །མིང་དང་དོན་ལ་ཁྱད་པར་བྱེ་བྲག་ཅུང་ཟད་མེད། །གདོད་ནས་ལྷན་ཅིག་སྐྱེས་པས་གཞན་ནས་བཙལ་དུ་མེད། །ཅེས་པའི་དོན་ཏོ། །གསུམ་པ་ནི། འོ་ན་ཕྱག་རྒྱ་ཆེན་པོའི་གདམས་པ་ལ་ལྷན་ཅིག་སྐྱེས་སྦྱོར་ཞེས་བརྗོད་པའི་དོན་ཇི་ལྟར་ཡིན་ཞེས་ན། རྗེ་དྭགས་པོས་སྤྱི་ཙམ་དུ་རྟོག་པ་སྐུ་
(༤༢༥)བཞིར་སྦྱོར་བར་བྱེད་པ་ལ་གསུངས་ཀྱང་། གོང་དུ་བཤད་པ་ལྟར་ཆོས་ཅན་སེམས་ཉིད་དང་དེ་ལས་འཆར་བའི་རྟོག་པ་དང་། དེ་དག་གི་ཆོས་ཉིད་སྟོང་པ་ཉིད་དག་གདོད་མ་ནས་ལྷན་ཅིག་ཏུ་སྐྱེས་ཤིང་དབྱེར་མེད་ཀྱང་། དེའི་ཚུལ་སྔར་མ་རྟོགས་པར་དེ་དག་བཟང་ངན་དང་ཐ་དད་དུ་འཛིན་པ་ལས། སྙིང་པོ་དོན་གྱི་གདམས་པ་དང་ངོ་སྤྲོད་ཀྱིས་དེ་དག་གདོད་མ་ནས་ལྷན་ཅིག་ཏུ་སྐྱེས་ཤིང་གནས་པར་ངོ་འཕྲོད་ནས། དེ་དག་ཐམས་ཅད་དབྱེར་མེད་པའི་ངོ་བོ་སེམས་ཉིད་ཁོ་ནར་སྦྱོར་བར་བྱེད་པས་ན་ལྷན་ཅིག་སྐྱེས་སྦྱོར་ཞེས་བྱ་སྟེ། རྗེ་ཕག་མོ་གྲུ་པས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོར་ལྷན་ཅིག་སྐྱེས་པ་དེ། །གདམས་པས་སེམས་སུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་རོ། །གཞན་ཡང་ཐ་མལ་པའི་སེམས་སྣང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྦྱོར་བས་སམ། མཚན་མར་སྐྱེས་པའི་སེམས་སྣང་རང་མཚན་
(༤༢༦)པ་རང་དང་ལྷན་ཅིག་ཏུ་སྐྱེས་པའི་སྟོང་པ་དང་སྦྱོར་བ་སོགས། མདོར་ན་གསལ་སྟོང་སྣང་སྟོང་རིག་སྟོང་བདེ་སྟོང་སོགས་གཉིས་ཆོས་སུ་སྣང་བ་མཐའ་དག་ཟུང་འཇུག་ལྷན་ཅིག་སྐྱེས་པའི་དོན་དུ་སྦྱོར་བ་ལ་འཆད་རུང་ཡང་མ་སྤྲོས་སོ། །གཉིས་པ་ལྷན་ཅིག་སྐྱེས་པ་ངོ་སྤྲོད་པ་དངོས་ལ། སེམས་ཉིད་ལྷན་སྐྱེས་ངོ་སྤྲོད་པ། རྣམ་རྟོག་ལྷན་སྐྱེས་ངོ་སྤྲོད་པ། སྣང་བ་ལྷན་སྐྱེས་ངོ་སྤྲོད་པ་གསུམ་གྱི། དང་པོ་ནི། རང་གི་སེམས་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་བཟང་ངན་གྱི་རྟོག་པས་མ་བསླང་།།།པར་རྣལ་དུ་ཕབ་ལ་རང་བབས་སུ་བཞག་པའི་དུས་ན། སེམས་དེའི་གནས་ལུགས་སམ་གནས་ཚུལ་ལ་སེམས་རང་གིས་བལྟས་པའི་ཚེ། རྣམ་པར་རྟོག་པའི་འཆར་སྒོ་ཕྲ་རགས། ཐམས་ཅད་མ་བཀག་ཀྱང་རང་སངས་རང་དག་རང་ཞི་ལ་སོང་ནས། ངོས་བཟུང་ཅི་ཡང་མེད་པའི་ངང་དུ་ལྷང་ངེའམ་ཆམ་མེ་གནས་པ་ཞིག་འབྱུང་བ་ནི། སེམས་ཀྱི་གནས་ཚུལ་ལ་སེམས་འཇོག་པས་ན་ཞི་གནས་ཞེས་བྱ་བ་
(༤༢༧)ཡིན་ལ། དེའི་ངང་ནས་རིག་པ་མི་གསལ་བར་རྨོངས་པའམ་དྲན་མེད་ཀྱི་ལུང་མ་བསྟན་ནམ་བཏང་སྙོམས་སུ་འཕྱལ་བར་མ་སོང་བར། སེམས་ཀྱི་ངོ་བོ་དེ་གསལ་ལ་གོ་མ་འགགས་པ། རང་རིག་ཅིང་རང་གསལ་བ། རིག་ལུགས་དང་གསལ་ལུགས་ཇི་ལྟ་བ་བརྗོད་དུ་མེད་པ། རྣམ་པ་བཀྲ་རིག་རིག་པ་ལྟ་བུའི་ཉམས་སུ་མྱོང་རྒྱུའམ་ཕྲིག་ཚུད་རྒྱུ་ཅུང་ཟད་ཙམ་ཡོད་པ་ནི། བལྟ་བྱའི་ཆོས་རབ་ཏུ་རྣམ་པར་འབྱེད་པས་ན་ལྷག་མཐོང་ཞེས་བྱ་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པ་རྩ་འགྲེལ་གྱི་དོན་ཏོ། །ཞི་ལྷག་དེ་གཉིས་ཀྱང་ལྡོག་པའི་སྒོ་ནས་སོ་སོར་མཚོན་པ་ཙམ་ལས། དོན་ལ་ཐ་མི་དད་པར་ཞི་གནས་དེ་ཉིད་རང་རིག་རང་གསལ་གྱི་ལྷག་མཐོང་དེ་ཀའི་ངང་དུ་གནས་ལ། ལྷག་མཐོང་དེ་ཡང་སེམས་ཀྱི་རང་བཞིན་དེར་ཀུན་ཏུ་གནས་ཤིང་
(༤༢༨)རང་གི་ངོ་བོ་ལ་ཀུན་རྟོག་གི་མཚན་མས་མ་གོས་པའི་ཞི་གནས་ཀྱི་རྣམ་པ་ཅན་དེར་རང་གིས་རང་རིག་ཅིང་གསལ་བས་ན། ཞི་ལྷག་དབྱེར་མི་ཕྱེད་ཅིང་ཟུང་དུ་འཇུག་པའི་སེམས་རྩེ་གཅིག་པ་ཡིན་ཏེ། མདོ་དགོངས་འགྲེལ་ལས། ཅི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས། བཀའ་སྩལ་པ། གང་གི་ཚེ་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པའོ། །ཞེས་པ་ལྟར་རོ། །ཞི་ལྷག་ངོས་འཛིན་དང་ལུང་སྦྱོར་སོགས་ནི་སྔར་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་ལྟ་བུའི་ཞི་ལྷག་གཉིས་ཀ་སེམས་ཉིད་ཀྱི་ཐོག་ཏུ་འགྲིལ་བ་དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་བཞེད་ཅིང་། གཞན་ཡང་མཚན་གྱི་རྣམ་གྲངས་མང་སྟེ་འཆད་པར་འགྱུར་རོ། །དེ་ལྟར་སེམས་ཀྱི་གནས་ལུགས་ཤེས་པ་ལ་སེམས་ངོ་ཤེས་པ་དང་རྣལ་འབྱོར་པ་ཞེས་བྱ་ཞིང་། དེ་ཉིད་སྐྱོང་བ་ལ་སྒོམ་པ་ཞེས་དང་ཏིང་ངེ་འཛིན་ཞེས་བརྗོད་དེ། ཡེ་ཤེས་ཕྱག་རྒྱའི་
(༤༢༩)མདོ་ལས། ཆོས་རྣམས་སེམས་ཀྱིས་རྒྱས་བཏབ་ཅིང་། །སེམས་ལ་དངོས་པོ་མེད་པས་བཏབ། །སེམས་ངོ་ཤེས་པ་གང་ཡིན་པ། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་དང་། དགོངས་འགྲེལ་ལས། བྱང་ཆུབ་སེམས་དཔའ་ཅི་ཙམ་གྱིས་ན་སྒོམ་པ་ལགས། བཀའ་སྩལ་པ། གང་གིས་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ་ཏིང་འཛིན་ཞེས་བྱ་བ་ནི་སེམས་ངེས་པར་རྟོགས་པ་སྐྱེ་བ་མེད་པའོ། །ཞེས་དང་། རྟོག་པ་མེད་ཅིང་རྣམ་རྟོག་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །སེམས་ཀྱང་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལ་མ་ཡེངས་པ། །དེ་ནི་ཏིང་འཛིན་ཞེས་པར་བསྟན། །ཞེས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་
(༤༣༠)པ་ལ་བསྔགས་པ་ཤིན་ཏུ་ཆེ་སྟེ། སངས་རྒྱས་ཕལ་ཆེན་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པས། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་རྣམ་པར་སྦྱོངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་དང་། རྒྱ་ཆེ་རོལ་པར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་དང་། སཾ་ཊིར། དེ་ཕྱིར་རྟོག་པའི་དྲ་བ་ནི། །སྤངས་ན་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །རྣམ་རིག་རྣམ་པར་རྟོག་མི་བྱ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་། སྡོམ་འབྱུང་ལས། དེ་བཞིན་མཁའ་དང་མཚུངས་པ་ཡི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། །བསམ་གཏན་གཟུགས་ལས་རྣམ་པར་
(༤༣༡)གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །སེམས་བྱུང་སེམས་སུ་བརྟན་གྱུར་པ། །འགྲོ་ལ་རང་བཞིན་ཚུལ་དེ་བཞིན། །མཁའ་གཟུགས་ནམ་མཁའ་ཡང་དག་གནས། །ཞེས་པ་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་ཤིན་ཏུ་མང་ཡང་དོན་འདི་ལ་མདོ་རྒྱུད་མན་ངག་དང་བཅས་པ་མགྲིན་གཅིག་ཏུ་མཐུན་པར་སྣང་བས་ལུང་སྦྱོར་མང་དུ་མ་སྤྲོས་ལ། བཤད་པ་དང་འཆད་འགྱུར་ལས་ཀྱང་ཤེས་སོ། །ཡང་གཞན་དག་ཏུ་མཚན་གྱི་རྣམ་གྲངས་མང་དུ་གསུངས་པ་དོན་དེ་ཉིད་ཡིན་ཚུལ་ནི། ལྟ་བ་མདོར་བསྡུས་ལས། རྣམ་རྟོག་དྲི་མ་དང་བྲལ་བའི། །རང་རིག་སྤྲོས་བྲལ་དེ་ཉིད་ནི། །མི་གནས་མྱ་ངན་འདས་པ་ཡིན། །རྡོ་རྗེ་སེམས་དཔའང་དེ་ཉིད་ཡིན། །སངས་རྒྱས་དྲུག་པའང་དེ་ཉིད་ཡིན། །རིགས་དྲུག་པ་ཡང་དེ་ཉིད་ཡིན། །འཇམ་དཔལ་གཞོན་ནུ་དེ་ཉིད་ཡིན། །རྣམ་པར་སྣང་མཛད་དེ་ཉིད་ཡིན། །ཆོས་ཀྱི་སྐུ་དང་བདེ་ཆེན་དང་། །ཟུང་འཇུག་ཅེས་པའང་དེ་ཉིད་དེ། །བཞི་པའི་དབང་
(༤༣༢)ཡང་དེ་ཉིད་དེ། །ལྷན་ཅིག་སྐྱེས་དགའ་དེ་ཉིད་ཡིན། །རང་བཞིན་དག་པའང་དེ་ཉིད་དོ། །ཞེས་དང་། བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་དོ། །བདེ་གཤེགས་སྙིང་པོ་དེ་ཉིད་དོ། །ཇི་བཞིན་པ་ཡི་རོ་མྱོང་བས། །བདེ་བ་ཆེན་པོའང་དེ་ཉིད་དོ། །ཞེས་དང་། རང་བྱུང་ཡེ་ཤེས་དེ་ཉིད་དོ། །རིག་པ་ཡིན་ཕྱིར་གསལ་བའོ། །རང་རིག་ཡིན་ཕྱིར་མི་རྟོག་སྟེ། །ཞེས་དང་། རང་རིག་སྤྲོས་བྲལ་དེ་ཉིད་ནི། །འཁོར་བའི་དངོས་གཞི་དེ་ཉིད་དོ། །མྱ་ངན་འདས་པའང་དེ་ཉིད་ཡིན། །དབུ་མ་ཆེན་པོའང་དེ་ཉིད་ཡིན། །མཐོང་བར་བྱ་བའང་དེ་ཉིད་ཡིན། །བསྒོམ་པར་བྱ་བའང་དེ་ཉིད་དོ། །ཐོབ་པར་བྱ་བའང་དེ་ཉིད་དོ། །ཞེས་སོགས་མང་དུ་བཤད་ཅིང་། མདོར་ན་ཆོས་ཀྱི་སྐུ། བདེ་བ་ཆེན་པོ། ལྷན་སྐྱེས་ཡེ་ཤེས། རང་བྱུང་ཡེ་ཤེས། རང་རིག་ཡེ་ཤེས། དོན་དམ་བྱང་སེམས། བདེ་གཤེགས་སྙིང་པོ། ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་ཐམས་ཅད་ཀྱི་གཞིའམ་རྩ་བ་འདི་ཉིད་
(༤༣༣)ཡིན་ཏེ། ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པའི་རྒྱུད་ལས། འདི་ནི་ཕྱག་རྒྱ་ཆེན་པོ་སྟེ། །འདི་ནི་དྲི་མས་མ་གོས་པ། །འདི་ལ་དགག་དང་སྒྲུབ་པ་མེད། །ལམ་དང་གཉེན་པོས་རྙེད་པ་མིན། །འདི་ནི་སངས་རྒྱས་ཀུན་གྱི་སྐུ། །འདི་ནི་ཡོན་ཏན་ཀུན་གྱི་གཞི། །འདི་ནི་ལྷུན་གྱིས་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། གོང་དུ་བཤད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་མཉམ་གཞག་དེའི་ངང་ནས་དགའ་སྐྱིད་ལྟ་བུའམ། ཆགས་སྡང་ལྟ་བུའི་རྣམ་པར་རྟོག་པ་གསལ་ཞིང་ངར་དང་བཅས་པ་ཞིག་འཆར་དུ་བཅུག་སྟེ། དེ་ཤར་བ་ན་དེ་ཀའི་སྣང་ཚུལ་ལ་ཅེར་གྱིས་བལྟས་པས། སྔར་རྟོག་པ་གཏན་ལ་ཕབ་པའི་སྐབས་ལྟར་རྟོག་པ་དེའི་འཆར་ཚུལ་གྱི་རྣམ་པ་དེ་ཉིད་མ་འགགས་པར་གསལ་བཞིན་དུ། ཐ་མལ་དུ་ཡེངས་ཤིང་འཁྲུལ་པའི་རྣམ་རྟོག་རང་ཁམ་དང་ཅུང་ཟད་མི་འདྲ་བའི་ཁྱད་པར་ལ། འཁྲུལ་རྟོག་གི་བྱ་བ་ཨ་འཐས་ཀྱི་བདེན་འཛིན་མི་བསྐྱེད་ཅིང་། རྟོག་
(༤༣༤)པ་དེ་ཉིད་ཀྱི་ངོ་བོའམ་རང་བཞིན་ངོས་བཟུང་རྒྱུ་ཅི་ཡང་མེད་པའི་སྟོང་པ་ཉིད། དེ་ལྟར་རྟོག་པའི་རྣམ་པ་གསལ་བ་དང་ངོས་བཟུང་མེད་པའི་སྟོང་པ་གཉིས་དབྱེར་མི་ཕྱེད་པ། སྟོང་འགྱུའམ་འགྱུ་སྟོང་ལྟ་བུར་ཉམས་སུ་མྱོང་བ་ནི་རྣམ་རྟོག་ལྷན་སྐྱེས་ཀྱི་རང་ངོ་མཐོང་བ་ཡིན་ཏེ། དཔེར་ན་ཆུ་རླབས་ནི་ཆུ་ལས་མ་འདས་ཤིང་། ཆུ་ཉིད་རླབས་སུ་ཤར་ལ་ཤར་ཡང་ཆུ་ལས་གཞན་མིན་པ་ལྟར། རྣམ་རྟོག་ཀྱང་ངོ་བོ་སྟོང་པ་ཉིད་ལས་མ་འདས་ཤིང་། སྟོང་ཉིད་ཀྱི་སྒོམ་འགགས་པས་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལས་རྟོག་པའི་རྣམ་པ་ཙམ་དུ་ཤར་ལ། ཤར་ཡང་དེའི་ངོ་བོ་ངོས་བཟུང་དང་བྲལ་བས་སྟོང་པ་ཉིད་ལས་གཞན་མིན་པ་ལྟར་རོ། །འདིའི་སྐབས་སུ། རྟོག་པའི་འཆར་སྒོམ་འགགས་པ་ལ་ཞེན་འཛིན་རང་སར་དག་པ་ཞི་གནས་དང་། དེ་ཉིད་ཀྱང་སྐྱེ་མེད་ཆོས་སྐུའམ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་རང་ངོ་ཤེས་པའི་ངེས་ཤེས་ལྷག་མཐོང་དང་། འགྱུ་བ་སྟོང་པའི་རང་བཞིན་ཅན་དང་སྟོང་པ་འགྱུ་བའི་
(༤༣༥)རྣམ་པ་ཅན་ཏེ་མདོར་ན་སྟོང་འགྱུའམ་འགྱུ་སྟོང་དབྱེར་མི་ཕྱེད་པ་ཞི་ལྷག་ཟུང་འཇུག་ཡིན་ནོ། །འདི་ནི་རྣམ་རྟོག་ཆོས་སྐུར་ཤར་བའམ་གྲོལ་བ་ཡིན་ལ། འདི་ལ་བརྟེན་ནས་དྭགས་པོ་བཀའ་བརྒྱུད་པས་རྣམ་རྟོག་ཆོས་སྐུ་དང་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་རྟོགས་ཆོས་དང་དེའི་ཐ་སྙད་བཞེད་པ་ཡིན་ནོ། །འོ་ན་དོན་འདི་ཉིད་མདོ་རྒྱུད་ནས་ཇི་ལྟར་བསྟན་ཞེ་ན། བློ་གྲོས་མི་ཟད་པས་བསྟན་པ་ལས། ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། ཉོན་མོངས་པའི་ངོ་བོ་གང་ཡིན་པ་དེ་དག་བྱང་ཆུབ་ཀྱི་ངོ་བོ་ཡང་དེ་ཡིན་ནོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་འཚལ་བར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་དང་ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཞེས་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བྱང་ཆུབ་སྟེ།
(༤༣༦)དེ་བས་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རིང་བའི་འདུ་ཤེས་མི་བྱའོ། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། འདོད་ཆགས་མྱ་ནན་འདས་པར་གསུངས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །བྱང་ཆུབ་དེ་དག་གནས་ཉིད་ཡིན། །ཞེས་དང་། བྱང་ཆུབ་འདོད་ཆགས་གཉིས་སུ་མེད། །ཅེས་སོགས་དང་། དཀོན་བརྩེགས་སུ། མ་སྐྱེས་པ་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་དང་། བརྟག་གཉིས་ལས། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་ཡིན། །ཞེས་དང་། འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་དང་། སཾ་ཊིར། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་རང་བཞིན་ཤེས་པ་ལ། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་དང་། བྲམ་ཟེ་ཆེན་པོས། ཡེ་
(༤༣༧)ཤེས་ཉི་མ་ལྟ་བུའི་འོད་ཟེར་དག་པ་ཡིས། །མ་རིག་རིག་པར་བྱེད་པའི་ཡེ་ཤེས་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་བདེ་བར་བསྒྱུར་མཛད་པ། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། ཨཱརྱ་དེ་ཝའི་མི་རྟོག་པའི་རབ་བྱེད་ལས། རྣམ་པར་རྟོག་པ་གང་ཅིའང་རུང་། །དེ་དག་སྤངས་པའི་རང་བཞིན་ལས། །མྱ་ངན་འདས་པ་གཞན་ན་ནི། །ཡོད་མིན་ཡུལ་ནི་གང་དུ་ཡང་། །རྣམ་པར་མི་སེམས་བདག་ཉིད་དོ། །ཞེས་དང་། བིར་ཝ་པས། བླ་མས་བསྟན་པའི་གཉུག་མའི་གནས་ལུགས་རྟོགས་གྱུར་ན། །དྲན་རིག་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་རང་རླག་སྟེ། །ཞེས་དང་། ཏཻ་ལོ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ལས། །མ་ལུས་དེར་བྱུང་དེ་རུ་ཐིམ། །ཞེས་དང་། ནཱ་རོ་མཻ་ཏྲིའི་ཚིག་བསྡུས་ལས། །
(༤༣༨)ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་དང་། རྣམ་རྟོག་རང་གྲོལ་ཡེ་ཤེས་ཆེ། །ཞེས་དང་། མཻ་ཏྲི་པས། མ་སྐྱེས་པ་ལས་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོ་ཉིད། །དེ་གཉིས་གདོད་ནས་ཐ་དད་མེད་པ་སྟེ། །དེ་གཉིས་རོ་མཉམ་གྱུར་པ་ངས་བསྟན་ཏོ། །ཞེས་དང་། རྗེ་མར་པས། ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཞེས་དང་། རྗེ་བཙུན་ཆེན་པོས། ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང་། །ཞེས་དང་། རྗེ་སྒམ་པོ་པས། མཚན་མར་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་ཙིར་གྱིས་བཟུང་། །ཞེས་གསུངས་ཤིང་། དོན་འདི་དང་མཐུན་པར་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་རྡོ་རྗེའི་གསུང་ཤིན་ཏུ་མང་ཡང་མ་སྤྲོས་སོ། །སྐབས་འདིར་ཁ་ཅིག །རྣམ་རྟོག་ལ་བལྟས་པས་དེ་
(༤༣༩)ཉིད་དག་ནས་མི་རྟོག་པར་ཆམ་གྱིས་འགྲོ་བ་རྣམ་རྟོག་ཆོས་སྐུའི་དོན་དུ་འདོད་པ་དང་། ཁ་ཅིག་རྟོགས་ན་རྣམ་རྟོག་གི་རང་བཞིན་ཆོས་སྐུ་དང་མ་རྟོགས་ན་ཆོས་སྐུ་མིན་པར་འདོད་པ་མི་འཐད་དེ། སྔ་མ་ནི་རྣམ་རྟོག་ཉིད་ཀྱི་རང་བཞིན་ཆོས་སྐུར་གནས་པ་མ་ཤེས་པར་རྣམ་རྟོག་དེ་དག་ནས་གཟོད་ཆོས་སྐུར་འགྲོ་དགོས་པར་སྣང་བས་དེ་རྣམ་རྟོག་ཆོས་སྐུའི་སྒྲུབ་བྱེད་དུ་མི་འགྲོ་བའི་ཕྱིར་དང་། ཕྱི་མ་ནི་རྟག་པའི་རང་བཞིན་རྒྱུན་ཆད་མེད་པར་ཆོས་སྐུར་གནས་པ་མ་ཤེས་པར་གང་ཟག་གིས་རྟོགས་མ་རྟོགས་ལ་བལྟོས་དགོས་པར་སྣང་བས། དེ་ལྟར་ན་དེའི་རང་བཞིན་ཆོས་སྐུ་འཕོ་འགྱུར་ཅན་དུ་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། སྔ་མའི་དོན་ནི་རྣམ་པ་རྟོག་པར་སྣང་བ་དང་དེའི་རང་བཞིན་སྟོང་པར་གནས་པ་གཉིས་ཚོགས་པའི་ཉམས་མྱོང་དང་ངེས་ཤེས་ལ་བརྟེན་ནས་རྣམ་རྟོག་ཆོས་སྐུའི་ཐ་སྙད་བཞག་པ་ཡིན་ལ། ཕྱི་མའི་དོན་ནི་གང་ཟག་ལ་རྟོགས་མ་རྟོགས་ཡོད་ཀྱང་དེས་རྣམ་རྟོག་གི་
(༤༤༠)རང་བཞིན་ཆོས་སྐུ་ཡིན་མིན་དུ་བྱེད་པ་མིན་ཏེ། དཔེར་ན་མིག་ཡོད་མེད་ཀྱིས་ཉི་མ་འོད་ཟེར་ཅན་ཡིན་མིན་དུ་མི་འཇོག་པར། ཉི་མ་ནི་ཇི་སྲིད་ཀྱི་བར་རྒྱུན་དུ་འོད་ཟེར་ཅན་ཡིན་པ་ལྟ་བུ་སྟེ། ལུང་ནི་གོང་དུ་དྲངས་པ་ལྟར་རོ། །ཡང་ཁ་ཅིག །རང་ཉིད་འཁོར་འདས་དབྱེར་མེད་ཀྱི་གྲུབ་མཐའ་འཛིན་བཞིན་དུ་རྣམ་རྟོག་ཆོས་སྐུ་དང་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཐ་སྙད་ལ་རྒོལ་བ་ནི་སྨྲ་འདོད་པ་ཙམ་དུ་ཟད་དེ། རང་གི་འཁོར་འདས་དབྱེར་མེད་ཀྱི་སྒྲུབ་བྱེད་ཅི་ཡོད་པ་འདིའི་སྒྲུབ་བྱེད་དུ་མཚུངས་པའི་ཕྱིར་དང་། ཕྱོགས་སྔ་མ་ལ་སུན་འབྱིན་ཅི་ཡོད་པ་ཁྱེད་རང་ལ་བཟློག་པའི་ཕྱིར་དང་། ཁྱེད་ཀྱི་བྱོལ་ཚིག་ལ། སྐབས་དེར་འཁོར་བའི་རྣམ་པ་ཙམ་ལས་དོན་ལ་འཁོར་བ་མིན་པ་དང་མྱང་འདས་འབའ་ཞིག་པར་འཆད་མོད། འཁོར་བའི་རྣམ་པ་ལ་འཁོར་བའི་ཐ་སྙད་མི་བྱེད་ན་འཁོར་བའི་ཐ་སྙད་འདོགས་ས་མི་རྙེད་པའི་ཕྱིར་དང་། དེ་ལྟར་ན་འཁོར་འདས་གཉིས་དབྱེར་མེད་རྒྱུའི་འཁོར་བའི་ཐ་སྙད་བཞག་ས་མེད་པའི་ཕྱིར་དང་།
(༤༤༡)དེ་མེད་ན་འཁོར་འདས་ཟུང་འཇུག་དེ་མྱང་འདས་རྐྱང་པར་འགྱུར་བའི་ཕྱིར་དང་། དེའི་མཚུངས་ལྡན་གྱི་རིག་པས་ཐབས་ཤེས་ཟུང་འཇུག་སོགས་ཟུང་འཇུག་གི་རྣམ་གཞག་ཐམས་ཅད་ཤེས་རབ་རྐྱང་པ་སོགས་ཡ་བྲལ་དུ་འགྱུར་བས་གནོད་བྱེད་ཤིན་ཏུ་མང་བའི་ཕྱིར་རོ། །གསུམ་པ་ནི། ཕྱི་རོལ་གྱི་དོན་ལྟར་སྣང་བའི་ཡུལ་རྐྱེན་ལ་མ་བལྟོས་པར་སེམས་ཙམ་དུ་ཤར་བའི་སྣང་བ་རྣམས་ནི་སྔོན་གྱི་བག་ཆགས་ལ་བརྟེན་ནས་རྟོག་པའི་ངོར་སྣང་གཟུགས་ཤར་བ་ཙམ་ཡིན་པས་རྣམ་རྟོག་ལྷན་སྐྱེས་དང་ཁྱད་པར་མེད་ལ། འདིར་སྤྱི་མཐུན་གྱི་ལས་སྣང་ལ་བརྟེན་པ་ཐ་མལ་པ་ལ་མངོན་སུམ་པར་གྲགས་པའི་གཟུགས་སྒྲ་སོགས་ཀྱི་སྣང་བ་དབང་ཤེས་ལ་འཆར་བ་ལྷན་སྐྱེས་སུ་ངོ་སྤྲོད་པ་སྟེ། དེ་ཡང་སྔར་བཤད་པའི་སེམས་ཉིད་ལྷན་སྐྱེས་དེའི་མཉམ་གཞག་གི་ངང་ནས། ཕྱི་རོལ་དུ་རིའམ། ཁང་ཁྱིམ་མམ་བུམ་པ་ལྟ་བུའི་གཟུགས་སྣང་གང་ཡང་རུང་བ་
(༤༤༢)ཞིག་ལ་ཅེར་གྱིས་བལྟས་པས། སྣང་ཆ་དེ་ཉིད་འགགས་པའམ་མི་གསལ་བར་སེམས་ཉིད་ཁོ་ན་གསལ་སྟོང་དུ་མྱོང་བ་ཙམ་མ་ཡིན་པར། སྔར་སྣང་བ་གཏན་ལ་ཕབ་པའི་སྐབས་ལྟར་རྣམ་པ་ཅིར་སྣང་བ་དེའི་མཚན་ཉིད་གསལ་བཞིན་དུ་གསལ་བ་དེའི་ངོ་བོའམ་རང་བཞིན་ངོས་བཟུང་རྒྱུ་ཅི་ཡང་མེད་པའི་སྟོང་པ་ཉིད་དེ། མདོར་ན་སྣང་བ་ཅི་སྣང་དེའི་རྣམ་པ་གསལ་བ་དང་ངོས་བཟུང་མེད་པའི་སྟོང་པ་ཉིད་དབྱེར་མི་ཕྱེད་པར་སྣང་སྟོང་ངམ་སྟོང་སྣང་ལྟ་བུར་ཉམས་སུ་མྱོང་ན། སྣང་བ་དང་སྣང་མཁན་དབྱེར་མེད་པ་སྣང་སྟོང་དུ་རྗེན་ནེ་འཆར་བ་དེ་སྣང་བ་ལྷན་སྐྱེས་ཀྱི་རང་ངོ་མཐོང་བ་ཡིན་ཏེ། དཔེར་ན་རྨི་ལམ་ན་སྣོད་བཅུད་ལྟ་བུའི་སྣང་བ་སྣ་ཚོགས་ཤར་ཡང་ཤར་ཙམ་ཉིད་ནས་རྨི་ལམ་གྱི་ཤེས་པ་ཉིད་ལས་གཞན་མིན་པ་ལྟར། ད་ལྟའི་སྣང་བ་ཅི་འདྲ་ཞིག་ཤར་ཡང་རང་སེམས་སྟོང་པ་ཉིད་སྒོམ་འགགས་པའི་རྩལ་སྤྱི་མཐུན་གྱི་ལས་མ་དག་བར་དུ་དེ་འདྲའི་སྣང་བ་ཙམ་དུ་ཤར་ལ།
(༤༤༣)ཤར་ཙམ་ནས་རང་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ལས་གཞན་མིན་པ་སྟེ། རྗེ་གླིང་རས་ཀྱིས། གཞི་རྩ་བྲལ་བའི་སེམས་ཉིད་ལ། །མདང་གསུམ་རྨི་ལམ་རྨིས་པ་དེ། །སྣང་བ་སེམས་སུ་ངོ་སྤྲོད་པའི། །སློབ་དཔོན་ཞིག་ལགས་ཏེ་གོ་ལགས་སམ། །ཞེས་པ་ལྟར་རོ། །གཟུགས་སྣང་གི་རིགས་པས་སྒྲ་སྣང་སོགས་ཚོགས་དྲུག་གི་སྣང་བ་གཞན་ལའང་འགྲེ་སྟེ། ཀླུ་སྒྲུབ་ཀྱིས། གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་སོ། །འོན་ཀྱང་སྣང་སེམས་དཔྱིས་ཕྱིན་པར་འདྲེ་བ་ནི་སྒོམ་རོ་གཅིག་ཆེན་པོའི་སྐབས་སུ་འབྱུང་བར་བཤད་པས། འདིར་སྐབས་དོན་གྱི་སྣང་སེམས་དབྱེར་མེད་ཙམ་བཤད་པ་ཡིན་ནོ། །འདིའི་སྐབས་སུ། སྣང་བ་ཅིར་སྣང་སྣང་བཞིན་དུ་རྩིས་མེད་འཛིན་མེད་དུ་ཁྲོལ་ལེ་གནས་པ་ཞི་གནས་དང་། དེ་ཉིད་སྣང་སྟོང་དབྱེར་མེད་དུ་སྒྲོ་འདོགས་ཆོད་པའི་རྟོགས་པའམ་ངེས་ཤེས་ལྷག་མཐོང་དང་།
(༤༤༤)སྣང་བ་སྟོང་པའི་རང་བཞིན་ཅན་དང་སྟོང་པ་སྣང་བའི་རྣམ་པ་ཅན་གཉིས་དབྱེར་མི་ཕྱེད་པར་ཉམས་སུ་མྱོང་བ་ཞི་ལྷག་ཟུང་འཇུག་ཡིན་ནོ། །མྱོང་རྟོགས་དེ་ལྟ་བུ་ལ་བརྟེན་ནས་དྭགས་པོ་བཀའ་བརྒྱུད་པས་ཅིར་སྣང་ཆོས་སྐུ་དང་སྣང་སྲིད་ཆོས་སྐུའི་རྟོགས་ཆོས་དང་ཐ་སྙད་བཞེད་དོ། །དེ་ཉིད་མདོ་རྒྱུད་དང་མན་ངག་ལས་བསྟན་ཚུལ་ནི། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་དང་། ཤེར་ཕྱིན་ལས། གཟུགས་ཀྱང་གཞན་ལ་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་གཞན་མ་ཡིན་ཏེ། དེ་ལྟ་བས་ནི་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོགས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་
(༤༤༥)བསྟན། །ཞེས་དང་། གཟུགས་དང་བྱང་ཆུབ་མཉམ་པ་སྟེ། །ཐ་དད་བྱ་བ་དེར་མི་རྙེད། །ཅེས་དང་། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མྱ་ངན་འདས་དང་མཚུངས་མཉམ་པས། །ཞེས་དང་། དེ་དག་གི་འགྲེལ་པར་འཇམ་དཔལ་གྲགས་པས། གཟུགས་ཀྱི་ཆོས་ཉིད་ནི་བྱང་ཆུབ་བོ། །བྱང་ཆུབ་ཉིད་ཀྱང་གཟུགས་སོ། །ཞེས་དང་། སྒྲ་དང་མྱ་ངན་ལས་འདས་པ་འདི་དག་གཉིས་སུ་མེད་ཅིང་ཐ་མི་དད་དོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གཟུགས་ཀྱང་གཞན་གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན་ནོ་ཞེས་དེ་ལྟར་མི་བལྟའོ། །གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན། དེ་བཞིན་གཤེགས་པ་ཡང་གཞན་ནོ་ཞེས་དེ་ལྟར་མི་བལྟའོ། །ཞེས་སོགས་དང་། བརྟག་གཉིས་ལས། བརྟན་དང་གཡོ་བའི་དངོས་པོ་གང་། །རྩ་ལྕིག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་དམ་པ་གཅིག་ཡོད་མིན། །རང་རིག་བདེ་
(༤༤༦)བ་ཆེན་པོ་ཉིད། །ཅེས་དང་། གུར་ལས། གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་དང་། སམ་ཊི་ལས། གཟུགས་རྣམས་ཐམས་ཅད་བལྟ་བ་དང་། །སྒྲ་རྣམས་ཉིད་ཀྱང་ཉན་པ་དང་། །སྨྲ་བ་དང་ནི་རྒོད་པ་དང་། །སྣ་ཚོགས་དེ་ནི་མྱང་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་ན། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །ཅེས་དང་། ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ཞེས་དང་། བྲམ་ཟེ་ཆེན་པོས། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས། །ལྷན་ཅིག་སྐྱེས་པའི་རོ་ཉིད་ལས་ནི་གཞན་ཡོད་མིན། །སྲིད་དང་མྱ་ངན་འདས་
(༤༤༧)པ་གཉིས་སུ་མི་རྟོག་པ། །འདི་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ཡིན་པས་བཤད། །ཅེས་དང་། ཤ་ཝ་རས། སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་དང་མཚུངས་དངོས་པོ་མཚན་མ་མེད། སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་སྟེ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །ཞེས་དང་། བིར་ཝ་པས། བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ཐམས་ཅད་ཀྱང་། །ཆོས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པའོ། །ཞེས་དང་། ཏཻ་ལོ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ལས། །མ་ལུས་དེར་བྱུང་དེ་རུ་ཐིམ། །ཞེས་དང་། ནཱ་རོ་པས། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །ཅེས་དང་། ནཱ་རོ་མཻ་ཏྲིའི་ཚིག་བསྡུས་ལས། །སྣང་བ་རང་གྲོལ་ཆོས་ཀྱི་སྐུ། །ཞེས་དང་། གང་གི་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཞེས་དང་། མཻ་ཏྲི་པས། སྣ་ཚོགས་སྣང་བ་སེམས་
(༤༤༨)ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱི་མ་གྲུབ་ཕྱག་རྒྱ་ཆེ། །ཞེས་དང་། རྗེ་མར་པས། ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ཞེས་དང་། རྗེ་བཙུན་གྱིས། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཕྱི་ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་བ་སེམས་ཀྱི་གྲོགས་སུ་ཤར། །ཞེས་དང་། རྗེ་སྒམ་པོས། བརྟགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པར་བཙིར་གྱིས་བཟུང་། །ཞེས་པ་ལ་སོགས་པ་བཀའ་བརྒྱུད་རིན་པོ་ཆེའི་རྡོ་རྗེའི་གསུང་ཤིན་ཏུ་མང་ཡང་མངས་པའི་འཇིགས་པས་མ་སྤྲོས་སོ། །གསུམ་པ་སྐྱོན་སེལ་ཞིང་སྒོམ་དོན་ངོས་བཟུང་བ་ལ། སྒོམ་གྱི་ནོར་ས་བཤད་པ། སྒོམ་ཕྱོགས་རེ་བའི་སྐྱོན་བཤད་པ། སྒོམ་སྐྱོན་མེད་ངོས་བཟུང་བ་གསུམ་གྱི། དང་པོ་ནི། སྔར་ཞི་གནས་ཀྱི་སྐབས་སུ་བཤད་པའི་སེམས་རྩེ་གཅིག་པ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་། བདེ་
(༤༤༩)གསལ་མི་རྟོག་པའི་ཉམས་དང་ལྡན་པ་ཞིག་སྐྱོང་བ་ནི། རྫུ་འཕྲུལ་དང་མངོན་ཤེས་སོགས་བསྐྱེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཡིན་ཡང་། དེ་སེམས་བསྐྱེད་ཀྱིས་མ་ཟིན་ན་རྫོགས་བྱང་གི་རྒྱུར་ཡང་འགྱུར་བར་དཀའ་ལ། ཟིན་ནའང་བྱང་ཆུབ་ཀྱི་ལམ་ཁྱད་པར་ཅན་དུ་མི་འགྲོ་སྟེ། སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པས་ན་ཐར་པའི་དངོས་རྒྱུར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱིས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་སོ། །སྟོང་ཉིད་ཤེས་པ་ལ་བདག་མེད་གཉིས་སམ་སེམས་ཀྱི་གཞི་རྩ་ཆོད་པའི་ལྷག་མཐོང་མེད་དུ་མི་རུང་བས། ལྷག་མཐོང་དང་མ་འབྲེལ་བའི་ཞི་གནས་རྐྱང་པ་སྟོང་ཉིད་དང་ཕྱག་རྒྱ་ཆེན་པོའི་སྒོམ་དུ་མི་འགྲོ་སྟེ། ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །ངོས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །ཅེས་སོགས་སྔར་དྲངས་
(༤༥༠)པ་ལྟར་རོ། །དེ་ལྟར་ན་ཐོས་པ་ཆུང་ཞིང་བླ་མ་བསྟེན་ཡུན་ཐུང་བ་དག་ལ་དང་པོར་སྒོམ་རྗེས་མཐུན་པ་ཙམ་སྐྱེས་ཀྱང་། དེ་སྐྱོང་མ་ཤེས་པར་ངང་ངམ་ཤུགས་ཀྱིས་ལྷག་མཐོང་གི་ངེས་ཤེས་ཤོར་ཞིང་། ཏིང་ངེ་འཛིན་གྱི་དྲན་ཤེས་ལྷོད་པར་གྱུར་ཏེ་སྒོམ་མིན་གྱི་ཉམས་ཅི་རིགས་ཤར་བ་ལ་སྒོམ་དུ་རློམ་པ་སྐྱེས་ནས་ནོར་ས་མང་ངོ་། །དེས་ན་དེ་དག་བཤད་པར་བྱ་སྟེ། དེ་ཡང་ཅི་རིགས་ལ་སྒོམ་བསྐྱངས་པས་བྱིང་རྨུགས་འཕེལ་ཏེ། དང་པོར་མིག་ཡུལ་གྱི་གཟུགས་ཕྲ་རགས་མི་གསལ་བར་ཝལ་པོ་ལྟ་བུར་གྱུར། དེ་ཡང་ཇེ་མི་གསལ་དུ་སོང་ནས་མཐར་མིག་ཤེས་ཐིམ་པས་གཟུགས་ཀྱི་སྣང་བ་འགག །དེ་བཞིན་དུ་རྣ་བའི་སྒྲ་ལ་སོགས་པའང་ཅི་རིགས་པར་མི་གསལ་ཞིང་མཐར་འགགས་ཏེ། མཇུག་ཏུ་ཡུལ་དྲུག་ལ་འཇུག་པའི་རྣམ་ཤེས་དྲུག་ཀ་འགགས་ནས་སྣང་མེད་དྲན་མེད་བརྒྱལ་བ་ལྟར་སོང་བ་འོང་སྟེ། དཔེར་ན་མཚོ་ལ་དར་ཆགས་པ་ན་ཆུའི་རྣམ་པ་དྭངས་
(༤༥༡)ཤིང་གསལ་བ་དང་ཆུ་ནང་གི་དངོས་པོའི་ཁྱད་པར་ཇི་སྙེད་པ་མི་གསལ་བར་འགྱུར་བ་ལྟར་རོ། །ཡང་། དེ་ལས་ནི་ཅུང་ཟད་དྭངས་ཤིང་དྲན་པ་ཡུད་དེ་བ་ཙམ་ཡོད་པ། གཟུགས་སྒྲ་སོགས་ཀྱི་སྣང་བའང་མ་འགགས་ཀྱང་། དེ་དག་མི་གསལ་བ་ཝལ་པོ་ལྟར་སོང་ནས་ཤེས་བཞིན་མི་གསལ་བར་རྨོངས་པའམ་འཐོམས་པའམ་སྙོམ་པ་ལྟར་གྱུར་པའང་འབྱུང་སྟེ། དེ་དག་ནི་ཉོན་མོངས་པ་གཏི་མུག་གི་རིགས་དང་། དེའི་ཉེ་བའི་ཉོན་མོངས་པའི་ཆར་གཏོགས་སུ་བཤད་དེ། ཡང་། ཚོགས་དྲུག་གི་སྣང་བ་གསལ་མི་གསལ་སོགས་གང་གིའང་རིག་ཚོར་དང་འདུ་ཤེས་མེད་ཅིང་། གང་དུའང་ཡིད་འདུ་མི་བྱེད་པར་དྲན་མེད་ལྟ་བུར་གནས་པ་ཡང་སྔ་མ་དང་ཕྱོགས་འདྲ་བའི་གནས་པ་སྟོངས་པོའི་རིགས་ཡིན་པས་སྒོམ་དུ་མི་རུང་སྟེ། དེ་དག་རྨོངས་པ་ཤས་ཆེ་བར་སྣང་བས་དུད་འགྲོའི་རྒྱུ་ཚོགས་སུ་བཤད་པའི་ཕྱིར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བར། རྨོངས་པས་ཕལ་
(༤༥༢)ཆེར་དུད་འགྲོར་འགྱུར། །ཞེས་སོ། །ཡང་། དེ་དག་དང་ཅུང་ཟད་མི་འདྲ་བར་སེམས་ལ་དྭངས་ཆའམ་གསལ་སྣང་ཅི་རིགས་དང་ལྡན་ཡང་འདོད་པ་བཞིན་གྱི་དྲན་པ་དང་ཤེས་བཞིན་གྱི་གསལ་ངར་དང་མི་ལྡན་ན། དེ་ཡང་དགེ་བའི་སེམས་རྩེ་གཅིག་པར་མི་འགྲོ་ཞིང་མི་དགེ་བ་འདིར་འགྱུར་ཡང་མེད་པས་ལུང་མ་བསྟན་གྱི་སེམས་སུ་གཏོགས་སོ། །དེ་བཞིན་དུ་དྲན་ཤེས་མི་གསལ་བར་སྣང་བ་མཐའ་དག་ལ་དགག་སྒྲུབ་མེད་པར་གནས་པ་ཙམ་ཡང་འདུ་བྱེད་བཏང་སྙོམས་པའི་ཁོངས་སུ་གཏོགས་དགོས་པས་ལུང་མ་བསྟན་གྱི་སེམས་ཡིན་ནོ། །ལུང་མ་བསྟན་གྱི་ལས་ནི། ཕྱིས་རྐྱེན་གྱིས་ལས་གཞན་དུ་འགྱུར་སྲིད་ཀྱང་འབྲས་བུ་མཐའ་ཅིག་ཏུ་མི་འབྱུང་བ་ལ་བཤད་ལ། ཁ་ཅིག་མི་གཡོ་བའི་ལས་དང་དོན་གཅིག་པ་ལྟར་འཆད་ཀྱང་དེ་ནི་ཅུང་ཟད་མི་ལེགས་ཏེ། དེ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ལྟར་ན་སེམས་དེ་གཉིས་སྟབས་ལེགས་ན་འདུ་ཤེས་མེད་པའི་
(༤༥༣)སྙོམས་འཇུག་ཉོན་མོངས་པ་ཅན་གྱི་རྒྱུའི་ཕྱོགས་སུ་འགྲོ་བ་སྲིད་ཀྱང་། དེ་ནི་བསམ་གཏན་བཞི་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱོན་མེད་དུའང་མི་འགྲོ་བས། འདིར་བསྒྲུབ་བྱའི་སྒོམ་དུ་ནི་ནམ་ཡང་མི་རུང་སྟེ། སྤྱོད་འཇུག་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་བཤད་དེ། དེ་ནི་འཇུག་ཤེས་འཁོར་དང་བཅས་པ་རྒྱུན་ཆད་པའི་ལྷ་འདུ་ཤེས་མེད་པ་བ་ཞེས་པའི་རྒྱུར་བཤད་དོ། །ཡང་། རྟོག་པ་སྔ་མ་ཞིག་འགགས་ཕྱི་མ་མ་སྐྱེས་པའི་བར་གྱི་ཤེས་པ་ཧད་པོ་ཙམ་དུ་གནས་པ་ལ་སྒོམ་དུ་འཁྲུལ་པའང་མང་བས་དེ་ཡང་མི་ཐད་དེ། དེ་ལས་ལྷག་མཐོང་གི་ངེས་ཤེས་མེད་པས་གཉིད་མཐུག་དང་བརྒྱལ་བ་དང་ར་རོ་བ་ལྟ་བུའམ། འཕྲལ་དུ་ཧ་ལས་པའི་སེམས་ལྟ་བུ་དང་ཕྱོགས་མཚུངས་པའི་རྟོག་མེད་དུ་སོང་བ་ཙམ་ཡིན་ལ། ཡང་དེ་ཉིད་ལ་སེམས་ཀྱི་གསལ་ངར་ཐོན་པ་བྱུང་ཡང་གནས་ཆ་གྲུང་
(༤༥༤)བོ་ཙམ་ཞིག་ཏུ་འགྱུར་བ་ཡིན་རུང་སྟོང་ཉིད་ལ་བློ་ཁ་ཕྱོགས་པའི་སྒོམ་མིན་ནོ། །གལ་ཏེ་ལྷག་མཐོང་གི་ངེས་ཤེས་ཙམ་ཡོད་ནའང་། རྟོག་པ་རང་ཞིར་སོང་བའི་ཞི་གནས་ཀྱི་ཉམས་དང་མི་ལྡན་པར། རྟོག་པ་བཙན་བཀག་ལྟར་སོང་ནས་རྟོག་སྣང་གི་འཆར་སྒོ་ཕྲ་མོས་ཀྱང་བར་དུ་གཅོད་ཅིང་དགྲར་ལྡང་བས་ཏིང་ངེ་འཛིན་དེའི་རྒྱུན་འཐུང་ཤིན་ཏུ་དཀའ་བ་ཞིག་འབྱུང་སྟེ། ལས་དང་པོ་པ་ཁ་ཅིག་ལ་སྒོམ་དུ་ངོས་བཟུང་དུ་རུང་ཡང་གནས་ལུགས་གཏན་ལ་ཕེབས་པའི་སྒོམ་ཉིད་དུ་ཅུང་ཟད་མི་བཞེད་དེ། རྗེ་སྒམ་པོ་པས། གནས་པའི་དུས་སུ་རྟོག་མེད་རྒྱུན་བསྲིང་བ་ཡིན། ངོ་བོ་ལ་རྟོག་མེད་རྒྱུན་བསྲིངས་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཞེས་དང་། ལ་ལས་ནི་རྟོག་པ་བྱུང་ཚད་བཀག་ནས་རྟོག་མེད་ལ་བློ་གྲིལ་ནས་འཇོག་པ་ལ་ཡོན་ཏན་དུ་བལྟ་སྟེ། དེས་ལམ་གཅོད་མི་ནུས་ཡེ་ཤེས་ཕྱེ་བོ་བྱ་བ་ཡིན། ཞེས་གསུངས་པས་སོ། །ཡང་། སེམས་བདེ་ལྷམ་མེར་གནས་པའི་གནས་ཆ་ཙམ་དང་། དུས་གསུམ་གྱི་རྟོག་པ་གང་
(༤༥༥)ཡང་ཡིད་ལ་མི་བྱེད་པར་སྟོང་སང་ངེ་བར་གནས་པ་ཙམ་དང་། ཕྱི་ནང་གི་དངོས་པོ་མཐའ་དག་མཐོང་བ་སྙམ་བྱེད་པའི་གསལ་སྣང་ལ་སེམས་གནས་པ་རྣམས་སོ་སོ་བའམ། དེ་གསུམ་པ་འཛོམ་པའང་རུང་སྟེ་མདོར་ན་ལྷག་མཐོང་གི་ངེས་ཤེས་དང་མི་ལྡན་པའི་བདེ་གསལ་སྟོང་པའི་ཏིང་ངེ་འཛིན་ཅི་ཙམ་བཟང་ཡང་འདིར་བསྒྲུབ་པར་བྱ་བའི་སྒོམ་མིན་ཏེ། རྗེ་སྒམ་པོ་པས་དེ་དག་སྣང་ལམ་ངེས་པ་ཞེས་བྱ་བ་སོ་སོར་བརྟགས་མིན་གྱི་འགོག་པའི་རྒྱུར་འགྲོ་བ་དང་། དེའི་འབྲས་བུ་གར་སྐྱེ་ཆ་མེད་དུ་གསུངས་ཏེ་སླར་ཡང་འཆད་པར་འགྱུར་རོ། །ཡང་། སེམས་ལ་གང་སྣང་ཅི་ཤར་ཐམས་ཅད་དང་འཆར་སྒོ་གཞན་མེད་པའི་ཚེ་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་བདེན་མེད་དང་སྟོང་ཉིད་ཀྱི་འཛིན་སྟངས་དང་མ་བྲལ་བར་བྱེད་པ་ཡང་འདིར་བསྒྲུབ་བྱའི་སྒོམ་མིན་ཏེ། སེམས་སྟོང་ཉིད་དུ་རློམ་པ་བྱེད་པའི་དྲན་རྒྱུན་བསྟེན་པ་ཙམ་ལས་ལྷག་མཐོང་གི་ངེས་ཤེས་མི་སྣང་བ་དང་། གལ་ཏེ་ངེས་ཤེས་ཡོད་ཀྱང་སླར་
(༤༥༦)ཡང་སྟོང་ཉིད་དང་བདེན་མེད་ཀྱི་ཞེན་འཛིན་བསྐྱེད་པར་སྣང་བས་ཆད་ལྟ་ཆེན་པོར་འགྱུར་བ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། གང་དག་སྟོང་པ་ཉིད་བལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། སྟོང་པ་ཉིད་ལ་བལྟ་ཉེས་པས། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་དང་། མེད་པ་པོ་ནི་ངན་འགྲོར་འགྲོ། །ཞེས་སོགས་ཀྱིས་བཀག་པའི་ཕྱིར་རོ། །སྐབས་འདིར་ཁ་ཅིག །རྒྱུ་མཚན་འདི་དག་ཞིབ་ཏུ་མ་འབྱེད་པར་བཤད་ཚུལ་ཅི་རིགས་ཐོས་པ་ལ་བརྟེན་ནས། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པོ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཞེས་འཆད་པ་ནི་ཚིག་གི་བརྗོད་ཚུལ་ཤིན་ཏུ་ཉེས་ཤིང་སྨྲ་འདོད་པ་ཙམ་དུ་ཟད་དོ། །ཇི་ལྟར་ཞེ་ན། ཕྱག་རྒྱ་ཆེན་པོ་བསྒོམས་པས་དུད་འགྲོར་སྐྱེ་བ་ཡོད་པར་འགྱུར་བ་དང་། དེ་ལྟར་ན་ཕྱག་ཆེན་དུད་འགྲོའི་རྒྱུར་འགྱུར་བའི་ཕྱིར་དང་། ཡང་བླུན་པོས་ཕྱག་ཆེན་སྒོམ་དུ་མི་རུང་བར་འགྱུར་བ་དང་། དེ་ལྟར་ན་དེའི་རིགས་པས་
(༤༥༧)བླུན་པོས་ཐོས་བསམ་སྒོམ་གསུམ་ལའང་འཇུག་ཏུ་མི་རུང་བར་འགྱུར་བའི་ཕྱིར་དང་། དུད་འགྲོ་དང་གཟུགས་མེད་དང་ཉན་ཐོས་ཀྱི་འགོག་སྙོམས་ཀྱི་རྒྱུའི་གཞི་མཐུན་ཡོད་པར་འགྱུར་བ་དང་། དེ་ལྟར་ན་དེ་དག་སྐལ་མཉམ་དུ་འགྱུར་བའི་ཕྱིར་རོ། །ཡང་ཁྱེད་རང་གིས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་ཡིན། །ཞེས་སྨྲ་མེད། དེ་ལྟར་ན་བླུན་པོས་དབང་ལས་བྱུང་བའི་ཡེ་ཤེས་ཀྱང་སྒོམ་དུ་མི་རུང་བ་དང་། བླུན་པོ་དབང་གི་སྣོད་དུ་མི་རུང་བར་འགྱུར་ལ། དེ་མི་རུང་ན། བརྟག་གཉིས་སུ། རྨོངས་དང་མ་རུངས་ལས་བྱེད་དང་། །ཞེས་སོགས་གསུངས་པ་མི་འཐད་པར་འགྱུར་རོ། །ཡང་བླུན་པོས་དབང་ལས་བྱུང་བའི་ཡེ་ཤེས་སྒོམ་པའང་དུད་འགྲོ་སོགས་ཀྱི་རྒྱུར་འགྱུར་ཏེ། བླུན་པོས་ཕྱག་ཆེན་སྒོམ་པ་དུད་འགྲོ་སོགས་ཀྱི་རྒྱུར་ཁས་བླངས་ཤིང་། དབང་ལས་བྱུང་བའི་ཡེ་ཤེས་ཕྱག་ཆེན་དུ་འདོད་པའི་ཕྱིར་རོ། །ཡང་ཕྱག་ཆེན་སྒོམ་མ་ཤེས་ན་དེ་ལྟར་འགྱུར་ཞེས་སྨྲ་འདོད་ནའང་བརྗོད་
(༤༥༨)ཚུལ་ཉེས་ཏེ། དཔེར་ན་ཐེག་ཆེན་གྱི་ལམ་སྒོམ་མ་ཤེས་ན་ཐེག་དམན་གྱི་རྒྱུར་འགྱུར་བ་སྲིད་ཀྱང་། ཐེག་ཆེན་གྱི་ལམ་སྒོམ་པ་ཐེག་དམན་གྱི་རྒྱུར་བརྗོད་དུ་མི་རུང་བ་དང་། དམ་པའི་ཆོས་བྱེད་མ་ཤེས་ན་ངན་སོང་དུ་སྐྱེ་བ་སྲིད་ཀྱང་། དམ་པའི་ཆོས་བྱེད་པ་ངན་སོང་གི་རྒྱུར་སྨྲ་མི་རུང་བ་བཞིན་ནོ། །གཞན་ཡང་གཟུགས་མེད་དུ་སྐྱེ་བའི་རྒྱུ་ལ་སྐྱེ་མཆེད་མུ་བཞི་སོ་སོའི་བསམ་གཏན་གྱི་དངོས་གཞི་ལ་གསལ་སྣང་ཐོབ་པའི་སྙོམས་འཇུག་དང་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལྷག་མཐོང་ཞིག་དགོས་ཤིང་། ད་ནི་ཉན་ཐོས་དགྲ་བཅོམ་གྱིས་ཀྱང་སྒྲུབ་དཀའ་བའི་བསམ་གཏན་གྱི་སྙོམས་འཇུག་ཏུ་བཤད་པས་དུད་འགྲོའི་རྒྱུ་དང་ཕྱོགས་མཐུན་པར་འཆད་པ་ཤིན་ཏུ་མི་རིགས་སོ། །ཡང་ཉན་ཐོས་འགོག་པར་ལྟུང་ཞེས་པའི་འགོག་འཕགས་ཉན་ཐོས་ཕྱིར་མི་འོང་དང་དགྲ་བཅོམ་གྱི་འགོག་སྙོམས་ལ་སྨྲ་ན། དེ་ལ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་ལྷག་མཐོང་དགོས་
(༤༥༩)པས་དུད་འགྲོའི་རྒྱུ་དང་ཕྱོགས་མཐུན་དུ་འཆད་པར་མི་རུང་ཞིང་། དེ་ལྟ་བུའི་འགོག་སྙོམས་ཀྱི་རྒྱུ་སྒོམ་པ་བླུན་པོར་ཡང་སྒྲུབ་དཀའ་བར་འགྱུར་ལ། གཞན་ཡང་སྒོམ་རིམ་ཐ་མ་ལས། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོ་སྐྱེ་བོའི་སེམས་ནི་འགོག་པར་འགྱུར་མི་སྲིད་དོ། །ཞེས་བཤད་པ་དང་ཡང་དངོས་སུ་འགལ་བས་འཆལ་གཏམ་འབའ་ཞིག་གོ །ཡང་ཉན་ཐོས་འགོག་པ་དེ་ཕལ་པའི་ལོ་རྒྱུས་འགའ་ཞིག་ལ་ཉན་ཐོས་འགོག་པར་གླེང་བ་དེར་སྨྲ་ན། དེ་ནི་ཕལ་པའི་ཁ་གླེང་ཙམ་ལ་སྨྲ་མོད་ཀྱང་དོན་ལ་ཉན་ཐོས་མིན་པས་དེའི་འགོག་པའང་ཉན་ཐོས་འགོག་པར་མི་འགྱུར་ཏེ། རྒྱུ་མཚན་དེ་ལྟར་ན་སླར་ཡང་ཡིད་རྣལ་དུ་ཕབ་ནས་ལེགས་པར་སྨྲོས་ཤིག །ཡང་ཁ་ཅིག །དེང་སང་འགའ་ཞིག་བླ་མ་ཡི། །མོས་གུས་ཙམ་ཀྱིས་སེམས་བསྒྱུར་ནས། །རྟོག་པ་ཅུང་ཟད་འགགས་པ་ལ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད། །དེ་འདྲ་བདུད་ཀྱི་ཡིན་པའང་སྲིད། །ཡང་ན་ཁམས་
(༤༦༠)འདུས་འགའ་ལ་འབྱུང་། །ཞེས་ཟེར་བའང་བབ་ཅོལ་ཏེ། བླ་མའི་བྱིན་རླབས་དང་བདུད་ཀྱི་བྱིན་རླབས་ཀྱི་གཞི་མཐུན་ཁས་བླངས་པར་འགྱུར་བ་དང་། དེ་ལྟར་སོམ་ཉི་ཟ་བའང་ཤིན་ཏུ་མི་ལེགས་པའི་ཕྱིར་དང་། གོང་དུ་བཤད་པ་ལྟར་ལྷག་མཐོང་གིས་མ་ཟིན་པའི་རྟོག་མེད་ཕྱག་ཆེན་དུ་མི་བཞེད་པའི་ཕྱིར་རོ། །ཡང་ཁམས་འདུས་ལ་འབྱུང་བ་ཐམས་ཅད་ཡང་དག་པ་མིན་པར་འཕངས་པའང་ཧ་ཅང་ཐལ་པ་སྟེ། རླུང་སེམས་དྷུ་ཏཱིར་ཞུགས་ཐིམ་གྱིས་ཡེ་ཤེས་བསྐྱེད་ཐབས་ཐམས་ཅད་ཀྱང་མི་འཐད་པར་འགྱུར་བའི་ཕྱིར་དང་། ཁྱེད་རང་འདོད་པའི་ཕྱག་ཆེན་ཁྱེད་རང་གིས་སུན་དབྱུང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ལ་ལ་དག་སེམས་ཀྱི་རྣམ་པ་གསལ་སིང་ངེ་བའི་ངར་དང་ལྡན་ཞིང་གཞན་གང་དུའང་རྣམ་པར་མི་རྟོག་པར་ཆམ་མེ་གནས་པ་ཙམ་ཞིག་ཕྱག་རྒྱ་ཆེན་པོའི་སྒོམ་དུ་འདོད་པ་སྣང་ཡང་། དེ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བ་ཞིག་ཡིན་ནའང་
(༤༦༡)ཕྱག་ཆེན་གྱི་སྒོམ་ནི་ཅུང་ཟད་མིན་ཏེ། སེམས་གསལ་སྟོང་གི་ཉམས་དང་ལྡན་པ་ཙམ་ལས་ལྷག་མཐོང་གི་ངེས་ཤེས་དང་མི་ལྡན་པས་སོ། །གལ་ཏེ་རྟོག་པ་ཐམས་ཅད་རང་སར་ཞི་བའི་ངང་ནས་སེམས་སམ་རིག་པའི་ངོ་བོ་གསལ་ལ་ངོས་བཟུང་ཐམས་ཅད་དང་བྲལ་བའི་ཉམས་མྱོང་ངེས་ཤེས་དང་ལྡན་ན་དེ་ཉིད་ལས་དང་པོ་པའི་སྒོམ་དུ་བྱེད་མོད་ཀྱང་། རྟོག་པ་དང་སྣང་བ་བཀག་པ་ལྟ་བུའི་མི་རྟོག་པ་ཞིག་ཅི་ནས་ཀྱང་དགོས་པར་འདོད་སྣང་བས་གནས་ལུགས་རིག་པའི་བཅོས་མིན་གྱི་ངོ་བོའི་སྒོམ་ཅུང་ཟད་མིན་ལ། དེས་ན་ཚུལ་དེ་ལ་རྗེས་ཐོབ་ཀྱི་སྒོམ་ཡང་འཆར་དཀའ་བ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་རྣམ་རྟོག་གམ་སྣང་བའི་འཆར་སྒོ་བྱུང་བའི་ཚེ་དེ་ཉིད་འགེགས་པའམ་བཀུག་ནས་གསལ་ལ་མི་རྟོག་པར་འཇོག་དགོས་པའི་རིགས་དང་། ཡང་འགའ་ཞིག་དྲན་རིག་ཐུ་རེ་བཟུང་ནས་སེམས་གསལ་སྟོང་ཧྲིག་གེ་གནས་དགོས་པར་འདོད་པ་རྣམས་ཀྱང་། སེམས་ཀྱི་ངོ་ཐོག་ཏུ་རྡོ་རུས་
(༤༦༢)འཕྲོད་པའི་དོན་ཐོག་ནས་དྲན་རིག་མ་ཡེངས་པ་བྱུང་ན་དེ་ཉིད་ལས་དང་པོ་པའི་སྒོམ་དུ་བྱེད་ཀྱང་། རྟོག་པ་དང་སྣང་བའི་ངོ་བོ་ལ་སྒྲོ་འདོགས་མ་ཆོད་པ་ལ་བརྟེན་ནས་རྟོག་སྣང་དགྲར་ལྡང་བ་ཤས་ཆེ་བས། སེམས་ཀྱི་རང་གཤིས་ལྷུག་པའི་མཚང་མ་རྙེད་པར་ཧ་ཅང་བསྒྲིམས་པའི་ཉམས་མྱོང་ཕྱོགས་རེ་བ་ཡིན་ནོ། །འོན་ཀྱང་དེ་ལྟ་བུའི་དགེ་སྦྱོར་དེ་ཡང་སྐྱོང་མཁས་ན་གོམས་ནས་དེ་འདྲའི་མཉམ་གཞག་དེ་ཡར་འཕེལ་དུ་འགྲོ་ཞིང་། རིམ་པས་རྟོག་སྣང་གི་འཆར་སྒོ་ཡང་ཕྲ་ཉལ་གྱི་རང་ཞིར་སོང་ནས་མཇུག་ཏུ་རྟོག་སྣང་ལ་སྒྲོ་འདོགས་ཆོད་པ་ཞིག་འབྱུང་ཡང་། ཅི་རིགས་ལ་ཐོག་མར་སེམས་ཀྱི་འཆར་སྒོ་གསལ་ཞིང་མང་བ་འབྱུང་བས། དེ་དག་གི་གནས་ལུགས་ཉམས་འོག་ཏུ་མ་ཚུད་པ་ལ་བརྟེན་ནས་སྒོམ་ཤིན་ཏུ་སྐྱོང་མ་བདེ་བར་སྒོམ་དང་སྣ་སུན་ཁྱེར་དོགས་ཆེ་བས། སེམས་རྟོག་མེད་དང་རྟོག་པ་དང་ཡུལ་སྣང་གི་འཆར་སྒོ་རྣམས་ཀྱི་ལྷན་སྐྱེས་གསུམ་ངོ་འཕྲོད་ཅིང་སྒྲོ་དོགས་ཆོད་པ་དགོས་ལ།
(༤༦༣)ཁྱད་པར་ངོ་སྤྲོད་ཀྱི་སྐབས་སུ་རྟོག་མེད་ཁོ་ན་ལ་ངོ་སྤྲད་ན། ཕལ་ཆེར་གྱིས་རྣམ་པ་ཀུན་ཏུ་དེ་ལྟ་བུའི་ཀ་དཔེ་མ་ཞིག་དགོས་པར་གོ་ནས་ཤིན་ཏུ་གུ་དོག་པ་འབྱུང་བས་ཅུང་ཟད་མི་ལེགས་ཏེ། གཙོ་བོར་རྟོག་པ་དང་སྣང་བའི་འཆར་སྒོ་ལ་ངོ་འཕྲོད་པ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །གསུམ་པ་ལ། སེམས་ཀྱི་གནས་ལུགས་ལ་ཐ་མལ་གྱི་ཤེས་པར་གསུངས་ཚུལ། ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱི་ཁྱད་པར་ངོས་བཟུང་བ། དེ་ལ་མ་ཡེངས་པ་ཕྱག་ཆེན་གྱི་སྒོམ་དུ་བསྟན་པ་གསུམ་གྱི། དང་པོ་ནི། ཐ་མལ་གྱི་ཤེས་པ་ཞེས་བྱ་བ་འདི་མི་མཁས་པ་དག་གི་བསམ་ཚོད་ལ། འཁྲུལ་ཤེས་ལང་ཅན་རང་ཁ་བ་ཞིག་ཡིན་ནམ་སྙམ་དུ་སེམས་མོད་ཀྱང་། དེ་ནི་ཅུང་ཟད་མིན་ཏེ། ཐ་མལ་གྱི་སྒྲ་པྲ་ཀྲྀ་ཏ་ཞེས་པ་རང་བཞིན་དང་ཐ་མལ་གཉིས་ཀ་ལ་འཇུག་པས་རང་བཞིན་གྱི་ཤེས་པ་ཞེས་པའི་དོན་ཡིན་ལ། དེ་ནི་རང་བཞིན་གྱིས་འོད་གསལ་བ། གང་གིས་ཀྱང་མ་བཅོས་མ་བསླད་པའི་ཤེས་པ་རྣལ་དུ་ཕེབས་ཤིང་
(༤༦༤)རང་གཤིས་རང་ལུགས་ལྟར་གནས་པའི་དོན་ཡིན་ནོ། །དེ་ལྟ་བུའི་སེམས་ལ་ཐ་མལ་གྱི་ཤེས་པའི་ཐ་སྙད་འདོགས་པ་དྭགས་པོ་བཀའ་བརྒྱུད་པ་མ་གཏོགས་གཞན་གྱིས་མ་གསུངས་པའང་མིན་ཏེ། དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས། ཐ་མལ་ཤེས་པའི་རང་བཞིན་འབྲས་བུའི་མཆོག །མ་བཅོས་བཞག་ན་སྐུ་གསུམ་འབྲས་བུ་ཐོབ། །རང་གར་གློད་ན་མཐར་ཕྱིན་ཡེ་ཤེས་ཡིན། །སེམས་ཉིད་མ་བཅོས་རྡོ་རྗེ་ཀུན་གྱི་ངང་། །རྣལ་མར་བཞག་པའི་དོན་འདི་བརྗོད་དུ་མེད། །དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཞེས་དང་། དཔལ་ཤ་ཝ་རས། ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་པ་དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་ག་ཉིད་དུ་ཞོག །ཅེས་དང་། གྲུབ་ཆེན་ཏོག་རྩེ་བས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་ཆད། །བརྟགས་
(༤༦༥)པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་དང་། རྗེ་བཙུན་ཆེན་པོས། ཐ་མལ་ཤེས་པ་སྐྱོང་སྐྱོང་ནས། །མ་རིག་འཁྲུལ་པ་བརྗེད་དེ་ཐལ། །ཞེས་དང་། རྗེ་སྒམ་པོ་པས། ཐ་མལ་ཤེས་པས་ཆོག་པའི་ཉམས་ལེན་འདི། །སངས་རྒྱས་མི་གཟུགས་ཅན་གྱི་དྲིན་ལས་རྙེད། །ཅེས་པ་ལ་སོགས་པ་མང་དུ་གསུངས་སོ། །གཉིས་པ་ནི། དེ་ལྟར་ཐ་མལ་གྱི་ཤེས་པའི་གླེང་བསླང་བ་མང་ཡང་དེ་ཉིད་གསལ་བར་ངོས་འཛིན་པ་ཉུང་བར་སྣང་བས་བཤད་པར་བྱ་སྟེ། དེ་ཡང་རྗེ་སྒམ་པོ་པའི་ཚོགས་ཆོས་ཆེན་མོ་ལས། ད་རེས་འཁོར་བ་ལས་ཐར་བར་འདོད་ན་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཐ་མལ་གྱི་ཤེས་པ་ངོ་ཤེས་དགོས། དེ་ཡང་ཐ་མལ་གྱི་ཤེས་པ་ཞེས་བྱ་བ། རང་གི་ཤེས་པ་འདི་ལ་ཆོས་ཀྱི་རྣམ་པ་གང་གིས་ཀྱང་མ་བསླད་པ། འཇིག་རྟེན་གྱི་རྣམ་པར་ཤེས་པ་གང་གིས་ཀྱང་མ་རྙོགས་པ། བྱིང་རྨུགས་དང་རྟོག་པ་གང་གིས་ཀྱང་
(༤༦༦)མ་གཏུམས་པར་རང་སོར་བཞག་པ་ཡིན། །དེ་ངོ་ཤེས་ན་རང་གིས་རིག་པའི་ཡེ་ཤེས་ཡིན། མ་རྟོག་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན། རྟོགས་ན་རིག་པ་ཞེས་བྱ། ངོ་བོ་ཞེས་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། ཐ་མལ་གྱི་ཤེས་པ་ཞེས་བྱ། གཉུག་མ་ཞེས་བྱ། སྤྲོས་བྲལ་ཞེས་བྱ། འོད་གསལ་ཞེས་བྱ། ཞེས་པ་ལ་སོགས་པ་ཐ་མལ་གྱི་ཤེས་པའི་ངོ་བོ་ངོས་འཛིན་དང་། མིང་གི་རྣམ་གྲངས་དང་། དེ་ངོ་ཤེས་ན་ཡོན་ཏན་ཕལ་ཆེར་ལས་ཁྱད་པར་འཕགས་ཚུལ་རྣམས་རྒྱས་པར་གསུངས་ཏེ། དེ་ལ་ཆོས་ཀྱི་རྣམ་པ་གང་གིས་ཀྱང་མ་བསླད་པ་ཞེས་པ་ནི། གྲུབ་མཐས་བརྟགས་པའི་བློའི་འཛིན་སྟངས་དང་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་ཀྱིས་སེམས་མ་བསླད་པའོ། །འཇིག་རྟེན་གྱི་རྣམ་པར་ཤེས་པ་གང་གིས་ཀྱང་མ་རྙོགས་པ་ཞེས་པ་ནི། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་དང་འཕྲལ་འདི་བྱ་འདི་བྱེད་སོགས་ཀྱི་བློས་སེམས་ཀྱིས་རྙོག་པ་མ་བསླད་པའོ། །བྱིང་རྨུགས་དང་རྟོག་པ་གང་གིས་
(༤༦༧)ཀྱང་མ་གཏུམས་པ་ཞེས་པ་ནི། བྱིང་རྨུགས་ཀྱིས་རྨོངས་པའམ་འཕྲོ་རྒོད་ཀྱི་རྟོག་པ་རང་མཚན་པས་གཡེངས་ནས་སེམས་ཀྱི་གནས་ཚུལ་ལམ་འདུག་ཚུལ་ལ་བསྒྲིབས་པར་གྱུར་པའོ། །རང་སོར་བཞག་ཅེས་པ་ནི་སེམས་ཉིད་ཀྱི་ངོ་བོའམ་གཤིས་སམ་འདུག་ཚུལ་ཅི་འདུག་པ་དེ་ཉིད་སླར་དགག་སྒྲུབ་ཀྱི་རྩོལ་བས་མ་བསླད་པར་ཁོ་རང་གི་འདུག་ཚུལ་དེ་ཀ་ཉིད་དུ་འཇོག་པའོ། །འདིའི་སྐབས་སུ་རྗེ་ཡང་དགོན་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱས་ན་ཆོས་སྐད་ཡིན། ཐ་མལ་གྱི་ཤེས་པ་རྗེན་པ་བྱས་ན་ཀུ་སུ་ལུའི་བླུན་གཏམ་ཡིན། དོན་ལ་འདྲ་བ་ཡིན་ནོ། །ཞེས་གསུངས་པ་དང་། གཞན་ཡང་སྒྲུབ་བརྒྱུད་གོང་མ་ཅི་རིགས་ཀྱི་གསུང་ཕྱོགས་རེ་ཙམ་ལ་བརྟེན་ནས། དེང་སང་འགའ་ཞིག་ཐ་མལ་གྱི་ཤེས་པ་ཞེས་པ་རྟོག་མེད་ཁོ་ན་ཡིན་པར་སེམས་ཞིང་དེ་ལྟར་འཆད་པ་སྣང་མོད་ཀྱང་། རྗེ་དྭགས་པོ་ཁུ་དབོན་གྱིས་གསུངས་པའི་ཐ་མལ་གྱི་ཤེས་པའི་དོན་དུ་ཅུང་ཟད་
(༤༦༨)མ་མཐོང་སྟེ། གཟུང་འཛིན་གྱི་རྟོག་པ་རང་མཚན་པས་སེམས་ཀྱི་འདུག་ཚུལ་ལམ་བསྒྲིབས་པ་ཞིག་ནི་བཞེད་མོད་ཀྱང་། སྤྱི་ཙམ་དུ་རྟོག་པ་དང་མི་རྟོག་པ་ལ་འགག་སྒྲུབ་བྱས་ན། དེ་ཐ་མལ་གྱི་ཤེས་པ་དང་མ་བཅོས་པའི་དོན་དུ་མི་རུང་སྟེ། རྗེ་སྒམ་པོ་པས་སློབ་དཔོན་སྒོམ་ཆུང་ལ་གསུངས་པ་ལས། མདོར་ན་ཡོད་པ་དང་མེད་པ། སྟོང་པ་དང་མི་སྟོང་པ། རྟོག་པ་དང་མི་རྟོག་པ། བཟང་བ་དང་ངན་པ། ལེགས་པ་དང་མ་ལེགས་པ་ལ་སོགས་པའི་དགག་སྒྲུབ་དང་བཅས་བཅོས་གང་ཡང་མི་བྱ་བར། ཇི་ལྟར་འཆར་འཆར་དུ་འཇོག་པའི་ཐ་མལ་གྱི་ཤེས་པ་འདི་ཉིད་ཁོ་ན་མ་བཅོས་པ་ཡིན་གསུང་ངོ་། །ཞེས་དང་། ཡང་རྗེ་སྒམ་པོ་པས། ཐ་མལ་གྱི་ཤེས་པ། མ་བཅོས་པ། གཉུག་མ་གསུམ་ལས། ཐ་མལ་གྱི་ཤེས་པ་ནི། དང་པོའི་ཤེས་པ་གྲུབ་མཐའ་གཞན་གྱིས་བློ་མ་བསྒྱུར་བའོ། །མ་བཅོས་པ་ནི། བཅས་བཅོས་མི་བྱ་བར་རང་གར་བཞག་པའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་རྗེ་ཡང་དགོན་པས་གསུངས་པའི་དོན་
(༤༦༩)ཇི་ལྟར་ཡིན་སྙམ་ན། ཐ་མལ་གྱི་ཤེས་པ་རྗེན་པ་ཞེས་པའི་རྗེན་པ་ནི་དེའི་ངོ་བོའམ་རང་བཞིན་གྱི་དོན་ཏེ། དེ་ནི་སྒྲ་དོན་ཅན་གྱི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འདྲ་ལ། སྤྱིར་གྱི་ཆོས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་ནི། རང་ངོ་ཤེས་ན་ཆོས་ཅན་གྱི་དངོས་པོ་རེ་རེའི་ཐོག་ན་གནས་པས། རྟོག་པའམ་སྣང་བའི་འཆར་སྒོ་ཅི་ཤར་ཡང་དེའི་རང་བཞིན་ངོ་ཤེས་ན་ཡེ་ཤེས་ཉིད་ལས་གཞན་མིན་པ་ལ་དགོངས་ཏེ། ཡང་དགོན་པ་ཉིད་ཀྱིས། མདོར་ན་ཐ་མལ་གྱི་ཤེས་པ་སུས་ཀྱང་བཟོ་མ་བྱས་པའི་ཨང་སོ་རེ་བ་འདི། ཁོ་རང་གིས་ཁོ་རང་ངོ་ཤེས་པ་དེ་ལ་ཕྱག་རྒྱ་ཆེན་པོའི་སྒོམ་སྐྱེས་པ་ཟེར་བ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་ན་དང་པོར་སྔར་བཤད་པའི་སེམས་ཉིད་དང་རྟོག་པ་དང་སྣང་བ་གསུམ་གྱི་གནས་ལུགས་དཔྱིས་ཕྱིན་པར་ངོ་འཕྲོད་པ་ཞིག་ཅི་ནས་ཀྱང་དགོས་ཏེ། དེ་མེད་ན་མིག་ཅེར་ལོང་ཅན་གྱིས་གཟུགས་ཀྱི་རྣམ་པ་ལ་བརྟགས་པ་ལྟར།
(༤༧༠)འདིར་ཐ་མལ་གྱི་ཤེས་པ་དང་སེམས་མ་བཅོས་པའི་དོན་ལ་ཕྲིག་ཅིང་ཡང་མི་ཚུད་ཅིང་ངེས་པའི་ཤེས་པ་མི་རྙེད་ལ། དེ་ལྟར་ངོ་འཕྲོད་ན་ནི་དགག་སྒྲུབ་ཀྱི་བློས་མ་བཅོས་མ་བསླད་པའི་སེམས་ཀྱི་འདུག་ཚུལ་ལམ་གནས་ཚུལ་ཅི་ཡོད་པ་དེ་ཀ་ཐ་མལ་གྱི་ཤེས་པ་ཡིན་ཚུལ་དང་། དེ་ཉིད་ཆོས་སྐུ་ཡིན་ཚུལ་ལ་ངེས་ཤེས་གཏིང་ནས་སྐྱེ་བས་དེ་ལྟར་ན་ཚུལ་བཞིན་ཉམས་སུ་བླངས་པ་ལས་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་པར་ཐ་མལ་གྱི་ཤེས་པའི་འདུག་ཚུལ་ཇི་ལྟ་བ་རྟོགས་དཀའ་བའི་གནས་སུ་བཤད་དེ། རྗེ་ཡང་དགོན་པས། ཉམས་དང་ཏིང་ངེ་འཛིན་གྱི་བྱེ་བྲག་བསྐྱེད་ཅིང་སྒོམ་དུ་ངོ་སྤྲོད་པའི་བླ་མ་ནི་མང་ལ། ཐ་མལ་གྱི་ཤེས་པ་སྒོམ་དུ་ངོ་སྤྲོད་ཤེས་པའི་བླ་མ་ནི་ཉིན་བར་གྱི་སྐར་མ་ལས་ཀྱང་དཀོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཐ་མལ་གྱི་ཤེས་པ་ངོ་ཤེས་ན་སེམས་ཀྱི་ངོ་བོ་མཐོང་བ་སོགས་ཀྱི་ཐ་སྙད་འཇུག་ཅིང་། མཐོང་ཚུལ་ཡང་གོམས་པ་ཀློང་དུ་གྱུར་ནས་མཐར་མི་རྟོག་པ་བྱུང་མ་བྱུང་ལ་མ་བལྟོས་
(༤༧༡)པར། རྣམ་པར་རྟོག་པ་དང་བཅས་པའི་སེམས་ཆོག་མེད་མི་ནག་གི་ཤེས་པ་ལྟ་བུ་དེ་ཉིད་ཀྱང་གྲྭ་མ་ཉམས་ཟུར་མ་ཆག་པར་རང་ངོ་ཤེས་ཤིང་གྲོལ་བ་ཅིག་འོང་སྟེ། རྗེ་སྒམ་པོ་པས། ཇི་ལྟར་སྣང་བའི་ཤེས་པ་གྲྭ་མ་ཉམས། །ཟུར་མ་ཆག་པར་གྱད་ལོངས་བྱེད་པ་ནི། །སངས་རྒྱས་དངོས་སུ་ཞལ་ཕྱག་ལམ་མེ་བ། །ཞེས་དང་། རྗེ་སྒོམ་ཆུང་གིས། དང་པོའི་ཤེས་པ་དེ་དང་གཅིག །ཐ་མལ་གྱི་ཤེས་པ་དེ་དང་གཉིས། །ཡུལ་ཅན་གྱི་ཤེས་པ་དེ་དང་གསུམ། །གང་གིས་དེ་གསུམ་ངོ་ཤེས་ན། །རང་སེམས་རང་གིས་མངོན་སུམ་དུ། །ངོས་ཟིན་མཐོང་བ་ཡེ་ཤེས་སོ། །སེམས་ཉིད་མ་བཅོས་གཉུག་མ་ཡི། །ངོ་བོ་རྣལ་མར་མཐོང་བ་ཡིན། །རྟོག་པ་དང་བཅས་པ་འདི་རང་། །བཀྲ་ནི་ས་ལེར་མཐོང་བ་ཡིན། །མདོར་ན་ཆོས་ཡེ་ཆ་མེད་པའི། །མི་ནག་གི་ཤེས་པ་དེ་རང་ཡིན། །ཞེས་སོགས་དང་། རྗེ་རྒྱ་རས་ཀྱིས། སྐྱེ་བོ་ཙ་ནའི་ཤེས་པ་འདི། །ཆོས་ཀྱི་སྐུ་རུ་འདུག་པ་ལ། །བླ་མས་བསྟན་ཀྱང་མ་དགོས་པར། །རང་གིས་
(༤༧༢)ཤེས་སུ་གཤའ་བ་ལ། །ཞེས་པ་ལ་སོགས་བསྒྲུབ་བརྒྱུད་ཀྱི་གསུང་ཤིན་ཏུ་མང་ཡང་འཆད་འགྱུར་ལས་ཤེས་པར་འགྱུར་བས་མ་སྤྲོས་སོ། །གསུམ་པ་ནི། དེ་ལྟར་ཐ་མལ་གྱི་ཤེས་པ་དེ་ཉིད་རང་ངོ་ཤེས་ཤིང་རང་རིག་པའི་དྲན་པས་དོན་ཐོག་ནས་མ་ཡེངས་པའི་ངང་ནས། འཕྲལ་དུ་སེམས་ཀྱི་རང་བབས་ལ་ཅི་འདུག་གང་ཤར་དེ་ཉིད་མ་བཅོས་པར་སྐྱོང་བ་ལ་སྒོམ་པ་ཞེས་བྱ་སྟེ། རྗེ་སྒམ་པོ་པས། ཐ་མལ་ཤེས་པ་ཡེངས་མེད་འདི། །སྒོམ་པ་ཡིན་པར་ད་གཟོད་ཤེས། །ཞེས་གསུངས་པ་ལྟར་རོ། །དེས་ན་སེམས་ཀྱི་རང་བབས་ཅི་འདུག་དེ་ཀ་རང་ངོ་ཤེས་པའི་དྲན་པས་སྐྱོང་བ་ལས་སྤྲོས་ནས། དེ་ལ་སླར་བཟོ་བཅོས་བྱས་ཤིང་ལྷན་པ་བཏབ་ནས་བསྒོམས་ན་སེམས་མ་བཅོས་པ་ཞེས་པའི་དོན་དང་མི་མཐུན་ཞིང་། གནས་ལུགས་ཀྱི་སྒོམ་དུ་མི་འགྱུར་ལ། འོན་ཀྱང་འཛིན་པ་དང་བཅས་པའི་འཁྲུལ་ཤས་ལང་ཅན་པར་ནི་སྐད་ཅིག་ཀྱང་ཡེངས་ན་མི་རུང་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་
(༤༧༣)གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་དང་། ཤ་ཝ་ལས། གང་ལའང་སྐྱོན་དུ་མི་བལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་དུ་དྲན་པས་བསྒོམ་པར་བྱ། །ཞེས་དང་། སྒོམ་དོན་གྲུབ་པ་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་སྒོམ་སྟེ། །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། །ཅེས་པ་ལྟར་རོ། །དེ་ལྟར་ན་རྐྱེན་སྣང་གི་ཤེས་པ་ལ་སེམས་སྟོང་སང་ངེ་བའམ། བདེ་ལམ་མེ་བའམ། རྣམ་རྟོག་འཚུབ་ཟིང་ངེ་འགྲོ་བའམ། སྣང་བ་སྣ་ཚོགས་བཀྲ་ལམ་གྱིས་འཆར་ཡང་གནས་ལུགས་ཀྱི་རང་རྩལ་ལ་འཁུ་ཕྲིག་མི་བྱེད་པར། རང་ངོ་ཤེས་ཤིང་རང་རིག་པའི་དྲན་པ་དེ་ཉིད་མ་ཡེངས་པས་དེ་དག་ཐམས་ཅད་བཟོ་མ་བཅོས་
(༤༧༤)པར་ལྷུག་པར་སྐྱོང་བ་ཡིན་གྱི། རྟོག་པ་འཕྲོ་བ་འགུགས་པ་དང་སྣང་བ་འཆར་བ་བཀག་ནས་མི་རྟོག་པར་འཇོག་དགོས་པ་ལ་རྗེ་གཙང་པ་རྒྱ་རས་ཀྱིས་སྒོམ་ལྕགས་ཀྱུ་མའི་ཐ་སྙད་མཛད་ཅིང་སྒོམ་རླབས་ཀྱང་ཅུང་ཟད་ཆུང་བ་ཡིན་ལ། སེམས་ཉིད་ཀྱི་ངོ་བོ་དང་རྣམ་རྟོག་དང་སྣང་བའི་འཆར་སྒོ་སོགས་རང་རྐྱ་ཐུབ་པའི་ཐ་དད་དུ་གྲུབ་པ་གཏན་མེད་པས། ཉི་མ་ལས་འོད་འཕྲོ་བའམ་མཚོ་ལས་རླབས་ཤར་བའི་དཔེས་མཚོན་པར། སེམས་རིག་པའི་རང་རྩལ་སྣ་ཚོགས་སུ་ཤར་བ་ཡིན་པས། སེམས་ཀྱི་རང་བབས་ལ་ཅི་ཤར་ཅི་སྣང་ཡང་དོན་ལ་བཟང་ངན་མེད་དོ། །དེས་ན་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་སྣང་ན་སྣང་ཐོག་དེ་ཀ་རང་ངོ་ཤེས་ཤིང་རང་རིག་པའི་དྲན་པས་སྐྱོང་བ་ལས་གཞན་པའི་བསྒྱུར་བགོད་དང་བཟོ་བཅོས་བྱ་མི་དགོས་ཏེ། རྗེ་སྒམ་པོ་པས། དགག་སྒྲུབ་ཀྱི་རྩོལ་བ་མི་བྱ་བར་མི་རྟོག་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འཆར་ཀྱིན་འདུག་ཀྱང་རུང་། མ་བཅོས་
(༤༧༥)པར་བཞག་པ་རང་གིས་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་དུ་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན། སེམས་ཁོ་རང་གི་ངོ་བོའམ་གཤིས་སམ་འདུག་ཚུལ་ངོ་ཤེས་པ་ཡིན་ནོ། །དེ་ལྟར་གོ་ན་སྒོམ་བྱ་མི་དགོས། བོར་བའམ་བཞག་ཏུ་མི་བཏུབ་པར་སྒོམ་དབང་མེད་དུ་སྐྱེ་བ་ཡིན་ནོ། །རྣམ་རྟོག་སྣ་ཚོགས་དགག་ཏུ་མི་བཏུབ་པར་འཆར་བར་འདུག་ཙ་ན་གཉིས་མེད་ཀྱི་ཡེ་ཤེས་ཀྱང་དགག་ཏུ་མི་བཏུབ་པར་འཆར་རོ། །ཞེས་དང་། རྗེ་སྒོམ་ཆུང་གིས། རིག་པ་གསལ་བའི་ངོ་བོ་དེ། །འབྲལ་མེད་ཡེངས་མེད་རྒྱུན་ཆད་མེད། །དེ་ཡི་ངང་ལ་དྲན་རྟོག་ནི། །སྣ་ཚོགས་གང་དང་གང་བྱུང་བ། །ཐམས་ཅད་དེ་ཡི་ངོ་བོ་ཡིན། །ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོག་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཞེས་སོགས་གསུངས་པ་ལྟར་རོ། །འོ་ན་ཁྲིད་རིམ་ལྟར་འཁྲིད་མི་དགོས་པར་ཐོག་མ་ཉིད་ནས་སེམས་ལ་ཅི་ཤར་དྲན་པས་བཟུང་བས་ཆོག་གམ་སྙམ་ན། ཅིག་ཅར་བའི་རིམས་
(༤༧༦)ཅན་ཁ་ཅིག་ལ་དེ་ལྟར་བྱས་ནས་ངོ་སྤྲད་པས་ཆོག་པ་སྲིད་ཀྱང་། ཕལ་ཆེར་ལ་ཁྲིད་རིམ་ལྟར་མ་འཁྲིད་པ་ལ་སེམས་ཉིད་དང་རྟོག་པ་དང་སྣང་བའི་གནས་ཚུལ་ལ་སྒྲོ་འདོགས་མི་ཆོད་ཅིང་། དེ་དག་གི་ངོ་བོ་མཐོང་བའི་ཉམས་མྱོང་དང་ངེས་ཤེས་ཀྱང་མི་འབྱུང་བས། དྲན་པ་སྤྱི་ཙམ་པ་ཡོད་ཀྱང་། རང་ངོ་ཤེས་ཤིང་རང་རིག་པའི་དྲན་པ་མེད་པས་མི་འོང་སྟེ། འདི་ལ་རྗེ་སྒམ་པོ་པས། འོ་ན་འཇིག་རྟེན་པ་རྣམས་ཀྱང་རྣམ་རྟོག་རང་གར་འདུག །རྣལ་འབྱོར་པ་ཡང་རང་ག་ཐ་མལ་གྱི་ཤེས་པར་འདུག་པ་ལ་དེ་གཉིས་ཀྱི་ཁྱད་པར་ཅི་ཡོད། ཁྱད་པར་མེད་ན་འཇིག་རྟེན་པ་ཡང་རང་གྲོལ་དུ་མི་འགྲོའམ་སྙམ་ན། འཇིག་རྟེན་པ་ལ་རྣལ་འབྱོར་པའི་གདམས་ངག་མེད་པས་གཉིས་མེད་ངོ་མ་ཤེས་ཏེ་དགག་སྒྲུབ་གཉིས་འཛིན་འབའ་ཞིག་བྱུང་ངོ་། །གདམས་ངག་ཐོབ་ཀྱང་གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་སྣ་ཚོགས་སུ་འཆར་བ་ལ་ཡིད་མི་ཆེས་པས་གཉིས་འཛིན་གྱི་རྣམ་རྟོག་ལས་གྲོལ་ས་མེད་པར་སྐྱེས་
(༤༧༧)སོ། །ཆོས་པ་རྣམས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་གཉིས་འཛིན་གྱི་སྡུག་བསྔལ་གྱིས་སྦྱངས་སོ། །རྣལ་འབྱོར་པ་ནི་དགག་སྒྲུབ་ཀྱི་རྒྱུ་དང་བྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་ཀྱི་རྣམ་རྟོག་བདེ་བ་ཆེན་པོ་སྣ་ཚོགས་སུ་འཆར་རོ། །དེ་གཉིས་ཀྱི་ཁྱད་པར་ནི་གནད་ཀ་དེ་ལས་བྱུང་ངོ་། །ཞེས་མཐའ་བཅད་ནས་གསུངས་པ་ལྟར་རོ། །དེ་དག་གིས་ངོ་སྤྲོད་པའི་རིམ་པ་བཤད་ཟིན་ཏོ།། །།གསུམ་པ་སྒོམ་གྱི་ཉམས་ལེན་སྐྱོང་ཚུལ་ལ། དགེ་སྦྱོར་ངོ་འཕྲོད་ནས་སྐྱོང་དགོས་ཚུལ། ཁྱད་པར་མཉམ་རྗེས་སུ་སྒོམ་སྐྱོང་ཐབས། སྒོམ་ཕྱི་ཤོར་ས་དང་གོལ་ས་གཅོད་པ། སྐྱེ་མེད་དུ་ཐག་བཅད་དེ་བོགས་དབྱུང་བ་བཞི་ལས། དང་པོ་ལ། སྒོམ་སྐྱེས་ནས་སྐྱོང་དགོས་པའི་རྒྱུ་མཚན། སྤྱིར་དྲན་ཤེས་བག་ཡོད་དང་བཅས་ཏེ་སྐྱོང་ཚུལ། ཁྱད་པར་དྲན་པ་གལ་ཆེ་བར་བསྟན་པ་གསུམ་གྱི། དང་པོ་ནི། སྒོམ་སྐྱེས་ནས་ཐ་མལ་དུ་གནས་པའམ་དམན་པའི་ལས་
(༤༧༨)ལ་འཇུག་པ་ནི་སྐྱེ་བོ་ཐ་ཤལ་ལྟར་གྱུར་ནས་ཡོན་ཏན་འགྲིབ་ཅིང་སླར་འཁོར་བར་འཆིང་བར་བཤད་དེ། བྲམ་ཟེ་ཆེན་པོས། ཀྱེ་མ་གནས་ལུགས་རྟོགས་ནས་དམན་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་བདར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་ཆེན་པོ་ཉིད་སྤངས་ནས། །འཁོར་བའི་བདེ་ལ་རེག་པ་རེག་པ་ཉིད་ཀྱིས་འཆིང་། །ཞེས་དང་རྗེ་རྒྱ་རས་ཀྱིས། སྒོམ་སྐྱེས་བདག་པོ་མེད་པ་ནི། །ཕྱུག་པོ་རླུང་གིས་ཁྱེར་བ་འདྲ། །སེང་གེ་ཁྱི་ཡི་ཟླ་ལ་ཤོར། །ནོར་བུ་རིན་ཆེན་འདམ་དུ་བྱིང་། །ཞེས་པ་ལྟར་རོ། །དེར་མ་ཟད་སྤྲོས་མེད་ཀྱི་ལྟ་བ་རྙེད་ནས་སླར་ལུས་ངག་གི་དགེ་སྦྱོང་སོགས་དམིགས་བཅས་ལ་གཙོ་བོར་འབད་རྩོལ་བྱེད་པའང་ནོར་བུ་རྙེད་ནས་འཆིང་བུ་འཚོལ་བ་ལྟར་དོན་འཆུགས་པར་བཤད་དེ། བྲམ་ཟེ་ཆེན་པོས། ཀྱེ་མ་སྤྲོས་པ་རྣམས་དང་བྲལ་བའི་རང་གི་སེམས་མཐོང་ནས། །སྤྲོས་པ་རྣམས་ལ་ཆེད་དུ་འཇུག་པའི་རྣལ་འབྱོར་པ། །ནོར་བུ་རིན་ཆེན་རྙེད་ནས་འཆིང་བུ་འཚོལ་བ་བཞིན། །
(༤༧༩)འབད་པ་བྱས་ཀྱང་སྙིང་པོས་ནི་ནམ་ཡང་མིན། །ཞེས་དང་། ཏཻ་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །ཞེས་དང་། ཇོ་བོ་རྗེས། གཅིག་ཏུ་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་ལ་གཙོར་མི་བྱ། །ཞེས་དང་། རྗེ་བཙུན་གྱིས། སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཅིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །ཅེས་དང་། ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །མ་བཅོས་གཉུག་མའི་ངང་ལ་ཞོག །ཅེས་སོགས་གསུངས་པ་ལྟར་རོ། །གཞན་ཡང་ཤིང་གཙུབས་པ་ལས་མེ་འབྱུང་བར་བྱེད་པའི་ཚུལ་ལྟར་སེམས་ཀྱི་གྲོལ་ཆ་ཀློང་དུ་མ་གྱུར་པར་མཚན་བཅས་མང་ན་མཚན་མེད་ལ་བོགས་མི་འབྱུང་བས་ཅུང་ཟད་མི་རུང་སྟེ། སློབ་དཔོན་དཔའ་བོས། ཡང་དང་ཡང་ཤིང་ངལ་གསོས་ན། །གཙུབས་པས་མེ་ཕྱིན་མི་
(༤༨༠)འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་བཏང་མི་བྱ། །ཞེས་སོ། །དེ་ལྟར་ན་ཡུན་དུ་བསྒོམ་བྱའི་དོན་ལ་ཡང་ཡང་སེམས་ཞིང་སྒོམ་པ་ཉིད་བསྔགས་ཏེ། མངོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་མཐོང་བ་ཡི། །ལམ་དང་གོམས་པའི་ལམ་དག་ལ། །ཡང་དང་ཡང་དུ་སེམས་པ་དང་། །མཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་སྒོམ་པར་བྱེད་པ་ལའང་གནས་སྐབས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པ་ལ་གནས་པར་བྱས་ནས་སྒོམ་དགོས་ཏེ། མདོ་ལས། དྲན་དང་ཤེས་བཞིན་རྟག་བསྟེན་ན། །ལོག་རྟོག་མཚན་མས་ཉེ་མི་ནུས། །ཞེས་དང་། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་པ་ལྟར་རོ། །དེ་ལ་དྲན་པ་ནི་བསྒྲུབ་བྱའི་དོན་མ་བརྗེད་པར་སེམས་པ་ཞིག་ཡིན་པ་ལས་འདིར་ནི། གཙུག་ན་རིན་
(༤༨༡)ཆེན་གྱིས་ཞུས་པ་ལས། དེ་ལ་དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་ངན་པ་དང་ལམ་གོལ་བར་མི་འགྲོ་བ་དང་། དྲན་པ་སྒོ་ལྟ་བུ་དག་གིས་སེམས་དང་སེམས་ལས་བྱུང་བའི་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་པ་ལྟར་མི་དགེ་བ་ལས་བསྲུང་ཞིང་དགེ་བ་ལ་སྦྱོར་བར་བྱེད་པའི་སེམས་ཀྱི་འདུ་བྱེད་ཅིག་ཡིན་ནོ། །དེ་ལའང་དབྱེ་བ་མང་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་གང་ཞེ་ན། དྲན་པ་གང་གིས་ཆོས་རྣམས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་སོ་སོར་རྟོག་པ་དང་། ཆོས་རྣམས་ལ་དཔྱོད་པ་དང་། ཆོས་རྣམས་ལ་ཀུན་ཏུ་འགྲོ་བ་དང་། ཆོས་རྣམས་ལ་བསམ་པ་དང་། ཆོས་ལ་རྗེས་སུ་རྟོག་པ་སྟེ། དྲན་པ་དེས་ཆོས་ཀྱི་རང་གི་མཚན་ཉིད་རྟོགས་པར་
(༤༨༢)འགྱུར་རོ། །ཞེས་བྱང་ཆུབ་ཡན་ལག་གི་དྲན་པ་དང་དེའི་རྣམ་གྲངས་ཀྱང་གསུངས་ལ། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་བཞག་པ་དང་། མི་བསྒུལ་བ་དང་དྲང་བ་དང་གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་བལྟ་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་གཞུངས་པ་དང་འཕགས་པའི་ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་འཕགས་ལམ་ཡང་དག་གི་དྲན་པའི་ཁྱད་པར་དང་། ཡང་། ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་བཞག་པ་ནི་གང་། དྲན་པ་ནི་གང་། དྲན་པའི་གནས་ནི་གང་། དེ་སྐད་ཅེས་སྨྲས་པའི་ལན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ལ་མི་སྐྱེ་བ་ཤེས་པ་དྲན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་སྐྱེ་བའི་ཤེས་པའི་སྨོན་ལམ་
(༤༨༣)ཅན་ཡིན་ཏེ། དེ་དག་གི་དྲན་པ་དེ་ཡང་མི་སྐྱེ་བའི་ཤེས་པས་ཡོངས་སུ་སྦྱང་བ་བྱས་པ། ཐམས་ཅད་དུ་མི་བསྐྱོད་པ་དྲན་པ་མི་གཡོ་བ། གཏིང་དང་མཐའ་མི་རྟོགས་པ་དང་། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པར་དཀའ་བ་སྟེ། ཞེས་བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་སོགས་རྣམ་གྲངས་མང་དུ་གསུངས་ཀྱང་། འདིར་སྐབས་སུ་བབ་པ་ལ། བཞི་བརྒྱ་པ་ལས། མཐོང་ཟིན་དངོས་པོ་མི་སྣང་ཞིང་། །སླར་ཡང་སེམས་ཀྱིས་མིན་ངེས་ན། །དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་རྟོག་པ་ཁོ་ན་བྱུང་། །ཞེས་འདས་པ་ལ་བལྟ་བའི་དྲན་པ་དང་། ཆོས་གྲགས་ཀྱིས། དབང་པོའི་འཁྲུལ་པ་ལས་གཞན་དུ། །དབང་པོ་རྣམས་ནི་སྦྱོར་བྱེད་པ། །ཐ་དད་མཚོན་མེད་འཁྲུལ་པ་ཅན། །དྲན་ཡིན་དེ་ཡང་རྣམ་རྟོག་ཅན། །ཞེས་དོན་སྔ་ཕྱི་སྦྱར་ནས་འཛིན་པའི་དྲན་པ་དང་། མངོན་པ་གོང་མར། དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་ལ་སེམས་བརྗེད་པ་མེད་པ་སྟེ། སེམས་
(༤༨༤)རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་ཡུལ་ངེས་ཀྱི་དྲན་པ་ཁྱད་པར་ཅན་བཤད་པ་དག་ལས། སྔ་མ་གཉིས་རྟོག་བཅས་ཀྱི་དྲན་པ་ཡིན་པས་འབྱེད་ཅིང་དཔྱོད་པའི་ཚེ་དགོས་པ་ཡོད་ཀྱང་། མཉམ་བཞག་གི་སྤང་བྱ་ཡིན་ལ། ཕྱི་མ་ནི་ཞི་གནས་སྒྲུབ་པའི་དྲན་པ་ལ་གསུངས་པས་མཉམ་གཞག་ལ་ངེས་པར་དགོས་པའི་དྲན་པ་ཡིན་ནོ། །དེ་ལ་བརྟེན་ནས་སྒོ་གསུམ་གྱི་སྤྱོད་པ་ལ་བརྟགས་པས་སྤང་བླང་གི་གནས་འབྱེད་པའི་ཤེས་བཞིན་འབྱུང་སྟེ། སྤྱོད་འཇུག་ལས། གང་ཚེ་དྲན་པ་ཡིད་སྒོ་ནས། །བསྡུད་པའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོད་གྱུར་ཞིང་། །ཞེས་དང་། དེའི་མཚན་ཉིད་ཀྱང་། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་སོ། །དེ་ལྟར་ནའང་འདིར་ནི་གཙོ་བོར་སེམས་ཀྱི་གནས་ལུགས་སྐྱོང་ཞིང་བོགས་དབྱུང་བའི་སྤྱོད་པ་ལ་བླང་དོར་ཚུལ་བཞིན་དུ་བྱེད་
(༤༨༥)པའི་དྲན་ཤེས་བསྟེན་པ་གལ་ཆེ་ལ། དེ་ལྟ་བུའི་དྲན་ཤེས་དང་མི་ལྡན་པའི་སྐྱོན་ནི། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་སེམས་ལྡན་པས། །ཐོས་དང་བསམ་དང་སྒོམ་པ་ཡང་། །བློ་བརྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་ནས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་དྲན་ཤེས་དང་ལྡན་པ་ལ་ནི་བག་ཡོད་པ་འབྱུང་སྟེ། དེའི་ངོ་བོ་ནི། ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ལ་སེམས་བསྲུང་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་རྣམས་ཡོངས་སུ་སྒྲུབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་གསང་བའི་མདོ་ལས། གཞན་ཡང་བག་ཡོད་པ་ནི་
(༤༨༦)རང་གི་སེམས་འདུལ་བ་དང་། གཞན་གྱི་སེམས་བསྲུང་བ་དང་། ཉོན་མོངས་པ་ལ་དགའ་བའི་སེམས་སེལ་བ་དང་། ཆོས་ལ་དགའ་བའི་སེམས་སུ་འཇུག་པ་དང་། ཞེས་པ་ནས། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་རྒྱུ་བ་མེད་པ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པ་ནི་བག་ཡོད་པ་ཞེས་བྱའོ། །ཞེས་དང་། ཟླ་བ་སྒྲོན་མ་ལས། ཚུལ་ཁྲིམས་ཐོས་དང་གཏོང་དང་བཟོད་པ་དང་། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་གསུངས། །ཞེས་དང་། བཤེས་སྤྲིང་ལས། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་དང་ལང་ཚོ་དང་། །མངའ་ཐང་ཆེ་བས་བརྒྱགས་པ་དགྲ་བཞིན་གཟིགས། །བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆིང་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་
(༤༨༧)སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་པ་ལྟར་རོ། །ཚུལ་དེ་དག་ལ་བརྟེན་ནས་སྒྲུབ་བརྒྱུད་པ་རྣམས་ཀྱིས་གསུང་ལས་བྱུང་བ་ལྟར། ཞེན་ལོག་སྒོམ་གྱི་རྐང་པའམ་བདག་པོ། མོས་གུས་སྒོམ་གྱི་མགོ་བོའམ་བོགས་འདོན། དྲན་པ་སྒོམ་གྱི་བྱ་ར་བའམ་དངོས་གཞི། སྒོམ་གྱི་ཕྲིན་ལས་བྱམས་སྙིང་རྗེ་དང་བྱང་སེམས། སྒོམ་གྱི་གོ་ཆ་ཁྲེལ་དང་ངོ་ཚ་ལ་གསུངས་པ་ལྟར་ཤེས་པར་བྱས་ལ་རྣམ་གཡེང་སྤང་ཞིང་བློ་རྣལ་དུ་ཕབ་ལ་སྒོམ་སྒྲུབ་ཁོ་ན་ལ་ནན་ཏན་དུ་བྱ་བ་གནད་དུ་ཆེ་བ་ཡིན་ནོ། །གསུམ་པ་ནི། ཐོས་བསམ་སྒོམ་གསུམ་སྤྱི་དང་ཁྱད་པར་སྒོམ་སྐྱོང་བ་ལ་དྲན་པ་ཉིད་གལ་ཆེ་བས་ཡིད་རྩེ་གཅིག་ཏུ་བསྒྲིམས་ནས་དྲན་པ་འཛིན་དགོས་ཏེ། དྲན་པ་ཤོར་ན་དེས་གང་བསྒྲུབ་པར་བྱ་བའི་དོན་དེ་ཉིད་འཆོར་བས་སོ། །དེ་ལྟར་ཡང་ཤེས་སྤྲིང་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་
(༤༨༨)འདི་ཉེ་བར་བསྟན། །དེ་ལ་བསྒྲིམས་ནས་མངོན་པར་བསྲུང་བགྱིས་ཏེ། །དྲན་པ་ཉམས་ན་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང་། རྗེ་སྒམ་པོ་པས། དྲན་པའི་རྒྱལ་པོ་མ་ཡེངས་ལྟ་བ་སྒོམ། །སྣ་ཚོགས་རྐྱེན་གྱི་མི་འགྱུར་དེ་ལ་བརྩོན། །མ་ཡེངས་དྲན་པའི་རྒྱུན་ལས་གཞན་མི་བཙལ། །ཞེས་དང་། རྗེ་ཕག་མོ་གྲུ་པས། དྲན་པའི་མེལ་ཚེ་འདི་མ་བྱས་ན། །བདུད་བཞིའི་རྐུན་མ་འདི་བསྐོར་རེ་རེམ། །ཡེ་ཤེས་ཀྱི་ནོར་བུ་ཤོར་དོགས་ཡོད། །ཅེས་དང་། རྗེ་འབྲི་ཁུང་པས། དུས་གསུམ་སངས་རྒྱས་ཀྱི་གཞུང་ལམ་དེ། །དུས་རྒྱུན་ཆད་མེད་པའི་དྲན་པ་ཡིན། །དྲན་པ་ཡེངས་མེད་མ་ཤེས་ན། །ལུས་ངག་ཏབ་ཏབ་ཀྱི་ཁ་ན་མེད། །ཅེས་སོ། །དྲན་པ་ལའང་དྲན་པ་འདྲེན་པར་བྱེད་པའི་དྲན་པ་དང་། དྲན་པ་ལ་དམིགས་པའི་དྲན་པ་གཉིས་སུ་བཤད་པ་ལས། སྔ་མ་ནི། དྲན་རྒྱུ་དེ་ཉིད་དྲན་པར་བྱེད་པའི་འདུན་པ་གཏོད་པ་ཙམ་ཡིན་ལ། ཕྱི་མ་ནི་དྲན་རྒྱུ་དེ་ཉིད་ཡིད་ལ་བྱས་ནས་དེ་ལས་མ་ཡེངས་པའི་དྲན་པ་དངོས་གཞི་སྟེ། ལས་དང་པོ་པ་ལ་དེ་
(༤༨༩)གཉིས་སྔ་ཕྱིའི་རྣམ་པ་ཅུང་ཟད་ཡོད་ཀྱང་གོམས་ནས་ཕྱོགས་གཅིག་ཏུ་འཆར་རོ། །དེ་ལྟ་བུའི་དྲན་པ་དེ་ལའང་སྒྲུབ་བརྒྱུད་པས་རྩོལ་བཅས་ཀྱི་དྲན་པ་དང་། རྩོལ་མེད་ཀྱི་དྲན་པ་གཉིས་སུ་བཤད་ནས། སྔ་མ་ལ། ཨ་ཐས་ཀྱི་དྲན་པའམ་འཇུར་དྲན་དང་། སྟོང་ཉིད་ཀྱི་བཟུང་དྲན་ནམ་ངོ་ཤེས་ཀྱི་དྲན་པ་དང་། ཕྱི་མ་ལ། ཡང་དག་གི་དྲན་པའི་ཟུང་འཇུག་གི་དྲན་པ་དང་། བློ་བྲལ་ལམ་བློ་འདས་ཀྱི་དྲན་པ་སྟེ་བཞིར་བཤད་པའི། དང་པོ་ཉམས་མྱོང་ངེས་ཤེས་དང་བཅས་པའི་ཐོག་ཏུ་དྲན་པས་གཅུར་ནས་སེམས་འཇོག་དགོས་པ་དང་། གཉིས་པ་ཅི་ཤར་ཅི་སྣང་ཐམས་ཅད་སྟོང་ཉིད་དུ་རང་ངོ་ཤེས་ཤིང་ཐག་ཆོད་པའི་ངེས་ཤེས་ཀྱི་རྒྱུན་འཛིན་པ་དང་། གསུམ་པ་རྩོལ་བ་དང་ངེས་ཤེས་ཀྱི་འཛིན་པ་ཕྲ་མོའང་ཡེ་ཤེས་སུ་གྲོལ་ནས་དྲན་འཛིན་ལ་མ་བལྟོས་པར་ཟུང་འཇུག་གི་རྟོགས་པ་ཤུགས་འབྱུང་དུ་ཤར་བ་དང་། བཞི་པ་བསྒོམ་བྱ་སྒོམ་བྱེད་ལ་སོགས་པའི་བློ་ཐམས་ཅད་མཉམ་ཉིད་གཉུག་མ་ཆེན་པོའི་རང་བཞིན་དུ་དག་ནས་
(༤༩༠)དུས་རྒྱུན་ཆད་མེད་པའི་དྲན་པ་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པ་ལ་བཞེད་པར་སྣང་ལ། མཁས་གྲུབ་ཨོ་རྒྱན་པས་ནི། དྲན་པ་དེ་བཞི་དང་སྒོམ་རྣལ་འབྱོར་བཞི་སྦྱོར་ཞིང་། རྣལ་འབྱོར་བཅུ་གཉིས་སུ་འབྱེད་ཀྱང་དྲན་པ་བཞི་པོའི་ན་འཕར་ལུགས་སུ་བཞེད་ལ། དྲན་པ་ཕྱི་མ་ཕྱི་མ་འཆར་བར་བྱེད་པ་ལའང་དྲན་པ་སྔ་མ་སྔ་མ་ལ་ཤུགས་བཏོན་ནས་སྒོམ་པ་ཟབ་པར་བཞེད་དོ། །དེ་ལྟར་དྲན་པ་དེ་དག་ལས་སྐབས་འདིར་ལས་དང་པོ་པའི་དབང་དུ་བྱས་ནས་འཇུར་དྲན་གཙོ་བོར་འཛིན་ཞིང་། ཕྱིས་གང་ཤར་ཐམས་ཅད་སྐྱེ་མེད་དུ་ངེས་ནས་བཟུང་དྲན་གྱིས་ཆོག་ལ། དེ་གཉིས་སོ་སོ་ལའང་འབད་རྩོལ་ཆེར་བསྐྱེད་དགོས་པའི་སྐབས་དང་། ཤུགས་འབྱུང་དུ་དྲན་པ་རང་ཤར་འབྱུང་བའི་སྐབས་གཉིས་ལས། སྔ་མ་ལ་རྗེ་རྒོད་ཚང་པས་སོ་བྱ་ཉ་དགུག་པ་ལྟར་དྲན་པ་ཐུ་རེ་འཛིན་པ་དང་། དྲན་པའི་སྟེང་དུ་དྲན་པ་བརྩེག་པ་ཞེས་དྲན་པ་སྔ་མའི་ཤུགས་མ་ཟད་ཙམ་ལ་སླར་དྲན་པ་བསྐྱེད་དགོས་པར་བཞེད་དོ། །
(༤༩༡)འོ་ན་འདིར་དྲན་པ་གལ་ཆེ་བར་བཞེད་པ་དང་། གསུང་རབ་དགོངས་འགྲེལ་དང་བཅས་པར་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ཞེས་མང་དུ་གསུངས་པའི་དོན་ཇི་ལྟར་ཡིན་སྙམ་ན། དེ་ནི་སེམས་མཉམ་བཞག་གི་སྐབས་སུ་གསུངས་པས། དེའི་ཚེ་དྲན་པ་མེད་ཅེས་པའི་དོན་ལ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། དྲན་མེད་ཡིད་ལ་བྱར་མེད་པའི། །དྲན་པ་ཉེ་བར་བཞག་པ་སྔོན། །ཞེས་དང་། འཕགས་པ་སངས་རྒྱས་འགྲོ་བར། གསོལ་པ། འཇམ་དཔལ། དྲན་པ་ཉེ་བར་བཞག་པ་ལ་གནས་པ་ཇི་ལྟ་བུ་ལགས། སྨྲ་བ། ཆོས་ཐམས་ཅད་དྲན་པ་མེད། ཡིད་ལ་བྱེད་པ་མེད་པའོ། །ཞེས་དང་། དེ་བཞིན་དུ། དྲན་མེད་ཡིད་ལ་བྱེད་མེད་པའི། །སངས་རྒྱས་རྗེས་སུ་དྲན་པ་སྒོམ། །ཞེས་པ་སོགས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དྲན་པ་ཉེར་བཞག་དང་རྗེས་དྲན་དུ་གསུངས་པའི་ཚུལ་ཤིན་ཏུ་མང་སྟེ། དེ་ཡང་གོང་དུ་བཤད་པ་ལྟར་ཡང་དག་གི་དྲན་པའི་ཁྱད་པར་ལ། དྲན་པ་ཉེར་བཞག་དང་
(༤༩༢)མི་བསྒུལ་བ་དང་དྲང་བ་དང་གྱ་གྱུ་མེད་པ་དང་དྲན་པ་དང་གཞུངས་པ་དང་ལམ་མི་བརྗེད་པ་རྣམས་གསུངས་པས། དེ་ཡི་ཚེ་གྱ་གྱུ་ཅན་གྱི་དྲན་རྟོག་གི་གཡེང་བ་ཞི་བ་ལ་དྲན་པ་མེད་པའི་ཐ་སྙད་དུ་གསུངས་ཀྱི། དོན་བརྗེད་པ་དང་ཤོར་བའི་རིགས་ཀྱི་རྨོངས་པ་དང་བརྒྱལ་བ་དང་གཉིད་ལྟ་བུའི་དྲན་མེད་དུ་གྱུར་པ་ལ་མི་བཞེད་དོ། །དེ་བཞིན་དུ་ཡིད་ལ་མི་བྱེད་པའི་དོན་ཡང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རིགས་ཀྱི་བུ། རྒྱུ་གང་གིས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཡིད་ལ་མི་བྱེད་པ་ཞེས་བརྗོད། རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ལས་ཡང་དག་པར་འདས་ན་བླངས་པའོ་དེ་དག་གིས་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་བསྟན་པར་འགྱུར་ཏེ། ཡིད་ལ་མི་བྱེད་པའི་སྒྲ་ཡིས་སོ། །ཞེས་དང་། སྒོམ་རིམ་དུ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུགས་ལས། ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་། །ཞེས་གསུངས་པ་གང་
(༤༩༣)ཡིན་པ་དེ་ཡང་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། ཞེས་པ་ལྟར་ཡིད་ཀྱི་གཡོ་བ་སྤངས་ཏེ་རྟོག་པ་ཐམས་ཅད་དང་བྲལ་བ་ལ་ཡིད་ལ་མི་བྱེད་པའི་ཐ་སྙད་གསུངས་ཀྱི། ཡིད་ཀྱི་བྱེད་ལས་གཏན་མེད་པ་མིན་ཏེ། བྲམ་ཟེ་ཆེན་པོས། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། །ཞེས་དང་། ཤ་ཝ་རས། གཉུག་མའི་ཡིད་ལ་གང་ཚེ་སྦྱངས་གྱུར་པ། །ཞེས་པ་ལྟར་རོ། །གཞན་ཡང་། ཉན་ས་ལས། མཚན་མ་ཐམས་ཅད་ལ་མི་ཕྱོགས་ཤིང་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར། །དང་པོ་ནས་ཉེ་བར་གཏོད་པས་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་བྱེད་དོ། །ཞེས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་དོན་མཚན་མེད་དང་མི་རྟོག་པ་ལ་བཤད་པ་དང་། སྒོམ་རིམ་ཐ་མ་ལས། ཅི་སྟེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ་དྲན་པ་མེད་ཡིད་ལ་
(༤༩༤)བྱེད་པ་མེད་པ་སྐད་དུ་བྱས་ན། དེའི་ཚེ་དེ་གཉིས་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ། མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ་གང་གིས་མཚན་མ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ལས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱི་ཕྱིར་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི། བརྒྱལ་བ་ལའང་དྲན་པ་དང་ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཞེས་སོགས་མང་དུ་བཤད་པའི་དོན་བསྡུས་ན། དང་པོར་ཤེས་རབ་ཀྱིས་དཔྱད་པ་ལས་རྙེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུན་སྐྱོང་བ་ལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་དོན་དུ་བཤད་དེ། སྒོམ་རིམ་ཐ་མར། དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་
(༤༩༥)ནུས་ཀྱི་གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པ་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན། དོན་དམན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་དྲན་པ་མ་མཐོང་བ་དེའི་ཚེ། ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་པས་ལྟ་བ་ངན་པའི་དྲྭ་བ་མཐའ་དག་སྤངས་པ་ཡིན་ནོ། །ཞེས་སོ། །དེ་ལྟར་ན་གཟུང་འཛིན་གྱི་དྲན་རྟོག་དང་ཡིད་བྱེད་སྤོང་བ་དང་རྣམ་པར་མི་རྟོག་པའི་དྲན་རྒྱུན་དང་ཡིད་བྱེད་བསྟེན་པའི་ཚུལ་ཤེས་པར་བྱ་དགོས་ཏེ། དྲན་པ་དང་ཡིད་བྱེད་ཐམས་ཅད་དགག་བྱར་བྱས་ནས་ཧ་ཅང་ཐལ་ཆེས་ན་མི་རུང་ངོ་། །གཉིས་པ་ལ། མཉམ་རྗེས་ཀྱི་ངོས་འཛིན། སྐྱོང་ཚུལ་སྤྱིའི་རྣམ་དབྱེ། མཉམ་གཞག་གི་སྐྱོང་ཐབས་རྗེས་ཐོབ་ཀྱི་སྐྱོང་ཐབས། མཉམ་རྗེས་འདྲེ་ཚུལ་གྱི་རྣམ་དབྱེ་ལྔའི། དང་པོ་ནི། སྒོམ་སྤྲོས་བྲལ་ཡན་ཆོད་ལ་མཉམ་རྗེས་ཇི་ལྟ་བ་འབྱེད་ཀྱང་། རྩེ་གཅིག་
(༤༩༦)གི་སྐབས་སུ་ཉམས་སྣང་ཁོ་ན་ཤས་ཆེ་བས་མཉམ་རྗེས་མཚན་ཉིད་པ་མེད་ལ། འོན་ཀྱང་རང་སའི་མཉམ་རྗེས་ཙམ་འབྱེད་དུ་རུང་བར་བཞེད་པ་ལས། མཉམ་གཞག་ནི་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བར་སྔར་ངོ་སྤྲད་པའི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ཉིད་ལ་བློ་བཞག་ནས། དེ་ལས་གཞན་པའི་དྲན་རྟོག་དང་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བར་མཚན་མའམ་རྣམ་པར་རྟོག་པའི་གཡེང་བ་མ་བྱུང་གི་བར་དེ་སྲིད་དུ་སེམས་རྣལ་དུ་ཕབ་ལ་འཇོག་པ་སྟེ། ཇོ་བོའི་དབུ་མའི་མན་ངག་ཏུ། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ་རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་སོ། །དེ་ལ་དྲན་པ་དང་ཡིད་བྱེད་སྤོང་ཚུལ་ནི། གོང་དུ་བཤད་པ་ལྟར། དོན་ཐོག་དེར་མ་ཡེངས་པའི་
(༤༩༧)དྲན་པ་དང་ཡིད་བྱེད་རྩ་བ་ནས་གཏོང་བ་མིན་གྱི། དེ་ལས་གཞན་གློ་བུར་དུ་འཆར་བའི་དྲན་རྟོག་དང་ཡིད་ཀྱི་བྱ་བྱེད་རྣམས་སྤོང་བ་ཡིན་ནོ། །དེ་ཡང་དྲན་པ་ཇི་སྲིད་མ་ཡེངས་པ་དེ་སྲིད་དུ་རྟོག་པ་ཡེ་མི་འབྱུང་ལ། ཅུང་ཟད་ཡེངས་པ་དང་རྟོག་པ་ཡེར་གྱི་འབྱུང་ཞིང་། ཤིན་ཏུ་ཡེངས་པ་ན་མཚན་འཛིན་དང་བཅས་པའི་རྣམ་རྟོག་དང་སྣང་བ་ཅི་རིགས་འཆར་བས། དེ་ནི་རྗེས་ཤེས་དང་རྗེས་སྣང་རང་ཁ་བ་ཞེས་བྱ་བའི་འཁྲུལ་ཤེས་འབའ་ཞིག་ཡིན་ལ། སླར་ཡང་སྔར་གྱི་དྲན་པ་རྙེད་པའི་ཚེ་རྟོག་སྣང་མ་འགགས་པ་དེ་ཉིད་ཀྱི་ཐོག་ཏུ་དྲན་པའི་རྩིས་ཟིན་ནས། རྟོག་སྣང་དེ་ཡང་མ་འགགས་ཤིང་ངོ་བོ་ངོས་བཟུང་མེད་པ་སྣང་སྟོང་ཟུང་འཇུག་ཏུ་གྱུར་པ་ནི་ཤོར་བའི་རྗེས་སུ་སླར་ཐོབ་པས་ན་རྗེས་ཐོབ་ཅེས་ཟེར་ཏེ། མཉམ་གཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུ་ཞེས་གྲགས་སོ། །དེ་ལྟར་ན་ངོ་ཐོག་ཏུ་མ་ཡེངས་པ་རྩེ་གཅིག་པ་ཐུན་མཚམས་སུ་བྱུང་རུང་མཉམ་གཞག་ཏུ་འགྱུར་ལ། ཅུང་
(༤༩༨)ཟད་ཡེངས་པའི་རྗེས་ལ་དྲན་པའི་རྩིས་ཟིན་པ་ཐུན་དངོས་གཞི་ལ་བྱུང་ཡང་རྗེས་ཐོབ་ཏུ་འགྱུར་ཏེ། རྗེ་ཞང་གིས། བར་སྣང་དག་པའི་དཀྱིལ་ལྟ་བུ། །གསལ་སྟོང་མ་འགགས་མཐའ་དབུས་མེད། །སིང་ངེ་ཡེ་རེ་གནས་པ་དེ། །རྣལ་འབྱོར་དང་པོའི་མཉམ་གཞག་ཡིན། །དེ་ལས་རྣམ་རྟོག་འཕྲོས་པ་དེ། །མལ་ན་བསྒོམས་ཀྱང་རྗེས་ཐོབ་ཡིན། །གསལ་སྟོང་སིང་ངེ་ཡེ་རེ་བ། །གནས་ན་ལབ་ལོབ་འགྲོ་འདུག་ཀྱང་། །མཉམ་གཞག་དང་ལ་གནས་པ་ཡིན། །ཞེས་པ་ལྟར་རོ། །འདིའི་སྐབས་སུའང་རང་སའི་དྲན་རྒྱུན་གོམས་པ་ལ་བརྟེན་ནས་མཉམ་རྗེས་འདྲེ་བ་ལྟ་བུ་འབྱུང་སྟེ། མཉམ་རྗེས་མཚན་ཉིད་པ་མིན་ཡང་ཉམས་ཀྱི་འཁོར་ཡུག་ཅེས་བཞེད་དོ། །འདིར་ཕྱག་རྒྱ་ཆེན་པོའི་དོན་ནི་རྣམ་པར་རྟོག་མི་རྟོག་མེད་པར་ཅི་ཤར་གང་བྱུང་གི་གནས་ལུགས་ངོ་ཤེས་པའི་ངང་དེ་ཉིད་མ་བཅོས་པར་བྱ་བ་ལས་སྤང་བླང་དང་བཅས་བཅོས་གཏན་མི་རུང་བ་ཞིག་ཡིན་ཡང་། དེང་སང་ལས་དང་པོ་པ་རྣམས་ཀྱིས་ཉམས་སུ་ལེན་པའི་
(༤༩༩)ཚེ། རྟོགས་པའི་མཉམ་རྗེས་མ་འདྲེས་ཀྱི་བར་དུ་ཐུན་གྱི་དངོས་གཞི་ལ་མཉམ་གཞག་གཙོ་བོར་བྱས་ཏེ་ངོ་བོ་རྩེ་གཅིག་ཏུ་སྐྱོང་བ་དང་། ཐུན་མཚམས་སོགས་ཀྱི་སྐབས་སུ་རྗེས་ཐོབ་གཙོ་བོར་བྱས་ནས་རྟོག་པ་དང་སྣང་བ་ལམ་དུ་ཁྱེར་ནས་སྐྱོང་བ་སྒྲུབ་བརྒྱུད་པ་རྣམས་ཀྱི་དགོངས་པར་གོ་ཞིང་། ཕལ་ཆེར་ལ་སྐྱོང་ཚུལ་དེ་ལྟར་བྱས་པས་མཉམ་གཞག་རྐང་ཚུགས་པ་དང་རྗེས་ཐོབ་གཅོད་ཆེ་བ་གཉིས་ཀ་འབྱུང་ལ། དེ་གཉིས་ཀྱང་ཅིག་གི་བོགས་ཅིག་གིས་བཏོན་ནས་སྒོམ་སྐྱེད་ཆེ་བ་འོང་བར་སྣང་བས། འདིར་ཡང་ཚུལ་དེ་དང་མཐུན་པར་བཤད་པར་བྱའོ། །གཉིས་པ་ནི། སྤྱི་ཙམ་དུ་སྒོམ་སྐྱོང་ཚུལ་ལ། རྗེ་སྒམ་པོ་པས་མཁས་པ་གསུམ་གྱི་ཐ་སྙད་གསུངས་པ་ལྟར་ན། དང་པོར་སྒོམ་འགོ་རྩོམ་པ་ལ་མཁས་པ་ནི། ལུས་གནད་ལེགས་པར་བྱས་ནས་སྔར་ཞི་གནས་ཀྱི་སྐབས་སུ་བཤད་པ་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་སྒོ་ནས་དད་འདུན་དྲག་པོ་བསྐྱེད་ཅིང་གཞན་པའི་སེམས་ཀྱི་
(༥༠༠)ཟུག་རྔུ་ཐམས་ཅད་བསལ་ནས་འཇུག་པའོ། །བར་དུ་ཉམས་བསྟེན་པ་ལ་མཁས་པ་ནི། ཤེས་པ་བྱིང་རྒོད་ཀྱི་སྐྱོན་རྣམས་བཅོས་ཤིང་ཉམས་མྱོང་མཐུད་པོའི་རླན་དང་བྲལ་བར་བྱས་ཏེ་སེམས་ཀྱི་ངོ་བོ་རྗེན་པར་སྐྱོང་བའོ། །མཐའ་མར་འཕྲོ་གཅོད་པ་ལ་མཁས་པ་ནི། གསལ་ལ་ཡུན་ཐུང་བ་ཡང་ཡང་བསྐྱང་ནས་སྒོམ་དང་མ་འཁོན་པར་བཟང་གྱེས་བྱེད་གསུང་སྟེ་ལས་དང་པོ་པའི་དབང་དུ་བྱས་པའོ། །ཡང་རྗེ་སྒམ་པོ་པས། དང་པོར་རྩོམ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད། ཅེས་པ་ལ་ལུས་གནད་ཧ་ཅང་བསྒྲིམས་པ་མིན་པའི་རང་བབས་སུ་བྱས་ནས་སེམས་ལ་དམིགས་བཅས་ཀྱི་ཞེ་འདོད་དང་རྩོལ་སྒྲུབ་མེད་པར་སེམས་རང་གཤིས་ལ་གུ་ཡངས་སང་ངེ་གློད་པའོ། །བར་དུ་ཚམ་ཚོམ་མི་བྱ་བར་སོ་མ་རང་ལུགས་སུ་བཞག །ཅེས་པ་ཡིན་མིན་ལ་སོགས་པའི་ཐེ་ཚོམ་སྤངས་ཏེ། སོ་མའི་དོན་སེམས་ཀྱི་གདོད་མའི་གནས་ཚུལ་ཅི་ཡོད་པ་དེ་ལ་སླར་བཟོ་བཅོས་མི་བྱེད་པའོ། །
(༥༠༡)ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱ། ཞེས་པ་རྐྱེན་སྣང་ལ་ཤར་བའི་བྱུང་ཚོར་ཐམས་ཅད་ངོ་ཤེས་ཀྱི་དྲན་པས་སླེབ་མ་ཐག་ཏུ་སྐྱེ་འགག་གནས་གསུམ་གྱི་ངོ་བོར་མ་གྲུབ་པར་གཉུག་མའི་ངང་དུ་གྲོལ་བའོ། །ཡང་རྗེ་སྒམ་པོ་པས། ནམ་མཁའ་ལྟར་དཔངས་བསྟོད་ཅེས་པ་སྣང་བ་དེ་ལྟར་དུ་གུ་ཡངས་སང་ངེ་གཏོང་བའོ། །ས་གཞི་ལྟར་རྒྱ་བསྐྱེད་ཅེས་པ་དྲན་ཤེས་ཀྱི་ཁྱབ་རྒྱ་བསྐྱེད་པའོ། །རི་བོ་ལྟར་ལྷུན་ཕབ་ཅེས་པ་སེམས་གཡོ་འགུལ་མེད་པར་བཞག་པའོ། །མར་མེ་ལྟར་གསལ་བསྟོད་ཅེས་པ་རིག་པའི་ངོ་བོ་གསལ་ངར་བསྐྱེད་པའོ། །མན་ཤེལ་ལྟར་དྲི་མ་སྤང་ཞེས་པ་ཉམས་ཀྱི་སྒྲིབ་གཡོགས་མེད་པར་ཤེས་པ་དྭངས་སང་ངེ་བཞག་པའོ། །སྐྱོང་ཚུལ་དེ་དག་ཕལ་ཆེར་མཉམ་རྗེས་གང་ལའང་ཕྱོགས་མཐུན་པར་སྣང་བས་སྤྱིའི་སྐྱོང་ཚུལ་དུ་བསྟན་པ་ཡིན་ནོ། །གསུམ་པ་མཉམ་གཞག་གི་སྐྱོང་ཐབས་ལ། ངོ་བོའི་སྐྱོང་ཐབས་ཀྱི་རྣམ་གྲངས་བསྟན་
(༥༠༢)པ་དང་། དེ་དག་གི་གནད་བསྡུས་ནས་བཤད་པ་གཉིས་ལས། དང་པོ་ལ། ངོ་བོའི་སྐྱོང་ཐབས་དྲུག་བཤད་པ། ཡོངས་སུ་གྲགས་པའི་བཞག་ཐབས་བཤད་པ། སྐྱོང་ཚུལ་གྱི་རྣམ་གྲངས་གཞན་བཤད་པ་གསུམ་གྱི། དང་པོ་ནི། མི་མནོ་མི་བསམ་མི་སེམ་ཞིང་། །མི་སྒོམ་མི་དཔྱད་རང་བཞིན་བཞག །ཅེས་ཏཻ་ལོ་པའི་བཞག་ཐབས་དྲུག་ཏུ་གྲགས་པ་ལས། མི་མནོ་ཞེས་པ་ནི་འདས་པའི་དོན་གྱི་རྟོག་པའི་རྗེས་མི་འབྲང་པ་སྟེ། འབྲངས་ན་དེས་ཇི་སྲིད་དུ་ཡིད་གཡེང་པར་འགྱུར་བས་སོ། །མི་བསམ་ཞེས་པ་ད་ལྟའི་སེམས་སྣང་ལ་བཟོ་བཅོས་དང་རྩིས་མི་བྱེད་པ་སྟེ། བྱས་ན་མཉམ་པར་བཞག་རྒྱུའི་སེམས་རྐྱེན་དབང་དུ་འཆོར་བས་སོ། །མི་སེམ་ཞེས་པ་མ་འོངས་པ་ན་བྱ་བྱེད་ཀྱི་རྟོག་པ་སྔོན་མི་བསུ་བ་སྟེ། བསུས་ན་ཤེས་པ་དེའི་ཡུལ་ལ་གཡོ་ཞིང་མི་བརྟན་པར་འགྱུར་བས་སོ། །ཚུལ་འདི་གསུམ་ནི་ཤིན་ཏུ་གྲགས་ཆེ་ལ། བྲམ་ཟེ་ཆེན་པོས་ཀྱང་། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །
(༥༠༣)ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། །ཞེས་དང་། ཕྱི་དང་ནང་དུ་བལྟ་བ་མེད་པའི་སེམས་དེ་ནི། །གང་གིས་མི་བསམ་གང་ལ་ཡང་ནི་སེམས་མ་ཡིན། །རང་བཞིན་གནས་པ་རྡོ་རྗེ་རྩེ་མོ་གླུ་བླངས་པ། །ཞེས་དང་། བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། །ཅེས་དང་། ཤ་ཝ་རས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཞག །ཅེས་སོ། །མི་སྒོམ་ཞེས་པ་མཚན་བཅས་དང་མཚན་མེད་སོགས་བློའི་ཡུལ་དུ་གྱུར་པ་གང་ཡང་མི་སྒོམ་པ་སྟེ། བསྒོམས་ན་གཟུང་འཛིན་གྱི་ཡིད་བྱེད་དུ་འགྱུར་བས་སོ། །དེ་ལྟར་ཡང་བྲམ་ཟེ་ཆེན་པོས། ཀྱེ་མ་རང་བཞིན་བྲལ་བའི་དེ་ཉིད་སྒོམ་དུ་ཡོད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ནས། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་སྡིག་པ་བྱས། །ཞེས་དང་། སྒོམ་དང་བསྒོམ་
(༥༠༤)བྱ་མེད་པའི་སེམས་ནི་རང་བཞིན་བྲལ། །རེ་དོགས་མེད་པའི་མཐར་ཐུག་པ་ནི་རྡོ་རྗེའི་སེམས། །ཞེས་དང་། ཤ་ཝ་རས། གལ་ཏེ་མ་རྟོགས་བློ་ལ་བསྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །ཅེས་དང་། བིར་ཝ་པས། སེམས་ཀྱི་ཆོས་ཉིད་ཀློང་ལ་འདི་ཡིན་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཅེས་སོ། །མི་དཔྱད་ཅེས་པ་དེ་ལྟར་སྤྲོས་པ་ཞི་བའི་ངང་དེ་ལ་སླར་བློས་བརྟག་དཔྱད་མི་བྱ་བ་སྟེ། བྱས་ན་སླར་བློ་རྟོག་གིས་གཉིས་སྣང་དང་མཚན་འཛིན་བསྐྱེད་པས་སོ། །འདི་ལའང་བྲམ་ཟེ་ཆེན་པོས། མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་དག་པས་ཀུན་གྱིས་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དགུ་སྦྲུལ་གཙེས་པ་ཁོ་ནར་ཟད། །ཅེས་དང་། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །གསལ་བ་སྤངས་ནས་སྲིད་པ་དག་ཏུ་འགྲོ། །མཐོང་བཞིན་དུ་ནི་
(༥༠༥)དོང་དུ་འགྲོ་བ་ལ། །དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོད། །ཅེས་དང་། བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་ལྟ་བུར་གནས། །ནམ་མཁའ་གནས་པ་མེད་པ་དེ་ཉིད་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །ཞེས་དང་། ཤ་ཝ་རས། བརྟགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཞེས་དང་། བིར་ཝ་པས། རང་བཞིན་བརྗོད་མེད་ངོ་བོ་བལྟོས་ཆོས་ཀུན་དང་བྲལ། །བརྟགས་དང་དཔྱད་དུ་མེད་ཅིང་མཚོན་པའི་དཔེ་དང་བྲལ། །ཞེས་སོ། །རང་བཞིན་བཞག་ཅེས་པ་སེམས་ཀྱི་རང་བཞིན་ནམ་འདུག་ཚུལ་ཇི་ལྟར་ཡོད་པ་དེ་ཀ་ལྟར་མ་བཅོས་པར་འཇོག་པ་སྟེ། དེ་མིན་གནས་ལུགས་ཀྱི་དོན་བློས་བྱས་ཀྱིས་བསླད་པར་འགྱུར་བས་སོ། །འདི་ལའང་བྲམ་ཟེ་ཆེན་པོས། རང་བཞིན་བཞག་པ་ཇི་ལྟ་བུ་ཉིད་དེ་ལྟ་ཉིད། །འབྲས་བུ་ཐོགས་པ་མེད་པ་གདོད་ནས་ངང་ལ་གནས། །ཞེས་དང་། རང་བཞིན་དག་པའི་སེམས་ལ་བསམ་
(༥༠༦)གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །ཅེས་དང་། ཤ་ཝ་རས། རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་ག་ཉིད་དུ་ཞོག །ཅེས་དང་། བིར་ཝ་པས། དོན་དམ་རྣལ་མ་ཆགས་མེད་དོན་ལ་སྤྱད་བྱ་སྟེ། །མི་སྤང་མི་སྒྲུབ་མི་ཞེན་མི་སྤྱོད་མི་འགོས་པར། །རང་ལུགས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པ་སྟེ། །ཞེས་དང་། མཻ་ཏྲི་པས། རང་བཞིན་མ་བཅོས་རྣལ་མར་བཞག །ཅེས་སོ། །དེ་ལྟ་བུའི་བཞག་ཐབས་རྣམས་ལ་སེམས་ཀྱི་ངོ་བོ་རྩེ་གཅིག་ཏུ་སྐྱོང་ཚུལ་གྱི་གནད་ཕལ་ཆེར་འདུས་ཤིང་ཆོས་ཉིད་གཏན་ལ་འབེབས་པའི་ཐབས་རྨད་དུ་བྱུང་བ་ཡིན་ཏེ། ཏཻ་ལོ་པས། མི་བསམ་མི་མནོ་བརྟག་དཔྱད་མི་བྱ་ཞིང་། །མི་སྒོམ་མི་སྤྱོད་རེ་དོགས་མི་བྱ་བར། །དེར་འཛིན་བློ་ཡི་འདུ་བྱེད་རང་སར་གྲོལ། །དང་པོའི་ཆོས་ཉིད་སྟེང་དུ་དེ་ཡིས་ཕེབས། །ཞེས་བཤད་དོ། །གཉིས་པ་ནི། རྗེ་སྒམ་པོ་པའི་ཚོགས་ཆོས་ལས། ངོ་བོ་རང་གི་སེམས་ལ་བལྟ་ན། སེམས་
(༥༠༧)དེ་གློད་ལ་བཞག །སོ་མར་བཞག །རང་གར་བཞག །ལྷུག་པར་བཞག་གོ །ཞེས་བཞི་གསུངས་པའི། གློད་ལ་བཞག་པ་ནི། སེམས་གློད་ཤེས་ན་སེམས་ཀྱི་འདུག་ཚུལ་དང་བཅོས་མིན་གྱི་ངོ་བོ་ལ་སྒྲོ་འདོགས་གཅོད་པའི་ཐབས་ཤིན་ཏུ་ཟབ་པ་ཞིག་ཡིན་ཏེ། རྗེ་སྒམ་པོ་པས། གློད་པ་རབ་ལ་སྒོམ་པ་རབ། གློད་པ་འབྲིང་ལ་སྒོམ་པ་འབྲིང་། གློད་པ་ཐ་མ་ལ་སྒོམ་པ་ཐ་མ། ཞེས་གསུངས་སོ། །དེའི་རྒྱུ་མཚན་ཇི་ལྟར་ཞེ་ན། སེམས་གང་ཤར་ཅི་འདུག་དེ་ཀའི་ཐོག་ཏུ་ཞེ་འདོད་ཅི་ཡང་མི་བྱ་བར་རང་ལུགས་སུ་ལྷོད་གློད་པ་ན། འཇུག་ཤེས་ཐམས་ཅད་འགགས་ནས་རྟོག་མེད་དུ་ཧད་དེ་ཚོམ་མེ་རང་གནས་སུ་འགྱུར་ལ། དེའི་ཚེ་སྐྱེ་མེད་ཀྱི་རིག་པའི་ངར་མ་ཤོར་བ་དེ་ཀ་ཉིད་ཞི་ལྷག་དབྱེར་མེད་པའི་རང་བཞིན་དང་སེམས་ཉིད་ལྷན་སྐྱེས་ཀྱི་དོན་ཡིན་ཏེ། གྲུབ་ཆེན་ཞང་གིས། ཤེས་པ་ལྷོད་ཀྱིས་གློད་པའི་དུས། །གསལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་
(༥༠༨)འཆར། །དེ་ནི་འོད་གསལ་ཆོས་སྐུ་ཡིན། །ཞེས་སོ། །གཞན་ཡང་བྲམ་ཟེ་ཆེན་པོས། འཇུར་བུས་བཅིངས་པའི་སེམས་ཉིད་དེ། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། སེམས་བཅིངས་ན་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་གང་གིས་བཅིངས་གྱུར་པ། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །ཞེས་དང་། ཏཻ་ལོ་པས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་སོ། །སོ་མར་བཞག་པ་ནི། གདོད་མའི་གནས་ཚུལ་ལ་མཉམ་པར་འཇོག་པའི་དོན་ཏེ། བླ་མས་ངོ་སྤྲད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོའམ་རང་བཞིན་ཡེ་ནས་སྤྲོས་པ་དང་བྲལ་ཞིང་ངོས་བཟུང་མེད་པའི་དོན་དེ་ཉིད་རང་སོར་འཇོག་པའོ། །
(༥༠༩)དེ་ཡང་དཔེར་ན་གསེར་ས་ལེ་སྦྲམ་ལྟ་བུ་སྟེ། དེ་ཉིད་གདོད་མའི་ཆགས་ཚུལ་ཅི་ཡོད་དེ་ལ་སླར་བཞུ་བཏུལ་སོགས་ཀྱིས་བཅོས་མ་ཕོག་པ་བཞིན་ནོ། །འགའ་ཞིག་ཏུ་བྱ་ཐིབ་ཆང་དུ་འཇུག་པ་ལྟར་ཚམ་ཚོམ་མེད་པར་འཇོག་པ་དང་། ལ་ལར་མ་བཅོས་པར་འཇོག་པ་ལ་བཤད་དེ། འདི་ལ་བྲམ་ཟེ་ཆེན་པོས། རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་ཐོབ་པ་དེ་ཡིས་ཆོག །ཅེས་དང་། བསམ་དུ་མེད་པའི་རང་བྱུང་ཡེ་ཤེས་གང་སྒོམ་པ། །དེ་ཡིས་འབྲས་བུ་མ་ལུས་སྒོམ་པར་གྱུར་པ་ཡིན། །ཞེས་དང་། ཤ་ཝ་རས། གཉུག་མའི་ཡིད་ལ་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡིས་རྟོགས་ལ་འཇུག །ཅེས་དང་། བིར་ཝ་པས། གདོད་ནས་ལྷན་ཅིག་སྐྱེས་པས་གཞན་ནས་བཙལ་དུ་མེད། །སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ། །ཞེས་སོ། །རང་གར་བཞག་པ་ནི། སེམས་ཀྱི་གནས་ལུགས་སམ་འདུག་ལུགས་ཅི་ཡོད་པ་དེ་ཀ་རང་ལུགས་སུ་ཅི་བདེར་འཇོག་པ་སྟེ། དམིགས་
(༥༡༠)གཏད་དམ་ཞེ་འདོད་ཀྱིས་བཅིངས་ན་ཤིན་ཏུ་མི་སྲུན་པར་འགྱུར་བས་སོ། །དཔེར་ན་མི་ཞིག་བཙོན་དུ་བཟུང་ན་འབྲོས་པའི་བསམ་པ་དང་བཅས་ལ། རང་གར་བཞག་ན་ཅི་བདེར་རང་ལུགས་སུ་གནས་པ་ལྟ་བུའོ། །འདི་ལ་བྲམ་ཟེ་ཆེན་པོས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །ཞེས་བཤད་དེ་གོང་གི་རང་བཞིན་གྱིས་བཞག་པ་དང་ཕྱོགས་མཚུངས་སོ། །ལྷུག་པར་བཞག་པ་ནི། སེམས་ལ་ཡིན་མིན་ལེགས་ཉེས་ལ་སོགས་པའི་དགག་སྒྲུབ་ཀྱི་འཆིང་བ་མེད་པར་ཞེན་མེད་འཛིན་མེད་དུ་ཤིགས་ཀྱི་གཏོང་བ་སྟེ། དཔེར་ན་སོག་ཕོན་བཅིང་ཐག་བཀྲོལ་བ་ལྟར་རང་ལུགས་ཅི་ཡོད་དེར་ལྷུག་གེར་གནས་པའོ། །དེ་སྐད་དུ་བྲམ་ཟེ་ཆེན་པོས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་དང་། དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་མཉམ་ཉིད་ཐ་དད་མ་བྱེད་པར། །
(༥༡༡)གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། །ཞེས་སོ། །ཡང་རྗེ་སྒམ་པོ་པས། སྐབས་འགར་སོ་མ་མ་བཅོས་ལྷུག་པ་གསུམ་དུ་བཞག་པར་གསུངས་པའི་མ་བཅོས་པ་ནི། རང་གར་བཞག་པ་དང་ཕྱོགས་མཐུན་ལ། འོན་ཀྱང་རྐྱེན་སྣང་གི་འཆར་སྒོ་བྱུང་བའི་ཚེ་དེ་ཉིད་ཀྱང་མ་བཅོས་པར་བསྐྱང་བས་གཉུག་མ་ལྷུན་གྲུབ་ཀྱི་ངང་དུ་རང་གྲོལ་བར་འགྱུར་ཏེ། དཔེར་ན་བུ་ཆུང་གི་སེམས་ལྟར་གསལ་ལ་འཛིན་པ་མེད་པའོ། །དེ་ལྟར་ཡང་ཤ་ཝ་རས། ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་པ་དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །ཞེས་དང་། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །ཅེས་དང་། མཻ་ཏྲི་པས། མ་བཅོས་གཉུག་མའི་སེམས་ནི་ཆོས་སྐུ་སྟེ། །བཅོས་པའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་བདེ་བའི་ཕྱོགས་སུ་ཡན་པར་
(༥༡༢)ཐོང་། །ཞེས་དང་། ངང་ལ་མ་ཡེངས་གནས་པ་ལས། །ལུས་ངག་བཅོས་ཤིང་སྒོམ་དུ་མེད། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་སྒོམ་དུ་མེད། །ཅེས་སོ། །གསུམ་པ་ནི། ཀླུ་སྒྲུབ་ཀྱིས། གར་ཡང་མ་རྟོག་ཅིར་ཡང་མ་སེམ་ཞིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རང་བཞིན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །ཞེས་རྟོག་མེད་སྒོམ་མེད་བཅོས་མེད་ལྷུག་པ་དང་བཞི་བཤད། སེམས་ཉིད་ངལ་གསོར། བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་གར་ནི། །ཀྱེ་ཧོ་དུབ་པ་ངལ་གསོས་ཤིག །ཅེས་མ་ཡེངས་མ་བཅོས་རང་ག་དང་གསུམ་བཤད། ཡང་རྗེ་སྒམ་པོ་པས། སྤྲིན་མེད་པའི་ནམ་མཁའ་ལྟར་བཞག །རླབས་དང་བྲལ་བའི་རྒྱ་མཚོ་ལྟར་བཞག །རླུང་དང་བྲལ་བའི་མར་མེ་ལྟར་བཞག །ཅེས་རྟོག་པ་མེད་པ་དང་གཡོ་འགུལ་མེད་པ་དང་
(༥༡༣)རིག་པ་གསལ་བར་འཇོག་པ་གསུམ་བཤད། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པར། ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་པ་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་གཡོ་འགུལ་མེད་པར་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་བཞག །ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ་གསལ་ཆ་མ་འགགས་པ་ལ་འཛིན་ཆ་མེད་པར་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་དུ་བཞག་ཅེས་དྲུག་བཤད། མཁས་གྲུབ་ལྕེ་སྒོམ་པས། གསལ་མདངས་མི་རྟོག་མ་རྙོགས་རྟེན་མེད་བཞི་དང་། མ་བཅོས་མ་བསླད་གཉུག་མ་གསུམ་དང་། སོ་མ་ལྷུག་པ་རང་དྭངས་གསུམ་དང་། སྒོམ་མེད་ཡེངས་མེད་གཉིས་ཀྱི་བཞག་ཐབས་ལ་སོགས་པ་མང་དུ་བཤད་ཀྱང་སྔར་བཤད་པ་དང་འཆད་འགྱུར་
(༥༡༤)ལས་ཤེས་པར་སྣང་བས་སོ་སོར་མ་སྤྲོས་ལ། སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་གསུང་ལས་ཀྱང་། འབོལ་ལེ་ཆམ་མེ་ལྷན་ནེ་ཝ་ལེ་ལྷུག་གི་སོགས་གནས་ཆ་གཙོ་བོར་བྱས་པ་དང་། སལ་ལེ་སིང་ངེ་ཙེ་ནེ་ཡེ་རེ་རྗེན་ནེ་ཧྲིག་གེ་སོགས་གསལ་ངར་གཙོ་བོར་བྱས་པའི་སྐྱོང་ཐབས་སྣ་ཚོགས་པ་འབྱུང་མོད་ཀྱང་། སྐབས་འདིར་ལས་དང་པོ་པ་མཉམ་གཞག་ཏུ་ངོ་བོ་རྩེ་གཅིག་ཏུ་སྐྱོང་བ་ལ་རྗེ་སྒམ་པོ་པས། དང་པོར་སློབ་པའི་དུས་སུ་ཤེས་པ་གསལ་སིང་ངེ་བ་ལ་བསླབ། དེ་ཡང་མ་ཡེངས་པ་ལ་བསླབ། དེ་ཡང་རིག་པའི་ངོ་བོ་ཡེ་མ་ཡེངས་པ་ལ་བསླབ། དེ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན། །ཞེས་དང་། དེ་ཡང་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་བ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན། ཞེས་པ་དང་། མདོར་ན་སེམས་ཀྱི་ངོ་ཐོག་ཏུ་རྡོ་རུས་མ་ཐུག་པའི་བདེ་གསལ་མི་རྟོག་པ་ཅི་བཟང་ཡང་སྣང་ལ་མ་ངེས་པ་དང་། རྩེ་གཅིག་ཏུ་མི་གནས་པའི་ངོ་ཐོག་ཀྱང་རྟོག་བཅས་
(༥༡༥)ཀྱི་གོ་བ་ཙམ་དུ་གསུངས་ཤིང་། རྗེ་བཙུན་གྱི་གསུང་། དེ་དེ་ཡིན་ཏེ་དེ་ཉིད་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་འདྲེན་པར་མཛད་པས། མཉམ་གཞག་ཡུན་རིང་ཐུང་ཅི་སྐྱོང་ཡང་དོན་ལ་སྐབས་དེར་སེམས་ཀྱི་ངོ་ཐོག་གསལ་རིག་ཐོན་པ་དང་དེ་ལས་མ་ཡེངས་པའི་གནས་ཆ་གཉིས་ཀ་ཚོགས་དགོས་པར་གསུངས་ཏེ་མདོར་ན་ལས་དང་པོ་པའི་ཞི་ལྷག་དབྱེར་མེད་ཀྱི་སེམས་རྩེ་གཅིག་པ་ཡིན་ནོ། །གཉིས་པ་དེ་དག་གི་གནད་བསྡུས་ནས་བཤད་པ་ལ། ཡིད་བྱེད་ཀྱི་བློས་མི་སྒོམ་པའི་ཚུལ། དོན་ཐོག་ནས་མ་ཡེངས་པ་དགོས་ཚུལ། དེ་གཉིས་ལ་སྒོམ་གྱི་གནད་འདུས་ཚུལ་གསུམ་གྱི། དང་པོ་ནི། ཕྱག་རྒྱ་ཆེན་པོའི་སྒོམ་སྐྱོང་བ་ལ་སེམས་རང་ལུགས་ཀྱི་འདུག་ཚུལ་ཅི་ཡོད་པ་དེའི་ངང་མ་ཤོར་ཙམ་བྱ་བ་ལས་བློ་སྤྲོས་ནས་གཞན་ཞིག་གསར་དུ་བཅོས་ཤིང་བསྒོམས་ན་དེ་གནས་ལུགས་ཀྱི་དོན་དུ་མི་རུང་བའི་རྒྱུ་མཚན་ཅི་རིགས་བཤད་ཟིན་ལ། སླར་ཡང་ཅུང་ཟད་
(༥༡༦)བརྗོད་ན། སེམས་ཀྱི་གནས་ལུགས་ལ་ཕྱོགས་རིས་མེད་པས་སྣང་བ་དང་སྟོང་རིག་སོགས་ཀྱི་འཆར་སྒོ་ལ་ཉེ་རིང་དང་ཕྱོགས་འཛིན་བྱས་ནས་མི་སྒོམ་དེ་བཞིན་དུ་སེམས་དོན་ལ་གང་གི་ཡང་ངོས་བཟུང་མེད་པས་ཡིན་མིན་དང་བླང་དོར་སོགས་སུ་ངོས་བཟུང་ནས་མི་སྒོམ། སེམས་དོན་ལ་ཅིར་ཡང་ངེས་པ་མེད་པས་བཏང་བཞག་སོགས་ཀྱི་ངེས་བཟུང་དང་གཏད་སོ་བྱས་ནས་མི་སྒོམ། སེམས་དོན་ལ་འཕོ་འགྱུར་གཏན་མེད་པས་རེ་དོགས་སོགས་ཀྱི་འཁུ་ཕྲིག་དང་རྩིས་གདབ་བྱས་ནས་མི་སྒོམ། སེམས་དོན་ལ་བཟང་ངན་ཅི་ཡང་མེད་པས་དགག་སྒྲུབ་ཀྱི་བཟོ་བཅོས་བྱས་ནས་མི་སྒོམ། སེམས་དོན་ལ་བཟང་ངན་ཅི་ཡང་མེད་པས་དགག་སྒྲུབ་ཀྱི་བཟོ་བཅོས་བྱས་ནས་མི་སྒོམ། སེམས་དོན་ལ་ཅི་ཡང་དམིགས་སུ་མེད་པས་དམིགས་པ་དང་རྩོལ་བས་བསྒྲུབས་ནས་མི་སྒོམ་མདོར་ན་སེམས་ཀྱི་གནས་ལུགས་ལ་ཅི་ཡང་སྒོམ་དུ་མེད་པས་ཅིར་ཡང་མི་སྒོམ་སྟེ། གལ་ཏེ་བསྒོམས་ན་ཅི་འདྲ་ཞིག་བསྒོམས་ཀྱང་ཡིད་ཀྱི་འདུ་བྱེད་དང་དམིགས་པ་དང་མཚན་མ་དང་འཛིན་པ་དང་ཞེན་པ་བསྐྱེད་པ་ཙམ་ཡིན་ལ། དེ་དག་ནི་
(༥༡༧)གནས་ལུགས་ཀྱི་ལྟ་སྒོམ་ཡང་དག་ཏུ་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་ཅི་ཡང་མི་སྒོམ་པ་ལགས་སོ། །ཞེས་པ་ལ་སོགས་པ་དང་། གསང་འདུས་ལས། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། གུར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །ཞེས་དང་། བྲམ་ཟེ་ཆེན་པོས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་དང་། གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་སྒྲིབ། །ཅེས་དང་། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་དང་། ཤ་ཝ་རས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་སྒོམ་སྟེ། །ཞེས་དང་། བིར་ཝ་པས། གནས་
(༥༡༨)ལུགས་ཡིད་ལ་བྱེད་ཅིང་ཉམས་ལ་ཞེན་པ་དང་། །དེ་ཉིད་དོན་ལ་དམིགས་ཤིང་བསྒོམ་ན་གོལ་བའོ། །ཞེས་དང་། ཏཻ་ལོ་པས། ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ཞེས་དང་། མཻ་ཏྲི་པས། ངང་ལ་མ་ཡེངས་གནས་པ་ལས། །ལུས་ངག་བཅོས་ཤིང་སྒོམ་དུ་མེད། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་སྒོམ་དུ་མེད། །ཅེས་སོ། །གཉིས་པ་ནི། དེ་ལྟར་བློ་བཅོས་ནས་བསྒོམ་རྒྱུ་ཅི་ཡང་མེད་ཀྱང་ཐ་མལ་རང་རྒྱུད་དུ་མི་འཆོར་བའི་དྲན་པ་ཡེངས་མེད་ཅིག་ཅི་ནས་ཀྱང་དགོས་ཤིང་། དྲན་པ་དེ་ཡང་གོམས་པ་ཀློང་དུ་མ་གྱུར་གྱི་བར་ཅི་ཙོམ་དུ་ཡིད་མ་ཡེངས་པ་ཙམ་གྱིས་ཅུང་ཟད་དབྱེ་བ་མི་འབྱེད་པས། སྒོམ་རྣལ་འབྱོར་བཞི་སོ་སོར་རང་ས་རང་སའི་སྒོམ་དོན་ལས་མ་ཡེངས་པའི་དྲན་པ་ཅིག་དགོས་ལ། སྐབས་འདིར་ཡང་སྔར་ངོ་སྤྲད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་དོན་ཐོག་ནས་མ་ཡེངས་པ་ཅིག་དགོས་སོ། །གལ་ཏེ་དེ་ཡང་ཇི་ལྟ་བ་བཞིན་སྒྲོ་འདོགས་མ་ཆོད་
(༥༡༩)པའི་ལས་དང་པོ་པས་ཀྱང་སེམས་རྩེ་གཅིག་པ་ལྟ་བུ་རང་སའི་ཉམས་མྱོང་ཅི་ཡོད་ཀྱི་ཐོག་ནས་མ་ཡེངས་པ་ཅིག་ངེས་པར་དགོས་ཏེ། བྲམ་ཟེ་ཆེན་པོས། ཀྱེ་མ་རང་ལ་རང་གིས་དེ་ཉིད་མཚོན་ཏེ་ལྟོས། །མ་ཡེངས་སེམས་ཀྱིས་བལྟ་དང་བྲལ་གྱུར་ན། །ཡེངས་པའི་སེམས་ཀྱིས་དེ་ཉིད་རྟོགས་མི་འགྱུར། །དངོས་པོའི་ཚང་ཚིང་གསེབ་ཏུ་དེ་ཉིད་ནོར་བུ་སྟོར། །ཞེས་དང་། ཤ་ཝ་རས། ཀྱེ་མ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །ཞེས་དང་། བིར་ཝ་པས། ཡོད་མེད་ཅིར་ཡང་མི་རྟོག་ངང་ལ་མ་ཡེངས་བཞག །ཅེས་དང་། ཏཻ་ལོ་ལས། ཡེངས་པ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། །ཞེས་དང་། མཻ་ཏྲི་པས། ངང་ལ་མ་ཡེངས་གནས་པ་ལས། །ཞེས་པ་ལྟར་རོ། །དེ་ཡང་རྣམ་དཔྱོད་དམན་པ་འགའ་ཞིག་ལ་མ་ཡེངས་པའི་ཉམས་སྣང་ཡོད་ཀྱང་དོན་ཐོག་ནས་ཡེངས་པ་མི་ཤེས་པ་འོང་པས་དེ་ཇི་ལྟ་བུ་སྙམ་ན། སེམས་ཀྱི་གནས་ལུགས་གོ་རྟོག་གི་ཡུལ་ལས་འདས་པས་བློ་དང་རྟོག་པས་རྟོགས་པའི་གོ་
(༥༢༠)དོན་ཞིག་ཡིད་ལ་བྱེད་ཅིང་སེམས་ནའང་དོན་ཐོག་ནས་ཅུང་ཟད་ཡེངས་པ་ཡིན་ལ། དེ་བཞིན་དུ་སེམས་དོན་ཤེས་རིག་ལས་འདས་པས་བློ་རྟོག་གིས་ཤེས་ཤིང་རིག་པའི་དོན་ཞིག་ཡིད་ལ་བྱེད་ཀྱང་དོན་ཐོག་ནས་ཅུང་ཟད་ཡེངས། སེམས་དོན་བསམ་གཞིག་གི་ཡུལ་མིན་པས་བློ་རྟོག་གིས་བསམ་གཞིག་བྱས་ཤིང་དཔྱད་པའི་སྟོང་པ་དང་སྐྱེ་མེད་སོགས་ཡིད་ལ་བྱེད་ཀྱང་དོན་ཐོག་ནས་ཅུང་ཟད་ཡེངས། སེམས་དོན་དམིགས་གཏད་ཀྱི་ཡུལ་མིན་པས་བློ་རྟོག་གིས་ཆེད་དུ་དམིགས་པ་ལ་གཏད་པའི་བདེ་གསལ་མི་རྟོག་པ་སོགས་ཀྱི་ཉམས་སྣང་ལ་སེམས་གཏད་ཀྱང་དོན་ཐོག་ནས་ཅུང་ཟད་ཡེངས་མདོར་ན་སེམས་ཀྱི་གནས་ལུགས་ཡིད་བྱེད་ཐམས་ཅད་ལས་འདས་པས་བློ་དང་རྟོག་པས་བཅོས་ཤིང་བསྒྲུབས་པའི་མཚན་བཅས་དང་མཚན་མེད་ཅི་འདྲ་ཞིག་ཡིད་ལ་བྱས་ཀྱང་ཡིད་བྱེད་ཡིན་ལ། ཅི་ཡང་ཡིད་ལ་མི་བྱེད་སྙམ་དུ་གནས་ཀྱང་ཡིད་བྱེད་དུ་འགྱུར་པས་དོན་ཐོག་ནས་ཅུང་ཟད་ཡེངས་
(༥༢༡)པ་ཡིན་ཏེ། བྲམ་ཟེ་ཆེན་པོས། ཡིད་ཀྱི་དྲི་མ་དག་ན་ལྷན་ཅིག་སྐྱེས་པ་སྟེ། །དེ་ཚེ་མི་མཐུན་ཕྱོགས་ཀྱིས་འཇུག་པ་མེད། །ཅེས་དང་། ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། བིར་ཝ་པས། དེ་ཉིད་ཡིད་ལ་བྱེད་ཅིང་གཉིས་མཐའི་ཕྱོགས་ལྷུང་ན། །འཁོར་བར་འཁོར་ཤིང་སྲིད་པའི་རྩ་བ་ཡིན་པའི་ཕྱིར། །ཀུན་གྱི་གཞི་རྩ་ཡིད་ཀྱི་ངོ་བོ་གང་ཡིན་ལྟོས། །བལྟས་པས་མ་མཐོང་ཡིད་བྱེད་བྲལ་ན་ངེས་པར་གྲོལ། །ཞེས་དང་། སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ནི། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་རིང་བའོ། །ཞེས་དང་། ཤ་ཝ་རས། ལྟོས་ཤིག་ལྟོས་ཤིག་ཅི་ཡང་མ་བལྟ་ཞིག །སྒོམས་ཤིག་སྒོམས་ཤིག་ཅི་ཡང་མ་སྒོམས་ཤིག །ཅེས་སོགས་གསུངས་པ་ལྟར་རོ། །འོ་ན་དེ་ལྟ་བུའི་བློ་འདས་ཀྱི་དོན་ཇི་ལྟ་བ་རྒྱུད་ལ་མ་སྐྱེས་པའི་ལས་དང་པོ་པས་ཇི་ལྟར་
(༥༢༢)བྱ་སྙམ་ན། ཡིན་ལུགས་ཀྱི་དོན་ཇི་ལྟར་བཤད་པ་དེ་ལྟར་ཡིན་ཡང་། དེ་ཉིད་རྒྱུད་ལ་མ་སྐྱེས་པས་ནི་རེ་ཞིག་སྔར་ངོ་སྤྲད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་དོན་ཉམས་མྱོང་ངེས་ཤེས་དང་བཅས་པ་དེ་ཉིད་ཤོར་གོལ་གྱི་གེགས་བསལ་ཞིང་བསྐྱངས་པས། རྣལ་འབྱོར་བཞིའི་རིམ་པས་ཅི་ཞིག་ན་བློ་གྲལ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་འཆར་བར་འགྱུར་ཏེ། དཔེར་ན་ཚེས་གཅིག་གི་ཟླ་བ་དང་སཻངྒའི་ཕྲུ་གུ་དང་བུ་ཆུང་གི་དཔེས་ཤེས་པར་བྱ་ཞིང་འཆད་འགྱུར་ལས་ཀྱང་ཤེས་པར་འགྱུར་རོ། །གསུམ་པ་ནི། དེ་ལྟར་སྒོམ་མེད་ཡེངས་མེད་གཉིས་ལ་གོང་དུ་བཤད་པའི་གཞག་ཐབས་ཐམས་ཅད་ཚང་བ་ཡིན་ཏེ། དེ་ཡང་མི་མནོ་མི་བསམ་མི་སེམ་མ་བཅོས་མ་བསླད་མི་དཔྱོད་པ་སོགས་ནི་ཅི་ཡང་མི་སྒོམ་པའི་ཁོངས་སུ་ཚང་ཞིང་། སོ་མ་ལྷུག་པ་རང་གི་རང་བཞིན་གནས་ཚུལ་ཡིན་ལུགས་སོགས་དོན་ལ་མ་ཡེངས་པའི་ཁོངས་སུ་ཚང་ངོ་། །དེ་བཞིན་དུ་མི་སྒོམ་
(༥༢༣)པར་སེམས་རང་ལུགས་སུ་འཇོག་པ་ལ་ཞི་གནས་དང་། དོན་ཐོག་ནས་མ་ཡེངས་པ་ལ་ལྷག་མཐོང་དང་། སྒོམ་མེད་ཡེངས་མེད་རོ་མཉམ་དུ་གྱུར་པ་ལ་ཞི་ལྷག་ཟུང་འཇུག་གི་དོན་ཚང་ཞིང་། འདི་ལ་མདོ་ཕྱོགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྟོག་བྲལ་མ་འཁྲུལ་པའི་རིག་པ་དང་། རང་བཞིན་གྱི་སྟོང་ཉིད་ཅེས་བརྗོད་ཅིང་། སྔགས་ཕྱོགས་ནས་ལྷན་སྐྱེས་ཡེ་ཤེས་དང་། རང་བཞིན་གྱི་འོད་གསལ་དང་། ཐམས་ཅད་སྟོང་པ་ཞེས་བརྗོད་ལ། སྐབས་འདིར་སེམས་ཉིད་ལྷན་ཅིག་སྐྱེས་པ་དང་སེམས་ཀྱི་ངོ་བོ་དང་སེམས་ཀྱི་གནས་ལུགས་ཞེས་པ་ལ་སོགས་པར་བརྗོད་དེ། དེ་དག་ལ་མཉམ་པར་བཞག་པའི་ཚུལ་རྨད་དུ་བྱུང་བ་ཡིན་ནོ། །དེ་སྐད་དུ་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་
(༥༢༤)ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །ཞེས་དང་། སཾ་ཊིར། མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་དང་། ཆོས་དབྱིངས་བསྟོད་པར། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་ཉིད་ལས། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་ན། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། ཇོ་བོ་རྗེས། །ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཅེས་པའི་དོན་དང་། གྲུབ་ཆེན་གྱི་གཞུང་ནི་སྔར་དྲངས་པས་ཤེས་ཏེ་མ་
(༥༢༥)སྤྲོས་སོ། །འོན་ཀྱང་འདིར་ལས་དང་པོ་པས་ཤེས་པར་བྱ་བ་ལ། མི་སྒོམ་པ་ནི་ཞི་གནས་དང་གློད་པའི་ཕྱོགས་ཡིན་པས་དེ་ཧ་ཅང་ཤས་ཆེ་ན་བྱིང་བ་སྐྱེ་ལ། མ་ཡེངས་པ་ནི་ལྷག་མཐོང་དང་བསྒྲིམ་པའི་ཕྱོགས་ཡིན་པས་དེ་ཧ་ཅང་ཤས་ཆ་ན་རྒོད་པ་སྐྱེ་བས། བྱིང་རྒོད་སེལ་ཚུལ་དང་ཞི་ལྷག་ཆ་མཉམ་དུ་སྐྱོང་དགོས་ཚུལ་སོགས་ནི་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་ཤེས་པར་བྱ་ཞིང་། འདིར་ཡང་བྲམ་ཟེ་སྐུད་པ་འཁེལ་པའི་དཔེས་གྲིམས་ལྷོད་སྙོམས་པར་མཉམ་གཞག་སྐྱོངས་དགོས་པར་བཞེད་དེ། རྗེ་སྒམ་པོ་པས། བཅས་བཅོས་མ་བྱེད་ལྷུག་པར་ཞོག །བལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །ཅེས་སོགས་མང་དུ་གསུངས་ཤིང་། རྗེ་ཕག་མོ་གྲུ་པས། གཉུག་མ་ཆོས་སྐུ་སྒོམ་པ་ནི། །བྲམ་ཟེ་སྐུད་པ་འཁེལ་པ་བཞིན། །སོ་མ་མ་བཅོས་ལྷུག་པར་བཞག །བཞག་སར་སྟེངས་དང་བཏང་སར་འཁྱམས། །ཉེས་
(༥༢༦)པའི་དྲི་མ་བྱུང་གྱུར་ན། །ལྷན་ཅིག་སྐྱེས་སྦྱོར་བསྒོམ་པར་བྱ། །ཞེས་སོ། །འདི་ལ་ཁ་ཅིག །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །འདི་ལ་ཕྱག་རྒྱ་ཆེན་པོ་ཟེར། །འདི་དོན་བརྟགས་ན་འདི་ལྟར་མཐོང་། །སོ་མར་བཞག་ན་བལ་ཉིད་ཡིན། །སྐུད་པར་བྱས་ན་བཅོས་པར་འགྱུར། །དེ་ཕྱིར་འདི་ལ་དཔེ་སྐྱོན་ཡོད། །ཅེས་སྨྲ་བ་རང་ཉིད་ནོངས་ཏེ། སྐུད་པ་འཁལ་བ་གྲིམས་ལྷོད་སྙོམས་པའི་དཔེ་ཡིན་པར་མ་ཤེས་པ་དང་། སོ་མའི་དོན་མ་གོ་བར་སྣང་བ་དང་། དེ་ལྟར་བཞག་པའི་ཕྱོགས་ཙམ་ལ་ཕྱག་ཆེན་དུ་མི་བཞེད་པ་མ་གོ་བར་སྣང་བས་སོ། །ཡང་མཉམ་གཞག་སྐྱོང་ཚུལ་ལ་རྗེ་རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་དེ་གཞག །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཅེས་སེམས་ཀྱིས་སེམས་ལ་གཅེར་གྱིས་བལྟས་པས་སེམས་ཀྱི་རང་བཞིན་ཅིར་ཡང་མ་མཐོང་ཞིང་དངོས་པོ་མེད་པར་ཉམས་
(༥༢༧)སུ་མྱོང་བ་དེའི་ངང་ལ་ཤེས་པ་རང་ལུགས་སུ་ལྷོད་དེ་འཇོག་ཅིང་། དེ་ཡང་ལུང་མ་བསྟན་དུ་མ་སོང་བར་དྲན་རིག་ཡལ་ལེ། འདི་སྒོམ་གྱི་གཏད་སོ་མེད་པར་ཨ་ཆད་དེ། དགག་སྒྲུབ་ཀྱི་ཞེན་འཛིན་ཅི་ཡང་མེད་པར་འཇོག་པར་བཞེད་དེ། ཤིན་ཏུ་གནད་འདུས་ཤིང་ལེགས་པར་མཐོང་ངོ་། །བཞི་པ་རྗེས་ཐོབ་ཀྱི་སྐྱོང་ཐབས་ལ། རྗེས་ཐོབ་ཀྱི་དྲན་པ་ངོས་བཟུང་བ། དེས་སྒོམ་ཇི་ལྟར་སྐྱོང་བའི་ཚུལ། རྟོག་པ་ལམ་དུ་བྱེད་ཚུལ་གྱི་རིམ་པ། རྗེས་ཐོབ་སྒྱུ་མ་ལྟར་འཆར་ཚུལ་བཞིའི། དང་པོ་ནི། དེ་ལྟར་ཐུན་གྱི་དངོས་གཞིར་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས། རྗེས་ཀྱི་ཐུན་མཚམས་རྣམས་སུ་ཇི་ལྟར་བྱ་སྙམ་ན། །འདིར་ཡང་དང་པོར་འབད་རྩོལ་བསྐྱེད་ནས་དྲན་ཤེས་རྒྱུན་ཆགས་ལ་བསླབ་དགོས་ཏེ། རྗེ་འབྲི་ཁུང་པས། དྲན་མཁས་ན་སྒོམ་མཁས། བུ་ཀུན་དྲན་པ་ལ་རྩིས་སུ་གྱིས་དང་། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྐབས་འདིར་དྲན་རྒྱུའི་
(༥༢༨)དྲན་པ་ནི་གཙོ་བོར་སྔར་ངོ་སྤྲད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་ཉམས་མྱོང་ངེས་ཤེས་དང་བཅས་པ་དེ་ཉིད་ཡིན་ལ། འོན་ཀྱང་ཅུང་ཟད་མི་འདྲ་བའི་ཁྱད་པར་དུ་དེ་ལྟ་བུའི་དགེ་སྦྱོར་གྱི་དྲན་ཤུགས་སམ་རྩི་མ་ཤོར་ཙམ་གྱི་དྲན་པ་ཡུད་དེ་བའི་ངང་ནས། འཕྲལ་དུ་རྐྱེན་ཤར་གྱི་རྟོག་པའམ་གཟུགས་སྒྲ་སོགས་ཀྱི་སྣང་བ་གསལ་བཞིན་པའི་ཐོག་ཏུ་དགག་སྒྲུབ་ཀྱི་བདེན་འཛིན་མ་ཞུགས་པར། དཔེར་ན་བུ་ཆུང་གིས་ལྷ་ཁང་མཐོང་བའི་ཤེས་པ་ལྟར་གསལ་ལ་འཛིན་པ་མེད་པའི་དྲན་པ་གུ་ཡངས་སང་ངེ་བ་ཞིག་བློ་རྒྱ་བསྐྱེད་ནས་འཛིན་པ་ཡིན་ཏེ། མདོར་ན་སྔར་ངོ་སྤྲད་པའི་རྣམ་རྟོག་ལྷན་སྐྱེས་དང་སྣང་བ་ལྷན་སྐྱེས་ཀྱི་དགེ་སྦྱོར་དེ་གཉིས་ཀྱི་ངང་སྐྱོང་བ་ཡིན་ནོ། །འདི་ལ་སྤྱོད་འཇུག་ལས་ཀྱང་། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་དགག་བྱ་ཡིན། །ཞེས་བཤད་དོ། །གཉིས་པ་ནི། འོ་ན་དེ་ལྟ་བུའི་དྲན་པ་དེས་དགེ་སྦྱོར་ཇི་
(༥༢༩)ལྟར་སྐྱོང་སྙམ་ན། དཔེར་ན་རྫི་བོ་མཁས་པས་ཕྱུགས་སྐྱོང་བ་ལྟ་བུ་བྱ་སྟེ། དེས་ཕྱུགས་རྣམས་ཟས་ལ་ཅི་བདེར་འགྲོ་ཞིང་ཡིན་ཡང་དེ་དག་གི་སྣ་བསྐྱིལ་བ་དང་རྗེས་འབྲང་བ་སོགས་ཀྱི་དཀའ་ཚེགས་བྱ་མི་དགོས་པར་ཕྱུགས་རྣམས་མིག་ལམ་ནས་མདོར་ཙམ་དུ་བསྐྱང་བས་ཆོག་པ་ལྟར་འདིར་ཡང་རྟོག་པ་དང་སྣང་བའི་འཆར་སྒོ་སྣ་བསྐྱིལ་ནས་འགག་པའམ་མི་གསལ་བར་བྱས་ཏེ་ངོ་ཐོག་ཏུ་གཅུར་བ་ལྟ་བུ་ཡང་མ་ཡིན། རྟོག་སྣང་གི་རྗེས་འབྲངས་ནས་ཡེངས་ཏེ་དྲན་པའི་རྩི་ཤོར་ཞིང་དགག་སྒྲུབ་ཀྱི་འཛིན་པ་ཞུགས་པས། རྟོག་པ་དང་སྣང་བ་རང་ཁ་མར་འཐས་པ་ཡང་མ་ཡིན་པར་རྣམ་ཤེས་ཚོགས་དྲུག་རང་རང་གི་ཡུལ་ཐོག་ཏུ་ཇི་ལྟར་འཆར་ཡང་འཆར་སྒོ་དེ་ཉིད་གསལ་བཞིན་དུ་དེའི་རང་བཞིན་ངོས་བཟུང་མེད་པའི་ངེས་ཤེས་དང་ལྡན་པར། རྟོག་པ་ཐམས་ཅད་སྟོང་འགྱུ་སྣང་བ་ཐམས་ཅད་སྟོང་སྣང་ལ་འཛིན་མེད་ཀྱི་དྲན་པས་བཟོ་མ་བཅོས་པར་རང་ལུགས་སུ་སྐྱོང་
(༥༣༠)བ་ཡིན་ཏེ། རྗེ་རྒོད་ཚང་པས། ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་བཙིར་གྱིས་བཟུང་མཛོད་ལ། །ཁོ་རང་ཐོག་ཏུ་གློད་ལ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཕྱི་ཡི་ཡུལ་ལ་ཅེར་གྱིས་ལྟོས། །རང་སེམས་སྒྱུ་མ་ལྟ་བུ་ཡིན། །གང་སྣང་ཐོག་ཏུ་འཛིན་མེད་ཞོག །བར་གྱི་རིག་པ་ཁྲོལ་དུ་ཅུག །འགྱུ་བ་དངོས་མེད་སེར་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། །རང་ངོ་ཤེས་པས་དགག་སྒྲུབ་བྲལ། །མ་ཡེངས་ཙམ་ལས་སྒོམ་རྒྱུ་མེད། །སྒོམ་མེད་ངང་ལས་མ་ཡེངས་མཛོད། །ཅེས་གོ་བདེ་ཞིང་དོན་འགྲིལ་བར་གསུངས་པ་ལྟར་རོ། །དེ་ལྟ་བུས་སྤྱོད་ལམ་རྣམ་བཞི་ལ་སོགས་པར་དྲན་པའི་རྩིས་ཟིན་ཙམ་དུ་བསྐྱང་བས། ལས་དང་པོ་པ་ལ་ཐོག་མར་ཡེངས་པ་ཤས་ཆེ་ཡང་། མཉམ་གཞག་གི་སྐབས་སུ་ངོ་ཐོག་ལ་དྲན་ཤུགས་བསྐྱེད་པ་དང་རྗེས་ཐོབ་ཀྱི་སྐབས་འདིར་ཡང་རྩོལ་བཅས་ཀྱི་དྲན་པ་ཐུ་རེ་བསྟེན་པའི་མཐུས་ཤུགས་འབྱུང་གི་དྲན་པ་བསྐྱེད་
(༥༣༡)ནས་མཇུག་ཏུ་རྟོག་སྣང་ཕལ་ཆེར་གྱི་ཐོག་ཏུ་མི་ཡེངས་པར་གསལ་སྟོང་སྣང་སྟོང་དུ་ལྷང་ལྷང་འཆར་རོ། །ཅི་ནས་ཀྱང་དེ་ལྟར་འཆར་དཀའ་ན་སྔར་རྣམ་རྟོག་ལྷན་སྐྱེས་དང་སྣང་བ་ལྷན་སྐྱེས་ལ་སྒྲོ་འདོགས་ཆོད་ཟེར་ཡང་ཅུང་ཟད་མཆོད་པ་ཡིན་པས། སླར་ཡང་ངོ་བོའི་མཉམ་གཞག་གི་ངང་ནས་རྟོག་སྣང་གང་ཡང་རུང་བ་འཆར་དུ་བཅུག་ལ། ཤར་བ་དེའི་བྱུང་གནས་འགྲོ་གསུམ་རྩད་གཅོད་པ་དང་ངོ་བལྟ་ཡང་ཅི་རིགས་པར་བྱས་ཏེ་རྟོག་པ་དང་སྣང་བ་གཏན་ལ་ཕབ་ནས་གོང་བཞིན་དུ་བསྐྱང་བར་བྱའོ། །དོན་འདི་ལ་བྲམ་ཟེ་ཆེན་པོས། བློ་ཡིས་བཞག་པའི་ཆོས་འདི་ཐམས་ཅད་རང་གིས་སྟོང་། །རྐྱེན་དང་བྲལ་ཕྱིར་བརྟགས་པ་ཐམས་ཅད་ཡོད་མ་ཡིན། །རང་བཞིན་གནས་སུ་གྲོལ་བའི་དེ་བཞིན་ཉིད་ཤེས་ན། །མཐོང་ཐོས་ལ་སོགས་མེད་ཅིང་དེ་ཡི་རང་བཞིན་བྲལ། །ཞེས་དང་། བདག་དང་གཞན་དུ་སྣང་བའི་དེ་བཞིན་གཅིག་ཤེས་ཤིང་། །དེ་ཉིད་ཁོ་ན་མ་ཡེངས་པ་ཡིས་ཡོངས་བཟུང་སྟེ།
(༥༣༢)དེ་ཉིད་སེམས་ཀྱི་ཟུག་རྔུ་ཡིན་ཕྱིར་བཏང་ནས་ཀྱང་། །གང་ལའང་ཞེན་པ་མེད་པས་བདེ་བ་ལེན་པར་བྱེད། །ཅེས་དང་། ཤ་ཝ་རས། གང་ག་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་དང་། བིར་ཝ་པས། དེ་ལྟར་སྣང་ཞིང་སྲིད་པའི་ཀུན་རྫོབ་ཆོས་ཅན་རྣམས། །ངོ་བོ་ཉིད་མེད་མིང་ཙམ་བརྡ་ཙམ་བརྟགས་པ་ཙམ། །ཞེས་པ་ལྟར་རོ། །གསུམ་པ་ནི། རྗེ་དྭགས་པོས་རྟོག་པ་ལམ་དུ་བྱེད་ཚུལ་ལ་ཕྲད་འཇོམས་ཕྱི་བསྙག་མེད་སྤྲུལ་གསུམ་གསུངས་པ་ལས། ཕྲད་འཇོམས་ནི། རྗེས་ཐོབ་ལ་ཅུང་ཟད་གོམས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། དཔེར་ན་སྔར་འདྲིས་པའི་གྲོགས་པོ་མཛའ་བོ་གཉིས་ལམ་དུ་ཅེར་གྱི་ཕྲད་པ་ན་ཕྲད་མ་ཐག་ཏུ་ཡིན་མིན་གྱི་བརྟག་དཔྱད་མ་དགོས་པར་ངོ་ཤེས་པ་ལྟར། རྟོག་སྣང་ཤར་ཙམ་ཉིད་དུ་རྟོག་དཔྱོད་བྱ་མ་དགོས་པར་སེམས་སྐྱེ་མེད་ཀྱི་ངང་
(༥༣༣)དུ་གྲོལ་བ་སྟེ། བྲམ་ཟེ་ཆེན་པོས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་དང་། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་དང་། མཻ་ཏྲི་པས། སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི་ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །ཞེས་པ་ལྟར་རོ། །ཕྱི་བསྙག་ནི། ཅུང་ཟད་མ་གོམས་པའི་དབང་དུ་བྱས་པ་སྟེ། དཔེར་ན་རྡོ་ཚན་ནམ་མཚོ་ལ་ཁ་བ་བབས་པ་ན་ཞུ་ནས་ཆུར་འགྱུར་དགོས་པ་ལྟར། དང་པོར་དྲན་པ་ཉམས་ནས་ཅུང་ཟད་ཡེངས་ཀྱང་དེའི་ཕྱི་རྗེས་སུ་རྟོག་སྣང་གང་ཤར་ལ་བལྟས་པ་ན་དེ་མ་ཐག་ཏུ་སེམས་སྐྱེ་མེད་ཀྱི་ངང་དུ་རོ་གཅིག་པར་འགྱུར་བ་སྟེ། བྲམ་ཟེ་ཆེན་པོས། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབས། །ཞེས་དང་། ཤ་ཝ་རས། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་གིས། །ཕྱོགས་རྣམས་བསྐོར་ཤིང་སླར་ཡང་དེ་རུ་འབབས། །འདོད་པའི་
(༥༣༤)སེམས་ཀྱིས་རྟོག་པའི་རྗེས་བཅད་ཀྱང་། །དང་པོའི་སེམས་ཉིད་གཉུག་མ་ཉིད་དུ་འབབས། །ཞེས་པ་ལྟར་རོ། །མེད་སྤྲུལ་ནི། ཤིན་ཏུ་གོམས་པའི་དབང་དུ་བྱས་པ་སྟེ། དཔེར་ན་མེ་ཆུང་ངུ་ལ་ཤིང་རློན་དང་རླུང་འཚུབ་སོགས་ཀྱིས་གནོད་ཀྱང་། ནགས་ལ་མེ་ཆེན་པོ་ཤོར་བའི་ཚེ་རྩེ་ཤིང་དང་རླུང་འཚུབ་སོགས་ཀྱང་མེའི་གྲོགས་སུ་འགྲོ་བ་ལྟར། རྟོག་སྣང་ཕལ་ཆེར་སྐྱེ་མེད་དུ་འཆར་ལ། སླར་སེམས་ལ་ལྕི་ཞིང་ཤིན་ཏུ་མ་བདེ་བའི་རྟོག་པ་དང་སྣང་བ་བསྐྱེད་ཅིང་སྤྲུལ་པས་དེ་དག་ཀྱང་སེམས་སྐྱེ་མེད་ཀྱི་རྣམ་རོལ་དུ་འཆར་བ་སྟེ། བྲམ་ཟེ་ཆེན་པོས། ཇི་ལྟར་ནགས་ལ་འཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །ཁྱོད་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་དང་། མཻ་ཏྲི་པས། ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་དང་། སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཞེས་པ་ལྟར་རོ། །དོན་འདི་ལ་རྗེ་ཕག་
(༥༣༥)མོ་གྲུ་པས། རྟོག་པ་ལམ་དུ་འཁྱེར་བྱས་ནས། །ཐུན་བཞིའི་རིམ་པར་བསྒོམས་གྱུར་ན། །སྔར་འདྲིས་མི་ཕྲད་རྡོ་ཚན་ཁ། །ནགས་མེས་ཚིག་དང་བདེ་གསལ་སྟོང་། །ཉམས་མྱོང་མདོར་བསྡུས་བཞི་འབྱུང་གསུངས། །དང་པོ་སྔར་འདྲིས་མི་ཕྲད་ནི། །དཔེར་ན་གྲོགས་པོ་མཛའ་བོ་གཉིས། །ལམ་དུ་ཏུག་ཅེར་ཕྲད་གྱུར་ན། །ཕྲད་དུས་ཉིད་ན་ངོ་ཤེས་ལྟར། །དེ་བཞིན་རྣལ་འབྱོར་པ་དེས་ཀྱང་། །རྣམ་རྟོག་བྱུང་དུས་དེ་ཉིད་དུ། །རང་སེམས་སྟོང་པར་ཆོད་པ་འབྱུང་། །ཕྲད་འཇོམས་བྱ་བ་དེ་ཡིན་གསུངས། །གཉིས་པ་རྡོ་ཚན་ཁ་བ་ནི། །སྤྲིན་ལས་ཁ་བ་བྱུང་གྱུར་ཀྱང་། །རྡོ་ཚན་སྟེང་དུ་བྱུང་མ་ཐག །དེ་དུས་ཉིད་དུ་ཆུར་འགྱུར་བཞིན། །ཡེངས་ལས་རྟོག་པ་བྱུང་གྱུར་ན། །བྱུང་རྗེས་ཉིད་དུ་སེམས་སུ་ཤེས། །སེམས་ཉིད་ཆོས་སྐུ་སྤྲོས་བྲལ་དུ། །འབད་མི་དགོས་པར་རྟོགས་པ་འབྱུང་། །ཕྱི་བསྙག་བྱ་བ་དེ་ལ་ཟེར། །གསུམ་པ་ནགས་མེས་ཚིག་པ་ནི། །དཔེར་ན་ནགས་ལ་མེ་ཤོར་ན། །ཤིང་དང་རྩ་དང་སེམས་ཅན་དང་། །ས་ཕྱོགས་
(༥༣༦)གཙང་དང་མི་གཙང་སོགས། །རྟོག་པ་མེད་པར་སྲེག་པར་བྱེད། །རླུང་དང་སེར་བ་ཅི་བྱུང་ཡང་། །མི་འཆི་སླར་གྲོགས་བྱེད་པ་བཞིན། །རྟོགས་པའི་མེ་ཆེན་འབར་ཙམ་ན། །རྣམ་རྟོག་བཟང་ངན་སྣ་ཚོགས་དང་། །གཟུང་འཛིན་ཉོན་མོངས་ཆགས་སྡང་སོགས། །བླང་དོར་དགག་སྒྲུབ་མེད་པ་རུ། །སྐྱེ་མེད་ངང་དུ་སྲེག་པར་བྱེད། །རྣམ་རྟོག་ཇི་ལྟར་མང་བ་ལྟར། །རྟོག་པ་སྐྱེ་བའི་གྲོགས་སུ་འགྱུར། །མེད་སྤྲུལ་ཞེས་པ་དེ་ལ་ཟེར། །དེ་ལྟར་རྟོགས་པ་བརྟན་ཙ་ན། །གསལ་ལ་མ་འགགས་མཐའ་དང་བྲལ། །བདེ་གསལ་མི་རྟོག་ཞེན་པ་མེད། །ཁབ་ཀྱིས་བཙུགས་ཀྱང་བདེ་བ་སྐྱེ། །ཉིན་མཚན་ཐུན་མཚམས་འགྲོ་འདུག་སོགས། །སྤྱོད་ལམ་གང་ཡང་ཁྱད་མེད་ན། །བདེ་གསལ་ཉམས་མྱོང་བཞི་པ་སྟེ། །དེ་ཚོ་ཉམས་ཀྱི་འབྱུང་ཚུལ་བསྟེན། །ཞེས་རྒྱས་པར་བཤད་དོ། །བཞི་པ་ལ། སྒྱུ་མ་ལྟ་བུའི་དོན་བཤད་པ་དང་། རྗེས་ཐོབ་སྒྱུ་མ་ལྟར་འཆར་ཚུལ་གཉིས་ཀྱི། དང་པོ་ནི། ཁ་ཅིག་དོན་ལ་མེད་བཞིན་དུ་འཁྲུལ་ངོར་སྣང་
(༥༣༧)བ་ཙམ་དུ་བློ་ངེས་པ་ལ་སྒྱུ་མ་ལྟ་བུའི་དོན་དུ་འདོད། ལ་ལ་གནས་ཉམས་སམ་སྟོང་ཉམས་ཀྱི་རྩིས་ཟིན་ནས་རྟོག་སྣང་ཤར་བ་ན་རྟོག་སྣང་བཀྲག་མེད་བན་བུན་དུ་འཆར་བའི་ཚུལ་ལ་སྒྱུ་མ་ལྟ་བུར་འདོད། གཞན་དག་སེམས་ལ་ཅི་ཤར་གང་སྣང་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་སྙམ་པའི་དྲན་འདུན་སྐྱོང་བ་ལ་འདོད་པ་སོགས་སྣང་ཡང་། དང་པོ་མིན་ཏེ། དེ་ནི་འཕྲལ་དུ་སྣང་ཆ་མ་ཁེགས་པ་ཙམ་ལས་དོན་ལ་རྟེན་འབྲེལ་ཙམ་ཡང་མེད་པར་འཛིན་པས་ཆད་པའི་ཕྱོགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་མིན་ཏེ། ཇི་ལྟར་སྣང་བའི་རང་བཞིན་གཏན་ལ་མ་ཕེབས་པར་ཉམས་སྣང་འཆར་ཚུལ་ཙམ་དུ་སྣང་བའི་ཕྱིར་རོ། །གསུམ་པ་མིན་ཏེ། སྣང་བ་སྒྱུ་མ་ལྟ་བུ་ཡིན་པར་རློམ་སེམས་བྱེད་པ་ཙམ་དུ་སྣང་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཡིན་ཞེ་ན། སྤྱིར་སྒྱུ་མ་ལྟ་བུ་ཞེས་པ་ལ། ཆོས་ཉིད་དང་རྣམ་མཁྱེན་ལ་སྒྱུ་མ་ལྟ་བུར་གསུངས་པ་དང་། གཟུགས་སོགས་དངོས་པོ་ལ་སྒྱུ་མ་ལྟ་བུར་གསུངས་པ་གཉིས་ཀྱི་
(༥༣༨)སྔ་མ་ནི་ཡོད་པ་ཙམ་དུ་གྲུབ་ཀྱང་ཀུན་རྫོབ་ཏུ་མི་སྣང་བ་དང་། ཕྱི་མ་ནི་རང་གི་ངོ་བོ་ཉིད་དུ་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་བའི་ཆ་ནས་གསུངས་པ་ལས། འདིར་སྐབས་སུ་བབ་པ་ནི་ཕྱི་མ་ལྟར་ཡིན་ཏེ། སྡུད་པར། གང་ཞིག་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་པ། །ཞེས་དང་། ཏིང་འཛིན་རྒྱལ་པོར། ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་རོ། །དེ་ཡང་སྒྱུ་མའི་དཔེ་མང་པོ་ཞིག་གསུངས་ཀྱང་འདིར་གོ་བདེ་བར་སྦྱར་ན། དཔེར་ན་སྒྱུ་མ་མཁན་པོས་སྤྲུལ་པའི་རྟ་གླང་ལ་སོགས་པ་ནི། གདོད་མ་ཉིད་ནས་རྟ་གླང་སོགས་ཀྱི་རང་བཞིན་ནམ་ངོ་བོར་གྲུབ་པ་གཏན་མེད་ཀྱང་། རྫས་སྔགས་ཀྱི་ནུས་པས་མིག་བསླད་པའི་སྒྱུ་མའི་ལྟད་མོ་བ་དང་སྒྱུ་མ་མཁན་རྣམས་ལ་སྣང་ཚུལ་གྱི་སྒོ་ནས་རྟ་གླང་སོགས་སུ་བསྙོན་མེད་པར་སྣང་བ་ལ་ཁྱད་པར་ཅི་ཡང་མེད་
(༥༣༩)ལ། དེ་དག་གི་གནས་ཚུལ་ལ་རྟ་གླང་སོགས་དང་མཚན་པར་ཞེན་ཅིང་འཛིན་པ་ཡོད་མེད་ཀྱི་ཁྱད་པར་འབྱུང་བ་ལས། འདིར་སྒྱུ་མ་མཁན་པོའི་མཐོང་སྣང་ལྟར་རྐྱེན་སྣང་གི་ཤེས་པ་ལ་འཆར་བའི་ཀུན་རྟོག་དང་གཟུགས་སྒྲ་ལ་སོགས་པའི་ཡུལ་སྣང་ཐམས་ཅད་ཀྱི་སྣང་ཚུལ་ཐ་མལ་པ་ལ་སྣང་བ་དང་འདྲ་ཡང་། གནས་ཚུལ་ལ་དེ་ཐམས་ཅད་རང་རང་གི་ངོ་བོའམ་རང་བཞིན་དུ་གྲུབ་པ་གཏན་མེད་པར་སྒྲོ་འདོགས་ཆོད་པས་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བློ་ལ་འཆར་བ་སྟེ། ཏིང་འཛིན་རྒྱལ་པོར། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྤྱིར་སྒྱུ་མ་ལྟ་བུར་འཆར་བ་ལ་དབང་ཤེས་ཀྱིས་སྣང་བ་འཛིན་པ་དང་། བློས་སྟོང་ཉིད་ངེས་པ་གཉིས་ལ་བརྟེན་ནས་འཆར་དགོས་ལ། དཔེར་ན་སྒྱུ་མ་མཁན་པོས་རང་གིས་སྤྲུལ་པའི་རྟ་གླང་
(༥༤༠)སོགས་སུ་སྣང་བ་མིག་ཤེས་ཀྱིས་འཛིན་པ་དང་། སྣང་བ་ལྟར་གྱི་རྟ་གླང་དུ་མ་གྲུབ་པ་ཡིད་ཤེས་ཀྱིས་ངེས་པ་གཉིས་ལ་བརྟེན་ནས་རྟ་གླང་སོགས་སུ་སྣང་བ་དེ་རྫུན་སྣང་ཙམ་དུ་ངེས་པ་སྐྱེ་བ་དེ་བཞིན་དུ། འདིར་ཡང་རྣལ་འབྱོར་པའི་རྗེས་ཐོབ་ཀྱི་སྐབས་སུ་རྐྱེན་སྣང་གི་རྟོག་པའམ་གཟུགས་སྒྲ་སོགས་ཀྱི་སྣང་བ་ཤར་བ་ཐམས་ཅད་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལ་བརྟེན་ནས་མིག་ཤས་སོགས་ཀྱི་ངོར་བསྙོན་མེད་དུ་སྣང་བ་དང་། སྔར་རྣམ་རྟོག་དང་སྣང་བ་ལྷན་སྐྱེས་གཏན་ལ་ཕབ་པའི་ཉམས་མྱོང་ངེས་ཤེས་དང་བཅས་པའི་དྲན་པའི་རྩིས་ཟིན་ནས། རྟོག་སྣང་དེ་དག་རང་རང་གི་ངོ་བོའམ་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དུ་ཤེས་པ་གཉིས་ཚོགས་པས་རྗེས་ཐོབ་སྒྱུ་མ་ལྟ་བུ་འཆར་ཏེ། ཤ་ཝ་རས། དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་བས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་འདྲ་སྟེ། །ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱོ་མེད་པས། །སྒྱུ་མ་མཁན་པོས་སྒྱུ་མའི་དོན་བྱེད་མཚུངས། །ཞེས་དང་། སྣང་གྲགས་ཐམས་
(༥༤༡)ཅད་སྒྱུ་མ་སྨིག་སྒྱུ་དང་། །གཟུགས་བརྙན་དང་མཚུངས་དངོས་གོ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་སྟེ། །ཞེས་པ་ལྟར་རོ། །དེ་ལྟར་འཆར་བར་བྱེད་པའི་སྟོང་ཕྱོགས་འགྲུབ་པ་ལ་གཙོ་བོ་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་སྐྱེ་མེད་དུ་ངེས་པའི་ངེས་ཤེས་དགོས་པས་མཉམ་གཞག་ཏུ་ངོ་ཐོག་ལ་ཤུགས་འདོན་པ་གལ་ཆེ་ཞིང་། རྗེས་ཐོབ་ཏུའང་རྣམ་རྟོག་དང་སྣང་བ་ལྷན་སྐྱེས་གཉིས་ཀྱི་ངོ་བོ་ལ་ཤུགས་འདོན་པ་གལ་ཆེ་ལ། སྣང་ཕྱོགས་སྒྲུབ་པ་ལ་རྟོག་པ་དང་སྣང་བ་རང་ཁ་བ་འཆར་ཞིང་འཛིན་པ་ནི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཅི་རིགས་ཀྱི་ཤུགས་ལས་འབྱུང་ཞིང་གོམས་སྟོབས་ཀྱིས་ཀྱང་ཆེད་དུ་སྒྲུབ་མི་དགོས་ཀྱང་། ཡང་ཁ་ཅིག་སྟོང་ཞེན་ཧ་ཅང་ཆེས་པ་ལ་བརྟེན་ནས་ལས་འབྲས་ཀྱི་རྟེན་འབྲེལ་ཡང་མེད་པར་འཛིན་པ་འོང་བར་ཡོད་པས་དེ་ནི་ཆད་པ་ཆེན་པོར་འགྱུར་ཞིང་གཏན་མི་རུང་སྟེ། ལས་འབྲས་ཀྱི་རྟེན་འབྲེལ་ཕྲ་བ་ལའང་གསལ་སྣང་གི་ངེས་པ་རྙེད་པར་བྱའོ། །མདོར་ན་
(༥༤༢)ལས་འབྲས་བསླུ་མེད་དུ་ཤེས་པས་དེ་ལ་རང་བྱན་ཚུད་པ་དང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་དུ་ངེས་པ་གཉིས་འཛོམ་པ་གལ་ཆེ་ཞིང་། དེ་ངོ་མཚར་གྱི་གནས་སུ་ཡང་བཤད་དེ། བྱང་ཆུབ་སེམས་འགྲེལ་དུ། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་པ་ལྟར་རོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་རྣམ་པར་བཅད་དེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། རང་བཞིན་ནམ་ངོ་བོས་སྟོང་བཞིན་དུ་གཟུགས་སོགས་ཀྱི་རྣམ་པར་སྣང་བ་ལ་སྒྱུ་མ་ལྟ་བུའི་སྟོང་ཉིད་དུ་སྔོན་གྱི་མཁས་པ་རྣམས་ཀྱིས་བཤད་ལ། དེ་ལ་བརྟེན་ནས་མཉམ་གཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུ་ཞེས་དེང་སང་གི་ངེས་དོན་པ་ཕལ་ཆེར་ལ་ཡོངས་སུ་གྲགས་ཤིང་། དེ་ལྟ་བུའི་མཉམ་གཞག་རྣམ་པར་མི་རྟོག་པ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། རྗེས་ཐོབ་
(༥༤༣)སྒྱུ་མ་ལྟ་བུ་ལ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཐ་སྙད་ཀྱང་སྐབས་འགའ་ཞིག་ཏུ་བཤད་དོ། །གཞན་ཡང་། སྒྲུབ་བརྒྱུད་པའི་གསུང་སྒྲོས་ལས། སེམས་མ་བཅོས་པའི་རང་བབས་སྐྱོང་བ་དང་། རྐྱེན་སྣང་གི་ཤེས་པ་ལ་བཟོ་མི་བྱེད་པའི་སྐྱོང་ཚུལ་གསུངས་པ་ལ་བརྟེན་ནས། ཁ་ཅིག་ཡུལ་རྐྱེན་གྱིས་དཀྲུགས་པའི་ཤེས་པ་རང་མཚན་པའང་ཉམས་བྱུང་རྒྱལ་དུ་སྐྱོང་དགོས་པར་འཁྲུལ་པ་དང་། ལ་ལ་སེམས་ཀྱི་གནས་ལུགས་མ་རིག་པའི་འཁྲུལ་ཤེས་གང་ཤར་ཡང་བཟོ་བཅོས་མེད་པར་སྐྱོང་དགོས་པར་འཁྲུལ་པ་སོགས་འབྱུང་ཡང་། དེ་དག་ནི་གནས་སྐབས་དང་བླང་དོར་གྱི་རྣམ་དབྱེ་མ་ཕྱེད་པས་ཤིན་ཏུ་མི་འཐད་དེ། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་གསུམ་གའི་གནས་ཚུལ་ཇི་ལྟ་བ་རྟོགས་ཤིང་། དེ་ལ་བརྟན་པ་ཆེར་ཐོབ་ནས་རྐྱེན་མཐའ་དག་ལམ་དུ་སློངས་པའི་སྐབས་སུ། སེམས་གང་ཤར་ལ་བཅོས་བསླད་མེད་པ་དང་སྤང་བླང་མེད་པ་དང་རྐྱེན་སྣང་གི་ཤེས་པ་ལ་བཟོ་མི་བྱེད་པར་སྐྱོང་ཚུལ་
(༥༤༤)གསུངས་པ་རྣམས་སྒྲ་ཇི་བཞིན་པར་འཐད་པའི་སྐབས་ཡོད་ཀྱང་། གཞན་དུ་ནི། སེམས་ངོ་ཐོག་གི་གསལ་ངར་ལ་རྡོ་རུས་མ་ཐུག་ན། གནས་སྐབས་སུ་བདེ་གསལ་གྱི་ཉམས་མཐུག་པོ་ཤར་བའང་བསལ་ཏེ། ཤེས་པ་ཉམས་ཀྱི་རླན་དང་འཕྲལ་ནས་སྐྱོང་བར་བཤད་པས། འཁྲུལ་ཤེས་རང་མཚན་པ་རྣམས་བཟོ་བཅོས་མ་བྱས་པར་བྱུང་རྒྱལ་དུ་བསྐྱང་ན་འཁོར་བའི་རྒྱུ་ལས་མི་འདའ་བའི་ཕྱིར་རོ། །དོན་འདི་ལ་དགོངས་ནས་རྗེས་འབྲི་ཁུང་པས། ཉོན་མོངས་རྣམ་རྟོག་མ་བཅོས་པ། །ཁམས་གསུམ་འཁོར་བའི་འདུག་ལུགས་ཡིན། །ཉམས་མྱོང་བཟང་པོ་མ་བཅོས་པ། །ལྷ་གནས་གོང་མར་སྐྱེ་བའི་རྒྱུ། །སེམས་ཀྱི་གནས་ལུགས་མ་བཅོས་པ། །མྱ་ངན་འདས་པའི་ས་ལ་གནས། །འཁོར་འདས་གཉིས་མེད་མ་བཅོས་པ། །ཐེག་ཆེན་སློབ་པའི་ཟུང་འཇུག་ཡིན། །མཐར་ཐུག་བློ་འདས་མ་བཅོས་པ། །རང་བྱུང་ལྷུན་གྱིས་གྲུབ་པ་ལ། །རྩོལ་སྒྲུབ་མེད་པའི་གཞན་དོན་འབྱུང་། །མི་སློབ་འབྲས་བུ་མཐར་ཐུག་ཡིན། །ཞེས་མ་
(༥༤༥)བཅོས་པའི་རྣམ་དབྱེ་ཕྱེ་ནས་གསུངས་པ་ལྟར་རོ། །འོ་ན་གོང་དུ་གསུངས་པའི་དོན་ཇི་ལྟར་ཡིན་ཞེ་ན། སེམས་ཀྱི་གནས་ལུགས་རིག་པ་ན་དེ་ལ་གཞན་གྱི་བཅོས་བསླད་མི་བྱ་བར་རང་ལུགས་སུ་སྐྱོང་བ་ལ་སེམས་མ་བཅོས་པའི་རང་བབ་སྐྱོང་བ་དང་། ཡུལ་སྣང་གི་ཤེས་པ་ཅི་ཤར་ཡང་དེའི་གནས་ལུགས་རིག་པ་ལས་སྤྲོས་ནས། སླར་དགག་སྒྲུབ་ཀྱི་འཛིན་པས་མི་བསླད་པ་ལ་རྐྱེན་སྣང་གི་ཤེས་པ་ལ་བཟོ་མི་བྱེད་པའི་ཐ་སྙད་བྱས་པའོ། །དེ་བཞིན་དུ། རྐྱེན་སྣང་གི་ཐོག་ཏུ་བསྲེ་ཞེས་པ་དེ་ཐོག་ཏུ་ངོ་ཐོག་གི་དྲན་རྩིས་ཟིན་པར་བྱ་བ་དང་། རྐྱེན་ཤར་གྱི་ཐོག་ཏུ་གློད་ཅེས་པ་དེ་ཐོག་ཏུ་དགག་སྒྲུབ་ཀྱི་འཛིན་པ་གློད་པས་དོན་ཐོག་ཏུ་འབབ་པ་ལ་དགོངས་ནས་དེ་ལྟར་གསུངས་པ་སྟེ། མདོར་ན་རྗེས་ཤེས་དང་རྗེས་སྣང་ཐམས་ཅད་དུ་ངོ་ཐོག་གི་དྲན་རྒྱུན་གྱིས་བསྐྱངས་ན་དྲན་པ་མ་ཡེངས་པའི་རྟོག་སྣང་ཐམས་ཅད་རྗེས་ཐོབ་ཏུ་འགྱུར་བ་དང་། གནས་ལུགས་རིག་པའི་རིག་ཤེས་ཀྱི་རྒྱུན་དང་ལྡན་ན།
(༥༤༦)རྗེས་ཐོབ་ཏུ་གང་ཤར་རང་བབས་སྐྱོང་བ་དང་རྐྱེན་སྣང་ལ་བཟོ་མི་བྱེད་པ་སོགས་ཀྱི་ཐོག་ཏུ་ངེས་པ་རྙེད་པར་འགྱུར་བས་རྣམ་པ་ཀུན་ཏུ་དོན་ཐོག་ནས་མ་ཡེངས་པའི་དྲན་པ་གཅེས་པ་དང་། དྲན་པ་སྒོམ་གྱི་དངོས་གཞིར་འགྱུར་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ཏེ། རྗེ་སྒམ་པོ་པས། དྲན་པའི་རྒྱལ་པོ་མ་ཡེངས་ལྟ་བ་སྒོམ། །སྣ་ཚོགས་རྐྱེན་གྱིས་མི་འགྱུར་དེ་ལ་བརྩོན། །མ་ཡེངས་དྲན་པའི་རྒྱུན་ལས་གཞན་མི་བཙལ། །ཞེས་དང་། ཇི་སྲིད་འཛིན་པའི་རྟོད་ཕུར་མ་ཕྱིན་བར། །དེ་སྲིད་རྣམ་རྟོག་ཡོང་བས་ལས་སོག་པས། །མ་ཡེངས་དྲན་པའི་བྱ་ར་བསྟེན་པ་ལེགས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་མཉམ་རྗེས་འདྲེ་ཚུལ་གྱི་རྣམ་དབྱེ་ནི། །གང་ཟག་གི་བློའི་འཆར་སྒོ་མི་འདྲ་བ་མང་པོ་ཞིག་འོང་བར་སྣང་བས་མཉམ་རྗེས་འདྲེ་ཚུལ་ངེས་བཟུང་ཅན་དུ་འཆད་དཀའ་ཞིང་། བཤད་པའང་གཞན་དུ་ཆེར་མ་མཐོང་ལ། འོན་ཀྱང་། རྗེ་སྒམ་པོ་པའི་ཞུ་ལན་འགའ་ཞིག་ཏུ། ངོ་བོ་མཉམ་གཞག་རྗེས་ཐོབ་འདྲེས་པ་བྱ་བ་ཅི་ལ་ཟེར་བ་
(༥༤༧)ལགས་ཞུས་པས། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་འོད་གསལ་དང་མ་བྲལ་བར་རྟག་ཏུ་ངོ་བོར་འོང་ན་འདྲེས་པ་ཡིན་གསུངས། རེས་འགའ་དྲན་པ་ཤོར་ནས་རྣམ་རྟོག་གི་ཐོག་ཏུ་འགྲོ། དྲན་པ་རྙེད་ནས་ངོ་བོར་འོང་བ་དེ་མ་འདྲེས་པ་ཡིན་ནམ་ཞུས་པས། དེ་མ་འདྲེས་པ་ཡིན་གསུངས། ཞེས་དང་། རྗེ་འབྲི་ཁུང་པས། མཉམ་རྗེས་ཡོད་པར་གྱུར་པ་ལ། །བྱང་ཆུབ་སེམས་དཔའ་ཟེར་བ་ཡིན། །མཉམ་རྗེས་མེད་པར་གྱུར་པ་ལ། །གྲུབ་ཐོབ་སངས་རྒྱས་ཟེར་བ་ཡིན། །ཞེས་གསུངས་པ་ལྟར་ན། མཉམ་རྗེས་མཚན་ཉིད་པ་ཡང་དག་པར་འདྲེ་བ་སྒོམ་རོ་གཅིག་ཆེན་པོ་དང་སྒོམ་མེད་ཀྱི་སྐབས་ལས་མི་འབྱུང་བར་མངོན་ཏེ། སྤྲོས་བྲལ་ཆེན་པོའི་རྗེས་ཤེས་སུའང་རྟོག་པ་དག་པའི་འོད་གསལ་འབའ་ཞིག་པ་མི་འབྱུང་བར་གསུངས་པ་དང་། རོ་གཅིག་འབྲིང་པོའི་རྗེས་ཤེས་སུའང་གཟུང་འཛིན་ཨ་འཐས་ཀྱི་སྣང་བ་བག་རེ་འབྱུང་བར་གསུངས་པའི་ཕྱིར་རོ། །ཡང་རྗེ་སྒམ་པོ་པ་ལ་རྗེ་སྒོམ་ཚུལ་གྱིས་ཞུས་
(༥༤༨)པ་ལས། མཉམ་གཞག་དང་རྗེས་ཐོབ་འདྲེས་པའི་ཚད་ཅི་ཙམ་ལགས། མཉམ་གཞག་རྩེ་གཅིག་དང་མ་བྲལ་བར་སྤྱོད་ལམ་ཐམས་ཅད་བཏུབ་པ་ལགས་སམ། རྗེས་ཐོབ་ལ་རྣམ་རྟོག་དང་འགྲོགས་སུ་ཡོད་པ་ལགས་སམ། རྗེས་རྨི་ལམ་སྒྱུ་མ་ལྟ་བུ་ལགས་སམ། རྗེས་ལ་རྣམ་རྟོག་ཏུ་སྣང་བ་དེའི་རྗེས་ཆོད་པ་ལགས་ཞུས་པས། སྔ་མ་ལྟར་བྱུང་ན་བཟང་སྟེ་སྲིད་པ་ཙམ་ཡིན། བར་པ་དེས་ཆོག་པ་ཡིན། རྗེས་ལ་རྣམ་རྟོག་ཐ་མལ་དུ་སོང་ནས་རྗེས་མ་ཆོད་ན་མཉམ་རྗེས་མ་འདྲེས་པ་ཡིན་གསུང་། ཞེས་པ་དང་། གཞན་ཡང་སྒྲུབ་བརྒྱུད་གོང་མ་འགའི་གསུང་སྒྲོས་ལ་དཔགས་ན་སྤྲོས་བྲལ་ཆེན་པོ་ཤར་བའི་སྐབས་སུ་མཉམ་རྗེས་འདྲེ་བའི་ཐ་སྙད་བྱས་ཀྱང་མི་འགལ་བར་མངོན་ཏེ། མཉམ་རྗེས་འདྲེས་པ་ལ་རྗེས་ཐོབ་ཐམས་ཅད་འོད་གསལ་འབའ་ཞིག་པ་མི་དགོས་པར་སྒྱུ་མ་ལྟ་བུའི་རྣམ་རྟོག་དང་འགྲོགས་པས་ཆོག་པ་དང་། རྗེས་ཤེས་སུ་དུམ་རེ་ཡེངས་པའི་ཚེ་ནའང་། རྗེས་ལ་དེའི་གནས་ལུགས་རིག་ནས་རྗེས་ཆོད་པས་ཆོག་པར་
(༥༤༩)གསུངས་པས། སྤྲོས་བྲལ་ཆེན་པོ་ཡན་ཆད་ལ་དེ་ལྟར་འབྱུང་བར་བཤད་པའི་ཕྱིར་རོ། །གཞན་ཡང་སྡུད་པ་ལས། འདི་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེས་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་རྒྱུ་མཚན་དུ་བྱས་ནས་དེ་ལ་མཉམ་རྗེས་འདྲེ་བར་གསུངས་པ་དང་། ཤ་ཝ་རས། རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། ཞེས་ཆོས་ཉིད་རྟོགས་ན་དྲན་ཡེངས་མེད་པ་སྒོམ་དུ་འཆར་བར་གསུངས་པས། དེའི་ཚེ་ན་སྤྲོས་བྲལ་ཆེན་པོའི་སྐབས་སུའང་མཉམ་རྗེས་འདྲེ་བ་སྐབས་སུ་བབ་པའི་ཕྱིར་རོ། །འོན་ཀྱང་འདིར་ཉམས་མྱོང་འཆར་ཚུལ་དང་བསྟུན་ནས་རང་སའི་མཉམ་རྗེས་འདྲེ་ཚུལ་བརྗོད་ན། སྒོམ་རྩེ་གཅིག་གི་སྐབས་སུ་ཉམས་མྱོང་གི་ཞེན་འཛིན་མ་དག་པས། མཉམ་རྗེས་མཚན་ཉིད་པ་མེད་ཀྱང་རང་སའི་མཉམ་རྗེས་ཡོད་པ་ལས། རྩེ་གཅིག་འབྲིང་པོའི་རྗེས་ཤེས་སུ་སྔར་
(༥༥༠)གྱི་རྟོག་སྣང་རགས་པ་དེ་ཕྲ་ཉལ་གྱི་སོང་ནས་ཨ་འཐས་སུ་འཆར་བ་ཉུང་ཞིང་རྟོག་སྣང་ཕལ་ཆེར་རང་དྭངས་རང་གྲོལ་དུ་འགྲོ་བ་འབྱུང་བ་རང་སའི་མཉམ་རྗེས་ཅུང་ཟད་འདྲེ་འདོད་པ་དང་། རྩེ་གཅིག་ཆེན་པོར་ཉམས་མྱོང་འཁོར་ཡུག་ཏུ་འཆར་བར་བཤད་པ་ནི་རང་སའི་མཉམ་རྗེས་འདྲེས་པར་བྱེད་དགོས་ལ། སྒོམ་སྤྲོས་བྲལ་གྱི་སྐབས་སུ་ནི་མཉམ་རྗེས་མཚན་ཉིད་པ་འཆར་བར་བཤད་པ་ལས། སྤྲོས་བྲལ་འབྲིང་པོའི་རྗེས་ཤེས་སུ་རྟོག་པ་དག་པའི་ངོ་ཐོག་འབའ་ཞིག་པར་འཆར་བ་མི་འོང་ཡང་། ཕལ་ཆེར་བཟུང་དྲན་གྱིས་ཟིན་པ་དང་། དེའི་ཚེ་རིག་སྟོང་སྣང་སྟོང་གི་ཉམས་བཟང་པོ་དང་བཅས་པའི་དགེ་སྦྱོར་ཤིན་ཏུ་སྐྱོང་བདེ་བ་འབྱུང་བ་མཉམ་རྗེས་ཅུང་ཟད་འདྲེ་འདོད་པ་དང་། ཉམས་དག་པའི་སྤྲོས་བྲལ་ཆེན་པོ་ལ་ཉིན་ཚན་འཁོར་ཡུག་ཏུ་འགྲོ་བ་མཉམ་རྗེས་འདྲེས་པར་འཇོག་དགོས་ཤིང་། དེ་བཞིན་དུ་རོ་གཅིག་འབྲིང་པོར་རྗེས་ཤེས་ཀྱི་འཁྲུལ་པ་ཉུང་ཞིང་སྣང་བ་ཤས་ཆེར་སྒོམ་དུ་འཆར་བ་མཉམ་རྗེས་
(༥༥༡)ཅུང་ཟད་འདྲེ་འདོད་པ་དང་། རོ་གཅིག་ཆེན་པོར་རྗེས་ཤེས་ཀྱི་སྣང་བ་མཐའ་དག་པ་གསལ་སྟོང་འཛིན་མེད་སྒྱུ་མ་ལྟ་བུར་འཆར་བ་མཉམ་རྗེས་འདྲེས་པར་འཇོག་སྟེ། རྒྱུ་མཚན་འདི་དག་ལ་བརྟེན་ནས་རྗེ་སྒམ་པོ་པ་ཁུ་དབོན་གསུམ་དང་རྗེ་ཕག་མོ་གྲུ་པོ་དང་རྗེ་རྒྱ་རས་སློབ་མ་དང་བཅས་པས་རོ་གཅིག་གི་སྐབས་སུ་མཉམ་རྗེས་འདྲེ་བར་གསུངས་པ་ཡིན་ནོ། །གཞན་ཡང་སྤྲོས་བྲལ་དང་རོ་གཅིག་གི་དགེ་སྦྱོར་དང་དེའི་མཉམ་རྗེས་ལའང་ན་འཕང་རྒྱུའི་ཁྱད་པར་མང་དུ་ཡོད་པ་དག་ནི་སླར་འཆད་པར་འགྱུར་བ་ལས་ཤེས་སོ། །དེ་དག་གིས་དགེ་སྦྱོར་སྐྱོང་ཚུལ་གྱི་རྣམ་གཞག་རྣམས་བཤད་ཟིན་ཏོ།། ༈ །།གསུམ་པ་སྒོམ་གྱི་ཤོར་ས་དང་གོལ་ས་གཅོད་པ་ལ། ཏིང་ངེ་འཛིན་ཉིད་ཀྱི་ཤོར་གོལ་གཅོད་པ་དང་། བར་དུ་གཅོད་པའི་གེགས་བསལ་བ་གཉིས་ལས། དང་པོ་ལ། ཤོར་ས་བཞི་གཅོད་པ་དང་། གོལ་ས་གསུམ་གཅོད་པ་གཉིས་ཀྱི། དང་པོ་ལ། ཤོར་ས་བཞི་ངོས་བཟུང་བ་དང་། དེར་མི་འཆོར་
(༥༥༢)བའི་ཐབས་བསྟན་པ་གཉིས་ལས། དང་པོ་ནི། སྤྱིར་སྟོང་ཉིད་ལ་ཤོར་ས་གཞིར་བཤད་པའི་རེ་རེ་ལའང་དོན་སྤྱིའི་རྣམ་པ་གོ་ཡུལ་དུ་ཤོར་བ་ལ་ཡེ་ཤོར་གྱི་ཐ་སྙད་དང་། ཉམས་སུ་ལེན་ལུགས་འཁྲུལ་པ་ལ་འཕྲལ་ཤོར་གྱི་ཐ་སྙད་བྱེད་པར་སྣང་སྟེ། དེ་ལ་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་གཉིས་ནི། སྒོམ་སྣང་སྟོང་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་པ་སྟོང་པ་དང་རྟེན་འབྲེལ་གཉིས་མེད་དུ་གནས་པའི་ཚུལ་མ་རིག་པར། སྟོང་ཉིད་དེ་སྐྱོན་ཡོན་གང་གིས་ཀྱང་མི་གོས་པའི་གཏན་མེད་ཡེ་མ་གྲུབ་པ་གཅིག་ཏུ་བློས་ཐག་བཅད་ནས། དགེ་སྡིག་གི་རྒྱུ་འབྲས་ཁྱད་དུ་གསོད་པའམ། ཆོས་ཐམས་ཅད་ཡེ་དག་ཡེ་གྲོལ་ལ་སོགས་པའི་གཤིས་ཀྱང་དུ་ཤོར་ཞིང་། དེ་ལྟ་བུའི་སྟོང་རྩིས་ཁྱེར་ནས་ཀུན་རྫོབ་ཀྱི་རྟེན་འབྲེལ་ལ་བྱན་མ་ཚུད་པ་ཡེ་ཤོར་དང་། ཐོས་བསམ་སོགས་ལ་བརྟེན་ནས་སྒོམ་རྒྱུའི་སྟོང་ཉིད་དེའི་དོན་སྤྱི་ཇི་ལྟ་བ་རང་གི་བློ་ཡུལ་དུ་གོ་ཞིང་དེའི་ཚུལ་གཞན་ལའང་འཆད་ཤེས་ཀྱང་། དེ་ཉིད་གཞན་ཞིག་
(༥༥༣)ན་ཡོད་པ་ལྟར་སོང་ནས་གནས་ལུགས་དེ་ཉིད་རང་གི་རིག་ཐོག་ཏུ་ངོ་མ་འཕྲོད་ཅིང་ཉམས་མྱོང་གི་ཐོག་ཏུ་མ་ཁེལ་བའི་འཕྲལ་ཤོར་གཉིས་སོ། །དེ་བཞིན་དུ་སྟོང་ཉིད་ལམ་དུ་ཤོར་བ་ལ། སྒོམ་ལམ་འབྲས་དབྱེར་མེད་རང་སེམས་ཀྱི་གནས་ལུགས་ཉིད་ལ་གཞི་ལམ་འབྲས་གསུམ་རང་བཞིན་གཅིག་ཏུ་རྫོགས་ཤིང་དབྱེར་མེད་པས་སེམས་ཀྱི་རང་བཞིན་དེ་ཉིད་འབྲས་བུ་ཆོས་སྐུ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་མ་རྟོགས་པར། ད་ལྟ་སྟོང་པ་ཉིད་ལ་ལམ་བྱས་ནས་བསྒོམས་པས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་གཞན་ཞིག་ཐོབ་པར་འདོད་པ་ཡེ་ཤོར་དང་། གནས་ལུགས་ཀྱི་སྒོམ་དོན་ཇི་ལྟ་བ་བཞིན་གྱི་ཉམས་ལེན་རང་ལ་སྐྱོང་རྒྱུ་ཡོད་ཀྱང་། དེ་ལ་བློ་མ་ཁེལ་བར་དེ་མིན་པ་ཞིག་གམ་དེ་བས་ལྷག་པ་ཞིག་ཡོད་དུ་རེ་ནས་གཞན་དུ་འཚོལ་བའམ། སེམས་རང་བཞིན་གྱི་གནས་ལུགས་དེ་ཉིད་ལ་བདེ་གསལ་གསལ་ལ་སོགས་པའི་ལྷག་པ་མཁན་ནས་སྒོམ་པར་བྱེད་པ་འཕྲལ་ཤོར་
(༥༥༤)གཉིས། སྟོང་ཉིད་གཉེན་པོར་ཤོར་བ་ལ། སྒོམ་སྤང་གཉེན་དབྱེར་མེད་སྤང་བྱ་ཉོན་མོངས་ཀྱི་རང་གཤིས་ཉིད་གཉེན་པོ་སྟོང་ཉིད་དུ་གནས་ཤིང་། དེ་ཉིད་རང་ངོ་རང་རིག་པས་སྤང་བྱ་ཉོན་མོངས་ཉིད་གཉེན་པོ་ཡེ་ཤེས་སུ་འཆར་བ་མ་གོ་བར། ཉོན་མོངས་དང་སྟོང་ཉིད་སོ་སོར་བཟུང་སྟེ་ཉོན་མོངས་སྤངས་ནས་དེའི་གཉེན་པོར་སྟོང་ཉིད་ཟུར་དུ་སྒོམ་དགོས་པའམ། ཉོན་མོངས་དེ་ཉིད་རང་བཞིན་མ་གྲུབ་པར་བློས་དཔྱད་ནས་འཇོག་དགོས་པ་ཡེ་ཤོར་དང་། རྐྱེན་སྣང་གི་རྟོག་པ་ཤར་བའི་ཚེ་དེ་ཉིད་ཀྱི་རང་བཞིན་རང་ངོ་ཤེས་པའི་དྲན་པ་མི་སྐྱོང་བར། རྟོག་པ་དེ་ཉིད་བཤིག་པའམ་བཀུག་ནས་སྒོམ་གྱི་ཐོག་ཏུ་འཇོག་དགོས་པ་འཕྲལ་ཤོང་གཉིས། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ལ། སྒོམ་ཐབས་ཤེས་དབྱེར་མེད་དམིགས་བཅས་དམིགས་མེད་སོགས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གནས་པ་མ་རིག་པར། སྦྱིན་སོགས་དཀར་པོའི་ཆོས་ཅི་དང་ཅི་བྱེད་པ་ཐམས་ཅད་དང་པོར་དམིགས་པ་དང་མཚན་འཛིན་དུ་བྱས་ནས། རྗེས་ལ་རིགས་
(༥༥༥)པའི་གཞལ་གཞིག་གམ། སྭ་བྷཱ་ཝའི་སྔགས་དོན་སོགས་ཀྱིས་རང་བཞིན་མ་གྲུབ་པར་བློ་བཟོ་བྱེད་པ་ལྟ་བུ་ཡེ་ཤོར་དང་། སྒོམ་སྐྱོང་དུས་མགོ་རྐང་མ་འགྲིག་ཅིང་ལམ་དུ་མ་སློངས་པར་ཕྱི་སྙགས་བྱས་ཏེ་སྒོམ་ཡིན་སྙམ་དུ་གསལ་འདེབས་པའམ། རྗེས་ཤེས་ལམ་དུ་མ་སློངས་པར་སྔ་ན་ཡེངས་ནས་མཉན་སླར་སྒོམ་སྙམ་དུ་རྣམ་རྟོག་གི་འཕྲོ་སྒོམ་གྱིས་གཅོད་པ་ལྟ་བུའི་འཕྲལ་ཤོར་གཉིས་ཏེ། འདིས་མཚོན་ཞིང་འགྲོ་བ་མཐའ་དག་སྒོམ་གྱི་ཤོར་ས་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཤོར་ས་རྣམས་ཀྱི་ནང་ནས་ཤེས་བྱའི་གཤིས་ལ་ཡེ་ནས་ཤོར་བ་དག་ནི་ཤིན་ཏུ་སྐྱོན་ཆེ་བའི་ལོག་ལྟ་སྟེ། བྲམ་ཟེ་ཆེན་པོས། དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པའི་ཆད་ལྟ་ཆེན་པོ་ཡིན་ལ་དེའི་འབྲས་བུ་ངན་འགྲོར་སྐྱེ་སྟེ། མེད་པ་པོ་ནི་ངན་འགྲོར་འགྲོ། །ཞེས་དང་། རྗེ་སྒམ་པོ་པས་ཀྱང་།
(༥༥༦)ཤེས་བྱ་གཤིས་ཀྱི་སྟོང་པ་དེ། །ཞེན་པ་བྲལ་ཡང་དོན་མ་རྟོགས། །ཞེས་སོ། །ཤོར་ས་གཞན་རྣམས་སུ་ཤོར་ན་དེ་ལྟ་བུའི་ལོག་ལྟར་མི་འགྱུར་ཡང་གནས་ལུགས་དཔྱིས་ཕྱིན་པའི་སྒོམ་ཁྱེར་དུ་མི་འགྲོ་བས་མ་ཤོར་བར་བྱ་དགོས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། རང་གི་གཤིས་སྐྱེ་བ་མེད་པ། ཡོད་མེད་རྟག་ཆད་པ་དེ་ན་རྫུན་ལ་སོགས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པས་ཅིར་ཡང་གྲུབ་པ་མེད་ཀྱང་། དེའི་གདངས་མི་འགགས་པ་ཀུན་རྫོབ་ཀྱི་རྟེན་འབྲེལ་སྣ་ཚོགས་པར་འཆར་བས་ན། སྟོང་ཉིད་རྟེན་འབྲེལ་གྱི་སྙིང་པོ་དང་རྟེན་འབྲེལ་སྟོང་ཉིད་ཀྱི་རང་བཞིན་ཅན་དུ་ཤེས་པས་སྟོང་ཉིད་ཤེས་བྱའི་གཤིས་ལ་མི་འཆོར་ཏེ། རྩ་ཤེར། གང་ཞིག་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །ཞེས་པ་ལྟར་རོ། །ཡང་ཕྱག་རྒྱ་ཆེན་པོ་ཐ་མལ་
(༥༥༧)གྱི་ཤེས་པའི་རང་བཞིན་འདི་ཉིད་གཞི་ལམ་འབྲས་བུ་སོགས་ཆོས་ཐམས་ཅད་ཀྱི་ཁྱབ་བདག་གམ་ངོ་བོ་ཉིད་དུ་གནས་པར་རིག་པས་སྟོང་ཉིད་ལམ་དུ་མི་འཆོར་ཏེ། བྲམ་ཟེ་ཆེན་པོས། ས་དང་ལམ་དང་སངས་རྒྱས་ཐམས་ཅད་རོ་གཅིག་པའི། །གཉུག་མའི་ཡེ་ཤེས་འདི་ནི་ཡིད་ཀྱིས་ཡིད་ལ་དྲིས། །ཞེས་དང་། བསམ་དུ་མེད་པའི་རང་བྱུང་ཡེ་ཤེས་གང་སྒོམ་པ། །དེ་ནི་འབྲས་བུ་མ་ལུས་བསྒོམས་པར་འགྱུར་བ་ཡིན། །ཞེས་དང་། འབྲས་བུ་ཐོགས་པ་མེད་པ་གདོད་ནས་རང་ལ་གནས། །དེ་བཞིན་རེ་དང་དོགས་པའི་གཉེན་པོས་འཆིང་མི་དགོས། །ཞེས་དང་། ཨཱརྱ་དེ་ཝས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །ཅེས་དང་། རྗེ་སྒམ་པོ་པས། རང་རིག་ངོ་བོ་གསལ་སྟོང་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །ཐོག་མེད་རང་སེམས་རྣམ་དག་འདི། །འབྲས་བུ་ཡིན་པར་ད་གཟོད་ཤེས། །ཨེ་མ་རིན་ཆེན་སེམས་ཀྱི་ཀློང་། །རྒྱུའི་དུས་
(༥༥༨)ན་འབྲས་བུ་དངོས། །ཞེས་གསུངས་པ་ལྟར་རོ། །ཡང་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་འགྲོས་ལ། ཆོས་ཐམས་ཅད་རང་བཞིན་གཅིག་ཏུ་རྟོགས་ནས་སྤང་བྱ་ཉོན་མོངས་པ་དང་གཉེན་པོ་ཡེ་ཤེས་རོ་མཉམ་ལྷན་ཅིག་སྐྱེས་པའི་དོན་ཤེས་པས་སྟོང་ཉིད་གཉེན་པོར་མི་འཆོར་ཏེ། བརྟག་གཉིས་སུ། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། འཁོར་བ་ཞེ་སྡང་ལ་སོགས་པ། །དེ་རྣམས་ཆོས་ནི་མྱ་ངན་འདས། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་སོགས་དང་། མཻ་ཏྲི་པས། ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ཞེས་པ་ལྟར་རོ། །ཡང་གཉུག་མ་ཕྱག་རྒྱ་ཆེན་པོ་སྣང་སྲིད་ཐམས་ཅད་ཀྱི་ཁྱབ་བདག་ཏུ་ཤེས་པས། མཚན་བཅས་ལ་སོགས་པའི་དགེ་རྩ་ཐམས་ཅད་ཀྱི་རང་གཤིས་དེ་ཉིད་རང་བཞིན་རྣམ་དག་གི་སྟོང་ཉིད་ལས་མི་འདའ་བའི་རྒྱུ་མཚན་རིག་ན་ཆོས་ཀྱི་
(༥༥༩)རྒྱས་ཐེབས་པས། སླར་གང་ཟག་གི་བློས་བྱས་པའི་སྟོང་ཉིད་ཀྱི་རྒྱས་འདེབས་སུ་མི་འཆོར་ཏེ། བིར་ཝ་པས། བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ཐམས་ཅད་ཀྱང་། །ཆོས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པའོ། །རོལ་པ་ཉིད་ལའང་བདེན་མེད་མི་རྟག་འགྱུར་བའི་ཕྱིར། །གནས་ལུགས་སྟོང་པའི་རྒྱ་ལས་ནམ་ཡང་མ་འདས་སོ། །ཞེས་དང་། ཤ་ཝ་རས། འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཞེས་དང་། མཻ་ཏྲི་པས། གང་གི་དེ་ཉིད་མངོན་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོའོ། །ཞེས་པ་ལྟར་རོ། །གཞན་ཡང་རྗེ་སྒམ་པོ་པས། ཉམས་མྱོང་རྟོགས་པར་ཤོར་བ་དང་། །རྟོགས་པ་ཉམས་མྱོང་དུ་ཤོར་བ་གཉིས་གསུངས་པའི། སྔ་མ་ནི། སྲོག་རྩོལ་སོགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་ཉིད་ཀྱི་ངོ་བོ་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེས་ཏེ། དེ་ལ་ཡིད་ཆེས་ཤིང་མཆོག་ཏུ་བཟུང་ནས་འདི་ལས་
(༥༦༠)ལྷག་པ་མེད་སྙམ་དུ་ཉམས་ལ་ཞེན་ནས་སྐྱོང་བ་དང་། ཕྱི་མ་ནི། བླ་མའི་བྱིན་རླབས་ལ་བརྟེན་ནས་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་ཅིང་ངོས་བཟུང་མེད་པར་རྟོགས་པ་དེ་ལ། ཉམས་བདེ་གསལ་སོགས་ནང་ནས་རང་ཤར་དུ་འབྱུང་བས། དེ་བྱུང་ན་དགའ་མ་བྱུང་ན་མི་དགའ་བར་འབད་རྩོལ་བྱས་ཏེ་དེ་ལ་བློ་འཇོག་པའོ། །འདི་ལ་རྗེ་འབྲི་ཁུང་པས། བདེ་བདེ་པོ་དང་གསལ་གསལ་པོ། །རེས་ཡོང་རེས་མེད་ཏིང་འཛིན་ལ། །འོང་དུ་རེ་བས་བསྒོམ་ན་ཡང་། །བྱིས་པས་འཇའ་ཚོན་བལྟ་བ་བཞིན། །ཇེ་རིང་ཇེ་རིང་མཁའ་ལ་ཡལ། །ཞེས་གསུངས་པ་ལྟར་རོ། །སྐབས་འདིར་ཁ་ཅིག །ཤོར་ས་བཞི་པོ་སྤངས་སྙམ་པའི། །རྣམ་རྟོག་ཕྱག་རྒྱ་ཆེན་པོ་མིན། །རྟོག་པ་མིན་ན་སྤོང་མི་ནུས། །རྟོག་པ་མེད་ཀྱང་སྤོང་ནུས་ན། །སེམས་ཅན་ཀུན་ལ་འབད་མེད་པར། །ཕྱག་རྒྱ་ཆེན་པོ་ཅིས་མི་སྐྱེ། །དེས་ན་ཕྱག་རྒྱ་ཆེན་པོ་ཉིད། །ཡིན་ན་ཤོར་ས་གོལ་ས་མེད། །ཡོད་ན་ཕྱག་རྒྱ་ཆེན་པོ་མིན། །ཞེས་སྨྲ་བ་ནི་སྨྲ་འདོད་པ་ཙམ་དུ་ཟད་དེ། རྒྱུ་མཚན་ཇི་ལྟར་ཞེ་ན། མཻ་ཏྲི་པའི་ལུང་གོང་དུ་
(༥༦༡)དྲངས་པ་དང་། རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་རྣམ་རྟོག་གི་དེ་ཉིད་ཤེས་ན་རྣམ་རྟོག་ཕྱག་ཆེན་དུ་འགྱུར་བའི་སྐབས་བཤད་ཀྱང་། འདིར་སྤྱི་ཙོམ་དུ་ཤོར་ས་སྤངས་སྙམ་པའི་རྣམ་རྟོག་རང་མཚན་པ་ཕྱག་ཆེན་དུ་ཁས་མ་བླངས་པས་བསྙོན་ནས་སྨྲ་བར་སྣང་བའི་ཕྱིར་དང་། རྟོག་པ་མེད་པས་སྤང་བྱ་སྤོང་མི་ནུས་ན། མདོ་སྡེ་རྒྱན་ལས། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་འཇོམས་པར་བྱེད། །ཅེས་དང་། སྤྱོད་འཇུག་ཏུ། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །ཞེས་སོགས་གསུངས་པ་མི་འཐད་པར་འགྱུར་བའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པ་ཐམས་ཅད་ཀྱིས་སྤང་བྱ་མི་སྤོངས་པས་དོན་མེད་དུ་འགྱུར་བའི་ཕྱིར་དང་། སེམས་ཅན་ཀུན་ལ་རྟོག་པ་མེད་
(༥༦༢)པར་ཁས་ལེན་པ་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་དང་། ཕྱག་རྒྱ་ཆེན་པོ་ཡིན་པས་ཤོར་གོལ་མི་འབྱུང་ན། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་སོགས་རང་ཉིད་ཀྱིས་སྨྲས་པ་རང་ཉིད་ཀྱིས་སུན་ཕྱུང་བར་འགྱུར་བའི་ཕྱིར་དང་། ཡང་ཕྱག་རྒྱ་ཆེན་པོ་ལ་ཤོར་གོལ་མི་འབྱུང་ན་དེའི་མཚུངས་ལྡན་གྱི་རིགས་པས་ས་དང་ལམ་ཐམས་ཅད་ལ་གོལ་ས་དང་འཆུགས་ས་མི་སྲིད་པར་འགྱུར་བའི་ཕྱིར་དང་། དེ་ལྟར་ན་ལུང་རིགས་ཀྱི་གནོད་པ་མང་དུ་འབབ་པའི་ཕྱིར་རོ། །གཉིས་པ་གོལ་ས་གསུམ་གཅོད་པ་ལ། གོལ་སའི་ཉམས་ཀྱི་བྱེ་བྲག་བཤད་པ། དེ་དག་གོལ་སར་འགྱུར་བའི་ཚུལ། དེར་མི་གོལ་བའི་ཐབས་བསྟན་པ་གསུམ་གྱི། དང་པོ་ནི། སྤྱིར་ཡིད་ལད་ཅན་དུ་མ་སོང་བར་སྒོམ་བསྐྱངས་པས་ཤེས་པ་དྭངས་སྙིགས་ཕྱེད་ནས། སེམས་ལ་ཉམས་ཀྱི་བྱེ་བྲག་མཐའ་ཡས་པ་ཞིག་འཆར་ཞིང་ཁྱད་པར་དུ་སྒྲུབ་པ་པོའི་གང་ཟག་རྩ་རླུང་སོགས་ཀྱི་འདུག་ཚུལ་བཟང་བ།
(༥༦༣)དག་དང་། སྲོག་རྩོལ་ལ་སོགས་པའི་ཐབས་ཁྱད་པར་ཅན་བསྟེན་པ་དང་། རྣམ་གཡེང་དང་ལེ་ལོས་བར་མ་ཆོད་པར་སྒོམ་ལ་བརྩོན་པ་ཆེ་བ་འགའ་ཞིག་ལ་ཉམས་ཀྱི་རིགས་ངོ་མཚར་བ་མང་པོ་ཞིག་འབྱུང་བར་བཤད་དེ། ལས་ཉོན་གྱི་བག་ཆགས་ཅི་རིགས་ལྷོངས་པ་ལ་བརྟེན་ནས་ཡིད་ཡུལ་དུ་ཚོགས་དྲུག་གི་ཡུལ་སྣང་ལྟར། གཟུགས་ཀྱི་རྣམ་པའི་མཐོང་ཉམས། སྒྲའི་རྣམ་པའི་ཐོས་ཉམས། དྲིའི་རྣམ་པའི་ཚོར་ཉམས་ལ་སོགས་པ་དབང་པོའི་གཟུགས་ཅན་པ་ལྔའི་ཡུལ་སྣང་འདྲ་བ་སྣ་ཚོགས་པ་དང་། གཞན་པའི་ཀུན་རྟོག་གི་རིགས་རྣམས་ཀྱང་མཚོ་ལས་རླབས་འཆར་བ་ལྟར་བརྗོད་ཀྱི་མི་ལང་བ་སྐྱེ་ལ། སྒོམ་དང་སྣང་ཤས་གཞན་རེས་འཇོག་ཏུ་བྱེད་པ་དག་ལ་ཉམས་བག་རེ་ཙམ་ལས་མི་འབྱུང་སྟེ། གང་ཟག་གི་རིགས་གཅིག་ཏུ་མ་ངེས་པས་ཉམས་ཀྱི་བྱེ་བྲག་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །འོན་ཀྱང་འདིར་ཉམས་ཀྱི་རིགས་གསུམ་དུ་བསྡུས་ནས་གསུངས་པ་ལས།
(༥༦༤)བདེ་ཉམས་ལ། ལུས་བདེ་བས་ཁྱབ་པ་དང་། རེག་བྱ་བདེ་བར་འཆར་བ་དང་། ལུས་ཡོད་མེད་མི་ཚོར་བར་བདེ་བ་དང་། སེམས་དགའ་སྤྲོས་རྒོད་འདོད་པ་དང་། བློ་བདེ་ཞིང་སྐྱིད་སྣང་འཆར་བ་དང་། ཉིན་མཚན་ངོ་མི་ཤེས་པ་ཙམ་གྱི་བདེ་བས་ལུས་སེམས་རྒྱུད་གང་བ་སོགས་འབྱུང་། གསལ་ཉམས་ལ། སེམས་ཤེལ་ལྟར་དྭངས་ཤིང་ཉམས་སྣང་སྣ་ཚོགས་གསལ་བ་དང་། མཚན་མོའང་ཉེ་རིང་གི་དངོས་པོ་རྣམས་མཐོང་བ་སྙམ་བྱེད་པ་དང་། མཐོང་སྣང་ཅི་རིགས་ལ་རིག་མཐོང་གི་མཚན་མ་རྙེད་པ་དང་། འོད་ཀྱི་སྣང་བ་ལྟ་བུར་གསལ་བའི་ཉམས་སྣང་དང་། གཞན་སེམས་ཤེས་པའི་མངོན་ཤེས་འོང་བ་སྙམ་བྱེད་པ་འབྱུང་། མི་རྟོག་པའི་ཉམས་ལ། ཁ་ཅིག་ཏུ་བག་ཆགས་ཀྱི་སྟོང་གཟུགས་འཆར་བ་སྟོང་ཉམས་ཀྱི་ཁོངས་སུ་བཤད་ཀྱང་། གསལ་ཉམས་སུ་བྱས་ན་ལེགས་པར་མངོན་ལ། གཞན་ཡང་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་སྟོང་པའི་འཛིན་སྟངས་སྐྱེ་བ་དང་། གཟུགས་སྒྲ་སོགས་ཀྱི་ཡུལ་
(༥༦༥)སྣང་ཐམས་ཅད་བཀྲག་མེད་བན་བུན་དུ་འཆར་བ་དང་། རང་མེད་པ་ལྟ་བུ་དང་རང་དང་སྣང་བ་ཐམས་ཅད་སྟོང་པའི་རྣམ་འགྱུར་དུ་འཆར་བ་དང་། རྟོག་པ་ཕྲ་མོ་ཙམ་ཡང་ཐིམ་པའི་སྟོང་སང་ནམ་མཁའ་གཡའ་དག་པ་ལྟ་བུའི་ཉམས་ལ་སོགས་པ་འཆར་རོ། །ཁ་ཅིག །གནས་ལུགས་མངོན་དུ་འགྱུར་བའི་སྔ་ལྟས་སུ་རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས་པས་སྒོ་གསུམ་ལ་ཉམས་རྟགས་འདི་ལྟར་འཆར་བར་འདོད་དེ། དེ་ཡང་། གནས་ལུགས་གཉུག་མ་ཅུང་ཟད་མངོན་དུ་འགྱུར། །དེ་དང་རྗེས་མཐུན་རྨི་ལམ་ཉམས་ཀྱང་འཆར། །གནས་ལུགས་ཟབ་མོ་རྡོ་རྗེ་བཞི་ཡི་བདག །དེ་ཉིད་རྣམ་པ་ཀུན་གྱི་བདག་ཉིད་ཕྱིར། །རྡོ་རྗེའི་སྐུ་ཡིས་ལུས་ལ་བྱིན་བརླབས་ན། །འདར་སྤྲུག་འཕར་གཡོ་རྡེག་དང་མཆོང་རྒྱུག་སོགས། །ལུས་ཀྱི་རྣམ་འགྱུར་དུ་མ་ཤུགས་ཀྱིས་འཆར། །རྡོ་རྗེའི་གསུང་གིས་ངག་ལ་བྱིན་བརླབས་ན། །གླེང་བརྗོད་རྒོད་དུ་འོ་འདོད་འབོད་ལ་སོགས། །ངག་གི་རྣམ་འགྱུར་དུ་མ་ཤུགས་ལ་འཆར། །
(༥༦༦)རྡོ་རྗེའི་ཐུགས་ཀྱིས་སེམས་ལ་བྱིན་བརླབས་ན། །ཏིང་འཛིན་མཆོག་དང་མངོན་ཤེས་སྐྱེ་བར་འགྱུར། །ཞེས་སོགས་མང་དུ་འཆད་མོད། །སྲོག་རྩོལ་འཆིང་ཚུལ་དང་རྩ་རླུང་གི་རྟེན་འབྲེལ་འགའ་ཞིག་ལ་འབྱུང་སྲིད་ཀྱང་ཐམས་ཅད་ལ་འབྱུང་བ་མིན་ནོ། །སྒྲུབ་བརྒྱུད་འདིར་ཉམས་དེ་དག་ལ། ཞི་གནས་ཉིད་ཀྱི་ཉམས། ཞི་ལྷག་འབྲེལ་བའི་ཉམས། རྟོགས་པའི་རང་ཉམས་གསུམ་དུ་འབྱེད་པར་བཞེད་དེ། རྗེ་སྒམ་པོ་པས། གནས་པའི་ཉམས་ནི། ཐབས་ལམ་གཅུན་པས་རླུང་དྷཱུ་ཏཱིར་ཚུད་པའི་སྟོབས་ཀྱིས། བདེ་བ་ནི་ཟག་བཅས་ཀྱི་བདེ་བས་ལུས་སེམས་རྒྱས་པར་འོང་། གསལ་བ་ནི་དེ་ཉམས་སུ་མྱོང་བ་ཡིན། མི་རྟོག་པ་ནི་རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པ་ཆམ་ཆམ་པ་འོང་། ཞེས་དང་། རླུང་དྷཱུ་ཏཱིར་ཆུད་པའི་སྟོབས་ཀྱིས་རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པའི་རྟགས་དེ་རྣམས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་བསྒོམས་པ་ལས་འབྱུང་གི །དམིགས་པ་ཕྲ་མོ་ཟིན་པའི་གནས་པ་ལྟམ་ལྟེམ་
(༥༦༧)ལ་མི་འབྱུང་ངོ་། །ཞེས་དང་། རྟོགས་པ་བྱུང་ན་ཉམས་མྱོང་མི་འབྱུང་མི་སྲིད། །རྟོགས་པ་ནི་སེམས་རིག་པའི་ངོ་བོ་འདི་ལྷག་གེ་མཐོང་བའི་དུས་སུ། འདི་ཡིན་གསུངས་པ་ལ་འདི་དང་པོ་ནས་ངོ་ཤེས་ཐང་བ་ཅིག་འདུག་པ་ལ་སྙམ་པ་འོང་། དེ་ལ་ཉམས་བདེ་བ་ནི་ཟག་པ་མེད་པ་རང་བཞིན་གྱི་བདེ་བ་ཆེན་པོའོ། །གསལ་བ་ནི་ཁ་ན་ཙེ་ནེ་འོང་སྙམ་བྱེད་པ་སྔར་མོས་བཅད་དུ་འདོད་པ་སྙམ་བྱེད་པ་འོང་། མི་རྟོག་པ་ནི་རྟོག་པ་ཕྲ་མོས་ཀྱང་མི་གོས་པའོ། །དེ་ཉམས་རྟོགས་གཉིས་མེད་དུ་ཤར་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་བདེ་གསལ་མི་རྟོག་པ་གསུམ་གའི་ཉམས་ཀྱི་རིགས་འཛོམ་པའམ། ཉམས་ཕྱོགས་རེ་བ་གང་ཡིན་ཡང་རུང་སྟེ། ཉམས་དེ་དག་ལ་མཆོག་ཏུ་བཟུང་ནས་དེ་བྱུང་ན་དགའ་མ་བྱུང་ན་མི་དགའ་བར་ཞེན་ཅིང་ཆགས་པའི་སྒོ་ནས་ཆེད་གཉེར་དུ་བསྐྱངས་ན་གནས་ལུགས་ཀྱི་གོལ་སར་འགྱུར་བའི་རྒྱུ་མཚན་ནི། སྤྱིར་དམིགས་གཏད་ཐམས་
(༥༦༨)ཅད་ཀྱིས་ཐར་པ་ཐོབ་པའི་གེགས་བྱེད་པ་དང་། བྱེ་བྲག་ཏུ་བདེ་གསལ་མི་རྟོག་པ་ལྟ་བུ་ལས་བཟང་བ་ལ་བློས་བརྟགས་པས་བདེ་འགྲོ་དང་། ཉོན་མོངས་པ་སོགས་ལས་དམན་པ་ལ་བློས་བརྟགས་པས་ངན་འགྲོའི་རྒྱུར་འགྱུར་བ་དང་། མདོར་ན་ཆགས་ཞེན་དང་དམིགས་གཏད་ཐམས་ཅད་ལམ་གོལ་བར་བཤད་དེ། བྲམ་ཟེ་ཆེན་པོས། གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་བསྒྲིབ། །བཟང་བར་བརྟགས་ཀྱང་དེ་ཡི་ནད་ཀྱིས་འཁོར་བར་ལྟུང་། །དམན་པའི་ལས་ལ་བརྟགས་པས་རྣམ་སྨིན་རྒྱུན་མི་ཆད། །ཅེས་དང་། ཀྱེ་མ་འདོད་པའི་དངོས་པོ་གང་ལའང་ཁྱོད་ཉིད་ཆགས་མ་བྱེད། །འདི་ནི་བདེ་ཆེན་སེམས་མཆོག་གཟིར་བའི་ནད་རབ་སྟེ། །གལ་ཏེ་ཆགས་པར་བྱ་བའི་ཡུལ་ལ་ཡིད་ཆགས་ན། །དྲི་མ་མེད་པའི་སེམས་ལ་འདོད་པའི་མཚོན་གྱིས་བཏག །ཅེས་དང་། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་
(༥༦༩)གྱིས་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་དང་། བིར་ཝ་པས། གནས་ལུགས་ཡིད་ལ་བྱེད་ཅིང་ཉམས་ལ་ཞེན་པ་དང་། །དེ་ཉིད་དོན་ལ་དམིགས་ཤིང་བསྒོམས་ན་གོལ་བའོ། །ཞེས་བཤད་པ་ལྟར་རོ། །བྱེ་བྲག་ཏུ་ཉམས་གང་གིས་གནས་སྐབས་ཇི་ལྟར་གོལ་བ་ནི། བདེ་བས་འདོད་ཁམས་གསལ་བས་གཟུགས་ཁམས་མི་རྟོག་པས་གཟུགས་མེད་དུ་སྐྱེ་བའི་རྒྱུ་བྱེད་པས་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྱུར་ཞིང་། རེ་ཞིག་ཙམ་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པའི་ངལ་གསོ་དང་། ཁམས་གསུམ་གྱི་བདེ་བ་མྱོང་ཟིན་ནས་སླར་ངན་སོང་གསུམ་དུ་མཐའ་མེད་པ་འཁོར་བར་བཤད་དེ། རྗེ་སྒམ་པོ་པས། ཉམས་མྱོང་གི་གོལ་ས་གསུམ་ནི། ལུས་བ་དེ་སེམས་བདེ་ལུས་ལ་བདེ་བ་རྒྱས་པའི་ཉམས་འབྱུང་སྟེ། དེ་ལ་ཆགས་ཤིང་མངོན་པར་ཞེན་ནས་མཆོག་ཏུ་བཟུང་བས་འདོད་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་པས་
(༥༧༠)དེའི་སྐབས་སུ་ཤི་ན་འདོད་པའི་ཁམས་སུ་གོལ་ནས་འགྲོ་སྟེ། འདོད་པ་ཁམས་ཀྱི་བདེ་བའི་ལོངས་སྤྱོད་མྱོང་ནས་མར་ངན་སོང་གསུམ་དུ་མུ་མཐའ་མེད་པར་འགྲོ་བ་ལ་ཚེགས་མེད། བྱིང་རྨུགས་དང་བྲལ་བ་ལ་གསལ་བའི་ཉམས་འབྱུང་བ་ལ་ཆགས་ཤིང་མཆོག་ཏུ་བཟུང་བས་གཟུགས་ཁམས་སུ་གོལ་ནས་འགྲོ་བ་ཡིན། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས་མར་ལ་ལྷུང་བ་ཚེགས་མེད། རྣམ་རྟོག་རླུང་གི་མ་བསྐྱོད་པའི་ཉམས་འབྱུང་བ་ལ་ཆགས་ཞེན་མཆོག་ཏུ་བཟུང་བས་གཟུགས་མེད་ཀྱི་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེའི་སྐབས་སུ་ཤི་ན་གཟུགས་མེད་ཁམས་སུ་གོལ་ནས་འགྲོ་བ་ཡིན། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས་ངན་སོང་གསུམ་དུ་མུ་མཐའ་མེད་པར་འགྲོ་བ་ཡིན། ཞེས་དང་། རྗེ་ཕག་མོ་གྲུ་པས། བླ་མ་དམ་པའི་རྩར་ཕྱིན་ཏེ། །གདམས་པ་གང་རུང་ཉམས་བླངས་པས། །བདེ་བས་ལུས་སེམས་གང་བ་འབྱུང་། །ཞེན་ཅིང་ཆགས་པས་བསྐྱངས་བྱས་པས། །འདོད་ཁམས་
(༥༧༡)གནས་སུ་གོལ་ནས་འགྲོ། །གསལ་བ་དངས་པ་མཁའ་ལྟ་བུ། །ཕྱི་ནང་ཟླ་བ་ཤར་བ་འདྲ། །ཕྱེ་དང་བཙུམ་པར་ཁྱད་པར་མེད། །དེ་ལ་ཞེན་ཅིང་ཆགས་པ་ཡིས། །སྒྲུབ་པ་པོ་ཡིས་བསྐྱངས་གྱུར་ན། །གཟུགས་ཀྱི་ཁམས་སུ་གོལ་བར་འགྱུར། །ཕྱི་དང་ནང་དུ་བལྟས་གྱུར་ཀྱང་། །རྟོག་པ་ཕྲ་བ་ཙམ་ཡང་མེད། །རྡུལ་བྲལ་ཆོས་སྐུར་བལྟ་བྱས་ནས། །དགའ་དང་མི་དགའ་བསམ་པ་ཡིས། །ཉམས་དེ་ངེས་པར་བསྐྱངས་གྱུར་ན། །གཟུགས་མེད་ཁམས་སུ་གོལ་བར་འགྱུར། །ཞེས་དང་། རྗེ་གླིང་རས་ཀྱིས། ཉམས་མྱོང་འཇའ་ཚོན་དང་འདྲ་བའི་གསལ་སྣང་ལ། །བློ་ཆུང་བྱིས་པ་དང་འདྲ་བའི་སྒོམ་ཆེན་ཆགས། །བསླུ་བྲིད་གོལ་ས་ཞིག་ཡིན་ཏེ་ངོ་མ་ཤེས། །ཞེས་པ་ལྟར་སྒྲུབ་བརྒྱུད་པ་ཐམས་ཅད་མཐུན་པར་སྣང་ལ། རྗེ་འབའ་ར་བས། ཕྱག་རྒྱ་ཆེན་པོའི་གོལ་ས་ནི། །ཆོས་ཀུན་ནམ་མཁའ་བཞིན་དུ་ནི། །མཐའ་ཡས་སྙམ་པའི་བློ་ཡིས་སུ། །མཉམ་གཞག་ནམ་མཁའ་མཐའ་ཡས་གོལ། །རྣམ་
(༥༧༢)པར་ཤེས་པ་མཐའ་ཡས་སོ། །སྙམ་པས་རྣམ་ཤེས་མཐའ་ཡས་གོལ། །ཆོས་ཀུན་ཅི་ཡང་མེད་དོ་སྙམ། །བསྒོམས་པས་ཅི་ཡང་མེད་པར་གོལ། །ཆོས་ཀུན་ཡོད་མིན་མེད་པ་མིན། །སྙམ་པས་མཉམ་པར་འཇོག་པ་ནི། །ཡོད་མིན་མེད་མིན་སྐྱེ་མཆེད་གོལ། །བློ་ཡི་ཏིང་ངེ་འཛིན་ལ་ནི། །རྟོག་ཅིང་ཞེན་པས་སྤྱད་པ་དང་། །དགའ་བདེ་སེམས་ནི་རྩེ་གཅིག་སྒོམ། །དེ་ནི་བསམ་གཏན་དང་པོར་གོལ། །ཏིང་ངེ་འཛིན་ལ་དང་བ་དང་། །དགའ་བདེ་སེམས་ནི་རྩེ་གཅིག་བསྒོམས། །བསམ་གཏན་གཉིས་པར་གོལ་བའོ། །ཏིང་འཛིན་རྟོག་དང་དཔྱོད་མེད་པའི། །བཏང་སྙོམས་དྲན་པ་ཤེས་བཞིན་དང་། །བདེ་དང་སེམས་ནི་རྩེ་གཅིག་སྒོམ། །དེ་ནི་བསམ་གཏན་གསུམ་པར་གོལ། །བཏང་སྙོམས་ཡོངས་སུ་དག་པ་དང་། །དྲན་པ་ཡོངས་སུ་དག་པ་དང་། །བདེ་སྡུག་གཉིས་མིན་ཚོར་བ་དང་། །སེམས་རྩེ་གཅིག་པ་བསམ་གཏན་བཞི། །ཚོགས་དྲུག་ཡུལ་སྣང་བཀག་ནས་སུ། །རྟོག་མེད་ཙམ་ལ་སེམས་བཞག་ནས། །ཡང་
(༥༧༣)དག་དྲན་པ་མེད་པ་ནི། །འདུ་ཤེས་མེད་པའི་འགོག་པར་གོལ། །གང་དུའང་ལུང་དུ་མ་བསྟན་པའི། །ཤེས་པ་ཧད་དེ་ཆོད་དེ་བ། །དྲན་མེད་ལུང་མ་བསྟན་དུ་གོལ། །ཐོམ་མེ་རྨུགས་སེ་ཚོམ་མེ་བ། །རྟོག་མེད་ཙམ་ལས་གསལ་ཆ་མེད། །དེ་ནི་དུད་འགྲོར་གོལ་བའོ། །ཞེས་ཞིབ་ཏུ་ཕྱེ་ནས་བཤད་དོ། །ཡང་རྗེ་ཕག་མོ་གྲུ་པས། བདེ་བ་གསལ་བ་མི་རྟོག་གསུམ། །ཞེན་དང་བྲལ་བས་བསྒོམས་བྱས་ཀྱང་། །ཉན་ཐོས་རང་སངས་རྒྱས་པའང་སྲིད། །ཅེས་དང་། རྗེ་ཡང་དགོན་པས། བདེ་བ་ལ་ཞེན་པ་ཡོད། གསལ་བ་ལ་འཛིན་པ་ཡོད། མི་རྟོག་པ་ལ་བློས་བྱས་ཡོད་པས་དེ་གསུམ་ལ་ཞེན་ན་ཁམས་གསུམ་དུ་གོལ་ཞིང་། ཞེན་འཛིན་མེད་ཀྱང་གནས་ལུགས་ཀྱི་རང་ཞལ་མ་མཐོང་ན་ཉན་རང་གི་འབྲས་བུར་གོལ་ལོ། །ཞེས་བཞེད་པ་ལས། བྱམས་སྙིང་རྗེ་མེད་པ་དང་དཔྱད་པའི་སྟོང་ཉིད་ཀྱིས་ཐེག་དམན་ཙམ་དུ་གོལ་བ་རྗེ་སྒམ་པོ་པའི་གསུང་སྒྲོས་ལས་འབྱུང་མོད་ཀྱང་། ཉན་རང་
(༥༧༤)གི་འབྲས་བུ་ཐོབ་པ་ལ་ཞི་གནས་དང་བདག་མེད་པར་དམིགས་པའི་ལྷག་མཐོང་གཉིས་ཀ་དགོས་ཤིང་། ཉོན་མོངས་པ་རྣམས་སྤངས་པ་ཞིག་དགོས་པ་བཤད་ལ། ལྷག་མཐོང་མེད་པའི་བདེ་གསལ་མི་རྟོག་པ་ཞེན་མེད་དུ་སྐྱོང་བ་ཙམ་འཇིག་རྟེན་པའི་བསམ་གཏན་ཕལ་པ་ཡིན་པས། དེས་ཉན་རང་དགྲ་བཅོམ་ཐོབ་པ་མི་འཐད་དམ་སྙམ་མོ། །འོ་ན་རྗེ་སྒམ་པོ་པས། སྣང་ལ་མ་ངེས་པ་འགོག་པའི་རྒྱུར་འགྲོ་ཉེན་ཡོད་གསུང་བ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཚོགས་ཆོས་བཀྲ་ཤིས་ཕུན་ཚོགས་ལས། བླ་མ་ཆོས་ཀྱི་སྤྱན་ཅན་སེམས་ཉིད་སྟོང་པ་ཉིད་མངོན་སུམ་དུ་བྱས་པ་ཅིག་གིས་བདེ་གསལ་མི་རྟོག་པ་གསུམ་སྐྱེ་མེད་དུ་ངེས་སུ་འཇུག །སྐྱེ་མེད་དུ་མ་ངེས་ན་ནི་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བརྟགས་མིན་གྱི་འགོག་པར་འགྲོ། ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན། ཞེས་གསུངས་པ་ལྟར་སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་ལ། དེ་དག་ནི་མངོན་པ་མཛོད་ལས།
(༥༧༥)སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་པའི་རང་འགྲེལ་དུ། ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་སུ་གྱུར་བ། བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། འདི་སོ་སོར་བརྟགས་པས་ཐོབ་པ་ནི་མ་ཡིན་ནོ། །ཞེས་སོགས་བཤད་པ་ལྟར། རྐྱེན་མ་ཚང་པས་མ་འོངས་པའི་ཆོས་ཟག་བཅས་ཟག་མེད་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ། སོ་སོར་བརྟགས་འགོག་ལས་རྫས་གཞན་པའི་འགོག་པ་ཞིག་གོ །དེའི་འབྲས་བུ་གར་སྐྱེ་ཆ་མེད་པའི་རྒྱུ་མཚན་ནི། སྤྱོད་འཇུག་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་དང་། མདོ་ལས། འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཕྱིར་ཞིང་ཉོན་མོངས་རབ་འཁྲུག་སྟེ། །ལྷག་སྤྱོད་
(༥༧༦)ཀྱི་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་པ་ལྟར་རོ། །དེ་ལ་འདུ་ཤེས་མེད་པ་པོ་ནི། འདུ་ཤེས་མེད་པའི་ལྷ་དག་ཏུ་སྐྱེས་ཤིང་སེམས་བྱུང་འགོག་པར་བྱེད་པ་ཞིག་དང་འདུ་ཤེས་མེད་པའི་སྙོམས་འཇུག་ནི། དེས་བསམ་གཏན་བཞི་པ་ལ་བརྟེན་ནས་འདུ་ཤེས་མེད་པ་ལ་ཐར་པར་འདུ་ཤེས་པས་སེམས་དང་སེམས་བྱུང་འགོག་པའི་སྙོམས་འཇུག་ཞིག་དང་། འགོག་པའི་སྙོམས་འཇུག་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་བརྟེན་ནས་འདུ་ཤེས་དང་ཚོར་བས་སྐྱོ་སྟེ་དེ་དག་ཞི་བ་མངོན་དུ་བྱ་བར་འདུ་ཤེས་པས་སེམས་སེམས་བྱུང་རྣམས་ཞི་བའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་ཞིག་ཡིན་ལ། དེ་རྣམས་སྐབས་འདིར་གོལ་སར་འབྱུང་བའི་དོན་ནི། དེ་དག་ཐམས་ཅད་བདག་མེད་པའི་དོན་དང་མི་ལྡན་པས་འཁོར་བའི་རྩ་བ་བདག་འཛིན་ཞི་བར་མི་ནུས་ལ། དེ་མ་ནུས་པས་སླར་ལས་ཉོན་སྐྱེས་ནས་འཁོར་བར་འཁོར་ཏེ། ཆོས་གྲགས་ཀྱིས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་
(༥༧༧)ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་ལྟར་རོ། །དེས་ན་ལྷག་སྤྱོད་ཀྱིས་ཏིང་ངེ་འཛིན་བསྒོམས་པ་ལྟར་སྲིད་པའི་རྩེ་མོའི་སེམས་ཐོབ་ཀྱང་འཁོར་བ་ལས་མི་འདའ་བའི་དོན་དེ་ལྟར་ཡིན་ནོ། །སོ་སོར་བརྟགས་འགོག་ནི། བདེན་པ་བཞི་ལ་བར་ཆད་མེད་ལམ་གྱི་ཤེས་རབ་ཀྱིས་སོ་སོར་བརྟགས་པས་ཐོབ་པའི་འགོག་པ་ཟག་བཅས་ཀྱི་ཆོས་དང་བྲལ་བ་ཞིག་ཏུ་བཤད་དོ། །དེ་ལྟར་ན་འགོག་པའི་རྣམ་དབྱེ་རྣམས་ཞིབ་ཏུ་མི་ཤེས་པར། སྣང་ལ་མ་ངེས་པ་འགོག་པའི་རྒྱུར་འགྲོ་ཉེན་ཡོད་གསུངས་པ་ཙམ་ལ་འཁྲུལ་ནས། མི་མཁས་པ་དག་ཉན་ཐོས་འགོག་པའི་གླེང་བསླང་མང་དུ་བྱེད་པ་ཕལ་ཆེར་ནི་བླུན་གཏམ་བརྒྱུད་པ་ཁོ་ནར་སྣང་ལ། མཁས་པར་གྲགས་པ་དག་གིས་ཀྱང་། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཞེས་འཆད་ཅིང་དེའི་རྗེས་སུ་ཅལ་སྒྲོག་ཏུ་སྨྲ་ཡང་། ཉན་ཐོས་འགོག་སྙོམས་ལ་འཇུག་
(༥༧༨)ནུས་པ་ནི། ཉན་ཐོས་ཕྱིར་མི་འོང་དང་དགྲ་བཅོམ་ཡིན་ལ། དེའི་འགོག་སྙོམས་ལ་གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་དགོས་པའང་མ་གོ་བའི་གཏམ་དུ་སྣང་ཞིང་། གལ་ཏེ་དེ་ལྟར་གོ་ན། དེ་ཉིད་དུད་འགྲོའི་རྒྱུ་དང་ཕྱོགས་མཚུངས་སུ་ཁྱེད་རང་གིས་བཤད་པ་ནོངས་པར་འགྱུར་རོ། །ཡང་དགོངས་གཅིག་པ་རྡོ་རྗེ་ཤེས་རབ་ཀྱིས། བདེ་ཉམས་ཆགས་པར་མ་སོང་བས་འདོད་ཁམས། གསལ་ཉམས་འཛིན་པར་མ་སོང་བས་གཟུགས་ཁམས། མི་རྟོག་པ་བློས་བྱས་སུ་མ་སོང་བས་གཟུགས་མེད་འགྲུབ། ཅེས་འཆད་དེ། དེའི་ཤུགས་བསྟན་གྱིས་བདེ་ཉམས་ལ་ཆགས་པ་དང་གསལ་ཉམས་ལ་འཛིན་པ་སྐྱེས་པ་དང་མི་རྟོག་པ་བློས་བྱས་པ་རྣམས་ཀྱིས་སྐྱོན་ཆེན་པོར་འཕངས་སོ། །དེས་ན་སྐྱེ་མེད་དུ་མ་ངེས་པའི་མི་རྟོག་པས་ནི། དེས་རྒྱུ་བྱས་ནས་སྟོང་འཛིན་སྐྱེས་ཤིང་ཆད་ལྟ་ཆེན་པོར་འགྱུར་བས། དེའི་འབྲས་བུ་ངན་སོང་དུ་ལྟུང་བ་དང་ཆགས་ཞེན་མེད་ཀྱང་བདེ་གསལ་མི་རྟོག་པའི་ཆར་
(༥༧༩)གཏོགས་ཀྱི་སེམས་བཏང་སྙོམས་པ་དང་། ལུང་མ་བསྟན་གྱི་ཤེས་པ་ཐམས་ཅད་ཀྱང་གོལ་སར་འགྱུར་བའི་རྒྱུ་མཚན་ནི་སྔར་སྒོམ་སྐྱོན་སེལ་བའི་སྐབས་སུ་བརྗོད་ཟིན་ལ། གཞན་ཡང་རྗེ་སྒམ་པོ་པས། ཤེས་བྱ་གཟུང་འཛིན་གྱིས་སྟོང་པ་དེ། །ཞེན་པ་བྲལ་ཡང་དོན་མ་མཐོང་། །གཉིས་འཛིན་མ་བྲལ་སྒོམ་པ་དེ། །ཉམས་སུ་མྱོང་ཡང་དོན་མ་མཐོང་། །རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །སྡོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །སྙིང་རྗེ་མེད་པའི་ཆོས་པ་དེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་ལམ། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་བདེ་གསལ་མི་རྟོག་པ་ཆར་གཏོགས་ཀྱི་ཉམས་ཕལ་ཆེར་གོལ་སར་འགྱུར་བའི་རྐྱེན་ནི། ཉམས་མྱོང་དེ་དག་ཐམས་ཅད་ཀྱི། །ངོ་བོ་སྐྱེ་འགག་དང་བྲལ་ཞིང་རང་བཞིན་ངོས་བཟུང་མེད་པ། སྐྱེ་མེད་སྟོང་པ་ཉིད་དུ་མ་ངེས་པར་ཀུན་རྫོབ་ཙམ་དུ་ལུས་ཀྱི་རྩ་རླུང་ཐིག་ལེའི་རྟེན་
(༥༨༠)འབྲེལ་ལ་བརྟེན་ནས་ཤར་བའི་བག་ཆགས་ཀྱི་ཉམས་སྣང་ལ་དངོས་འཛིན་དང་བདེན་ཞེན་ཞུགས་ནས་གོལ་བ་ཡིན་ལ། དེས་ན་ཐམས་ཅད་ལ་སྐྱེ་མེད་དུ་ངེས་པའི་དྲན་རྒྱུན་དང་ལྡན་པས་བདེན་ཞེན་གྱི་འཛིན་པ་མ་ཞུགས་པར་བསྐྱང་བས་གོལ་བར་མི་འགྱུར་ཏེ། རྗེ་སྒམ་པོ་པས། བདེ་གསལ་མི་རྟོག་པ་གསུམ་སྐྱེ་མེད་དུ་ངེས་སུ་འཇུག །སྐྱེ་མེད་དུ་མ་ངེས་ན་ནི་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། ཞེས་སོགས་གོང་དུ་དྲངས་པ་དང་། ཡང་། སྤྱིར་ཁམས་གསུམ་དང་བསམ་གཏན་བཞི་དང་སྐྱེ་མཆེད་བཞིར་གོལ་བར་བཤད་པ་དེ་འཛིན་པ་བག་ཙམ་ལ་བརྟེན་ནས་གོལ་བ་ཡིན། ཉན་ཐོས་སུ་གོལ་བ་ནི་དཔྱད་པའི་སྟོང་པ་ལ་གོལ་བ་ཡིན། ངོ་བོ་འཛིན་མེད་དུ་གནས་པ་ལ་གོལ་ས་མེད་པ་ཡིན། ཞེས་དང་། སྤྱིར་གོལ་བ་ཐམས་ཅད་ནི་ཞེན་པའམ་འཛིན་པས་གོལ་བ་ཡིན་པས། ཞེན་པའམ་འཛིན་པའི་ཆ་ཐམས་ཅད་དང་བྲལ་བར་བྱས་ལ། ཞེན་མེད་འཛིན་མེད་དུ་ཁྲེས་སེ་བཞག་གོ །བླང་
(༥༨༡)དོར་བྱར་མེད་དུ་ཁྲེས་སེ་བཞག་གོ །དེ་ལྟར་མ་བཅོས་པར་བཞག་པ་དེ་ཀ་ལ་སྒོམ་ཞེས་ཐ་སྙད་བཏགས་པ་ཡིན་ནོ། །སྒྲོན་མ་ལས། བཏང་སྙོམས་ཙམ་དུ་མ་བཅོས་དང་བཞག་ན། །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འོ་ན་སྐྱེ་མེད་དུ་ངེས་པ་ཁོ་ནས་ཆོག་མོད་པ་དེ་གསལ་མི་རྟོག་པའི་ཉམས་མྱོང་གཏན་མི་དགོས་སམ་སྙམ་ན། དེ་ཡང་ཅུང་ཟད་མིན་ཏེ། རྗེ་སྒམ་པོ་པས། བདེ་གསལ་མི་རྟོག་པ་མེད་པར་སེམས་སྐྱེ་མེད་ཀྱི་ངོ་བོ་ཙམ་ལ་ཡང་ངེས་ན། བླ་མ་མི་ལའི་ཞལ་ནས། དེ་དེ་ཡིན་ཏེ་དེ་ཉིད་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །གསུང་། ཇོ་བོ་ཆེན་པོའི་ཞལ་ནས། ངེས་འབྱུང་བག་ཆགས་བྲལ་པས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བུང་བས་འཇིབ་པ་འདྲ། །ཞེས་པ་དྲངས་ཏེ་རྟོགས་པ་དང་ཉམས་མྱོང་གཉིས་ཀ་དགོས་པར་གསུངས་སོ། །འོ་ན་ཇི་ལྟར་ཡིན་ཞེ་ན། ལྟ་
(༥༨༢)བ་རྟོགས་པ་དང་འབྲེལ་བ་ཞེས་པ། སེམས་ཀྱི་ངོ་བོ་རང་བཞིན་གྱི་གནས་ལུགས་དེ་ཉིད་མཐའ་བྲལ་ལམ་སྤྲོས་བྲལ་དུ་བློས་བྱས་པའམ་གོ་ཚོད་ཙམ་དུ་མ་ལུས་པར། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་གྲུབ་པ་མེད་ཅིང་སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པར་མངོན་སུམ་དུ་རྟོགས་པ་ཞིག་དང་། ལྟ་བ་དེའི་སྒོམ་པ་ཉམས་མྱོང་དང་འབྲེལ་བ་ཞེས་པ། དེ་ལྟར་རྟོགས་པའི་དོན་དེ་ཡང་གོ་ཡུལ་ཙམ་བརྒྱད་དུ་མ་ལུས་པར་རིག་ཐོག་ཏུ་གསལ་སིང་ངེ་ཉམས་སུ་མྱོང་བ་ཞིག་དགོས་པར་གསུངས་ཤིང་། ཡང་རྗེ་སྒམ་པོ་པས། དེ་ཡང་དང་པོར་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་སློབ། དེ་ཡང་ཤེས་པ་མ་ཡེངས་པ་ལ་སློབ། དེ་ཡང་རིག་པའི་ངོ་བོ་ལ་ཡེ་མ་ཡེངས་པར་བྱ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན། ཞེས་དང་། དེ་ཡང་རིག་པ་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་
(༥༨༣)པ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཉམས་མྱོང་ལ་ནི་རྟོགས་པའི་རང་ཉམས་སམ་ངོ་བོའི་རང་ཉམས་ཞེས་བཞེད་ཅིང་། ཉམས་རྟོགས་དབྱེར་མེད་ཀྱི་སྒོམ་པ་གོལ་འཆུགས་དང་བྲལ་བར་བཞེད་དེ། རྗེ་སྒམ་པོ་པས། འོ་ན་སྒོམ་པ་དང་འབྲེལ་བའི་ཉམས་དེ་གང་ཡིན་ཞེ་ན། ངོ་བོའི་རང་ཉམས་ཟེར། ལྷན་ཅིག་སྐྱེས་པའི་རང་ཉམས་ཟེར། གཉུག་མའི་རང་ཉམས་ཟེར། ཕྱག་རྒྱ་ཆེན་པོའི་རང་ཉམས་ཟེར་བ་ཡིན། དེ་གང་ལ་ཟེར་ན་རང་གི་སེམས་ཀྱི་ངོ་བོ་ལ་ཟེར། དེ་ཇི་ལྟ་བུ་ཡིན་ཞེ་ན། ཡོད་པ་ཡང་མ་ཡིན་པ་སྟེ། ངོས་བཟུང་རྒྱུ་སྐྲའི་རྩེ་མོ་བརྒྱར་བཤགས་པ་ཙམ་ཡང་མེད། མེད་པ་ཡང་མ་ཡིན་ཏེ། ཉམས་སུ་མྱོང་རྒྱུ་དང་རྟོགས་རྒྱུ་ཡོད་པ་ཡིན་ཏེ། དེ་ལྟ་བུའི་སེམས་ཀྱི་ངོ་བོ་དེ་གསལ་སྟོང་ངོས་བཟུང་མེད་པ། གསལ་སྟོང་རྒྱུན་ཆད་མེད་པར་ཤར་དགོས། དེ་ལྟ་བུ་ཤར་ན་སྒོམ་པ་ཉམས་མྱོང་དང་འབྲེལ་བ་བྱ་བ་ཡིན། ཉམས་དང་རྟོགས་པ་དུས་གཅིག་མཆི། །ཟེར་བའང་དེ་ལ་
(༥༨༤)ཟེར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་འགའ་ཞིག་གིས། བདེ་དང་གསལ་དང་མི་རྟོག་གསུམ། །དེ་གསུམ་སྒོམ་གྱི་གོལ་ས་ཡིན། །བདེ་དང་གསལ་དང་མི་རྟོག་གསུམ། །དེ་གསུམ་སྒོམ་གྱི་ཡང་རྩེ་ཡིན། །ཞེས་གླེང་པ་ཡང་། སྔ་མ་ཞེན་འཛིན་ཞུགས་པའི་ཉམས་མྱོང་དང་། ཕྱི་མ་རྟོགས་པའི་རང་ཉམས་ལ་ཟེར་རོ། །འདིར་ཁ་ཅིག །གོལ་ས་གསུམ་པོ་བཅད་ཙམ་གྱིས། །ཕྱག་རྒྱ་ཆེན་པོར་འགྱུར་ན་ནི། །ཉན་ཐོས་འགོག་པ་དེར་འགྱུར་རོ། །ཞེས་ཟེར་བའང་སྨྲ་འདོད་པ་ཙམ་དུ་ཟད་དེ། ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་གོལ་ས་གསུམ་པོ་གཅོད་དགོས་པར་འདོད་ཀྱི། གོལ་ས་གསུམ་པོ་བཅད་པ་ཙམ་གྱིས་ཕྱག་ཆེན་དུ་འགྱུར་བར་ཁས་མ་བླངས་པས་བསྙོན་ཚིག་ཏུ་སྣང་བའི་ཕྱིར་དང་། གོལ་ས་གསུམ་ནི་ཁམས་གསུམ་ཡིན་ཞིང་དེར་མ་གོལ་བ་གཞན་ཡང་ཡོད་པ་ལ། ཉན་ཐོས་འགོག་པ་ཁོ་ན་དམིགས་བསལ་དུ་བརྗོད་པ་སྐབས་སུ་མི་བབ་པའི་ཕྱིར་དང་། ཉན་ཐོས་འགོག་སྙོམས་ལ་
(༥༨༥)འཇུག་ནུས་པ་ནི་ཉན་ཐོས་ཕྱིར་མི་འོང་ལུས་མངོན་བྱེད་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་ཡིན་ལ། དེ་དག་འདོད་ཁམས་པ་དང་གཟུགས་ཁམས་པའི་ལུས་ཀྱི་ལྷག་མ་དང་བཅས་པ་ཡིན་པས་གོལ་ས་གསུམ་པོ་མ་སྤངས་པའི་ཕྱིར་རོ། །ཡང་ཁ་ཅིག །སྟོང་པ་ཉིད་ལ་འདྲིས་བྱ་ཡི། །སྟོང་ཉིད་མངོན་དུ་མ་བྱེད་ཅེས། །ཤེས་རབ་ཕ་རོལ་ཕྱིན་ལས་གསུངས། །སྟོང་ཉིད་རྐྱང་པ་བསྒོམས་ན་ནི། །སྟོང་པ་ཉིད་ཀྱང་རྟོགས་མི་ནུས། །གལ་ཏེ་སྟོང་ཉིད་རྟོགས་ན་ཡང་། །ཉན་ཐོས་ཀྱི་ནི་འགོག་པར་ལྟུང་། །ཞེས་པའང་མི་ལེགས་ཏེ། སྟོང་ཉིད་མངོན་དུ་མ་བྱས་པར་སྟོང་ཉིད་ལ་གོམས་འདྲིས་བྱ་བར་མི་ནུས་པས། དེ་ཤེར་ཕྱིན་ལས་གསུངས་པ་རྫུན་རིབ་ཏུ་འགྱུར་བའི་ཕྱིར་དང་། འདིར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒོམ་པ་ལ་སྟོང་ཉིད་རྐྱང་པ་བསྒོམས་པའི་སྐྱོན་མི་འཇུག་པའི་ཕྱིར་དང་། སྐྱོན་ཕྱི་མ་གཉིས་ཁྱེད་རང་གི་ལྟ་བ་དཔྱད་སྟོང་མེད་དགག་ཏུ་འདོད་པ་ལ་བཟློག་
(༥༨༦)པར་འགྱུར་བའི་ཕྱིར་དང་། དཔྱད་པའི་སྟོང་ཉིད་དེ་ནི་དུས་འཁོར་ཡེ་ལེའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་ཆད་ལྟའི་སྟོང་ཉིད་དུ་བཤད་ནས་དེ་སྤང་བྱར་གསུངས་པའི་ཕྱིར་རོ། ༈ །གཉིས་པ་བར་དུ་གཅོད་པའི་གེགས་བསལ་བ་ལ། ཏིང་ངེ་འཛིན་སྤྱིའི་གེགས་བསལ་བ་དང་། ཕྱི་ནང་གི་གེགས་གཞན་བསལ་བ་གཉིས་ཀྱི། དང་པོ་ནི། སྤྱིར་ཏིང་ངེ་འཛིན་གྱི་བྱེ་བྲག་ཅི་འདྲ་ཞིག་སྐྱོང་ཡང་། སྐྱོང་རྒྱུའི་དམིགས་པ་དེ་ཉིད་སྒྲིབ་གཡོགས་དང་བྲལ་བར་གསལ་ཐོན་པ་ཞིག་དང་། གསལ་བ་དེ་ཉིད་རྣམ་པར་གཡེང་བས་མི་གཡོ་བར་བརྟན་པ་ཅིག་སྟེ་གཉིས་ཚོགས་དགོས་པ་ལས། སྔ་མའི་གེགས་ནི་བྱིང་ཕྱོགས་ཀྱི་བྱེད་ལ། ཕྱི་མའི་གེགས་ནི་རྒོད་ཕྱོགས་ཀྱིས་བྱེད་པས་བྱིང་རྒོད་གཉིས་ནི་ཏིང་ངེ་འཛིན་སྐྱོང་བའི་གེགས་ཀྱི་རྩ་བ་ཡིན་ལ། ནང་སེལ་དུ་ཕྱེ་ན། བྱིང་ཕྱོགས་ལ་བྱིང་བ་ཉིད་དང་རྨུགས་པ་དང་ཐིབས་པ་དང་། གཉིད་དང་སྙོམས་པ་སོག་པ་དང་། རྒོད་ཕྱོགས་ལ་རྒོད་པ་ཉིད་དང་འགྱོད་
(༥༨༧)པ་དང་ཐེ་ཚོམ་དང་འདོད་འདུན་དང་གནོད་སེམས་ལ་སོགས་པ་སྟེ། ལས་དང་པོ་པ་ལ་དེ་དག་གེགས་སྐྱོན་དུ་འགྱུར་བས་བསལ་དགོས་ལ། དེ་དག་གི་ངོས་འཛིན་དང་གཉེན་པོ་བསྐྱེད་ཚུལ་རྣམས་ཞི་ལྷག་སྤྱི་བཤད་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་རོ། །ཆོས་ཐམས་ཅད་ཀྱི་རང་བཞིན་རིག་ནས་རྟོགས་པ་མངོན་དུ་གྱུར་པ་དག་ལ་ནི་བྱིང་རྒོད་ལ་སོགས་པའི་རང་བཞིན་རིག་པས་དེ་ཉིད་སྒོམ་དུ་འཆར་བ་ཡིན་ཏེ། རྗེ་བཙུན་ཆེན་པོས། སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་བསལ། །སྒོམ་པ་འཐོར་རྨུགས་བྱིང་རྒོད་སྐྱོན་བསལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་གི་སྟོན་པ་བ། །ཞེས་དང་། རྗེ་སྒམ་པོ་པས། བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་ལྟོས། །ཞེས་པ་ལྟར་རོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། དེ་ལ་གེགས་ནི་རྣམ་གཉིས་ཏེ། །ཕྱི་དང་ནང་གི་སྤྱོད་ཡུལ་ལོ། །ཞེས་དང་། གློ་ལུད་དབུགས་བརྣངས་རིམས་དང་སྐྱུག །སྐྱ་སྦབ་ནད་དང་
(༥༨༨)ཡི་ག་འཆུ། །དེ་ལ་སོགས་པའི་རིམས་རྣམས་ནི། །རླུང་གྲང་ཚ་བ་ལ་སོགས་པ། །མི་བཟད་ངོ་བོ་ཅན་འབྱུང་བ། །ནང་གི་ཡིན་པར་ཤེས་པར་བྱ། །ཕྱི་རོལ་གྱི་ནི་གེགས་ཆེན་རྣམས། །མི་དང་དེ་བཞིན་མི་མིན་ཏེ། །ཡེ་ཤེས་ཚེར་མ་དེ་དག་ནི། །སྤྱོད་པ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་གཞིག་པའི་ཕྱིར་འབྱུང་སྟེ། །དཀའ་ཐུབ་གནས་ན་རྨོངས་པར་བྱེད། །ཅེས་གསུངས་པ་ལྟར། ཕྱི་མི་དང་མི་མ་ཡིན་པའི་གེགས་དང་། ནང་ནད་དང་རྣམ་པར་རྟོག་པའི་གེགས་གཉིས་ལས། སྔ་མ་ལ་མི་ནི། རང་གི་ཉེ་དུ་དང་འཁོར་ལ་སོགས་པས་བྲིད་དེ་འཇིག་རྟེན་གྱི་སྣང་ཤས་ལ་བློ་སྣ་འཁྲིད་པ་དང་། དགྲ་དང་ཆོམ་རྐུན་ལ་སོགས་པས་བཙེས་པའི་དབང་དུ་སོང་ནས་དགེ་སྦྱོར་ལ་བརྩོན་པ་དོར་བ་དང་། མི་མ་ཡིན་པ་ནི། འབྱུང་པོ་དང་ཡི་དྭགས་ཀྱི་ཆོ་འཕྲུལ་ལ་བརྟེན་པ་སོགས་ཐོགས་མེད་དང་། མི་རྒོད་དང་གཅན་ཟན་ལ་སོགས་པ་ཐོགས་བཅས་ཀྱི་བདུད་ཀྱིས་བར་དུ་བཅད་པའི་དབང་དུ་སོང་བའོ། །ཕྱི་མ་ལ་ནད་
(༥༨༩)ཀྱི་གེགས་ནི། ལུས་ཀྱི་འབྱུང་བ་བཞི་འཁྲུགས་པའམ་འདུ་བ་ཆ་མ་སྙོམས་པ་ལས་འབྱུང་བ་སྟེ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་སྣ་ཚོགས་པས་བར་དུ་གཅོད་པ་དང་། རྣམ་རྟོག་གི་གེགས་ནི། ཉོན་མོངས་པ་ལྔའི་རྟོག་པ་རྣམས་བྱུང་རྒྱལ་དུ་ཤར་བ་གཉེན་པོས་མ་ནོན་ཞིང་ལྟ་སྒོམ་གྱིས་ལམ་དུ་མ་སླངས་པར་ཆོས་བརྒྱད་ཀྱི་དབང་དུ་སོང་བ་རྣམས་ཏེ། དེ་དག་ཐམས་ཅད་བར་ཆད་དུ་ཤེས་པར་བྱས་ནས་སོ་སོའི་སྐྱོན་བསལ་བར་བྱའོ། །གཞན་ཡང་མཁས་གྲུབ་ལྕེ་སྒོམ་པ་ནི། ཐིབས་བདུད་མགོ་ལ་ཞུགས་པ་ཞེས་དགེ་སྦྱོར་གྱི་ཉམས་མྱོང་མི་གསལ་བ་དང་། སྨྲ་བདུད་ལྕེ་ལ་ཞུགས་པ་ཞེས་སྨྲ་བ་ལ་དགའ་ཞིང་ཁྱད་པར་ཉམས་མྱོང་གསང་མི་ཐུབ་པ་དང་། འཕྲོ་བདུད་སྙིང་ལ་ཞུགས་པ་ཞེས་ཤེས་པ་ཡུལ་ལ་འཕྲོ་ཞིང་བློ་རྣལ་དུ་མི་ཕེབས་པ་དང་། འགྲོ་བདུད་རྐང་ལ་ཞུགས་པ་ཞེས་དབེན་པར་སྡོད་མི་ཚུགས་པར་འགྲོ་འདོད་པ་རྣམས་འབྱུང་བ་
(༥༩༠)བ་ལ་རིམ་བཞིན། བླ་མ་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་སྤྱི་བོར་བསྒོམས་ནས་སོ་སོའི་གེགས་ཞི་བར་གསོལ་བ་དྲག་པོ་བཏབ་པས་ཞི་བར་བཞེད་དོ། །མདོར་ན་ལྟ་སྒོམ་གྱི་ཡོན་ཏན་ཡར་འཕེལ་དུ་འགྲོ་བ་ལ་གནོད་ན། བསོད་ནམས་སྐྱེས་པ་དང་ཐུན་མོང་གི་དངོས་གྲུབ་བྱུང་བའང་མཆོག་འགྲུབ་པའི་བར་ཆད་ཀྱི་གེགས་སུ་བཤད་པས་གཉེན་པོ་དང་ལམ་ཁྱེར་ཅི་རིགས་པས་སྐྱོན་སེལ་བར་བྱའོ། །དེ་དག་གིས་སྒོམ་གྱི་ཤོར་གོལ་གཅོད་པ་བཤད་ཟིན་ཏོ། །བཞི་པ་སྐྱེ་མེད་དུ་ཐག་བཅད་དེ་བོགས་དབྱུང་བ་ལ་སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ་དང་། ལམ་ཁྱེར་གྱི་སྤྱོད་པས་རྩལ་སྦྱོང་བ་གཉིས་ལས། དང་པོ་ལ། ལ་བཟླའི་མིང་དོན་དང་དུས་ཚོད། ལ་བཟླ་སའི་གཤིས་ཀྱི་གནས་ལུགས། ལ་བཟླ་རྒྱུའི་སེམས་ཀྱི་ངོ་བལྟ། སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ་དངོས། དེས་ཉིན་མཚན་ཁོར་ཡུག་ཏུ་བསྲེ་བ་ལྔའི། དང་པོ་ནི། ལ་བཟླ་ཞེས་པའི་མིང་དོན་ནི་སོམ་ཉི་མི་
(༥༩༡)ཟ་བར་བློས་ཐག་གཅོད་པའི་དོན་ཡིན་ལ། སྐབས་འདིར་ནི། རང་གི་སེམས་སྐྱེ་འགག་གནས་གསུམ་དང་དུས་གསུམ་ལ་སོགས་པའི་སྒྲོས་པ་བཅད་དེ་སྐྱེ་མེད་ཟང་ཐལ་ཆེན་པོར་བློ་ཐག་གཅོད་པའི་དོན་ཡིན་ཏེ། ཏཻ་ལོ་པས། ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ཞེས་གསུངས་པ་ལྟར་རོ། །འདིའི་དོན་ནི་བྲམ་ཟེ་ཆེན་པོས། རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་ཐོབ་པ་དེ་ཡིས་མཆོག །ཅེས་དང་། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པས་རྟོགས། །ཞེས་དང་། ཤ་ཝ་རས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང་། །ཞེས་དང་། ཏཻ་ལོ་པས། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་དང་། མཻ་ཏྲི་པས། ཆོས་ཀུན་མཁའ་འདྲ་མཉམ་གནས་ལ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་སོགས་ཀྱིས་བསྟན་ཞིང་། སྒྲུབ་བརྒྱུད་འདིར་
(༥༩༢)མཉམ་མེད་དྭགས་པོའི་གབ་པ་མངོན་ཕྱུང་གི་མན་ངག་ལ་སོགས་པའི་དགོངས་པ་ཡིན་ལ། ལ་བཟླའི་དམིགས་རིམ་ནི་ཕྱིས་སྒྲུབ་བརྒྱུད་པ་རྣམས་ཀྱིས་རྣམ་གྲངས་དུ་མ་བཤད་དོ། །ལ་བཟླ་བའི་དུས་ཚོད་ནི། སྒྲུབ་པ་པོ་བདེ་གསལ་མི་རྟོག་པའི་ཉམས་མྱོང་མཐུག་པོ་དག་ནས། རིག་པ་ལ་གསལ་དྭངས་ཐོན་ཏེ་གསལ་སྟོད་།།ནམ་མཁའ་ལྟ་བུའི་སྒོམ་ཁོར་ཡུག་ཏུ་སོང་བའམ། ཉིན་སྣང་ཤས་ཆེར་ཉམས་དེས་ཁོར་ཡུག་ཏུ་འགྲོ་ཞིང་། རྟོག་པ་འགྱུ་ཐོག་ཏུ་དྲན་པས་ནམ་ཟིན་འགྱུ་བ་སྟོང་གསལ་སྟོང་འགྱུར་འཆར་ལ། ཚོགས་དྲུག་གི་ཡུལ་སྣང་གི་ཐོག་ཏུ་དྲན་པས་ནམ་ཟིན་སྣང་བ་སྟོང་སྣང་དུ་ས་ལེར་འཆར་བ་སྟེ། མདོར་ན་རྟོག་པ་དང་སྣང་བ་ཐམས་ཅད་གསལ་སྟོང་སྣང་སྟོང་སྒྱུ་མ་ལྟ་བུའི་ཉམས་མྱོང་དང་ངེས་ཤེས་ཐག་ཆོད་པ་སྐྱེས་པའི་ཚེ་ལ་བཟླ་བ་ཡིན་ལ། དེ་ཡང་ལ་བཟླ་སྔས་ན་ནི། རང་གི་རིག་ཐོག་ཏུ་ཉམས་མྱོང་ངེས་ཤེས་དང་བཅས་པའི་རྐང་མི་ཚུགས་པར། གོ་ཡུལ་
(༥༩༣)ཙམ་ལ་བརྟེན་ནས་ཆོས་ཀྱིས་དྲེང་པའི་སྟོང་སྐད་ཀྱི་ཁ་ལྟ་མཐོ་བ་ཞིག་འོང་ཞིང་། དེས་བློ་འཆོལ་ཏེ་རང་ཡང་འཁྲུལ་རློམ་གྱི་དབང་དུ་འགྲོ་ལ། གཞན་གྱིས་ཀྱང་རྟོགས་པ་དང་ལྡན་པར་མཐོང་བ་འབྱུང་ཡང་། དེ་ནི་དྲེད་པོ་ཆོས་རྒྱུས་མཁན་ཕྱི་ལྡིར་ནང་སྟོང་ཁང་སྟོང་སྒོ་ལྕགས་ཅན་ལྟ་བུར་གསུངས་པས་དོན་ཐོག་ཏུ་རྟག་མི་ཐུབ་ཅིང་རང་བསླུ་བར་འགྱུར་རོ། །ཧ་ཅང་ཕྱིས་ནས་ལ་བཟླ་མ་ཤེས་ན། སྐལ་ལྡན་ལས་འཕྲོ་ཅན་དག་རང་སེམས་དང་སྣང་བ་སློབ་དཔོན་དུ་ཤར་ཏེ་ཉམས་མྱོང་གི་ཞེན་འཛིན་རང་དག་ལ་སོང་ནས་གྲོལ་བ་ཐོབ་པར་འགྱུར་ཡང་། ཕལ་ཆེར་རང་གི་ཉམས་མྱོང་ལ་བཟང་རྟོག་ངེས་ཤེས་ཀྱི་འཛིན་པ་ཆེར་སོང་ནས་སྒོམ་ཆེན་མྱོང་བའི་རྩི་ལ་འབྱར་བ་ཞེས་བྱ་བའི་གོལ་སར་ལྟུང་བ་ཡིན་ཏེ། རྗེ་རྒྱ་རས་ཀྱིས། སྒོམ་ཤེས་མང་སྟེ་གཤིག་ཤེས་ཉུང་། །ཞེས་པ་ལྟར་རོ། །དེ་ལྟར་ན་ལ་བཟླའི་མན་ངག་འདི་གནས་སྐབས་ཐོས་ན་ལས་འཕྲོ་ཅན་ཅིག་ཅར་དུ་གྲོལ་བའི་ཐབས་དང་། གཞན་དག་
(༥༩༤)ཀྱང་རྣལ་འབྱོར་བཞི་འོག་མ་འོག་མ་ནས་གོང་མ་གོང་མར་བོགས་འདོན་ཞིང་། དགེ་སྦྱོར་ན་སྤར་བའི་མན་ངག་ཁྱད་པར་ཅན་ཡིན་ལ། གཉུག་མ་རབ་རིབ་ཅན་གྱིས་ལོ་མང་དུ་སྒོམ་དགོས་པའི་དོན་ཐོབ་ཞག་འགའ་ལ་འབྱུང་བར་བཞེད་དོ། །གཉིས་པ་ནི། དེ་ཡང་ལ་བཟླ་ས་ནི། ཆོས་ཐམས་ཅད་ཀྱི་གཞིའི་གནས་ལུགས་སྐྱེ་བ་མེད་པ་དེ་ཉིད་ཡིན་ལ། དེ་ནི་སྔར་གྱི་སེམས་ཀྱི་ངོ་བོའམ་རང་བཞིན་གཏན་ལ་ཕབ་པའི་སྐབས་སུ་བརྗོད་ཟིན་ཞིང་། འདིར་ཡང་ཅུང་ཟད་བཤད་ན། སྲིད་ཞིས་བསྡུས་པའི་ཆོས་ཐམས་ཅད་ནི་རང་སེམས་ཀྱི་སྣང་བ་འབའ་ཞིག་ཡིན་ལ། རང་སེམས་ཀྱི་ངོ་བོའམ་རང་བཞིན་ནམ་གཤིས་ལུགས་ནི། དངོས་པོ་དང་དངོས་མེད་སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་ལ་སོགས་པ་གང་གི་ཡང་ངོ་བོ་ཉིད་དུ་མ་སྐྱེས་པ། གཟུང་འཛིན་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ། འཕོ་འགྱུར་འགྲོ་འོང་སོགས་ཀྱི་གཡོ་བ་མེད་པ། དུས་གསུམ་དུ་འགྱུར་བ་མེད་པས་རྒྱུན་མི་ཆད་པ། ནམ་མཁའ་ལྟར་ཅིས་
(༥༩༥)ཀྱང་མི་གོས་ཤིང་མི་འགྱུར་བ་ཞིག་ཡིན་ཏེ། བྲམ་ཟེ་ཆེན་པོས། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཞེས། །མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱེད། །ཅེས་དང་། ཤ་ཝ་རས། རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུའང་མཚོན་པའི་ཡུལ་ལས་འདས། །དེ་ལྟར་ནམ་མཁའ་སེམས་དང་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་གློ་བུར་བཏགས་པ་ཙམ། །དེ་ནི་དོན་མེད་རྫུན་གྱི་ཚིག་ཏུ་ཟད། །ཅེས་དང་། བིར་ཝ་པས། སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ། །ནམ་མཁའི་རང་བཞིན་གདོད་ནས་མིང་སྟོང་ཡིན་དང་
(༥༩༦)མཚུངས། །ངོ་བོ་ཉིད་ཀྱིས་མ་སྐྱེས་མཚན་མའི་དངོས་དང་བྲལ། །མཁའ་ལྟར་ཀུན་ལ་ཁྱབ་ཅིང་འཕོ་དང་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་སྟོང་ཞིང་ཡེ་ནས་བདག་མེད་དོ། །ཞེས་སོ། །དེ་ཡང་གློ་བུར་དུ་དེ་ལྟར་གྱུར་པ་མ་ཡིན་པར། སེམས་ཀྱི་གཤིས་ཡེ་ནས་དེ་ལྟར་དུ་གནས་ཤིང་འགྱུར་བ་མེད་པ་ཞིག་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྟོང་མི་སྟོང་ལ་སོགས་པར་ཐ་སྙད་བཏགས་ཀྱང་ནམ་མཁའི་རང་བཞིན་འདི་འདྲ་ཞེས་སུས་ཀྱང་བརྗོད་དུ་མེད་པ་ལྟར་རོ། །དེ་སྐད་དུ་ཏཻ་ལོ་པས། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །འདི་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཞེས་སོ། །དེས་ན་སེམས་དང་སེམས་ལས་ཤར་བའི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་མེད་པས། སྐྱེ་འགག་གནས་གསུམ་དང་བྲལ་ཞིང་
(༥༩༧)དྲན་ཡེངས་ལ་སོགས་པས་ཐོབ་ཤོར་དང་འཕོ་འགྱུར་མི་ནུས་པའི་སྐྱེ་མེད་ཟང་ཐལ་ཆེན་པོ་ཞིག་ཡིན་ཏེ། ཤ་ཝ་རས། སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལས་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པས་དུས་གསུམ་མ་སྐྱེས་མི་འགག་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །ཞེས་དང་། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །སྤང་དང་ཐོབ་པའི་དངོས་པོ་འགའ་ཡང་མེད། །ཅེས་པ་ལྟར་རོ། །གསུམ་པ་ལ། རྟོག་པ་དང་སྣང་བའི་ངོ་བལྟ་དང་། བསྒོམ་བྱ་དང་སྒོམ་བྱེད་ཀྱི་ངོ་བལྟ་གཉིས་ཀྱི། དང་པོ་ནི། སྤྱིར་ལམ་འདི་བྱིན་རླབས་ཀྱི་ལམ་ཡིན་པས་བླ་མ་ལ་མོས་གུས་ཀྱི་ཤུགས་བསྐྱེད་དགོས་པ་དང་། ཁྱད་པར་སྒོམ་གྱི་བོགས་འདོན་མོས་གུས་ལ་བརྟེན་ནས་འབྱུང་བར་སྒྲུབ་བརྒྱུད་པ་ཐམས་
(༥༩༨)ཅད་བཞེད་སྲོལ་གཅིག་སྟེ། རྗེ་འབྲི་ཁུང་པས། ཕྱག་རྒྱ་ཆེན་པོའི་བོགས་འདོན་ནི། །བླ་མ་དམ་པའི་མོས་གུས་ཡིན། །ཞེས་དང་། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་པ་དང་། བྲམ་ཟེ་ཆེན་པོས་བཙུན་མོ་དོ་ཧར། སྣ་ཚོགས་ཆོས་རྣམས་ཐམས་ཅད་སྟོང་པར་དོན་གཅིག་པར། །རྟོགས་པར་བྱེད་པ་བླ་མ་དམ་པ་ཉིད་ཡིན་ཏེ། །ངང་པའི་མཆུ་དང་མཚུངས་པའི་རྗེ་བཙུན་མཆོག་དེ་ནི། །གུས་པའི་སེམས་ཀྱིས་གཙང་མའི་སྤྱི་བོར་བླང་བར་བྱ། །ཞེས་སོགས་མང་དུ་བཤད་པ་ལྟར་རོ། །དེ་ལྟར་ན་སྐབས་འདིར་གཞན་དགེ་སྦྱོར་ཅི་རིགས་ཙམ་དང་། ཁྱད་པར་བླ་མའི་རྣལ་འབྱོར་གྱི་སྐབས་སུ་བླ་མ་ལ་ཆོས་སྐུའི་མོས་གུས་བསྐྱེད་ནས་སྣང་སྲིད་ཆོས་སྐུར་རྟོགས་པར་གསོལ་བ་དྲག་ཏུ་འདེབས་པ་སྔོན་དུ་འགྲོ་བས། སྔར་བཤད་པ་ལྟར་ངོ་བོའི་བཞག་ཐབས་ཀྱི་མཉམ་གཞག་རྩེ་གཅིག་
(༥༩༩)ཏུ་བསྐྱངས་ཏེ་རིག་པ་དྭངས་སྙིགས་ཕྱེད་པར་བྱས་ལ། དེ་ནས་རིག་པ་མ་ཡེངས་ཤིང་འདི་སྒོམ་གྱི་གཏད་སོ་མེད་པར་སེམས་གུ་ཡངས་སང་ངེ་བའི་ངང་ནས། ཡིད་ལ་བདེ་དོག་ཆེར་མི་འབྱུང་བའི་རྣམ་རྟོག་ཕྲ་མོ་ཤར་བའམ་ཆེད་དུ་སྤྲོས་ཏེ། དེའི་རྣམ་པ་གསལ་བཞིན་པའི་ངོ་བོ་ལ་འཛིན་མེད་ཡེངས་མེད་དུ་ཅེ་རེ་བལྟ། དེ་བཞིན་དུ་ཡིད་ལ་དགའ་མི་དགའི་ཟུག་རྔུ་བསྐྱེད་པའི་རྣམ་རྟོག་རགས་ལ་མངོན་ཚན་ཆེ་བ་ཤར་བའམ་ཆེད་དུ་སྤྲོས་ཏེ། ཕྲ་རགས་དེ་གཉིས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག་ཡང་ཡང་བལྟ། དེ་ལ་སྒྲོ་འདོགས་ཆོད་ན་དེ་དག་དང་སེམས་གནས་དུས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ། དེ་བཞིན་དུ་བདེ་སྡུག་ལ་སོགས་པའི་ཆོས་བརྒྱད་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྟོག་པ་རྣམ་གྲངས་མང་པོ་ཞིག་ལ་བལྟ། རེས་རྟོག་པ་དགག །རེས་མང་དུ་སྤྲོ། རེས་རྟོག་པའི་རྒྱུན་རྐྱང་འདེད་བྱ་བ་སོགས་སྣ་ཚོགས་པ་བྱས་ནས་སོ་སོའི་ངོ་བལྟ་བྱས་ཏེ་སྒྲོ་
(༦༠༠)འདོགས་བཅད། དེ་བཞིན་དུ་ཕྱི་རོལ་གྱི་ཡུལ་སྣང་རྣམས་ལའང་བརྟག་པར་བྱ་སྟེ། གཟུགས་མཛེས་མི་མཛེས་ཆེ་ཆུང་ཁ་དོག་དབྱིབས་ལ་སོགས་པ་མི་འདྲ་བ་དུ་མ་དང་། སྒྲ་སྙན་མི་སྙན་ཆེ་ཆུང་འགྱུར་ཁུགས་ལ་སོགས་པའི་རྣམ་གྲངས་མང་པོ་དང་། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་དང་མིག་འབྱེད་འཛུམ་གཡས་བལྟ་གཡོན་བལྟ་ལ་སོགས་པའི་སྒོ་ནས་སྣང་བ་འཆར་ལུགས་མི་འདྲ་བ་སྣ་ཚོགས་པ་འོང་བར་བྱས་ཏེ། དེ་དག་གི་ངོ་བོ་དང་སེམས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ་བ་རྣམས་དམིགས་པ་སོ་སོར་ཕྲལ་ཏེ་ཞག་འགའ་སྒྲོ་འདོགས་བཅད་དོ། །དེ་ལྟར་བྱས་པའི་དོན་ཐོབ་ནི། རྟོག་པ་དང་སྣང་བའི་འཆར་སྒོ་ཅི་ཤར་ཡང་དེ་དག་བཀག་པ་དང་འགགས་མི་དགོས་པར་རྣམ་པ་གསལ་བཞིན་དུ་ངོ་བོ་ངོས་བཟུང་མེད་པ་གསལ་སྟོང་སྣང་སྟོང་རང་རིག་ཉག་གཅིག་ཏུ་བློ་ཐག་ཆོད་པ་ཅིག་དགོས་ཏེ། དེའི་དོན་ནི་སྔར་རྣམ་རྟོག་དང་སྣང་བ་ལྷན་སྐྱེས་ངོ་སྤྲོད་ཀྱི་སྐབས་སུ་བཤད་ཟིན་ལ། འདིར་ཡང་བྲམ་ཟེ་ཆེན་པོས། གདོང་དུ་བབ་པ་
(༦༠༡)འདི་ལྟར་སྣང་བ་ཀུན། །ཁྱོད་ཀྱིས་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་དང་། ཤ་ཝ་རས། གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་དང་། བིར་ཝ་པས། དྲན་རྟོག་མཚན་མ་མེད་དེ་སྨིག་རྒྱུའི་ཆུ་བོ་ལྟར། །མ་བཅིངས་མ་གྲོལ་གཉུག་མའི་ངང་ལས་མ་གཡོས་སོ། །ཞེས་དང་། ཏཻ་ལོ་པས། དཔེར་ན་ཁུག་སྣ་སྤྲིན་རྣམས་ནམ་མཁའི་ཁམས་སུ་དེངས། །གར་ཡང་སོང་བ་མེད་ཅིང་གང་དུའང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དེངས། །ཞེས་དང་། མཻ་ཏྲི་པས། མ་སྐྱེས་པ་ལས་རྟོག་པ་གློ་བུར་པ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོར་གནས། །ཞེས་དང་། སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །ཞེས་བཤད་པ་ལྟར་རོ། །གཉིས་
(༦༠༢)པ་ནི། འདིར་བསྒོམ་པར་བྱ་རྒྱུ་ནི་རང་སེམས་ཀྱི་ངོ་ཐོག་དེ་ཡིན་ལ། དེ་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་ངོས་བཟུང་མེད་པའི་བློ་འདས་ཞིག་ཡིན་སྙམ་པའི་ཡིད་བྱེད་དང་གོ་བ་ཙམ་བློ་ལ་ངེས་པས་མི་ཆོག་པར། དེ་ཉིད་འཕྲལ་མར་ཉམས་མྱོང་གི་ཐོག་ཏུ་རྣལ་འབྱོར་མངོན་སུམ་གྱི་ཚུལ་གྱིས་སྒྲོ་འདོགས་གཅོད་དགོས་པས། དེ་ལ་སྔར་བཞིན་དུ་རིག་པ་མ་ཡེངས་ཤིང་གུ་ཡངས་སང་ངེ་བའི་ངང་ནས། བསྒོམ་པར་བྱ་དགོས་རྒྱུའི་དོན་གྱི་ངོ་བོ་དེ་ལ་ཡེངས་མེད་འཛིན་མེད་དུ་ཅེ་རེ་ལྷང་ངེ་བལྟས་ལ་ཇི་ལྟར་འདུག་ཡང་ཡང་བལྟ། དེ་བཞིན་དུ་སྒོམ་པར་བྱེད་མཁན་གྱི་ཤེས་པའི་ངོ་བོ་ལའང་ཅེ་རེ་བལྟས་པས། དེ་གཉིས་ལ་ཕན་ཚུན་ནམ་ཕྱི་ནང་ལྟ་བུའི་གཉིས་སྣང་འདུག་ན་སྒྲོ་འདོགས་མཆོད་པས་སླར་ཡང་ལེགས་པར་བརྟག་སྟེ། མདོར་ན་བསྒོམ་པར་བྱ་དགོས་རྒྱུ་དང་གོམ་པར་བྱེད་མཁན་ཐ་མི་དད་ཅིང་དབྱེར་མེད་པའི་དྲན་རིག་སྒྱུ་མ་ལྟ་བུ་ཙམ་ཞིག་ཏུ་སྣང་བ་དང་དྲན་རིག་དེ་ཡང་མིང་ཙམ་དུ་བཏགས་པ་ལས་དོན་ལ་ངོས་
(༦༠༣)བཟུང་རྒྱུ་དང་མཚན་གཞི་སྤུ་རྩེ་ཙམ་ཡང་མེད་པའི་ཡེ་སྟོང་ཕྱལ་བ་ཉིད་དུ་བློ་ཐག་ཆོད་དགོས་ཤིང་། དེ་ལྟར་སྒྲོ་འདོགས་ཆོད་པ་ན་དེ་བཞིན་དུ་དུས་གསུམ་གྱི་ཤེས་པ་ལ་ཁྱད་པར་ཅི་འདུག་བལྟ་སྟེ། དེ་ཡང་འདས་པའི་སེམས་གར་སོང་། མ་འོངས་པའི་སེམས་གང་ལས་བྱུང་། ད་ལྟའི་སེམས་ཇི་ལྟ་བུ་འདུག་བལྟས་པས་དུས་གསུམ་གྱི་སེམས་སྐྱེ་འགག་གནས་གསུམ་ལྟ་བུར་མཐོང་ན་སྐབས་དོན་ལ་ཕྲིག་མ་ཚུད་པས་སླར་ཡང་ལེགས་པར་བརྟག་སྟེ། རང་བཞིན་ངོས་བཟུང་མེད་པའི་རྒྱུན་ཆད་མ་མྱོང་བས་དུས་གསུམ་དུ་དབྱེར་མེད་པ། ནམ་མཁའ་ལྟར་དུས་ཐམས་ཅད་པའི་ཟང་ཐལ་ཉག་ཅིག་ཏུ་བློ་ཐག་ཆོད་དགོས་སོ། །དེ་བཞིན་དུ་ངའོ་བདག་གོ་སྙམ་དུ་འཛིན་མཁན་དང་། གཞན་ནོ་ཕ་རོལ་ལོ་སྙམ་དུ་འཛིན་མཁན་གྱི་ཤེས་པ་གཉིས་ལའང་བརྟག་པར་བྱ་སྟེ། དེ་ཡང་ཕྱི་ནང་ངམ་ཕན་ཚུན་ལྟ་བུའི་གཉིས་སྣང་འཆར་ན་སྒྲོ་འདོགས་མཆོད་པས་སླར་ཡང་ལེགས་པར་བརྟགས་པ་ན། ཐམས་ཅད་ཀྱང་སེམས་ཉིད་གདོད་མ་ནས་
(༦༠༤)གཞི་མེད་རྩ་བྲལ། ཟླ་མེད་གཅིག་པུ། རང་བྱུང་རང་གྲོལ། དངོས་མེད་ཕྱལ་བ་ཉིད་དུ་བློ་ཐག་ཆོད་དགོས་ཤིང་། དེ་ལྟར་བསྒོམ་བྱ་སྒོམ་བྱེད་དང་། དུས་གསུམ་གྱི་ཤེས་པ་དང་། བདག་གཞན་གཉིས་སྣང་གི་ཤེས་པ་ཐམས་ཅད་ཀྱང་མིང་སོ་སོ་དང་བློས་སོ་སོར་སྒྲོ་བཏགས་པ་ཙམ་ལས་རྒྱུད་ཐ་མི་དད་པར། ངོ་བོ་ཅིར་ཡང་མ་གྲུབ་རྐྱེན་གྱིས་ཅིར་ཡང་འཆར་བའི་སེམས་ཉིད་སྒྱུ་མ་ལྟ་བུ། ངོ་བོ་ལ་འཁྲུལ་གྲོལ་མེད་པ། སྐྱོན་ཡོན་གྱིས་མི་གོས་པ། ཐོབ་ཤོར་དང་འདུ་འབྲལ་མེད་པ་ཞིག་ཏུ་བློ་ཐག་བཅད་ནས། ཞག་འགའ་ཆེད་འཛིན་དང་དགག་སྒྲུབ་མེད་པར་གང་ཤར་རང་བབས་ལྷུག་པ་བཟོ་མེད་བཅོས་མེད་དུ་བསྐྱང་ནས་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད་པར་བྱ་སྟེ། བྲམ་ཟེ་ཆེན་པོས། ཀྱེ་མ་རང་བཞིན་བྲལ་བའི་དེ་ཉིད་སྒོམ་དུ་ཡོད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ནས། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་སྡིག་པ་བྱས། །ཞེས་དང་། སྒོམ་དང་བསྒོམ་བྱ་མེད་པའི་སེམས་ནི་རང་
(༦༠༥)བཞིན་བྲལ། །རེ་དོགས་མེད་པའི་མཐར་ཐུག་པ་ནི་རྡོ་རྗེའི་སེམས། །ཞེས་དང་། བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་དང་། ཤ་ཝ་རས། རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་སྒོམ་དུ་མེད། །གཉིས་མེད་ཤེས་པ་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །ཅེས་དང་། བིར་ཝ་པས། སེམས་ཀྱི་ཆོས་ཉིད་ཀློང་ལ་འདི་ཡིན་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཅེས་དང་། མཐོང་བྱ་མཐོང་བྱེད་བྲལ་བས་ཐ་དད་རང་སར་གྲོལ། །ཉམས་སུ་ལེན་མཁན་སྟོར་བར་རྩོལ་སྒྲུབ་ཀུན་དང་བྲལ། །ཐོབ་བྱའི་འབྲས་བུ་སྟོར་བས་རེ་དོགས་ཀུན་ལས་གྲོལ། །ང་བདག་རྩད་ནས་ཐོན་པས་བདུད་ཀྱི་གཡུལ་ལས་རྒྱལ། །དངོས་འཛིན་རང་སར་ཞིག་པས་འཁོར་འདས་ཀུན་ལས་གྲོལ། །
(༦༠༦)ཞེས་པ་ལ་སོགས་པའི་དོན་ཏོ། །བཞི་པ་སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ་དངོས་ནི། གོང་དུ་བཤད་པ་དེ་དག་ལ་ངེས་ཤེས་ཐག་ཆོད་པ་སྐྱེས་ན། དེ་ནས་བསྒོམ་པར་བྱ་རྒྱུ་ལ་ངེས་ཤེས་ཀྱི་འཛིན་པ་ཤིག །སྒོམ་པར་བྱེད་མཁན་གྱི་དྲན་པ་གློད། དེ་བཞིན་དུ་ཉམས་སུ་མྱོང་བྱ་ལ་ཞེ་འདོད་བཏང་། ཉམས་སུ་མྱོང་བྱེད་ཀྱི་འབད་རྩོལ་དོར། རྟོག་པར་བྱ་རྒྱུའི་དོན་བློས་བཏང་། རྟོགས་པར་བྱེད་པའི་ཡིད་ཞི་བར་བྱས་ཏེ། མདོར་ན་འདིའོ་སྙམ་པའི་འདུ་ཤེས་དང་འདི་ལྟར་སྙམ་པའི་ཡིད་ཀྱི་འདུ་བྱེད་ཐམས་ཅད་དོར། སྒོམ་འདོད་དྲན་འདོད་མྱོང་འདོད་རིག་འདོད་ལ་སོགས་པའི་ཞེ་འདོད་ཐམས་ཅད་ལིང་ངེ་བསྐྱུར། གང་ཡང་ཡིད་ལ་མི་བྱེད་སྙམ་པའི་འདུན་པ་ཡང་མི་བྱ་བར། རང་ག་ཐ་མལ་གྱི་སེམས་བཟོ་མེད་བཅོས་མེད་གཉེར་མེད་རང་ཡན་དེ་ཀར་ཅི་བདེར་སྡོད། རྟོག་པ་དང་སྣང་བ་རང་གམ་ཅི་ཤར་ཡང་དེ་ལ་དགག་སྒྲུབ་ཀྱི་བློས་བཟོ་བཅོས་དང་བསྒྱུར་དགོད་ཅི་ཡང་མི་བྱ་བར་གང་དགར་བཏང་། ཡིད་བྱེད་ཀྱི་རྗེས་སུ་ཡང་མི་འབྲང་། སེམས་དུམ་རེ་
(༦༠༧)ཡེངས་པའི་ཚེ་དེ་ལ་སེམས་ཁྲལ་དང་སྐྱོན་བལྟས་དང་བརྟག་གཞིག་ཀྱང་མི་བྱ། དྲན་པའི་ཚེ་སྒོམ་རྒྱུ་མྱོང་རྒྱུ་བྱེད་རྒྱུ་སོགས་གང་ཡང་མེད་པའི་ཐ་མལ་མ་བཅོས་པ་དེ་ཀར་བསྐྱུར། ཟ་འཆགས་ཉལ་གསུམ་ཡང་འདི་བྱ་འདི་བྱེད་ཀྱི་འདུ་ཤེས་དང་འདུ་བྱེད་ཀྱི་བློ་རགས་པོས་མི་བྱ་བར་བློ་བྲལ་གྱི་ངང་ནས་ཅི་ནུས་བྱ། དེ་ལས་གཞན་པའི་ལུས་ཀྱི་བྱ་བ་དང་ལས་ཀ་གང་ཡང་མི་བྱ། གཏོར་མ་དང་གསོལ་འདེབས་ཉུང་ཟད་ཙམ་རེ་མ་གཏོགས་གཞན་ཁ་ཏོན་དང་དགེ་སྦྱོར་ཐམས་ཅད་བཞག་ལ་སྨྲ་བ་བཅད། ཉལ་བའི་ཚེ་ཞེ་འདོད་ཅི་ཡང་མེད་པའི་ཐ་མལ་བཅོས་མེད་ཟང་མར་ཉལ། དེ་ལྟར་ཡིད་བྱེད་ཐམས་ཅད་བློས་བཏང་ནས་ཞག་འགའི་བར་དུ་རང་གར་སྡད་པས། ཉམས་མྱོང་བཟང་བ་ལ་ཆགས་ཞེན་དང་དགའ་ཚོར་གྱི་འཛིན་པ་གྲོལ། ངན་རྟོག་འཁྲུལ་པ་ལ་སྐྱོན་འཛིན་དང་ཀོ་ལོང་ཞི་ནས། ཐ་མལ་གྱི་སེམས་གང་འདུག་ཅི་བྱུང་ཅི་ཤར་དེ་ཀ་སྒོམ་གྱི་རང་བཞིན་སྟོང་པའི་རྣམ་འགྱུར། དོན་ལ་སྐྱེ་འགག་མེད་པ། བྲལ་ཐོབ་མེད་པ། སྤང་བླང་མེད་
(༦༠༨)པ། སེམས་ཡེངས་མ་ཡེངས་དང་། དྲན་པས་ཟིན་མ་ཟིན་དང་། ཉམས་སུ་མྱོང་མ་མྱོང་དང་། དོན་རྟོགས་མ་རྟོགས་མེད་པར། སྣང་སྲིད་ཐམས་ཅད་བློ་ཡུལ་དུ་ཤར་བའི་ཚེ་རང་ཤར་རང་བྱུང་། ནུབ་པའི་ཚེ་རང་ཞི་རང་གྲོལ། ཟླ་མེད་གཅིག་པུ་ཟང་ཐལ། ཐམས་ཅད་སྒོམ་གྱི་རང་བཞིན། སྒོམ་གྱི་ཁོར་ཡུག །སྒོམ་ལས་མ་འདས་པར་བློ་ཐག་ཆོད་པའི་ངེས་ཤེས་སྐྱེ་བ་ཞིག་དགོས་སོ། །སྐབས་འདིར་འགའ་ཞིག་ལ་ཧ་ཅང་གི་ཡིད་བྱེད་བཀག་དྲགས་པ་ལ་བརྟེན་ནས་ཞི་གནས་སྟེངས་པོར་འཁོར་བ་དང་། ལ་ལ་དེས་རླུང་སེམས་ནང་དུ་འཐུམས་ཏེ་ཉམས་སྣང་མི་བདེ་ཞིང་སེམས་གུ་དོག་པའི་སྡུག་བསྔལ་འབྱུང་སྟེ། དེ་ལ་ནི་སྐྱོ་སངས་ཅི་རིགས་བྱ་ཞིང་ཡིད་ཀྱི་འཆར་སྒོ་ཡང་རེ་ཞིག་ཅི་བདེར་བཏང་ལ་ངལ་གསོས་ཏེ་བྱའོ། །མྱོང་བ་སྐྱོན་མེད་སྐྱེས་ན་དེ་ལ་ཞག་འགའི་བར་འབྱམས་སུ་བཅུག་ཅིང་། །སྐབས་རེ་ཙམ་སྒོམ་མིན་པའི་སེམས་དང་གནས་སྐབས་འདུག་གམ་བལྟ། དེ་ལ་ཡེངས་པ་དང་གཉིད་ལ་སོགས་པ་སྒོམ་མིན་པར་
(༦༠༩)ཤེས་ན། སྒོམ་མིན་པ་དེ་དག་གི་ངོ་བོ་དང་རང་བཞིན་ལ་སླར་བརྟགས་ཏེ་དེ་དག་གི་གནས་ལུགས་རིག་པར་བྱའོ། །དོན་འདི་དག་ནི་བྲམ་ཟེ་ཆེན་པོས། བསམ་དུ་མེད་པའི་ཡེ་ཤེས་རང་བྱུང་གང་སྒོམ་པ། །དེ་ནི་འབྲས་བུ་མ་ལུས་སྒོམས་པར་གྱུར་པ་ཡིན། །ཞེས་དང་། བྱ་བ་མེད་པའི་ཡིད་ནི་གང་དུའང་མ་བཙལ་ན། །ཡོན་ཏན་བཙལ་མི་དགོས་ཤིང་དེ་ཡི་མི་མཐུན་བྲལ། །རྒྱུད་དང་བསྟན་བཅོས་ཀུན་ལས་དེ་ཉིད་རྙེད་མིན་པས། །ཞེ་འདོད་མེད་པའི་སེམས་ལ་རྒྱུ་ཡི་དྲི་མ་བྲལ། །ཞེས་དང་། སྙིང་པོའི་སེམས་ནི་སྐྱོན་དང་ཡོན་ཏན་རྣམས་དང་བྲལ། །དོན་དེ་ཉིད་ལ་བྱ་བ་གང་ཡང་མི་དགོས་ཀྱི། །བྱ་བ་བཏང་བའི་སེམས་ནི་བདེ་བ་ཆེ་མཆོག་ཉིད། །ཅེས་དང་། ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །ཞེས་དང་། མཐོང་དང་ཐོས་དང་རེག་དང་དྲན་
(༦༡༠)པ་དང་། །ཟ་སྣོམ་ཁྱམ་དང་འགྲོ་དང་འདུག་པ་དང་། །ཅལ་ཅོལ་གཏམ་དང་ལན་སྨྲར་གྱུར་པ་ལ། །སེམས་སུ་ཤེས་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། །ཅེས་སོགས་ཀྱི་ལུང་ཤིན་ཏུ་མང་ལ། ཤ་ཝ་རས། འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར་ཡོད། །ཅེས་དང་། ཀྱེ་ཧོ་གཉིས་མེད་གཉུག་མའི་རྣལ་འབྱོར་གང་དེ་ལ། སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཟུང་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲའོ། །ཞེས་དང་། བིར་ཝ་པས། རྟོགས་བྱ་རྟོགས་བྱེད་མེད་པས་ཕྱོགས་རིས་མཐའ་དང་བྲལ། །བྲལ་དང་མ་བྲལ་མེད་པས་མཉམ་ཉིད་གཉུག་མའི་ངང་། །དེ་ལྟར་ངེས་པར་རྟོགས་ན་གཞན་ལ་དྲི་རྒྱུ་མེད། །སྣ་ཚོགས་ཆོས་སྐུར་གསལ་བས་སྤང་ལེན་སེམས་མི་འབྱུང་། །སྒོམ་དང་མི་སྒོམ་མེད་པས་མཚན་མས་གོས་པ་མེད། །སྣང་དང་མི་སྣང་ཡུལ་ལ་ནམ་
(༦༡༡)ཡང་བརྟེན་མི་བྱེད། །བྱ་དང་བྱེད་པའི་སེམས་མེད་དམིགས་པ་ཀུན་དང་བྲལ། །རེ་དང་དོགས་པའི་བློ་མེད་ཞེན་པ་ཀུན་ལ་ལོག །ཅེས་དང་གང་ཡང་ཡིད་བྱེད་བྲལ་ན་དྲི་མེད་ཐེ་ཚོམ་མེད། །ཤེས་དང་ཤེས་བྱ་དག་པས་ཆོས་ཉིད་མངོན་སུམ་འཆར། །ཞེས་དང་། དོན་དམ་རྣལ་མ་ཆོས་ཉིད་དོན་ལ་སྤྱད་བྱ་སྟེ། །མི་སྤང་མི་སྒྲུབ་མི་ཞེན་མི་སྤྱོད་མི་འགོག་པར། །རང་ལུགས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པ་སྟེ། །ཞེས་དང་། ཏཻ་ལོ་པས། སེམས་ནི་བཅོས་པ་མ་ཡིན་མ་བཅོས་མིན། །གཉུག་མ་ཡིད་ལ་བྱར་མེད་ཤེས་པར་གྱིས། །ཞེས་དང་། མི་བསམ་མི་མནོ་བརྟག་དཔྱད་མི་བྱ་ཞིང་། །མི་སྒོམ་མི་སྤྱོད་རེ་དོགས་མི་བྱ་བར་དེར་འཛིན་བློ་ཡི་འདུ་བྱེད་རང་སར་གྲོལ། །དང་པོའི་ཆོས་ཉིད་སྟེང་དུ་དེ་ཡིས་ཕེབས། །ཞེས་དང་། ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་རྦ་རླབས་འདྲ། །མི་གནས་མི་
(༦༡༢)དམིགས་དོན་ལས་མི་འདའ་ན། །དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །ཞེས་པ་སོགས་གྲུབ་ཆེན་གྱི་གསུང་ཤིན་ཏུ་མང་ལ། རྗེ་སྒམ་པོ་པས་ཀྱང་། བླང་དོར་ཅི་ཡང་མ་བྱས་ལམ་མ་བཙལ། །འབྲས་བུ་ཅི་ཡང་མ་མཐོང་རེ་དོགས་ཞི། །སྒྲོ་བཏགས་རིག་པས་རྫུན་གྱི་མགོ་སྐོར་སངས། །ཞེས་དང་། དང་པོ་སེམས་ཉིད་ཡོད་པར་མ་གྱུར་པས། །གནས་འགྱུ་ཡེ་ཤེས་དེ་ནི་སུ་ལ་རིག །དེས་ན་བྱས་དང་བྱེད་པ་ཐམས་ཅད་ཀུན། །ནམ་མཁའི་སོ་ནམས་དཀའ་ལས་ཉིད་དུ་ཟད། །ཅེས་དང་། གཏད་སོ་མེད་པར་ཕྱལ་བར་བཏང་བ་ཡིན། །བཟུང་བ་མེད་པར་དྲན་འཛིན་བོར་བ་ཡིན། །སྒོམ་མེད་ངང་ལ་ཐ་མལ་ལུས་པ་ཡིན། །བདག་པོ་མེད་པས་ཅི་དགའ་མུ་དགའ་ཡིན། །ཞེས་དང་། དྲན་པའི་འཚོ་སྐྱོང་མེད་པས་ཡེངས་དོགས་མེད། །མཉམ་རྗེས་རེས་སོར་མེད་པས་ཐུན་མཚམས་བྲལ། །གང་བྱུང་ཆོས་
(༦༡༣)ཀྱི་དབྱིངས་ལ་བླང་དོར་མེད། །ཐམས་ཅད་སྒྲོ་བཏགས་ཡིན་པའི་རྫུན་ཕུགས་རིག །ཅེས་དང་། སེམས་མེད་རྟོགས་ན་སྣང་སྲིད་རྒྱ་ཡན་ཡིན། །རྩིས་གདབ་མེད་ན་རྣམ་རྟོག་སྐྱེས་གྲོལ་ཡིན། །ཞེ་འདོད་མེད་ན་ཐམས་ཅད་མཉམ་ཉིད་ཡིན། །དེ་ལྟར་རྟོགས་ན་སྒོམ་ལ་རྒྱུན་ཆད་མེད། །ཅེས་སོགས་མང་དུ་གསུངས་ཏེ་སྤྲོ་ན་གབ་པ་མངོན་ཕྱུང་དུ་བལྟ་བར་བྱའོ། །ལྔ་པ་དེས་ཉིན་མཚན་ཁོར་ཡུག་ཏུ་བསྲེ་བ་ནི། གོང་དུ་བཤད་པའི་སྒོམ་ཁོར་ཡུག་དེས་ཉིན་མཉམ་རྗེས་བསྲེ་ཞིང་། དེ་མཚན་མོ་ལའང་བསྲེ་བར་བྱ་སྟེ། དེ་ལ་མཉམ་རྗེས་སྐྱོང་ཚུལ་ཕལ་ཆེར་སྔར་བཤད་པ་ལྟར་ཡིན་ཀྱང་། ལ་བཟླའི་སྐབས་འདིར། ཧ་ཅང་གི་བཟུང་དྲན་དུར་དྲགས་ན་དེས་ཉམས་སྐྱེ་ཞིང་དེ་ལའང་ཞེན་འཛིན་སྐྱེས་དོགས་ཡོད་པས། ནམ་དྲན་གྱི་ཚེ་ཞེ་འདོད་ཐམས་ཅད་བློས་བཏང་ཞིང་གཏོང་སྙམ་པའི་འདུན་པའང་མི་བྱ་བར་གཉེར་མེད་བཟོ་མེད་གློད་རབ་སྒོམ་རབ་ཀྱི་ཚུལ་དུ་མཉམ་རྗེས་ཀྱི་
(༦༡༤)དབྱེ་བ་མེད་པར་སྐྱོང་དགོས་ཏེ། རྗེ་ཞང་གིས། ཕྱག་རྒྱ་ཆེན་པོ་སྒོམ་པ་ལ། །འདི་བྱའི་ཏིག་ཏིག་མི་འདོག་གི །དང་པོ་བར་དང་ཐ་མ་མེད། །ནམ་དྲན་དུས་སུ་གློད་ལ་ཞོག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བྱས་ན་དྲན་མེད་ཕྱལ་པོར་ཤོར་ནས་སྒོམ་དུ་མི་འགྲོའམ་སྙམ་ན་སྐྱོན་མེད་དེ། སྤྱིར་ནམ་དྲན་གྱི་ཚེ་གློད་པ་དེ་ཀ་ཞེན་འཛིན་བཤིག་པའི་དྲན་པ་ཞིག་ཡིན་ལ། ཡིད་བྱེད་དང་བྲལ་བའི་ངང་དུ་སྡོད་པ་དེ་ཉིད་ནི་གནས་ལུགས་ཇི་ལྟ་བའི་དྲན་པ་ཡང་དག་ཡིན་པས་འཇུར་དྲན་དང་བཟུང་དྲན་ལས་ཆེས་ཁྱད་པར་དུ་གྱུར་པ་ཡིན་ཏེ། ཤ་ཝ་རས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་སྒོམ་སྟེ། །སྒོམ་མེད་དོན་དང་འབྲལ་མེད་སྒོམ་པའི་མཆོག །ཅེས་བཤད་པ་ལྟར་རོ། །འོན་ཀྱང་རྗེས་ཤེས་དུམ་རེ་ཡེངས་ཤོར་ནའང་རྗེས་ཐོབ་ཀྱི་དྲན་པས་ནམ་ཟིན་དེ་དག་གི་གནས་ལུགས་རིག་པས་ཆོག་པ་དང་། རྗེས་ཆོད་ན་མཉམ་རྗེས་འདྲེ་པའི་ཁོངས་སུ་སྡུད་པ་དང་། དེ་ལྟ་བུ་ལ་སྒོམ་ཁོར་ཡུག་
(༦༡༥)གི་ཐ་སྙད་བཞེད་ལ། དེ་བཞིན་དུ་ཉིན་འཁོར་ཡུག་མཚན་མོར་བསྲེ་པ་ལ། གཉིད་དུ་འགྲོ་བར་རྩོམ་པའི་ཚེ་དང་པོར་རྩོལ་བ་དང་བཅས་པས་ཡིད་བྱེད་ཐམས་ཅད་དང་བྲལ་བའི་ཉིན་གྱི་དགེ་སྦྱོར་དེའི་ངང་ནས་གཉིད་དུ་འགྲོ་བར་བྱ་ཞིང་། དེས་གཉིད་དང་རྨི་ལམ་ལམ་དུ་སློངས་ན་མཆོག་ཡིན་ཀྱང་དེ་ནི་སྲིད་པ་ཙམ་ལས་སྐབས་འདིར་ཕལ་ཆེར་ལ་མི་འབྱུང་བས། གཉིད་དྲན་མེད་དུ་སོང་ཞིང་རྨི་ལམ་འཁྲུལ་པར་ཤར་ཡང་། གཉིད་སད་མ་ཐག་རྗེས་སུ་དེ་དག་གི་གནས་ལུགས་རིག་པས་ཆོག་པ་དང་། དེ་ཡང་ཉིན་མཚན་ཁོར་ཡུག་ཏུ་སོང་བའི་ཐ་སྙད་བཞེད་དེ། རྗེ་སྒམ་པོ་པའི་ཞུས་ལན་རྣམས་ལས། འོ་ན་དྲན་པས་མ་ཟིན་ཙ་ན་ངོ་བོ་མི་འོང་བར་རྟོག་པ་རང་ག་མ་དེ་དྲན་པས་ཟིན་པ་དང་སྔར་གྱི་རྣམ་རྟོག་ཚོ་འདག་གམ་མི་འདག །དྲན་པས་ཤི་མ་ཤི་མེད་པར་འཛིན་དགོས་སམ་མི་དགོས་ཞུས་པས། དྲན་པས་མ་ཟིན་པའི་རྣམ་རྟོག་རང་ག་བ་རྣམས་དྲན་པས་ཟིན་མ་ཁད་ལ་སངས་ལ་དག །དྲན་པས་ཤི་མ་ཤི་མེད་
(༦༡༦)པར་འཛིན་མི་དགོས། །འོན་ཀྱང་དྲན་པས་མ་ཡེངས་པར་བྱེད་ན་མཉམ་རྗེས་འདྲེས་རྐྱེན་པ་ལ་ཕན། །དྲན་པས་མ་ཟིན་ཀྱང་རྣམ་རྟོག་གིས་གནོད་པ་དང་སྒྲིབ་པ་དང་བར་དུ་གཅོད་པ་གཏན་མེད་གསུང་། ཞེས་དང་། གཉིད་དང་རྨི་ལམ་གྱི་དུས་སུ་འོད་གསལ་རང་ཆས་སུ་ཡོད་པས་ཆོག །དྲན་པས་མ་ཟིན་པ་དེ་ཉིད་སད་པའི་རྗེས་སུ་བལྟས་པས། དེ་ཡང་འོད་གསལ་ལས་གཞན་མེད་པར་ཡིད་ཆེས་པས་ཆུ་བོ་རྒྱུན་ཡིན་གསུང་ངོ་། །ཞེས་སོགས་སྐབས་འདི་དག་ལ་དོགས་པ་བཅད་པའི་ཞུས་ལན་མང་དུ་སྣང་ངོ་། །གལ་ཏེ་དྲན་ཡེངས་ལ་ཐོབ་ཤོར་གྱི་འཁུ་ཕྲིག་ཆེན་པོ་འདུག་ན་ད་དུང་སེམས་ཀྱི་རང་བཞིན་དང་གནས་ལུགས་རྒྱུན་མི་ཆད་པའི་ཚུལ་མ་རྟོགས་པས་ལ་བཟླ་ཅུང་ཟད་སྔས་པ་ཡིན་ཏེ། རྗེ་སྒམ་པོ་པས། ཡེངས་པའི་ཚེ་ན་འཁྲུལ་པ་རང་མཚན་པ། །དྲན་ཚེ་ངོ་བོ་གུད་ནས་ཐོབ་ཞིག །དེ་འདྲ་གང་དེ་གཉིས་ཆོས་མ་རིག་པས། །སྒོམ་ལ་ཐོབ་ཤོར་དེ་ནི་ངས་མ་རྟོགས། །གཉིས་ཆོས་ཡོད་ན་བླང་དོར་
(༦༡༧)རིག་པ་ལ། །མེད་པར་བྱེད་པ་དེ་རང་སྐྱོན་ཅན་ཡིན། །ཞེས་དང་། དྲན་པས་ཐོབ་དང་ཡེངས་པས་འཁྲུལ་པ་རྣམས། །བློ་ཡིས་བཟུང་མོད་དོན་ལ་ཐོབ་ཤོར་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ལ་བཟླའི་དོན་དེ་དག་ལ་ངེས་ཤེས་སྐྱེས་ན་གཞན་མཚན་བཅས་དང་ཡིད་བྱེད་གང་ཡང་མི་བྱ་བར་ཞིག་ལྔ་རེ་ཙམ་ལ་བཟླའི་ངང་ལ་འབྱམས་སུ་བཅུག །ཡང་ཞག་རེ་ཙམ་ཅི་བདེར་ངལ་གསོ། ཡང་ཞག་བདུན་རེ་དང་བཅུ་རེ་ཙམ་དུ་ལ་བཟླ་རེ་དང་ངལ་གསོ་རེ་སྤེལ་ནས། གནས་ལུགས་ཀྱི་རྟོགས་པ་དེས་ཉིན་པར་ཁོར་ཡུག་མ་སོང་བར་དུ་ལ་བཟླ། ཉིན་པར་ཁོར་ཡུག་ཏུ་སོང་ན་དེ་ཉིད་ལ་གོམས་འདྲིས་བྱས་པས་མཚན་ལའང་རིམ་པ་རིམ་པས་འཆར་ཞིང་། ཤིན་ཏུ་གོམས་ནས་ཉིན་མཚན་དཔྱིས་ཕྱིན་པ་འདྲེ་བར་གསུངས་སོ། །ལ་བཟླའི་དགོས་པ་ནི། བསྒོམ་བྱ་སྒོམ་བྱེད་མྱོང་བྱ་མྱོང་བྱེད་རྟོགས་བྱ་རྟོགས་བྱེད་སོགས་གཉིས་འཛིན་དང་སྟོང་འཛིན་ལ་སོགས་པའི་ཞེན་འཛིན་ཐམས་ཅད་བཤིག་ནས་གཞིའི་
(༦༡༨)གནས་ལུགས་ཀྱི་སྟེང་དུ་ཆམ་གྱིས་གཏོང་བའི་ཆེད་ཡིན་ལ། གང་ཟག་རབ་འབྲིང་ལ་ཞག་གྲངས་ཅི་རིགས་པར་གཉིས་འཛིན་དང་བྲལ་བའི་གནས་ལུགས་ཀྱི་རྟོགས་པ་འཆར་ཞིང་། འཆར་ཚུལ་ནི་སྦྱངས་པ་ཆེ་ཆུང་གི་ཁྱད་པར་ལ་བརྟེན་ནས་གཅིག་ཏུ་མ་ངེས་པར་འཆར་རོ། །འགའ་ཞིག་ལ་དེ་ལྟ་བུའི་རྟོགས་པ་ཅི་ནས་ཀྱང་ཤར་མ་ཐུབ་ན། རེ་ཞིག་མཉམ་རྗེས་སུ་དགེ་སྦྱོར་སྐྱོང་ཚུལ་སྔར་བཤད་པ་བཞིན་སྐྱོང་ཞིང་། ཕྱིས་རིམ་པས་གཉིས་འཛིན་སྟོང་འཛིན་སོགས་ཀྱི་འཛིན་པ་དང་ཡང་ཡང་ཕྲལ་ནས་བསྒོམས་པས་རྟོགས་པ་རིམ་གྱིས་འཆར་བར་བཞེད་དོ། །གནས་ལུགས་ཀྱི་རྟོགས་པ་གཤའ་མ་ཅིག་ཤར་ན་རྒྱལ་བའི་བཀའ་མདོ་རྒྱུད་མན་ངག་དང་བཅས་པའི་སྙིང་པོའི་དོན་འདི་ཉིད་ཡིན་པས། ལམ་གཞན་དང་བརྒྱུད་པ་གཞན་ལས་ཆེས་ཆེར་ཟབ་པ་ཡིན་ནོ། །གཉིས་པ་ལམ་ཁྱེར་གྱི་སྤྱོད་པས་རྩལ་སྦྱོང་བ་ལ། ལམ་ཁྱེར་གྱི་དུས་དང་སྤྱོད་པ་བཤད་པ། ལམ་ཁྱེར་སྤྱིའི་གནད་བཤད་པ། ལམ་ཁྱེར་དྲུག་སོ་སོར་
(༦༡༩)བཤད་པ་གསུམ་གྱི། དང་པོ་ནི། ལམ་ཁྱེར་བྱ་བའི་དུས་ལ་སྤྱིར་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་མཐོང་ཞིང་། ཁྱད་པར་རྣམ་རྟོག་ལྷན་སྐྱེས་དང་སྣང་བ་ལྷན་སྐྱེས་ཀྱི་ངོ་བོ་དཔྱིས་ཕྱིན་པར་མཐོང་ནས། དགེ་སྦྱོར་གྱི་དྲན་པས་ནམ་ཟིན་རྗེས་ཤེས་དང་རྗེས་སྣང་ཕལ་ཆེར་རྗེས་ཐོབ་ཏུ་འཆར་བ་ན་ལམ་ཁྱེར་ལ་འཇུག་པར་བྱ་སྟེ། གཞན་ནི་ལྷན་སྐྱེས་གསུམ་ངོ་མ་ཕྲོད་པར་རྐྱེན་སྣང་གི་ཤེས་པ་ལམ་དུ་ཇི་ལྟ་བར་ཁྱེར་མི་ནུས་པའི་ཕྱིར་རོ། །ལམ་ཁྱེར་བྱ་དགོས་པའི་དུས་ནི། སྒོམ་ངོ་མཐོང་གི་རྟོགས་པ་ཤར་ཡང་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་ནས་ཆགས་སྡང་གི་ཞེན་འཛིན་འཐས་ཏེ་ཐ་མལ་པར་ལུས་པའི་སྐབས་དང་། ཡུལ་རྐྱེན་དྲག་པོས་དཀྲུགས་པའི་སེམས་འཁུ་ཕྲིག་ཅན་རང་བབས་སུ་ལམ་དུ་སློང་དཀའ་བའི་དུས་དང་། བདེ་དལ་གྱི་ཚེ་རྣམ་རྟོག་བག་ལ་ཉལ་ངོ་མ་ཤེས་སུ་སོང་བའི་དུས་དང་། མདོར་ན་དགེ་སྦྱོར་གྱི་དྲན་པས་ཤུགས་འབྱུང་དུ་ལམ་དུ་སློང་དཀའ་བ་དང་། རེ་དོགས་ལ་སོགས་པའི་འཁུ་ཕྲིག་གི་རྟོག་
(༦༢༠)པ་རང་མཚན་པས་རྒྱུད་མ་རུངས་པར་བྱེད་པའི་སྐབས་རྣམས་དང་། ཡང་དབེན་པའི་གནས་སུ་སྒོམ་ཁོར་ཡུག་ཤར་ན་དེ་བརྟན་ཞིང་བོགས་དབྱུང་བ་ལ་རྐྱེན་ཐོག་ཏུ་འཁྱེར་བའི་སྤྱོད་པ་བྱེད་དགོས་པས། དེའི་སྐབས་སུ་སེམས་ལ་འཁུ་ཕྲིག་འབྱུང་བའི་དུས་རྣམས་ལ་ལམ་དུ་འཁྱེར་བ་ཡིན་ཏེ། གཞན་དུ་མཉམ་རྗེས་ཀྱི་དྲན་པ་ཡེངས་མེད་དུ་གྱུར་པ་ན་གནས་ལུགས་ཀྱི་རང་འགྲོས་སྐྱོང་བ་དོར་ནས། སླར་གཉེན་པོ་ཅན་གྱི་ལམ་ཁྱེར་དང་བཟློག་སྒོམ་སོགས་བྱ་བ་ནི་སྔར་བཤད་པའི་ཤོར་ས་ཅི་རིགས་སུ་འཆོར་བ་ཡིན་ནོ། །སྤྱོད་པ་ལ་འཇུག་པའི་དུས་ནི། བརྟག་གཉིས་སུ། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་དྲོད་རྟགས་རྙེད་ནས་སྤྱོད་པ་བྱ་བར་གསུངས་ཤིང་། སྒྲུབ་བརྒྱུད་འདིར་ཡང་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཞིག་དགོས་པར་བཞེད་པས། ལ་ལ་དག་སེམས་ཀྱི་ངོ་བོ་ངོ་མ་འཕྲོད་པར་ཞི་གནས་ཀྱི་ཉམས་
(༦༢༡)སྣང་ཅི་རིགས་ཤར་བ་ཙམ་དང་། འགའ་ཞིག་དེ་ལྟ་བུའང་མེད་པར་ལོ་འདོད་དང་གྲགས་འདོད་དང་རྙེད་པའི་ཕྱིར་དུ་དུར་ཁྲོད་དང་བཞི་མདོ་སོགས་བགྲོད་ཅིང་། དེ་ཡང་དང་པོར་སྡུག་སྲན་དང་ཕྱིས་དྲེད་པོར་སོང་བ་དག་སྣང་ཡང་། དེ་དག་གིས་དགེ་སྦྱོར་ལ་ཡང་དག་པའི་བོགས་མི་ཐོན་ཏེ། དེས་ལམ་དུ་འཁྱེར་རྒྱུའི་རྟོག་པའི་ངོ་བོ་དང་ལམ་དུ་འཁྱེར་སའི་སེམས་ཀྱི་གནས་ལུགས་མ་རིག་པའི་ཕྱིར་རོ། །སྤྱོད་པའི་དགོས་པ་ནི། འདོད་ཡོན་ལམ་བྱེད་ཁོ་ནའི་ཆེད་དུ་མ་ཡིན་པར་ཡིད་བརྟན་པ་དང་གཡོ་བ་ཐམས་ཅད་ཆོས་ཉིད་ཀྱི་ངོ་བོར་རོ་མཉམ་པའི་ཆེད་དུ་ཡིན་ཏེ། བརྟག་གཉིས་སུ། གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་པ་ལྟར་རོ། །སྤྱོད་པ་དངོས་ནི། གསང་སྔགས་ལ་ཕ་རྒྱུད་ནས་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་
(༦༢༢)གསུམ་དང་། མ་རྒྱུད་ནས་གསང་སྤྱོད་དང་བརྟུལ་ཞུགས་ཀྱི་སྤྱོད་པ་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་གསུམ་དང་། གྲུབ་སྙིང་གི་སྐོར་ནས་ཀུན་བཟང་གི་སྤྱོད་པ་དང་གསང་སྤྱོད་སྦས་པའི་སྤྱོད་པ་དང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞི་དང་། གཞན་ཡང་། ལས་དང་པོ་པའི་སྤྱོད་པ་དང་། ཡེ་ཤེས་ལ་དབང་པའི་སྤྱོད་པ་དང་། ཡེ་ཤེས་ལ་ཆེར་དབང་བའི་སྤྱོད་པ་དང་། རྣམ་གྲོལ་གྱི་སྤྱོད་པ་བཞི་ལ་སོགས་པ་གསུངས་ཏེ། དེ་ཡང་སྒྲུབ་པ་པོ་གསང་སྔགས་པ་བསྐྱེད་རྫོགས་ཀྱི་མན་ངག་ཟབ་མོ་དང་འབྲལ་ན་སྤྱོད་པ་དེ་དག་ཕྱག་རྒྱ་ཆེན་པོ་བའི་སྤྱོད་པར་ཡང་རུང་བར་མངོན་ཏེ། གྲུབ་སྙིང་གི་གཞུང་རྣམས་དང་། བྲམ་ཟེ་ཆེན་པོའི་དོ་ཧ་དང་། ཤ་ཝ་རི་དབང་ཕྱུག་དང་བིར་ཝ་པ་དང་ཏཻ་ལོ་པའི་ཕྱག་ཆེན་གྱི་གཞུང་རྣམས་ལས་སྤྱོད་པ་དེ་དག་ཅི་རིགས་བྱ་བར་གསུངས་པའི་ཕྱིར་རོ། །འོན་ཀྱང་སྒྲུབ་བརྒྱུད་འདིའི་བཞེད་པ་ནི། དུས་འཁོར་
(༦༢༣)ནས་སྡོམ་བརྩོན་ལ་འདོད་ཆགས་ཀྱི་སྤྱོད་པ་ཕལ་ཆེར་བཀག་པ་ལྟར། སྒོམ་བོགས་འདོན་གྱི་སྤྱོད་པ་ཙམ་ལ་སྒྲུབ་པ་པོ་སྡོམ་བརྩོན་གྱིས་བསླབ་པ་དང་མི་འགལ་ཞིང་ཀུན་བཟང་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་དང་ཕྱོགས་ལས་རྣམ་རྒྱལ་རྣམས་དང་དོན་མཐུན་པར་གསང་སྤྱོད་ཙམ་ཞིག་བྱ་བར་བཞེད་དོ། །དེའི་གནས་ནི། སྡེ་དགོན་དང་གྲོང་ཡུལ་ལ་སོགས་པ་ཡིད་འཇུག་ཅིང་བག་ཕེབས་པའི་གནས་སུ་སྤྱོད་པ་བྱེད་པའི་ཕྱི་ནང་གི་རྟེན་འབྲེལ་མ་ཚང་པས། དེར་ནང་དུ་སེམས་ལ་རྣམ་རྟོག་དང་ཉོན་མོངས་པ་ཟེ་རག་ཅན་གྱི་སློངས་དྲག་པོ་མི་འབྱུང་ལ། དེ་མ་བྱུང་བར་ཕྱག་རྒྱ་ཆེན་པོའི་ལམ་དུ་འཁྱེར་རྒྱུ་ལྷོངས་ཆེ་བ་མི་འབྱུང་བས། ཕལ་ཆེར་ལེ་ལོ་དང་སྙོམས་ལས་ཀྱི་ངང་ལ་ཡིད་དལ་དུ་ལུས་ནས། ལོ་མང་པོ་དང་ཚེ་རིལ་པོར་སྒོམ་ལོ་བྱས་ཀྱང་རྐྱེན་ཐོག་ཏུ་མི་ཁེལ་བར། བདེ་དལ་གྱི་ཚེ་དགེ་སྦྱོར་སྐྱོང་རྒྱུ་ཞིག་ལོགས་སུ་ཡོད་པ་ལ། ཉོན་མོངས་པའི་རྐྱེན་བྱུང་ན་ཐ་
(༦༢༤)མལ་པར་འཆོར་བ་ཅིག་འབྱུང་བས། སྒོམ་བོགས་འདོན་པ་ལ་གྲོང་ཡུལ་དང་སྡེ་དགོན་ལ་སོགས་པར་ལོ་གསུམ་རེ་ཙམ་བསྒོམས་པ་བས། གཉན་ས་རྡོ་རྩུབ་ཅན་ལ་སོགས་པར་རྐྱེན་དང་བསྲེས་ནས་ཟླ་རེ་ཙམ་གསང་སྤྱོད་བྱས་པ་བོགས་ཆེ་བར་བཞེད་དོ། །རྒྱུ་མཚན་དེས་ན་འཇིགས་ཤིང་ཡང་བའི་རི་རྩེའམ་རི་ཁྲོད་དང་། མི་མ་ཡིན་གྱི་ཆོ་འཕྲུལ་འབྱུང་བའི་གཉན་ས་དང་། རོ་དང་ཀེང་རུས་ལ་སོགས་པས་འཇིགས་ཤིང་སྐྲག་པའི་དུར་ཁྲོད་དང་། ཀླུ་དང་བཙན་ལ་སོགས་པས་བདག་ཏུ་བཟུང་བའི་ཤིང་གཅིག་གི་དྲུང་དང་། ཡི་དྭགས་དང་འདྲེ་ལ་སོགས་པ་འདུ་བའི་གྲོང་ཁྱེར་སྟོང་པ་དང་བཞི་མདོ་ལ་སོགས་པར་ཀུ་སུ་ལུའི་མཆོད་སྦྱིན་སྔོན་དུ་འགྲོ་བས་ཐ་མལ་པའི་སྨྲ་བ་བཅད་དེ་འཇུག་པར་བཤད་དེ། །སྤྱོད་པ་ལ་འཇུག་པའི་གདེང་ནི། སྔོན་གྱི་བཀའ་གདམས་པ་རྣམས། རི་ཁྲོད་འགྲིམ་པ་ལ་ཚུལ་ཁྲིམས་ལ་ངོ་ལྐོག་མེད་པ། གཉེན་པོས་རྐྱེན་ཐུབ་པ། གདམས་ངག་ལ་རང་བྱན་ཚུད་པ། དད་པས་ཁམས་
(༦༢༥)སོས་པ། ནུས་པས་གནོད་པ་ཕྲ་མོ་སེལ་ནུས་པ་དང་ལྔ་དགོས་པར་བཞེད་ལ། རྗེ་སྒམ་པོ་པས། གདམས་ངག་གི་གདེང་ཐོབ་པ་དང་། ནུས་པའི་གདེང་ཐོབ་པ་དང་། ཉམས་མྱོང་གི་གདེང་ཐོབ་པ་དང་། ལྟ་བའི་གདེང་ཐོབ་པ་དང་བཞི་དགོས་པར་བཞེད་པ་དང་། གྲུབ་ཆེན་ཞང་གིས། གདམས་པའི་མཛོད་ལ་རང་བྱན་ཚུད་པ་དང་། །ཕྱི་ནང་བདུད་ཀྱི་དཔུང་གིས་མི་ཐུབ་དང་། །ཚུལ་ཁྲིམས་གཙང་ལ་ངོ་ལྐོག་མེད་པ་སོགས། །ཆིག་རྒྱ་ཐུབ་ནས་གཅིག་པུར་རི་ཁྲོད་འགྲིམས། །ཞེས་གསུངས་པ་ལྟར་རོ། །སྤྱོད་པ་དངོས་ལ་ལྔ་ལས། རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ་ནི། རི་དྭགས་སྨས་མ་དེ་ནི་ཟླ་གྲོགས་གཞན་དང་མི་འགྲོགས་ཤིང་གང་ལའང་བློ་མི་འཇུག་པར་ཡན་གར་དུ་གནས་པ་ལྟར། དགྲ་གཉེན་གྱི་ཚར་གཅོད་རྗེས་འཛིན་དང་ཡོན་བདག་གི་མཐུན་འཇུག་ངོ་བསྲུང་སོགས་ཚེ་འདིའི་འདུན་མ་ལ་བློ་མི་འཇུག་ཅིང་ཟླ་གྲོགས་སྤངས་ནས་གཅིག་པུར་སྤྱོད་པའོ། །སེང་གེ་ལྟ་བུའི་སྤྱོད་པ་ནི།
(༦༢༦)སེང་གེ་ནི་རི་དྭགས་དང་གཅན་ཟན་གྱི་ཚོགས་གང་ལའང་ཉམ་ང་མི་བྱེད་པ་ལྟར། ཕྱི་མི་དང་མི་མ་ཡིན་ལ་སོགས་པ་དང་། ནང་རྣམ་རྟོག་གི་གཡོ་བའི་རྐྱེན་གྱི་བར་ཆད་ཅི་ལའང་སེམས་འཇིགས་སྐྲག་མེད་པའོ། །བར་སྣང་གི་རླུང་ལྟ་བུའི་སྤྱོད་པ་ནི། བར་སྣང་གི་རླུང་དེ་ཉིད་དངོས་པོ་གང་ལའང་ཁྲ་འཁྲི་མེད་པ་ཟང་ཐལ་དུ་ཕྱལ་གྱི་འགྲོ་བ་ལྟར། ལུས་ལོངས་སྤྱོད་བདེ་སྐྱིད་རྙེད་གྲགས་སོགས་གང་ལའང་ཆགས་ཞེན་དང་འཛིན་པ་མེད་པར་བློ་ཟང་ཐལ་ཕྱལ་པ་ཉིད་དུ་བཏང་བའོ། །ནམ་མཁའ་ལྟ་བུའི་སྤྱོད་པ་ནི། ནམ་མཁའ་ལ་རྟེན་མེད་པ་ལྟར་འདི་བྱ་འདི་བྱེད་སོགས་བློའི་གཏད་སོ་དང་མཚན་བཅས་མཚན་མེད་སོགས་ཀྱི་དམིགས་པ་ལ་སེམས་ཀྱི་རྟེན་མི་བཅའ་བའོ། །སྨྱོན་པ་ལྟ་བུའི་སྤྱོད་པ་ནི། སྨྱོན་པའི་སེམས་ལ་གང་གི་ཡང་གཟའ་གཏད་མེད་པ་ལྟར། ལེགས་ཉེས་ཅི་ལའང་འགག་སྒྲུབ་དང་བླང་དོར་སོགས་ཀྱི་ཞེན་པ་མེད་པའོ། །དེ་ལྟ་བུའི་སྤྱོད་པ་ལྔའི་སྒོ་ནས་ཕྱི་ནང་གི་རྐྱེན་སྣང་ཅི་ཤར་ལམ་དུ་སློང་
(༦༢༧)ཞིང་གནས་ལུགས་ལ་བོགས་དབྱུང་བར་བཞེད་དོ། །གཉིས་པ་ནི། སྐབས་འདིར་ལམ་དུ་འཁྱེར་རྒྱུ་ནི་མ་རིག་པས་བསྒྲིབས་པའི་གཟུང་འཛིན་གྱི་རྟོག་པ་རང་ག་པ་རྣམས་ཡིན་ཏེ། དེ་ཉིད་འཁོར་བར་ལྟུང་བྱེད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་སོ། །རྟོག་པ་དེ་ཉིད་རང་ག་པར་མི་ཤོར་བར་གདམས་ངག་གིས་ལམ་དུ་འཁྱེར་ཙ་ན་དེ་ཉིད་ཡེ་ཤེས་ཀྱི་ངོ་བོར་ཤར་ནས་དེས་འཁོར་བ་འདག་པ་ཡིན་ཏེ། བརྟག་གཉིས་སུ། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་འདག །ཅེས་དང་། བྲམ་ཟེ་ཆེན་པོས། རྣམ་རྟོག་ཡེ་ཤེས་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་སྐེམས་བྱེད་ཡིན། །ཞེས་དང་། ནཱ་རོ་མཻ་ཏྲིས། རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །ཞེས་པ་ལྟར་རོ། །འོ་ན་དེ་ལ་སྔར་རྣམ་རྟོག་ཆོས་སྐུར་ངོ་སྤྲད་པས་ཆོག་མོད། སླར་ལམ་ཁྱེར་བྱ་དགོས་པའི་
(༦༢༨)རྒྱུ་མཚན་ཇི་ལྟར་ཡིན་སྙམ་ན། ཅིག་ཅར་བ་ཁ་ཅིག་ལ་དེས་དུས་ཀུན་ཏུ་གྲོལ་བ་སྲིད་ཀྱང་། ཕལ་ཆེར་ལ་སླར་རྣམ་རྟོག་ལམ་ཁྱེར་གྱིས་གནད་དུ་བསྣུན་པར་བྱ་དགོས་ཏེ། དགེ་སྦྱོར་གྱི་དྲན་པ་སྐྱོང་དུས་སུ་རྟོག་པ་ཕྲ་མོ་ཕལ་ཆེར་ཡེ་ཤེས་སུ་དག་པ་འབྱུང་ཡང་། དེར་རྟོག་པ་རགས་པ་འགའ་ཞིག་དང་རྗེས་ཤེས་ཀྱི་རྟོག་པ་ཕལ་ཆེར་ཉམས་ལེན་དུ་འདག་མི་ནུས་ཤིང་། ཤས་ཆེར་རྣམ་རྟོག་རྒྱ་འབྱམས་ཀྱི་གསེབ་ནས་སྒོམ་དུ་འགྲོ་བ་ཡད་ཡུད་དམ་དུམ་རེ་ཙམ་ལས་མི་འབྱུང་བ་དང་། རྟོག་པ་རང་ག་མར་ཤོར་རྗེས་སུ་ཆོས་སྐུ་ཡིན་ཡེ་ཤེས་ཡིན་སྙམ་པའི་གོ་ཡུལ་གྱིས་རྒྱས་འདེབས་སུ་འཆོར་བ་མང་ངོ་། །དེར་མ་ཟད་སྒོམ་སྤྲོས་བྲལ་གྱི་སྐབས་སུ་རྟོག་པ་ཕྲ་མོ་རྣམས་དྲན་པ་མ་ཡེངས་པ་རང་གིས་ཆོས་སྐུར་འཆར་ཡང་། ཆགས་སྡང་གི་རྟོག་པ་ཚན་ཆེ་བ་རྣམས་ཆོས་སྐུར་ཅུང་ཟད་མི་འཆར་བ་དང་། རོ་གཅིག་གི་སྐབས་སུའང་ཡུལ་རྐྱེན་དྲག་པོས་དཀྲུགས་པའི་རྟོག་པ་དགེ་སྦྱོར་དུ་མི་འགྲོ་བ་ཅི་
(༦༢༩)རིགས་འབྱུང་བར་བཤད་པས། སྒོམ་མཐོན་པོར་སོང་བ་ལའང་ལམ་ཁྱེར་གལ་ཆེ་ལ། དེང་སང་འགའ་ཞིག་སྒོམ་ངོ་མཐོང་ཙམ་རེ་སྔ་མོ་ནས་བྱུང་ཞིང་ལོ་མང་དུ་བསྒོམ་ཀྱང་སྐྱེད་ཆེར་མི་འབྱུང་བར་སྒྱིད་ལུག་པ་ཐམས་ཅད་ལམ་ཁྱེར་གྱི་གནད་མ་ཟིན་པ་ལས་འབྱུང་བས། རྒྱུ་མཚན་དེས་ན་སྒོམ་གསར་པ་དང་སྒོམ་ཆེན་ཐམས་ཅད་ལམ་ཁྱེར་གྱི་གནད་ལ་མཁས་པ་དང་རྩིས་སུ་ཆེ་བར་བྱ་དགོས་པ་ཡིན་ནོ། དེའི་གནད་ཀྱང་རང་རང་གི་གནས་སྐབས་ཀྱི་དྲན་རྒྱུན་བསྟེན་མཁས་པ་ཞིག་ལ་རག་ལས་ཏེ། རྗེ་འབྲི་ཁུང་པས། བུ་ཀུན་ཧྲིལ་གྱིས་གྲིལ་ན་འདི་ལས་མེད། གང་ཞེ་ན། དྲན་པ་དྲན་མཁས་ན་སྒོམ་མཁས། ཞེས་དང་། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལའང་། །མ་ཡེངས་པ་ཡི་དྲན་པ་གཅེས། །ཞེས་གསུངས་པ་ལྟར་རོ། །དེ་ལ་ལམ་ཁྱེར་གཞན་རྣམས་རྣམ་རྟོག་ལམ་ཁྱེར་གྱི་བྱེ་བྲག་ཡིན་པས། ལམ་ཁྱེར་ཐམས་ཅད་ཀྱི་རྩ་བ་ནི་རྣམ་རྟོག་ལམ་ཁྱེར་ཉིད་ཡིན་ལ། དེ་ཡང་ལྡན་
(༦༣༠)བུ་གཅིག་ཁོང་སྟོང་ན་ལྡམ་བུ་ཐམས་ཅད་ཁོང་སྟོང་པར་ཤེས་པ་ལྟར། རྟོག་པའི་བྱེ་བྲག་ཐམས་ཅད་རིགས་འགྲེ་བ་ཤེས་དགོས་སོ། །དོན་འདི་ལ་དགོངས་ནས་རྗེ་སྒོམ་པོ་པས་རྣམ་རྟོག་ཆོས་སྐུའི་ལམ་ཁྱེར་ཉིད་གཙོ་བོར་གསུངས་ཤིང་། དེའི་ཁོངས་ནས་ལམ་ཁྱོར་གྱི་བྱེ་བྲག་གཞན་རྣམས་འགྲེ་བར་དགོངས་སོ། །དེང་སང་སྒྲུབ་བརྒྱུད་པས་ལམ་ཁྱེར་དྲུག་ཏུ་ཕྱེ་བའང་རྗེ་སྒམ་པོ་པས་མ་གསུངས་པ་མིན་ཏེ། གཟེར་རྣམ་པ་ལྔའི་མན་ངག་ཅེས་པ་རྗེ་སྒམ་པོ་པའི་གསུང་འདུལ་བ་འཛིན་པས་ཟིན་བྲིས་སུ་མཛད་པ་ལས། བར་ཆད་ལམ་ཁྱེར། ན་ཚ་ལམ་ཁྱེར། འཆི་བ་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། རྣམ་རྟོག་ལམ་ཁྱེར་རྣམས་འབྱུང་ཞིང་། འདྲེ་བཞི་རྩད་གཅོད་ནི་ལྷ་འདྲེ་ལམ་ཁྱེར་ཡིན་ལ། གཞན་ཡང་གསུང་འབུམ་རིན་པོ་ཆེ་ལས་འཐོར་བུར་མ་བསྟན་པ་མི་སྣང་ངོ་། །འོན་ཀྱང་ཕྱིས་རྗེ་རྒྱ་རས་ཀྱིས་རྗེ་རས་ཆུང་པའི་མན་ངག་གཏེར་ལས་འདོན་པར་མཛད་དེ་མཚན་རོ་སྙོམས་ཞེས་དཔལ་ལྡན་འབྲུག་པ་རྣམས་
(༦༣༡)ལ་ཤིན་ཏུ་གྲགས་ཆེ་བ་ཡིན་ནོ། །དེ་ལྟ་བུའི་ལམ་ཁྱེར་ཐམས་ཅད་ལ་གལ་ཆེ་བའི་གནད་གསུམ་ཡོད་དེ། དང་པོར་རྣམ་རྟོག་ངོས་བཟུང་ཞེས་པ་རྐྱེན་བཟང་ངན་ཅིར་སྣང་ཞིང་གང་ལྟར་ཤར་ཡང་དེ་ཉིད་རང་ཡན་དུ་མ་ཤོར་བར་ཐོག་མར་ངོས་ཟིན་པར་བྱེད་པའོ། །བར་དུ་བདག་འཛིན་བློས་བཏང་ཞེས་པ་གང་ཤར་དེ་ལ་ཆགས་སྡང་ངམ་དགག་སྒྲུབ་ཀྱིས་མ་བསླད་ཅིང་བདག་འཛིན་གྱི་འཁྲི་བ་སྤངས་ཏེ་སྐྱོན་ཡོན་གང་དུའང་མི་འཛིན་མི་ལྟ་བར་དེ་ཀའི་ངང་ལ་བློས་མ་རེག་པར་འཇོག་པའོ། །ཐ་མར་རེ་དོགས་ཀྱི་འཕྲང་བསལ་ཞེས་པ་དེ་ལྟར་བྱས་པས་ཡོད་དུ་རེ་ཤིང་དེ་ལྟར་མ་བྱུང་དོགས་པ་དང་། ལམ་དུ་སློངས་སུ་རེ་མ་སློངས་ཀྱི་དོགས་པ་སོགས་ཀྱི་རེ་དོགས་གང་ཡང་མི་བྱ། གལ་ཏེ་རེ་དོགས་ཀྱི་རྟོག་པ་ཕྲ་མོ་ཤར་ཡང་སླར་གང་བྱུང་དེ་ཀའི་ཐོག་ཏུ་བཟོ་མེད་བཅོས་མེད་དུ་བསྐྱུར་ཞིང་འཛིན་མེད་དུ་ཕྱལ་གྱི་བཏང་བའོ། །ཚུལ་འདིར་གསུམ་ནི་ལམ་ཁྱེར་གྱི་སྐབས་ཐམས་ཅད་དུ་ཤེས་པར་
(༦༣༢)བྱའོ། །གསུམ་པ་ལ། རྣམ་རྟོག་ལམ་དུ་འཁྱེར་བལྟས་ངན་གཡང་དུ་བླང་བའི་གདམས་པ། ཉོན་མོངས་ལམ་དུ་འཁྱེར་བ་དུག་བདུད་རྩིར་བསྒྱུར་བའི་གདམས་པ། ལྷ་འདྲེ་ལམ་དུ་འཁྱེར་བ་བར་ཆད་དངོས་གྲུབ་ཏུ་བསྡུད་པའི་གདམས་པ། སྡུག་བསྔལ་ལམ་དུ་འཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་པ། ན་ཚ་ལམ་དུ་འཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམས་པ། འཆི་བ་ལམ་དུ་འཁྱེར་བ་ཆོས་ཉིད་མ་བུ་ངོ་སྤྲོད་ཀྱི་གདམས་པ་དང་དྲུག་གི་དང་པོ་ནི། བརྟག་གཉིས་ལས། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་པ་ལྟར་རྣམ་རྟོག་གིས་རྣམ་རྟོག་སྦྱོང་བ་ཡིན་ལ། སྦྱོང་ཚུལ་ནི་རྣམ་རྟོག་སྤང་བྱར་མི་བྱེད་པར་རྣམ་རྟོག་ངོ་བོ་ཉིད་ཀྱི་རྣམ་རྟོག་ཏུ་འཁྱེར་ནས་ལམ་དུ་བྱེད་པ་སྟེ། རྗེ་སྒམ་པོ་པས། ནང་སེམས་ཀྱི་རྣམ་རྟོག་མི་སྤོང་བ་ལ། རྣམ་རྟོག་སྐུ་དྲིན་ཅན་དུ་བལྟ། མེད་དུ་མི་རུང་བར་བལྟ། དགོས་
(༦༣༣)པར་བལྟ། སྙིང་དུ་སྡུག་པར་བལྟ། དེ་ལྟར་ན་རྣམ་རྟོག་ངོ་བོ་ཉིད་ཀྱི་རྣམ་རྟོག་ཡིན། །རྣམ་རྟོག་གྲོགས་ཡིན། རྣམ་རྟོག་ལམ་ཡིན། རྣམ་རྟོག་ཤེས་རབ་ཀྱི་བུད་ཤིང་ཡིན། ཞེས་སོ། །རྣམ་རྟོག་ལམ་དུ་འཁྱེར་ཚུལ་ལ་རྗེ་སྒམ་པོ་པས་རྣམ་གྲངས་དུ་མ་ཞིག་གསུངས་པ་ཡོད་ཀྱང་། སྐབས་འདིར་ལམ་ཁྱེར་བྱེད་ཚུལ་ལ། དང་པོར་རྟོག་པ་ངོས་འཛིན་པ་ནི། ཡིད་ལ་དགེ་མི་དགེ་གང་ཡང་རུང་བའི་རྟོག་པ་ཕྲ་མོའམ་རགས་པ་ཞིག་ཤར་ནས་དེས་བློ་ལ་འཁུ་ཕྲིག་བྱུང་ཞིང་ཡིད་དགའ་མི་དགའ་གང་ཡང་རུང་བ་ཞིག་ལྷང་ངེ་བྱུང་བ་ན། དེ་ཉིད་རང་ཡན་དུ་མི་བཏང་བར་དྲན་པས་ཙིར་གྱིས་ངོས་བཟུང་ངོ་། །བར་དུ་བདག་འཛིན་བློས་བཏང་བ་ནི། རྟོག་པ་དེ་ཉིད་ཡིད་ལ་མི་བྱེད་པར་སེམས་བཀུག་ནས་གཉེན་པོ་མི་རྟོག་ཡེ་ཤེས་ཤིག་སྒོམ་པའང་མ་ཡིན། རྟོག་པ་དེ་ལ་བྱུང་གནས་འགྲོ་གསུམ་སོགས་ཀྱི་བརྟག་དཔྱད་བྱས་ཏེ་ངོ་བོ་ཉིད་མེད་པར་གཏན་ལ་འབེབས་པའང་མ་ཡིན། རྟོག་
(༦༣༤)པ་དེ་མགོ་ཡན་དུ་བཏང་ནས་དེའི་རྗེས་འབྲངས་ཏེ་དྲན་པས་སྐྱོང་བའང་མ་ཡིན་པར། རྟོག་པ་དེ་ངོས་ཟིན་ཙམ་ཉིད་ནས་རྟོག་པ་ཇི་ལྟར་འདུག་པ་དེ་ཉིད་གྲྭ་མ་ཆག་ཟུར་མ་ཉམས་པ་དེ་ཀ་རང་ལ་དགེ་སྦྱོར་གྱི་ངོ་ཏི་བྱས་ཏེ། སྐྱོན་ཡོན་གང་དུའང་མི་འཛིན། དགག་ཀྱང་མི་དགག །རྗེས་སུ་ཡང་མི་འབྲང་། བློས་བཟོ་བཅོས་ཅི་ཡང་མི་བྱེད་པར། གསལ་ལེ་ཡེ་རེ་ལྷོད་དེ་གུ་ཡངས་སང་ངེ་འཛིན་མེད་དུ་སྐྱོང་བའོ། །དེ་ལྟར་བྱས་པས་རྟོག་པ་གང་ཤར་དེ་ཉིད་ལ་སྤང་བླང་དང་དགག་སྒྲུབ་དང་བཅོས་བསླད་དང་བསྒྱུར་དགོད་མི་དགོས་པར་རྟོག་པ་དེ་ཀ་སྒོམ་དུ་ལྷང་གིས་འཆར་ཞིང་། དེ་ལ་རྣམ་རྟོག་ལམ་དུ་སློང་བ་ཞེས་བཞེད་དེ། མཻ་ཏྲི་པས། མ་སྐྱེས་པ་ལས་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོ་ཉིད། །དེ་གཉིས་གདོད་ནས་ཐ་དད་མེད་པ་སྟེ། །དེ་གཉིས་རོ་མཉམ་གྱུར་པ་ངས་བསྟན་ཏོ། །ཞེས་དང་། རྗེ་སྒམ་པོ་པས། རྣམ་རྟོག་མ་བསླད་ཆོས་ཉིད་རང་བཞིན་ཏེ། །མ་བཅོས་རང་སར་གྲོལ་བ་མཁྱེན་
(༦༣༥)པར་མཛོད། །ཅེས་དང་། རྗེ་རྒོད་ཚང་པས། ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་རྩིར་གྱི་བཟུང་མཛོད་ལ། །ཁོ་རང་ཐོག་ཏུ་གློད་ལ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། འགྱུ་བ་དངོས་མེད་སེར་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། །རང་ངོ་ཤེས་པས་དགག་སྒྲུབ་བྲལ། །ཞེས་སོ། །སློངས་སུ་མ་གྱུར་པ་དག་ལ་རྣམ་རྟོག་གི་གཡོ་བ་དྲག་པོ་རྣམས་དང་པོར་བློ་ཁོག་ཏུ་ཁྱོང་ངེ་བ་འདྲ་བ་ཞིག་དང་དེ་དགེ་སྦྱོར་དུའང་མི་བདེ་བ་འདྲ་བ་ཞིག་འབྱུང་ཡང་། རྟོག་པ་དང་ལས་རླུང་འཇུག་པ་གཅིག་པས་ལས་རླུང་འཁྲུགས་པའི་ཉམས་ཡིན་ལ། དོན་ཐོག་ན་དགེ་སྦྱོར་གྱིས་མ་ཟིན་པ་མེད་པས། ངང་ངམ་ཤུགས་ཀྱི་རིམ་པས་དགེ་སྦྱོར་དུ་བདེ་ཆམ་གྱིས་ལམ་དུ་སློངས་ཤིང་། གོམས་པ་ན་རྟོག་པ་ངོས་ཟིན་ཙམ་ནས་དགེ་སྦྱོར་དུ་འཆར་རོ། །ཐ་མར་རེ་དོགས་ཀྱི་འཕྲང་བསལ་བ་ནི། ཚུལ་དེ་ལྟར་ལམ་དུ་འཁྱེར་
(༦༣༦)བ་ལ་ལམ་དུ་སློངས་སུ་རེ་བ་དང་མ་སློངས་ཀྱི་དོགས་པ་སོགས་འཁུ་ཕྲིག་དང་གཞིག་འབྲེལ་ཅི་ཡང་མི་བྱ་བར་རྩིས་མེད་འཛིན་མེད་རྗེས་མེད་དུ་གཏོང་བ་ཡིན་ལ་ཚུལ་འདི་དག་ལམ་ཁྱེར་གཞན་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་ནི། བརྟག་གཉིས་ལས། ཇི་ལྟར་འཚེད་པས་ཚིག་པ་ཡང་། །མེ་ཡིས་ཀྱང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་སོགས་དང་། སཾ་ཊི་ལས། ཆགས་པས་ཆགས་པ་འདག་པར་བྱེད། །ཞེ་སྡང་གིས་ནི་ཞེ་སྡང་སྦྱོང་། །གཏི་མུག་གིས་ནི་གཏི་མུག་སྦྱོང་། །ང་རྒྱལ་གྱིས་ནི་ང་རྒྱལ་སྦྱོང་། །ཕྲག་དོག་གིས་ནི་ཕྲག་དོག་སྦྱོང་། །རྡོ་རྗེ་འཛིན་སོགས་ཐམས་ཅད་སྦྱང་། །ཞེས་པ་ལྟར། ཉོན་མོངས་པ་ཉིད་ལམ་དུ་འཁྱེར་ནས་ཆོས་ཉིད་དང་རོ་སྙོམས་པས་རྣམ་པ་ཉོན་མོངས་ལ་ངོ་བོ་ཡེ་ཤེས་ལྔར་འཆར་ཏེ། དེ་ཡང་རིམ་བཞིན་འདོད་ཆགས་སོར་རྟོག །ཞེ་སྡང་ཆོས་དབྱིངས། གཏི་མུག་མེ་ལོང་ལྟ་བུ། ང་རྒྱལ་མཉམ་ཉིད། ཕྲག་དོགས་
(༦༣༧)གྲུབ་ཡེ་ཤེས་སུ་དག་ནས་རྒྱལ་བ་ལྔའི་གོ་འཕང་མངོན་དུ་བྱེད་དེ། སཾ་ཊི་ལས། ཡེ་ཤེས་ཉོན་མོངས་མཉམ་པར་འགྲོ། །དེ་དག་རིགས་ནི་ལྔ་ཉིད་དེ། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །ཞེས་པ་ལྟར་རོ། །དེས་ན་ལམ་ཁྱེར་གྱི་གདམས་པས་ཟིན་ན་ཡུལ་དྲུག་འདོད་ཡོན་དུ་བསྟེན་ཡང་ཡུལ་གྱི་ཉེས་པས་མི་གོས་བ་དུག་བདུད་རྩིར་བསྒྱུར་བ་ལྟ་བུ་ཡིན་ཏེ། བརྟག་གཉིས་སུ། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང་། བྲམ་ཟེ་ཆེན་པོས། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། །ཨུཏྤལ་འདབ་མ་ཆུ་ཡིས་མི་རེག་བཞིན། །གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་འགྲོ་བ། །དུག་གི་སྔགས་ཅན་དུག་གི་ག་ལ་ཚུགས། །ཞེས་དང་། ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ། །ཆུ་འཛིན་ཁ་ཡིས་སླངས་པས་མངར་བར་འགྱུར། །བརྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེད་པ། །
(༦༣༨)ཡུལ་གྱི་དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །ལམ་ཁྱེར་དངོས་ནི། འདོད་ཆགས་ལ་ཕྱི་རྫས་དང་ནང་སེམས་ཅན་གང་ཡིན་ཡང་རུང་སྟེ། དེ་ལ་ཡིད་ཆགས་ཤིང་ཞེན་ནས་བདག་གིར་བྱེད་འདོད་པ་དུང་དུང་ལྷང་ལྷང་བའི་སེམས་དེ་ཉིད་ངོས་བཟུང་། ཞེ་སྡང་ལ་དགྲ་བགེགས་སོགས་ཀྱི་ཡུལ་རྐྱེན་ཅི་ཡིན་དེ་ལ་ཡིད་དུ་མི་འོང་ཞིང་གདུག་རྩུབ་ཀྱི་སེམས་སྙིང་ན་ཀ་རེ་བ་དེ་ངོས་བཟུང་། གཏི་མུག་ལ་གཉིད་བྲོ་བ་དང་བྱིང་རྨུགས་ལ་སོགས་པའི་གནས་སྐབས་ཀྱི་སེམས་འཐིབས་པ་དང་རྨོངས་པ་དང་སྙོམ་པ་སོགས་བློ་མི་གསལ་བ་དེ་ཉིད་ངོས་བཟུང་། ང་རྒྱལ་ལ་བདག་ཆགས་ལ་བརྟེན་ནས་ངའོ་སྙམ་པ་དང་གཞན་ལས་ལྷག་པར་ང་རྒྱལ་བ་སོགས་རང་ལ་དྲེགས་པ་སྐྱེས་ནས་གཞན་ལས་ལྷག་པར་འཛིན་པའི་བློ་དེ་ཉིད་ངོས་བཟུང་། ཕྲག་དོག་ལ་གཞན་གྱི་དཔལ་འབྱོར་སོགས་བློ་ཡུལ་དུ་མི་བདེ་བའི་རྩུབ་སེམས་གྱོང་ཏང་ངེ་བ་དེ་ཉིད་ངོས་བཟུང་ངོ་། །དེ་དག་ངོས་ཟིན་པ་ན་བདག་འཛིན་བློས་བཏང་
(༦༣༩)པ་དང་རེ་དོགས་སྤོང་བ་སོགས་སྔར་བཞིན་ཤེས་པར་བྱའོ། །སྐབས་རེ་ཉོན་མོངས་པའི་དམིགས་རྐྱེན་ཆགས་ཡུལ་སྡད་ཡུལ་སོགས་ལ་ཆགས་སྡང་རང་གར་སྐྱེས་པ་ལས་ཚན་ཆེ་བ་སྐྱེ་ཐབས་བྱས་ནས་ཉོན་མོངས་པ་ཆེས་ཆེར་བསྐྱེད་དེ། དེ་ཡང་དབུགས་མི་བདེ་བ་དང་བཞིན་འགྱུར་བ་དང་ལུས་གཡོ་ཞིང་འདར་བ་ལྟ་བུའི་ཆགས་སྡང་དྲག་པོ་སྐྱེས་པའམ་ཆེད་དུ་བསྐྱེད་ལ། རྟོག་པ་དེ་ཉིད་ངོས་བཟུང་བ་སོགས་བྱའོ། །དེ་ཡང་ཉོན་མོངས་པ་ཇི་ལྟར་དྲག་པ་དེ་ལམ་ཁྱེར་ཆོད་ཆེ་ཞིང་ཉོན་མོངས་པ་རང་རྒྱུད་པ་འདག་ཚན་ཆེ་བར་བཤད་དེ། མཻ་ཏྲི་པས། ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་པ་ལྟར་རོ། །སློངས་སུ་གྱུར་མ་གྱུར་གྱི་འཆར་ཚུལ་ནི་སྔར་ལྟར་འབྱུང་ངོ་། །གསུམ་པ་ནི། དེ་ཡང་ཇི་སྐད་དུ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ཀུན་རྣམ་པར་རྟོག་ལས་འབྱུང་། །ཞེས་དང་། ནཱ་རོ་པས། ནད་དང་གདོན་གྱི་བར་གཅོད་ཀྱང་། །བསྡུ་ན་
(༦༤༠)རྣམ་པར་རྟོག་པར་འདུས། །ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །བདེ་དང་སྡུག་བསྔལ་ལ་སོགས་པ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །ཞེས་དང་། རྗེ་བཙུན་ཆེན་པོས། འདྲེར་སྣང་འདྲེར་འཛིན་འདྲེར་རྟོག་གསུམ། །བྱུང་ཡང་རྣལ་འབྱོར་རང་ལས་བྱུང་། །ཐིམ་ཡང་རྣལ་འབྱོར་རང་ལ་ཐིམ། །ལར་གེགས་རྣམས་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་སྣང་སྟོང་པར་མ་རྟོགས་པའི། །འདྲེ་རང་རྒྱུད་དུ་འཛིན་ན་རྣལ་འབྱོར་འཁྲུལ། །ཞེས་དང་། བྲག་སྲིན་མོས། རང་སེམས་འཁྲུལ་པའི་ཉེར་ལེན་གྱིས། །རྣམ་རྟོག་དགྲ་རུ་མ་ལངས་ན། །བྲག་སྲིན་དགྲ་རུ་ཅི་ལ་ལྡང་། །ལར་བག་ཆགས་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཤིག་བྱས་པས་ང་
(༦༤༡)མི་འགྲོ། །ཞེས་སོགས་ཞུས་པ་ལྟར་འདྲེར་འཛིན་ཐམས་ཅད་རང་གི་རྟོག་པའི་ཆོ་འཕྲུལ་ཡིན་ལ། ལྷ་འདྲེའི་གཟུགས་ལྟར་སྣང་བ་ནི་རྟོག་པ་དེ་ཉིད་ལ་སེམས་འཐས་པའི་ཉམས་སྣང་ཤར་བ་སྟེ། དཔེར་ན་ཐག་པ་ལ་སྦྲུལ་འཛིན་སྐྱེས་པའི་ཚེ་ཐག་པ་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་ལྟར་འབྱུང་བའི་རྒྱུ་རྐྱེན་ཡང་རང་གི་རྣམ་སྨིན་གྱི་ལུས་ལ་ཉོན་མོངས་པ་དུག་གསུམ་གྱི་རྩ་གནས་པའི་ནང་དུ་རླུང་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་འཛིན་རྟོག་དང་འཁྲུལ་སྣང་འཆར་བ་སྟེ། དེ་ཡང་གཏི་མུག་ལས་ཀླུ་དང་ས་བདག་གི་རིགས། ཞེ་སྡང་ལས་བཙན་དང་ཕོ་གདོན་གྱི་རིགས། འདོད་ཆགས་ལས་སྲིན་མོ་སོགས་མོ་གདོན་གྱི་རིགས་ཀྱི་འཛིན་རྟོག་དང་སྣང་བ་འཆར་བར་བཤད་ཅིང་། ཕྱིས་དེ་ལམ་དུ་སློངས་ནས་དགེ་སྦྱོར་དུ་ཤར་བ་དང་འཇིགས་རྟོག་སངས་ནས་བག་གྲོ་ཐིབ་འགྲོ་ཞིང་གདོན་དེ་དག་གི་གནོད་པ་ཞི་ནས་དབང་དུ་འདུ་བ་རྣམས་སྲང་མདའི་མཐོ་
(༦༤༢)དམན་ལྟར་འབྱུང་བར་བཤད་དོ། །ལམ་དུ་འཁྱེར་ཚུལ་ལ། རྗེ་སྒམ་པོ་པས་འདྲེ་བཞི་རྩད་གཅོད་ཅེས་བྱ་བ་འདྲེ་རང་བཞིན་མེད་པར་གཏན་ལ་འབེབས་ཚུལ་ཞིག་གསུངས་ཀྱང་། ཚུལ་དེ་ནི་རོ་སྙོམས་ཀྱི་སྐབས་དང་ཅུང་ཟད་མི་མཐུན་ལ། འདྲེ་ལ་གནད་དུ་བསྣུན་ཚུལ་འདྲེར་སྣང་གི་རྟོག་པ་དེ་རང་སེམས་གཉིས་མེད་ཀྱི་ངང་ལ་མ་བཅོས་པར་འཇོག་ཚུལ་དང་། གཞན་དུ་ལྷ་འདྲེ་ལམ་བྱེད་གསུངས་པ་ནི་སྐབས་འདི་ཉིད་ཀྱི་དོན་དུ་སྣང་ངོ་། །ལམ་ཁྱེར་དངོས་ནི། ལྷ་འདྲེའི་ཆོ་འཕྲུལ་སོགས་དངོས་སུ་བྱུང་བའམ། མ་བྱུང་ཡང་བྱུང་གི་དོགས་པའི་སྙེམས་ཀྱིས་སེམས་སྐྱོ་ལྷང་ལྷང་བའམ། འཇིགས་ཆུམ་ཆུམ་པའམ། བག་ཚ་ཟིང་ཟིང་བ་ལྟ་བུ་བྱུང་བའི་ཚེ་སེམས་དེ་ཉིད་ངོས་ཙིར་གྱི་བཟུང་སྟེ། དེ་ཀ་ལ་དགེ་སྦྱོར་གྱི་ངོ་ཏི་བཅོལ་ནས་སྐྱོང་བ་སོགས་སྔར་ལྟར་རོ། །ཆོ་འཕྲུལ་ཆེ་ཆུང་ཅི་ཡིན་རུང་སྨ་དབབ་པ་ནི། ཆོ་འཕྲུལ་དེ་ལས་འཇིགས་པའི་ཆོ་འཕྲུལ་གནམ་ས་བརྡེབ་པ་དང་འདྲེའི་དམག་དང་མཚོན་
(༦༤༣)ཆས་བསྡིག་ཅིང་བཅད་པ་དང་མེས་བསྲེག་ཅིང་ཆུར་འགྲུལ་བ་སོགས་བློར་མི་ཤོང་བའི་ཆོ་འཕྲུལ་བྱུང་བར་བསམ་ཞིང་འཇིགས་སྣང་ཡང་ཆེར་བསྐྱེད་དེ་སྔར་ལྟར་ཉམས་སུ་བླང་ངོ་། །བཞི་པ་ནི། རྗེ་སྒམ་པོ་པའི་ཚོགས་ཆོས་སུ། འཁོར་བའི་སྡུག་བསྔལ་དྲིན་ཅན་དུ་བལྟ་བ་དང་སྡུག་བསྔལ་གྱི་རང་བཞིན་སྐྱེ་མེད་དུ་འཁྱེར་བ་དང་། སྡུག་བསྔལ་ལ་བརྟེན་ནས་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པའི་ལམ་ཁྱེར་གསུངས་པ་ནི་ཕལ་ཆེར་དོན་མཐུན་ཡང་། འདིར་ལམ་ཁྱེར་སྤྱི་དང་མཐུན་པར་བརྗོད་ན། སྤྱིར་འཁོར་བའི་སྡུག་བསྔལ་གསུམ་གྱིས་རང་གཞན་གྱི་འགྲོ་བ་ཐམས་ཅད་བཙེར་བ་དང་། བྱེ་བྲག་ཏུ་རང་གི་དབང་པོའི་མངོན་སུམ་དུ་འགྲོ་བ་གཞན་གྱིས་གཞན་དག་གསོད་པ་དང་གཅོད་པ་དང་བཀོལ་བ་ལ་སོགས་པས་སྡུག་བསྔལ་བར་བྱེད་པ་མཐོང་བ་དང་། གཞན་གྱིས་མ་བཙེར་ཡང་རང་ལས་ཀྱི་མི་བཟོད་པའི་སྡུག་བསྔལ་ཅི་རིགས་ཀྱིས་ཟིན་ནས་སྡུག་བསྔལ་
(༦༤༤)པར་གྱུར་པ་མཐོང་བའམ། དེ་དག་ཐོས་པ་ན་འགྲོ་བ་དེ་ལ་སྙིང་མི་བརྩེ་བར། རང་ཡང་ལས་ཉོན་གྱི་དབང་གིས་དེ་འདྲར་གྱུར་དོགས་ནས་ཡིད་ལ་ཟུག་རྔུ་ལྷང་གི་སྐྱེ་བ་དང་། དེ་འདྲའི་ལས་ཉོན་ཞི་ཞིང་གྲོལ་བ་ཐོབ་པའི་ཕྱིར་ལམ་ཉམས་སུ་ལེན་པར་སྤྲོ་བ་ཐེག་དམན་གྱི་བློ་དང་། སྡུག་བསྔལ་བའི་འགྲོ་བ་དེ་དག་ཕ་མ་དྲིན་ཅན་དུ་ཤེས་ནས་ཤིན་ཏུ་སྙིང་བརྩེ་ཞིང་། དེས་མཚོན་པའི་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེ་སྐྱེ་བ་ཐེག་ཆེན་གྱི་བློ་སྟེ། བློ་དེ་དག་གང་ཡང་རུང་བ་རང་གི་སེམས་ལ་ཟུག་རྔུ་དང་བཅས་པར་ལྷང་ངེ་སྐྱེས་པ་ན། དེ་ངོས་བཟུང་ནས་ལམ་དུ་འཁྱེར་ཚུལ་སྔར་བཞིན་དུ་བྱ་ཞིང་། མཐར་དགེ་སྦྱོར་གྱི་ཉམས་དེ་ཉིད་མ་ཤོར་བའི་ངང་ནས་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཀུན་ནས་བསླང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་གཞན་ཕན་གྱི་སྨོན་ལམ་བཟང་པོ་གདབ་པར་བྱའོ། །འདི་ནི་ཤིན་ཏུ་བསྔགས་པ་ཆེ་སྟེ། ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་
(༦༤༥)ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་སོ། །དེ་ཡང་སྐབས་འདིར་སེམས་ཅན་གྱི་སྡུག་བསྔལ་མ་བཟོད་པའི་སྙིང་བརྩེའི་གདངས་མ་འགགས་བཞིན་དུ། དེའི་ངོ་བོའམ་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་དུ་རིག་པ་དེ་ཉིད་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གམ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་སུ་བཞེད་ཅིང་། འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ཡིན་ཏེ། བརྟག་གཉིས་སུ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་དང་། གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ནི་བསྟན་པ་ཡིན། །ཞེས་དང་། སཾ་ཊིར། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་
(༦༤༦)གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་སྟེ། །ཞེས་དང་། བྲམ་ཟེ་ཆེན་པོས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། ཤ་ཝ་རས། རྟོགས་པའི་རང་སྤྱོད་རྩིས་མེད་ངང་དེ་ནས། །རྨོངས་པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱི་མཆི་མ་འབྱུང་། །བདག་གཞན་བཟློག་ནས་ཕན་པ་ཉིད་ལ་འཇུག །ཅེས་པ་ལྟར་རོ། །ལྔ་པ་ནི། སྤྱིར་ནད་ཀྱི་རྒྱུ་ནི་མ་རིག་པས་ཀུན་ནས་བསླང་བའི་ལས་དང་ཉོན་མོངས་ཀྱིས་བསྐྱེད་པ་ཡིན་ལ། རྐྱེན་ནི་ནད་ཐམས་ཅད་ཀྱི་ཐོག་མར་ལས་རླུང་གི་རྒྱུ་བ་ལོག་པས་དེས་འབྱུང་བཞི་འཁྲུགས་ནས་འདུ་བ་ཆ་མ་སྙོམས་པས་བྱེད་ཅིང་།
(༦༤༧)འབྲས་བུ་ནི་ལུས་སེམས་ལ་ཚོར་བ་ན་ཚ་ལ་སོགས་པའི་ཟུག་རྔུ་འབྱུང་བ་དང་། ནད་རིགས་ནི་དབྱེ་ན་རླུང་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པ་དང་བད་ཀན་ལས་གྱུར་པ་དང་འདུས་པ་ལས་གྱུར་པ་སྟེ་བཞི་བརྒྱ་རྩ་བཞིའོ། །དེ་ཡང་ནད་འཆོས་ཐབས་ལ་སྨན་དཔྱད་ནས་མང་དུ་བཤད་ཀྱང་། སྐབས་འདིར་ནད་ཀྱི་རྒྱུ་འཆོས་པ་ལ་རྒྱུ་མ་རིག་པས་བྱས་པས་དེ་འཆོས་པ་ལ་རིག་པ་ཡེ་ཤེས་སྐྱོང་བ་ཟབ། རྐྱེན་བསལ་བ་ལ་རྐྱེན་ལས་རླུང་འཁྲུགས་པས་བྱས་པས་དེ་རང་སར་དྭངས་པ་ལ་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་མ་བཅོས་པ་གཉུག་མ་སྐྱོང་བ་ཟབ། འབྲས་བུ་གཞོམ་པ་ལ་འབྲས་བུ་ཚོར་བ་སྡུག་བསྔལ་ཡིན་པས་དེ་རོ་མེད་དངོས་མེད་དུ་གཏོང་བ་ལ་གནས་ལུགས་སྟོང་ཉིད་སྒོམ་པ་ཟབ་པས། རྒྱུ་མཚན་དེས་ན་ནད་ཀྱི་རིགས་དང་ནད་གསར་རྙིང་གང་ཡིན་རུང་དེ་ཞི་བར་བྱེད་པ་ལ་ཐབས་གཞན་བསྟེན་པ་བས་ནང་ལམ་དུ་
(༦༤༨)འཁྱེར་བ་ཟབ་པར་བཞེད་དོ། །ལམ་ཁྱེར་ལ་རྗེ་སྒམ་པོ་པས། དང་པོར་ནད་སྨ་དབབ་པ་ཞེས་ནད་ཟུག་དེ་ལས་ལྷག་པར་ཆེ་ཞིང་མི་བཟོད་པ་ཞིག་ཏུ་བསམ་པ་དང་། བར་དུ་ནད་ཚར་བཅད་པ་ཞེས་ནད་ཀྱི་བྱུང་གནས་འགྲོ་གསུམ་ཁ་དོག་དབྱིབས་རྣམས་ལ་བརྟག་པ་དང་། མཐར་ནད་ལམ་དུ་འཁྱེར་བ་ཞེས་ན་བར་བྱེད་པ་ཡང་སེམས་ལ་ནད་དུ་འཛིན་པ་ཡང་སེམས་དང་སེམས་སྐྱེ་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱ་བ་རྣམས་གསུངས་པས་ཕལ་ཆེར་དོན་མཐུན་ལ། འོན་ཀྱང་འདིར་ནད་ཀྱི་རྒྱུ་རྐྱེན་དང་ན་ཚུལ་སོགས་ལ་བྱུང་གནས་འགྲོ་གསུམ་སོགས་ཀྱི་བརྟག་དཔྱད་མི་བྱ་ཞིང་། ན་ཚ་དེ་ལ་ཆགས་སྡང་དང་དགག་སྒྲུབ་ཀྱང་མ་ཤོར་བར་བྱས་ཏེ། ན་ཚ་ཟུག་གཅེར་ལྷང་ངེ་བའི་ལུས་སེམས་ཀྱི་ཚོར་བ་དེ་ཉིད་ངོས་གཟུང་ཞིང་དེ་ཀ་ལ་སྒོམ་གྱི་ངོ་ཏི་བཅོལ་ཏེ། དེ་ལ་དགག་སྒྲུབ་ཀྱི་བློས་མ་བཅོས་མ་བསླད་པར་གསལ་སིང་ངེ་བསྐྱང་། སྐབས་རེ་ན་མཁན་གཟེར་མཁན་མྱོང་མཁན་
(༦༤༩)སོགས་ཀྱི་བདག་འཛིན་རྩད་བཅད་དེ་ངོ་བོ་ངོས་བཟུང་མེད་པའི་ངང་དུ་མ་བཅོས་པ་དེ་བཞག །ནད་སྨ་དབབ་ན་གོང་དུ་གསུངས་པ་ལྟར་བྱ། མཐར་ནད་སོས་སུ་རེ་བ་དང་མ་སོས་ཀྱི་ངོགས་པ་སོགས་ཀྱི་རེ་དོགས་ཅི་ཡང་མི་བྱ་བར་མཉམ་ཉིད་ཆེན་པོར་ཐག་བཅད་དོ། །དེང་སང་ན་ཚ་ལམ་ཁྱེར་ཉམས་འོག་ཏུ་འཛུད་ཐབས་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ཡུན་རིང་དུ་བྱས་པའི་ཟུག་གཟེར་རམ་གཞན་ཡང་ལུས་ལ་ན་ཚ་ཅི་རིགས་འོང་ཐབས་བྱས་ནས་དེ་ལམ་དུ་འཁྱེར་ཏེ་སྦྱང་བར་བཞེད་དོ། །དེ་ལྟར་ན་ཚའི་ཐོག་ཏུ་ཉམས་ལེན་གནད་མ་ཆུགས་པར་སྐྱོང་བ་ཡུན་བསྲིངས་པས། མཐར་ན་ཟུག་དང་བདག་འཛིན་ལ་དགྲར་བལྟ་བ་དང་སྤང་བྱར་བྱ་མི་དགོས་པར་དེ་ཉིད་སྒོམ་དུ་འཆར་བ་དང་། འབྱུང་བ་ཚ་གྲང་རོ་སྙོམས་ནས་ནད་དྲག་པ་དང་། དགེ་སྦྱོར་ལ་བོགས་ཐོན་པ་རྣམས་དུས་མཉམ་དུ་འབྱུང་བར་བཞེད་དོ། །འདིར་རོ་སྙོམས་པས་ནད་ལ་སྨན་དཔྱད་སྤང་
(༦༥༠)པར་བཤད་པ་ནི། མཐར་རེ་དོགས་སྤོང་བའི་རོ་སྙོམས་ཀྱི་དོན་དང་མཐུན་ཞིང་གྲུབ་ཆེན་རྣམས་ཀྱི་ཕྱག་བཞེས་ཀྱང་ཡིན་ལ། རྗེ་འབྲི་ཁུང་པ་དང་རྗེ་རྒོད་ཚང་པ་སོགས་ཀྱི་བསྙུན་ཁམ་ཆེ་བ་མང་པོ་ཞིག་རོ་སྙོམས་ཁོ་ནས་གྲོལ་བའི་ལོ་རྒྱུས་ཀྱང་མང་ངོ་། །འོན་ཀྱང་དེང་སང་ལུས་ཀྱི་ནད་དགེ་སྦྱོར་དུ་འཁྱེར་བ་ནི་རྣལ་འབྱོར་པའི་ཁྱད་ཆོས་ཡིན་ལ། བྱང་ཆུབ་སྒྲུབ་པའི་རྟེན་ལ་ཤི་མ་ཤི་མེད་པའི་བླུན་ཆོས་མི་རུང་བས། ཀུན་རྫོབ་ཏུ་ནང་བཅོས་པའི་ཐབས་དང་རྟེན་འབྲེལ་བསྟེན་པར་བྱ་ཞིང་། དོན་དམ་པའི་རིག་ཐོག་ཏུ་རེ་དོགས་སྤོང་བའི་ཉམས་ལེན་བྱས་པས་དོན་དང་མཐུན་ཞིང་འཐད་པར་ཞེད་དོ། །དྲུག་པ་ནི། དེ་ལྟར་མི་ཚེ་གང་བྱུང་ལ་རྐྱེན་ཤར་གྱི་རྟོག་པ་དང་སྣང་བ་ཐམས་ཅད་དགེ་སྦྱོར་དུ་འཁྱེར་ནས་གོམས་པར་བྱེད་པ་དང་། ཁྱད་པར་གཉིད་དུ་འགྲོ་བའི་ཐེམ་རིམ་དང་འོད་གསལ་ལམ་དུ་འཁྱེར་བ་ལ་གོམས་པས་ནི། འཆི་བ་ལམ་ཁྱེར་མ་སྤང་དུ་བུ་རྒྱུག་པ་ལྟར་ཉམས་འོག་
(༦༥༡)ཏུ་ཚུད་བདེ་བས། དེས་ན་དེང་སང་རྟོག་སྣང་གི་བྱེ་བྲག་ཡིད་དང་མཐུན་མི་མཐུན་གསལ་མི་གསལ་གང་ཡང་ལམ་དུ་བྱ་བ་ལ་འབད་ནས། ནམ་ཞིག་འཆི་བ་ལམ་དོན་དུ་ཕྱོགས་པ་ན། ཡུལ་འཁོར་དང་ནོར་རྫས་སོགས་གང་ལའང་ཞེན་པ་བློས་བཏང་། འབྱོར་པ་ཡོད་ན་བླ་མ་མཉེས་པའི་འབུལ་བ་ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་མཉེས་པའི་མཆོད་གཏོར། རྡོ་རྗེ་སྤུན་མཉེས་པའི་ཚོགས་འཁོར་དང་སྤོང་དག་སོགས་བྱ། ཡུལ་རྐྱེན་ངན་པ་ཐམས་ཅད་བརྒྱང་དུ་བསྐྱུར། རྟེན་འབྲེལ་བཟང་པོ་ཐམས་ཅད་ཚུལ་བཞིན་བསྒྲིག །དུས་ལ་བབ་པ་ན་སེང་གེའི་ཉལ་སྟབས་སམ་ཙོག་པུ་སོགས་ལུས་གནད་བཅོས། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་དྲག་པོ་བྱས་ཏེ་ལམ་ཁྱེར་ལ་འཇུག་པར་བྱའོ། །དེ་ལ་ལམ་དུ་འཁྱེར་རྒྱུ་ནི། ཚེ་འདི་ལ་འཐས་དྲགས་པས་དེ་དང་འབྲལ་བར་ཤེས་ཤིང་འཁུ་ཕྲིག་དང་བཅས་པའི་འཆི་སེམས་ཀྱི་རྟོག་པ་སྙིང་ཁུང་གྲང་ཐུམ་མེ་བ་དེ་དང་། དེ་ནས་འབྱུང་བ་བཞི་དང་སྣང་
(༦༥༢)མཆེད་ལ་སོགས་པའི་ཐིམ་རིམ་གྱི་ཉམས་སྣང་མཐའ་དག་རིམ་པར་འཆར་བ་རྣམས་ཡིན་ལ། ལམ་དུ་འཁྱེར་ཚུལ་ནི། དེ་དག་ལ་མི་དགའ་བའི་ཞེ་སྡང་གི་འཁུ་ཕྲིག་དང་། འདི་དང་འདིའོ་སྙམ་པའི་བདག་འཛིན་ལ་བློ་འཇོག་པ་དང་། འོད་གསལ་ཟིན་དུ་རེ་མ་ཟིན་གྱི་དོགས་པའི་རེ་དོགས་བྱས་ན་ལམ་ཁྱེར་གྱི་གེགས་སུ་འགྱུར་བས། རྟོག་པ་དང་ཉམས་དེ་དག་དང་པོར་ངོས་ཟིན་ཙམ་བྱས་ཏེ། དེ་ནས་གང་ཤར་དེ་ཀ་ལ་དགེ་སྦྱོར་གྱི་ངོ་ཏི་བཅོལ་ནས་དེ་ལ་དགག་སྒྲུབ་སོགས་ཀྱི་བློས་མ་བསླད་པར་འཛིན་མེད་དུ་སྐྱོང་བ་སོགས་སྔར་རིམ་པར་བཤད་པ་ལྟར་བྱའོ། །དོན་འདི་ལ་ཐེག་ཆེན་བློ་སྦྱོང་གི་མན་ངག་ཏུའང་། འཆི་དུས་ཀྱི་འཕོ་བ་ལ་མན་ངག་འུད་ཆེ་བ་མང་ཡང་གང་ཤར་འཛིན་མེད་དུ་སྐྱོང་བ་ལས་ཟབ་པ་མེད་པར་བཤད་དོ། །དེ་ལྟར་བྱས་པས་ཐིམ་རིམ་རྫོགས་པའི་རྗེས་ལ་རང་བཞིན་གྱི་འོད་གསལ་དང་ངམ་ཤུགས་ཀྱིས་འཆར་བ་དང་།
(༦༥༣)ལམ་དུ་སྦྱངས་པའི་འོད་གསལ་མ་བུ་འདྲེས་པས་ཆུ་ལ་ཆུ་བཞག་པའམ་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་གྱུར་ནས་ཆོས་སྐུར་སངས་རྒྱས་པར་བཤད་དེ། རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། སྐད་ཅིག་ཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་དང་། རྗེ་སྒམ་པོ་པས། རྣམ་རྟོག་གཅིག་ནས་གཅིག་འགྲོ་བ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །ཆོས་སྐུ་རྣམ་པར་དག་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཇའ་ཚོན་རི་མོ་ཡལ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སེམས་ལ་སྐྱེ་འཆི་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །ཅེས་སོགས་གསུངས་པའི་དོན་ཏོ། །གལ་ཏེ་ཚེ་འདིར་ལམ་ཁྱེར་ལ་གོམས་པ་ཆུང་བས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་སངས་རྒྱ་མ་ནུས་ཀྱང་། བར་དོ་དང་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་ལ་སྔར་གྱི་ལམ་ཁྱེར་ཅི་རིགས་པས་རང་དབང་ཐོབ་པའམ། ཐ་མའང་
(༦༥༤)རྟེན་འབྲེལ་གྱི་སྟོབས་ཀྱིས་ཕྱི་མ་ལས་འཕྲོ་ཟིན་པར་བཤད་དོ། །དེ་དག་གིས་སྐྱེ་མེད་དུ་ལ་བཟླ་བ་དང་ལམ་ཁྱེར་གྱིས་བོགས་དབྱུང་ཚུལ་བཤད་ཟིན་ཏོ།།་ ༈ །།བཞི་པ་སྒོམ་བསྐྱངས་པས་རྟོགས་པ་འཆར་ཚུལ་ལ། རྟོགས་པ་འཆར་ཚུལ་གྱི་དབྱེ་བ། རྣལ་འབྱོར་བཞིའི་རྟོགས་པ་འཆར་ཚུལ། དེ་དག་གིས་ས་ལམ་བགྲོད་ཚུལ་གསུམ་གྱི། དང་པོ་ནི། རིམ་པར་བཤད་པའི་ཕྱག་རྒྱ་ཆེན་པོའི་སྒོམ་དེ་ཉིད་ཤོར་གོལ་མེད་པར་ལེགས་པར་བསྐྱངས་ན། སྒྲུབ་པ་པོ་སོ་སོའི་རིགས་དང་རྗེས་སུ་མཐུན་པར་སྐྱེ་ཚུལ་གསུམ་ཅི་རིགས་པས་མཚམས་སྦྱར་ནས་རྟོགས་པ་རྣལ་འབྱོར་བཞིའི་རིམ་པ་སྐྱེ་བར་གསུངས་ཏེ། དེ་ཡང་སྒྲུབ་པ་པོ་སྔོན་སྦྱངས་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བས་ཅིག་ཅར་བ་དང་ཐོད་རྒལ་བ་དང་རིམ་གྱིས་པ་གསུམ་དུ་བྱེ་བ་ལས། ཅིག་ཅར་བའི་སྐྱེ་ཚུལ་ནི། དང་པོར་ཞི་གནས་ཀྱི་དུས་སམ། ལྷག་མཐོང་ལ་ཁྲིད་པའི་དུས་སམ། ངོ་སྤྲོད་དུས་ནས་གོ་བ་དང་ཉམས་མྱོང་དང་རྟོགས་པ་
(༦༥༥)གསུམ་དུས་གཅིག་ལ་ཤར་ཏེ། རྩེ་གཅིག་ཙམ་དང་། སྤྲོས་བྲལ་མན་ཙམ་དང་། རོ་གཅིག་མན་ཙམ་དང་། སྒོམ་མེད་མན་ཙམ་ཅིག་ཅར་དུ་སྐྱེ་བ་ཡང་ཡོད་ལ། སྐྱེས་པ་དེ་ཡང་བརྟན་ཏེ། དཔེར་ན་ཅོང་རོང་གི་ལུང་པ་ལ་ཉི་མ་ཤར་བ་ན་མུན་པ་སངས་པ་དང་ས་རྡོ་དྲོས་པ་སོགས་དུས་མཉམ་དུ་འབྱུང་བ་དང་འདྲ་བར་བཞེད་དོ། །ཐོད་རྒལ་བའི་སྐྱེ་ཚུལ་ནི། གོ་མྱོང་རྟོགས་གསུམ་དང་རྣལ་འབྱོར་བཞི་སྔ་མ་སྔ་མ་མ་བརྟན་པར་ཕྱི་མ་ཕྱི་མ་ཐོལ་གྱི་སྐྱེ་ལ། སྐྱེས་ཀྱང་མི་བརྟན་པར་འཕེལ་འགྲིབ་ཤིན་ཏུ་ཆེ་བ་ཞིག་སྟེ། དཔེར་ན་སྤྲིན་བར་གྱི་ཉི་མ་འཆར་ནུབ་དང་འདྲ་བར་བཞེད་དོ། །འོན་ཀྱང་དེས་ཡུན་དུ་དབེན་པ་བསྟེན་ཞིང་མཚམས་ལ་གནས་པ་དང་། བླ་མ་ལ་མོས་གུས་བསྐྱེད་ཅིང་གསོལ་འདེབས་དྲག་ཏུ་བྱས་ནས་སྙིང་རུས་བསྐྱེད་དེ་བསྒོམས་ན་རྟོགས་པ་བརྟན་པོ་ཐོབ་པར་གསུངས་ལ། གལ་ཏེ་སྒོམ་ཡུན་ཐུངས་ནས་ཚེ་འདི་རྟོགས་པ་མ་བརྟན་ཀྱང་རྟོགས་པ་གཤའ་
(༦༥༦)མ་བར་དོར་འཆར་བར་བཞེད་དོ། །རིམ་གྱིས་པའི་སྐྱེ་ཚུལ་ནི། གོ་མྱོང་རྟོགས་གསུམ་དང་རྣལ་འབྱོར་བཞི་རིམ་པས་འཆར་ཞིང་། སྔ་མ་སྔ་མ་བརྟན་ནས་ཕྱི་མ་ཕྱི་མ་རིམ་པས་སྐྱེ་ལ། སྐྱེ་ལུགས་ཀྱང་བུལ་ཞིང་ངོ་བུ་ཅུང་ཟད་མཐོང་ཡང་འཕྲལ་དུ་སྤང་བྱ་མི་སྤོངས་ཤིང་གཉེན་པོ་ལ་རང་དབང་མི་ཐོབ་པ་ཞིག་འབྱུང་སྟེ། དཔེར་ན་གནམ་ཁ་ཞེང་ཅན་གྱི་ཉི་མ་ཤར་བ་ལྟར། ཤར་མ་ཐག་ས་རྡོ་དྲོས་པ་དང་འཁྱག་པ་འཇུ་བར་མི་ནུས་པ་དང་འདྲ་བར་བཞེད་དོ། །རིགས་ཕྱི་མ་གཉིས་ཀའང་མོས་གུས་དང་སྙིང་རུས་བསྐྱེད་ན་བྱིན་རླབས་ཀྱི་གནད་ཀས་ཅིག་ཅར་བ་ལྟར་འགྱུར་བ་ལ་ཚེགས་མེད་པར་བཤད་ལ། དེ་ཡང་དུས་ཚོད་དེས་མེད་དུ་རྟོགས་པ་སྐྱེས་ནས་བློ་ཐག་ཆོད་པ་དང་། རྟོགས་པ་སྐྱེས་ཀྱང་ངོ་མ་ཤེས་པར་ཆ་མེད་རྩིས་མེད་དུ་སོང་བ་སོགས་སྣ་ཚོགས་པ་འོང་བར་བཤད་པས། བླ་མ་དང་མཆེད་གྲོགས་ཉམས་རྒྱུས་ཅན་བསྟེན་པ་གལ་ཆེའོ། །གོ་མྱོང་རྟོགས་
(༦༥༧)གསུམ་གྱི་ཁྱད་པར་ནི། དགེ་སྦྱོར་གྱི་གནས་སྐབས་མཐོ་དམན་གང་ཡིན་ཡང་འདྲ་སྟེ། དེ་དག་གི་དོན་སྤྱི་ཇི་ལྟ་བ་བཞིན་བློ་ཡུལ་དུ་ཤར་ནས་རྗེས་དཔག་སྐྱེས་པ་གོ་བ་དང་། རང་མཚན་པའི་རྣམ་པ་ཚུལ་བཞིན་ཉམས་འོག་ཏུ་ཚུད་ཅིང་རིག་ཐོག་ཏུ་མྱོང་རྒྱུ་ཡོད་ལ་ཉམས་མྱོང་དང་། རང་མཚན་མ་འཁྲུལ་བར་ཡིན་ལུགས་མངོན་སུམ་དུ་རྟོགས་ཤིང་བློ་ཐག་ཆོད་པ་རྟོགས་པ་ཡིན་ཏེ། རྗེ་རྒྱ་རས་ཀྱིས། བརྟག་དཔྱད་བྱས་པ་གོ་བ་ཡིན། །བདེ་གསལ་མཐོ་དམན་ཉམས་མྱོང་ཡིན། །གནས་ལུགས་ངོ་ཤེས་རྟོགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དཔེར་ན་རྒྱ་གར་རྡོ་རྗེ་གདན་ལྟ་བུའི་ལོ་རྒྱུས་ཐོས་པས་དེའི་རྣམ་སྤྱི་ཤར་བ་དང་། དེ་ཉིད་མིག་ལམ་དུ་བབ་ནས་བཀོད་པ་རགས་རིམས་མཐོང་བ་དང་། དེའི་གནས་ཚུལ་ཞིབ་ཏུ་ངེས་ནས་བློ་ཁོག་ཏུ་ཚུད་པ་ལྟ་བུའི་ཁྱད་པར་ཡོད་དོ། །དེ་ཡང་དགེ་སྦྱོར་གྱི་གནས་སྐབས་གང་ཡིན་པ་དེ་རིག་ཐོག་ཏུ་གསལ་
(༦༥༨)པར་ཤར་བ་ཉམས་མྱོང་དང་། གཞན་དུ་མ་ཡེངས་པར་དེ་ཀའི་ངང་ལ་རྩེ་གཅིག་ཏུ་གནས་པ་དེའི་མཉམ་གཞག་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བལྟས་པས་བལྟ་བྱ་ལྟ་བྱེད་ལ་སོགས་པ་ཐམས་ཅད་གང་གི་ངོ་བོར་ཡང་གྲུབ་པ་མེད་པར་ཐག་ཆོད་པ་རྟོགས་པ་ཡིན་པར་གསུངས་ཏེ། རྗེ་སྒམ་པོ་པས། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན། ཞེས་དང་། ཉམས་དང་རྟོགས་པ་གཉིས་ལ་ཁྱད་ཅི་ཡོད་ཞུས་པས། ཉམས་ནི་བློའི་ཡུལ་ལས་མ་འདས་པར་ཡོད་པ་ཡིན་ཏེ། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ་བས་བདེ་བ་གསལ་བ་མི་རྟོག་པ་གསུམ་རེས་མཐོ་རེས་དམའ་རེས་གནས་པ་འོང་ལ། དེ་ལ་མ་ཞེན་པར་བསྐྱངས་པས་བློའི་དྲི་མ་དག་ནས་རྟོགས་པ་གཟོད་འཆར་རྟོགས་པ་ནི་སྣང་སེམས་གཉིས་མེད་དུ་བློའི་གཏིང་ནས་འོད་གསལ་གྱི་ངང་ལ་རྒྱུན་ཆད་
(༦༥༩)མེད་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་དུས་སུ་རྟོགས་ཐོབ་དུས་གཅིག་ཏུ་འཆར་བ་ལ་ཟེར་བ་ཡིན། ཞེས་ཉམས་རྟོགས་ཀྱི་ཁྱད་པར་ཕྱེ་ནས་གསུངས་པ་ལྟར་རོ། །འདི་དག་ལ་ཁ་ཅིག་ལ་ལས་ཉམས་དང་གོ་བ་དང་། །རྟོགས་པ་ཞེས་བྱ་རྣམ་པ་གསུམ། །ཉམས་ནི་ངན་པ་གོ་བ་འབྲིང་། །རྟོགས་པ་བཟང་བ་ཡིན་ཞེས་ཟེར། །འདི་ཡང་རེ་ཞིག་བརྟག་པར་བྱ། །ཉམས་ཞེས་བྱ་བ་ཉམས་མྱོང་ལ། །ཟེར་ན་སེམས་ཡོད་ཐམས་ཅད་ལ། །ཉམས་མྱོང་དེ་ཡང་ཡོད་པ་ཡིན། །གལ་ཏེ་བསྒོམས་པའི་ཉམས་མྱོང་ལ། །ཟེར་ན་ཚོགས་ལམ་ཆུང་ངུ་ནས། །མཐར་ཕྱིན་ལམ་གྱི་བར་དུ་ཡོད། །འོན་ཏེ་སོ་སོ་རང་རིག་པའི། །ཡེ་ཤེས་ཡིན་ན་འཕགས་པ་ཡི། །གང་ཟག་རྣམས་ལ་ཉམས་དེ་ཡོད། །གོ་བ་དང་ནི་རྟོགས་པ་གཉིས། །རྣམ་གྲངས་སྒྲ་ཡིན་ངོ་བོ་གཅིག །རྒྱ་སྐད་གཅིག་ལ་ལོཙྪ་པའི། །འགྱུར་གྱི་དབྱེ་བ་ཁོ་ནར་ཟད། །ཅེས་ཟེར་བ་མི་འཐད་དེ། དེ་གསུམ་ངན་འབྲིང་བཟང་བའི་ཐ་སྙད་བྱས་པ་མ་མཐོང་
(༦༦༠)པས་སྒྲོ་བཏགས་ཀྱི་བསྙོན་ཚིག་ཏུ་སྣང་བའི་ཕྱིར་དང་། ཉམས་ཡིན་ན་ངན་དགོས་པའི་ཁ་ཚོན་མ་བཅད་པས་འཕགས་པའི་གང་ཟག་གི་ཉམས་སོགས་སྨོས་མི་དགོས་ཤིང་། སྨོས་ཀྱང་དེའི་ཉམས་རྟོགས་ལའང་ཁྱད་པར་དབྱེར་རུང་བའི་ཕྱིར་དང་། སྒྲུབ་བརྒྱུད་འདིར་རྟོགས་པའི་རང་ཉམས་དང་ཉམས་རྟོགས་དབྱེར་མེད་ཀྱི་སྐབས་ཀྱང་བཞེད་པའི་ཕྱིར་དང་། གོ་རྟོགས་གཉིས་རྣམ་པ་ཀུན་ཏུ་གཅིག་ན། ལུང་རྟོགས་ཀྱི་དབྱེ་བའང་ལུང་དང་གོ་བའི་དབྱེ་བར་སྨྲ་དགོས་པ་དང་། ས་ལམ་གྱི་རྟོགས་པའང་དེའི་གེ་བར་སྨྲ་དགོས་པ་སོགས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། ལོ་པན་རྣམས་ཀྱིས་སྐབས་དོན་སོ་སོར་བསྒྱུར་བ་ལའང་རྒྱུ་མཚན་ཡོད་ནས་སོ་སོར་བསྒྱུར་བའི་ཕྱིར་རོ། །ཡང་རྟོག་པ་གསལ་དང་མི་གསལ་ལ། །གོ་དང་རྟོགས་པར་འདོགས་ན་ཐོགས། །ཞེས་སྨྲ་བའང་མི་རིགས་ཏེ། ཁྱེད་རང་ལྟར་ན་རྟོག་པ་གསལ་མི་གསལ་གྱི་ཁྱད་པར་དེ་ཀ་གོ་རྟོགས་ཀྱི་ཁྱད་པར་དུ་འགྱུར་དགོས་པས་གོང་དུ་སྨྲ་
(༦༦༡)པ་དང་འགལ་བར་འགྱུར་བའི་ཕྱིར་དང་། སྡེབ་སྦྱོར་གྱི་གོ་རིམ་ལྟར་ན་རྟོག་པ་མི་གསལ་བ་རྟོགས་པར་སྨྲ་བའང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟོགས་པ་ཐམས་ཅད་ཀྱང་རྣམས་རྟོག་ཏུ་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། རྣལ་འབྱོར་བཞིའི་དོན་མདོ་རྒྱུད་ནས་བསྟན་ཚུལ། རྣལ་འབྱོར་བཞིའི་དོན་རིགས་པ་ཐུན་མོང་དུ་བསྟན་པ། རྣལ་འབྱོར་བཞི་སོ་སོའི་རྣམ་དབྱེ་ཕྱེ་ནས་བཤད་པ་གསུམ་གྱི། དང་པོ་ནི། ལང་ཀར་གཤེགས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་དང་། སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤོང་བ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་དང་།
(༦༦༢)འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཏེ། བློ་གྲོས་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། །ཞེས་པས་རྣལ་འབྱོར་བཞི་བསྟན་པར་བཞེད་ལ། དེ་ཡང་སོ་སོར་ཕྱེ་ནས་བཤད་ན། སེམས་སྣང་བ་རྣམ་པར་སྒོམ་པས་རྩེ་གཅིག་གི་རྣལ་འབྱོར་བསྟན་ཏེ། དེ་ཉིད་དུ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། བདག་དང་བདག་གི་དང་བྲལ་བ་གཡོ་མེད་པ་བླང་པ་དང་དོར་བ་དང་བྲལ་བ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ལ་མངོན་པར་ཞེན་པས་བགོས་པ། ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ་བ། ལུས་དང་ལོངས་སྤྱོད་དང་གནས་
(༦༦༣)དང་འགྲོ་བར་རྣམ་པར་རྟོག་པའི་རྗེས་སུ་སོང་བར་སྣང་ངོ་ཞེས་རབ་ཏུ་རྟོག་སྟེ། ཞེས་གསུངས་པ་དང་རྩེ་གཅིག་གི་རྣལ་འབྱོར་དོན་མཐུན་པའི་ཕྱིར་རོ། །སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤོང་བས་སྤྲོས་བྲལ་གྱི་རྣལ་འབྱོར་བསྟན་ཏེ། དེ་ཉིད་དུ། བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་གྱི་གཟུགས་སྐྱེ་བ་དང་འདྲ་བར་བདག་དང་གཞན་དང་གཉིས་ཀ་མེད་པའི་ཕྱིར་མི་སྐྱེ་སྟེ། རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་ཕྱི་རོལ་གྱི་དངོས་པོ་མེད་པར་མཐོང་ངོ་། །དངོས་པོ་མེད་པར་མཐོང་བས་རྣམ་པར་ཤེས་པ་རྣམས་འཇུག་པ་མེད་པ་དང་། རྐྱེན་རྣམས་ཀྱང་ཕུང་པོ་དང་སྤུངས་པ་མེད་པར་མཐོང་ནས་ཁམས་གསུམ་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བར་མཐོང་བས། ཕྱི་ནང་གི་ཆོས་ཐམས་
(༦༦༤)ཅད་མི་དམིགས་ཤིང་རང་བཞིན་མེད་པ་རྗེས་སུ་མཐོང་བའི་ཕྱིར། སྐྱེ་བའི་ལྟ་བ་རྣམ་པར་ལོག་ནས་སྒྱུ་མ་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་རྗེས་སུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་སྟེ། ཞེས་པ་དང་སྤྲོས་བྲལ་གྱི་རྣལ་འབྱོར་དོན་མཐུན་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རབ་ཏུ་རྟོགས་པ་ལ་མཁས་པས་རོ་གཅིག་གི་རྣལ་འབྱོར་བསྟན་ཏོ། །དེ་ཉིད་དུ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྨིག་སྒྱུ་དང་རྨི་ལམ་དང་སྐྲ་ཤད་འཛིངས་པ་ལྟ་བུའོ། །དངོས་པོ་ཐམས་ཅད་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་བག་ཆགས་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། རང་བཞིན་མེད་པའོ། །ཞེས་ཡང་དག་པར་མཐོང་བའི་བྱང་ཆུབ་སེམས་དཔའ། ཞེས་པ་དང་
(༦༦༥)རོ་གཅིག་གི་རྣལ་འབྱོར་དོན་མཐུན་པའི་ཕྱིར་རོ། །འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པས་སྒོམ་མེད་ཀྱི་རྣལ་འབྱོར་བསྟན་ཏེ། དེ་ཉིད་དུ། བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་ས་བརྒྱད་པ་ལ་གནས་ཏེ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་ལྔ་དང་རང་བཞིན་དང་བདག་མེད་པ་གཉིས་རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་པའི་ཕྱིར་ཡིད་ཀྱི་ལུས་ཀྱང་རབ་ཏུ་ཐོབ་བོ། །ཞེས་པ་དང་སྒོམ་མེད་ཀྱི་རྣལ་འབྱོར་དོན་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་འདའ་
(༦༦༦)པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་པ་དང་། དེའི་དོན་སྒོམ་རིམ་དུ་བཤད་པ་དང་། ཤེར་ཕྱིན་མན་ངག་ཏུ་བཤད་པ་རྣམས་ཀྱང་རྣལ་འབྱོར་བཞི་དང་དོན་མཐུན་ནོ། །ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་གྱིས། །རྩེ་གཅིག་མི་གཡོ་དྭངས་མའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་གཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་ཆད། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་ཤར། །དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད། །བཟོད་པ་བརྟན་པས་ངན་སོང་སྡུག་བསྔ་སེལ། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒོམ་
(༦༦༧)དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །རྣམ་མཁྱེན་སངས་རྒྱས་ཞིང་ཁམས་དཔག་མེད་ཐོབ། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོ་ཡིན། །ཞེས་ཏིང་ངེ་འཛིན་བཞི་དང་སྦྱོར་ལམ་བཞི་དང་རྣལ་འབྱོར་བཞི་རྣམས་སྦྱར་བ་ཞིག་ཀྱང་འབྱུང་ངོ་། །གཞན་ཡང་བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་པ་ལྟ་བུས་རྩེ་གཅིག་དང་། །ངོ་བོ་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ཅེས་སོགས་དང་། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །ཅེས་པས་སྤྲོས་བྲལ་དང་། སྒོམ་པ་རོ་གཅིག་མཉམ་པ་ཉིད། །ཅེས་པས་རོ་གཅིག་དང་། སྒོམ་པ་པོ་མེད་སྒོམ་པའང་མེད། །ཅེས་པས་སྒོམ་མེད་བསྟན་པ་དང་། བྲམ་ཟེ་ཆེན་པོས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། །ཞེས་པས་རྩེ་གཅིག་
(༦༦༨)རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །ཞེས་པས་སྤྲོས་བྲལ། ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་ཡས་ཡེ་ཤེས་བླ་མེད་པའོ། །ཞེས་པས་རོ་གཅིག །བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། །ཅེས་པས་སྒོམ་མེད་བསྟན་ཏེ། ཚུལ་འདི་དག་གིས་མཚོན་ནས་མདོ་རྒྱུད་མན་ངག་དང་བཅས་པ་ལས། སེམས་རྩེ་གཅིག་པའི་མཉམ་གཞག་སྟོན་པ་རྣམས་ཀྱིས་རྩེ་གཅིག །སྐྱེ་མེད་མཐའ་བྲལ་སྟོན་པ་རྣམས་ཀྱིས་སྤྲོས་བྲལ། བདེན་མེད་མཉམ་ཉིད་སྟོན་པ་རྣམས་ཀྱིས་རོ་གཅིག །བླང་དོར་དང་བསལ་བཞག་མེད་པར་སྟོན་པ་རྣམས་ཀྱིས་སྒོམ་མེད་བསྟན་པར་ཤེས་པར་བྱའོ། །འདི་ལ་རྗེ་ཡང་དགོན་པ་སོགས་ཀྱིས། རྣལ་འབྱོར་བཞིའི་རིམ་པ་འདི་རྗེ་དྭགས་པོ་རིན་པོ་ཆེའི་རྟོགས་ཆོས་ཡིན། རྒྱུད་སྡེ་རྣམས་ནས་ཐ་སྙད་དངོས་སུ་གསུངས་པའང་ཡོད། དོན་ཇི་ལྟ་བ་བཞིན་དུ་བཞུགས་ཞེས་གསུངས་པ་ལྟར་ཕལ་ཆེར་ལ་གྲགས་ཀྱང་། །རྣལ་འབྱོར་བཞི་སོ་སོའི་ཉམས་མྱོང་
(༦༦༩)དང་རྟོགས་པ་མཐོ་དམན་གྱི་རྣམ་དབྱེ་ཞིབ་ཆར་ཕྱེ་ནས། དེང་སང་ཉམས་ལེན་པ་རྣམས་ལ་གོ་བདེ་བར་མཛད་པའི་བཀའ་དྲིན་ཆེ་བ་ནི་རྗེ་སྒམ་པོ་པས་མཛད་པ་ཡིན་ལ། རྣལ་འབྱོར་བཞིའི་མཚན་དོན་རགས་པ་ཙམ་ནི་སྔོན་ནས་ཡོད་པར་སྣང་སྟེ། གོང་དུ་དྲངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་ལུང་དེ་ལྟར་སྣང་བ་དང་། ཇོ་བོ་རྗེས་དགོན་པ་བ་ལ་གནང་བའི་ལྷན་ཅིག་སྐྱེས་སྦྱོར་དུའང་རྣལ་འབྱོར་བཞི་བཤད་པ་དང་། རྗེ་བཙུན་ཆེན་པོའི་མགུར་ལས་ཀྱང་རྣལ་འབྱོར་བཞིའི་རིམ་པ་ཞིག་འབྱུང་བས་སོ། །གང་ལྟར་ནའང་ཞི་གནས་དང་ལྷག་མཐོང་ཅི་རིགས་བསྒྲུབས་ནས་སྒོམ་པའི་ཚུལ་སྔོན་བྱུང་དང་ད་ལྟའང་དུ་མ་སྣང་མོད་ཀྱང་། དེ་བསྒོམས་ནས་ཉམས་རྟོགས་ཤར་བ་ན་དེའི་ཚད་འཛིན་དང་སླར་བོགས་དབྱུང་ཐབས་དང་རྟོགས་པ་མཐོ་དམན་གྱི་དབྱེ་བ་འབྱེད་ཚུལ་འདི་ལྟ་བུ་བརྒྱུད་པ་གཞན་ལ་སྣང་བ་གཏན་མ་མཐོང་བས་དྭགས་པོ་བཀའ་བརྒྱུད་པའི་ཁྱད་ཆོས་བླ་ན་མེད་
(༦༧༠)པར་མངོན་ནོ། །གཉིས་པ་རྣལ་འབྱོར་བཞིའི་དོན་རིགས་པ་ཐུན་མོང་དུ་བསྟན་པ་ལ། རྣལ་འབྱོར་བཞིའི་ངོ་བོ་ངོས་བཟུང་བ་དང་། སོ་སོའི་ཁྱད་པར་བཤད་པ་གཉིས་ཀྱི། དང་པོ་ནི། སྤྱིར་རྣལ་འབྱོར་བཞིའི་སྐོར་ལ། རྗེ་སྒམ་པོ་པས་རྗེ་སྒོམ་ཚུལ་ལ་གནང་བ་དང་། རྗེ་སྒོམ་ཆུང་ལ་གནང་བ་དང་། རྗེ་ཕག་མོ་གྲུ་པ་ལ་གནང་བ་དང་། རྗེ་སྒོམ་ཚུལ་གྱི་སློབ་མ་རྗེ་ཞང་དང་། གྲུབ་ཆེན་གླིང་གི་སློབ་མ་རྗེ་རྒྱ་རས་སློབ་འབངས་དང་བཅས་པའི་མན་ངག་སོགས་མང་དུ་སྣང་བའི་དགོངས་པ་བླངས་ཏེ་གཙོ་བོར་རྗེ་སྒོམ་པ་ཆེ་ཆུང་གི་ཞལ་གདམས་ལྟར་བཤད་པར་བྱ་བ་ལས། ཐོག་མར་ངོ་བོ་ངོས་འཛིན་ལ། རྗེ་སྒོམ་ཆུང་གིས། ས་ལེ་གནས་པ་རྩེ་གཅིག་ཡིན། །སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། །སྤང་བླང་མེད་པ་རོ་གཅིག་ཡིན། །མྱོང་བ་དག་པ་སྒོམ་མེད་ཡིན། །ཞེས་གསུངས་ཤིང་། རྗེ་སྒམ་པོ་པས། གསལ་ལ་མ་འགགས་སྐད་ཅིག་མའི་ཤེས་པ་དེ་རྩེ་གཅིག་གི་རྣལ་འབྱོར་ཡིན། རིག་པའི་ངོ་བོ་
(༦༧༡)སྐྱེ་མེད་ཡོད་མེད་ལས་འདས་པར་རྟོགས་པ་དེ་སྤྲོས་བྲལ་གྱི་རྣལ་འབྱོར་ཡིན། སྣ་ཚོགས་སུ་སྣང་ཡང་རང་བཞིན་གཅིག་ཏུ་རྟོགས་པ་དེ་དུ་མ་རེ་གཅིག་གི་རྣལ་འབྱོར་ཡིན། སྣང་སྟོང་དབྱེར་མེད་དུ་རྒྱུན་ཆད་མེད་པར་རྟོགས་པ་དེ་མཉམ་གཞག་ཆེན་པོ་ཡིན། ཞེས་མདོར་བསྡུས་པ་དང་། གཞན་ཡང་རྣམ་གཞག་མང་དུ་གསུངས་པའི་དོན་བསྡུས་ན། རྩེ་གཅིག་ནི། སེམས་གནས་འགྱུ་གཅིག་ཏུ་འདྲེས་པའི་རིག་པ་གསལ་སྟོང་ནམ་མཁའ་ལྟར་མཐའ་དབུས་མེད་པའི་ངང་དུ་ས་ལེ་སིང་ངེ་ཡེ་རེ་གནས་པ་ཞིག་སྟེ། རྗེ་ཕག་གྲུས། དང་པོ་རྩེ་གཅིག་རྒྱུད་ལ་སྐྱེས་དུས་དེར། །ཚིག་ལས་འདས་པའི་སིང་ངེ་ཡེ་རེ་བ། །བར་སྣང་ལྟ་བུར་གསལ་ལ་དངོས་པོ་མེད། །ཅེས་སོགས་དང་། རྗེ་ཞང་གིས། རྩེ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་རང་བཞིན་རྟོགས། །བར་སྣང་དག་པའི་དཀྱིལ་ལྟ་བུ། །གསལ་སྟོང་མ་འགགས་མཐའ་དབུས་མེད། །སིང་ངེ་ཡེ་རེ་གནས་པ་དེ། །རྣལ་འབྱོར་དང་པོའི་མཉམ་
(༦༧༢)གཞག་ཡིན། །ཞེས་པ་ལྟར་རོ། །སྤྲོས་བྲལ་ནི། གཟུང་འཛིན་ནམ་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྐྱེ་འགག་གནས་གསུམ་དང་མཚན་འཛིན་གྱི་སྤྲོས་པ་ལས་གྲོལ་ནས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དུ་སྒྲོ་འདོགས་ཆོད་པ་སྟེ། རྗེ་ཕག་གྲུས། དེ་ནས་སྤྲོས་དང་བྲལ་བ་འཆར་འགྱུར་ཏེ། །ངོ་བོ་མཐོང་བ་ཡིན་ཞེས་དམ་པས་གསུངས། །ངོ་བོ་སྤྲོས་བྲལ་འཁོར་འདས་ཀུན་གྱི་དབྱིངས། །རྟོགས་དང་མ་རྟོགས་སངས་རྒྱས་སེམས་ཅན་ཉིད། །བཤད་ཀྱང་ངོ་བོ་སྤྲོས་བྲལ་གཅིག་ལས་མེད། །རྟག་ཆད་མཐའ་བྲལ་སྐྱེ་འགག་སྤྲོས་དང་བྲལ། །བླང་དོར་གཉིས་མེད་ཕྱི་ནང་མ་ལུས་ཀུན། །སྤྲོས་པའི་མཐའ་ལས་དབེན་ཞིང་དབུ་མའི་ལམ། །ཞེས་སོགས་དང་། རྗེ་ཞང་གིས། སྤྲོས་བྲལ་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་ངོ་བོ་རྟོགས། །རིག་པ་སྤྲོས་བྲལ་རྒྱུན་ཆད་མེད། །སྐྱེ་འགག་བླང་དོར་མེད་པ་ཡི། །རང་སེམས་ཆོས་སྐུར་གནས་པ་དེ། །རྣལ་འབྱོར་གཉིས་པའི་མཉམ་གཞག་ཡིན། །ཞེས་སོ། །རོ་གཅིག་ནི། སྣང་སྲིད་
(༦༧༣)འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྐྱེ་འགག་གི་སྤྲོས་པ་དང་བྲལ་མ་བྲལ་སྟོང་མི་སྟོང་སོགས་ཀྱི་དགག་སྒྲུབ་དང་སྤང་བླང་མེད་པར་གཉུག་མའི་ངང་དུ་མཉམ་པ་ཉིད་དུ་གྱུར་པ་སྟེ། རྗེ་ཕག་གྲུས། དེ་ལ་བསྒོམས་པས་དུ་མ་རོ་གཅིག་འཆར། །སྣང་དང་མི་སྣང་སྣ་ཚོགས་སེམས་དང་སྟོང་། །སྟོང་དང་མི་སྟོང་རོ་གཅིག་དབྱེར་མེད་སྟོང་། །རྟོགས་དང་མ་རྟོགས་རོ་གཅིག་མཉམ་རྗེས་མེད། །སྒོམ་དང་མི་སྒོམ་རོ་གཅིག་དག་པའི་ངང་། །སྤྲོས་བྲལ་སྤྲོས་བྲལ་རོ་གཅིག་ཆོས་ཀྱི་དབྱིངས། །ཞེས་སོགས་དང་། རྗེ་ཞང་གིས། རོ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་མཚན་ཉིད་རྟོགས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལས། །འཁོར་འདས་དུ་མར་ཤར་བར་རྟོགས། །རྣམ་པར་རྟོག་དང་མི་རྟོག་དང་། །སྣང་དང་སྣང་མེད་གནས་པ་དང་། །མི་གནས་སྟོང་དང་མི་སྟོང་དང་། །གསལ་དང་མི་གསལ་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་རོ་གཅིག་པས། །ཞེས་སོ། །སྒོམ་མེད་ནི། སྔར་གྱི་ཉམས་
(༦༧༤)དང་མྱོང་བའི་དྲི་མ་ཐམས་ཅད་དག་ནས་ལམ་གྱི་རྟོགས་པ་དང་རང་བཞིན་གྱི་གནས་ལུགས་འདྲེས་ཏེ་མཉམ་རྗེས་དང་དྲན་ཡེངས་མེད་པ་ཞིག་སྟེ། རྗེ་ཕག་གྲུས། དེ་ལ་གོམས་པས་མཐར་ཕྱིན་མངོན་འགྱུར་པས། །རིག་པ་རྟེན་མེད་གཅིག་ཏུ་རྗེན་པར་སོང་། །རིག་པ་སྤྲོས་བྲལ་འདི་ཉིད་སྒོམ་དུ་སོང་། །ཕྱི་ནང་བསྒོམ་བྱ་སྒོམ་བྱེད་མི་དམིགས་པས། །བསྒོམ་བྱའི་ཤེས་པ་འོད་གསལ་ངང་དུ་ཐིམ། །མཉམ་བྲལ་བློ་ལས་འདས་པའི་ངོ་བོ་ཉིད། །ཅེས་སོགས་དང་། རྗེ་ཞང་གིས། སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་བསྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །སངས་རྒྱས་རང་ལ་ཚང་ངོ་ཟེར། །འདི་རང་ཡིན་པར་དག་དོད་ཤེས། །ཞེས་སོགས་བཤད་དོ། །རྣལ་འབྱོར་བཞིའི་ངོས་འཛིན་ལ་སྒྲུབ་བརྒྱུད་ཀྱི་གསུང་སྒྲོས་ཤིན་ཏུ་མང་བ་སྣང་ཡང་ཕལ་ཆེར་དགོངས་པ་མཐུན་པར་སྣང་བས་མ་སྤྲོས་སོ། །གཉིས་པ་ལ། རྟོགས་པའི་ཁྱད་པར་
(༦༧༥)ཉམས་ཀྱི་འཁོར་ས། རྗེས་ཤེས་སྐྱེ་ལུགས། དག་བྱའི་དྲི་མ། རྗེས་ཐོབ་འདག་ཚུལ། མཉམ་རྗེས་ཀྱི་ཁྱད་པར། དུས་ཚོད་ཀྱི་དབྱེ་བ། ཁྱད་པར་གཞན་བཤད་པ་དང་བརྒྱད་ཀྱི། དང་པོ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་དུས་སུ་ངོ་བོ་རྟོགས། །སྤྲོས་བྲལ་དུས་སུ་རང་བཞིན་རྟོགས། །རོ་གཅིག་དུས་སུ་མཚན་ཉིད་རྟོགས། །སྒོམ་མེད་རྟོགས་པ་འཁོར་ཡུག་མ། །ཞེས་གསུངས་ཏེ། དེ་ལ་སྤྱིར་སེམས་ཀྱི་ངོ་བོ་དང་རང་བཞིན་དང་མཚན་ཉིད་གསུམ་གི་རྣམ་གཞག་ནི་སྔར་བཤད་ཟིན་པ་ལྟར་ཤེས་པར་བྱ་ལ། འདིར་རྩེ་གཅིག་གི་སྐབས་སུ་སེམས་རྟོག་མེད་དུ་གསལ་ལ་ངོས་བཟུང་མེད་པ་མྱོང་ཐོག་ཏུ་ཁེལ་ཞིང་ངེས་ཤེས་སྐྱེས་པ་སེམས་ཀྱི་ངོ་བོ་རྟོགས་པ་དང་། སྤྲོས་བྲལ་གྱི་དུས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་འདུས་མ་བྱས་རང་བཞིན་མེད་པར་རིག་པ་སེམས་ཀྱི་རང་བཞིན་རྟོགས་པ་དང་། རོ་གཅིག་གི་དུས་སེམས་ཉིད་བག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་རྣམས་སྐྱེ་མེད་ཀྱི་
(༦༧༦)དང་དུ་རོ་མཉམ་ཞིང་སྟོང་ཉིད་ཀྱི་རྩལ་མ་འགགས་པའང་སྣང་བ་སྣ་ཚོགས་སུ་འཆར་བའི་རྟེན་འབྲེལ་རིག་པ་སེམས་ཀྱི་མཚན་ཉིད་རྟོགས་པ་དང་། སྒོམ་མེད་ཀྱི་དུས་མྱོང་བྱ་མྱོང་བྱེད་དང་རྟོགས་བྱ་རྟོགས་བྱེད་ཀྱི་དབྱེ་བ་མེད་པར་ཐམས་ཅད་མཉམ་ཉིད་གཉུག་མ་ཆེན་པོའི་རྟོགས་པ་འཁོར་ཡུག་ཏུ་འགྲོ་བར་བཞེད་དེ། རྗེ་སྒམ་པོ་པས། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་གསུམ་ལས། ངོ་བོ་གསལ་ལ་རྟོག་པ་མེད་པ། རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བ། མཚན་ཉིད་འཁོར་འདས་གཉིས་ཀར་སྣང་བ་དེ་གསུམ་ཡང་། རྩེ་གཅིག་གི་དུས་སུ་ངོ་བོ་རྟོགས། སྤྲོས་བྲལ་གྱི་དུས་སུ་རང་བཞིན་རྟོགས། རོ་གཅིག་གི་དུས་སུ་མཚན་ཉིད་རྟོགས་པ་ཡིན། ཞེས་གསུངས་པ་ལྟར་རོ། །ཡང་རྗེ་ཕག་མོ་གྲུ་པ་དང་རྗེ་ཞང་ལ་སོགས་པས་རྩེ་གཅིག་ཏུ་རང་བཞིན་རྟོགས་པ་དང་སྤྲོས་བྲལ་དུ་ངོ་བོ་རྟོགས་པར་ཡང་བཤད་དེ། སེམས་ཀྱི་ངོ་བོ་དང་རང་བཞིན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་
(༦༧༧)ཙམ་དུ་གསུངས་པས་ཁྱད་པར་མེད་དོ། །འོ་ན་རྩེ་གཅིག་དང་སྤྲོས་བྲལ་ཡང་རྟོགས་པ་འདྲའམ་སྙམ་ན་དེ་ནི་མི་འདྲ་སྟེ། རིག་པ་རང་གི་ངོ་ཐོག་ཙམ་དུ་ཕྱོགས་འདྲ་ཡང་དེ་ལའང་ཉམས་མྱོང་གི་ཞེན་འཛིན་དག་མ་དག་དང་། ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་སྟེ་འཆད་འགྱུར་ལས་ཤེས་སོ། །གཉིས་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས། །སྤྲོས་བྲལ་མེད་པའི་སྟོང་རྩིས་ཁྱེར། །རོ་གཅིག་འདྲེས་པའི་རྦ་ལ་གཡེངས། །སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ། །ཅེས་གསུངས་ཏེ། དེའི་དོན། རྩེ་གཅིག་ལ་ངོ་བོ་མ་མཐོང་བར་དུ་སེམས་གསལ་སྟོང་གི་ངང་དུ་ས་ལེ་སིང་ངེ་གནས་པ་ཙམ་བྱུང་ཡང་། དེའི་ཉམས་མྱོང་ཅི་རིགས་ཀྱིས་བསྒྲིབས་ནས་རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པའི་ཤེས་པ་དེ་ལ་ཡིད་ཆེས་དང་ངེས་ཤེས་མ་སྐྱེས་པ་ནི་མུན་པའི་ནང་ན་འབྱམས་པ་ལྟར་མཐོང་བྱ་མ་མཐོང་བའི་དོན་དང་།
(༦༧༨)སྤྲོས་བྲལ་ཅི་རིགས་ལའང་ཕྱི་ནང་གི་ཆོས་ལ་སྟོང་འཛིན་དང་དེའི་ངེས་ཤེས་ཀྱི་ཉམས་ཀྱི་དབང་དུ་སོང་ནས་སྣང་ཕྱོགས་ལས་འབྲས་ཀྱི་རྟེན་འབྲེལ་ལ་བྱན་མ་ཚུད་པར་གཡེལ་བའམ་ཁྱད་དུ་གསོད་པ་ཆད་ལྟ་མེད་པའི་སྟོང་རྩིས་འཁྱེར་བ་འབྱུང་བ་དང་། རོ་གཅིག་ལ་ལར་སྣང་བ་དང་སེམས་གཅིག་ཏུ་མྱོང་ཞིང་རྟོགས་པའི་ཚེ་མོས་གུས་དང་སྙིང་རྗེ་སོགས་བྱ་བའི་ཡུལ་མ་རྙེད་པར་དག་སྣང་དང་སྙིང་རྗེ་སོགས་ཐབས་ཀྱི་ཆ་ལ་རྨོངས་ནས་ཐེག་དམན་དུ་ལྟུང་བ་ཡོད་པར་བཞེད་པ་ཆུའི་རྦ་ལ་གཡེངས་པ་ལྟར་གཡངས་ས་ཆེ་བ་དང་། སྒོམ་མེད་ཅི་རིགས་སུ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་རྟོགས་པ་ཤར་ཡང་སྒྱུ་མ་ལྟ་བུའི་གཉིས་སྣང་དང་མ་བྲལ་ན་ཉི་མ་སྤྲིན་གྱིས་བཀབ་པ་ལྟར་རྟོགས་པའི་སྒྲིབ་བྱེད་མ་སངས་པའི་དོན་དུ་བཞེད་དོ། །གསུམ་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་གི་རྗེས་ཤེས་ཨ་འཐས། སྤྲོས་བྲལ་གྱི་རྗེས་ཤེས་སྒྱུ་མ། རོ་གཅིག་གི་རྗེས་ཤེས་སྟོང་པ། སྒོམ་མེད་ཀྱི་རྗེས་ཤེས་སྙིང་
(༦༧༩)རྗེ། ཞེས་གསུངས་ཏེ། རྩེ་གཅིག་ཏུ་ནང་ཉམས་མྱོང་གི་ཞེན་འཛིན་མ་དག་པས་རྗེས་ཤེས་སུའང་གཟུང་འཛིན་གྱི་དངོས་པོ་ལ་བདེན་འཛིན་མ་ཞིག་པར་དངོས་འཛིན་ཨ་འཐས་ཀྱི་སྣང་བ་འཆར་བ་དང་། སྤྲོས་བྲལ་དུ་ཆོས་ཐམས་ཅད་སྐྱེ་མེད་སྟོང་པར་རྟོགས་པས་རྗེས་ཤེས་སུ་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ཙམ་སྣང་ཡང་དེ་ལ་བདེན་འཛིན་མེད་པ་སྒྱུ་མ་ལྟ་བུ་འཆར་བ་དང་། རོ་གཅིག་ལ་ལའི་རྗེས་ཤེས་སུ་སྣང་བ་ཐམས་ཅད་སྣང་སྟོང་གཉིས་མེད་ཟུང་འཇུག་ཏུ་མ་ཤེས་པར་སྔར་གྱི་སྟོང་འཛིན་མ་དག་པའི་ཤུགས་ཀྱིས་སྟོང་པ་ཕྱོགས་གཅིག་པར་འཆར་བ་ཡོད་པས་རྗེས་ཤེས་སྟོང་པར་འཆར་བ་དང་། སྒོམ་མེད་ཀྱི་སྐབས་སུ་མཉམ་རྗེས་འདྲེས་པས་རྗེས་ཤེས་རང་ག་མ་མེད་ཀྱང་རྗེས་ཐོ་བ་ཙམ་དུ་དམིགས་མེད་སྙིང་རྗེའི་འཆར་སྒོ་ཡོད་པས་རྗེས་ཤེས་སྙིང་རྗེར་སྐྱེ་བའི་ཐ་སྙད་བྱས་པ་སྟེ། སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་གཞག་སེམས་ཅན་
(༦༨༠)ཁམས་ལ་སྙིང་རྗེས་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་དང་། བྲམ་ཟེ་ཆེན་པོས། གཉིས་མེད་སེམས་ཀྱི་སྡོད་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །ཡིད་ནི་མཆོག་ཏུ་གཞན་ལ་ཕན་པའོ། །ཞེས་པ་ལྟར་རོ། །རྗེ་རྒྱ་རས་ཀྱིས། སྤྲོས་བྲལ་སྒོམ་མེད་འབྲིང་གི་བར། །དངོས་འཛིན་ལྷག་མ་སྒྱུ་མར་སྣང་། །སྒོམ་མེད་རབ་ལ་སྣང་རྒྱུ་མེད། །ཅེས་སྒོམ་མེད་དུའང་རྗེས་སྣང་སྒྱུ་མ་ལྟ་བུ་སྣང་བར་བཞེད་པས་དེ་ལྟར་ན་དེའི་རྗེས་ཤེས་སུའང་སྒྱུ་མ་ལྟ་བུར་སྙིང་རྗེ་འཆར་དགོས་སོ། །བཞི་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་ལ་དངོས་འཛིན་གྱི་དྲི་མ། སྤྲོས་བྲལ་ལ་ངོ་མ་ཤེས་ཀྱི་དྲི་མ། རོ་གཅིག་ལ་ཉམས་ཀྱི་དྲི་མ། སྒོམ་མེད་ལ་ཤེས་བྱའི་དྲི་མ། ཞེས་གསུངས་ཏེ། རྩེ་གཅིག་ཏུ་ཉམས་མྱོང་ངེས་ཤེས་དང་བཅས་པའི་ཞེན་འཛིན་མ་དག་པས་དངོས་འཛིན་གྱི་དྲི་མ་དང་། སྤྲོས་བྲལ་ཅི་རིགས་ལའང་
(༦༨༡)སྟོང་འཛིན་ངེས་ཤེས་ཀྱི་ཆ་ཡོད་པས་སྟོང་ཕྱོགས་དགེ་སྦྱོར་དུ་བདེ་ཞིང་སྣང་ཕྱོགས་མི་བདེ་བར་ཟུང་འཇུག་ཏུ་ངོ་མ་ཤེས་ཀྱི་དྲི་མ་དང་། རོ་གཅིག་ཏུའང་ཟུང་དུ་མ་ཚུད་པའི་སྟོང་འཛིན་ཕྲ་མོ་དང་། ཟུང་དུ་ཚུད་ཀྱང་དེ་ལའང་སྒྱུ་མ་ལྟ་བུར་སྣང་བའི་ཉམས་ཀྱི་དྲི་མ་དང་། སྒོམ་མེད་ཅི་རིགས་ལ་རྗེས་སྣང་དུ་མི་རྟོག་ངོ་མ་ཤེས་ཞེས་པ་ཀུན་གཞིའི་རྣམ་ཤེས་རྟོག་བྲལ་ལུང་མ་བསྟན་དུ་གནས་པ་ཡོད་པར་བཤད་པ་དེ། ཆོས་ཉིད་རང་གསལ་དུ་མ་ཤར་བའི་ཆ་ཡིན་པས་དེ་ལ་ཤེས་བྱའི་དྲི་མ་ཞེས་བཞེད་དོ། །ལྔ་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་བྲལ་ཡོད་ཐོབ་པ་མེད། །སྤྲོས་བྲལ་བྲལ་ཐོབ་གཉིས་ཀ་ཡོད། །རོ་གཅིག་བྲལ་མེད་ཐོབ་པ་ཡོད། །སྒོམ་མེད་བྲལ་ཐོབ་གཉིས་ཀ་མེད། །ཅེས་གསུངས་ཏེ། རྩེ་གཅིག་ཏུ་འཇུར་དྲན་ཡེངས་ན་སྒོམ་འཆོར་བས་བྲལ་བ་ཡོད་ལ། དྲན་པས་ཟིན་ཡང་རང་སའི་དགེ་སྦྱོར་དེའི་རྒྱུན་རྙེད་པ་ཙམ་མ་གཏོགས་ཇི་ལྟ་བའི་སྒོམ་ཐོབ་རྒྱུ་མེད་
(༦༨༢)པ་དང་། སྤྲོས་བྲལ་དུ་བཟུང་དྲན་ཤོར་ན་སྒོམ་འཆོར་བས་བྲལ་བ་ཡོད་ལ། དྲན་པས་ཟིན་ཙ་ན་སྐྱེ་མེད་ཀྱི་ངོ་བོ་མཐོང་བའི་སྒོམ་ཇི་ལྟ་བ་ཐོབ་པས་ཐོབ་པ་ཡོད་པ་དང་། རོ་གཅིག་ཏུ་རྗེས་སྣང་གི་ཐོག་ཏུ་དྲན་པས་མ་ཟིན་ཡང་རྟོགས་པའི་རྒྱུན་མ་ཆད་པས་བྲལ་བ་མེད་ལ། ཡང་དག་གི་དྲན་པས་ཟིན་མ་ཐག་སྣང་སྟོང་དུ་འཆར་བས་ཐོབ་པ་ཡོད་པ་དང་། སྒོམ་མེད་དུ་དྲན་པ་ཡེ་ཤེས་ཀྱི་འཁོར་ལོ་ཤར་བས་སྒོམ་དང་བྲལ་བ་མེད་ལ། སྣང་བ་གང་ཤར་དེ་ཀས་ཆོག་པས་གསར་དུ་སྒོམ་ཐོབ་པ་མེད་པར་བཞེད་དོ། །དྲུག་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་རང་སའི་མཉམ་རྗེས་ཡོད། །སྤྲོས་བྲལ་མཉམ་རྗེས་སོ་སོར་འབྱེད། །རོ་གཅིག་དུས་སུ་མཉམ་རྗེས་འདྲེ། །སྒོམ་མེད་མཉམ་གཞག་འབའ་ཞིག་གོ །ཞེས་གསུངས་ཏེ། རྩེ་གཅིག་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟ་བ་མ་སྐྱེས་པས་མཉམ་གཞག་མཚན་ཉིད་པ་མེད་ཅིང་། སྣང་བ་སྐྱེ་མེད་དུ་མ་རྟོགས་པར་རྗེས་སྣང་སྒྱུ་མ་ལྟ་བུར་མི་འཆར་
(༦༨༣)བས་རྗེས་ཐོབ་མཚན་ཉིད་པ་མེད་ལ། འོན་ཀྱང་རྩེ་གཅིག་རང་སའི་དགེ་སྦྱོར་དེ་ལ་མཉམ་པར་འཇོག་རྒྱུ་དང་ཡེངས་ནས་དྲན་པའི་རྗེས་ལ་ཐོབ་རྒྱུ་ཡོད་དོ། །སྤྲོས་བྲལ་དུ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཡུལ་དང་ཡུལ་ཅན་གྱི་གཉིས་འཛིན་ལས་གྲོལ་ཏེ་གཉིས་མེད་ཀྱི་ཡེ་ཤེས་ཟང་ཐལ་དུ་ཤར་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་མཉམ་གཞག་མཚན་ཉིད་པ་ཡིན་ཞིང་། རྗེས་ཤེས་སུ་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ཙམ་ཤར་ཡང་བདེན་མེད་སྒྱུ་མ་ལྟར་འཆར་བ་རྗེས་ཐོབ་མཚན་ཉིད་པ་ཡིན་པས་མཉམ་རྗེས་སོ་སོར་འབྱེད་པ་དང་། རོ་གཅིག་ཏུ་མཉམ་གཞག་གི་དུས་སྣང་སྟོང་སོགས་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་གནས་ལ། རྗེས་ཤེས་སུའང་ཟུང་འཇུག་གི་དྲན་པས་ནམ་ཟིན་སྒྱུ་མ་ལྟ་བུར་སྣང་སྟོང་གཉིས་མེད་དུ་འཆར་བས་མཉམ་རྗེས་འདྲེ་བའི་ཐ་སྙད་དང་། སྒོམ་མེད་དུ་སྣང་བའི་འཆར་སྒོ་ཡོད་ཀྱང་དེ་མཉམ་གཞག་གི་ངང་ལས་འཆར་བས་མཉམ་གཞག་ལས་གཞན་
(༦༨༤)དུ་མ་སོང་བར་མཉམ་གཞག་འབའ་ཞིག་ཏུ་བཞེད་དོ། །འོན་ཀྱང་འདིའི་སྐབས་ལ། རྗེ་ཞང་གིས། གཉུག་མའི་ཡིད་ཀྱིས་ཟིན་གྱུར་ན། །མཆོང་རྒྱུག་ལབ་ལོབ་སྨྲ་བྱེད་ཀྱང་། །མཉམ་གཞག་ངང་ལ་གནས་པ་ཡིན། །གཉུག་མའི་ཡིད་དང་བྲལ་གྱུར་ན། །མལ་ན་བསྒོམས་ཀྱང་རྗེས་ཐོབ་ཡིན། །ཞེས་པ་དང་། རྟོགས་པ་ཇི་ལྟར་མཐོ་ཡང་རུང་། །ཇི་སྲིད་གོམས་སུ་ཡོད་རིང་ལ། །མཉམ་གཞག་རྗེས་ཐོབ་གཉིས་སུ་ཡོད། །དྲན་པས་ཟིན་དང་མ་ཟིན་ཡོད། །ཡེངས་དང་མ་ཡེངས་གཉིས་སུ་ཡོད། །གོམས་སུ་མེད་པར་ཤར་ཙམ་ན། །སྒོམ་དུ་མེད་ཅེས་དེ་ལ་བྱ། །ཞེས་བཤད་དེ། རྣལ་འབྱོར་སྔ་མ་གསུམ་ག་ལ་སོ་སོའི་ངོ་ཐོག་གིས་ཟིན་ན་མཆོད་རྒྱུག་དང་སྨྲ་བརྗོད་ཀྱི་ཚེ་ཡང་མཉམ་གཞག་ཡིན་པ་དང་། སོ་སོའི་ངོ་ཐོག་ཤོར་ན་མལ་སར་བསྒོམས་ཀྱང་རྗེས་ཐོབ་དུ་བཤད་པ་དང་། ཇི་སྲིད་གོམས་པར་བྱ་དགོས་ཡོད་པ་དེ་སྲིད་དུ་མཉམ་རྗེས་དང་དྲན་མ་དྲན་དང་ཡེངས་མ་ཡེང་ཡོད་པར་བཤད་པ་དང་།
(༦༨༥)སྒོམ་མེད་དངོས་ནི་མེ་སློབ་བའི་ཟུང་འཇུག་ལ་བཤད་པའི་ཚུལ་ཡང་ཤེས་པར་བྱའོ། །བདུན་པ་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་ཨ་འཐས་སྒོམ་པའི་དུས། །སྤྲོས་བྲལ་མཉམ་རྗེས་སྒོམ་པའི་དུས། །རོ་གཅིག་ཟུང་འཇུག་སྒོམ་པའི་དུས། །སྒོམ་མེད་མངོན་དུ་གྱུར་པའི་དུས། །ཞེས་གསུངས་ཏེ། རྩེ་གཅིག་ཏུ་རང་སའི་མཉམ་གཞག་གི་དུས་དྲན་འཛིན་ཐུ་རེ་བྱས་ནས་ཉམས་མྱོང་ངེས་བཟུང་ཅན་སྐྱོང་ཞིང་། རྗེས་ཤེས་སུའང་འཇུར་དྲན་གྱིས་འགུགས་སྒོམ་བྱེད་པ་གཙོ་ཆེ་བས་ཨ་འཐས་སུ་སྒོམ་པ་དང་། སྤྲོས་བྲལ་དུ་བཟུང་དྲན་སྟོབས་བསྐྱེད་དེ་མཉམ་གཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུར་སྐྱོང་བས་མཉམ་རྗེས་གཉིས་སུ་སྒོམ་པ་དང་། རོ་གཅིག་ཏུ་སྣང་སྟོང་གཉིས་མེད་དུ་ཤེས་པའི་ཡང་དག་གི་དྲན་པས་མཉམ་རྗེས་ཐམས་ཅད་ཟུང་འཇུག་ཏུ་སྒོམ་པ་དང་། སྒོམ་མེད་དུ་རྟོགས་པ་དེ་ཉིད་མཐར་ཕྱིན་ནས་ཟུང་འཇུག་མངོན་དུ་གྱུར་པའི་
(༦༨༦)དུས་ཞེས་བཞེད་ལ། རྗེ་སྒམ་པོ་པས། རྩེ་གཅིག་ལ་ལྷུན་གྱིས་གྲུབ་པའི་དུས་དང་། སྤྲོས་བྲལ་ལ་གཉིས་སུ་མེད་པའི་དུས་དང་། རོ་གཅིག་ལ་བསམ་གྱིས་མི་ཁྱབ་པའི་དུས་དང་། སྒོམ་མེད་ལ་རྣམ་པར་དག་པའི་དུས་ཞེས་ཀྱང་གསུངས་སོ། །བརྒྱད་པ་ནི། རྗེ་རྒྱ་རས་ཀྱིས། རྩེ་གཅིག་ཉམས་ཀྱི་མཐོ་དམན་ཡིན། །འཇིག་རྟེན་ལམ་སྟེ་ལས་རྣམས་སོག །སྤྲོས་བྲལ་ཕ་ཡུལ་མཐོང་བ་ཡིན། །ཕལ་ཆེར་སྒོམ་ལ་རེག་འཇོག་བྱེད། །རོ་གཅིག་སྣང་བ་སྒོམ་དུ་ཤར། །ཁོར་ཡུག་མ་རུ་སོང་བ་ཡིན། །སྒོམ་མེད་ཆོས་སྐུའི་གདན་ས་ཡིན། །ཕལ་ཆེར་སྒོམ་མེད་བཏགས་པར་སོང་། །ཞེས་རྩེ་གཅིག་འཇིག་རྟེན་པའི་ལམ་དང་། སྤྲོས་བྲལ་གཞིའི་གནས་ལུགས་མཐོང་བ་དང་། རོ་གཅིག་སྣང་བ་སྒོམ་ཤར་དང་། སྒོམ་མེད་ཆོས་སྐུ་དངོས་ཡིན་པ་དང་། དེང་སང་གི་སྒོམ་མེད་ཕལ་ཆེར་བཏགས་པ་བར་བཞེད་པ་དང་། ཡང་དེ་ཉིད་ཀྱིས། རྩེ་གཅིག་བསྐྱང་ཡུན་རིང་ལགས་ན། །འདོད་ཡོན་ཞེན་པ་དབང་མེད་བཟློག །མངོན་
(༦༨༧)ཤེས་རྫུ་འཕྲུལ་ལ་སོགས་པ། །དྲང་སྲོང་ཡོན་ཏན་ཆ་ཤས་ཙམ། །སྤྲོས་བྲལ་རྟོགས་པ་བསྐྱངས་པ་ན། །རྫུན་སྣང་ངེས་མེད་ལྟད་མོར་ཆེ། །སྦྱངས་སྟོབས་དབང་པོ་རྣོ་བརྟུལ་གྱིས། །སེམས་དཔའི་ཡོན་ཏན་ཆ་ཤས་འབྱུང་། །ཞེན་མེད་སྙིང་རྗེ་ཆེར་ཐང་ཡིན། །རོ་གཅིག་བསྐྱང་ཡུན་རིང་ལགས་ན། །སངས་རྒྱས་ཞིང་ཁམས་ལྟད་མོར་ཆེ། །འདྲེ་ལོག་སྤྱི་གཙུག་གར་སོང་ཡང་། །རྒྱལ་པོ་གདན་ལས་གཡོས་པ་མེད། །རྒྱུ་རྐྱེན་རྟེན་འབྲེལ་ཤར་ཚོ་ལ། །ཉི་མའི་གུང་ལ་ཟ་འོག་བཀྲམ། །སངས་རྒྱས་ཡོན་ཏན་ཆ་ཤས་ཙམ། །འགྲོ་དོན་དཔག་ཏུ་མེད་པ་འབྱུང་། །སྒོམ་མེད་རབ་ཏུ་སོང་ཙམ་ན། །མཛད་པ་མཐར་འདོན་ཡོན་ཏན་འབྱུང་། །ཞེས་རྣལ་འབྱོར་བཞི་བསྒོམས་པའི་སོ་སོའི་རྟགས་དང་ཡོན་ཏན་འཆར་ཚུལ་རྣམས་གསུངས་ལ། རྗེ་ཡང་དགོན་པས། རྩེ་གཅིག་གི་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ་སྒོ་ལྔའི་རྣམ་ཤེས་འདག །སྤྲོས་བྲལ་གྱི་དུས་སུ་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་
(༦༨༨)ཕུང་པོ་དང་བྲལ་ཡིད་ཀྱི་རྣམ་ཤེས་འདག །རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་ཉོན་མོངས་པ་ཅན་གྱི་ཡིད་འདག །སྒོམ་མེད་ཀྱི་དུས་སུ་རྣམ་པར་ཤེས་པའི་ཕུང་པོ་དང་བྲལ་ཀུན་གཞིའི་རྣམ་པར་ཤེས་པ་འདག་པ་ཡིན་ནོ། །ཞེས་རྣལ་འབྱོར་བཞིས་རྣམ་ཤེས་ཚོགས་བརྒྱད་འདག་ཚུལ་དང་། ཡང་། རྩེ་གཅིག་ཉམས་རྟོགས་དྲི་བཅས། སྤྲོས་བྲལ་ཉམས་རྟོགས་ཤན་འབྱེད། རོ་གཅིག་ཉམས་རྟོགས་ཟུང་འཇུག །སྒོམ་མེད་རྟོགས་པ་ཁོར་ཡུག །ཅེས་རྣལ་འབྱོར་བཞིའི་ཉམས་རྟོགས་ཀྱི་ཁྱད་པར་དང་། ཡང་། རྩེ་གཅིག་དུས་སུ་ཨ་འཐས་ཀྱི་རྒྱུ་འབྲས། སྤྲོས་བྲལ་དུས་སུ་སྒྱུ་མ་ལྟ་བུའི་རྒྱུ་འབྲས། རོ་གཅིག་དུས་སུ་ནམ་མཁའ་ལྟ་བུའི་རྒྱུ་འབྲས། སྒོམ་མེད་དུས་སུ་གཞི་མེད་རྟེན་ཅིང་འབྲེལ་འབྱུང་མཁྱེན་པའོ། །ཞེས་རྣལ་འབྱོར་བཞིའི་རྒྱུ་འབྲས་འཆར་ཚུལ་རྣམས་བཤད་དོ། །དོན་འདི་ལ་ཁ་ཅིག །སེམས་ངོ་མཐོང་ནས་ལས་རྒྱུ་འབྲས་མི་འབྱུང་སྟེ། དཔེར་ན་ནམ་མཁའ་ལ་ས་བོན་མི་ཐེབས་
(༦༨༩)པ་ལྟ་བུའོ་ཞེས་སྨྲ་བ་དག་སྣང་ཡང་དེ་ནི་ཤིན་ཏུ་མི་འཐད་དེ། སེམས་ངོ་འཕྲོད་པའི་ཐ་སྙད་སྒོམ་རྩེ་གཅིག་ལ་ཡོད་ཀྱང་དེར་ཞེན་འཛིན་མ་དག་པས་དེར་ཨ་འཐས་ཀྱི་ལས་སོག་པའི་ཕྱིར་དང་། ཇི་ལྟ་བའི་སེམས་ངོ་མཐོང་བ་སྤྲོས་བྲལ་རྟོགས་པ་ལ་བཤད་ཀྱང་། དེར་བྲལ་ཐོབ་དང་རེས་འཇོག་ཡོད་པས་དེར་ཡང་ལས་རང་རྒྱུད་ལ་སོག་པའི་གནས་སྐབས་འབྱུང་བའི་ཕྱིར་དང་། རོ་གཅིག་གི་རྟོགས་པ་ཐོབ་པ་ལའང་ཨ་འཐས་ཀྱི་སྣང་བ་ཡད་ཡུད་སྐྱེ་བར་བཤད་པས་དེ་སྐྱེས་པས་ཀྱང་ལས་སོག་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཇི་སྲིད་སེམས་ལ་འཛིན་པ་ཡོད་པ་དེ་སྲིད་དུ་ལས་སོག་སྟེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་དང་། རྗེ་སྒམ་པོ་པས། ཇི་སྲིད་འཛིན་པའི་རྟོད་ཕུར་མ་ཕྱིན་བར། །དེ་སྲིད་རྣམ་རྟོག་ཡོད་པས་ལས་སོག་པས། །མ་ཡེངས་དྲན་པའི་བྱ་ར་བསྟེན་པ་ལེགས། །ཞེས་གསུངས་
(༦༩༠)པ་ལྟར་རོ། །དེ་ལྟར་ན་སེམས་ཀྱི་འཛིན་པ་ཕྲ་རགས་དང་ཚུལ་མཚུངས་པའི་ལས་ཀྱང་དེ་ལྟར་སོག་ལ། དེ་ཡང་སྣང་བ་ཐམས་ཅད་སྒྱུ་མར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་སམ་ཨ་འཐས་ཀྱི་རྒྱུ་འབྲས་དང་། དེ་ལྟར་རྟོགས་ཀྱང་དེ་མཐར་མ་ཕྱིན་གྱི་བར་དུ་སྣང་བ་ཙམ་གྱི་རྒྱུ་འབྲས་སམ་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ཡོད་དེ། རྗེ་སྒམ་པོ་པས། རྒྱུ་འབྲས་ཡོད་མེད་ཀྱི་ས་མཚམས་ནི། ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང་སྣང་བ་སྒྱུ་མ་ལྟ་བུར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་ཡོད་ལ། ཆོས་ཉིད་བདེན་པའི་དོན་རྟོགས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་གོམས་པ་མཐར་མ་ཕྱིན་གྱི་བར་དུ་སྣང་བ་ཙམ་གྱི་རྒྱུ་འབྲས་ཡོད། ཧྲིལ་གྱིས་དྲིལ་བས་ཆོས་སྐུ་མ་རྟོགས་ཀྱི་བར་དུ་རྒྱུ་འབྲས་ཡོ་ལ། ཆོས་སྐུ་རྟོགས་ནས་རྒྱུ་འབྲས་བྱ་བའི་མིང་མེད་དོ། །ཞེས་གསུངས་པ་ལྟར་རོ། །ཁ་གཅིག་འདི་སྙམ་དུ། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤོང་། །ཞེས་བཤད་པས་སྟོང་ཉིད་རྟོགས་ནས་འཕགས་པ་ཡིན་ལ། དེས་གསར་དུ་
(༦༩༡)ལས་སོག་པ་མི་རིགས་སྙམ་ན། དེ་ནི་སྡུག་བསྔལ་སྤོང་བ་དང་སྤངས་པའི་རྣམ་དབྱེ་ལ་རྨོངས་པ་སྟེ། སྟོང་ཉིད་ལ་གོམས་ན་དངོས་འཛིན་རགས་པ་འཇིག་པས་ཨ་འཐས་ཀྱི་ལས་མི་སོག་ཀྱང་། བག་ཆགས་མ་སངས་པ་དེ་སྲིད་དུ་སྒྱུ་མ་ལྟ་བུའི་ལས་ཕྲ་མོ་སོག་སྟེ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང་། གང་ཚེ་སྒྱུ་མའི་བུད་མེད་ལས། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་ན། །དེ་བྱེད་པ་ནི་ཤེས་བྱེད་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམས་ཆུང་ཉིད། །ཅེས་པ་ལྟར་རོ། །དེ་དག་གིས་རྟོགས་པ་འཆར་ཚུལ་དང་རྣལ་འབྱོར་བཞིའི་མཐུན་མོང་གི་རྣམ་གཞག་བཤད་ཟིན་ཏོ།། ༈ །།གསུམ་པ་རྣལ་འབྱོར་བཞི་སོ་སོའི་རྣམ་དབྱེ་ཕྱེ་ནས་བཤད་པ་ལ། རྣལ་འབྱོར་བཞི་ལ་སོ་སོར་དབྱེ་བ་བྱུང་ཚུལ་དང་། དབྱེ་བ་དེ་
(༦༩༢)ཉིད་བཤད་པ་གཉིས་ཀྱི། དང་པོ་ནི། རྣལ་འབྱོར་བཞི་སོ་སོར་ཕྱེ་ནས་བཅུ་གཉིས་སུ་མཛད་པ་ནི། དེང་སང་གི་རྗེ་དྭགས་པོའི་གསུང་འབུམ་ན་མི་འབྱུང་ཡང་ཞལ་རྒྱུན་ལ་ཡོད་པར་མངོན་ཏེ། རྗེ་སྒོམ་ཚུལ་ལ་གནང་བའི་ཞལ་གདམས་སུ་རྣལ་འབྱོར་བཞི་སོ་སོ་ལ་རབ་འབྲིང་ཐ་མར་ཕྱེ་བ་ཞིག་འབྱུང་བ་དང་། རྗེ་ཕག་མོ་གྲུ་པས་སོ་སོར་ཆུང་འབྲིང་ཆེ་གསུམ་དུ་འབྱེད་པར་མཛད་པས་སོ། །དེ་དག་ལས་རིམ་པས་བརྒྱུད་དེ་རྗེ་རྒྱ་རས་སློབ་བརྒྱུད་དང་བཅས་པ་ལ་ནི་ཤིན་ཏུ་གྲགས་ཆེ་ལ། རྗེ་རང་བྱུང་རྡོ་རྗེའི་སློབ་བརྒྱུད་རྣམས་དང་། ཁྱད་པར་རྗེ་མཁའ་སྤྱོད་པས་རྣལ་འབྱོར་བཅུ་གཉིས་དང་དེ་ལའང་ཉམས་རྟོགས་ཀྱི་དབྱེ་བས་ཉེར་བཞིར་འབྱེད་པར་མཛད་པས། དེང་སང་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་ལ་ཡོངས་སུ་གྲགས་ཤིང་། དགེ་སྦྱོར་གྱི་ཉམས་རྟོགས་མཐོ་དམན་དང་དབྱེ་འབྱེད་ལ་ཤིན་ཏུ་སྐབས་སུ་བབ་ལ་ངོ་མཚར་ཆེ་བར་སྣང་ངོ་། །དེ་ལའང་རྗེ་ཕག་མོ་གྲུ་པས་རྣལ་འབྱོར་བཅུ་གཉིས་སུ་འབྱེད་ཚུལ་
(༦༩༣)འདི་ཉིད་གྲགས་ཆེ་བར་སྣང་བས་དེའི་ཚུལ་ནི། རྩེ་གཅིག་ཆུང་ངུ་སེམས་བདེ་གསལ་གྱི་ངོ་བོ་མཐོང་བ་དང་། འབྲིང་པོ་ཏིང་ངེ་འཛིན་དེ་ལ་རང་དབང་ཐོབ་པ་དང་། ཆེན་པོ་དེའི་ཉམས་འཁོར་ཡུག་ཏུ་སོང་བ་དང་། སྤྲོས་བྲལ་ཆུང་ངུ་རང་སེམས་སྐྱེ་མེད་དུ་རྟོགས་པ་དང་། འབྲིང་པོ་རྩ་བ་བྲལ་བར་རྟོགས་པ་དང་། ཆེན་པོ་ཕྱི་ནང་ཐམས་ཅད་ལ་སྒྲོ་འདོགས་ཆོད་པ་དང་། རོ་གཅིག་ཆུང་ངུ་འཁོར་འདས་གཅིག་ཏུ་འདྲེ་བ་དང་། འབྲིང་པོ་ཟུང་འཛིན་གྱི་རྩ་བ་ཆོད་པ་དང་། ཆེན་པོ་ཆོས་ཐམས་ཅད་མཉམ་ཉིད་ཀྱི་ངང་དུ་ཞི་བ་དང་། སྒོམ་མེད་ཆུང་ངུ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་དང་། འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་པ་དང་། ཆེན་པོ་འོད་གསལ་གཉིས་འདྲེས་པ་ལ་བཞེད་དེ། དེ་དག་གི་དོན་ནི་འཆད་འགྱུར་ལས་ཤེས་སོ། །རྣལ་འབྱོར་བཅུ་གཉིས་པོ་དེ་དག་ཀྱང་ཐེམ་སྐས་ཀྱི་རིམ་པ་ལྟ་བུར་ནི་མ་ངེས་ཏེ། དཔེར་ན་རྩེ་གཅིག་ཆེན་པོའི་ཉམས་རྟོགས་མ་རྫོགས་
(༦༩༤)པར་སྤྲོས་བྲལ་ཆུང་འབྲིང་ཅི་རིགས་འཆར་བ་དང་། སྤྲོས་བྲལ་ཆེན་པོའི་ཉམས་རྟོགས་མ་རྫོགས་པར་རོ་གཅིག་ཆུང་འབྲིང་ཅི་རིགས་འཆར་བ་དང་། རོ་གཅིག་ཆེན་པོའི་ཉམས་རྟོགས་མ་རྫོགས་པར་སྒོམ་མེད་ཆུང་འབྲིང་ཅི་རིགས་འཆར་བ་ཡོད་པས་བཤད་ཚོད་ཐམས་ཅད་ཀྱི་གོ་རིམ་ལྟར་འབྱུང་བར་མ་མངོན་ནོ། །དེ་ལྟར་ན་ཉམས་རྟོགས་འཆར་ཚུལ་ཕལ་ཆེར་སྔར་གྱི་སྒྲུབ་བརྒྱུད་པ་རྣམས་ཀྱིས་དབེན་པ་ཁོ་ན་བསྟེན་ཞིང་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་ཐུགས་ཉམས་ལ་འཁྲུངས་པ་དང་། དེ་ཡང་གང་ཟག་རིམ་གྱིས་པའི་དབང་དུ་མཛད་ནས་གསུངས་པ་ཅིག་ཅར་བ་དང་ཐོད་རྒལ་བ་ལ་མཐའ་གཅིག་ཏུ་མ་ངེས་ཤིང་། ཁྱད་པར་དེང་སང་གི་སྒྲུབ་པ་པོ་ཕལ་ཆེར་ནི་ལེ་ལོ་དང་རྣམ་གཡེང་གི་དབང་དུ་འཆོར་བར་སྣང་བས་ཇི་སྐད་གསུངས་པའི་འཆར་ཚུལ་རྣམས་འབྱུང་བར་མ་ངེས་སོ། །འོན་ཀྱང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་དང་། རྒྱུད་ལ་བླ་མའི་བྱིན་རླབས་ཞུགས་པ་
(༦༩༥)དག་ལ་རྟོགས་པའི་ངོ་བོ་ཇི་ལྟ་བ་དེང་སང་ཡང་འཆར་བ་དང་། དེའི་དགེ་སྦྱོར་གྱི་ཚད་འཛིན་པ་ལ་གལ་ཆེ་བར་སྣང་བས་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་གསུངས་ལ་བརྟེན་ནས་བཤད་པར་བྱའོ། །གཉིས་པ་ལ། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་ཀྱི་རྣལ་འབྱོར། ཐུན་མོང་གི་གནད་བསྡུ་བ་ལྔ་ལས། དང་པོ་ལ། རྩེ་གཅིག་གི་རྣམ་དབྱེ། ཉམས་མྱོང་འཆར་ཚུལ། དེ་ཉིད་སྐྱོང་ཐབས་གསུམ་གྱི། དང་པོ་ནི། དེ་ཡང་རྩེ་གཅིག་ཅེས་པའི་དོན་ནི། རང་སེམས་གནས་ལུགས་ཀྱི་དོན་ལ་མ་ཡེངས་པའི་དྲན་པ་རྩེ་གཅིག་པས་སམ། གནས་འགྱུ་འདྲེས་པའི་རིག་པ་རྩེ་གཅིག་པས་ན་རྩེ་གཅིག་ཅེས་བྱའོ། །འོ་ན་གནས་ལུགས་ཀྱི་དོན་ཇི་ལྟ་བ་སྤྲོས་བྲལ་དུ་རྟོགས་པར་བཤད་པ་དང་མི་འགལ་ལམ་སྙམ་ན་སྐྱོན་མེད་དེ། བསྒོམ་བྱ་རང་སེམས་ཙམ་དང་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་
(༦༩༦)ཁྱད་པར་དང་། ཉམས་མྱོང་ངེས་ཤེས་ཀྱི་ཡུལ་འཛིན་དང་བཅས་པ་དང་དེ་དང་བྲལ་བ་སོགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་སོ། །ཁ་ཅིག་ཞི་གནས་ལ་སེམས་རྩེ་གཅིག་པར་བཤད་པ་དང་། དེའི་སྐབས་སུ་སེམས་རྟོག་མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་ཤིང་ཤེས་བཞིན་གྱི་གསལ་ངར་ས་ལེ་ཡོད་པ་ལ་སྐབས་འདིའི་རྩེ་གཅིག་ཏུ་འཁྲུལ་པ་དང་། འགའ་ཞིག་ཞི་གནས་དེ་ཉིད་ཀྱི་ཐོག་ཏུ་སྟོང་ཉིད་ཀྱི་གོ་བ་སྐྱེས་པའི་ངེས་ཤེས་ཡོད་པ་ལ་འཁྲུལ་པ་དག་སྣང་ཡང་། སྔ་མ་ནི་ཤིན་ཏུ་མི་འཐད་དེ། ཞི་གནས་སྐྱོན་མེད་ཙམ་ཤར་ཡང་ལྷག་མཐོང་གི་ངེས་ཤེས་གཏན་མེད་པའི་ཕྱིར་རོ། །ཕྱི་མའང་མིན་ཏེ། སྟོང་ཉིད་ལ་བློ་ཁ་ཕྱོགས་པའི་ངོ་ཤེས་ཙམ་ལས་སེམས་ཉིད་ཀྱི་ངོ་བོ་མཐོང་བའི་ལྷག་མཐོང་གི་ངེས་ཤེས་དང་མི་ལྡན་པའི་ཕྱིར་རོ། །དེས་ན་འདི་ལ་སེམས་ངོ་མཐོང་བའི་མཐོང་དོན་ལ་རིག་པ་རྩེ་གཅིག་ཏུ་གནས་པ་ཞིག་དང་། གནས་འགྱུ་རེ་མཉམ་དུ་འདྲེས་ཤིང་རང་ངོ་ཤེས་པའི་
(༦༩༧)དྲན་རིག་ཡོད་པ་ཞིག་དགོས་ཏེ། རྩེ་གཅིག་དུས་སུ་ངོ་བོ་རྟོགས། །ཞེས་དང་། རྗེ་ཡང་དགོན་པས། བློ་རྟོག་པ་རུ་འགྱུ་བ་གནས་ལུགས་ཀྱི་སྒོ། །རང་ངོ་ཤེས་པ་ཉམས་ལེན་གྱི་གནད། །རང་ཞལ་དང་མཇལ་བས་རང་དང་འདྲེས། །རང་མིན་པའི་དྲན་རྟོག་ཅིག་འདུག་གམ་ལྟོས་དང་། སྒོམ་གནས་འགྱུའི་བར་ལག་འདྲེ་བ་ཞིག་འོང་གི །ཞེས་རྩེ་གཅིག་སྐྱོང་ཚུལ་དུ་བཤད་པས་སོ། །དེ་ལྟ་བུའི་རྩེ་གཅིག་གི་རྣལ་འབྱོར་ལ་ཡང་གསུམ་སྟེ། སེམས་ཀྱི་ངོ་བོ་གསལ་སྟོང་བདེ་ཉམས་དང་བཅས་པའི་ཏིང་ངེ་འཛིན་སྐྱེས་ཤིང་དེ་སྐྱོང་དཀའ་བ་ཙམ་ནས་བཟུང་སྟེ་ནམ་བསྒོམས་བསྒོམས་འོང་བའི་བར་རྩེ་གཅིག་ཆུང་ངུ་། རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དེ་འཆར་ཞིང་བསྒོམ་པའི་ཚེ་བརྟན་པོ་འོང་བས་རང་དབང་ཐོབ་པ་རྩེ་གཅིག་འབྲིང་། ཏིང་ངེ་འཛིན་དེའི་ཉམས་རྒྱུན་ཆད་མེད་པར་ཤར་ཏེ་མཉམ་རྗེས་རང་སྤྱོད་ལམ་བཞི་དང་ཉིན་མཚན་འཁོར་ཡུག་ཏུ་རིག་པ་གསལ་སྟོང་དེའི་ངང་དུ་ཆམ་གྱིས་འགྲོ་བ་རྩེ་གཅིག་
(༦༩༨)ཆེན་པོའོ། །དེ་ཡང་རྣལ་འབྱོར་བཞི་པོ་སོ་སོའི་རྟོགས་པ་མཐར་ཕྱིན་མ་ཕྱིན་གྱི་དབྱེ་འབྱེད་ལ་རྗེ་རྒྱ་རས་ཀྱིས། ངོ་བོ་མཐོང་མ་མཐོང་། རྩལ་རྫོགས་མ་རྫོགས་རྣམ་རྟོག་སྒོམ་དུ་ཤར་མ་ཤར། ཡོན་ཏན་སྐྱེས་མ་སྐྱེས། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད། གཟུགས་སྐུའི་ས་བོན་ཐེབས་མ་ཐེབས་དྲུག་གམ་ཕྱེ་ན་བཅུ་གཉིས་ཀྱིས་རྣམ་དབྱེ་འབྱེད་པར་གསུངས་པ་དེ་ཤིན་ཏུ་སྐབས་སུ་བབ་ཅིང་ལེགས་པར་སྣང་བས་འདིར་ཡང་དེ་ལྟར་བཤད་ན། སྐབས་འདིར། སེམས་ཀྱི་ངོ་བོ་ཅིར་ཡང་གྲུབ་པ་མེད་པས་ན་སྟོང་ཞིང་། འཆར་སྒོམ་འགགས་པས་ན་གསལ་བ་སྟེ། གསལ་སྟོང་དབྱེར་མེད་ནམ་མཁའི་དཀྱིལ་ལྟ་བུའི་ཤེས་པ་དེ་ཉིད་རང་གིས་རང་རིག་ཅིང་། དེ་ལ་ཡིད་ཆེས་ཀྱི་ངེས་ཤེས་སྐྱེས་ན་རྩེ་གཅིག་གི་ངོ་བོ་མཐོང་། བདེ་གསལ་མི་རྟོག་པའི་ཉམས་ཀྱི་ངང་དུ་ས་ལེ་སིང་ངེ་གནས་ཀྱང་རང་རིག་པའི་ངེས་ཤེས་ཀྱི་ཕྲིག་མ་ཚུད་ན། སྣང་ལ་མ་ངེས་པའི་ཉམས་མྱོང་བྱིས་པས་ཆུ་ཟླ་མཐོང་བ་ལྟ་བུ་ཡིན་ཏེ་ངོ་བོ་མ་མཐོང་
(༦༩༩)བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་རང་རིག་ངེས་ཤེས་དང་བཅས་པའི་ངང་ལ་ཉིན་མཚན་འཁོར་ཡུག་ཏུ་འགྲོ་ན་རྩེ་གཅིག་གི་རྩལ་རྫོགས། དེ་ལྟ་བུ་ལ་རེག་འཇོག་འོང་ན་ད་དུང་རྩལ་མ་རྫོགས། རྟོག་པ་སྐྱེ་བ་དང་ཡུལ་སྣང་འཆར་ཚད་དྲན་པས་ཟིན་ཙམ་ནས་དེ་ཉིད་སྤང་མ་དགོས་པར་སྒོམ་དུ་འགྲོ་ཞིང་། གཉིད་ཉམས་ཀྱི་འོད་གསལ་དུ་ཚུད་ན་རྣམ་རྟོག་སྒོམ་དུ་ཤར། རྟོག་པ་དང་སྣང་བའི་འཆར་སྒོ་དྲན་པས་བཀུག་ནས་སླར་སྒོམ་ལ་འཇུར་དགོས་ན་རྣམ་རྟོག་སྒོམ་དུ་མ་ཤར། ཆོས་བརྒྱད་ལས་བློ་ལོག་པ་དང་། ཕྱི་ནང་གི་སྲིན་བུ་རྒྱུན་ཆད་པ་དང་། མངོན་ཤེས་དང་ཟད་པར་ཟིལ་གནོན་ལ་སོགས་པའི་རྫུ་འཕྲུལ་ཅི་རིགས་སྟོན་ནུས་ན་རྩེ་གཅིག་གི་ཡོན་ཏན་སྐྱེས། བློ་ལས་སུ་མི་རུང་ཞིང་ཡིད་ཞི་བ་མ་ཐོབ་པ་དང་། ཐུན་མོང་གི་དྲོད་རྟགས་སྟོན་མི་ནུས་ན་ཡོན་ཏན་མ་སྐྱེས། ཏིང་ངེ་འཛིན་དྭངས་པའི་འཆར་སྒོས་རྗེས་ཤེས་སུ་ཕྱི་ནང་གི་རྒྱུ་འབྲས་ཕྲ་རགས་མི་བསླུ་བར་འབྱུང་བའི་རྟེན་འབྲེལ་ལ་ཕྲིག་ཚུད་ནས་བླང་དོར་ཚུལ་བཞིན་སྒྲུབ་ན་ཀུན་རྫོབ་ལ་རང་བྱན་ཚུད། དེ་ལྟ་བུའི་རྟེན་
(༧༠༠)འབྲེལ་ལ་ངེས་པ་མ་རྙེད་ཅིང་རྒྱུ་འབྲས་ཀྱི་བླང་དོར་ལ་གཡེལ་ན་རང་བྱན་མ་ཚུད། རྗེས་ཤེས་སུ་སེམས་ཅན་རྣམས་ལ་དམིགས་བཅས་ཀྱི་སྙིང་རྗེ་སྐྱེ་ཞིང་གཞན་ཕན་གྱི་སྨོན་ལམ་རྒྱ་ཆེན་འདེབས་ན་གཟུགས་སྐུའི་ས་བོན་ཐེབས། ཏིང་ངེ་འཛིན་གྱི་ཉམས་ཅི་རིགས་ཀྱིས་བསྒྲིབས་ནས་སྙིང་རྗེ་སྐྱེ་དཀའ་ཞིང་རང་ཉིད་གཅིག་པུའི་ཞི་བདེ་དོན་དུ་གཉེར་ན་གཟུགས་སྐུའི་ས་བོན་མ་ཐེབས་པའོ། །གཉིས་པ་ནི། རྩེ་གཅིག་ཆུང་ངུའི་དུས། སེམས་གསལ་སྟོང་བདེ་ཉམས་དང་བཅས་པའི་མཉམ་གཞག་ངེས་བཟུང་ཅན་ཞེན་འཛིན་དང་བཅས་ཏེ་སྐྱོང་རྒྱུ་འབྱུང་ལ། ཉམས་དེའི་ངང་ནས་རྟོག་པ་དང་སྣང་བ་འཆར་བ་ན། ཕལ་ཆེར་ཚུགས་མི་ཐུབ་པར་རང་སངས་རང་གྲོལ་འགྲོ་ཞིང་། སྒོམ་ཡིན་སྙམ་པའི་བློ་ངེས་ཤེས་ཀྱི་འཛིན་པའང་སྐྱེ། སྐབས་ལ་ལར་རྟོག་པ་གྲོལ་མི་ཐུབ་པའང་འབྱུང་། རྗེས་སྣང་ཕལ་ཆེར་དགའ་སྤྲོའི་ཉམས་དང་བཅས་ཏེ་ཨ་འཐས་སུ་འཆར། རྗེས་ཤེས་སུ་དྲན་པས་ནམ་ཟིན་གསལ་སྟོང་གི་ཉམས་དང་བཅས་ཏེ་སྟོང་པ་ཡིན་སེམས་སྣང་ཡིན་སྙམ་པའི་འཛིན་
(༧༠༡)སྟངས་འབྱུང་། རྨི་ལམ་གསལ་དངས་ཐོན་ཙམ་ལས་སྔར་གྱི་རྨི་ལམ་དང་ཁྱད་ཆེར་མི་འོང་། འགའ་ཞིག་ལ་རྨི་ལམ་རྣམ་གྲངས་མང་ཞིང་ངེས་བཟུང་ཆུང་བ་འོང་། རེས་མཉམ་པར་འཇོག་དཀའ་ཞིང་ང་ལ་སྒོམ་མི་སྐྱེ་བ་འདྲ་སྙམ་པ་འབྱུང་ཞིང་། རེས་བསྒོམ་བཟང་པོ་སྐྱེ་བ་འདྲ་སྙམ་པའང་འབྱུང་བས་དགེ་སྦྱོར་འཕེལ་འགྲིབ་ཆེ། བླ་མ་ལ་མོས་གུས་མཆེད་གྲོགས་ལ་དག་སྣང་སེམས་ཅན་ལ་སྙིང་རྗེ་རྣམས་སྐྱེའོ། །རྩེ་གཅིག་འབྲིང་གི་དུས། གསལ་སྟོང་བདེ་ཉམས་དང་བཅས་པའི་ཏིང་ངེ་འཛིན་དེ་ནམ་བསྒོམས་བསྒོམས་བརྟན་པོ་འབྱུང་ཞིང་རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དུ་ཆམ་གྱིས་འགྲོ། ཉམས་དེའི་ངང་ནས་རྟོགས་སྣང་འཆར་བ་སྔར་བས་ཉུང་ཞིང་གང་ཤར་རང་གྲོལ་དུ་འགྲོ། རྗེས་སྣང་དུ་གསལ་སྟོང་གི་ཉམས་དང་བཅས་པའི་སྣང་བ་གུ་ཡངས་སང་ངེ་བ་འབྱུང་། རེས་ཨ་འཐས་སུའང་འཆར། རྗེས་ཤེས་སུ་ནམ་དྲན་སྒོམ་དུ་ཆམ་གྱིས་འགྲོ། རྨི་ལམ་དུ་ཉམས་ཀྱིས་སློབ་
(༧༠༢)མ་སླེབ་ཅི་རིགས་འབྱུང་། འགའ་ཞིག་ལ་རྨི་ལམ་ཉུང་དུ་འགྲོ་བ་འོང་། སྒོམ་པ་སྤྲོ་བ་སྐྱེའོ། །རྩེ་གཅིག་ཆེན་པོའི་དུས། གསལ་སྟོང་བདེ་ཉམས་དང་བཅས་པའི་ཏིང་ངེ་འཛིན་རྒྱུན་ཆད་མེད་པ་འཆར། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཐིམ། རྗེས་སྣང་ཐམས་ཅད་དེའི་ངང་དུ་སོང་། རྨི་ལམ་ཕལ་ཆེར་དེའི་ངང་དུ་ཆུད་དེ། བཟང་ཞེན་གྱི་འཛིན་པ་དང་བཅས་པའི་ངེས་ཤེས་ལ་སེམས་བདེ་སྟོང་རིག་སྟོང་རྣམ་རྟོག་གསལ་སྟོང་སྣང་བ་སྣང་སྟོང་སོགས་ཀྱི་སྟོང་ཉམས་མང་པོ་དང་། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་འདུག་སྙམ་པའི་ཉམས་མྱོང་མང་དུ་འཆར། མངོན་ཤེས་ཕྲ་མོ་སོགས་ཟག་བཅས་ཀྱི་ཡོན་ཏན་འགའ་རེའང་སྐྱེ། སྒོམ་འདི་བས་བཟང་བ་མེད་སྙམ་པ་འབྱུང་ཞིང་མོས་གུས་དག་སྣང་སོགས་སྐྱེའོ། །གསུམ་པ་ནི། རྩེ་གཅིག་གསུམ་པའི་དུས་སུ་རི་མཚམས་དང་འདག་སྦྱར་དང་སྨྲ་བཅད་ལ་བརྩོན་པར་བྱ། གྲིབ་ཆེ་བ་ཕོག་ན་བློ་ལས་སུ་མི་རུང་ཞིང་ཤེས་རབ་འགྲིབ། གྲིབ་ཆུང་ཡང་ཏིང་ངེ་འཛིན་མི་གསལ་
(༧༠༣)ཞིང་དེའི་གེགས་སྐྱོན་མང་དུ་འབྱུང་བས་གྲིབ་ལ་ཤིན་ཏུ་འཛེམ་ཞིང་གྲིབ་ཕོག་ན་གྲིབ་སེལ་བྱ། བྱིང་རྒོད་ཕལ་ཆེར་ལ་སོ་སོའི་སྐྱོན་སེལ་ཐབས་དང་ངོ་བལྟ་མང་དུ་བྱ། ཧ་ཅང་རྨུགས་ན་སྐྱོན་ཆེ་བས་སྡིག་བཤགས་ཅི་རིགས་བྱ། བླ་མ་ལ་དབང་ཞུ་བ་དང་ཏིང་ངེ་འཛིན་གྱི་དབང་མང་དུ་བླང་། ཚོགས་འཁོར་དང་མཆོད་འབུལ་དང་སྦྱིན་གཏོང་བྱ་ཞིང་བླ་མ་དང་མཆེད་གྲོགས་ཉམས་ཅན་ལ་ཞུས་ཏེ་སྐྱོན་བསལ། ཧ་ཅང་སྐྱོན་ཆེ་ཞིང་བླ་མ་དང་མཆེད་གྲོགས་ལ་ཞུ་མི་འདོད་པ་དང་ལོག་ལྟ་སྐྱེས་པ་བྱུང་ན་བདུད་ཀྱི་བར་ཆད་ཡིན་པས་སྐྱབས་འགྲོ་རེམ་པར་བྱ། སྐྱོ་ཤས་ངེས་འབྱུང་མོས་གུས་དག་སྣང་སྙིང་རྗེ་རྣམས་རྩལ་དུ་བཏོན་ནས་བསྒོམ། ཞག་གྲངས་འགའ་རེ་དུབ་པ་སད་བྱ་ཞིང་ལུས་སྦྱོར་ཅི་རིགས་ཀྱང་བྱའོ། །དེ་ནས་ཏིང་ངེ་འཛིན་སྔར་བཤད་པ་ལྟར་འཇུར་དྲན་དང་བཟུང་དྲན་ཅི་རིགས་པས་སོ་བྱ་ཉ་དགུག་པ་ལྟར་རྩེ་གཅིག་ཏུ་སྐྱོང་། རྟོག་དཔྱོད་ཀྱི་གོ་ཡུལ་དང་མི་རྟོག་པའི་གནས་
(༧༠༤)པ་དང་མྱོང་བའི་ཉམས་དང་རྗེས་ཤེས་ཀྱི་སྣང་ཤས་རྣམས་ཀྱི་རྗེས་སུ་མི་འབྲང་། ཉམས་བཟང་བ་ལ་ཞེན་ཆགས་པ་དང་ངན་པ་ལ་སྐྱོན་བལྟས་མི་བྱ་བར་བློ་གང་ཤར་ལ་དགག་སྒྲུབ་ཀྱི་འཛིན་པ་མ་ཞུགས་པར་བསྐྱང་། ཉམས་མཐུག་ན་ངོ་ཐོག་ལ་བསྒྲིབ་པས་ཉམས་ཀྱི་རླན་དང་ཡང་ཡང་ཕྲལ་ཏེ། རིག་པ་ངར་བསྐྱེད་ལ་བཟོ་བཅོས་མ་ཕོག་པའི་ཤེས་པ་སོ་མ་དེ་ཉིད་སྐྱོང་། སྐབས་སུ་སྒྲུབ་བརྒྱུད་གོང་མ་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་སྒྲུབ་ཚུགས་བཟུང་བའི་རྣམ་ཐར་དང་རྡོ་རྗེའི་མགུར་ལ་སོགས་པའང་བལྟས་ཏེ། རང་ཡང་དེ་ལྟ་བུའི་རྣམ་ཐར་སྐྱོང་བའི་སྙིང་སྟོབས་བསྐྱེད་པ་སོགས་བྱའོ། །རྩེ་གཅིག་གི་རྣལ་འབྱོར་ལོ་མང་པོར་བསྐྱང་ཡང་སྤྲོས་བྲལ་དུ་བོགས་མ་ཐོན་ན་ཞེན་པ་གསུམ་གཏོང་བར་གསུངས་ཏེ། བདག་ཏུ་ཞེན་པ་བཏང་བ་ནི། ཚེ་འདིའི་ཆགས་ཞེན་གྱི་བལྟོས་ཐག་བཅད་ལ་མི་ཁྱུ་ནས་བུད། དགྲ་གཉེན་གྱི་ཆགས་སྡང་དོར་ཞིང་འཇིག་རྟེན་གྱི་འཁྲི་བ་བཏང་། ལུས་བླ་མ་ལ་དབུལ།
(༧༠༥)ཕུང་པོའི་གཅེས་འཛིན་སྤང་ཀུ་སུ་ལུའི་མཆོད་སྦྱིན་མང་དུ་བྱའོ། །ལོངས་སྤྱོད་ལ་ཞེན་པ་བཏང་བ་ནི། ནོར་རྫས་ཅི་ཡོད་བླ་མ་མཉེས་པའི་འབུལ་བ། ཡི་དམ་ལ་སོགས་མཉེས་པའི་མཆོད་གཏོར་དང་ཚོགས་འཁོར། རྡོ་རྗེ་སྤུན་མཉེས་པའི་སྤོང་དག་བྱས་ལ། སྐྱིད་འདོད་ཟ་འདོད་འཆོར་འདོད་ཀྱི་འཛོམ་ཤ་བློས་བཏང་། ལྟོ་གོས་གཏམ་གསུམ་ཁྱད་དུ་བསད། སྔར་བཤད་པའི་རི་དྭགས་ལྟ་བུའི་སྤྱོད་པ་ལ་སོགས་པ་བྱ། ཆགས་སྡང་དང་གཡེང་བ་ཅན་གྱི་གནས་ཕ་ཡུལ་སོགས་སྤང་། ཅིས་ཀྱང་སྤང་མ་ཚུགས་ན་ལོ་ཤས་སྨྲ་བཅད་བྱའོ། །ཏིང་ངེ་འཛིན་ལ་ཞེན་པ་བཏང་བ་ནི། དགའ་ཞིང་སྤྲོ་ལ་ཡིད་ཆེས་པའི་ཉམས་བཟང་པོ་ཐམས་ཅད་བཤིག །གནས་ལུགས་ལ་གང་ཤར་བཟང་ངན་མེད་པར་ཐག་བཅད་དེ། ཉམས་དང་བྲལ་བའི་སེམས་ཉིད་རྗེན་པ་རྣལ་མ་རང་ལུགས་ཅི་ཡོད་དེ་ཀ་ལས་གཞན་དུ་མ་ཡེངས་ཤིང་མི་སྒོམ་པ་ཞིག་
(༧༠༦)དགོས་ཏེ། རྗེ་སྒམ་པོ་པས། དང་པོར་སློབ་པའི་དུས་སུ་ཤེས་པ་གསལ་སིང་ངེ་བ་ལ་བསླབ། དེ་ཡང་མ་ཡེངས་པ་ལ་བསླབ། དེ་ཡང་རིག་པའི་ངོ་བོ་ཡེ་མ་ཡེངས་པ་ལ་བསླབ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན། ཞེས་དང་། རྗེ་རྒྱ་རས་ཀྱིས། རྩེ་གཅིག་དུས་སུ་སོང་ཙམ་ན། །ཉམས་མྱོང་གཞིག་ཅིང་སྒོམ་མེད་བསྒོམ། །ཞེས་སོ། །དེ་ལྟར་རྩེ་གཅིག་གི་སྐབས་འདིར་ཉམས་རྟོགས་པར་ཤོར་བའི་གོ་ལས་ཤིན་ཏུ་ཆེ་ཞིང་། སྒྲུབ་པ་པོ་རྣམ་དཔྱོད་དམན་པ་དང་བླ་མ་བསྟེན་ཡུན་ཐུང་བ་དག་ཉམས་མྱོང་གི་རྩི་ལ་འབྱར་ནས་མི་ཚེར་སྒྲུབ་ལོ་བྱས་ཀྱང་སེམས་ངོ་མི་ཤེས་པ་དང་དང་པོར་ཤེས་ཀྱང་ཤོར་བ་འོང་སྟེ། རྗེ་སྒམ་པོ་པས། རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །རྡོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །ཞེས་དང་། རྗེ་འབྲི་ཁུང་པས། ཉམས་མྱོང་བཟང་པོ་མ་བཅོས་པ། །ལྷ་གནས་གོང་མར་སྐྱེ་བའི་རྒྱུ། །ཞེས་པ་ལྟར་རོ། །སེམས་ཀྱི་གནས་ལུགས་རྗེན་པ་དེ་ཉིད་ལའང་བློའི་ཞེན་ཆགས་དང་འཛིན་
(༧༠༧)པ་མ་ཞུགས་པ་གལ་ཆེ་སྟེ། བྲམ་ཟེ་ཆེན་པོས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། ཞེས་དང་། རྗེ་སྒམ་པོ་པས། གཉིས་འཛིན་ཅན་གྱི་སྒོམ་ཆེན་དེ། །ཉམས་སུ་མྱོང་ཡང་དོན་མ་ཡིན། །ཞེས་སོ། །དེ་ལྟར་བསྐྱངས་པས་རིམ་གྱིས་དགེ་སྦྱོར་ལ་བོགས་ཐོན་ཏེ་ཅི་ཞིག་ན་རྩེ་གཅིག་གི་ཉམས་མྱོང་ཞེན་འཛིན་དང་བཅས་པ་དེ་དག་ནས། ཡུལ་སྟོང་ཉིད་དང་ཡུལ་ཅན་རང་སེམས་སུ་བལྟ་བའི་གཉིས་འཛིན་ལས་གྲོལ་ཏེ། སྒོམ་སྤྲོས་བྲལ་གྱི་རྟོགས་པ་འཆར་རོ། །གཉིས་པ་སྤྲོས་བྲལ་གྱི་རྣལ་འབྱོར་ལ། སྤྲོས་བྲལ་གྱི་རྣམ་དབྱེ། ཉམས་མྱོང་འཆར་ཚུལ། དེ་ཉིད་ཀྱི་སྐྱོངས་ཐབས་གསུམ་གྱི། དང་པོ་ནི། དེ་ཡང་སྤྲོས་བྲལ་ཞེས་པའི་དོན་ནི། སེམས་ཀྱི་གནས་ལུགས་ནམ་མཁའ་ལྟར་སྐྱེ་འགག་གནས་གསུམ་དང་རྟག་ཆད་འགྲོ་འོང་སོགས་ཀྱི་སྤྲོས་པ་དང་བྲལ་བས་སྤྲོས་བྲལ་ཏེ། རྩ་ཤེ་ལས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་ལྡན་པ། །ཞེས་པ་ལྟར་རོ། །ཁ་ཅིག་
(༧༠༨)གཟུང་འཛིན་གྱི་རྟོག་པའི་སྤྲོས་པ་མེད་པ་སྤྲོས་བྲལ་གྱི་དོན་དུ་འདོད་པ་དང་། ལ་ལ་ཆོས་ཐམས་ཅད་སྟོང་ཉིད་དུ་ངོ་ཤེས་པའི་ངེས་ཤེས་སྤྲོས་བྲལ་གྱི་དོན་དུ་འདོད་པ་སྣང་ཡང་མི་འཐད་དེ། སྔ་མ་ལྟར་ན་རྟོག་མེད་ཀྱི་ཞི་གནས་ཙམ་ཡང་སྤྲོས་བྲལ་དུ་འགྱུར་བའི་ཕྱིར་དང་། ཕྱི་མ་ལྟར་ན་སྟོང་ཉིད་དང་བདེན་མེད་ཀྱི་ངེས་ཤེས་སྐྱེས་པའི་ཞེན་འཛིན་ཡང་སྤྲོས་བྲལ་དུ་འགྱུར་བའི་ཕྱིར་རོ། །དེས་ན་སྤྲོས་བྲལ་གྱི་དུས་སུ་སེམས་ཀྱི་རང་བཞིན་རྟོགས་པར་གསུངས་ཤིང་། སེམས་ཀྱི་རང་བཞིན་ནི་ནམ་མཁའ་ལྟར་འཕོ་འགྱུར་མེད་པའི་འདུས་མ་བྱས་སུ་བཤད་དེ། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ཞེས་དང་། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སྤྲོས་བྲལ་གྱི་རྣལ་འབྱོར་ལའང་གསུམ་སྟེ། སེམས་ཀྱི་ངོ་བོ་སྐྱེ་འགག་གི་སྤྲོས་པ་དང་བྲལ་བར་རྟོགས་ཀྱང་དེ་ཉིད་སྟོང་པར་འཛིན་པའི་ངེས་ཤེས་ཀྱི་ཉམས་མྱོང་དང་མ་བྲལ་ཞིང་འཁོར་བར་འཁྱམས་དོགས་དང་མྱང་འདས་ཐོག་ཏུ་རེ་
(༧༠༩)བའི་རེ་དོགས་ཡོད་པ་སྤྲོས་བྲལ་ཆུང་ངུ། སེམས་སྣང་འཛིན་དང་སྟོང་འཛིན་གྱི་ཉམས་མྱོང་དག་པས་སེམས་ཉིད་གཞི་མེད་རྩ་བྲལ་དུ་རྟོགས་ཀྱང་། ཕྱིའི་ཡུལ་སྣང་གི་ཐོག་ཏུ་རེ་དོགས་ཀྱི་འཛིན་པ་འོང་ཞིང་སྒྲོ་འདོགས་མ་ཆོད་པ་སྤྲོས་བྲལ་འབྲིང་པོ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྟོང་འཛིན་ངེས་ཤེས་ཀྱི་འཛིན་པ་གྲོལ་ནས་རེ་དོགས་དང་བྲལ་ཞིང་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཆེན་པོའོ། །སྤྲོས་བྲལ་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། སེམས་ཀྱི་ངོ་བོ་སྤྲོས་བྲལ་དུ་མཐོང་བ་ལ་ངེས་ཤེས་ཀྱི་འཛིན་པ་གྲོལ། སྤྲོས་བྲལ་དུ་མྱོང་ཚོར་མཁན་པོའི་རྩ་བ་ཆོད་པས་སྤྲོས་པ་ཐམས་ཅད་དག་པའི་ངང་དུ་ཕྱལ་གྱིས་འགྲོ་ན་སྤྲོས་བྲལ་གྱི་ངོ་བོ་མཐོང་། སྟོང་འཛིན་ནམ་ངེས་ཤེས་ཀྱི་ཆ་ཐམས་ཅད་སྤྲོས་བྲལ་གྱི་ཉམས་ཡིན་པས་དེ་དག་གི་ཆ་བག་ཙམ་འདུག་ཀྱང་ངོ་བོ་མ་མཐོང་། རེ་དོགས་དང་སྟོང་འཛིན་གྱི་ཆ་ཙམ་ཡང་མེད་པར་ཐམས་ཅད་སྤྲོས་བྲལ་དུ་སྒྲོ་འདོགས་ཆོད་ན་སྤྲོས་
(༧༡༠)བྲལ་གྱི་རྩལ་རྫོགས། རྟོག་པའི་རང་བཞིན་སྐྱེ་མེད་དུ་ཤེས་ཀྱང་ཡུལ་སྣང་གི་ཐོག་ཏུ་རེ་དོགས་འབྱུང་ཞིང་སྟོང་འཛིན་གྱི་ཉམས་མྱོང་མ་སངས་ན་རྩལ་མ་རྫོགས། རྟོག་པ་ཐམས་ཅད་སྟོང་འགྱུ་དང་སྣང་བ་ཐམས་ཅད་སྟོང་སྣང་དུ་རང་ངོ་ཤེས་ནས་རྗེས་ཤེས་དང་རྗེས་སྣང་ཐམས་ཅད་མཉམ་གཞག་གི་རྟོགས་པ་ལྟ་བུར་འཆར་ན་རྣམ་རྟོག་སྒོམ་དུ་ཤར། མཉམ་གཞག་གི་རྟོགས་པ་རྗེས་ཤེས་དང་རྗེས་སྣང་གི་ཐོག་ཏུ་ལམ་དུ་མི་སློངས་ན་རྣམ་རྟོག་སྒོམ་དུ་མ་ཤར། ཐབས་ལམ་སོགས་ཡོན་ཏན་སད་བྱེད་ཀྱི་ལམ་རྐྱེན་དང་ཕྲད་ནས་གྲུབ་པའི་རྟགས་དང་རྟོགས་པ་འབྲེལ་ན་སྤྲོས་བྲལ་གྱི་ཡོན་ཏན་སྐྱེས། ཆོས་ཉིད་ཀྱི་དོན་རྟོགས་ཀྱང་ལམ་རྐྱེན་དང་མ་ཕྲད་པར་གྲུབ་རྟགས་ཀྱི་སྣང་ཆ་མེད་ན་ཡོན་ཏན་མ་སྐྱེས། སྟོང་ཉིད་རྒྱུ་འབྲས་སུ་ཤར་ནས་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་ཀྱང་རྐྱེན་གྱི་ཚོགས་པས་ཅིར་ཡང་བསྒྱུར་བའི་རྟེན་འབྲེལ་ལ་ཕྲིག་ཚུད་ན་ཀུན་རྫོབ་ལ་རང་བྱན་ཚུད། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསྒྲིབས་
(༧༡༡)ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་གོ་ན་ཀུན་རྫོབ་ལ་རང་བྱན་མ་ཚུད། སྟོང་ཉིད་མ་འགགས་པའི་རྩལ་དམིགས་མེད་ཀྱི་སྙིང་རྗེར་ཤར་ནས་སེམས་བསྐྱེད་དང་སྨོན་ལམ་སོགས་ཀྱི་རྟེན་འབྲེལ་སྒྱུ་མ་ལྟ་བུ་རྗེས་ཤེས་སུ་བསྒྲིག་ཤེས་ན་གཟུགས་སྐུའི་ས་བོན་ཐེབས། སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་སྐྱེ་དཀའ་ཞིང་གཞན་ཕན་གྱི་རྟེན་འབྲེལ་མི་སྒྲིག་ན་གཟུགས་སྐུའི་ས་བོན་མ་ཐེབས་པའོ། །གཉིས་པ་ནི། སྤྲོས་བྲལ་ཆུང་ངུའི་དུས། ཆོས་ཐམས་ཅད་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་ཡང་ཐམས་ཅད་ལ་སྟོང་པར་འཛིན་པའི་འཛིན་པ་ཡོད་ལ། རྗེས་ཤེས་སུ་དགྲ་གཉེན་དང་ཆགས་སྡང་གི་འཛིན་པ་ཨ་འཐས་སུ་སྐྱེ་ཞིང་། གཉིད་དང་རྨི་ལམ་ཡང་ཕལ་ཆེར་འཁྲུལ་པར་འབྱུང་། དགེ་སྦྱོར་ལ་མཐོ་དམན་ཆེ། བླ་མ་དང་མཆེད་གྲོགས་དང་རང་གི་དགེ་སྦྱོར་ལ་རེས་དད་པ་དང་ངེས་ཤེས་སྐྱེ། རེས་ཐེ་ཚོམ་སྐྱེ་བའང་སྲིད་དོ། །སྤྲོས་བྲལ་འབྲིང་གི་དུས། སྟོང་འཛིན་གྱི་
(༧༡༢)ཉམས་དེ་དག་ནས་གང་ལའང་ཞེན་པ་ཆུང་། རྣམ་རྟོག་གི་རྩ་བ་ཆོད་ནས་འགྱུ་ཐོག་ཏུ་སྒྲོ་འདོགས་ཆོད་ཀྱང་སྣང་ཐོག་ཏུ་ཨ་འཐས་ཀྱི་རེ་དོགས་དུམ་རེ་འོང་། རྗེས་ཤེས་དང་རྨི་ལམ་གྱི་ཚེ་འཁྲུལ་མ་འཁྲུལ་སྣ་ཚོགས་འབྱུང་། བླ་མ་དང་མཆེད་གྲོགས་དང་དགེ་སྦྱོར་ལ་དད་པ་དང་ཐེ་ཚོམ་སོགས་ཀྱི་མཐོ་དམན་དུམ་རེ་འབྱུང་། རེས་སངས་རྒྱས་ཐོབ་རྒྱུ་དང་དམྱལ་བར་སྐྱེ་རྒྱུ་མེད་སྙམ་པའང་འབྱུང་ངོ་། །སྤྲོས་བྲལ་ཆེན་པོའི་དུས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཆོད་པས་ཕྱི་ནང་ཐམས་ཅད་ལ་སྒྲོ་འདོགས་ཆོད་དེ་རེ་དོགས་མེད་ཅིང་། ཆོས་ཐམས་ཅད་ལ་སྟོང་མི་སྟོང་སོགས་ཀྱི་བདེ་དོག་མེད་པར་བློ་ཡངས་ཕྱལ་གྱི་འགྲོ། སྣང་བ་ཐམས་ཅད་ཀྱང་སྟོང་ཞིང་བདག་མེད་པར་འཆར། རྗེས་ཤེས་སུ་རྟོག་པ་ཐམས་ཅད་དག་པའི་ཤེས་པ་དང་སིང་ངེ་བ་འབའ་ཞིག་ནི་ཅུང་མི་འོང་ཡང་། རིག་སྟོང་སྣང་སྟོང་གི་ཉམས་བཟང་པོ་དང་བཅས་ཏེ་ཉིན་བར་གྱི་སྒོམ་ལ་རྒྱུན་ཆད་མེད། འོན་ཀྱང་དྲན་པས་
(༧༡༣)རྒྱུན་ཆད་མེད་པར་ཟིན་པ་ཅུང་ཟད་མི་འོང་བས་བཟུང་དྲན་རེ་ལ་བལྟོས་དགོས། རྨི་ལམ་དུ་འཁྲུལ་པ་དང་འཛིན་པ་དུ་མ་རེ་འོང་རེས་སངས་རྒྱས་ཐོབ་རྒྱུ་མེད་དམྱལ་བར་སྐྱེ་རྒྱུ་མེད་གནས་ལུགས་ཀྱི་དོན་རྟོགས་སྙམ་པའང་འོང་། གཏིང་ཟབ་པའི་ཆོས་རྣམས་ཀྱང་གོ །སེམས་ཉིད་བླ་མར་འཆར། སྣང་བ་དགེ་སྦྱོར་གྱི་གྲོགས་སུའང་འགྲོ། གང་ལའང་ཞེན་པ་ཆུང་ཆོས་བརྒྱད་ལས་བློ་ལྡོག །འོན་ཀྱང་ད་ནི་བླ་མ་མི་དགོས་སྙམ་པ་དང་ང་རྒྱལ་དང་རློམ་སེམས་དང་གཞན་ཁྱད་དུ་གསོད་པ་སོགས་འབྱུང་འདོགས་ཡོད་གསུང་ངོ་། །གསུམ་པ་ནི། སྤྲོས་བྲལ་གསུམ་གྱི་ཚེའང་ཞེན་པ་གསུམ་བཏང་ནས་དབེན་པ་བསྟེན་ཞིང་སྨྲས་བཅད་དང་འདག་སྦྱར་ལ་ནན་ཏན་བྱ། གཏོར་མ་དང་བླ་མའི་གསོལ་འདེབས་ཉུང་ཟད་ཙམ་མ་དོགས་མཚན་བཅས་ཀྱི་དགེ་སྦྱོར་རྣམ་གྲངས་མང་ན་མི་དགའ་བར་བཤད་པས། རེ་ཞིག་དེ་དག་དོར་ནས་བཟུང་དྲན་ལ་རྩིས་སུ་བྱ་ཞིང་སྤྲོས་བྲལ་གྱི་ངོ་བོ་ཡེངས་མེད་
(༧༡༤)འཛིན་མེད་དུ་སྐྱོང་བ་གལ་ཆེ། ཡང་སྐབས་སྐབས་སུ་མཆོད་སྦྱིན་སོགས་འདུས་བྱས་ཀྱི་དགེ་བ་བསག་པ་དང་། མོས་གུས་དག་སྣང་སྙིང་རྗེ་རྣམས་སྒོམ་ཞིང་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྣམས་བསམ། བླ་མ་དང་མཆེད་གྲོགས་རྟོགས་ལྡན་ལ་ཟབ་མོའི་གླེང་བསླང་བྱ་བ་དང་། གྲུབ་ཐོབ་བརྒྱུད་པའི་རྡོ་རྗེའི་མགུར་བལྟ་བ་དང་དབྱངས་སུ་བླང་བ་སོགས་བྱ། བདེ་ཤས་ཆུང་ཞིང་འགྲོ་འདོད་དང་ཟ་འདོད་དང་སྙིང་མི་དགའ་བ་སོགས་བྱུང་ན་ཐབས་ལམ་འབར་འཛག་དང་མཆོག་གི་གཏུམ་མོ་དང་ལུས་སྦྱོང་ཅི་རིགས་བྱ། སྤྲོས་བྲལ་ཆེན་པོའི་རྟོགས་པ་སྐྱེས་ནས་དེ་ལོར་བསྐྱང་ཡང་བོགས་མ་ཐོན་ན་སླར་ཞེན་པ་གསུམ་གཏོང་བ་དབང་ཞུ་བ། ཉམས་ཆགས་བཤགས་པ་སོགས་བྱ་ཞིང་རྟོགས་པ་འཕེལ་བར་གསོལ་བ་གདབ། རང་ཡི་དམ་དུ་བསྒོམས་ལ་དམྱལ་བའི་སྡུག་བསྔལ་བསམ་ཞིང་དེ་སེམས་སུ་ཐག་བཅད་ལ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག །དེ་བཞིན་དུ་ལྷའི་བདེ་སྐྱིད་བསམས་
(༧༡༥)ལ་སྤྲོས་བྲལ་དུ་འཇོག་པ་དང་། འཁོར་བའི་གནས་ཚུལ་བསམས་ལ་སྤྲོས་བྲལ་དུ་འཇོག་པ་དང་། མྱང་འདས་ཀྱི་གནས་ཚུལ་བསམས་ལ་སྤྲོས་བྲལ་དུ་འཇོག་པ་དང་། རེས་རི་བོའི་རྩེར་ཕྱིན་ལ་སྤྲོས་བྲལ་དུ་གློད། རེས་མང་པོའི་འདུན་སར་སོང་ལ་སྤྲོས་བྲལ་དུ་གློད། རླུང་ཐུན་རེ་བཟུང་ལ་སྣང་བ་ལ་མིག་ཧ་རེ་བལྟ་ཞིང་སྤྲོས་བྲལ་དུ་གློད་པ་རྣམས་ཀྱིས་བོགས་དབྱུང་བར་བཤད་དོ། །གཞན་ཡང་རྗེ་སྒམ་པོ་པས། སྤྲོས་བྲལ་གྱི་རྣལ་འབྱོར་གྱི་དུས་སུ་བཏང་སྙོམས་སུ་མ་ལུས་པར་ཤེས་པ་ངར་དང་བཅས་པ་གལ་ཆེ། ཞེས་དང་། རྗེ་རྒྱ་རས་ཀྱིས། སྤྲོས་བྲལ་དུས་སུ་སོང་ཙམ་ན། །གཉིས་བསྡུས་ཆོས་རྣམས་བསྲེས་ཤིང་སྒོམ། ཞེས་ཤེས་པ་ངར་བསྐྱེད་ལ་སྣང་བ་སྣ་ཚོགས་ལ་བསྲེ་ཞིང་སྤྲོས་བྲལ་སྒོམ་པར་བཤད་ལ། རྗེ་ཡང་དགོན་པས། མ་ཡེངས་པའི་དྲན་པ་སོ་མ་ཤོར། མི་སྒོམ་གནས་ལུགས་ལ་བཟོ་མ་བྱེད། བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། རྟག་དཔྱད་ཀྱིས་མ་བསླད་ཁ་
(༧༡༦)ཡན་དུ་སྐྱོངས་དང་། སྒོམ་སྤྲོས་བྲལ་གྱི་མ་བུ་འཕྲོད་པ་ཞིག་འོང་གི །ཞེས་གསུངས་པས། བཟུང་དྲན་ཤུགས་བསྐྱེད་དེ་སྤྲོས་བྲལ་གྱི་ངོ་ཐོག་མ་ཤོར་མ་ཡེངས་པ་དང་། དེའི་གནས་ལུགས་ལ་བཟོ་བཅོས་མི་རུང་བས་གཞན་གསར་དུ་ཅི་ཡང་མི་སྒོམ་པ་དང་། སྨྲ་བསམ་བརྗོད་མེད་ཀྱི་རིག་པ་ལ་བརྟག་དཔྱད་མི་བྱ་བར་རང་ཡན་དུ་སྐྱོང་བ་རྣམས་བསྟན་ནོ། །དེ་ལྟར་བསྐྱངས་པས་ཅི་ཞིག་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྲོས་པ་དང་བྲལ་མ་བྲལ་སྟོང་མི་སྟོང་སྤང་བླང་སོགས་ཀྱི་དགག་སྒྲུབ་མེད་པར་ཅིར་སྣང་ཐམས་ཅད་གྲྭ་མ་ཆག་ཟུར་མ་ཉམས་པར་ཕྱག་རྒྱ་ཆེན་པོའི་ངོ་བོར་རོ་གཅིག་པའི་རྣལ་འབྱོར་འཆར་རོ། །གསུམ་པ་རོ་གཅིག་གི་རྣལ་འབྱོར་ལ། རོ་གཅིག་གི་རྣམ་དབྱེ། ཉམས་མྱོང་འཆར་ཚུལ། དེ་ཉིད་ཀྱི་སྐྱོང་ཐབས་གསུམ་གྱི། དང་པོ་ནི། རོ་གཅིག་གི་རྣལ་འབྱོར་ཞེས་པའི་དོན་ལ། སྤྱིར་བསྟན་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་
(༧༡༧)ཉིད་སྟོང་པ་ཉིད་དུ་རོ་གཅིག་པའི་རོ་གཅིག་བཤད་དེ། བྲམ་ཟེ་ཆེན་པོས། སྣ་ཚོགས་ཆོས་རྣམས་ཐམས་ཅད་སྟོང་པར་དོན་གཅིག་པར། །རྟོགས་པར་བྱེད་པ་བླ་མ་དམ་པ་ཉིད་ཡིན་ཏེ། །ཞེས་དང་། ཤ་ཝ་རས། གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་སོ། །འོན་ཀྱང་སྐབས་འདིའི་རོ་གཅིག་གི་དོན་ནི། སྣང་བ་དང་མི་སྣང་བ་ལྟ་བུ་ཚུལ་མི་འདྲ་བའི་གཉིས་ཆོས་དུ་མ་ཡང་ཟུང་འཇུག་གི་ངོ་བོར་རོ་གཅིག་པས་ན་རོ་གཅིག་ཅེས་བྱ་སྟེ། རྗེ་ཕག་གྲུས། སྣང་དང་མི་སྣང་སྣ་ཚོགས་སེམས་དང་སྟོང་། །སྟོང་དང་མི་སྟོང་རོ་གཅིག་དབྱེར་མེད་སྟོང་། །རྟོགས་དང་མ་རྟོགས་རོ་གཅིག་མཉམ་རྗེས་མེད། །སྒོམ་དང་མི་སྒོམ་རོ་གཅིག་དག་པའི་ངང་། །སྤྲོས་དང་སྤྲོས་བྲལ་རོ་གཅིག་ཆོས་ཀྱི་དབྱིངས། །ཞེས་དང་
(༧༡༨)འདི་དང་ཚུལ་མཐུན་པར་རྗེ་ཞང་གིས་ཀྱང་གསུངས་སོ། །ཁ་ཅིག་སྤྱིར་བསྟན་གྱི་རོ་གཅིག་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་དུ་རོ་གཅིག་པ་སྐབས་འདིའི་རོ་གཅིག་ཏུ་སྨྲ་བ་མི་འཐད་དེ། དེ་ལྟར་ན་དེ་ལྟ་བུའི་རྣལ་འབྱོར་རོ་གཅིག་གི་རྣལ་འབྱོར་དུ་སྨྲ་དགོས་པར་འགྱུར་ལ། དེ་སྨྲ་ན་སྤྲོས་བྲལ་ཆུང་འབྲིང་ཡང་རོ་གཅིག་གི་རྣལ་འབྱོར་དུ་སྨྲ་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ཡང་སྤྲོས་བྲལ་གྱི་སྐབས་སུ་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པ་ཡོད་ཀྱང་། སྟོང་ཕྱོགས་ལ་བདེ་ཞིང་སྣང་ཕྱོགས་ལ་ཅུང་ཟད་མི་བདེ་བ་ཡོད་པར་བཤད་པས་ཇི་ལྟ་བའི་ཟུང་འཇུག་གི་རྟོགས་པ་མེད་ལ། རོ་གཅིག་གཤའ་མ་རྟོགས་ནས་སྣང་བ་གྲྭ་མ་ཆག་ཟུར་མ་ཉམས་པ་སྣང་སྟོང་ཟུང་འཇུག་ཏུ་འཆར་བར་བཤད་པས། དེས་ན་གཉིས་ཆོས་དུ་མ་ཟུང་འཇུག་ཏུ་རོ་གཅིག་པ་སྐབས་འདིའི་རོ་གཅིག་གི་དོན་དུ་བྱས་ན་འཐད་པ་ཡིན་ནོ། །དེ་ལྟ་བུའི་རོ་གཅིག་པའང་གསུམ་སྟེ།
(༧༡༩)འཁོར་འདས་སོགས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངོ་བོར་རོ་གཅིག་ཏུ་རྟོགས་ཀྱང་། དེར་ཉམས་སུ་མྱོང་ཞིང་འཛིན་པའི་ངེས་ཤེས་ཀྱི་ཁྲིས་ཡོད་པ་རོ་གཅིག་ཆུང་ངུ། དུ་མ་རོ་གཅིག་ཏུ་ཉམས་སུ་མྱོང་བའི་ངེས་ཤེས་ཀྱི་འཛིན་པ་དག་ནས། བཟུང་བ་ཡུལ་གྱི་སྣང་བ་ཕྱིར་མ་ལུས། དེར་འཛིན་པའི་སེམས་ནང་དུ་མ་ལུས་པར་སྣང་སེམས་དབྱེར་མེད་ལམ་མེ་བ་མངོན་དུ་གྱུར་པ་རོ་གཅིག་འབྲིང་པོ། དེ་ལྟར་དུ་མ་རོ་གཅིག་ཏུ་རྟོགས་ཤིང་རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བ་ཤར་པས་སྣང་སྲིད་ཐམས་ཅད་མཉམ་ཉིད་གཉུག་མའི་ངང་དུ་ཞི་བ་རོ་གཅིག་ཆེན་པོའོ། །རོ་གཅིག་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། སྣང་བ་གང་ཤར་ལ་དགག་སྒྲུབ་དང་སྤང་བླང་མེད་པར་མཉམ་ཉིད་གཉུག་མ་ཡུལ་མེད་རང་གསལ་དུ་རང་ངོ་ཤེས་ན་རོ་གཅིག་གི་ངོ་བོ་མཐོང་། མཉམ་ཉིད་དུ་འདྲེས་རྒྱུ་དང་འདྲེས་པའི་མྱོང་ཚོར་དང་ངེས་ཤེས་
(༧༢༠)ཀྱི་འཛིན་པ་ཅུང་ཟད་ཅིག་འདུག་ཀྱང་དེ་རོ་གཅིག་གི་ཉམས་ཡིན་པས་ངོ་བོ་མ་མཐོང་། སྣང་བ་ལ་གང་ཤར་ཐམས་ཅད་མཉམ་ཉིད་གཉུག་མ་དེ་ཀའི་རང་རྩལ་དུ་འཆར་ན་རོ་གཅིག་གི་རྩལ་རྫོགས། དགག་སྒྲུབ་ཀྱི་གཉེན་པོའི་ཁྲིས་དང་མ་བྲལ་བས་རོ་གཅིག་དུ་མར་མི་འཆར་ན་རྩལ་མ་རྫོགས། སྣང་བ་དང་སེམས་སོགས་ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་འཛིན་པ་དག་ནས་ཚོགས་དྲུག་གི་འཆར་སྒོ་ལ་འཆིང་གྲོལ་གྱི་རེ་དོགས་མེད་པར་གང་ཤར་གྱིས་ཆོག་ན་རྣམ་རྟོག་སྒོམ་དུ་ཤར། ཚོགས་དྲུག་གི་འཆར་སྒོ་རྣམས་ངོ་ཤེས་ཀྱི་དྲན་པས་ཐོབ་དགོས་པའམ་གྲོལ་དགོས་ན་རྣམ་རྟོག་སྒོམ་དུ་མ་ཤར། ལུས་སྣང་སེམས་གསུམ་ཡང་དག་པར་འདྲེས་ནས་སྤྲུལ་བསྒྱུར་ལ་སོགས་པའི་རྫུ་འཕྲུལ་ཐོབ་ན་རོ་གཅིག་གི་ཡོན་ཏན་སྐྱེས། རོ་གཅིག་གི་རྟོགས་པ་ཙམ་སྐྱེས་ཀྱང་ཡོན་ཏན་སད་བྱེད་ཀྱི་ལམ་རྐྱེན་ཞན་པས་གྲུབ་རྟགས་མ་ཐོན་ན་ཡོན་ཏན་མ་
(༧༢༡)སྐྱེས། སྟོང་ཉིད་རྒྱུ་འབྲས་སུ་ཤར་ཏེ་རྒྱུ་འབྲས་ཀྱི་རྟེན་འབྲེལ་གསལ་བར་རྟོགས་ནས་རིག་པ་སྐད་ཅིག་མའི་འཆར་སྒོས་འཁོར་འདས་ཀྱི་གྱེས་སོ་བྱེད་པར་ཤེས་ཤིང་རྒྱུ་འབྲས་ལ་མཁས་ན་ཀུན་རྫོབ་ལ་རང་བྱན་ཚུད། རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་མ་སངས་པས་སྟོང་ཉིད་དུ་མའི་རྒྱུ་འབྲས་སུ་མ་ཤར་ན་ཀུན་རྫོབ་ལ་རང་བྱན་མ་ཚུད། སྟོང་ཉིད་སྙིང་རྗེར་ཤར་བས་ཀུན་ཁྱབ་ཀྱི་སྙིང་རྗེ་རྩོལ་མེད་དུ་འཆར་ཞིང་གཞན་དོན་གྱི་གཏེར་ཁ་བྱེ་ན་གཟུགས་སྐུའི་ས་བོན་ཐེབས། རྟོགས་པའི་རྩལ་སྙིང་རྗེར་མ་ཐོན་པས་སྙིང་རྗེ་སོགས་ཐབས་ཀྱི་ཆ་དམན་ཞིང་གཞན་དོན་མི་འགྲུབ་ན་གཟུགས་སྐུའི་ས་བོན་མ་ཐེབས་པའོ། །གཉིས་པ་ནི། རོ་གཅིག་ཆུང་ངུའི་དུས། ཐམས་ཅད་གཉུག་མའི་ངོ་བོར་རྟོགས་ཀྱང་དེའི་ཉམས་མྱོང་དང་ངེས་ཤེས་ཀྱི་འཛིན་པ་ཡོད་ལ། རྗེས་ཤེས་ཀྱི་སྐབས་སུ་ཡུལ་རྐྱེན་དྲག་པོས་དཀྲུགས་པའི་ཚོགས་དྲུག་གི་སྣང་བ་དགེ་སྦྱོར་
(༧༢༢)དུ་མི་བདེ་བ་འོང་། རང་གར་ཡང་གཟུང་འཛིན་ཨ་འཐས་ཀྱི་སྣང་བ་དུ་མ་རེ་འབྱུང་། དེའི་བག་ཆགས་ཀྱིས་རྨི་ལམ་ནའང་འཁྲུལ་པ་དང་འཛིན་པ་དུ་མ་རེ་འོང་། རེས་ལུས་སྣང་སེམས་གསུམ་དབྱེར་མེད་པའི་ཉམས་ཀྱང་སྐྱེ། འོན་ཀྱང་རྒྱུ་འབྲས་ལ་རྩི་འཇོག་དང་མོས་གུས་དང་སྙིང་རྗེ་ཆུང་ངུ་འགྲོ་བ་སྲིད་གསུང་ངོ་། །རོ་གཅིག་འབྲིང་གི་དུས། རྟོགས་བྱ་རྟོགས་བྱེད་དང་མྱོང་བྱ་མྱོང་བྱེད་ཀྱི་གཉིས་འཛིན་གྲོལ། སྣང་བ་དང་སེམས་གཉིས་སུ་འཛིན་པའི་རྩ་བ་ཆོད། རྗེས་ཤེས་དང་རྨི་ལམ་ཡང་སྔར་བས་འཁྲུལ་པ་ཆུང་ཞིང་ཨ་འཐས་ཀྱི་འཛིན་པ་ཡང་ཆེར་མི་འོང་། ཕྱི་རོལ་གྱི་གདུལ་བྱ་ལ་ཕན་གནོད་ཀྱི་ནུས་པ་འབྱུང་བར་བཤད་དོ། །རོ་གཅིག་ཆེན་པོའི་དུས། མཉམ་ཉིད་གཉུག་མ་མ་འགགས་པའི་རྩལ་སྣ་ཚོགས་སུ་ཤར་བ་ལ་བདེན་འཛིན་དང་བྲལ་བའི་གཉིས་མེད་ཀྱི་རྟོགས་པ་དེ་ཉིད་ཉིན་མཚན་འཁོར་མོར་འབྱུང་། མཉམ་རྗེས་ཀྱང་དཔྱིས་ཕྱིན་པར་འདྲེ་བས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་
(༧༢༣)འགྱུར། མི་རྟོག་པའི་འཆར་སྒོ་སྣང་ལ་མ་ངེས་པ་གསལ་ཙམ་གྱི་མྱོང་ཚོར་ཅུང་ཟད་རེ་འབྱུང་། རྗེས་ཤེས་སུ་འཛིན་མེད་ཀྱི་སྣང་བ་གསལ་སྟོང་སྒྱུ་མ་ལྟ་བུར་སྣང་ཞིང་དེ་ལ་ཤེས་བཞིན་པའི་གཉིས་སྣང་ཕྲ་མོ་རེ་འཆར། འཛིན་མེད་ཀྱི་རྨི་ལམ་འལ་འོལ་ཙམ་འགག་མེད་དུ་འབྱུང་ཞིང་རེས་རྨི་ལམ་མེད་པའང་འོང་། སྐབས་འདིར་མངོན་ཤེས་ཕྲ་མོ་འཆར། ཡི་དམ་གྱི་ལྷ་དང་མཁའ་འགྲོའི་ལུང་བསྟན་འབྱུང་ཞིང་ཕྲག་དོག་ཀྱང་རྩ་བ་ནས་ཞི་བར་གསུངས་སོ། །གསུམ་པ་ནི། རོ་གཅིག་གསུམ་གའི་སྐབས་སུ་གནས་ཕལ་ཆེར་དབེན་པ་བསྟེན། རེས་འགའ་ཙམ་ཚོགས་སུའང་བསྡད། བོགས་འདོན་ཚུལ་ཕལ་ཆེར་སྤྲོས་བྲལ་ཆེན་པོ་དང་འདྲ། བསྒོམས་མ་བསྒོམས་དང་དྲན་མ་དྲན་ཁྱད་མེད་པ་ལྟར་འབྱུང་ཡང་དབེན་པར་ཡང་དག་གི་དྲན་པས་རྟོགས་པའི་ངོ་བོ་ཡེངས་མེད་དུ་སྐྱོང་བ་ཉིད་གནད་ཆེ་ལ། རོ་གཅིག་ཆུང་འབྲིང་གི་སྐབས་སུ་
(༧༢༤)རྒྱུ་འབྲས་ཀྱི་བླང་དོར་དང་མོས་གུས་དག་སྣང་སྙིང་རྗེ་ལ་སོགས་པའི་ཐབས་ཀྱི་ཆ་ལ་ཁྱད་དུ་གསོད་སྲིད་པས་དེ་དག་ཤུགས་ཕྱུང་ལ་སྒོམ། རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པ་དང་ངན་པ་ཐམས་ཅད་སྤང་བ་དང་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱ་བ་གལ་ཆེ་སྟེ། རྗེ་སྒོམ་ཚུལ་གྱིས་ལར་གཉིས་སུ་མེད་པའི་དོན་རྟོགས་ཀྱང་། །དཀར་པོའི་ཆོས་རྣམས་མི་ཅོག་འཚལ། །སྒོམ་དུ་མེད་པའི་དོན་རྟོགས་ཀྱང་། །ཐབས་ཀྱི་ཞབས་ཏོག་མི་བཅག་འཚལ། །སྤྱོད་པ་བླང་དོར་མ་མཆིས་ཀྱང་། །གཞན་གྱི་སྡིག་རྐྱེན་མི་བགྱིད་འཚལ། །འབྲས་བུ་རེ་དོགས་མ་མཆིས་ཀྱང་། །ཉོན་མོངས་ཁ་ཡན་དུ་མི་བཏང་འཚལ། །ཞེས་གསུངས་པ་ལྟར་རོ། །རོ་གཅིག་ཆེན་པོ་རྟོགས་ཀྱང་ཕན་གནོད་ཀྱི་ནུས་པ་མི་འབྱུང་བ་དང་། མངོན་ཤེས་དང་མཁའ་འགྲོའི་ལུང་བསྟན་ལ་སོགས་པའི་མཚན་མ་མ་བྱུང་ན། དམ་ཚིག་ཉམས་པའམ་གཞན་གྱི་ཉམས་གྲིབ་ཕོག་པ་ཡིན་པས་བཤགས་
(༧༢༥)བསྡམ་དྲག་པོ་བྱ། ཚ་ཚ་སྟོང་རྩ་སོགས་བཏབ་ཅིང་རེ་རེ་ལ་མེ་ཏོག་རེ་ཕུལ་ལ། བདག་གི་གྲིབ་ཉེ་བར་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ། གཞན་ཡང་གྲིབ་སེལ་གྱི་གཟུངས་ཆོག་དང་དགེ་བའི་སྣ་ཅི་རིགས་བྱ། མཚན་རྟགས་ལ་སོགས་པ་བྱུང་ནས་དེ་ལ་རློམ་སེམས་དང་དགའ་མི་དགའ་འདུག་ན་བདུད་ཞུགས་པ་ཡིན་པས། ཕན་འདོགས་པ་དང་གནོད་པ་སྐྱེལ་བ་དང་བདུད་ལ་སོགས་པ་ཐམས་ཅད་རང་གི་སེམས་ཡིན། སེམས་ནམ་མཁའ་ལྟར་མཐའ་དབུས་མེས་སྙམ་དུ་བསམ། ལར་རོ་གཅིག་སྐྱེས་ནས་རྟོག་པ་ལ་མི་འཇིགས་ཡོན་ཏན་ལ་མི་དགའ་སྐྱོན་གྱིས་ཁ་བྲིད་ཅང་མི་ནུས་པ་ཡིན། སླར་ལ་ཕྲག་དོག་ཆེ་ཉོན་མོངས་མང་རྣམ་རྟོག་རགས་ཟུར་མགོ་རྣོ་དགའ་མི་དགའ་འདུག་ན་བདུད་སེམས་ལ་ཞུགས་པ་ཡིན་པས་དེ་ངོ་ཤེས་པར་བྱས་ལ་དགེ་སྦྱོར་ལ་རེམ་པར་བྱ། ལར་སྒོམ་དང་མི་མཐུན་པ་ཐམས་ཅད་བདུད་རང་དུ་ངོ་ཤེས་པར་བྱ། ཞེས་
(༧༢༦)གསུང་ངོ་། །གཞན་ཡང་རྗེ་སྒམ་པོ་པས། དུ་མ་རོ་གཅིག་གི་རྣལ་འབྱོར་གྱི་དུས་སུ་གོ་ཡུལ་སྤྱིའི་རྣམ་པ་དང་མ་འདྲེས་པར་ནང་དུ་ཉམས་སུ་མྱོང་བ་གལ་ཆེ། ཞེས་རོ་གཅིག་གི་རྟོགས་པ་དེ་ཉིད་ལ་ཤུགས་འདོན་པར་གསུངས་པ་དང་། རྗེ་རྒྱ་རས་ཀྱིས། རོ་གཅིག་རྣལ་འབྱོར་ནོན་ཙམ་ན། །འགྲོ་དོན་ས་བོན་འདི་རུ་གདབ། །རང་ལ་བརྩི་རྒྱུ་མི་བདོག་ཀྱང་། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིག །ཅེས་གཞན་ཕན་གྱི་སྨོན་ལམ་རྒྱ་ཆེན་པོ་འདེབས་ཤིང་རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པར་བཤད་པ་དང་། རྗེ་ཡང་དགོན་པས། སྒོ་ལྔ་ཡུལ་ཐོག་ཏུ་འཆར་བ་འགག་མེད་ཀྱི་གདངས། །ཡུལ་འཛིན་མེད་ལས་སྐྱེ་བ་སྐྱེ་མེད་ཀྱི་གཤིས། །སྣང་ཞེན་མ་འགག་ཀྱང་ལོག་པ་རང་བབས་ཀྱི་སྒོམ། །སྟོང་སྣང་བློ་བྲལ་དུ་འཆར་བ་རང་འགྲོས་ཀྱི་ལམ། །སྣང་བ་ལ་སྐྱོན་དུ་མ་བལྟ་འཛིན་པ་ཐོང་དང་། །སྒོམ་རོ་གཅིག་གི་ཀླུང་དུ་ཕེབས་པ་ཞིག་འོང་གི །ཞེས་སྣང་བ་ལ་ཅི་འཆར་ཅིར་སྣང་ཡང་འཛིན་
(༧༢༧)པ་གཏོང་བར་བཤད་པ་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟར་བསྐྱངས་པས་ཉམས་མྱོང་གི་དྲི་མ་དག །ལམ་གྱི་རྟོགས་པ་དང་རང་བཞིན་གྱི་གནས་ལུགས་འདྲེས་ནས། མཉམ་རྗེས་དང་དྲན་ཡེངས་མེད་པའི་སྒོམ་མེད་ཀྱི་རྟོགས་པ་འཆར་རོ། །བཞི་པ་སྒོམ་མེད་ཀྱི་རྣལ་འབྱོར་ལ། སྒོམ་མེད་ཀྱི་རྣམ་དབྱེ། ཉམས་མྱོང་འཆར་ཚུལ། དེ་ཉིད་ཀྱི་སྐྱོང་ཐབས་གསུམ་གྱི། དང་པོ་ནི། སྒོམ་མེད་ཅེས་པའི་དོན་ལ་སྤྱིར་བསྟན་ཙམ་དུ་བསྒོམ་བྱའི་དངོས་པོ་མི་དམིགས་པའམ་རང་བཞིན་མེད་པའི་དོན་གྱིས་སྒོམ་མེད་དུ་བཞག་པ་ནི། དུས་འཁོར་དང་གསང་འདུས་ལས། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལྟར་རོ། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་དོན་གྱིས་སྒོམ་མེད་དུ་བཞག་པ་ནི། བྲམ་ཟེ་ཆེན་པོས། ཀྱེ་མ་རང་བཞིན་བྲལ་བའི་དེ་ཉིད་སྒོམ་དུ་ཡོང་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ན། །
(༧༢༨)གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ནས། ཞེས་པ་ལྟར་རོ། །རྒྱུ་མཚན་འདི་ལ་བརྟེན་ནས་ཁ་ཅིག །ཚུལ་དེ་གཉིས་སྒོམ་མེད་ཀྱི་རྣལ་འབྱོར་གྱི་དོན་དུ་འདོད་པ་མི་འཐད་དེ། སྔ་མ་ལྟར་ན། སྤྲོས་བྲལ་གྱི་རྣལ་འབྱོར་ཡན་སྒོམ་མེད་ཀྱི་རྣལ་འབྱོར་དུ་འགྱུར་བ་དང་། ཕྱི་མ་ལྟར་ན་རོ་གཅིག་གི་སྐབས་ཀྱང་སྒོམ་མེད་ཀྱི་རྣལ་འབྱོར་དུ་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། རོ་གཅིག་གི་སྐབས་སུ་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་ཕྲ་མོ་ཞིག་ཡོད་པ་དེ་ཡང་དག་ཅིང་མཉམ་རྗེས་དང་དྲན་མ་དྲན་མེད་པར་རྟོགས་པ་འབའ་ཞིག་ཏུ་གྱུར་ནས་སྒོམ་གྱི་བྱ་རྩོལ་དང་བྲལ་བས་སྒོམ་མེད་ཅེས་བྱ་སྟེ། ཤ་ཝ་རས། རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་སྒོམ་དུ་མེད། །གཉིས་མེད་ཤེས་པ་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །ཅེས་དང་། རྗེ་ཞང་གིས། སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་བསྒོམ་
(༧༢༩)རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་པར་སོང་། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སྒོམ་མེད་ལའང་གསུམ་སྟེ། དྲན་པས་བཟུང་མ་དགོས་ཆེད་དུ་མཉམ་པར་བཞག་མི་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་ཤར་བས་བསྒོམ་བྱ་སྒོམ་བྱེད་ཀྱི་དབྱེ་བ་མེད་ཅིང་། སྒྱུ་མ་ལྟ་བུའི་ཉམས་མྱོང་གི་འཛིན་པ་ཅུང་ཟད་ཙམ་སྐྱེ་བ་ཡོད་ཀྱི་བར་སྒོམ་མེད་ཆུང་ངུ་། དེ་ལྟ་བུའི་འཛིན་པ་དང་བྲལ་ཏེ་ཉིན་མཚན་ཐམས་ཅད་སྒོམ་མེད་ཀྱི་རྟོགས་པ་འཁོར་ཡུག་ཏུ་སོང་བས་ལྷུན་གྲུབ་ཀྱི་རང་ས་ཟིན་ཅིང་། རྗེས་སྣང་དུ་རྣམ་ཤེས་ཀྱི་ཆ་ཕྲ་མོ་རང་གསལ་དུ་འཆར་བ་སྒོམ་མེད་འབྲིང་པོ། རྣམ་ཤེས་ཀྱི་ཆ་ཕྲ་མོ་དེ་ཡང་ཡེ་ཤེས་སུ་གྱུར་ནས་འོད་གསལ་གཉིས་འདྲེས་ཤིང་དེའི་ཀློང་འབྱམ་འབའ་ཞིག་ཏུ་གྱུར་པ་སྒོམ་མེད་ཆེན་པོའོ། །དེ་གཉིས་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། སྒོམ་མེད་ཀྱི་རྟོགས་པ་དེ་ལ་དྲན་རྒྱུའམ་གོམས་པར་བྱ་རྒྱུ་མེད་པར་ཉམས་མྱོང་དག་ན་སྒོམ་མེད་ཀྱི་ངོ་བོ་མཐོང་། དེ་ལ་ད་དུང་གོམས་པར་བྱ་རྒྱུའམ་གསལ་དུ་འགྲོ་རྒྱུ་ཅུང་ཟད་ཅིག་འདུག་ཀྱང་ངོ་བོ་མ་མཐོང་། རྟོགས་པ་དེ་ལ་གཉིས་སྣང་
(༧༣༠)ཕྲ་མོའང་དག་ཅིང་སེམས་ངོ་མ་ཤེས་ཀྱི་ཆ་གཏན་མེད་པར་དུས་ཀུན་ཏུ་ཡེ་ཤེས་དང་དབྱེར་མེད་ན་སྒོམ་མེད་ཀྱི་རྩལ་རྫོགས། གཉིས་སྣང་ཕྲ་མོ་དང་མ་བྲལ་ཞིང་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཅུང་ཟད་ཅི་འདུག་ཀྱང་རྩལ་མ་རྫོགས། ཀུན་གཞིའི་རྣམ་ཤེས་ཐམས་ཅད་མ་སྤངས་པར་ཆོས་དབྱིངས་ཡེ་ཤེས་སུ་དག་ན་རྣམ་རྟོག་སྒོམ་དུ་ཤར། ལུས་སྣང་སེམས་གསུམ་ལ་རྣམ་རྟོག་གི་འཛིན་པ་བག་ལ་ཉལ་ཕྲ་མོ་ཙམ་དང་ཉམས་མྱོང་གི་དྲི་མ་ཕྲ་མོ་ཞིག་འདུག་ནའང་རྣམ་རྟོག་སྒོམ་དུ་མ་ཤར་ལུས་འཇའ་ལུས་ཡེ་ཤེས་ཀྱི་གཟུགས་སྐུ་དང་སེམས་འོད་གསལ་ཆོས་སྐུར་གྱུར་ནས་ཞིང་ཁམས་དག་པ་རབ་འབྱམས་སུ་སྣང་ན་སྒོམ་མེད་ཀྱི་ཡོན་ཏན་སྐྱེས། ལུས་སེམས་དང་སྣོད་བཅུད་ལ་མ་དག་པའི་སྣང་བ་དང་འཛིན་པ་ཅུང་ཟད་ཙམ་འདུག་ཀྱང་ཡོན་ཏན་མ་སྐྱེས། སྟོབས་དང་མི་འཇིགས་པ་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་ན་ཀུན་རྫོབ་དག་ཅིང་བྱན་ཚུད། རྣམ་སྨིན་ལུས་རྒྱ་བག་ཆགས་སྣང་རྒྱ་རྣམ་ཤེས་སེམས་རྒྱ་སྟེ་རྒྱ་གསུམ་གྱིས་སངས་རྒྱས་ཀྱི་ཡོན་ཏན་བསྒྲིབས་ན་ཀུན་རྫོབ་
(༧༣༡)མ་དག་ཅིང་བྱན་མ་ཆུད། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུར་བྱང་ཆུབ་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་འབྱུང་ན་གཟུགས་སྐུའི་ས་བོན་གྱི་ནུས་པ་མངོན་དུ་གྱུར། དེ་ལྟར་མ་གྱུར་པར་ད་དུང་ཞིང་ཁམས་དག་པ་ལ་བལྟོས་དགོས་ན་གཟུགས་སྐུའི་ས་བོན་གྱི་ནུས་པ་མ་སྨིན་པའོ། །རྒྱུ་མཚན་དེ་ལྟར་ན་སྒོམ་མེད་ཀྱི་རྟོགས་པ་མཐར་ཕྱིན་པ་དང་རྫོགས་པའི་བྱང་ཆུབ་ཐོབ་པ་དུས་མཉམ་པས་ཚེ་འདིར་སྒོམ་མེད་དཔྱིས་ཕྱིན་པ་ཐོབ་པ་མིན་ལ། ཚེ་འདིར་འཆར་བའི་སྒོམ་མེད་ནི་སྒོམ་མེད་བཏགས་པ་བ་ཙམ་དུ་བཞེད་དེ། རྗེ་རྒྱ་རས་ཀྱིས། སྒོམ་མེད་ཆོས་སྐུའི་གདན་ས་ཡིན། །ཕལ་ཆེར་སྒོམ་མེད་བཏགས་པར་སོང་། །ཞེས་པ་ལྟར་རོ། །གཞན་ཡང་རྗེ་སྒོམ་ཚུལ་ལ་གླན་སྒོམ་གྱིས་རྣལ་འབྱོར་བཞིའི་ཁྱད་པར་ཞུས་པ་ལ། རྩེ་གཅིག་སེམས་ཀྱི་རང་བཞིན་ཤེས་པ་ཡིན། སྤྲོས་བྲལ་སྟོང་པའི་རང་བཞིན་
(༧༣༢)ཤེས་པ་ཡིན། རོ་གཅིག་སྣང་བའི་རང་བཞིན་ཤེས་པ་ཡིན། སྒོམ་མེད་དམ་དེ་ང་ལ་ཆ་མེད། ཅེས་གསུངས་ཏེ་སྒོམ་མེད་ཞལ་གྱི་མ་བཞེས་ཤིང་། རྗེ་ཕག་མོ་གྲུ་པའི་སློབ་མར་ཡང་རོ་གཅིག་རྟོགས་པ་ཕྱེད་དང་བཞིའི་ཐ་སྙད་བྱུང་བ་དང་། རྗེ་རྒོད་ཚང་པ་དང་གྲུབ་ཆེན་ཨུ་རྒྱན་པ་སོགས་ཀྱིས་ཀྱང་རོ་གཅིག་ཙམ་གྱི་ཞལ་བཞེས་ལས་མ་མཛད་པས། དེང་སང་རོ་གཅིག་ཙམ་དང་སྒོམ་མེད་ཀྱི་རྟོགས་པ་ཤར་བར་ཁས་ལེན་པ་རྣམས་རྣལ་འབྱོར་བཞིའི་རྣམ་གཞག་རྣམས་ཞིབ་ཏུ་མ་ཤེས་པར་མངོན་པའི་ང་རྒྱལ་དང་བླུན་གཏམ་འབའ་ཞིག་ཏུ་སྣང་བས་ཡིད་བརྟན་མི་བྱའོ། །གཉིས་པ་ནི། སྒོམ་མེད་ཆུང་ངུའི་དུས། གཉིས་སྣང་ཕལ་ཆེར་དག་ནས་ཆེད་དུ་སྒོམ་མ་དགོས་དྲན་པས་བཟུང་མ་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་ཤར་ཏེ་ཕལ་ཆེར་སྒོམ་ཐོག་ནས་གཡོ་བ་མེད་པར་འབྱུང་ལ། རྗེས་སྣང་གི་སྐབས་སུ་མི་རྟོག་ངོ་མ་ཤེས་ཞེས་བྱ་བ་མ་རིག་པའམ་མི་ཤེས་པའི་ལྷག་མ་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་རྟོག་བྲལ་
(༧༣༣)ལུང་མ་བསྟན་གྱི་སེམས་སུ་གནས་པ་ཞིག་ཡོད་པར་བཤད་ཅིང་། དེ་ཉིད་གནས་ངན་ལེན་གྱི་དྲི་མར་བཞེད་དོ། །རྗེས་ཤེས་སུ་ལས་སོག་མི་ནུས་ཀྱང་ཡེ་ཤེས་སུ་མ་དག་པའི་འཛིན་རྟོག་སྒྱུ་མ་ལྟ་བུ་ཡད་ཡུད་སྐྱེ་བ་དང་། རྨི་ལམ་དུའང་ངོ་མ་ཤེས་ཀྱི་བདེན་འཛིན་ཅུང་ཟད་འབྱུང་བར་བཤད་དོ། །སྒོམ་མེད་འབྲིང་གི་དུས། སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་མོ་དེ་ཡང་དག་ནས་ཉིན་མཚན་ཐམས་ཅད་སྒོམ་མེད་ཀྱི་རྟོགས་པ་འཁོར་ཡུག་ཏུ་འགྱུར་ཞིང་། རྗེས་སྣང་དུ་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་ཞིག་ཡོད་ལ། དེ་ཉིད་རང་གསལ་དུ་འཆར་བ་ཞེས་བྱ་བ་གཤིས་བབས་དང་མཐུན་པར་རྫོགས་པ་ལ་ཟེར་ཏེ། དེ་ཉིད་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་ཡིན་ཞིང་། མཚན་མོ་ལའང་དེའི་ཆ་ཡོད་པར་བཤད་དོ། །སྒོམ་མེད་ཆེན་པོའི་དུས། མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་དེ་ཡང་ཡེ་ཤེས་སུ་དག་ནས་རང་བཞིན་གྱི་འོད་གསལ་དང་རྟོགས་པའི་འོད་གསལ་གཉིས་འདྲེས་པས་ཡེ་ཤེས་ཀྱི་ཀློང་འབྱམས་སུ་གྱུར་པ་ལ་རང་དོན་དུ་ཆོས་སྐུར་བྱང་ཆུབ་
(༧༣༤)པའི་ཐ་སྙད་དང་། དེའི་རྩལ་ཕྱོགས་མེད་དུ་འབྱོངས་པ་དང་གདུལ་བྱའི་དག་སྣང་གི་རྟེན་འབྲེལ་ཚོགས་པ་ལས་གཞན་དོན་དུ་གཟུགས་སྐུའི་སྣང་བརྙན་ཤར་ཏེ་འཁོར་བ་ཇི་སྲིད་དུ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བར་བཞེད་དོ། །གསུམ་པ་ནི། སྒོམ་མེད་གསུམ་གྱི་ཚུལ་དེ་ལྟར་བཤད་ཀྱང་ཚེ་འདིར་འཆར་བའི་སྒོམ་མེད་མཐར་ཐུག་ནི། རང་སེམས་སངས་རྒྱས་སུ་ལྷན་གྱི་གོ་ནས་སྤང་བྱ་སྤང་དུ་མེད་གཉེན་པོ་བསྟེན་དུ་མེད། དག་བྱ་རྒྱུ་དང་བྲལ་དག་བྱེད་སེམས་དང་བྲལ། ཤི་མ་ཤི་མེད་པའི་ངེས་པ་གཏིང་ནས་ཐོབ་སྟེ་མཉམ་རྗེས་མེད་པར་ངེས་ཤེས་ལྷང་གི་སྐྱེས་པ་ཙམ་གྱི་སྒོམ་མེད་ལས་མི་འཆར་བར་བཞེད་དོ། །དེའི་ཉམས་མྱོང་སྐྱོང་ཚུལ་ལ། རྗེ་སྒམ་པོ་པས། སྒོམ་དུ་མེད་པའི་རྣལ་འབྱོར་གྱི་དུས་སུ་ཉམས་མྱོང་གི་རྩི་ལ་མ་འབྱར་བ་གལ་ཆེ། ཉམས་ལ་མ་ཞེན་པ་ཞིག་དགོས། ཞེས་སྐབས་འདིར་ཡང་ཉམས་མྱོང་ལ་ཞེན་འཛིན་སྐྱེས་དོགས་བྱ་དགོས་པར་གསུངས་པས་ཉམས་བཟང་ངན་ཅི་ལ་ཡང་དགག་སྒྲུབ་དང་ཞེན་འཛིན་མ་ཞུགས་པ་ཞིག་གལ་
(༧༣༥)ཆེ་ཞིང་། སེམས་བག་ལ་ཉལ་ངོ་མ་ཤེས་ཀྱི་ཆ་ཐམས་ཅད་ཀྱང་ངོ་ཤེས་དང་མ་བྲལ་བ་ཞིག་ཏུ་སྦྱང་དགོས་པས་ཡང་དག་གི་དྲན་པའམ་བློ་འདས་ཀྱི་དྲན་པ་མ་ཡེངས་པ་ནི་སྒོམ་གྱི་རྩ་བ་ཡིན་ནོ། །རྒྱུ་མཚན་དེས་ན་མི་ཚེ་ཅི་བྱུང་སྒྲུབ་པའི་རྒྱལ་མཚན་བཙུག་སྟེ། མ་ཡེངས་མི་སྒོམ་པའི་ཐ་མལ་གྱི་ཤེས་པ་མཐར་སྐྱེལ་དགོས་པར་བཞེད་དོ། །རྗེ་རྒྱ་རས་ཀྱིས། སྒོམ་མེད་དམའ་ཤོས་རོ་གཅིག་འདྲ། །དགེ་སྦྱོར་བྱེད་ལུགས་གཅིག་པ་ཡིན། །སྒོམ་མེད་རབ་ནི་སངས་རྒྱས་ས། །བྱ་རྩོལ་ཐམས་ཅད་བྲལ་བ་ཡིན། །ཞེས་སྒོམ་མེད་ཆུང་འབྲིང་དང་རོ་གཅིག་དགེ་སྦྱོར་སྐྱོང་ཚུལ་གཅིག་པར་བཤད། རྗེ་ཡང་དགོན་པས། བསྒོམ་བྱའི་ཡུལ་དང་སྒོམ་བྱེད་ཀྱི་སེམས། རིག་ཐོག་ན་གཉིས་སུ་འདུག་གམ་ལྟོས་དང་། གཉིས་མེད་ཀྱི་རིག་པ་རྟེན་དང་ཕྲོལ་ལ། དྲན་མེད་ཀྱི་ཤེས་པ་ཕྱལ་བར་སྐྱོངས་དང་། སྒོམ་ཉིན་མཚན་འཁོར་ཡུག་ཏུ་འབྱམས་པ་ཞིག་འོང་གི །ཞེས་བསྒོམ་བྱ་དང་སྒོམ་བྱེད་
(༧༣༦)དབྱེར་མེད་པའི་རིག་པ་དེ་ཉིད་རྟེན་མེད་གཏད་མེད་དུ་བྱས་ཏེ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཤེས་པ་འཛིན་མེད་རང་ཡན་དུ་ཕྱལ་བར་སྐྱོང་བ་བཤད་དེ། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་དོན་ནི་སྔར་བཤད་ཟིན་ཏོ། །སྤྱིར་སྒོམ་ཉམས་འཁོར་ཡུག་ཏུ་སོང་བའི་སྒོམ་མེད་འདྲ་བ་རྩེ་གཅིག་ཏུའང་འོང་ཞིང་། བསྒོམ་བྱ་སྒོམ་བྱེད་དབྱེར་མེད་པའི་སྒོམ་མེད་ཙམ་སྤྲོས་བྲལ་དུ་ཡང་འབྱུང་ལ། ཅིར་སྣང་སྒོམ་དུ་ཤར་ནས་མཉམ་རྗེས་མེད་པའི་སྒོམ་མེད་ཙམ་རོ་གཅིག་ཏུའང་འབྱུང་བས། དེ་དག་ཐམས་ཅད་སྒོམ་ཉམས་ཀྱི་བྱེ་བྲག་ཙམ་ཡིན་པ་དང་རྟོགས་པའི་སྒོམ་མེད་ཇི་ལྟ་བ་མིན་པའི་རྣམ་དབྱེ་ཤེས་དགོས་སོ། །ཅིར་རྣལ་འབྱོར་བཞིའི་རྣམ་དབྱེ་རྣམས་ཉམས་མྱོང་གི་སྒོ་ནས་འཆད་དགོས་པར་སྣང་བས་གཞུང་བཤད་གཞན་དག་ལས་ཆེས་དཀའ་ཞིང་། ཁྱད་པར་རྣལ་འབྱོར་ཕྱི་མ་རྣམས་བློ་ཡུལ་དུ་མ་ཤར་བར་ཤིན་ཏུ་བཤད་དཀའ་ཡང་། རྣམ་གཞག་འདི་དག་རྗེ་སྒོམ་པ་ཆེ་ཆུང་གི་ཞལ་གདམས་ལ་གཞི་བྱས། རྩོད་པ་མེད་པའི་གྲུབ་
(༧༣༧)ཐོབ་གོང་མ་རྣམས་ཀྱི་གསུང་རབ་ལ་བརྟེན་ནས་ཞིབ་ཆར་བཤད་པ་ཡིན་ནོ། །ལྔ་པ་ཐུན་མོང་གི་གནད་བསྡུ་བ་ནི། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་དང་། རྣམ་འགྲེལ་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །ཞེས་སོགས་སྔར་དྲངས་པ་དང་། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེ་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་པ་ལྟར་བདག་གཞན་དུ་འཛིན་པའི་འཛིན་པ་འཁོར་བའི་རྩ་བ་ཡིན་པ་ལས། བདག་འཛིན་དེ་ཉིད་མ་ཞི་བར་སླར་ཡང་དང་ཡང་དུ་འཛིན་པ་བསྐྱེད་པས་སྲིད་པ་ལས་མ་ཐར་བར་འཁོར་ལོ་ལྟར་འཁོར་རོ། །དེ་ལ་ཐར་འདོད་འགའ་ཞིག་གིས་ཀྱང་ལས་ཉོན་གྱི་རྩ་བ་བདག་འཛིན་ཡིན་པ་ངོས་མ་ཟིན་ཞིང་དེ་སྤོང་མ་ཤེས་པར། ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་སྤོང་བར་འདོད་ནས་མི་དགེ་བ་སྤོང་ཞིང་ཐོས་བསམ་ལ་སོགས་པའི་འདུས་བྱས་
(༧༣༨)ཀྱི་དགེ་བ་སྒྲུབ་པར་བྱེད་ཀྱང་བསམ་སྦྱོར་ཉེས་ན་ཅི་འགྱུར་ཆ་མེད་ལ། ལེགས་ཀྱང་དེ་དག་བདག་འཛིན་ཞི་ཐབས་ཀྱི་བརྒྱུད་རྒྱུར་འགྲོ་བ་ཙམ་ལས་དངོས་སུ་བདག་འཛིན་ཞི་བར་མི་ནུས་ཤིང་། བདག་འཛིན་དངོས་སུ་ཞི་ཐབས་ལ་བདག་མེད་སྒོམ་དགོས་ཟེར་བའི་སྒོམ་སྒྲུབ་པ་འགའ་ཞིག་ཀྱང་ཡོད་འཛིན་བཀག་པའི་མེད་འཛིན་གྱི་ངེས་ཤེས་ཤུགས་བསྐྱེད་པས་དེ་ལས་ཀྱང་འཛིན་པ་ཆེར་སྐྱེས་ནས་ཆད་ལྟ་ཆེན་པོར་ལྷུང་བ་ཡིན་ལ། སྒོམ་སྒྲུབ་ལེགས་པོར་འདོད་པ་འགའ་རེ་ཡང་བསྒོམས་པའི་ཉམས་མྱོང་ཤར་བ་ལ་སླར་ཞེན་འཛིན་སྐྱེས་པས་ལམ་གྱི་གཞུང་མ་སྲོངས་པར་ཤོར་ས་བཞི་དང་གོལ་ས་གསུམ་ལ་སོགས་པར་འཁྱམ་སྟེ། དེ་ཡང་མཉམ་བཞག་ལ་འཛིན་པ་ཞུགས་པས་ཤོར་གོལ་གྱི་རྩ་བ་བྱེད་ཅིང་། རྗེས་ཤེས་ལ་འཛིན་པ་ཞུགས་པས་ལས་སོགས་ནས་སླར་འཁོར་བའི་རྒྱུར་འགྱུར་བ་ཡིན་ནོ། །དེས་ན་ཉེས་སྐྱོན་ཐམས་ཅད་སེམས་ལ་ཞེན་འཛིན་ཞུགས་པ་ལས་འབྱུང་བས་ཞེན་འཛིན་མ་ཞུགས་པ་
(༧༣༩)ཞིག་གལ་ཆེ་སྟེ། བྲམ་ཟེ་ཆེན་པོས། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་དང་། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་པ་ལྟར་རོ། །རྒྱུ་མཚན་དེ་ལྟར་ན་རྣལ་འབྱོར་པ་ལ་མཚན་བཅས་དང་མཚན་མེད་བསྒོམས་པའི་ཉམས་སྣང་དང་། ཐ་མལ་གྱི་བག་ཆགས་ལ་བརྟེན་པའི་སྣང་བ་རང་ག་མ་ལ་སོགས་པ་ཅིར་སྣང་ཅིར་འཆར་ཡང་འཛིན་མེད་དུ་འཇོག་པ་ལམ་གྱི་མཆོག་ཏུ་གསུངས་ཏེ། རྗེ་སྒམ་པོ་པས། ཅིར་ཡང་ཤར་བ་ཅིར་ཡང་མི་འཛིན་པ། །ལམ་མཆོག་འདི་ལས་གོང་དུ་འབུལ་ས་མེད། །ཅེས་སོ། །དེ་ཡང་འཛིན་མེད་ཀྱི་ངང་སྐྱོང་བ་ལ་གོམས་ན་བག་ཆགས་ཀྱི་ལས་སྣང་འདག་པ་དང་། རྣམ་རྟོག་
(༧༤༠)ཐམས་ཅད་སྐྱེས་གྲོལ་དུས་མཉམ་དུ་འགྱུར་བ་དང་། དེའི་ཚེ་སྤྲོས་པའི་དྲི་མས་རྒྱུད་ལ་མི་གོས་པ་དང་། གང་སྣང་ཐམས་ཅད་ཆོས་སྐུའི་རྣམ་རོལ་ཏུ་འགྱུར་བ་སོགས་ཀྱི་ཡོན་ཏན་མང་དུ་གསུངས་ཏེ། རྗེ་སྒམ་པོ་བས། བག་ཆགས་འཐས་པའི་མི་སྣང་དགུ་སྣང་འདི། །འཛིན་མེད་གོམས་བྱས་མ་སྤངས་གནས་དག་ཡིན། །བློ་ཡིས་བཟུང་ཚད་མཚན་མའི་ས་བོན་ཡིན། །ཅིར་ཡང་མི་འཛིན་སྐྱེས་གྲོལ་དུས་མཉམ་ཡིན། །ཞེས་དང་། བློ་ཡིས་ཅིར་ཡང་མ་བཟུང་ཅིར་སྣང་ཡང་། །སྤྲོས་པའི་དྲི་མས་རྒྱུད་ལ་གོས་པ་མེད། །ཅེས་དང་། གཉིས་འཛིན་དྲི་མས་སྐད་ཅིག་མ་སྤངས་ན། །གང་གང་དེ་རང་ཆོས་སྐུའི་གྱད་ལོངས་ཡིན། །ཞེས་དང་། རྩིས་གདབ་མེད་ན་རྣམ་རྟོག་སྐྱེས་གྲོལ་ཡིན། །ཞེ་འདོད་མེད་ན་ཐམས་ཅད་མཉམ་ཉིད་ཡིན། །དེ་ལྟར་རྟོགས་ན་སྒོམ་ལ་རྒྱུན་ཆད་མེད། །སྐྱེ་འཆི་མེད་པས་འཕོ་བའི་རྒྱལ་པོ་ཡིན། །མཚན་འཛིན་མེད་པས་འོད་གསལ་འཁོར་
(༧༤༡)ར་ཡུག །ཅེས་གསུངས་སོ། །འཛིན་བཞིན་ཐར་པ་ཐོབ་ཚུལ་ནི། ནང་དུ་བདག་འཛིན་དང་ཕྱི་རོལ་དུ་བདག་གི་བའི་འཛིན་པ་ཟད་ན། ཉེར་ལེན་གྱི་ཕུང་པོ་ལ་ཉིང་མཚམས་སྦྱོར་བ་འགག་ཅིང་། ཕུང་པོ་ལ་ཉིང་མཚམས་སྦྱོར་བ་ཟད་ན་སྐྱེ་བ་ཟད། དེ་ཟད་པས་ལས་ཉོན་ཟད་ནས་ཐར་པ་ཐོབ་པ་ཡིན་ཏེ། རྩ་ཤེས་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་མཉམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་པ་ལྟར་རོ། །དེ་ལྟར་ན་འཛིན་མེད་ཞེན་མེད་དམིགས་མེད་མཚན་མེད་གཏད་སོ་མེད་པ་དགག་སྒྲུབ་མེད་པ་སྤང་བླང་མེད་པ་རེ་དོགས་མེད་པ་ཞེ་འདོད་མེད་པ་ལ་སོགས་པ་ཐམས་ཅད་གནད་གཅིག་པས། དེ་དག་གི་ཚུལ་རྣམས་ཞིབ་ཏུ་བློས་ངེས་པར་བྱས་ལ་རྣལ་འབྱོར་བཞི་ལ་སོགས་པ་སོ་སོའི་གནས་སྐབས་སུ་རང་རང་གི་དགེ་སྦྱོར་དེའི་དོན་ཐོག་ནས་མ་ཡེངས་ཙམ་གྱི་ཐོག་ཏུ་འཛིན་པ་མ་ཞུགས་པ་ཞིག་རྣམ་པ་ཀུན་
(༧༤༢)ཏུ་གལ་ཆེ་བ་ཤེས་པར་གྱིས་ཤིག །གསུམ་པ་དེ་དག་གིས་ས་ལམ་བགྲོད་ཚུལ་ནི། སྒོམ་རྣལ་འབྱོར་བཞི་དང་མཚན་ཉིད་ཐེག་པ་ནས་བཤད་པའི་ས་ལམ་སྦྱར་ཚུལ་རྗེ་སྒམ་པོ་པ་ཁུ་དབོན་གྱིས་དངོས་སུ་གསུངས་པ་ནི་མི་སྣང་ཡང་། རྗེ་སྒོམ་ཚུལ་གྱི་སློབ་མ་གྲུབ་ཆེན་ཞང་གིས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྨོངས་པས་ས་ལམ་བརྩི་བ་འཁྲུལ། །འོན་ཀྱང་རྨོངས་པ་དགའ་བྱའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོ་བརྩི་བར་བྱ། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ཆོས་ཉིད་ཀྱི་ངོ་བོ་ལམ་གཅིག་ཆོད་ཡིན་ཞིང་། ཆོས་ཉིད་ལ་ངོ་བོའི་སྒོ་ནས་དབྱེ་བ་མི་རུང་བས་ངེས་དོན་དུས་ལམ་གྱི་རིམ་པ་བརྩི་བ་མི་རུང་བར་བཞེད་པ་ནི། དབུ་མ་འཇུག་འགྲེལ་ལས། དེ་ནི་ཤེས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་བྱ་བར་མི་ནུས་ཏེ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་བཞིན་རྒྱལ་བའི་སྲས་
(༧༤༣)ཀྱིས་ཀུན་ཡང་། །བརྗོད་མི་ནུས་ན་མཉམ་པར་ག་ལ་ནུས། །ཞེས་པ་དང་། འགྲེལ་པ་དོན་གསལ་དུ། ཇི་སྐད་བཤད་པའི་མཐོང་བའི་ལམ་གྱི་མངོན་སུམ་དུ་བྱས་པའི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པའི་ཕྱིར། མཐོང་བ་དང་སྒོམ་པ་དག་ཐ་དད་དུ་གྱུར་པ་མེད་པས་སྒོམ་པའི་ལམ་མཚན་ཉིད་པ་རྣམ་པར་བཞག་པ་ནི་མེད། ཅེས་ངོ་བོའི་སྒོ་ནས་དབྱེ་བ་མེད་པར་བཤད་པ་དང་མཐུན་ལ། འོན་ཀྱང་སྒོམ་བསྐྱངས་པ་ལས་ས་ལམ་ཇི་ལྟར་བགྲོད་སྙམ་ནས་བློ་རྨོངས་པའི་ངོར་མཚན་ཉིད་ཐེག་པའི་ས་ལམ་དང་སྒོམ་རྣལ་འབྱོར་བཞི་ས་ཚོད་ལམ་ཚོད་བརྩི་བར་བྱའོ། །ཞེས་བཞེད་པ་ཡིན་ནོ། །ཇི་ལྟར་བརྩི་བ་ནི་དེ་ཉིད་ཀྱིས། རྟོགས་པ་ལྷག་གི་ཤར་བ་དེ། །མཐོང་ལམ་རབ་ཏུ་དགའ་བའི་ས། །རོ་སྙོམས་རྟོགས་པ་དེ་ཉིད་ལ། །གོམས་པར་བྱེད་པ་སྒོམ་པའི་ལམ། །སྒོམ་དུ་མེད་ནས་མཐར་ཕྱིན་ལམ། །ཞེས་གསུངས་པའི་དངོས་བསྟན་ལ་གཉིས་མེད་དམ་ཟུང་འཇུག་གི་རྟོགས་པ་ཤར་བ་མཐོང་།
(༧༤༤)ལམ་དང་ས་དང་པོ། དེ་ལ་གོམས་པར་བྱེད་པ་སྒོམ་ལམ་དང་ས་གཉིས་པ་ནས་བཅུ་པའི་བར། སྒོམ་མེད་མཐར་ཕྱིན་པའི་ལམ་དང་སངས་རྒྱས་ཀྱི་སར་བསྟན་པས་དངོས་སུ་སྤྲོས་བྲལ་ལ་སྦྱར་བཤད་མ་བྱུང་ཡང་། སྤྲོས་བྲལ་མཐོང་ལམ་དང་ས་དང་པོར་བཞེད་དམ་སྙམ་ལ། དེ་ལྟར་ན་རྩེ་གཅིག་སྦྱོར་ལམ་དུ་ཤུགས་བསྟན་གྱིས་འཕངས་སོ། །རྗེ་རྒྱ་རས་ཀྱིས། ས་སོགས་ལམ་ལ་དགོས་མེད་ཀྱང་། །འོན་ཀྱང་བསྟན་ན་འདི་ལྟར་འདོད། །མཎྜལ་འབུལ་བ་ཚོགས་ཀྱི་ལམ། །ཉམས་མྱོང་སྐྱེས་པ་སྦྱོར་བའི་ལམ། །སྤྲོས་དང་བྲལ་བ་མཐོང་བའི་ལམ། །རྟོགས་པ་སྐྱེས་བསྒོམ་པའི་ལམ། །རོ་གཅིག་པ་ནི་ས་བརྒྱད་པ། །སྒོམ་མེད་བཅུ་གཅིག་མཐར་ཕྱིན་ལམ། །ཞེས་སྔོན་འགྲོ་ནས་བཟུང་སྟེ་ཚོགས་གསོག་སྒྲིབ་སྦྱོང་རྣམས་ཚོགས་ལམ། རྩེ་གཅིག་སྦྱོར་ལམ། སྤྲོས་བྲལ་མཐོང་ལམ། ཟུང་འཇུག་གི་རྟོགས་པ་སྐྱེས་པ་ནས་བཟུང་སྟེ་རོ་གཅིག་རྣམས་སྒོམ་ལམ། སྒོམ་མེད་
(༧༤༥)ཆུང་འབྲིང་ས་དགུ་པ་དང་བཅུ་པ། ཆེན་པོ་བཅུ་གཅིག་པ་མཐར་ཕྱིན་པའི་ལམ་དང་སྦྱོར་བར་བཞེད། རྗེ་རྒོད་ཚང་བ་ནི། ཚོགས་བསག་པ་སོགས་ཚོགས་ལམ་དང་ལས་དང་པོ་བའི་ས། རྩེ་གཅིག་སྦྱོར་ལམ་དང་མོས་སྤྱོད་ཀྱིས། སྤྲོས་བྲལ་མཐོང་ལམ་དང་ས་དང་པོ། རོ་གཅིག་ས་གཉིས་པ་ནས་ས་བདུན་པའི་བར་དང་སྒོམ་མེད་ཆུང་འབྲིང་ས་ལྷག་མ་གསུམ་སྟེ་དེ་རྣམས་སྒོམ་ལམ། སྒོམ་མེད་ཆེན་པོ་མཐར་ཕྱིན་པའི་ལམ་དང་སངས་རྒྱས་ཀྱི་སར་བཞེད། འགའ་ཞིག་ཏུ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ལ་ཉམས་རྟོགས་ཀྱི་དབྱེ་བས་ཉེར་བཞིར་ཕྱེ་ནས། ཉམས་ཀྱི་རྣལ་འབྱོར་བཅུ་གཉིས་སྦྱོར་ལམ་བཞི་དང་། རྟོགས་པའི་རྣལ་འབྱོར་བཅུ་གཉིས་ཀྱི་རྩེ་གཅིག་གསུམ་ས་དང་པོ་གསུམ། སྤྲོས་བྲལ་གསུམ་བཞི་པ་ལྔ་པ་དྲུག་པ། རོ་གཅིག་གསུམ་བདུན་པ་བརྒྱད་པ་དགུ་པ། སྒོམ་མེད་གསུམ་ས་བཅུ་པ་ནས་བཅུ་གཉིས་པའི་བར་དུ་སྦྱོར་བར་བཞད་པ་ཡང་སྣང་ངོ་། བདག་ནི་འདི་སྙམ་དུ་སེམས་སྟེ། མཚན་
(༧༤༦)ཉིད་ཐེག་པར་བཤད་པའི་ལམ་རིམ་ཅན་དུ་བགྲོད་པ་སྣང་ཚུལ་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་དང་། འདིར་སྒོམ་མཉམ་ཉིད་གཉུག་མའི་ལམ་གཅིག་ཆོད་དུ་བགྲོད་པ་རང་བཞིན་གྱི་ངོ་བོས་ཁྱད་པར་དུ་བྱས་པ་གཉིས་མཐར་ཐུག་ཏུ་གཅིག་དགོས་ཀྱང་། གནས་སྐབས་སུ་རྣམ་པ་ཇི་ལྟ་བ་མི་མཐུན་ཏེ། མཚན་ཉིད་ཐེག་པ་བསྐལ་པ་གྲངས་མེད་གསུམ་གྱིས་འཚང་རྒྱ་བའི་དབང་དུ་བྱས་པ་དང་། འདིར་རྟེན་འབྲེལ་འཛོམ་ན་འཚང་རྒྱ་བ་ལ་སྐྱེ་བ་མང་པོ་མི་ཐོགས་པར་བཞེད་པའི་ཁྱད་པར་ཡོད་དེ། དཔེར་ན་ལམ་ཕལ་པ་ལའང་གཞུང་ལམ་དང་གསེང་ལམ་རྣམ་པ་མི་འདྲ་བ་བཞིན་ནོ། །འོན་ཀྱང་ས་ཚོད་ལམ་ཚོད་རགས་པ་ཙམ་སྦྱར་ན། དང་པོར་ལམ་ལ་ཞུགས་པ་ནས་བཟུང་སྟེ་རྩེ་གཅིག་གསུམ་ཚོགས་ལམ་དང་ལས་དང་པོ་པའི་ས། སྤྲོས་བྲལ་གསུམ་སྦྱོར་ལམ་དང་མོས་སྤྱོད་ཀྱི་ས། རོ་གཅིག་གསུམ་དང་སྒོམ་མེད་ཆུང་འབྲིང་རྣམས་མཐོང་སྒོམ་གྱི་ལམ་དང་ས་དང་པོ་ནས་བཅུ་པའི་བར་གྱིས། སྒོམ་མེད་
(༧༤༧)ཆེན་པོ་མཐར་ཕྱིན་པའི་ལམ་དང་སངས་རྒྱས་ཀྱི་སར་བཞག་ན་ལེགས་པར་མངོན་ཏེ། སྤྲོས་བྲལ་ཆེན་པོ་དང་རོ་གཅིག་ཆུང་ངུའི་བར་དང་། རོ་གཅིག་ཆེན་པོ་དང་སྒོམ་མེད་ཆུང་ངུའི་བར་མཚམས་ལ་དབྱེ་བ་དཀའ་མོད་ཀྱང་། རྣལ་འབྱོར་བཅུ་གཉིས་པོའི་རིམ་པ་དེང་སང་འཆད་པ་དང་སྒོ་བསྟུན་ན། སྤྲོས་བྲལ་ཆེན་པོའི་སྐབས་སུ་རོ་མཉམ་ཟུང་འཇུག་གི་རྟོགས་པ་ཇི་ལྟ་བ་ཅུང་ཟད་མེད་ལ། དེ་མེད་པར་ཆོས་ཉིད་ཀྱི་དོན་ཇི་བཞིན་པ་མི་རྟོགས་པས་སྤྲོས་བྲལ་མཐོང་ལམ་དང་ས་དང་པོར་བཞག་ན་ཅུང་ཟད་མི་བདེ་བར་སེམ་པས་སླར་ཡང་མཁྱེན་ལྡན་རྣམས་ཀྱི་དཔྱད་པར་མཛོད་ཅིག །འོ་ན་རྗེ་རྒྱ་རས་དང་རྒོད་ཚང་པས་གསུངས་པ་དང་མཐུན་ནོ་སྙམ་ན། དེ་དག་གིས་སྤྲོས་བྲལ་མཐར་ཕྱིན་པ་ཞིག་ལ་དགོངས་ཏེ། དེར་སྟོང་འཛིན་སོགས་ཉམས་མྱོང་གི་ཞེན་འཛིན་ཐམས་ཅད་དག་ནས་ཟུང་འཇུག་རོ་མཉམ་གྱི་རྟོགས་པ་འཆར་བས་དེ་ནི་རོ་གཅིག་ཏུ་འཇོག་
(༧༤༨)དགོས་ལ། དེང་སང་རྣམ་གཞག་འཆད་པའི་སྤྲོས་བྲལ་ཆུང་འབྲིང་མཐོང་ལམ་དུ་བཞག་ན་ནི་དེའི་ཉམས་མྱོང་དང་ས་ཚོད་འགྲིག་དཀའ་བར་སེམ་མོ། །འདིར་ཁ་ཅིག །རྩེ་གཅིག་དང་ནི་སྤྲོས་བྲལ་དང་། །རོ་གཅིག་དང་ནི་སྒོམ་མེད་བཞི། །རྩེ་གཅིག་མཐོང་ལམ་སྤྲོས་བྲལ་ནི། །ས་བདུན་པར་ཡིན་རོ་གཅིག་ནི། །དག་པའི་ས་གསུམ་སྒོམ་མེད་ནི། །སངས་རྒྱས་སོ་ཞེས་ལ་ལ་ཟེར། །ཞེས་སོགས་སྨྲས་པའི་མཐར། མདོ་རྒྱུད་ཀུན་དང་འགལ་བར་འགྱུར། །ཞེས་འགོག་ཀྱང་གྲགས་ཆེ་བའི་གྲུབ་བརྒྱུད་གོང་མ་རྣམས་ཀྱིས་ཚུལ་དེ་ལྟར་གསུངས་པ་ནི་མ་མཐོང་ལ། གལ་ཏེ་ཡོད་སྲིད་ནའང་རྣལ་འབྱོར་བཞི་ལ་རྣམ་པ་མང་བས་སྟོང་ཉིད་རྟོགས་པའི་རྣལ་འབྱོར་བཞི་དེ་ལྟར་ཆོས་མཐུན་དུ་སྦྱར་བ་ལ་མདོ་རྒྱུད་ཀུན་དང་འགལ་བའི་སྐྱོན་མེད་དེ། མདོ་རྒྱུད་ཀུན་ཏུ་དེ་ལྟར་སྦྱར་མི་རུང་བར་མ་གསུངས་པའི་ཕྱིར་རོ། །བརྗོད་ཚུལ་ཡང་དེང་སང་གི་ཐ་སྙད་ལ་མི་མཛེས་
(༧༤༩)ཏེ། མདོ་རྒྱུད་ཀུན་ཡིན་པ་མེད་པའི་ཕྱིར་རོ། །ཡང་ཁ་ཅིག །ཚེ་འདིར་མཐོང་ལམ་སྐྱེས་པ་ལ། །ཡོན་ཏན་ཤི་ནས་འབྱུང་བ་ནི། །བླུན་པོ་རྣམས་ཀྱི་རྫུན་རིབ་ཡིན། །ཞེས་མཐོང་ལམ་ཐོབ་པ་ལས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཚེ་འདི་ལ་མ་ཐོབ་ན། ཕྱི་མ་འབྱུང་བར་བཤད་པ་བླུན་པོའི་རྫུན་རིབ་ཡིན་ཞེས་འཆད་པ་ནི། མ་ངེས་བཞིན་དུ་སྨྲ་འདོད་པ་ཙམ་དུ་སྣང་སྟེ། མཐོང་ལམ་ཐོབ་མ་ཐག་ཏུ་ཚེ་མ་འཕོས་པར་ཡོན་ཏན་དེ་དག་ཐོབ་པར་གསུངས་པ་མེད་པའི་ཕྱིར་དང་། དེའི་སྐྱེ་བའི་ཁྱད་པར་ཕལ་ཆེར་འཁོར་ལོས་བསྒྱུར་རྒྱལ་དུ་སྐྱེ་བར་གསུངས་པའང་ཚེ་ཕྱི་མ་སོགས་ལ་ཐོབ་པར་བཤད་པ་ལས་ཚེ་འདི་ཉིད་དུ་ཐོབ་པར་བཤད་པ་མ་ཡིན་པའི་ཕྱིར་དང་དཔེར་ན་བུད་མེད་ཀྱི་རྟེན་ལ་མཐོང་ལམ་ཐོབ་པ་ལྟ་བུའང་ཚེ་མ་འཕོས་པར་འཁོར་ལོས་བསྒྱུར་རྒྱལ་དུ་ལུས་འགྱུར་བ་མ་ཡིན་པའི་ཕྱིར་
(༧༥༠)དང་། མཐོང་ལམ་ཐོབ་པ་ལས་དང་པོའི་ཡོན་ཏན་གྱི་བཤད་ཚོད་ཐམས་ཅད་མངོན་སུམ་དུ་སྟོན་དགོས་ན་རྒྱ་བོད་ཀྱི་པན་གྲུབ་རྣམས་ལྟ་ཅི་སྨོས། སྟོན་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་ལའང་མཐོང་ལམ་སོགས་ཀྱི་ས་ཐོབ་པ་མ་བྱུང་བར་སྨྲ་དགོས་པས་དེ་ལྟར་སྐབས་སུ་མི་བབ་པའི་ཕྱིར་དང་། ས་བཅུ་པའི་མདོར་ས་དང་པོ་ཐོབ་པ་དེ་ཕལ་ཆེར་ཕྱི་མ་འཁོར་ལོས་བསྒྱུར་རྒྱལ་དུ་སྐྱེ་བ་དང་། དེ་ཡང་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་ནགས་སུ་གནས་ན་ཏིང་ངེ་འཛིན་བརྒྱ་སོགས་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པར་གསུངས་པ་དང་། ཕལ་ཆེར་ཞེས་གསུངས་པས་ཐམས་ཅད་དུ་མ་ངེས་པར་བསྟན་པ་སོགས་ལ་རྣམ་དཔྱོད་མ་ཞུགས་པར་སྣང་བའི་ཕྱིར་དང་། ས་བཅུ་པའི་མདོ་བླུན་པོའི་རྫུན་རིག་ཏུ་འཕངས་པ་ཡང་ནོངས་པར་འགྱུར་བའི་ཕྱིར་རོ། །ཡང་དགའ་ཞིག་ཏུ། ཁྱུང་གི་ཕྲུ་གུ་སྒོང་རྒྱ་ལས་མ་གྲོལ་བའི་དཔེས། རང་སེམས་ཆོས་
(༧༥༡)སྐུར་དཔྱིས་ཕྱིན་པར་རྟོགས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཚེ་འདིར་མི་འབྱུང་བ་ལུས་རྒྱ་སོགས་རྒྱ་གསུམ་ལས་མ་གྲོལ་བའི་གནད་ཡིན་པ་དང་། འཆི་བའི་ཚེ་འོད་གསལ་མངོན་དུ་གྱུར་ཏེ་སྒྱུ་ལུས་ལོངས་སྐུར་ལྡང་བ་སོགས་འཆད་པ་ལ། ཁ་ཅིག །ཉི་མ་དེ་རིང་ཤར་བ་ལ་འོད་ཟེར་ནང་པར་འབྱུང་བ་མཚར་ཞེས་མི་རིགས་པར་སྨྲ་བའང་གཏན་མི་འཐད་དེ། སྔགས་ལམ་ནས་འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུར་འགྱུར་ཚུལ་གསུངས་པ་ཐམས་ཅད་ཁྱད་དུ་བསད་པར་འགྱུར་བའི་ཕྱིར་དང་། གསང་འདུས་ལྷ་མོ་བཞིས་ཞུས་ལས། གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་ཚེ་དེ་ཡི་རང་མཐུ་ཡིས། །དེ་འདྲའི་ལུས་སུ་དེ་འགྱུར་ཏེ། །གང་གིས་གཡོ་དང་མི་གཡོ་ཁྱབ། །ནམ་མཁའ་མཉམ་པ་ཉིད་འདྲ་བར། །དེ་ནི་གནས་པར་ཤེས་པར་བྱ། །ཞེས་དང་། སཾ་ཊིར། གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ལྟར་ལྷ་རུ་འགྱུར་བ་ཡིན། །ཞེས་སོགས་གསུངས་པའང་མི་རིགས་པར་འགྱུར་བའི་ཕྱིར་རོ། །དོན་འདི་དག་ལ་དགོངས་ནས་རྗེ་ཞང་གིས།
(༧༥༢)གཉིས་མེད་རྟོགས་མ་ཐག་ཉིད་དུ། །སྡུག་བསྔལ་སངས་པར་མ་གྱུར་ཅིང་། །ཡོན་ཏན་ནུས་པ་མ་སྐྱེས་ཀྱང་། །མཐོང་ལམ་མིན་ཞེས་སུ་ཞིག་སྨོད། །ནང་པར་ཉི་མ་ཤར་མ་ཐག །ཆབ་རོམ་ཞུ་བར་མ་ནུས་ཤིང་། །ས་རྡོ་དྲོས་པར་མ་གྱུར་ཀྱང་། །ཉི་མ་མིན་ཞེས་སུ་ཞིག་སྨོད། །ཅེས་གསུངས་པ་དོན་ལ་གནས་ཏེ། དེའང་དཔེར་ན། ཚེས་གཅིག་གི་ཟླ་བ་ཆ་ཤས་མ་རྫོགས་ཀྱང་ཟླ་བ་ཡིན་པ་དང་། བྱིས་པ་ཆུང་ངུ་མིའི་རྩལ་མ་རྫོགས་ཀྱང་མི་ཡིན་པ་དང་། སེང་གེའི་ཕྲུ་གུ་རྩལ་མ་རྫོགས་ཀྱང་སེང་གེ་ཡིན་དགོས་པ་ལྟར་རོ། །འདི་ལ་རྗེ་རྒྱ་རས་ཀྱིས། ཉན་ཐོས་རྒྱན་ཅན་རྒྱན་མེད་གཉིས། །བྱང་སེམས་གྲགས་ཅན་གྲགས་མེད་གཉིས། །སྔགས་ལ་གསང་སྤྱོད་ཚོགས་སྤྱོད་གཉིས། །ཡོན་ཏན་བཤད་ཚོད་བསྟན་ཐུབ་གཉིས། །ས་ལམ་ཡོན་ཏན་དགོངས་ཅན་མ། །སྒོམ་ཆེན་སྦྱངས་སྟོབས་ཆེ་ཆུང་གིས། །རྫུ་འཕྲུལ་ཡོད་མེད་སྣ་ཚོགས་དང་། །འགྲོ་དོན་འགྲུབ་དང་མི་འགྲུབ་འབྱུང་། །ཞེས་སོགས་མང་དུ་གསུངས་པའི་དོན་
(༧༥༣)བསྡུས་ན། མཚན་ཉིད་ཐེག་པར་གསུངས་པའི་ས་ལམ་གྱི་ཡོན་ཏན་རྣམས་དགོངས་པ་ཅན་ཡིན་པ་དང་། དེ་དང་ལམ་ཡང་མི་གཅིག་པས་ལམ་རྟགས་ཀྱང་མི་གཅིག་པ་དང་། ཉན་ཐོས་ལ་རྒྱན་ཅན་རྒྱན་མེད་དང་། བྱང་སེམས་ལ་གྲགས་ཅན་གྲགས་མེད་ཡོད་པ་ལྟར། སྒོམ་ཆེན་ལའང་སྔོན་གྱི་སྦྱངས་སྟོབས་ཆེ་ཆུང་གིས་ཚེ་འདིར་རྫུ་འཕྲུལ་ཡོད་མེད་སྣ་ཚོགས་འབྱུང་བ་དང་། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་སྒྲུབ་པ་ལ་འཇིག་རྟེན་པའི་ལམ་དང་སྔགས་ལམ་ལ་འབད་དགོས་པ་རྣམས་གསུངས་སོ། །དེ་དག་གིས་རྣལ་འབྱོར་བཞི་སོ་སོའི་རྣམ་དབྱེ་དང་དེས་ས་ལམ་བགྲོད་ཚུལ་དང་བཅས་ཏེ་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་རྣམས་ལེགས་པར་བཤད་ཟིན་ཏོ།། ༈ །།འདིར་སྨྲས་པ། སྐལ་བཟང་ཐར་འདོད་བསྟན་ལ་འཇུག་པའི་སྒོ། །ཚུལ་གནས་ཐོས་བསམ་སྒོམ་ཞེས་མཁས་ལ་གྲགས། །འོན་ཀྱང་སྲིད་པ་རྩད་ནས་གཅོད་པའི་ཐབས། །མཐར་ཐུག་ངེས་དོན་བསྒོམ་པ་མཆོག་ཏུ་བསྔགས། །སྟོང་ཉིད་སྒོམ་ལ་དཔྱད་སྟོང་མེད་དགག་དང་། །རྒྱས་འདེབས་བེམས་པོའི་སྟོང་
(༧༥༤)པ་ལ་སོགས་པ། །ཕལ་ཆེར་དཔལ་ལྡན་དུས་ཀྱི་འཁོར་ལོར་བཀག །འགའ་ཞིག་གྲུབ་སྙིང་གཞུང་གི་ཕྱོགས་སྔར་གྱུར། །རྣམ་ཀུན་མཆོག་གི་སྟོང་ཉིད་སྒོམ་ཚུལ་ལ། །འཕགས་ཡུལ་བྲམ་ཟེ་ཆེན་པོའི་རྗེས་འབྲང་དང་། །གངས་ཅན་འདི་ན་དྭགས་པོའི་བཀའ་བརྒྱུད་ཅེས། །མཁས་གྲུབ་གཟུར་གནས་རྣམས་ཀྱིས་བསྟོད་ཅིང་བསྔགས། །དེ་ཡི་ངེས་དོན་ཕྱག་རྒྱ་ཆེན་པོ་ཞེས། །མཚན་དོན་མདོ་རྒྱུད་རྒྱ་གཞུང་མང་པོ་དང་། །སྒྲུབ་བརྒྱུད་འདི་ལ་ཡོངས་སུ་གྲགས་པ་ལྟར། །སྒོམ་རིམ་རྒྱས་བསྡུས་མང་པོས་ཕྱོགས་ཀུན་ཁྱབ། །འོན་ཀྱང་དེ་ཡི་ཚིག་དོན་མཐའ་བཅད་པའི། །འགྲེལ་བཤད་ཅུང་ཟད་དཀོན་པའི་ཚུལ་མཐོང་ནས། །ལོག་རྟོག་ཐེ་ཚོམ་ཅན་འགའི་དོགས་གཅོོད་ལ། །འདི་ལྟའི་རྣམ་འགྲེལ་ཞིག་ལ་ཡིད་རབ་དད། །དེ་ལྟ་ན་ཡང་དེང་སང་དུས་འདི་རུ། །མཁས་པ་ཕལ་ཆེར་ཉམས་མྱོང་གནད་ལ་རྨོངས། །རྟོགས་པ་ཅན་འགའ་མདོ་རྒྱུད་ཐོས་པས་དབེན། །གཉིས་ཀ་འཛོམ་ཡང་ལྷག་བསམ་ལྡན་པ་དཀོན། །བདག་ཀྱང་གཞུང་ལུགས་སྦྱངས་པ་མི་ཆེ་ཞིང་། །ཡུན་རིང་བསྒོམས་
(༧༥༥)པའི་ཉམས་རྟོགས་མི་བཟང་ཡང་། །བཀའ་བརྒྱུད་རིན་ཆེན་གསུང་ལ་འདྲིས་བྱས་ནས། །ལྷག་བསམ་བློ་ཡིས་བྱས་པ་ཁོ་ནར་ཟད། །འདི་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི། །ཉེས་པ་མཆིས་ན་དམ་པས་བཟོད་མཛོད་ལ། །དྲི་མེད་ལུང་དང་དངོས་སྟོབས་རིགས་པ་ཡིས། །ཉེས་བཤད་སུན་འབྱིན་བསྟན་པའི་བྱི་དོར་མཛོད། །གཞན་དུ་ཕྱོགས་ལྷུང་གདོན་གྱིས་ཡིད་དཀྲུགས་ནས། །ལེགས་ལ་ཉེས་དང་ཡིན་ལ་མིན་པའི་ངག །བདེན་པ་རྫུན་དུ་འཕེན་པའི་བསམ་སྦྱོར་ནི། །གཟུར་གནས་རྣམ་དཔྱོད་ལྡན་རྣམས་ཁྲེལ་བའི་གནས། །གལ་ཏེ་འདི་ལ་ལེགས་པའི་ཚོགས་མང་ན། །མཁས་དང་གྲུབ་པའི་སྐྱེས་བུ་གཞན་དག་དང་། །ཁྱད་པར་དྭགས་པོའི་བརྒྱུད་པས་བསྔགས་འོས་ཤིང་། །དཔྱོད་ལྡན་ཐོས་བསམ་དག་ཀྱང་བགྱིད་དུ་སྩོལ། །ཚུལ་འདིར་འབད་པའི་བསམ་སྦྱོར་དགེ་བ་གང་། །ཉིན་བྱེད་ལྟ་བུར་ཆེས་ཆེར་འབར་བ་དེས། །སྐྱེ་འགྲོ་ཀུན་གྱི་མ་རིག་མུན་སེལ་ཞིང་། །རང་རིག་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །བདག་ཀྱང་ཚེ་རབས་ཀུན་ཏུ་ལམ་མཆོག་འདི། །བསྟེན་
(༧༥༦)པའི་བསྐལ་བཟང་གེགས་མེད་ཐོབ་པ་དང་། །རིང་པོར་མི་ཐོགས་ཆོས་སྐུ་མངོན་གྱུར་ཏེ། །མཐའ་མེད་འགྲོ་བའི་དོན་ཀུན་འགྲུབ་པར་ཤོག །ཅེས་པ་འདིའང་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་མཐའ་བཅད་པའི་བཤད་སྦྱར་ཅུང་ཟད་དཀོན་པར་སྣང་བས་སྐྱེ་བོ་ལོག་རྟོག་ཅན་དག་གི་ལོག་རྟོག་སེལ་བ་དང་། སྒྲུབ་བརྒྱུད་འདི་ཉིད་ལ་ཡིད་རྟོན་པ་དག་ངེས་ཤེས་བསྐྱེད་པར་བྱེད་པའི་ལྷག་བསམ་གྱིས་ཀུན་ནས་བསླང་སྟེ། སྒམ་པོ་པ་མངྒ་ལའི་མིང་ཅན་གྱིས་དུས་དགེ་བ་ཞིག་ལ་འདི་ཉིད་རྩོམ་པའི་དབུ་བཙུགས་ནས། གླང་ལོ་ཟླ་བ་གསུམ་པའི་ཡར་ཚེས་བཟང་པོ་ལ་རྒྱལ་བས་ལུང་བསྟན་པའི་གནས་གདན་ས་ཆེན་པོ་དཔལ་དྭགས་ལྷ་སྒམ་པོའི་ལྷ་ཞོལ། ནཱ་ག་ཀོ་ཊ་ཞེས་བྱ་བའི་ཆོས་སྡེའི་དབེན་ཁང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི། ལམ་འདི་ཉིད་ལ་མོས་བློ་དང་ལྡན་ཞིང་གསང་སྔགས་ཀྱི་སྡེ་སྣོད་འཛིན་པ་སློབ་དཔོན་ཐུབ་བསྟན་དཔལ་འབར་ཞེས་བྱ་བས་བགྱིས་པ་སྟེ་འདིས་ཀྱང་འགྲོ་བ་མཐའ་དག་ལ་དགེ་ལེགས་སུ་གྱུར་ཅིག། །།