བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ། ཆུ་དང་གསང་བ་དང་ཤེས་རབ་ཡེ་ཤེས་གསུམ་གྱི་དབང་བསྐུར་བ་བསྟན་པ།
དེ་ལྟར་ལེའུ་དང་པོས་ཟབ་པའི་རྫོགས་རིམ་གྱི་ཤེས་བྱ་བཤད་ནས། ད་ནི་ཉམས་སུ་བླངས་པ་དབང་བསྐུར་བའི་རིམ་པ་བཤད་པར་བྱ་སྟེ། ཐོག་མར་དཀྱིལ་འཁོར་དང་བར་དུ་ཚོགས་ཀྱི་འཁོར་ལོ་དང་ཐ་མར་དབང་བསྐུར་བའི་དོན་བཤད་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་ལ་ཕན་པའི་ཕྱིར། དབང་བསྐུར་བའི་ཚིགས་བཅད་གཅིག་གིས་མདོར་བསྟན་པ་ཡིན་ལ། དེ་རྒྱས་པར་བཤད་པ་ནི་དང་པོར་བདག་ཉིད་ལྷའི་དངོས་པོར་བྱས་ལ། རྡོ་རྗེས་ས་སྦྱང་བའི་ཕྱིར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བར་བྱའོ། །དེ་ལྟར་ས་སྦྱང་བ་དང་བསླང་བ་དང་བརྟག་པ་བཤད་ནས། ད་ནི་ཚིགས་སུ་བཅད་པ་གཅིག་གིས་བཤད་པ་ཡིན་ནོ། །ཚོན་བརྟག་པ་ནི་འབྱོར་པའི་དབང་གིས་རིན་པོ་ཆེ་ལས་བྱས་པའམ། འབྲིང་གིས་བསྲེས་པའམ། ཐ་མས་འབྲས་ཀྱི་ཕྱེ་མས་ཚོན་རྩི་བསྒྲུབ་པར་བྱའོ། །ཆུང་ཚད་གྲུ་གསུམ་པའི་དཀྱིལ་འཁོར་ལ། སོར་གསུམ་གྱི་མཐའ་སྐོར་ལྷག་པ་ནི་ཚོན་བརྟག་པའོ། །སྒྲུབ་པའི་ཡན་ལག་བརྟག་པ་ནི་སྔགས་ཀྱི་ལམ་གྱི་བསྙེན་བསྒྲུབ་བཞིས་སྦྱང་བ་བྱས་ནས་དབང་བསྐུར་བ་ཐོབ་པའི་རིགས་ལྔའམ། ཡང་ན་གར་མཁན་ལ་སོགས་པའི་རིགས་བཞིའི་དཀྱིལ་འཁོར་དེར་གཞུག་པར་བྱའོ། །ཇི་ལྟར་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་བརྟག་པ་ནི་མངོན་སུམ་གྱི་ལམ་མམ། སངས་རྒྱས་ཐམས་ཅད་
ཀྱི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་གཟུགས་ཀྱི་སྐུའི་ཕོ་བྲང་ན་གནས་པ་བཞིན་དུ་རྣལ་འབྱོར་པས་ཟློས་གར་བྱས་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་བུད་མེད་ཀྱི་དབང་ཕྱུག་དང༌། ལས་ཀྱི་ཕྱག་རྒྱ་ལ་སེམས་གཟུང་བར་བྱ་ཞིང་ལོངས་སྤྱོད་དུ་བླངས་ན་གདོན་མི་ཟ་བར་སེམས་ཅན་རྣམས་དམ་ཚིག་ཉམས་པར་གྱུར་པའི་འཇིགས་པ་ཐུགས་ལ་བཞག་ནས། བྱིན་རླབས་ཀྱི་གོ་འཕང་དགའ་བ་གསུམ་དང༌། སངས་རྒྱས་ཀྱི་དོན་དམ་པའི་བདེན་པ་སྟོང་པ་ཉིད་དང༌། རང་བཞིན་བརྒྱད་ཅུ་དང་བྲལ་བ། སྔགས་པའི་ལམ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་དུ་རྟོགས་པ་ཡིན་ནོ། །དེ་ལྟར་དབང་བསྐུར་བའི་གནས་དང་ས་བཤད་ནས། ད་ནི་ཚོགས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ལྷ་རྣམས་ཀྱི་དམ་ཚིག་འདའ་བར་དཀའ་བ་དང༌། རྒྱལ་བ་ཉིད་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་མངོན་སུམ་དུ་དབང་ནོད་པའི་ཕྱིར་རོ། །དེ་ལྟར་དགོས་པ་བཤད་ནས་དེའི་རྟེན་སློབ་དཔོན་བཤད་པ་ནི། ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་རྒྱ་མཚོ་དང་ལྡན་པ་ལ། ཆགས་ལམ་གྲོལ་ལམ་གྱི་ཚོགས་འཁོར་དབུལ་བར་བྱའོ། །རྟེན་སློབ་དཔོན་བཤད་ནས། སྒྲུབ་པའི་ཡན་ལག་རྣལ་འབྱོར་མ་བཤད་པ་ནི། མ་དང་སྲིང་མོ་ལ་སོགས་པའི་སྔགས་སྐྱེས་དབང་ཐོབ་པའམ། དེ་མེད་ན་ཀུན་སྤྱོད་མ་ལ་སོགས་པའང་རུང་སྟེ། འདི་ནི་བདེ་མཆོག་གི་རྩ་བའི་རྒྱུད་དུ་རྣལ་འབྱོར་འཁྱིལ་མ་དང༌། ཁུ་བྱུག་ལྟ་བུར་སྐད་སྙན་པ་དང༌། རྡོ་རྗེ་ལྟ་བུར་སྐད་གསལ་བ་རྣམས་ལ། སངས་རྒྱས་ཀྱིས་བསྟོད་པས་དེ་གཟུང་བར་བྱའོ། །ཡང་ན་ཞིང་སྐྱེས་ཀྱི་དབྱེ་བ་ནི་བྲམ་ཟེ་མོ་ལ་སོགས་པ་རྣམ་པ་བདུན་ཏེ། དེ་ལ་བཟོ་བྱེད་པའི་རིགས་ངན་སྨྱིག་མ་མཁན་ལ་སོགས་པ་ཞེས་བྱ་བ་ནི་སྨྱིག་མ་མཁན་དང་ལྷ་མ་མཁན་ལ་སོགས་པའོ། །སེམས་ཀྱི་མཚན་ཉིད་ནི་དམ་ཚིག་བསྲུང་བ་དང༌། ལྷའི་སྐུའི་སྤྱོད་ལམ་བསྒོམ་པ་ལས་འགྲུབ་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དང༌། དབྱིབས་ཀྱི་དེ་ཁོ་ན་ཉིད་ཤེས་པས་ནི་སྒྲུབ་པ་པོའི་སྡིག་པ་ཟད་པར་བྱེད་པ་དང༌། བཙན་ཕྱུག་ནི་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་ལ་སོགས་པ་འཇིག་རྟེན་པའི་དངོས་
གྲུབ་དང༌། བསམ་གཏན་བཞིའི་ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །ཡང་ན་ཇི་ལྟར་རྙེད་པའི་ལོ་ཚོགས་ཀྱི་རང་བཞིན་གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་པའོ། །ཁྱད་པར་གྱི་མཚན་ཉིད་གང་གིས་རྟོགས་པར་བྱེད་ཅེ་ན། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ཀྱིས་ཤེས། །ཞེས་གསུངས་པས་དེ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསྙེན་སྒྲུབ་བཞིས་སྦྱངས་ནས། སྔགས་དང་རྒྱུད་དང་དེ་ཁོ་ན་ཉིད་ཤེས་པའོ། །དེ་ལ་སྔགས་ནི་བསྒོམ་བཟླས་སོ། །རྒྱུད་ནི་སྨན་ནོ། །དེ་ཉིད་ནི་ཡེ་ཤེས་ལྔའོ། །གསང་ཆེན་དེ་ལྟར་སྦྱངས་ནས་ཞེས་པ་ནི། ལུས་དང་ངག་གི་བྱ་བས་སྦྱངས་ནས་སོ། །དེ་སྐད་དུ་ཡང༌། རྩ་བའི་རྒྱུད་ལས། གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པས་ནི་ལོངས་སྤྱོད་བྱ། །ཞེས་གསུངས་པའོ། །མཉམ་སྦྱོར་ལས་ཀྱང༌། དེ་ནས་ཁྲུས་བྱ་དྲི་ཞིམ་ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་ནི་ཐོགས་ནས་ཀྱང༌། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །གང་གིས་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་ལ། །སྐལ་བཟང་དག་ནི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་བརྟག་པར་བྱ། །ཞེས་གསུངས་སོ། །འཚེ་བ་ཐམས་ཅད་སྤངས་པའི་གནས་སུ་བཞག་སྟེ་ཞེས་བྱ་བ་ནི་རྣམ་པར་དབེན་པ་སྟེ། ཡང་ན་བདག་གི་གནས་དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །དེར་ནི་དང་པོར་གདན་བཤམ་སྟེ། །འཇམ་ཞིང་རེག་ན་བདེར་འགྱུར་བ། །སྣ་ཚོགས་པདྨོ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་བདག །ཅེས་གསུངས་སོ། །གཡོགས་དང་བཅས་པ་ཞེས་བྱ་བ་ནི་བསྐུ་མཉེ་དང་གོས་རྣམ་པ་སྣ་ཚོགས་མེ་དང་གསོས་རྣམས་བྱེད་པ་ལ་སོགས་པའི་གྲོགས་དང་བཅས་པའོ། །དེ་སྐད་དུ་ཡང༌། ལྷ་མོ་ཀུན་དང་འགྲོགས་པ་ཡིས། །སྣ་ཚོགས་ཀུན་གྱི་སྐལ་བཟང་མ། །ཨ་ར་ལི་ཡིས་ཀུན་འགྲུབ་འགྱུར། །ནམ་མཁའི་དབྱིངས་ནི་མཐའ་ཀླས་པའི། །ལྷ་མོ་ཀུན་དང་བདེ་མོས་པ། །རྡོ་རྗེ་སེམས་དཔའ་ཡང་དག་རྫོགས། །ཞེས་གསུངས་སོ། །དེ་ལྟར་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བཀུར་སྟི་བྱ་ཞིང༌། དེ་ལྟར་བསྒྲུབ་པའི་སློབ་
དཔོན་རིག་མ་དང་བཅས་ལ་རྣལ་འབྱོར་མ་གུས་པའི་སེམས་ཀྱིས་འོ་མ་དང་ཞོ་མར་ལ་སོགས་པ་དཀར་གསུམ་དང༌། འོ་མ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་མངར་གསུམ་དང༌། ཤ་དང་ཆང་གི་ཚོགས་རྣམས་དང༌། །ཤ་ཡི་སྦྱོར་བ་ཤ་སྐམ་དང༌། །ཚོགས་ཀྱི་འཁོར་ལོ་དབུལ་བར་བྱ། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་རྫོགས་ནས། ད་ནི་ཀུན་རྟོག་ཐམས་ཅད་རྣམ་སྤངས་བ། །ཞེས་བྱ་བ་ལ་སོགས་པ་སྟོང་པ་ཉིད་ལྔས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་དང་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་བསྟོད་ནས། ཚིགས་སུ་བཅད་པ་གསུམ་གྱིས་གསོལ་བ་གདབ་པར་བྱ་སྟེ། དེ་ལ་དང་པོ་ནི་གསང་བའི་དབང་བསྐུར་བའི་སྒོ་ནས་སོ། །དེ་ཉིད་བླ་མེད་ཡེ་ཤེས་འཚལ། །ཞེས་པ་ནི་རོ་རྡོ་རྗེ་མ་ལས་མངོན་སུམ་གྱིས་སྟོང་པ་ཉིད་རྟོགས་པའོ། །རྡོ་རྗེའི་དབང་བསྐུར་ཀུན་མཁྱེན་གྱིས། །ཞེས་པ་ནི་རོ་རྡོ་རྗེ་མ་ལས་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པའི་དྲི་མ་བཀྲུས་པའོ། །སངས་རྒྱས་ཀུན་ལ་གསང་ཞེས་པ་ནི་རེག་བྱའི་སྟོང་པ་ཉིད་ཤེས་པར་གསང་བའོ། །ཇི་ལྟར་དཔལ་ལྡན་སེམས་དེས་བྱ་བ་ནི་སྔོན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྡོ་རྗེ་ཆོས་ལ་དབང་བསྐུར་བ་བཞིན་དུ་བདག་ལ་བཀའ་དྲིན་སྩོལ་ཅིག་ཅེས་པའོ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །ཞེས་པ་སེམས་ཀྱི་སྟོང་པ་ཉིད་རྟོགས་པའི་མངོན་སུམ་གྱིས་ལམ་སྤངས་པའོ། །འཁོར་བའི་འགྲོ་བ་སྤངས་པའི་ཕྱིར། །ཞེས་པ་ནི་གློ་བུར་གྱི་རྟོག་པ་ཟད་པའི་ཕྱིར། དབང་བཞི་པ་བདག་ལ་སྩོལ་ཅིག་ཅེས་པའོ། །དེ་ལྟར་གསོལ་བ་བཏབ་ནས། ད་ནི་སློབ་དཔོན་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས། སློབ་མ་ལ་ཚོགས་ཀྱི་དབུས་སུ་བོས་ནས་སྙིང་རྗེ་བསྐྱེད་ལ་དབང་བསྐུར་བའོ། །དེ་ནས་སྒྲུབ་པའི་ཡན་ལག་དང་དབང་བསྐུར་བར་བྱེད་པའི་ལུས་ལ་མཆོད་པར་བྱེད་པ་ནི། རྣལ་འབྱོར་མ་ནི་རྣལ་འབྱོར་ལྡན། །ཞེས་པས་ནི་བསྙེན་སྒྲུབ་བཞིས་ལྷར་བསྐྱེད་པ་དང་ལྡན་པའོ། །དྲིལ་བུའི་སྒྲ་སྒྲོགས་ཤིང་བླ་རེ་བྲེས་པ་ནི་གནས་སོ། །འདོད་ཡོན་ལྔ་ཡིས་བརྒྱན་བྱས་ཞེས་པ་ནི་སྔར་ཚོགས་འཁོར་དུ་མཆོད་པའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། དེ་ལ་གཟུགས་སྒྲ་དྲི་རོ་དང༌། །རེག་བྱ་བདེ་བར་མྱོང་བ་ཡི། །གཟུགས་ནི་རི་མོ་ཡིན་པར་གསུངས། །སྒྲ་ནི་གླུ་ཡིན་ཞེས་བཤད་དོ། །དྲི་ནི་རབ་ཏུ་ཚིམ་བྱེད་དེ། །རོ་ནི་ར་ས་ཡ་ན་ཡིན། །
རེག་བྱ་བདེ་བ་ཡིན་པར་བཤད། །རབ་ཏུ་རེག་པ་དག་པའི་བདེ། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཅེས་གསུངས་སོ། །མེ་ཏོག་བདུག་པའི་སྦྱོར་བ་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་གྱི་གནས་སུ་དྲིའི་ཐིག་ལེ་དང་བདུག་པ་དབུལ་བར་བྱའོ། །ཕྲེང་དང་ཤིན་ཏུ་དྲི་ཞིམ་སོགས། །ཞེས་པ་ནི་མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པར་བྱ་སྟེ་ཁ་སོ་རྩིས་བཀང་ལ་གླུ་སྙན་པས་མཆོད་པར་བྱའོ། །དཀྱིལ་འཁོར་དམ་པ་རྨད་བྱུང་མཆོག །ཅེས་པ་ནི་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་མཆོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ནས། ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་རྒྱལ་བའི་བདག་ཉིད་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་ནས། རྔ་ཡབ་དང༌། གདུགས་ལ་སོགས་པའི་གཟུགས་དང༌། གླུ་དང་དབྱངས་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་དང༌། ག་པུར་དང༌། ཙནྡན་དང་བཅས་པའི་དྲི་དང༌། བདུད་རྩི་ལྔ་དང་བཅས་པའོ། །བདུད་རྩི་ལྔའི་དབང་བསྐུར་བའོ། །དེ་ཡང་སློབ་དཔོན་ནམ་ཤེས་རབ་འབའ་ཞིག་གི་ཡིན་ནམ་ཞེ་ན། སློབ་དཔོན་མཆོག་གི་དབང་ཕྱུག་དང༌། ཕྱག་རྒྱར་བཅས་ཞེས་སྨོས་སོ། །རིན་ཆེན་མཆོག་གིས་དབང་བསྐུར་བ། །ཞེས་བྱ་བ་ནི་རོ་རྡོ་རྗེ་མ་ལ་སེམས་གཟུང་བའི་ཞི་གནས་དང་ལྷག་མཐོང་ནི་དངོས་གྲུབ་རྙེད་པས་ན་རིན་ཆེན་མཆོག་ཅེས་གསུངས་སོ། །དེས་འགྲོ་བའི་གཙོ་བོ་བྱང་ཆུབ་སེམས་དཔར་དབང་བསྐུར་རོ། །དེ་ཡང་མཉམ་སྦྱོར་ལས། བྷ་ག་ལིངྒ་ཨེ་མ་བདེ། །ཐོད་པ་པདྨ་ལིངྒ་ཡིན། །ཁ་ཊྭཱཾ་ག་ནི་ལིངྒ་སྟེ། །སངས་རྒྱས་ཕྱག་རྒྱ་པདྨོར་བཤད། །བདེ་བ་ཀུན་གྱི་བདུད་རྩི་ཡིན། །རྣམ་པ་ཀུན་མཁྱེན་ཤེས་བྱའི་ཕྱིར། །དབང་བསྐུར་ཐམས་ཅད་དབང་བསྐུར་ཆེ། །ཞེས་པ་དང༌། ལྷ་ཡི་རྣལ་འབྱོར་དང་ལྡན་པས། །སྲིན་ལག་དང་ནི་མཐེ་བོའི་རྩེ། །ཞིམ་པའི་བཏུང་བ་ཉིད་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །དེ་ནས་རང་བཞིན་རྣམ་དག་པའི། །མཚན་ཉིད་དག་པ་ཉམས་དགའ་སྦྱིན། །ཞེས་བྱ་བ་ནི་སློབ་མ་ལ་བཤད་པའི་དབང་དུ་བྱས་ནས། བདུད་རྩི་ལྔའི་རོ་ལ་བདེ་བ་རྟོག་པ་མེད་པ་བསྐྱེད་ནས། དབང་བསྐུར་བ་འམ། ཚོགས་ཀྱི་དབང་དུ་བྱས་ན། ངས་ཇི་ལྟར་དབང་བསྐུར་བ་
བཞིན་དུ་ཁྱེད་ཀྱང་བདུད་རྩི་ལྔའི་རོ་ལ་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྲག་ཆེན་པོ་ནི་རང་བྱུང་གི་མེ་ཏོག་གོ །ག་བུར་བཅས་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །ཙནྡན་དམར་ནི་རྟ་མཆོག་གོ །རྡོ་རྗེ་ཆུ་ནི་མི་བསྐྱོད་པའོ། །ལྔ་པ་རྣམ་སྣང་ནི་སེམས་མེ་ལོང་ལྟ་བུ་ལས་བྱུང་བར་བཤད་བས་དེའི་ཤུགས་ཀྱིས་ལྷག་མ་བཞིའི་ཡེ་ཤེས་ལས་བྱུང་བའོ། །རྒྱུ་དེའི་ཕྱིར་ཡེ་ཤེས་ལྔ་དང༌། འབྲས་བུ་བདུད་རྩི་ལྔར་སྣང་བ་ནི། སངས་རྒྱས་རྣམས་ཀྱིས་མཐུན་པར་གསུངས། །ཞེས་བྱའོ། །དམ་ཚིག་འདི་ནི་བླ་ན་མེད། །ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་པའི་དམ་ཚིག་གོ །བཟང་པོ་ཁྱོད་ཀྱིས་བསྐྱང་ཞེས་བྱ་བ་ནི་རྗེས་སུ་གནང་བ་བྱིན་པ་སྟེ། ཞི་བའི་བཏུང་བ་ གཙང ་སྦྲ་སྟོན་པའོ། །དེ་ལྟར་གནས་བཤད་ནས། དམ་ཚིག་ནི་སྲོག་ཆགས་གནོད་པར་མི་བྱ་སྟེ། ལྕེའི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་རྟོག་པ་མེད་པ་ལ་གནོད་པར་མི་བྱའོ། །དམ་ཚིག་འདི་ནི་བླ་ན་མེད། །ཅེས་པ་ནི་རོ་རྡོ་རྗེ་མའི་སྟོང་པ་ཉིད་མི་འདོར་བའོ། །དེ་དག་གི་དོན་འདི་སྐད་སྟོན་པ་ཡིན་ཏེ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་སློབ་དཔོན་གྱིས། གཏུམ་མོའི་དྲོད་ཀྱིས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་དང་བསྲེས་ནས་ཐོད་པའི་ནང་དུ་བཞག་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་སྲིན་ལག་དང༌། མཐེ་བོས་རོ་རྡོ་རྗེ་མ་མྱོང་ཞིང༌། ཀླང་རྒྱས་ཀྱིས་གོ་རོ་ཙ་ན་འཛག་པའི་མན་ངག་དབང་བསྐུར་བར་བྱ་བ་ནི། རིན་ཆེན་མཆོག་གི་དབང་བསྐུར་གྱི། །འགྲོ་བའི་གཙོ་བོས་དབང་བསྐུར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཁྱོད་ཀྱིས་ཀྱང་ཞིམ་པའི་བཏུང་བའི་རྗེས་སུ་གནང་བ་དང༌། ཐབས་དང་ཤེས་རབ་མི་འདོར་བའི་དམ་ཚིག་སྦྱིན་པར་བྱའོ། །ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡིན་ན་སྔར་བཤད་པའི་རིག་མ་སྔགས་ལས་སྐྱེས་མ་དང༌། ཡེ་ཤེས་ལས་སྐྱེས་མ་དང༌། ལས་ལས་སྐྱེས་མ་རིགས་དང་མཐུན་པའམ་རང་གི་རིགས་ལས་ཀྱི་ཕྱག་རྒྱར་འགྱུར་བ་མཐུན་པའི་རྣལ་འབྱོར་མ་དང་སྙོམས་པར་ཞུགས་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་དང་བསྲེས་ནས་དབང་བསྐུར་བར་བྱའོ། །དེ་ལྟར་གྲོལ་བའི་ལམ་དང་ཆགས་པའི་ལམ་ཐུན་མོང་གི་དབང་བསྐུར་བ་བསྟན་ནས། སྔོན་དུ་གསུངས་
པའི་རིག་མ་ཞེས་བྱ་བ་ནི་སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལས་སྐྱེས་དང་ཡེ་ཤེས་ལས་སྐྱེས་པ་རྣམས་སོ། །ཡང་ན་བདག་གི་རྣལ་འབྱོར་མ་ཞེས་བྱ་བ་ནི་རང་གི་ལས་ཀྱི་ཕྱག་རྒྱར་འགྱུར་བའོ། །སིཧླ་ག་པུར་གྱིས་བསྒོས་ནས་ཞེས་པ་ནི་ལྷ་རྣམས་ཀྱི་གནས་སུ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་བཀོད་ཅིང་ཅོད་པན་དང་རྒྱན་བཏགས་ནས་སངས་རྒྱས་སྤྱན་ལ་སོགས་པའི་རིག་པའི་ལྷ་མོར་སྤྲུལ་པར་བྱའོ། །ཡང་ན་རིག་མ་ནི་དེའི་སྤྲུལ་པ་བྱ་སྟེ་ཞེས་བྱ་བ་ནི་བསྙེན་སྒྲུབ་བཞི་ཡིས་སྦྱངས་ནས་རིག་མ་དེའི་དྲི་མ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དང་ཐབས་ཀྱི་གདོང་དགབ་པ་ནི་ངོ་ཚའི་འཇིགས་པ་དང་བཅས་ན་རྟོག་མེད་ཀྱི་ཡེ་ཤེས་མི་སྐྱེ་བས་ན་གདོང་གཡོགས་པར་བྱའོ། །བག་ཚ་བ་མེད་ན་གཡོགས་པར་མི་བྱའོ། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་བར་དུ་བསྟེན་པར་བྱ། །ཞེས་བྱ་བ་ནི། འཁོར་ལོ་བཞི་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་ནས། གསང་བའི་རྡོ་རྗེ་ནོར་བུའི་མཚམས་སུ་བྱང་ཆུབ་ཀྱི་སེམས་གཟུང་ལ་སློབ་མའི་ལྕེ་ལ་གཞག་པར་བྱའོ། །དེ་སྐད་དུ་ཡང་གདན་བཞི་ལས། རོ་དང་ལྕེ་ཡི་རྣམ་ཤེས་རྟག་སྤངས་ནས། །བདེ་མཆོག་འགྱུར་བ་མངོན་དུ་ཁྱིམ་གྱི་གནས། །སུ་ནི་དབུས་སུ་གནས་པ་གཟུང་བར་བྱ། །ཞེས་གསུངས་པ་དང༌། མཉམ་སྦྱོར་ལས་ཀྱང༌། བདེ་བ་ཕྱག་རྒྱ་ལ་བབ་ནས། །བུད་མེད་དག་ཀྱང་བསྒོམས་ནས་ནི། །རྡོ་རྗེ་ནོར་བུའི་མཚམས་བཟུང་ནས། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གསང་བའི་དབང་བསྐུར་བ་བཤད་ནས། ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བཤད་པར་བྱ་སྟེ། དེ་ཉིད་དུ་ནི་མཉམ་པའི་རོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་བསྙེན་སྒྲུབ་བཞིས་སྦྱོངས་པའི་ལས་ཀྱི་ཕྱག་རྒྱ་རྒྱ་སློབ་མ་ལ་བྱིན་ནས་ཨ་ཝ་དྷཱུ་ཏཱི་ཁ་སྦྱར་ལ་བདེ་བར་རྣལ་འབྱོར་མའི་སྟོབས་ཀྱིས་བསྐྱེད་པ་ལ་སློབ་དཔོན་གྱིས་དགའ་བ་དང་མཆོག་ཏུ་དགའ་བ་ལུས་བདེ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་ཡིད་བདེ་བ་རྟོག་པ་མེད་པ་སློབ་མའི་སྤྱོད་ཡུལ་དག་ཏུ་བྱའོ། །བདག་དང་གཞན་དུ་འཛིན་སྤངས་ཤིང༌། །ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པའི་རྣམ་པར་རྟོག་པ་ནུབ་པའོ། །རང་རིག་པའི་ཡེ་ཤེས་ཞེས་པ་ནི། བདེ་བ་མི་རྟོག་པ་མངོན་སུམ་གྱིས་ཤེས་པའོ། །དངོས་དང་དངོས་མེད་བདག་ཉིད་མཆོག །ཅེས་པ་ནི་རེག་བྱའི་
དངོས་པོ་དང་རེག་བྱའི་སྟོང་པ་ཉིད་དངོས་པོ་མེད་པའི་མཆོག་སྟེ། ཡུལ་གྱི་སྟོང་པ་ཉིད་ལ་བསྒོམ་པ་རྣམ་སྣང་གིས་རྒྱས་བཏབ་པས་ན་ནམ་མཁའ་དང་མཉམ་པའོ། །དེ་ཉིད་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བས་ན་རྡུལ་བྲལ་ལོ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཞེས་བྱ་བ་ནི། འདོད་ཆགས་དགའ་བ་དང་མཆོག་དགའ་དང༌། ཆགས་བྲལ་དགའ་བ་དང་དགའ་བྲལ་ཏེ། དེ་གཉིས་སྟོང་པ་ཉིད་དུ་རོ་གཅིག་པས་ན་འདྲེས་པའོ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཞེས་པ་ནི་ལུས་ཤེས་པའི་ཤེས་པ་སྒྱུ་མ་ལྟ་བུ་དང་རེག་བྱ་སྟོང་པ་ཉིད་དུ་འདྲེས་པའོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་ནི་རྣམ་པར་རྟོག་པ་དང་བྲལ་བའི་ལྷན་ཅིག་སྐྱེས་དགའོ། །དེ་ཉིད་མི་འགྱུར་ཞེས་བྱ་བ་ནི་གློ་བུར་གྱིས་མི་གནོད་པའོ། །དམ་པ་སྟེ་ཞེས་བྱ་བ་ནི་བདེ་བ་དང་ལྡན་པའི་སྟོང་པའོ། །དེ་ཉིད་ཀྱིས་ནི་ཐམས་ཅད་མཁྱེན། །ཞེས་པ་ནི་རེག་བྱའི་སྟོང་པ་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཤེས་པར་འགྱུར་རོ། །སངས་རྒྱས་ཡེ་ཤེས་དང་དཔལ་ཧེ་རུ་ཀའི་ཡེ་ཤེས་ནི་མིང་གི་རྣམ་གྲངས་སོ། །འདི་དང་དེ་དང་གཞན་ཡང་རུང༌། །ཞེས་པ་ནི་རྗེས་ལས་བྱུང་བའི་བདེ་བ་སྟོང་པ་ཤེས་པའི་རྒྱུན་ནོ། །དངོས་པོ་ནི་སྣང་བའི་དངོས་པོའོ། །དངོས་མེད་ནི་མི་སྣང་བའོ། །འདི་ལས་བྱུང་ཞེས་ཤེས་རབ་ཡེ་ཤེས་ཀྱི་སྟོང་ཉིད་ཤེས་པ་ལས་འདི་དག་ཐམས་ཅད་བྱུང་བའོ། །དེ་སྐད་དུ་ཡང་མཁའ་འགྲོ་ལས། ཀླུང་ནི་དབང་བར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་རང་བཞིན་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དང་པོ་གསང་བའི་དབང་བསྐུར་ནས། གཉིས་པ་སློབ་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །དེ་ཡང་མཉམ་སྦྱོར་ལས། སློབ་དཔོན་ཇི་ལྟར་ཟློས་གང་ལས། །སློབ་མ་རྣམས་ལ་བདེ་བ་སྦྱིན། །སློབ་མ་དག་དང་དེང་ཕྱིན་ཅད། །ཕྱག་རྒྱའི་ཡེ་ཤེས་རྗེས་གཟུང་ནས། །རྣམ་པར་སྣང་མཛད་མཆོག་བཞིན་དུ། །སངས་རྒྱས་ཀུན་གྱིས་བདག་ལ་བསྒྲུབས། །ཞེས་གསུངས་སོ། །དེ་ཡང་ཆགས་པའི་ལམ་ཤེས་པའི་རིག་པ་སྐྱེ་བའི་དབང་དུ་བྱས་ནས་དཔའ་བོ་ལུས་བདེ་བ་ནི་དགའ་བ་ཡིན་ལ་ལུས་ནི་དགའ་བ་འཕེལ་ནས། རྣལ་འབྱོར་པའི་ལུས་ཀྱི་འདོད་པའི་ཡོན་ཏན་ལྔ་དག་པར་སྣང་བ་ནི་མཆོག་དགའ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་
པ་མེད་པའི་ཡུལ་མ་ལུས་པ་བདེ་བར་འགྱུར་བ་ནི་ལྷན་ཅིག་སྐྱེས་དགའ་ཡིད་བདེ་བ་ཡིན་ནོ། །བདེ་བའི་ཐབས་ཀྱི་མ་ལུས་ཉིད། །ཅེས་བྱ་བ་ནི། དེའི་ཚེ་ཚོར་བ་སྡུག་བསྔལ་དང༌། བཏང་སྙོམས་དང་བྲལ་བས། ཡུལ་ཆོས་ཅི་སྣང་བ་ཐམས་ཅད་བདེ་བའི་རང་བཞིན་དུ་མ་ལུས་པར་རིག་པར་བྱའོ། །གྲོལ་བའི་ལམ་གྱི་དབང་དུ་བྱས་ནས་སྤྱི་གཙུག་ཏུ་ཕྱིན་པ་ནི་དགའ་བ་ཡིན་ལ། ལྐོག་མར་ཕྱིན་པ་ནི་མཆོག་དགའ་ཡིན་ལ། སྙིང་གར་ཕྱིན་པ་ནི་ཁྱད་པར་གྱི་དགའ་བ་ཡིན་ལ། བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ནོ། །དེ་ལྟར་དགའ་བ་བཞིའི་རིམ་པ་བཤད་ནས། དབང་བཞིའི་གོ་རིམས་བཤད་པར་བྱ་སྟེ། ནུབ་དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་དང༌། ནུབ་གཉིས་པ་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་དང༌། ནུབ་གསུམ་པ་བྷ་གའི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། ནུབ་བཞི་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་དབང་བསྐུར་བ་བཞི་པ་བྱ་སྟེ། ཇི་ལྟར་ཤེས་རབ་ཡེ་ཤེས་ཀྱི་དུས་སུ། ཡུལ་གྱི་སྟོང་པ་དེ་བཞིན་དུ། སེམས་ཀྱི་སྟོང་པ་ཉིད་རྟོགས་པའི་དབང་བཞི་པའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། ལྷ་ཡི་བདེ་བ་ཆེན་པོ་ཀུན། །ཐབས་དང་རྣལ་འབྱོར་བདེ་བས་མྱོང༌། །སེམས་ཀྱི་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་བ་ལས་བྱུང་བའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱིས་བཀྲུས་ནས་སུ། །ཞེས་པ་ནི། དབང་བཞི་པའི་རིམ་པ་ཀུན་རྫོབ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །སློབ་མའི་སྡིག་དང་བྲལ་བྱས་ཏེ། །ཞེས་པ་ནི་ཆུའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་འདག་པ་དང༌། གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་འདག་པ་དང༌། ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བས། སེམས་ཀྱི་གཟུང་བའི་དྲི་མ་འདག་པ་དང༌། དབང་བཞི་པས་སེམས་ཀྱི་འཛིན་པའི་དྲི་མ་འདག་པའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་རྗེས་སུ་གནང་བ་སྦྱིན་པ་ནི། སངས་རྒྱས་གྲོང་མཆོག་སྤྱན་སྔ་རུ། །ཞེས་པ་སྨོས་ཏེ། དཀྱིལ་འཁོར་བཞི་ལས། བྷ་གའི་དཀྱིལ་འཁོར་གྱི་སྤྱན་སྔ་རུའོ། །དེ་ལ་རྗེས་སུ་གནང་བའི་ཚིག་ནི་བྱང་ཆུབ་སྙིང་པོའི་མཐར་ཐུག་པ་བཞེད་ནས། ད་ནི་སེམས་ཅན་དོན་རབ་ཀྱི། །ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་གནང་བ་བྱིན་ནས། དབང་བསྐུར་བ་དང་གནང་བ་ནོད་པའི་རྗེས་ཐོགས་ལ། འཇམ་པའི་
ཚིག་གིས་དབུགས་དབྱུང་བ་བརྗོད་པར་བྱ་སྟེ། དེ་རིང་གསོན་པ་འབྲས་བུར་བཅས། །ཞེས་བྱ་བ་ནས། རྫོགས་པ་ཉིད་དུ་བདག་གྱུར་ཏོ། །ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་ཡོན་དབུལ་བ་བཤད་པར་བྱ་སྟེ། རབ་ཏུ་མགུ་བས་མིག་གདངས་ཏེ། །ཞེས་བྱ་བ་ནས། དེ་དང་དེ་ནི་ངེས་པར་དབུལ། །ཞེས་བྱ་བའི་བར་གྱིས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། བླ་མ་ཐུགས་རྗེ་བདག་གིས་ཀྱང༌། །ཞེས་པ་ནི་སློབ་མ་ལ་ཕན་པར་བཞེད་པའི་སེམས་སོ། །འཛིན་པ་མེད་པ་ཡིས་ནི་རང་གི་མངོན་སུམ་གྱི་ལམ་ཉམས་སུ་མྱོང་ནས་སློབ་མའི་ཞན་པ་སྦྱང་བའི་ཕྱིར་མངོན་སུམ་གྱི་ལམ་སྟོན་པ་ཡིན་ཏེ་དབུལ་བའི་ལམ་ཡིན་ནོ། །དེ་ནས་དེ་ལ་ཚོགས་ཀྱི་འཁོར་ལོས་མཆོད་ཅིང༌། གསེར་ནི་སྟོང་ཕྲག་བརྒྱར་གནས་ཀྱང༌། །ཞེས་བྱ་བ་ནས། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཞེས་བྱ་བས་ནི་རབ་ཏུ་ཡོན་དབུལ་བ་སྟོན་ཏོ། །མངོན་པར་འདོད་པ་རྙེད་ནས་སུ། །འདི་ལྟར་ཡང་ཡང་མཁྱེན་པར་གསོལ། །ཞེས་པ་ནི་བདག་གི་ལུས་དབུལ་བ་མངོན་པར་འདོད་པའི་དངོས་གྲུབ་རྙེད་ཀྱི་བར་དུ་རིམ་གྱིས་བརྗོད་པར་མཛོད་ཅིག་ཅེས་པའོ། །དབུལ་བའི་དགོས་པ་ནི། དི་རིང་སངས་རྒྱས་ཐམས་ཅད་ཉིད། །ཅེས་བྱ་བ་ནས། དེ་ཉིད་དུ་ནི་གཞག་པར་བྱ། །ཞེས་པའི་བར་གྱིས་བདག་གིས་མངོན་སུམ་གྱིས་ལམ་མཐོང་ནས་གཞན་ལ་ཡང་བསྟན་པར་བྱའོ་ཞེས་སློབ་མས་ཚིག་ཏུ་བརྗོད་པའི་སྒོ་ནས་དམ་འཆར་གཞུག་གོ །ལས་ཀྱི་ཕྱག་རྒྱ་འབའ་ཞིག་གི་སྒོ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རམ་ཞེ་ན། སློབ་མའི་མོས་པ་ཤེས་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་དང༌། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་ཅན་ལས། དགའ་བ་བཞིའི་ཏིང་ངེ་འཛིན་རིམ་གྱིས་བསྐྱེད་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དབང་བསྐུར་ཆོ་ག་བཞིན་བྱིན་ནས། །ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཞེས་བྱ་བ་ནི་རེག་བྱ་རྡོ་རྗེ་མ་ལས་དབང་བསྐུར་བའི་ཆོ་ག་བཞིན་དུ་བདེ་བ་སྟོང་པ་ཉིད་ཟབ་པའི་སེམས་དང༌། དགའ་བའི་རྣམ་པ་གསུམ་རྒྱ་ཆེ་བའི་རང་བཞིན་རྣམ་པར་ཤེས་པའི་བདག་ཉིད་ལ་མོས་པ་སློབ་དཔོན་གྱིས་མངོན་སུམ་གྱི་གཞན་དོན་གྱི་ཚིག་གིས་ཉམས་སུ་མྱོང་བ་བདེ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་དབང་བསྐུར་བར་བྱའོ། །ཁ་ཅིག་ཚིག་དབང་རིན་པོ་ཆེ། །ཞེས་འདོད་ཀྱང༌། དེ་ནི་རིགས་པ་མ་ཡིན་ཏེ། དབང་བསྐུར་བ་ཉམས་སུ་
མྱོང་བའི་དོན་གཏན་ལ་ཕབ་པ་ཡིན་པས། དེ་ཡང་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །དབང་བསྐུར་མཆོག་ནི་མ་ལུས་ཐོབ་ནས་སུ། །ཞེས་བྱ་བ་ནི་ཕན་ཡོན་འབྲས་བུ་རྟོགས་པ་ཡིན་ཏེ། མཆོག་ནི་རྟོགས་པའོ། །མ་ལུས་ནི་དབང་གསུམ་ཐོབ་ནས་སོ། །རྙེད་དཀའ་ནི་རྗེས་སུ་དཔག་དཀའི་ལམ་གྱིས་མི་རྟོགས་པའོ། །མཚུངས་མེད་ནི་ཡུལ་གྱི་སྟོང་པ་ཉིད་དོ། །རྡོ་རྗེ་བརྡུངས་བྱས་ཞེས་བྱ་བ་ནི་མངོན་སུམ་དུ་རྟོགས་པའོ། །དཔལ་གྱིས་ཟིན་ཅིང་ཞེས་བྱ་བ་ནི་རང་དོན་ཕུན་སུམ་ཚོགས་པའོ། །ལོངས་སྤྱོད་ཞིང་དུ་འགྱུར་ཞེས་བྱ་བ་ནི་གཞན་དོན་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞིང༌། །ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་སོ། །གསང་བའི་དབང་བསྐུར་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་རྗེས་གནང་ཐོབ་པའོ། །འཇིག་རྟེན་སྡིག་གི་དགྲ་ལས་རྒྱལ། །ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ། །བློ་ལྡན་ནི་རྟེན་གྱི་གང་ཟག་གོ །གོ་བགོས་རྒྱལ་བར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ཐོབ་པའོ། །བྱང་ཆུབ་ལ་དམིགས་སེམས་ནི་རབ་རྒྱས་གསལ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །དྲི་མེད་རྣམས་ལ་འབྱོར་པ་ནི། །འདིར་རྒྱུ་ཞེས་པ་ནི་སྤྲུལ་པའི་སྐུ་འཐོབ་པའོ། །ལེའུ་གཉིས་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།