དབང་བཞི་པ།
དེ་ནས་ཤི་ཥྱ་ཤེས་རབ་མ་དང་གཉིས་ཡོལ་བའི་ནང་དུ་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་སློབ་མས་ནོད་པར་བྱའོ། །དེ་ནས་ཤེས་རབ་དེ་ལ་ཤི་ཥྱས་གློ་
གཡོན་པས་ལ་ཕབ་ནས་ཉལ་ལ། དགའ་བའི་གཏམ་བྱ། གནས་དགུར་སེན་མོས་གདབ་པར་བྱ་སྟེ། གཡོན་པའི་ལག་པ་གཡོན་པའི་འོག་ཏུ་འདུག་པས་པདྨའི་ནང་གི་བྱེའུ་མགོ་འདྲ་བ་ལ་གླང་པོ་ཆེའི་ལག་པས་བྲུད་པ་ལ་སོགས་པ་བྱའོ། །དེ་ནས་ལྕེས་ཀྱང་རོལ་མོ་ཡང་ཡང་དུ་བྱས་ལ། པདྨ་རྒྱས་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་སྦྱོར་བ་བྱས་ཏེ། དལ་བུ་དལ་བུས་བསྐྱོད་པ་ལ། བྱང་ཆུབ་ཀྱི་སེམས་བོ་ལའི་སྐེར་ཕྱིན་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ཏེ། ཇི་ཙམ་གནས་ཀྱི་བར་དུ་བསྒོམ་མོ། །དེ་ནས་མ་ཐུབ་ན་ཀཀྐོལར་ཕྱུང་ལ། དེ་ཉིད་ཀྱེའི་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླང་ངོ༌། །དེ་ཡང་རྒྱུད་ལས། ལག་པས་བླང་བར་མི་བྱ་ཞིང༌། །ཉ་ཕྱིས་ཀྱིས་ཀྱང་མི་བྱ་སྟེ། །དུང་ལའང་གཞག་པར་མི་བྱའོ། །བདུད་རྩི་ལྕེ་ཡིས་བླང་བར་བྱ། །ཞེས་འབྱུང་བས། ཀ་སྐོ་ལ་ནས་ལྕེ་ཁོ་ནས་བླང་བར་བྱའོ། །དེ་ནི་ཤེས་རབ་མའི་ཀཀྐོལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཟོས་པས་ན་ཤེས་རབ་དབང་ཞེས་བྱའོ། །དེ་ལ་དགའ་བ་རྣམ་པ་བཞི་ནི་དགའ་བ་དང༌། ཡང་དག་པའི་དགའ་བ་དང༌། རང་བཞིན་གྱིས་དགའ་བ་དང༌། ཆད་པའི་དགའ་བ་དང་བཞིའོ། །དེ་ལ་དགའ་བ་ནི་འབའ་རྩ་བྱ་བ་ནས། བོ་ལའི་རྩར་ཕྱིན་གྱི་བར་དུའོ། །ཡང་དག་པའི་དགའ་བ་ནི། དཀྱིལ་དུ་ཕྱིན་པ་ཙམ་མོ། །རང་བཞིན་གྱི་དགའ་བ་ནི་བོ་ལའི་སྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་བསྐྱེད་པའོ། །འོན་ཏེ་གང་དུ་ དགོས་པ ་ཡིན་ཞེ་ན། སྨྲས་པ། འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱེད་དོ། །འོ་ན་འཁོར་ལོ་བཞི་དང་དགའ་བཞིར་ཇི་ལྟར་སྦྱར་བ་ནི་གསུམ་ལས་མེད་དེ། ཆད་པའི་དགའ་བ་ནི་གྲངས་སུ་མི་འགྲོ་ཞེས་སོ། །སྨྲས་པ་ཆད་པའི་དགའ་བ་གྲངས་སུ་འགྲོ། །ཅིའི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང༌། སྐད་ཅིག་མའི་དགའ་བ་གྲངས་ཡོད་པས་མི་འགལ། རྒྱུད་ལས་ཀྱང་དགའ་བ་བསྟན་པས་འཁོར་ལོ་བཞི་དང་སྦྱར་བ་མི་འགལ་ལོ་ཞེས་བྱ་བ་ལ་སོགས་པ་ནས་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དེས་ནི་ཡིད་ཉེས་པ་ཐམས་ཅད་དག་པར་བྱེད་པ་ཐུགས་ཀྱི་དབང་ཞེས་བྱའོ། །དེ་ལ་འབྲས་བུ་གང་དང་གང་སྐལ་བ་མཉམ་པར་འགྱུར་ཞེ་ན།
རིགས་ལྔའི་སངས་རྒྱས་དང་འདི་ལྟ་བུའི་དབང་ཐོབ་པའི་རྣལ་འབྱོར་པ་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་དེའི་ཚེ་དམ་ཚིག་རྣམས་ཡང་དག་པར་དབོག་པར་བྱའོ། །