གསུམ་པ། དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ།
དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །དཀྱིལ་འཁོར་པ་རྣམས་དག་གི་གཙོ། །རྡོ་རྗེ་གསུམ་མཆོག་ལ་བཏུད་དེ། །ཟླ་བ་ཁུ་བའི་ཆ་དབྱེ་བས། །དཀྱིལ་འཁོར་ཆ་ནི་བཅུ་དྲུག་པ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །ཡང་ཡང་ཆར་ནི་ཕྱེ་བ་ཡིས། །རྡོ་རྗེའི་ཐིག་ནི་གདབ་པ་ལ། །འཇམ་པའི་རྡོ་རྗེས་བསྡུས་རྒྱུད་ལས། །དྲང་སྲོང་རིགས་ནི་སྨྲ་བ་བོ། །རྣམས་ཀྱི་ང་རྒྱལ་གཞིལ་དོན་དུ། །ཁྲུ་བཞི་དཔལ་ལྡན་དཀྱིལ་འཁོར་ནི། །གསུམ་ལ་སོར་ཕྱེད་ཐིག་རྣམས་ཀྱི། །སྤྲོས་པ་གང་ཞིག་གསུངས་པ་དེ། །
རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །མཚན་ཉིད་བདག་གིས་རྒྱས་པར་བྱ། །འདིར་མཆོག་གི་དང་པོའི་སངས་རྒྱས་ལས་ཚིགས་སུ་བཅད་པ་སུམ་ཅུ་རྩ་དྲུག་པ་ལ་སོགས་པས་དཀྱིལ་འཁོར་གྱི་མཚན་ཉིད་བསྡུས་ཏེ་འཇམ་དཔལ་གྱིས་ཐིག་ཅེས་པ་ལ་སོགས་པས་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་རྣམས་ད་ནི་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དགྲོལ་བར་བྱའོ། །འདིར་སྔར་གྱི་དཀྱིལ་འཁོར་གྱི་ས་ལ་ནུབ་ཏུ་རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པ་དང་ཤར་དུ་སློབ་མ་ལས་ཀྱི་རྡོ་རྗེ་ཅན་ནུབ་ཏུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་གྱིས་གྲུ་བཞིར་གཞལ་ནས་དབུས་སུ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་ལྷོར་སློབ་དོན་བྱང་དུ་མངོན་པར་ཕྱོགས་པ་དང་བྱང་དུ་སློབ་མ་ལྷོར་མངོན་པར་ཕྱོགས་པས་ཚངས་པའི་ཐིག་གཉིས་པ་གདབ་པར་བྱ་སྟེ་ཚངས་པའི་ཐིག་གི་ངེས་པའོ། །དེ་ནས་ཟུར་སྦྱང་བའི་དོན་དུ་ཟུར་གྱི་ཐིག་ཀྱང་གདབ་པར་བྱའོ། །དེ་ནས་ཐིག་ནི་རོ་དང་དགུ་བཅུ་འདི་རྣམས་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམས་དག་ཏུ་རབ་སྦྱིན་བྱ་ཞེས་པ་ནི་འདིར་དབུས་ཀྱི་ཚངས་པའི་ཐིག་ལས་ལྷོའི་ཕྱོགས་ཀྱི་ཆར་དགུ་བཅུ་རྩ་དྲུག་དང་བྱང་དུ་དགུ་བཅུ་རྩ་དྲུག་དང་ཤར་དུ་དགུ་བཅུ་རྩ་དྲུག་དང་ནུབ་ཏུ་དགུ་བཅུ་རྩ་དྲུག་གི་ཐིག་རྣམས་རབ་ཏུ་བཏབ་ནས་སོར་ཕྱེད་བརྗོད་པ་ནོར་དང་དུས་ཀྱི་ཐིག་རྣམས་དག་གིས་ཞེས་པ་སྟེ་ཐིག་དེ་རྣམས་ལས་ཐིག་བཞི་བཅུ་རྩ་བརྒྱད་ཀྱིས་དབུས་སུ་སྙིང་པོའི་དཀྱིལ་འཁོར་དག་ཏུ་འགྱུར་ཏེ་ཐུགས་ཀྱི་དཀྱིལ་འཁོར་དུ་འགྱུར་ཞེས་པའི་དོན་ཏོ། །སྙིང་པོ་ལས་ནི་ཕྱི་རོལ་མཐའ་དག་རྣམས་ཀྱིས་ཞེས་པ་དགུ་བཅུ་རྩ་གཉིས་ལྷག་པའི་བརྒྱས་བཀོད་པ་དག་ཀྱང་དཀྱིལ་འཁོར་ཆེན་པོའི་སྒོ་ཡི་མཚམས་ཞེས་པ་སྟེ་སྙིང་པོའི་དཀྱིལ་འཁོར་གྱི་ཐིག་ལས་ཉིས་འགྱུར་གྱི་ཐིག་གིས་གསུང་གི་དཀྱིལ་འཁོར་གྱི་སྒོའི་མཚམས་སུ་འགྱུར་རོ། །གསུང་གི་དཀྱིལ་འཁོར་གྱི་ཐིག་ལས་ཉིས་འགྱུར་གྱིས་སྐུའི་དཀྱིལ་འཁོར་གྱི་སྒོའི་མཐར་ཐུག་པར་འགྱུར་རོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་རབ་ལྔ་དང་རྟ་བབས་དང་ས་ལ་སོགས་པའི་འཁོར་ཡུག་བཞི་དང་རྡོ་རྗེའི་ཕྲེང་པ་བལྟ་བར་བྱ་
སྟེ་ཕྱི་རོལ་ས་ལ་ཞེས་པ་ནམ་མཁའི་ས་ལ་ཞེས་པའི་དོན་ཏོ་ཞེས་པ་ཐིག་གདབ་བའི་ངེས་པ་གང་ཡིན་པ་དེ་ནི་སྤྲོས་པའི་དོན་གྱིས་གསུངས་པའོ། །རང་གི་ངོ་བོས་ནི་སླར་ཡང་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བཞི་པ་ལ་སོགས་པ་གཉིས་ཀྱིས་གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་གཅིག་དང་ཉི་མ་ཞེས་པ་ལ་སོགས་པའི་ཆ་ཤས་ཀྱིས་ངེས་པ་གསུངས་སོ། །དེའི་ཕྱིར་སོར་ཕྱེད་བརྗོད་པའི་རེ་མིག་འདི་རྣམས་ཀྱིས་ཚད་གང་ཡིན་པ་དེ་ནི་སློབ་དཔོན་གྱིས་སྤྲོས་པའི་དོན་ཏོ། །གཞན་གཉིས་དང་ཆུ་གཏེར་ལ་སོགས་པའི་ཆ་ཤས་ཀྱིས་གང་ཡིན་པ་དེ་ནི་བྱིས་པའི་སློབ་མ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་གསུངས་པའོ། །དེའི་ཕྱིར་ཐིག་གང་ཞིག་དབྱི་བར་བྱ་བ་དེ་དག་ནི་གདབ་པར་བྱ་བ་མ་ཡིན་ནོ་ཞེས་པ་ཆོ་ག་གཞན་གྱི་ངེས་པའོ། །དེས་ན་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྤྲོས་པ་མེད་པ་ཟླ་བའི་ཆ་དག་པས་ཐིག་གདབ་པ་བརྗོད་པར་བྱ་སྟེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གྲུ་བཞི་མཉམ་པའི་ས་གཞི་ལ། །བཅུ་དྲུག་ཆ་རུ་བྱས་ནས་ནི། །སྐུ་ཡི་དཀྱིལ་འཁོར་དོར་བྱ་སྟེ། །སླར་ཡང་ཆ་ནི་བཅུ་དྲུག་པའི། །གསུང་གི་དཀྱིལ་འཁོར་དང་པོར་བྱ། །དེ་ནས་གསུང་གི་དཀྱིལ་འཁོར་ཡང༌། །དོར་ནས་ཆ་ནི་བཅུ་དྲུག་པའི། །ཐུགས་ཀྱི་དཀྱིལ་འཁོར་སླར་ཡང་བྱ། །དེ་ལྟར་ཕྱོགས་སུ་གསུམ་ཡང་དག་དག །དཀྱིལ་འཁོར་ཡོན་ཏན་གསུམ་བདག་ཉིད། །དེ་ནས་གཉིས་དང་ཆུ་སོགས་ཆའི། །ཐིག་དེ་དཀྱིལ་འཁོར་གསུམ་ལ་གདབ་པ་ཅེས་པ་ལ་སོགས་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་པའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་ག་དེས་དབྱི་བའི་ཐིག་རྣམས་སྤངས་ནས་རྡོ་རྗེ་སློབ་དཔོན་གྱིས་ཐིག་གདབ་པར་བྱའོ་ཞེས་པ་ནི་ངེས་པའོ། །འདིར་ཡང་ཁྲུ་བཞི་པའི་བདག་ཉིད་ཀྱི་དཀྱིལ་འཁོར་གསུམ་ལ་སོར་ཕྱེད་པའི་ཆ་དགུ་བཅུ་རྩ་དྲུ་གཉིས་འགྱུར་དུ་གསུངས་པར་འགྱུར་རོ། །དེ་ལ་ཆ་བཅུ་དྲུག་པོ་རྣམས་ཀྱི་ཆ་སོ་སོ་ལ་སོར་ཕྱེད་པ་བཅུ་གཉིས་སུ་འགྱུར་ཏེ་དེ་ལྟར་ན་ཆ་བཅུ་དྲུག་པོ་རྣམས་ལ་སོར་
ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་འགྱུར་དུ་འགྱུར་རོ། །དེའི་ཕྱིར་དང་པོར་དཀྱིལ་འཁོར་གྱི་དོན་དུས་གཞི་ཆ་བཅུ་དྲུག་ཏུ་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་བཞི་རྣམས་སུ་ཆ་བཞི་དོན་ཏེ་ངོས་གཉིག་ལ་ཆ་བརྒྱད་དོར་ནས་གསུང་གི་དཀྱིལ་འཁོར་གྱི་དོན་དུ་འགྱུར་རོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་ཆ་སོ་སོའི་དབུས་སུ་ཐིག་བཏབ་ནས་ཆ་བརྒྱད་བོ་གང་ཡིན་པ་དེ་ཉིད་ཆ་བཅུ་དྲུག་ཏུ་བྱའོ། །དེ་ལ་ཆ་བཅུ་དྲུག་པོ་རྣམས་ནི་སོར་ཕྱེད་བ་དྲུག་པར་འགྱུར་རོ། །དེ་རྣམས་ལས་ཀྱང་ཐུགས་ཀྱི་དཀྱིལ་འཁོར་གྱི་དོན་དུ་ཤར་དུ་ཆ་བཞི་དང༌། །དེ་བཞིན་དུ་ནུབ་དང༌། བྱང་དང་ལྷོ་རུ་ཡང་དོར་ནས་གཞན་སྙིང་པོའི་ཆ་བརྒྱད་པོ་ཆ་སོ་སོའི་དབུས་སུ་ཐིག་བཏབ་སྟེ་ཆ་བཅུ་དྲུག་ཏུ་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་དེ་ལ་ཆ་བཅུ་དྲུག་པོ་རྣམས་ནི་སོར་ཕྱེད་པ་གསུམ་པར་འགྱུར་རོ། །དེ་ལྟར་ན་ནོར་དང་དུས་ཀྱིས་འགྱུར་ཞེས་པ་སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱིས་ཏེ་སོར་ཕྱེད་པ་གསུམ་གྱི་བདག་ཉིད་ཀྱི་ཆ་བཅུ་དྲུག་གིས་སོ། །དེ་རྣམས་ལ་ཆངས་པའི་ཐིག་ལས་བྱང་དང་ལྷོ་དང་ཤར་དང་ནུབ་ཀྱི་ཆ་གཉིས་གཉིས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞིའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་སོར་ཕྱེད་པ་གསུམ་གྱི་ཆ་བཞི་ནི་གསུང་གི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་སོ། །དེ་བཞིན་དུ་སོར་ཕྱེད་པ་གསུམ་གྱི་ཆ་བརྒྱད་ནི་སྐུའི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་ཏེ་དེ་ལྟར་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་ལ་རང་རང་གི་འཁོར་ལོའི་ཚད་ཀྱིས་སྒོ་ནི་འཁོར་ལོའི་བརྒྱད་ཆར་འགྱུར་རོ། །འཁོར་ལོ་ཡང་ར་བའི་དད་པོའི་མཚམས་སུ་རིག་པར་བྱའོ། །དཀྱིལ་འཁོར་གསུམ་གཡང་དེ་བཞིན་ནོ། །ཚངས་པའི་ཐིག་ལས་བྱང་དང་ལྷོ་དང་ཤར་དང་ནུབ་ཏུ་སོར་ཕྱེད་པ་གཉིས་གཉིས་སྤངས་ནས་སྙིང་པོའི་པདྨའི་ལྟེ་བའི་གཙོ་བོའི་གདན་གྱི་དོན་དང་ཕྱོགས་དང་སྒོ་བཞི་རྣམས་སུ་ལྷའི་པདྨའི་གདན་གྱི་དོན་དུ་ཐིག་གདབ་པར་བྱའོ། །དེ་ནས་བྱང་དང་ལྷོ་དང་ཤར་དང་ནུབ་ཀྱི་ཕྱོགས་རྣམས་སུ་ཆུ་གཏེར་ཞེས་པ་སོར་ཕྱེད་པ་བཞི་ནི་པདྨའི་འདབ་མ་རྣམས་སུ་འགྱུར་ཏེ་གཙོ་བོའི་པདྨ་ནི་ལྷ་དང་ལྷ་མོ་ལྷག་མ་
རྣམས་ཀྱི་གདན་ལས་སུམ་འགྱུར་རོ། །དེ་ལྟར་ཚངས་པའི་གནས་སུ་ནི་ཉི་མའི་རེ་མི་ག་དག་གིས་ཞེས་པ་སོར་ཕྱེད་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་པདྨའོ། །པདྨའི་སུམ་ཆ་ནི་ལྟེ་བ་སྟ་སོར་ཕྱེད་བ་བཞིར་འགྱུར་རོ་ཞེས་པ་ངེས་པའོ། །ཕྱོགས་རྣམས་སུ་འདབ་མའི་ནང་དུ་ཐིག་བཏབ་ནས། ལྷག་མ་སོར་ཕྱེད་པ་གསུམ་རྣམ་པ་གཉིས་སུ་བྱས་ཏེ། རྐང་པ་དང་བཅས་པའི་སོར་ཕྱེད་པའི་ཆས་སྙིང་པོའི་དཀྱིལ་འཁོར་ལ་རེ་ཁཱ་གསུམ་དུ་འགྱུར་ཏེ། ཕྱོགས་གཞན་དུའང་འགྱུར་རོ། །དེ་ནས་པདྨའི་འདབ་མའི་ཕྱི་རོལ་དུ་སོར་ཕྱེད་པའི་གཅིག་གིས་རྡོ་རྗེ་ཕྲེང་བའི་གནས་སོ། །དེ་ནས་སོར་ཕྱེད་པ་བཞིས་ལྷའི་པདྨ་རྣམས་སོ། །པདྨའི་དབུས་སུ་ཐིག་བཏབ་ནས་སྔ་མ་མ་ཡིན་པའི་རྡོ་རྗེའི་ཕྲེང་བའི་ཆ་དང༌། ལྷན་ཅིག་སོར་ཕྱེད་པ་གསུམ་དུ་འགྱུར་ཏེ། དེ་རྣམས་ཀྱི་དབུས་སུ་ཐིག་བཏབ་ནས་ཕྱེད་དང་བཅས་པ་ཕྱེད་དང་བཅས་པའི་ཆས་འགྲམ་གྱི་གནས་སུ་ར་བའི་ས་དང༌། རྟབ་བས་ཀྱི་ཀ་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་གདན་ལས་ཕྱི་རོལ་དུ་སོར་ཕྱེད་ཀྱིས་ཕྱིའི་རྡོ་རྗེ་ཕྲེང་བར་འགྱུར་རོ། །སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་གྱི་ལེ་ཚེ་རྣམས་ལ་བུམ་པའམ། ཐོད་པ་རྣམས་ཀྱི་གདན་བརྒྱད་དུ་འགྱུར་ཏེ། གཡོན་དང་གཡས་སུ་ཀ་བ་བཅུ་དྲུག་གི་བར་དུ་སོར་ཕྱེད་པའི་ཆ་གསུམ་གྱིས་སོ། །ལྷག་མ་ནི་སངས་རྒྱས་ཀྱི་གདན་གྱི་ཚད་ཀྱིས་སོ། །དེ་ནས་རྡོ་རྗེ་ཕྲེང་བ་ལས་སོར་ཕྱེད་པ་གསུམ་པའི་ཆ་གཉིས་དང་སོར་ཕྱེད་དོར་ནས་ཐིག་བཏབ་སྟེ། དེ་ནས་བཞིས་དྲི་ལ་སོགས་པའི་ལྷ་མོ་རྣམས་དང༌། སྣ་ལ་སོགས་པའི་ལྷ་རྣམས་ཀྱི་གདན་གྱི་དོན་དུ་ཐིག་གདབ་པར་བྱའོ། །དེ་ནས་སོར་ཕྱེད་དོར་ནས་ཕྱེད་དང་བཅས་པའི་སོར་མོ་ཕྱེད་ཀྱིས་རབ་གསུམ་དུ་འགྱུར་རོ། །དེ་བཞིན་དུ་ར་བའི་ས་ལས་ཉིས་འགྱུར་ནི་སྟེགས་བུའི་སའོ། །སྟེགས་བུའི་ཕྱེད་ཀྱིས་རིན་ཆེན་སྣམ་བུའོ། །རིན་ཆེན་སྣམ་བུའི་ཉིས་འགྱུར་གྱིས་དོ་ཤལ་དང་དོ་ཤལ་ཕྱེད་པའི་སའོ། །དོ་ཤལ་གྱིས་ཕྱེད་ནི་བ་ཀུ་ལཱི་དང་ཀྲམ་ཤཱི་ཪྵའོ། །དེ་ལྟར་ན་སྒོ་དང་མཉམ་པ་ནི་སྒོ་ཁྱུད་
དོ། །སྒོ་ཁྱུད་དང་མཉམ་པ་ནི་ལོགས་ཏེ་འགྲམ་ཡང་དེ་བཞིན་ནོ། །ཀ་བའི་སྟེང་དུ་རྟ་བབས་ནི་སྒོའི་ཚད་ལས་སུམ་འགྱུར་ཏེ། དེ་ལྟར་ན་སྙིང་པོའི་དཀྱིལ་འཁོར་ལ་ཐིག་གདབ་བའི་ངེས་པའོ། །དེ་ལྟར་ཐིག་ནི་རོ་དང་ཞེས་པ་ནས་བརྩམས་ཏེ། དོ་ཤལ་ཕྱེད་པ་དག་གི་མཐར་ནི་བ་ཀུ་ལཱི་ར་ཡང་རབ་ཏུ་འགྱུར་ཞེས་པའི་མཐར་ཐུག་པ་སྔར་ཐིག་གདབ་པ་དང༌། སླར་ཡང་དཀྱིལ་འཁོར་གྱི་དོན་དུ་གཞན་གཉིས་དང་ཆུ་གཏེར་གཅིག་དང་ཆུག་གཏེར་གཅིག་དང་ཞེས་པ་ནས་བརྩམས་ཏེ། རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱིས་ཞེས་བའི་མཐར་ཐུག་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་པ་གཉིས་རབ་ཏུ་གསུངས་སོ་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ངེས་པའོ། །ད་ནི་རྩ་བའི་རྒྱུད་ལས་གསུངས་པའི་རྟ་བབས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་རྟ་བབས་ནི་ཐམས་ཅད་དུ་སྒོའི་ཚད་ལས་སུམ་འགྱུར་དུ་འགྱུར་རོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་སོར་ཕྱེད་པ་དྲུག་གིས་སྒོ་སྟེ། དེ་ལས་སུམ་འགྱུར་སོར་ཕྱེད་པ་བཅོ་བརྒྱད་ཀྱིས་རྟ་བབས་སུ་འགྱུར་རོ། །དེ་ཉིད་ནི་རྩེག་མ་གསུམ་དུ་བྱ་སྟེ། རྩེག་མ་དང་པོ་ནི་སོར་ཕྱེད་པ་དྲུག་གིས་སོ། །གཉིས་པ་ནི་ཕྱེད་དང་བཅས་པའི་བཞི་ཡིས་སོ། །གསུམ་པ་ནི་ཕྱེད་དང་བཅས་པའི་གསུམ་གྱིས་སོ། །དེ་ནས་གཉིས་ཀྱིས་ཧ་ར་མི་དང༌། གཉིས་ཀྱིས་བུམ་པ་སྟེ་དེ་ལྟར་ཆ་བཅོ་བརྒྱད་ཀྱིས་རྟ་བབས་སུམ་རྩེག་གོ །དེ་ལ་རྩེག་མ་དང་པོ་ལ་ཀ་བའི་སྟེང་དུ་སོར་ཕྱེད་ཀྱི་ཆས་སྣམ་བུ་སྟེ་རིང་བ་ཉིད་དུ་སོར་ཕྱེད་པ་ཉི་ཤུ་རྩ་བཞིའོ། །དེའི་སྟེང་དུ་སོར་ཕྱེད་ཀྱི་ཆས་མྱོས་པ་སྲུང་བ་སྟེ་རིང་བ་ཉིད་དུ་སོར་ཕྱེད་པ་བཅུ་དྲུག་གོ །དེའི་སྟེང་དུ་སྙིང་པོའི་ལྟེ་བའི་ཚད་ཀྱིས་དབུས་སུ་མཆོད་པའི་ལྷ་མོའི་གནས་གྲུ་བཞིའོ། །དེའི་གཡས་དང་གཡོན་དུ་སོར་ཕྱེད་ཀྱིས་ཀ་བའོ། །དེ་དག་གི་གཡས་དང་གཡོན་དུ་སླར་ཡང་ལྷ་མོའི་གནས་སོ། །དེ་ནས་སླར་ཡང་གཡས་དང་གཡོན་དུ་ཀ་བའོ། །དེ་དག་གི་གཡས་དང་གཡོན་དུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་གླང་བོ་ཆེ་མནན་པའི་སེང་གེ་ཟུང་ཞིག་མགོ་བོ་སྟེང་དུ་བལྟས་པའོ། །དེ་དག་གི་མགོ་བོའི་
སྟེང་དང་ཀ་བ་བཞིའི་སྟེང་དུ་འོག་གི་སྣམ་བུའི་ཕྱེད་ཀྱི་ཆས་སྣམ་བུར་འགྱུར་ཏེ། རིང་བ་ཉིད་དུ་སོར་ཕྱེད་བ་བཅྭ་བརྒྱད་པའོ། །དེའི་སྟེང་དུ་རྩ་བའི་མྱོས་པ་སྲུང་བ་བཞིན་དུ་མྱོས་པ་སྲུང་བ་སྟེ། རིང་བ་ཉིད་དུ་སོར་ཕྱེད་བ་བཅུ་གཉིས་པའོ། །དེའི་སྟེང་དུ་རྐང་པས་དམན་པའི་སོར་ཕྱེད་ཀྱི་ཆས་ཀ་བ་སོ་སོ་སྟེ། ཀ་བའི་བར་དུ་སོར་ཕྱེད་བ་གསུམ་གསུམ་གྱིས་ལྷའི་གནས་སམ། མཚན་མའི་གནས་གསུམ་མོ། །ཕྱི་རོལ་གྱི་ཀ་བདག་གི་གཡས་དང་གཡོན་དུ་ཤཱ་ལ་བྷ་ཉྫི་ཀཱ་བྱའོ། །དེ་དག་གི་མགོ་བོའི་སྟེང་དང༌། ཀ་བ་བཞིའི་སྟེང་དུ་སླར་ཡང་སོར་ཕྱེད་པ་ཕྱེད་ཀྱིས་ཆས་སྣམ་བུ་སྟེ། རིང་བ་ཉིད་དུ་སོར་ཕྱེད་བ་བཅྭ་ལྔའོ། །དེའི་སྟེང་དུ་སྔ་མ་བཞིན་དུ་སོར་ཕྱེད་ཀྱིས་མྱོས་པ་སྲུང་བ་སྟེ། རིང་བ་ཉིད་དུ་སོར་ཕྱེད་བརྒྱད་པའོ། །དེའི་སྟེང་དུ་སོར་ཕྱེད་ཕྱེད་ཀྱི་ཆས་ཀ་བ་སོ་སོ་བྱའོ། །ཀ་བའི་བར་བར་དུ་རྩ་བའི་རྩེག་མའི་ལྷའི་གནས་ཀྱི་ཕྱེད་ཀྱི་ཆས་གནས་གསུམ་མོ། །དེ་ལ་ཕྱི་རོལ་གྱི་ཀ་བདག་གི་གཡས་དང་གཡོན་དུ་སླར་ཡང་ཤཱ་ལ་བྷ་ཉྫི་ཀཱ་བྱའོ། །དེའི་སྟེང་དུ་ཆ་ཕྱེད་ཀྱིས་སྣམ་བུ་སོར་ཕྱེད་བཅུ་གཉིས་པའོ། །དེའི་སྟེང་དུ་ཧར་མི་རིང་བ་ཉིད་དུ་སོར་ཕྱེད་བརྒྱད་པའོ། །དེའི་སྟེང་དུ་གཉིས་ཀྱིས་བུམ་པ་སྟེ། གཡས་དང་གཡོན་དུ་རྒྱལ་མཚན་གྱི་ཡུ་བའི་གནས་སོ། །དེ་བཞིན་དུ་སྣམ་བུ་སོ་སོའི་རྩེ་མོར་རྔ་ཡབ་དང༌། མེ་ལོང་འཕྱང་བ་དང༌། རྒྱལ་མཚན་ཏེ་རྟ་བབས་ཀྱི་ཚད་དང་མཚན་ཉིད་རྩ་བའི་རྒྱུད་ལས་གསུངས་པའོ། །ད་ནི་གསུང་གི་དཀྱིལ་འཁོར་གསུངས་པ་རེ་མིག་དྲུག་གིས་རྟ་བབས་འོག་ཏུ་ནོར་གྱི་པདྨ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའོ་ཞེས་པ་སྟེ། འདིར་གསུང་གི་དཀྱིལ་འཁོར་ལ་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་དྲུག་གི་བདག་ཉིད་ཀྱི་ཆ་བཞི་པོ་གང་ཡིན་པ་དེ་དག་ལས། ཆ་གཉིས་ལ་སྙིང་པོའི་དཀྱིལ་འཁོར་གྱི་ར་བ་དང༌། སྟེགས་བུ་དང༌། རིན་ཆེན་སྣམ་བུ་དང༌། དོ་ཤལ་དང༌། དོ་ཤལ་ཕྱེད་པ་དང༌། བ་ཀུ་ལཱི་དང༌། ཀྲ་མ་ཤཱིཪྵ་རྣམས་བཀོད་དེ་ལྷག་མ་ཆ་གཉིས་གནས་སོ། །དེ་དག་ལས་
ཆ་གཅིག་དོར་ནས། ཆ་གཞན་གྱི་རེ་མིག་དྲུག་པོ་རྣམས་ལས་སྟེང་དང་འོག་ཏུ་རེ་མིག་རེ་རེ་དོར་ལ། དབུས་སུ་ཆ་བཞིས་རྣལ་འབྱོར་མ་རྣམས་ཀྱི་པདྨ་བརྒྱད་ཀྱི་སྣམ་བུ་སྟེ། ཕྱོགས་དང་མཚམས་རྣམས་ཐམས་ཅད་དུ་པདྨའོ། །ཕྱོགས་རྣམས་སུ་རྟ་བབས་ཀྱི་འོག་ཏུ་སྟེ། རྩེག་མ་གཉིས་པའི་མྱོས་པ་སྲུང་བ་དང༌། ཀ་བ་ཟུང་དག་ལ་སོར་མོ་ཕྱེད་པ་ཕྱེད་ཙམ་བཀྱེད་ནས་སོར་ཕྱེད་བཞི་བཞག་པ་ལ་རྣལ་འབྱོར་མ་རྣམས་ཀྱི་པདྨ་བྱའོ། །ལྷ་མོ་རྣམས་མེད་ན་སླར་ཡང་སྔར་བརྗོད་པའི་མཚན་ཉིད་དོ། །མཚན་ཉིད་དེ་ཉིད་ཀྱིས་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་ལ་སྒོ་ནས་བརྩམས་ཏེ། རྟ་བབས་ཀྱི་མཐར་ཐུག་པ་ཐམས་ཅད་ཉིས་འགྱུར་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །དེ་ནི་དེ་ནས་ཞེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་གསུངས་པ་འདིར་སྐུའི་དཀྱིལ་འཁོར་ལ་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཆ་བཞི་པོ་གང་ཡིན་པ་དེ་རྣམས་ལས་ཆ་གཉིས་ལ་གསུང་གི་དཀྱིལ་འཁོར་གྱི་ར་བ་དང༌། སྟེགས་བུ་དང༌། རིན་ཆེན་སྣམ་བུ་དང༌། དོ་ཤལ་དང༌། དོ་ཤལ་ཕྱེད་པ་དང༌། བ་དཀུ་ལཱི་དང༌། ཀྲ་མ་ཤཱིཪྵ་རྣམས་བཀོད་དེ་ལྷག་མ་ཆ་གཉིས་གནས་སོ། །དེ་ནས་ཏེ་གསུང་གི་དཀྱིལ་འཁོར་གྱི་མཐའ་ནས་རོ་ཡིས་བསྒྱུར་པའི་དུས་ཀྱིས་ཞེས་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་དཔལ་ལྡན་ཚོན་གྱི་སར་འགྱུར་ཞིང་རེ་ཁཱ་ལྔའི་བར་དུའོ་ཞེས་པ་ནི་ངེས་པའོ། །དཀྱིལ་འཁོར་དེ་ལ་ཕྱོགས་ཟུར་རྣམས་སུ་ཉི་མའི་པདྨ་ཞེས་པ་ནི་པདྨ་བཅུ་གཉིས་ཏེ། ཉིས་འགྱུར་མ་ནུའི་འདབ་ལྡན་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པའོ། །ཉི་མའི་རེ་མིག་དག་གིས་ཞེས་པ་ནི་སོར་ཕྱེད་པའི་ཆ་བཅུ་གཉིས་ཀྱིས་ཏེ། སོར་ཕྱེད་པ་བཅུ་གཉིས་པོ་དེ་རྣམས་ཆ་བདུན་དུ་བྱས་ནས། དབུས་ཀྱི་ཆས་ལྟེ་བའོ། །གཡས་དང་གཡོན་གྱི་ཆ་གཉིས་པས་འདབ་མ་བཞི་དང༌། གཡས་དང་གཡོན་གྱི་གསུམ་པས་འདབ་མ་བརྒྱད་དང༌། གཡས་དང་གཡོན་གྱི་བཞི་པས་འདབ་མ་བཅུ་དྲུག་སྟེ། དེ་ལྟར་ན་འདབ་མ་ཉི་ཤུ་རྩ་བརྒྱད་བྱའོ། །དེ་བཞིན་དུ་སྙིང་པོའི་སྒོ་ནི་
མུན་པའི་ཡོན་ཏན་གྱི་དབང་གིས་ཏེ། དེ་ལས་བར་མའི་དཀྱིལ་འཁོར་གྱི་སྒོ་རྡུལ་གྱི་ཡོན་ཏན་གྱི་དབང་གིས་ཉིས་འགྱུར་རོ། །དེ་ལས་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབང་གིས་སྐུའི་དཀྱིལ་འཁོར་གྱི་སྒོ་བཞི་འགྱུར་རོ། །ར་བ་ལ་སོགས་པ་དང་རྟ་བབས་ལ་སོགས་པ་ཡང་དེ་བཞིན་ནོ། །ཁོར་ཡུག་གསུམ་བཀོད་རྣམས་ཏེ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་བཀོད་པ་རྣམས་ནི་བརྒྱད་པ་གསུམ་གྱིས་ཞེས་པ་ཉི་ཤུ་རྩ་བཞིས་རབ་ཏུ་བྱའོ། །ཁོར་ཡུག་གསུམ་པོ་དེ་དག་རྣམས་ཀྱི་ཐོག་མའི་ཆ་ལ་ཉི་ཟླ་འཆར་བའི་འཁོར་ཡུག་དེ་ཕྱེད་རེ་མིག་རྣམས་ཀྱིས་ཏེ་བཅུ་གཉིས་ཀྱིས་བྱའོ། །དེ་རྣམས་ཀྱི་མཐའ་ལ་རྡོ་རྗེ་ཕྲེང་བ་བཅུ་གཉིས་ཀྱིས་བྱ་སྟེ། ཉི་ཤུ་རྩ་བཞི་རྣམས་ཀྱིས་རྡོ་རྗེའི་མེ་ལྕེའོ། །དེ་ལ་སྒོའི་མཐའི་འཁོར་ལོ་གང་ཡིན་པ་དེ་ནི་སོ་སོར་རྩིབས་བརྒྱད་པ་སྟེ། རླུང་དང་མེའི་ཁོར་ཡུག་གི་དབུས་སུ་ཆ་བཅུ་གཉིས་ཀྱིས་སོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཀ་བའི་འོག་ཏུ་སྟེགས་བུ་ལ་བཅུ་གཉིས་ཀྱིས་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །ཤིང་རྟ་ནི་བཅུ་གཉིས་ཀྱིས་སྒོའི་དབུས་སུ་སྟེ། དེ་ཉིད་ལ་གསུང་གི་དཀྱིལ་འཁོར་གྱི་རྟ་བབས་སོར་ཕྱེད་པ་བཅུ་གཉིས་སྤངས་ནས་སྒོའི་ཕྱེད་གཉིས་པ་ལ་དབང་པོ་ལ་སོགས་པའི་ལྷའི་སྣམ་བུ་དང་མཚུངས་པའི་ཤིང་རྟ་བྱའོ། །ཤར་དང་ནུབ་ཏུ་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་བུམ་པ་སྤངས་ནས་ནམ་མཁའ་དང་ས་འོག་གི་ཤིང་རྟ་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ངེས་པའོ། །དེ་ནི་རྡོ་རྗེ་ཞེས་པ་ལ་སོགས་པས་རྡུལ་ཚོན་གདབ་པའི་ཆོ་ག་གསུངས་པ་འདིར་ཐིག་བཏབ་ཅིང་ལྷའི་གནས་ཐམས་ཅད་སྦྱངས་པར་གྱུར་པ་ནི་དེ་ནས་དྲི་དང་མེ་ཏོག་ལ་སོགས་པ་དང་གཏོར་མ་བྱིན་ཏེ་ཕྱི་ནས་རྡུལ་ཚོན་དགྱེ་བ་བརྩམ་པར་བྱའོ། །དེ་ལ་འབྱོར་པ་དང་རྗེས་སུ་མཐུན་པས་ཚོན་ལྔ་བྱ་སྟེ་འཁོར་ལོས་སྒྱུར་པའི་འབྱོར་པ་ལ་རྡོ་རྗེ་ལ་སོགས་པའམ། རིན་པོ་ཆེ་ལྔས་ཕྱེ་མ་བྱའོ། །དེ་ལ་མ་ར་ཀ་ཏའི་ཕྱེ་མས་ལྗང་གུ་དང༌། ཨིནྡྲ་ནཱི་ལས་ནག་པོ་དང༌། པདྨ་རཱ་གས་དམར་པོ་དང༌། ཟླ་བ་ཆུ་ཤེལ་གྱིས་དཀར་པོ་དང༌། ཀརྐེ་ཏ་
ནས་སེར་པོ་དང༌། མཐོན་ཀ་ཆེན་པོས་སྔོན་པོའོ། །དེ་བཞིན་དུ་ཐུན་མོང་བའི་འཁོར་ལོས་སྒྱུར་པ་རྣམས་ཀྱི་གསེར་གྱི་ཕྱེ་མས་ནི་སེར་པོ་དང་མུ་ཏིག་གི་ཕྱེ་མས་དཀར་པོ་དང་བྱི་རུའི་ཕྱེ་མས་དམར་པོ་དང་མུ་མེན་གྱི་ཕྱེ་མས་ནག་པོ་དང་ཚོན་བཞི་བསྲེས་པས་ནི་ལྗང་གུའོ། །དབྱེ་བ་ལྔ་ཡི་འབྲུའམ་ཞེས་པ་ནི་མུངྒ་ལ་སོགས་པའམ་འབྲས་མ་ཉམས་པ་རྣམས་སམ་རྣམས་མང་ནོར་བུའི་ཕྱེ་མའི་ཚོན་རྣམས་སམ་བཏགས་པའི་ཚོན་ཐུན་མོང་བ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྟེ་རྡོ་རྗེ་རྣམས་ཀྱིས་ཇི་ལྟར་བ་དེ་བཞིན་དུ་མ་ཉམས་པའི་འབྲུ་རྣམས་ཀྱིས་སོ། །མར་ཀ་ཏ་ལ་སོགས་པའི་ཕྱེ་མ་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏགས་པའི་ཚོན་རྣམས་ཀྱིས་ཏེ། ཇི་ལྟར་འབྱོར་བ་ལས་འདི་རྣམས་ཀྱིས་ཕྱོགས་ཀྱི་ཆར་ས་ལ་རྡུལ་ཚོན་གདབ་པར་འགྱུར་རོ། །ཀྱེ་མི་ཡི་བདག་པོ་དེ་ཉིད་ནི་སངས་རྒྱས་དབྱེ་བ་འཆད་པར་འགྱུར་པ་རྣམས་ཀྱིས་ཏེ་དཀྱིལ་འཁོར་ལའོ། །ཕྱི་རོལ་དུ་ཡང་སའི་ཁོར་ཡུག་ལ་སེར་པོ་དང་ཆུ་ལ་དཀར་པོ་དང་མེ་ལ་དམར་པོ་དང་རླུང་གི་ཁོར་ཡུག་ལ་ནག་པོས་ཏེ་རིམ་པས་སོ། །དེ་ནི་ཤར་དུ་ཞེས་པ་ལ་སོགས་པས་ཚོན་གྱི་སའི་ཁ་དོག་གསུངས་པ་འདིར་བདག་པོའི་མཚན་མ་དང་ཞལ་གྱི་དབང་གིས་དཀྱིལ་འཁོར་གྱི་ས་ལ་ཕྱོགས་ཀྱི་ཆར་འགྱུར་ཏེ་ཞལ་ནག་པོ་ལ་སོགས་པས་སོ། །དེས་ན་ཐུགས་རྣམ་པར་དག་པས་ཤར་དུ་དཔལ་ལྡན་ནག་པོའི་སར་འགྱུར་རོ། །གསུང་རྣམས་པར་དག་པས་ལྷོ་རུ་ཉི་མ་དང་མཚུངས་པའོ། །ཡེ་ཤེས་ཀྱི་ཞལ་རྣམ་པར་དག་པས་ནུབ་ཏུ་གསེར་མདོག་སྟེ་སེར་པོའོ། །སྐུའི་ཞལ་རྣམས་པར་དག་པས་བྱང་དུ་ཡང་གཞན་ཏེ་དཀར་པོའོ། །དེ་ལྟར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་ཕྱོགས་རྣམས་སུ་རྡུལ་ཚོན་དབྱེ་བར་བྱའོ། །དེ་ཡང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་ཚོན་དཀར་པོ་ལ་སོགས་པ་ལས་ཀྱི་རྗེས་སུ་འབྲངས་པས་ཕྱོགས་རྣམས་སུ་བཏབ་སྟེ་དེ་ནས་ཞལ་གྱི་དབྱེ་བས་དགྱེ་བར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་དཀར་དང་ཞེས་པ་ལ་སོགས་པས་སྟེགས་བུ་ལ་སོགས་པ་རྣམས་ཀྱི་རྡུལ་ཚོན་གྱི་ཁ་དོག་གསུངས་པ་འདིར་སྟེགས་བུ་ནི་དཀར་པོ་སྟེ་དེ་ཡང་གཟུགས་ཀྱི་སྣམ་བུའོ། །དེའི་སྟེང་དུ་
རིན་ཆེན་སྣམ་བུའི་ས་དམར་པོ་སྟེ། དེ་ལ་རིན་པོ་ཆེའི་འཆིང་བ་རྣམ་པར་བཀྲ་ཞིང་སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པའོ། །དེ་བཞིན་དུ་དོ་ཤལ་གྱི་ས་ནག་པོ་སྟེ་དེ་ལ་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་མེ་ལོང་དང་རྔ་ཡབ་རྣམས་སོ། །བ་ཀུ་ལཱི་དཀར་པོ་དང༌། ཀ་བ་སེར་པོ་དང༌། ཀྲ་མ་ཥཱིཪྵ་དཀར་པོ་དང༌། ལྷའི་པདྨ་རྣམས་ནི་ཟླ་བའི་ཁ་དོག་དང་ཉི་མའི་ཁ་དོག་གོ །དེ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་ལ་ཐམས་ཅད་དུ་སྐུ་དང༌། གསུང་དང༌། ཐུགས་དག་པས་ར་བ་རྣམས་ནི་དཀར་པོ་དང་དམར་པོ་དང་ནག་པོའི་རེ་ཁཱར་འགྱུར་རོ། །དབུས་སུ་ཞེས་པ་ལ་སོགས་པས་སྙིང་པོའི་པདྨ་ལ་སོགས་པའི་ཁ་དོག་གསུངས་ཏེ་འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་པདྨ་འདབ་བརྒྱད་ལྗང་གུའོ། །ཞི་བ་ལ་སོགས་པ་རྣམས་ལ་དཀར་པོ་ལ་སོགས་པར་འགྱུར་ཏེ་ཐུན་མོང་གིས་ལྗང་གུའོ། །བུད་བ་དང་མཚུངས་ཀ་བ་རྡོ་རྗེ་ཕྲེང་བར་འགྱུར་ཞེས་པ་པདྨའི་ཕྱི་རོལ་དུ་ཀ་བ་བཅུ་དྲུག་ནི་ཤར་ལ་སོགས་པ་རྣམས་སུ་སྟེ་རལ་གྲི་དང་རིན་པོ་ཆེ་དང་འཁོར་ལོ་དང་པདྨའི་ཕྲེང་བ་དང་ལྡན་བ་བཞི་བཞི་ཉིད་དོ། །འདིར་སྙིང་པོའི་པདྨའི་ཟུར་བཞི་རྣམས་སུ་གྲངས་བཞིན་དུ་དབང་ལྡན་དུ་དུང་ཟླ་བའི་ཁ་དོག་ཅན་དང༌། བདེན་བྲལ་དུ་ཆོས་ཀྱི་གཎྜཱི་ཉི་མའི་ཁ་དོག་ཅན་དང༌། མེའི་ཟུར་དུ་ཡིད་བཞིན་གྱི་ནོར་བུ་ཁ་དོག་ནག་པོ་དང༌། རླུང་གི་ཟུར་དུ་དཔག་བསམ་གྱི་ཤིང་སེར་བོའོ། །དེ་བཞིན་དུ་ཕྱོགས་བཞིའི་ཀ་བ་བཅུ་དྲུག་གི་བར་སངས་རྒྱས་དང་ལྷ་མོ་རྣམས་དང་བུམ་པ་དཀར་པོ་རྣམས་ཏེ་ཕྱོགས་བརྒྱད་དུ་པདྨའི་སྟེང་ན་གནས་ཤིང་པདྨའི་ཁ་དང་ལྡན་པའོ། །འདིར་པདྨ་དམར་པོའི་སྟེང་དུ་ལྷ་མོ་རྣམས་ཀྱི་ཟླ་བའི་གདན་དུ་འགྱུར་ཞིང་པདྨ་དཀར་པོའི་སྟེང་དུ་ལྷ་རྣམས་ཀྱི་ཉི་མའི་གདན་དུ་འགྱུར་ཏེ། འདབ་མ་བརྒྱད་པོ་རྣམས་སྤངས་ནས་པདྨའི་སུམ་ཆའི་ལྟེ་བ་ལའོ། །ལྷ་མོ་རྣམས་ཀྱི་ཟླ་བའི་གདན་ཡང་ཟུར་རྣམས་སུ་སྟེ་ལྷ་རྣམས་ཀྱི་ནི་ཕྱོགས་སུའོ། །ཐམས་ཅད་ཀྱི་ཕྱི་རོལ་དུ་ནི་རྡོ་རྗེ་ཕྲེང་བར་འགྱུར་ཏེ་གཙོ་བོའི་པདྨའི་ཁ་དོག་གི་དབང་གིས་བྱ་ཞིང༌། རྟ་བབས་ནི་ཁ་དོག་སྣ་ཚོགས་སུ་
བྱའོ། །རྩ་བའི་དཀྱིལ་འཁོར་ལ་རྡུལ་ཚོན་དགྱེ་བ་དང་ཁ་དོག་གི་ངེས་པའོ། །ད་ནི་གསུང་དང་སྐུའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཁ་དོག་གསུངས་པ་དཀར་པོའི་མདོག་ཅེས་པ་ལ་སོགས་པ་སྟེ་འདིར་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར་མ་རྣམས་དང༌། འདོད་མ་རྣམས་དང། སྐུའི་དཀྱིལ་འཁོར་ལ་ཕྱིར་འདོད་མ་ལ་སོགས་པ་རྣམས་ཀྱི་སྣམ་བུ་ནི་དཀར་པོའི་མདོག་ཏུ་འགྱུར་ཞིང་ནོར་གྱི་པདྨ་སྟེ་པདྨ་བརྒྱད་ཀྱི་གཞིའི་སྣམ་བུ་དག་ཀྱང་ཕྱོགས་དང་ཕྱོགས་བྲལ་ཀུན་དུའོ། །དེ་ལ་ཕྱོགས་ཀྱི་ཆར་ནི་པདྨ་རྣམས་ཁ་དོག་དམར་པོར་འགྱུར་རོ། །རྒྱལ་བའི་དབང་གིས་ཏེ་སངས་རྒྱས་ཀྱི་དབང་གིས་པདྨ་དཀར་པོ་ཟུར་དུའོ། །པདྨ་དེ་རྣམས་ནི་ཉི་མ་དང་ཟླ་བའི་གདན་གྱིས་རྣམ་པར་དམན་པ་འདབ་མ་བརྒྱད་པ་དང༌། །དེ་བཞིན་ཉིད་དུ་འཆི་མེད་རྣམས་ཀྱི་ཉིས་འགྱུར་མ་ནུའི་འདབ་ལྡན་ཏེ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ནི་ཟླ་བ་དང་ཉི་མས་རྣམ་པར་དམན་པའོ། །གསུང་གི་དཀྱིལ་འཁོར་ལ་མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན་དེ་རྣམས་རང་བཞིན་ཡོན་ཏན་དབང་གིས་སུམ་ཆ་བར་དུ་གནས་ཞེས་པ་ནི། འདིར་གསུང་གི་དཀྱིལ་འཁོར་ལ་རང་བཞིན་ནི་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རབ་ཏུ་འབབ་པ་སྟེ་དེས་ན་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་ལ་གཡོན་པའི་རྒྱུ་བའི་དབང་གིས་སྤྲོ་བའི་སྦྱོར་བས་ནམ་མཁའ་དང༌། རླུང་དང༌། མེ་དང༌། ཆུ་དང༌། ས་རྣམས་ལྗང་གུ་དང༌། ནག་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སེར་པོའི་ཁ་དོག་སྟེ། རིམ་པ་བཞིན་དུ་སྙིང་པོ་ནས་བརྩམས་ནས་སྟེགས་བུའི་བར་དུའོ། །དེ་བཞིན་དུ་གསད་པ་ལ་སོགས་པ་དང་རེངས་པ་ལ་སོགས་པ་རྣམས་ལས་ལ་སོགས་པ་རྣམས་ཀྱིས་བྱའོ། །ཞེས་པ་ནི་རང་བཞིན་ཡོན་ཏན་དབང་གིས་འགྱུར་པའོ། །ཆ་གཅིག་དོར་ནས་ཆ་གཉིས་ཀྱིས་རེ་ཁཱ་སོ་སོར་འགྱུར་པ་གང་ཡིན་པ་དེའི་ཕྱིར་ར་བའི་ས་ནི་ཆ་བཅྭ་ལྔ་པར་ཤེས་པར་བྱའོ། །དེ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་གྱི་ར་བའི་ས་ནི་ཆ་དགུ་པའོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་གྱི་རང་བཞིན་བརྗོད་པར་བྱ་སྟེ། འདིར་སྐུ་ལ་མཐེ་ཆུང་ལ་སོགས་པའི་སོར་མོ་ལྔ་པོ་
རྣམས་ནི་ནམ་མཁའ་ལ་སོགས་པའི་རང་བཞིན་ནོ། །དེས་ན་ཞི་བ་ལ་སོགས་པའི་དཀྱིལ་འཁོར་ལ་སྤྲོ་བའི་དབྱེ་བས་ཁ་དོག་ལྗང་གུ་ལ་སོགས་པའི་རེ་ཁཱའོ། །གསད་པ་ལ་སོགས་པ་ལ་སྡུད་པའི་རིམ་པས་ས་ལ་སོགས་པའི་དབྱེ་བས་སོ་ཞེས་པ་ནི་ར་བའི་རེ་ཁཱ་ངེས་པའོ། །ད་ནི་ཀ་བའི་འོག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས་ཀྱི་གདན་གསུངས་པ། འདིར་ཕྱི་རོལ་སྐུའི་དཀྱིལ་འཁོར་ལ་རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་སྟེགས་བུའི་གནས་ལ། སྒོའི་མཚམས་སུ་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པར་རབ་ཏུ་འགྱུར་པ་ནི་ཤར་གྱི་སྒོའི་གཡས་དང་གཡོན་དུ་རླུང་གི་དཀྱིལ་འཁོར་ཟླུམ་པོར་འགྱུར་ཏེ། སྙིང་པོའི་པདྨའི་ཚད་ཀྱིས་སོ། །སོགས་པའི་སྒྲས་ལྷོ་རུ་མེའི་དཀྱིལ་འཁོར་ཟུར་གསུམ་དང༌། ནུབ་ཏུ་སའི་དཀྱིལ་འཁོར་གྲུ་བཞི་དང༌། བྱང་དུ་ཆུའི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་ནི་ནག་པོ་དང༌། དམར་པོ་དང༌། སེར་པོ་དང༌། དཀར་པོ་སྟེ་རིམ་པ་བཞིན་དུ་ཐིག་ལེ་དང༌། བཀྲ་ཤིས་དང༌། རྡོ་རྗེ་དང༌། པདྨས་མཚན་པའོ། །དེ་བཞིན་དུ་ནག་པོ་དང༌། དམར་པོ་དང༌། སེར་པོ་དང༌། དཀར་པོ་དང༌། ལྗང་གུ་དང༌། སྔོན་པོ་ནི་སྒོ་ལ་སོགས་པའི་ཤིང་རྟ་རྣམས་སོ། །དུར་ཁྲོད་ཀྱི་འཁོར་ལོ་རྣམས་ནི་ཟླ་བ་དང༌། ཉི་མའི་ཁ་དོག་སྟེ་གང་ཞིག་འཆད་པར་འགྱུར་བའི་འཁོར་ལོ་དཀར་དང་དམར་པོ་ཞེས་པའོ། །དེ་བཞིན་གཤེགས་པའི་ཁ་དོག་གི་དབྱེ་བ་ཐམས་ཅད་དུ་རྡུལ་ཚོན་གྱི་སའོ། །ད་ནི་ཉི་མ་དང་ཟླ་བ་འཆར་བའི་གནས་གསུངས་ཏེ་འདིར་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་གནས་ལ་སའི་ཁོར་ཡུག་ཁ་དོག་སེར་པོ་སོར་ཕྱེད་པ་བཅུ་གཉིས་ཀྱིས་བཀོད་པ་གང་ཡིན་པ་དེ་ལ་དབང་ལྡན་དུ་མཚན་མོའི་དབང་གིས་ཟླ་བ་ཉ་བ་འཆར་བ་བལྟ་བར་བྱའོ། །དེ་བཞིན་དུ་ལྷ་མིན་ཟུར་ཞེས་པ་བདེན་བྲལ་དུ་ཉི་མ་ནུབ་པ་བལྟ་བར་བྱའོ། །དེ་ལྟར་ནས་ཡི་དཀྱིལ་འཁོར་ལ་གནས་ཟླ་ཉི་དག་གོ་ཀྱེ་མིའི་དབང་པོ་ཞེས་པའོ། །དེ་ནས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་ལ་སྒོ་ཡི་སྟེང་གི་ཆར་རྟ་བབས་ཀྱི་རྩེག་མ་དང་པོའི་དབུས་མའི་གནས་སོར་ཕྱེད་བཅུ་དྲུག་གི་
བདག་ཉིད་ལ་ཐུགས་ཀྱི་ཞལ་རྣམ་པར་དག་པས་རི་དགས་དང་བཅས་ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་ཏུ་འགྱུར་ཏེ་འཁོར་ལོའི་གཡས་དང་གཡོན་དུ་རི་དགས་དང་རི་དགས་མོའོ། །དེ་ལས་གཞན་པའི་གནས་སུ་མཆོད་པའི་ལྷ་མོ་སྟེ་ཇི་ལྟར་བརྗོད་པ་ལས་སོ། །དེ་བཞིན་དུ་གཡས་སུ་ཞེས་པ་ལྷོའི་རྟ་བབས་ལ་གསུང་རྣམ་པར་དག་པས་བུམ་པ་བཟང་པོ་ཁ་དོག་དམར་པོ་སྟེ་དེའི་གཡས་དང་གཡོན་དུ་དུང་དང་པདྨའོ། །ནོར་སྦྱིན་དང་བཅས་ཆུར་ནི་ཞེས་པ་ནོར་སྦྱིན་དུ་རྔ་བོ་ཆེ་དཀར་པོ་སྟེ་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་གཡས་དང་གཡོན་དུ་མི་འམ་ཅི་དང་མི་འམ་ཅི་མོའི་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དྲིལ་བུ་མེ་ལོང་བ་དན་རི་བོང་འཛིན་པ་ལྟར་དཀར་རྟ་བབས་རྣམས་ལས་འཕྱང་བར་གྱུར་པ་དང༌། །དོ་ཤལ་ཕྱེད་པ་ཁ་དོག་དཀར་པོར་འགྱུར་ཏེ་རིགས་ཀྱི་དབང་གིས་ཤིང་རྟ་སྒོའི་དབུས་སུའོ། །འཁོར་ལོ་དཀར་དང་དམར་པོ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རླུང་ལ་སྒོའི་ཕྱི་རོལ་དུ། །རྡོ་རྗེ་འབར་བ་འཕྲོ་བ་དག་གིས་མིའི་བདག་པོ་ཕྱི་རོལ་རྡོ་རྗེ་ཕྲེང་བ་རྣམས་སུའང་འགྱུར་ཞེས་པ་ནི་འདིར་རྡོ་རྗེ་ཕྲེང་བའི་དང་པོ་དང་ཐ་མར་ཟླུམ་སྐོར་བཀོད་ནས། དེའི་ཕྱི་རོལ་དུ་འོད་ཟེར་ལྔའི་རང་བཞིན་འབར་བ་བལྟ་བར་བྱ་སྟེ་དེས་དཀྱིལ་འཁོར་གྲུབ་པོ། །སའི་འཁོར་ཡུག་དང་ཀྲ་མ་ཤཱིཪྵ་དག་གི་བར་དུ་མཆོད་པའི་རྫས་རྣམས་ཇི་ལྟར་མཛེས་པར་བྱའོ། །དཀྱིལ་འཁོར་གྱི་རྡུལ་ཚོན་གྱི་ཁ་དོག་ངེས་པའོ། །ད་ནི་ར་བའི་རེ་ཁཱ་རྣམས་ཀྱི་མཚན་ཉིད་དང་བྲལ་བའི་སྐྱོན་གསུངས་པ་སྦོམས་པས་ཞེས་པ་ལ་སོགས་པ་སྟེ་འདིར་ཞི་བ་དང་རྒྱས་པ་ལ་གང་གི་ཚེ་རེ་ཁཱའི་མཚན་ཉིད་དང་བྲལ་བར་གྱུར་པ་དེའི་ཚེ་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་ལ་སྦོམས་པས་ནི་སྦྱིན་བདག་གམ་སློབ་དཔོན་ལ་ནད་དག་བྱེད་ཅིང་ཕྲ་དང་རེ་ཁཱ་ངན་པས་རྫས་ནི་ཉམས་པ་རབ་ཏུ་གསལ་བར་བྱེད་དོ། །ཆད་པས་འཆི་བ་ཡང་རབ་ཏུ་གསལ་བར་བྱེད་དེ་འཁྱོག་པོས་མིའི་བདག་པོ་དང་བཅས་གྲོང་རྡལ་དེ་བཞིན་ཉིད་དུ་སྐྱོད་པར་བྱེད་དོ། །མཚན་མ་འམ་ཉི་མ་དང་ཟླ་བའི་གདན་ཆད་པར་གྱུར་ན་སྔགས་པ་རྣམས་ལ་སྲིད་པའི་
འཇིགས་པ་འཇོམས་པའི་དངོས་གྲུབ་གང་ཡིན་བ་དེ་མེད་དོ། །ཕན་ཚུན་རྡུལ་ཚོན་རྣམས་པར་འདྲེས་པས་སྦྱིན་བདག་གི་རྒྱུད་དང་སློབ་དཔོན་གྱི་རྒྱུད་ཀྱི་རིགས་རྒྱུད་འཆད་པར་འགྱུར་རོ། །དེས་ན་རྒྱལ་བའི་རིགས་ཀྱིས་དཀྱིལ་འཁོར་དག་ལ་རིགས་པར་བྱ་སྟེ་རབ་ཏུ་འབད་པས་རྡུལ་ཚོན་ཐམས་ཅད་བསྒྲུབ་པོ་ཞེས་པ་ནི་ངེས་པའོ། ད་ནི་མཚན་མ་མཚན་ཉིད་དང་བྲལ་བ་གསུངས་པ་འདིར་འཁོར་ལོ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ལྷ་མོ་རྣམས་ཀྱི་ཚོགས་པ་དང༌། གཞན་ནི་རྩིབས་བརྒྱད་པ་སྟེ་རྟེན་གྱི་རང་བཞིན་ནོ། །དེ་ལ་རྩིབས་བརྒྱད་པ་ནི་ཟུར་དུ་དཀར་པོ་དང་ཕྱོགས་རྣམས་སུ་དམར་པོའོ། །ཚོགས་པའི་རང་བཞིན་ཡང་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཏེ། རང་གི་རྒྱལ་བའི་ཁ་དོག་གིས་ལྷ་མོ་རྣམས་ཀྱི་ཁ་དོག་གོ་ཞེས་པའི་དོན་ཏོ། །གང་ཞིག་ཅེས་པ་ནི་འདིར་སྔགས་ཀྱི་ཚུལ་ལ་གང་དུ་རྒྱུད་ལས་རྒྱལ་བས་ཏེ། དེ་བཞིན་གཤེགས་པས་མཚན་མ་གསལ་བར་མ་གསུངས་པའི་མཚན་མ་དེ་ནི་མཛེས་པའི་དོན་དུ་དཀྱིལ་འཁོར་ལ་དགོད་པར་མི་བྱའོ། །ཅིའི་ཕྱིར་ཞེས་ན་གང་གི་ཕྱིར་མཚན་མ་དེ་ནི་བདུད་ཀྱི་མཚན་མར་འགྱུར་ཏེ་ཕྱིན་ཅི་ལོག་ལྷག་པའི་ཕྱིར་རོ། །རྒྱལ་བ་སྐྱེད་མཛད་རིགས་ལ་སྟེ་རྡོ་རྗེ་སེམས་དཔའི་རིགས་ལ་རྡོ་རྗེ་སློབ་དཔོན་གྱིས་སོ། །དེ་ཕྱིར་རྒྱུད་ལས་གསུངས་པའི་ཆོ་གའི་མཚན་མར་འགྱུར་ཏེ་རིགས་ཀྱི་དབང་གིས་སྒོའི་མཚམས་ནས་དཀྱིལ་འཁོར་ལའོ། །དོ་ཤལ་ཕྱེད་པའི་མཐར་ནི་རབ་ཏུ་བྱ་ཞེས་པ་ནི་དོ་ཤལ་ཕྱེད་པས་ཉེ་བར་མཚོན་ནས་བ་ཀུ་ལཱི་དང་ཀྲ་མ་ཤཱིཪྵའི་མཐར་རོ། །སྐུའི་དཀྱིལ་འཁོར་གྱི་མཐར་ས་ཡི་དཀྱིལ་འཁོར་གྱི་གཞི་ལ་པདྨ་བུམ་སོགས་མཛེས་པ་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་ནག་པོ་ལ་སོགས་ཞེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཔངས་གསུངས་པ་འདིར་སྙིང་པོའི་དཀྱིལ་འཁོར་ལ་རླུང་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་རྐང་པ་ལ་སོགས་པ་འཕེལ་བས་རྡུལ་ཚོན་དགྱེ་བར་འགྱུར་ཏེ་ཤར་དུ་རེག་བྱའི་ཡོན་ཏན་རྣམས་པར་དག་པས་རྡུལ་ཚོན་ནག་པོ་ནི་ནས་ཀྱི་རྐང་པ་གཅིག་གི་དཔངས་སོ། །ལྷོར་རེག་བྱ་དང་རོའི་
ཡོན་ཏན་གཉིས་རྣམས་པར་དག་པས་དམར་པོ་ནི་རྐང་བ་གཉིས་སོ། །བྱང་དུ་རེག་བྱ་དང༌། རོ་དང༌། གཟུགས་ཀྱི་ཡོན་ཏན་རྣམ་པར་དག་པས་དཀར་པོ་ནི་རྐང་བ་གསུམ་མོ། །ནུབ་ཏུ་རེག་བྱ་དང༌། རོ་དང༌། གཟུགས་དང༌། དྲིའི་ཡོན་ཏན་བཞི་རྣམ་པར་དག་པས་སེར་པོ་ནི་རྐང་བ་བཞིའི་དཔངས་སོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཉིས་འགྱུར་དང༌། སྐུའི་དཀྱིལ་འཁོར་ལ་བཞི་འགྱུར་གྱི་དཔངས་སོ་ཞེས་པ་ནི་ངེས་པའོ། །ནས་ཀྱང་རང་རང་གི་དཀྱིལ་འཁོར་གྱི་དྲུག་ཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ཤས་སུ་རིག་པར་བྱའོ། །དེ་བཞིན་དུ་ར་བ་རྣམས་ཀྱི་དཔངས་ནི་རྡུལ་ཚོན་སེར་པོའི་དཔངས་སུམ་འགྱུར་ཏེ། གཞན་རེ་ཁཱ་ཐུན་མོང་བ་ནི་རྡུལ་ཚོན་སེར་པོའི་ཉིས་འགྱུར་དུ་འགྱུར་རོ། །པདྨ་རྣམས་ཀྱི་འདབ་མའི་ཕྱི་རོལ་དུ་པདྨའི་གདན་གྱི་སྣམ་བུ་དང༌། ཉིན་མོར་བྱེད་པ་རི་བོང་ཅན་དང༌། ཆུ་སྐྱེས་རེ་ཁཱ་ཉིས་འགྱུར་ནི་ངེས་པའོ། །སྙིང་པོ་དག་ལས་ཕྱི་རོལ་བར་མའི་དཀྱིལ་འཁོར་ལ་ཉིས་འགྱུར་ཏེ། དེ་ཉིས་འགྱུར་ནི་སྐུའི་དཀྱིལ་འཁོར་འདི་ལའོ། །དོ་ཤལ་ཕྱེད་པའི་མཐར་ནི་ནས་གཅིག་སྟེ། ཀྲ་མ་ཤཱིཪྵའི་མཐར་ཕྱི་རོལ་གྱི་མཆོད་པའི་ས་ལའོ། །དེ་བཞིན་དུ་ས་ཆུ་བསྲེག་ཟ་རླུང་གི་ཁོར་ཡུག་རྣམས་དང༌། རྡོ་རྗེ་ཕྲེང་བ་རྣམས་ལ་སྟེ་ཟླུམ་སྐོར་གཉིས་ལ་སྐུའི་དཀྱིལ་འཁོར་གྱི་ར་བའི་ཚད་ཀྱིས་སོ་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབྱེ་བས་རྡུལ་ཚོན་གྱི་དཔངས་ངེས་པའོ། །དགྱེ་བ་གཞན་ནི་ཐམས་ཅད་དུ་ཡོན་ཏན་གསུམ་གྱི་དབྱེ་བས་ས་ཐམས་ཅད་ལ་ཚད་མཚུངས་པ་སྟེ། ར་བ་རྣམས་ནི་དཀྱིལ་འཁོར་གསུམ་གྱི་ཚད་ལས་སུམ་འགྱུར་རོ་ཞེས་པ་སྟེ་རྡུལ་ཚོན་རྣམ་པར་དག་པའོ། །ད་ནི་སྙིང་པོ་ཞེས་པ་ལ་སོགས་པས་འཇིག་རྟེན་གྱི་ཁམས་དག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དག་པ་གསུངས་ཏེ། འདིར་ཇི་ལྟར་ཕྱི་རོལ་དུ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་
ལའོ། །དེས་ན་འཇིག་རྟེན་གྱི་ཁམས་ལ་ཚད་དཔག་ཚད་འབུམ་ཕྲག་བཞི་གང་ཡིན་པ་དེ་ནི་ལུས་ལ་ཁྲུ་བཞི་སྟེ། དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངོ༌། །ཁྲུ་གཅིག་ནས་བརྩམས་ཏེ་ཇི་སྲིད་ཁྲུ་སྟོང་གི་བར་ཐམས་ཅད་དུ་རང་གི་ཁྲུ་ཡིས་ཁྲུ་བཞི་པའི་དཀྱིལ་འཁོར་ཏེ། སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་བདག་ཉིད་ཀྱི་ཆ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དཀྱིལ་འཁོར་ཐམས་ཅད་ཁྲུ་བཞིའི་བདག་ཉིད་དུ་འགྱུར་རོ། །དེས་ན་སྙིང་པོ་ནས་ནི་སྒོའི་དང་པོའི་མཚམས་ཀྱིས་ནོར་ལྡན་མར་འགྱུར་ཞེས་པ་ཚངས་པའི་ཐིག་ནས་ཕྱོགས་ཐམས་ཅད་དུ་སྒོའི་མཐར་ཐུག་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་ནོར་ལྡན་མར་འགྱུར་ཏེ། དེ་ལ་སྙིང་པོའི་པདྨ་སོར་ཕྱེད་པ་བཅུ་གཉིས་པ་ནི་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཕྱེད་ཀྱི་ཚད་ཀྱིས་སོ། །དེ་བཞིན་གཤེགས་པའི་འཕར་མ་ནི་ཕྱོགས་ཐམས་ཅད་དུ་གླིང་དྲུག་དང༌། རྒྱ་མཚོ་དྲུག་དང༌། རི་དྲུག་གི་མཐར་འོག་དང་སྟེང་དུ་ལྷུན་པོའི་ཚད་ཀྱིས་ཏེ་དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །དེ་ནས་སའི་དཀྱིལ་འཁོར་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ་དཀྱིལ་འཁོར་ལ་རྡུལ་ཚོན་གྱིས་སྒོའི་མཐར་ཐུག་པའོ། །དེ་ལྟར་སྙིང་པོའི་དཀྱིལ་འཁོར་མཐའ་དག་ནི་དཔག་ཚད་འབུམ་སྟེ། སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱི་ཆ་དང་ལྡན་པའོ་ཞེས་པ་ནི་ངེས་པའོ། །དེ་ལྟར་ན་སྙིང་པོ་ནས་ནི་སྒོའི་དང་པོའི་མཚམས་ནི་ནོར་ལྡན་མར་འགྱུར་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ་ཞེས་པའོ། །དེ་བཞིན་དུ་སྒོ་བཞི་ནས་ཕྱོགས་བཞི་རྣམས་སུ་ཅ་རྩི་ཀཱ་མཐར་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་ཏེ། ཕྱོགས་བཞི་རྣམས་སུ་སོར་ཕྱེད་ཉི་ཤུ་རྩ་བཞིས་ལན་ཚྭའི་རིན་ཆེན་གནས་ཞེས་པ་ལན་ཚྭའི་ཆུའི་དཀྱིལ་འཁོར་རོ། །དེ་ལྟར་ན་གསུང་གི་དཀྱིལ་འཁོར་ནི་འབུམ་ཕྲག་གཉིས་སུ་འགྱུར་ཏེ། ཤར་ནས་ནུབ་ཀྱི་ཕྱེད་ཀྱི་བར་དུའོ་ཞེས་པ་ནི་ངེས་པའོ། །གསུང་གི་དཀྱིལ་འཁོར་གྱི་སྒོ་དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་
ཞེས་པ་ཕྱོགས་ཐམས་ཅད་དུ་སོར་ཕྱེད་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཀྱང་གསུང་གི་དཀྱིལ་འཁོར་གྱི་ཀྲ་མ་ཤཱིཪྵའི་མཐར་ཐུག་པ་ནི་མེའི་དཀྱིལ་འཁོར་ཏེ་གནས་དེ་ནས་ཤར་དང་ནུབ་ཏུ་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་འབུམ་ཕྲག་གསུམ་མོ་ཞེས་པ་ནི་ངེས་པའོ། །དེ་ནས་དེ་བཞིན་རླུང་དུ་འགྱུར་ཞེས་པ་ཀྲ་མ་ཤཱིཪྵ་དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་ཏེ། སོར་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་སྒོའི་མཐར་ཐུག་པ་ནི་འཇིག་རྟེན་ཁམས་ཀྱི་རླུང་གི་དཀྱིལ་འཁོར་རོ། །དེ་ལྟར་ཕྱི་རོལ་དུ་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་འབུམ་ཕྲག་བཞི་སྟེ། དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་ཆ་དང་ལྡན་པའོ་ཞེས་པ་ནི་སྐུའི་དཀྱིལ་འཁོར་ངེས་པའོ། །སླར་ཡང་དེའི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་གནས་ལ་དེ་དག་རྣམ་པར་དག་པའོ། །ས་ལ་སོགས་པའི་ཁོར་ཡུག་རྣམ་པར་དག་པ་ནི་ལྷུན་པོ་སྤངས་ནས་སའི་ཁོར་ཡུག་སོར་ཕྱེད་པ་བཅུ་གཉིས་དང༌། ལྷག་མ་རྣམས་སོ་སོར་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་བལྟ་བར་བྱའོ། །དེ་ནས་ཕྱི་རོལ་དུ་སོར་ཕྱེད་པ་བཅུ་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་སྟེ་གཡས་དང་གཡོན་དུ་ཆ་གསུམ་བྱས་ནས་དབུས་སུ་ཆ་དྲུག་གིས་རྡོ་རྗེའི་ཕྲེང་བ་བྱའོ། །དེའི་ཕྱི་རོལ་དུ་ཉི་ཤུ་རྩ་བཞིས་རྡོ་རྗེའི་མེ་ལྕེ་སྟེ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པའི་ངེས་པའོ། །ད་ནི་གཙུག་ཏོར་ཞེས་པ་ལ་སོགས་པར་སྟེང་འོག་རྣམ་པར་དག་པ་གསུངས་པ་འདིར་ཕྱི་རོལ་དུ་ལྷུན་པོའི་གཙུག་ཏོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ་སོར་ཕྱེད་པ་བཅུ་གཉིས་ཀྱི་ཆ་དང་ལྡན་པ་ནི་དབུས་སུ་སྙིང་པོའི་པདྨ་དེའི་ཆ་དང་ལྡན་པའོ། །དེ་ནས་གདོང་འབུམ་ཕྲག་ཕྱེད་དང་མགྲིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་རྣམས་ལས་གདོང་གི་ཕྱེད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་ཆ་དང་པོ་ལ་སངས་རྒྱས་ཀྱི་འཁོར་ལོ་སྟེ། གཉིས་པ་ལ་འཁོར་ལོ་གཞན་ནོ། །ལྷག་མ་ཆ་གཉིས་ལ་རྡུལ་ཚོན་གྱིས་ཏེ་སྒོའི་མཐར་རོ། །དེ་ལྟར་སྟེང་འོག་ཏུ་མགྲིན་པའི་མཐར་འཇིག་རྟེན་གྱི་ཁམས་
དཔག་ཚད་འབུམ་སྟེ་དཀྱིལ་འཁོར་ལ་ཀུན་ནས་ཁྲུ་གཅིག་གོ །སྙིང་པོའི་དཀྱིལ་འཁོར་གྱི་ངེས་པ་སྟེ། དེ་ལྟར་ན་གཙུག་ཏོར་གདོང་དང་མགྲིན་པ་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་དཀྱིལ་འཁོར་ལ་ནི་གཡས་དང་གཡོན་དུ་སྦྱང་བར་བྱ་ཞེས་པ་ནི་ངེས་པའོ། །དེ་ནས་ཏེ་མགྲིན་པ་ནས་ལྷུན་པོ་མཐའ་དག་དཔྱིའི་མཐར་སྟེང་འོག་ཏུ་དཔག་ཚད་འབུམ་ནི་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་ཞེས་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་གསུང་གི་མཚན་ཉིད་ཀྱི་དཀྱིལ་འཁོར་ལ་གཡས་དང་གཡོན་དུ་སྦྱར་བར་བྱ་སྟེ། འོག་ཏུ་ས་ནི་ཇི་སྲིད་ཉིད་དུའོ། །དེ་ནས་རེ་མིག་དྲུག་དྲུག་དག་གིས་རིམ་པ་སྟེ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཆ་དྲུག་དང་ལྡན་པ་དག་གིས་འབུམ་ཕྲག་གཉིས་ཆ་བརྒྱད་དུ་བྱས་ནས། གསལ་བར་ཀླུའི་སྲིད་པ་དང་ནི་ས་འོག་བདུན་པོ་སྟེ་དམྱལ་བའི་སྲིད་པ་རྣམས་སོ་སོར་སྦྱང་བར་བྱའོ། །ལུས་ལ་དཔྱི་ནས་བརྩམས་ཏེ་རྐང་པའི་མཐིལ་གྱི་མཐར་ཆ་བརྒྱད་དུ་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྦྱང་བར་བྱ་སྟེ་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་མཐར་ཏེ། སྒོ་བཞིའི་མཐར་ཐུག་པའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་ས་ལ་སོགས་པ་ཐམས་ཅད་སླར་ཡང་དེ་བཞིན་དུ་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་རང་གི་ལུས་ལ་སྦྱང་བར་བྱ་ཞེས་པ་ནི་དཀྱིལ་འཁོར་གྱི་རྣམ་པ་ངེས་པའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པའི་རྣམ་པར་དག་པ་གཞན་བརྗོད་པར་བྱ་སྟེ། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་རྟག་ཏུ་ནཱ་དའི་མཚན་ཉིད་དོ། །དེའི་ཕྱིར་སྙིང་གའི་འཁོར་ལོའི་དཀྱིལ་འཁོར་དེ་དབུས་སུ་བྱས་ཏེ། དེ་ལ་མགྲིན་པ་དང་ལྟེ་བ་དག་གི་དབུས་སུ་ཚད་ཕྱེད་བཟུང་ནས་ཚད་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དུ་བྱའོ། །མགྲིན་པ་ནས་ལྟེ་བའི་མཐར་ཐུག་པ་ཚད་ཉི་ཤུ་རྩ་ལྔའི་བདག་ཉིད་ནི་གསུང་
གི་དཀྱིལ་འཁོར་དུ་བྱའོ། །མཛོད་སྤུའི་གནས་ནས་ཆུ་སོའི་མཐར་ཚད་ལྔ་བཅུའི་བདག་ཉིད་ནི་སྐུའི་དཀྱིལ་འཁོར་དུ་བྱའོ། །དེ་ལ་སྐུའི་སྒོ་བཞི་ནི་བཤང་བ་དང་གཅི་བ་དང་ཁུ་བ་དང་གཙུག་ཏོར་གྱི་བུག་པ་རྣམས་སོ། །གསུང་གི་དཀྱིལ་འཁོར་གྱི་སྒོ་ནི་ལ་ལ་ནཱ་དང་རས་ནཱ་དང་ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་རྣམས་ཏེ་མགྲིན་པ་ནས་ལྟེ་བའི་མཚམས་སུའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་རྣམས་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་རྣམས་སོ། །དེ་ལྟར་སྒོ་བཅུ་གཉིས་ཀྱི་བདག་ཉིད་ཅན་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་མཆོག་གི་དང་པོའི་སངས་རྒྱས་ཟླ་བའི་ཆ་བཅུ་དྲུག་གི་ཆ་དང་ལྡན་པ་ནི་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་དང་དེ་བཞིན་དུ་གཞན་ལ་སྟེ་དཀྱིལ་འཁོར་རྣམ་པ་གསུམ་ཤེས་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །གཉིས་དང་ཆུ་གཏེར་གཅིག་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་སྔར་ཐིག་གདབ་པ་དང་ལྷན་ཅིག་བརྗོད་ཟིན་ཏོ། །ད་ནི་ཨོཾ་ཡིག་ཅེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་མཚན་མ་གསུངས་ཏེ་འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཨོཾ་ཡིག་སྐུ་རྡོ་རྗེ་དང་དེས་དཀྱིལ་འཁོར་རྫོགས་པར་བྱས་པ་ནི་ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་པ་ཞེས་གསུངས་སོ། །དེའི་ཕྱིར་ཨོཾ་ཡིག་ལས་སྐྱེས་པའི་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་གི་པདྨ་ཞེས་པ་པདྨ་ཉི་ཤུ་རྩ་བཞི་རྣམས་སུ་ཟླ་བ་དང་ཉི་མ་དག་གི་གདན་རྣམས་ནི་ལོའི་དབྱེ་བས་ཏེ་ཉ་བཅུ་གཉིས་ཀྱི་དབྱེ་བས་ཟླ་བའི་གདན་རྣམས་དང་གནམ་སྟོང་བཅུ་གཉིས་ཀྱི་དབྱེ་བས་ཉི་མའི་གདན་རྣམས་ནི་ཐབས་དང་ཤེས་རབ་རྣམ་པར་དག་པས་སོ། །སྟེང་དུ་སྟེ་ལྟེ་བའི་སྟེང་ན་གནས་པ་ཟླ་བ་དང་ཉི་མའི་གདན་དེ་རྣམས་ལ་ཨ་སོགས་ཞེས་པ་ཨ་ཡིག་ལ་སོགས་པའི་དབྱངས་རྣམས་དང་ཀ་སོགས་ཞེས་པ་ཀ་ཡིག་ལ་སོགས་པའི་གསལ་བྱེད་རྣམས་སོ། །སྟོང་པར་བཅས་པ་རྣམས་དང་ཞེས་པ་ཐིག་ལེ་དང་རྣམ་པར་བཅད་པ་དང་བཅས་པ་དག་དང་ལྷན་ཅིག་ཏུ་སྲིད་གསུམ་སྐྱེད་པར་མཛད་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་ནཱ་དའི་རང་བཞིན་ཅན་ནི་ཐིག་ལེའི་སྟེང་དུ་སྟེ་ཡུམ་ཁམས་གསུམ་སྐྱེད་པར་མཛད་མ་གཞོམ་དུ་མེད་པའི་སྒྲ་ཞེས་
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་སྐྱེད་པར་མཛད་མ་ནི་དོན་དམ་པའི་བདེན་བ་ལ་བརྟེན་ནས། ཨ་ཡིག་ལ་སོགས་པ་དང་ཀ་ཡིག་ལ་སོགས་པ་སྟོང་བ་དང་བཅས་པའི་སྔགས་ཐམས་ཅད་ཀྱི་མགོར་གཞག་པར་བྱའོ། །དེས་ན་དེ་ནི་དེ་རྣམས་དང་ལྷན་ཅིག་བརྗོད་པར་བྱ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་བདེ་བ་ཆེན་པོའི་རང་བཞིན་ཅན་དེའི་ནང་དུ་གནས་སོ། །ད་ནི་སྟོང་པ་ཞེས་པ་ལ་སོགས་པས་སྟོང་པ་ལྔ་ལས་སྐུ་ལ་སོགས་པའི་སྔགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་བ་གསུངས་ཏེ། སྟོང་པ་ནི་ལེའུ་དང་པོར་བརྗོད་པའི་སྔགས་ཀྱི་གཡོན་གྱི་ཡན་ལག་ཏུ་རྗེས་སུ་ང་རོ་དང༌། ཤར་དང་ནུབ་ཏུ་ཨ་ཡིག་གཉིས་དང༌། ལྷོའི་ཡན་ལག་ཏུ་རྣམ་པར་བཅད་པ་ཐིག་ལེ་གཉིས་དང༌། དབྱངས་དང་བྲལ་བ་མཆོག་ཅེས་པ་གཞོམ་དུ་མེད་པའི་ཧ་ཡིག་དབྱངས་མེད་པ་ལས་སྐུ་དང་གསུང་དང་ཐུགས་དང༌། ཡེ་ཤེས་རྡོ་རྗེ་རྣམས་ཡང་དག་པར་འབྱུང་ངོ༌། །དེ་རྣམས་ལས་དང་པོར་རེ་ཞིག་སྐུ་འབྱུང་བ་བརྗོད་པར་བྱ་སྟེ། འདིར་དང་པོར་རྗེས་སུ་ང་རོ་དང༌། དེ་ནས་ཨ་ཡིག་དང༌། གཉི་གའི་དབུས་སུ་རྣམ་པར་བཅད་པ་དང་རྗེས་སུ་ང་རོའི་མཐར་ཨཱ་ཡིག་རིང་པོའོ། །དེ་ལྟར་དབྱངས་རིང་པོར་ཕ་རོལ་ཏུ་ཕྱུང་བས་སྔོན་མའི་རྗེས་སུ་ང་རོ་མ་ཉིད་ཐོབ་པར་འགྱུར་རོ། །མ་ཡིག་ཕ་རོལ་ཏུ་བྱུང་བས་ཀྱང༌། ཨ་ཡིག་ལས་ཕ་རོལ་གྱི་རྣམ་པར་བཅད་པ་ནི། ཨུ་ཡིག་ཏུ་འགྱུར་ཏེ་ཕྱིན་ནས་ཨ་ཡིག་གིས་ཡོན་ཏན་དུ་གྱུར་པ་ནི་ཨོ་ཡིག་གོ །དེ་ནས་ངེས་པའི་ཚིག་གིས་མཚན་ཉིད་ལས། ཡི་གེ་ཉམས་པ་ཡོད་ཅེས་པས་མ་ཡིག་རྣམ་པར་ཕྲལ་ནས་ཨཱ་ཡིག་དབྱི་བར་བྱའོ། །དེ་ལྟར་ན་ཡོན་ཏན་གསུམ་གྱི་བདག་ཉིད་ཨོཾ་ཡིག་སྐུ་རྡོ་རྗེ་སྟེ། ཨ་ཨུམ་ཞེས་རང་དང་གཞན་གྱི་གྲུབ་པའི་མཐའ་ལས་བརྗོད་དོ། །ད་ནི་གསུང་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དང་ཕྱི་མའི་ཨ་ཡིག་གཉིས་རིང་པོར་བྱས་ནས་མཐར་རྣམ་པར་བཅད་པ་སྦྱིན་པར་བྱའོ། །དེ་ནས་ཨཱཿཡིག་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འགྱུར་ཏེ། ཨ་ཨཱཿཞེས་བརྗོད་དོ། །ད་ནི་ཐུགས་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དུ་ཧ་ཡིག་དབྱངས་མེད་པ་དང༌། དེ་ནས་ཨ་ཡིག་
ཐུང་དུ་དང་དེ་ནས་རྣམ་པར་བཅད་པ་དང༌། དེ་ནས་ཐིག་ལེ་དང་དེ་ནས་ཨཱཿ་ཡིག་རིང་པོའོ། །དེ་ལྟར་སྔ་མ་བཞིན་དུ་རྣམ་པར་བཅད་པ་ཨུ་ཡིག་སྟེ། ཐོག་མ་དང་ཐ་མའི་ཨཱ་ཡིག་དག་དབྱིའོ། །དེ་ལས་ཧཱུཾ་ཡིག་ཡོན་ཏན་གསུམ་གྱི་བདག་ཉིད་དེ་ཧ་ཡུམ་ཞེས་བརྗོད་དོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་སྔགས་ཡང་དག་པར་འབྱུང་བ་སྟེ། སྔགས་རྣམས་ཀྱི་སྐྱེ་གནས་ནི་སྐྱེད་པར་བྱེད་པའོ་ཞེས་པའི་དོན་ཏོ། །ད་ནི་ཡེ་ཤེས་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དུ་ཧ་ཡིག་དབྱངས་མེད་པ་དང༌། དེ་ནས་ཨ་ཡིག་ཐུང་དུ་དང༌། དེ་ནས་རྣམ་པར་བཅད་པ་དང༌། དེ་ནས་རྗེས་སུ་ང་རོ་དང༌། དེ་ནས་ཨཱཿ་ཡིག་རིང་པོའོ། །དེ་ལྟར་སྔ་མ་བཞིན་དུ་རྣམ་པར་བཅད་པ་ལས། ཨུ་ཡིག་དང་སྔ་མའི་དབྱངས་ཀྱི་ཡོན་ཏན་ཏེ། ཧ་ཡིག་དང་ཡང་དག་པར་སྦྱར་ཞིང་ཕྱི་མའི་ཨ་ཡིག་དང་མ་ཡིག་དག་དབྱིའོ། །དེ་ལྟར་ན་ཡོན་ཏན་གསུམ་གྱི་བདག་ཉིད་ཧོ་ཡིག་སྟེ། ཧ་ཨ་ཨུ་ཞེས་བརྗོད་དོ། །དེ་ལྟར་ཡེ་ཤེས་རྡོ་རྗེ་ལ་ཡོན་ཏན་གསུམ་ནི་མ་རིག་པ་དང༌། འདུ་བྱེད་དང་རྣམ་པར་ཤེས་པའོ། །སྐུ་རྡོ་རྗེ་ལ་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང་རེག་པའོ། །གསུང་རྡོ་རྗེ་ལ་ཚོར་བ་དང༌། སྲེད་པ་དང་ལེན་པའོ། །ཐུགས་རྡོ་རྗེ་ལ་སྲིད་པ་དང༌། སྐྱེ་བ་དང་རྒ་ཤི་སྟེ། ཐིག་ལེའི་གཟུགས་ཀྱི་དབང་གིས་སོ། །དེ་ལྟར་མ་རིག་པ་ལ་སོགས་པ་སྐྱེད་པར་བྱེད་པ་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ། །ཞེས་པ་ནི་སྔགས་རྣམས་ཀྱི་སྐྱེ་གནས་ཏེ། ཐམས་ཅད་དུ་རྣམ་པ་བཅུ་གཉིས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་སྔགས་ཀྱི་མཚན་མ་དགོད་པ་གསུངས་པ་འདིར་ཐམས་ཅད་དུ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཉི་མ་དང༌། ཟླ་བའི་གདན་རྣམས་ལ་རགས་པ་དང་ཕྲ་བ་དང༌། གཞན་གྱི་དབྱེ་བས་དགོད་པ་རྣམ་པ་གསུམ་སྟེ། དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ། །ཕྲ་བའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ་རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ། །རགས་པའི་དབྱེ་བ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་གཟུགས་དགོད་པའོ། །
དེ་ལྟར་གོ་རིམས་ཇི་ལྟ་བས་སྔགས་ཀྱི་ས་བོན་དགོད་པར་བྱས་པས། མཚན་མ་དགོད་པ་ལ་སོགས་པ་རིག་པར་བྱའོ། །ཞེས་པ་ནི་ངེས་པ་སྟེ། དེས་ན་འདིར་གཙོ་བོ་ཉིད་ཀྱིས་སྔགས་ཀྱིས་བོན་དགོད་པ་གསུངས་སོ། །རྒྱལ་བའི་བདག་པོའི་པདྨ་སྣ་ཚོགས་མདོག་ལ་ཞེས་པ་ལྗང་ཁུའི་མདོག་ལ་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ཧཱུཾ་ཡིག་སྟེ་ཞེས་པ་ནི། འདིར་གནམ་སྟོང་གི་མཐར་འཛིན་པའི་དུས་སུ་ཟླ་བ་དང་ཉི་མ་དང༌། སྒྲ་གཅན་རྣམས་སྦྱོར་བ་སྟེ། ཟླ་བ་དང་ཉི་མ་དང་མེ་ཡང་དག་པར་ལྡན་པ་དེ་ཉིད་དཀྱིལ་འཁོར་གྱི་གདན་ནོ། །ནང་དུ་ནི་ལ་ལ་ནཱ་དང་ར་ས་ན་དང་ཨ་བ་དྷཱུ་ཏཱི་དང༌། ཡང་དག་པར་ལྡན་པ་སྙིང་ཁའི་པདྨ་སྟེ། དེའི་ལྟེ་བར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ཡིག་གིས་བོན་རྡུལ་ཚོན་སྔོན་པོས་བྲི་བར་བྱའོ། །ཡང་ན་དེ་ཡོངས་སུ་གྱུར་པའི་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་བྲི་བར་བྱའོ། །གསང་བའི་རྒྱུད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་སྨོད་པ་ཡོངས་སུ་སྤང་པའི་སླང་དུ་ལྷའི་གཟུགས་ནི་བྲི་བར་མི་བྱའོ། །བདག་པོའི་ས་བོན་དགོད་པའོ། །དེ་ནས་པདྨའི་འདབ་མ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དགོད་པར་བྱ་སྟེ། ཕྱོགས་འདབ་རྣམས་ལ་ཨ་སོགས་སྟོང་པ་ཞེས་པ་ནི། ཤར་གྱི་འདབ་མ་ལ་ཨ་ལྷོའི་འདབ་མ་ལ་ཨཿ་བྱང་དུ་ཨཱཾ། ནུབ་ཏུ་ཨཱ་ཞེས་པའོ། །ཡང་ན་མཚན་མ་རྣམས་ཏེ། ཤར་གྱི་འདབ་མ་ལ་སྦོས་ཀྱི་སྣོད་དང་ལྷོར་མར་མེ་དང་བྱང་དུ་ལྟ་བཤོས་དང་ནུབ་ཏུ་དུང་ངོ༌། །འདིར་འཆད་པར་འགྱུར་པ་ལས་མཚན་མ་གང་ཞིག་གང་གི་གཡས་པའི་ཕྱག་མཐིལ་དུ་འགྱུར་ཕྱག་རྒྱ་དེ་ནི་ཆུ་སྐྱེས་དག་གིས་དམན་ཞེས་གསུངས་པའི་ཕྱིར་འཆད་པར་འགྱུར་པའི་དས་པས་ཕྱག་རྒྱ་རྒོད་དོ། །དེ་བཞིན་དུ་ཕྱོགས་བྲལ་འདབ་མ་ལ་ཡང་ཧ་སོགས་སྟོང་པ་རྣམ་པ་བཞི་ཞེས་པ་ནི། འདིར་མེ་རུ་ཧ་བདེན་བྲལ་དུ་ཧཿདྦང་ལྡན་དུ་ཧཾ་རླུང་དུ་ཧཱའོ། །ཡང་ན་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་རྔ་ཡབ་རྣམས་བྲི་བར་བྱའོ། །དེ་ནས་ཕྱོགས་བྲལ་འདི་ལ་ཕྱི་རོལ་གྱི་ཟུར་བཞི་རྣམས་སུ་གྲངས་བཞིན་དུ་དབང་ལྡན་དུ་སྐུ་རྡོ་རྗེ་ཨོཾ་ཡིག་གམ་ཆོས་ཀྱི་དུང་ངོ༌། །བདེན་བྲལ་གྱི་ཟུར་དུ་གསུང་རྡོ་རྗེ་
ཨཱཿ་འམ་ཆོས་ཀྱི་གཎྜིའོ། །རྩེ་མོ་ཅན་དུ་ཐུགས་རྡོ་རྗེ་ཧུཾ་ངམ་ཡིད་བཞིན་གྱི་ནོར་བུའོ། །རླུང་དུ་ཆགས་པ་སྟེ་ཡེ་ཤེས་རྡོ་རྗེ་ཧོའམ་དཔག་བསམ་གྱི་ཤིང་བྲི་བར་བྱའོ། །སྙིང་པོའི་པདྨ་ལ་དགོད་པའོ། །ད་ནི་འཕང་མ་གཉིས་པ་ལ་དགོད་པ་གསུངས་པ་འདིར་འཕར་མ་གཉིས་པ་ལ་ཤར་ལ་སོགས་པའི་ལེ་ཚེའི་གནས་བརྒྱད་པོ་རྣམས་སུ་སྟེ། ཤར་གྱི་ལྷའི་པདྨའི་གནས་ཀྱི་བྱང་དང་ལྷོ་རུ་ཧི་ཧཱི་འམ་བུམ་པ་གཉིས་སོ། །ལྷོའི་ལྷའི་ཤར་དང་ནུབ་ཏུ་ཧྲྀ་ཧྲཱྀ་འམ་བུམ་པ་དག་གོ །ནུབ་ཀྱི་ལྷའི་ལྷོ་དང་བྱང་དུ་ཧླྀ་ཧླཱྀ་འམ་བུམ་པ་དག་གོ །བྱང་གི་ལྷའི་ནུབ་དང་ཤར་དུ་ཧུ་ཧཱུའམ་བུམ་པ་དག་གོ །ཧཾ་ཧཿ་ནི་ཤར་དང་ནུབ་ཀྱི་སྒོར་འབྱུང་བ་ལ་སྟེ། ཁྲོ་བོའི་སྟེང་དུ་སྟེང་འོག་དག་པས་སོ། །ཧི་ཡིག་ལ་སོགས་བཅུ་རུ་འགྱུར་ཏེ་ཞེས་པ་ནི། བུམ་པའི་ས་བོན་དགོད་པའོ། །དེ་ནས་ལྷའི་ས་བོན་དགོད་པ་སྟེ། འདིར་ཤར་གྱི་ཆུ་སྐྱེས་སྟེང་དུ་ཉི་མའི་གདན་ལ་འདུ་བྱེད་ཀྱི་ཨི་ཡིག་གམ་རལ་གྲིའོ། །རྩེ་མོ་ཅན་དུ་པདྨ་ལ་གནས་ཏེ། ཟླ་བའི་དཀྱིལ་འཁོར་ལ་གནས་པ་རླུང་གི་ཁམས་ཀྱི་ཨཱི་ཡིག་རིང་པོའམ་རལ་གྲིའམ། ཨུཏྤལའོ། །དེ་བཞིན་དུ་གཤིན་རྗེར་ཚོར་བའི་རྀ་ཡིག་གམ་རིན་པོ་ཆེའོ། །བདེན་བྲལ་དུ་ཟླ་བ་ལ་མེའི་ཁམས་ཀྱི་རཱྀའམ་པདྨ་དམར་པོའོ། །དེ་བཞིན་དུ་ནོར་སྦྱིན་དུ་འདུ་ཤེས་ཀྱི་ཨུ་ཡིག་གམ་པདྨ་དཀར་པོའོ། །དབང་ལྡན་དུ་ཆུའི་ཁམས་ཀྱི་ཨཱུ་འམ་ཨུཏྤལ་དཀར་པོའོ། །དེ་བཞིན་དུ་ཆུ་རུ་ཡང་གཟུགས་ཀྱི་ལྀ་ཡིག་གམ་འཁོར་ལོའོ། །རླུང་གི་ཟུར་དུ་སའི་ཁམས་ཀྱི་ལཱྀ་འམ་འཁོར་ལོའོ་ཞེས་པ་ནི། ཕུང་པོ་དང་ཁམས་དགོད་པ་སྟེ། ནམ་མཁའི་ཁམས་དང་རྣམ་པར་ཤེས་པ་དག་གཅིག་པ་ཉིད་ཀྱིས་མཚན་མ་ནི་ལྟེ་བ་ལ་རྡོ་རྗེའོ། །ཤར་དང་མེར་ནག་པོ་དང་ལྷོ་དང་ལྷ་མིན་དུ་དམར་པོ་དང་བྱང་དང་དབང་ལྡན་དུ་དཀར་པོ་དང༌། ནུབ་དང་རླུང་དུ་སེར་པོ་སྟེ། རྒྱལ་བའི་ཞལ་གྱི་དབྱེ་བ་དག་གིས་དགོད་པར་བྱ་ཞེས་པ་ངེས་པའོ། །ད་ནི་འཕར་མ་གསུམ་པ་ལ་དབང་པོ་དྲུག་དང༌། ཡུལ་དྲུག་རྣམ་པར་དག་པ་ལྷ་དང་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཤར་གྱི་སྒོའི་ལྷོར་པདྨའི་སྟེང་
དུ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་སྣའི་ཨེ་ཡིག་གོ །མེ་ཡི་པདྨ་ལ་གནས་ཏེ་མེའི་ཟུར་དུ་ཟླ་བའི་དཀྱིལ་འཁོར་ལ་རེག་བྱ་རྡོ་རྗེ་མའི་ཨཻ་ཡིག་གོ །དེ་བཞིན་དུ་ལྷོའི་སྒོའི་ནུབ་ཏུ་མིག་གི་ཨར་ཡིག་གོ །དེ་བཞིན་དུ་བདེན་བྲལ་དུ་རོ་རྡོ་རྗེ་མའི་ཨར་ཡིག་གོ་ཞེས་པ་སྟེ་ཟུང་ངོ༌། །དེ་བཞིན་དུ་ནུབ་ཏུ་ལུས་ཀྱི་དབང་པོའི་ཨ་ལ་ཡིག་དང༌། རླུང་དུ་དྲི་རྡོ་རྗེ་མའི་ཨཱ་ལ་ཡིག་དང་གནོད་སྦྱིན་དུ་ལྕེའི་ཨོ་དང་དྲག་པོར་གཟུགས་རྡོ་རྗེ་མའི་ཨཽའོ། །ལྷ་ཆུ་གཤིན་རྗེའི་གནོད་སྦྱིན་དང་བཅས་སྒོ་ཡི་གཡོན་དུ་ནི་ཞེས་པ་ལ། འདིར་ཤར་གྱི་སྒོའི་བྱང་དུ་ཉི་མའི་སྟེང་དུ་ཡིད་ཀྱི་དབང་པོའི་ཨཾ་ངོ༌། །ཆུའི་སྒོའི་ལྷོར་ཟླ་བ་ལ་ཆོས་ཀྱི་ཁམས་ཀྱི་ཨཱ་ཡིག་གོ །གཤིན་རྗེ་ཞེས་པ་ལྷོའི་སྒོའི་ཤར་དུ་ཉི་མ་ལ་རྣ་བའི་དབང་པོའི་ཨ་ཡིག་གོ །ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་དབྱེ་བས་གཡོན་དུའོ། །གནོད་སྦྱིན་དུ་བྱང་གི་སྒོའི་ནུབ་ཏུ་སྒྲ་རྡོ་རྗེ་མའི་ཨཱཿ་ཡིག་གོ །སྐྱེ་མཆེད་བཅུ་གཉིས་ཀྱིས་བོན་དགོད་པའོ། །ད་ནི་སྒོ་སྐྱོང་གི་ས་བོན་དགོད་པ་གསུངས་པ། རིམ་པ་ཡིས་ནི་སླར་ཡང་ཡ་ཝ་ལ་ལྷ་སོགས་སྒོ་ཡི་པདྨ་ལ་སྟེ། འདིར་ཤར་གྱི་སྒོར་ཉི་མའམ་ཟླ་བའི་དཀྱིལ་འཁོར་ལ་ངག་གི་དབང་པོའི་ཡ་ཡིག་དང་ལྷོར་ཉི་མ་ལ་ལག་པའི་དབང་པོའི་ར་ཡིག་དང་བྱང་དུ་རྐང་པའི་དབང་པོའི་ཝ་ཡིག་དང༌། ནུབ་ཏུ་བཤང་ལམ་གྱི་དབང་པོའི་ལ་ཡིག་གོ་ཞེས་པ་སྟེ་དགོད་པའོ། །ད་ནི་ཟླ་བ་དང་ཉི་མའི་གདན་གྱི་ངེས་པ་གསུངས་ཏེ། འདིར་ཤར་གྱི་སྒོ་དང་བྱང་གི་སྒོར་ནི་རི་བོང་འཛིན་པ་དག་ཀྱང་ཁྲོ་བོ་དག་གི་གདན་དུ་འགྱུར་པ་སྟེ། ཞེས་པ་ནི་ཀྱང་ཡིག་གིས་ཡང་ན་ཉི་མའོ། །ལྷོ་དང་ནུབ་ཏུ་ཡང་ཉི་མར་འགྱུར་ཏེ། ཤེས་རབ་དང་ཐབས་ཀྱི་ཡན་ལག་གི་དབྱེ་བས་སོ། །ཡང་ན་རང་རང་གི་པདྨ་རྣམས་ལ་ཐབས་ཀྱི་གདན་ཉི་མ་དང་ཤེས་རབ་ཀྱི་གདན་ཟླ་བའོ། དེ་ནས་ཤར་དང་མེའི་ལྷ་རྣམས་ཀྱི་རལ་གྲི་དང༌། ལྷོ་དང་བདེན་བྲལ་གྱི་རྣམས་ཀྱི་རིན་པོ་ཆེ་དང་བྱང་དང་དབང་ལྡན་གྱི་རྣམས་ཀྱི་པདྨ་དང་ནུབ་དང་རླུང་གི་རྣམས་ཀྱི་འཁོར་ལོ་དང༌། སྟེང་དང་འོག་གི་ལྷ་རྣམས་ཀྱི་རྡོ་རྗེའོ། །ཡང་ན་ཡུལ་གྱི་དབྱེ་བས་ཏེ། སྒྲའི་རྒྱུད་མངས་དང་རེག་
བྱའི་གོས་དང་གཟུགས་ཀྱི་མེ་ལོང་དང་རོའི་སྣོད་དང༌། རིའི་དུང་དང་ཆོས་ཀྱི་ཁམས་ཀྱི་ཆོས་འབྱུང་ངོ༌། །དེ་བཞིན་དུ་ངག་གི་དབང་པོའི་རལ་གྲི་དང་ལག་པའི་དབང་པོའི་དབྱུག་པ་དང༌། རྐང་པའི་དབང་པོའི་པདྨ་དང་བཤང་ལམ་གྱི་དབང་པོའི་ཐོབ་སྟེ། སྙིང་པོའི་དཀྱིལ་འཁོར་ལ་མཚན་མ་དགོད་པའོ། །ད་ནི་ཐིག་ལེའི་རྣམ་པ་དག་གིས་ཞེས་པ་ལ་སོགས་པས་པདྨའི་ས་བོན་རྣམས་གསུངས་པ་འདིར་པདྨ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་རྩ་བ་ལ་སོགས་པ་རྣམས་ལ་ཀ་ལ་སོགས་པའི་སྡེ་པའི་ཡི་གེ་རྣམས་ཐིག་ལེ་ལ་སོགས་པས་ཕྱེ་བ་ནི་ཨཾ་ཨཿཨ་ཨཱ་ཞེས་པ་འདི་དག་གིས་ཕྱེ་བ་ལྷའི་རིགས་ཀྱི་དབང་གིས་སྦྱིན་པར་བྱ་སྟེ། རྣ་བའི་པདྨའི་རྩ་བ་ལ་ཀཾ་སྡོང་བུ་ལ་ཁཾ་འདབ་མ་ལ་གཾ་གེ་སར་ལ་གྷཾ་ལྟེ་བ་ལ་ངཾ་ཞེས་པའོ། །ཆོས་ཀྱི་ཁམས་ཀྱི་ཀཱ་ཁཱ་གཱ་གྷཱ་དཱ་ཞེས་པའོ། །ཡིད་ཀྱི་དབང་པོའི་སཾ་ཉྠཾ་ཤཾ་ཐྒཾ་ཞེས་པའོ། །སྒྲའི་སཿ་ཝཾཿཥཿཐྐཿཞེས་པ་སྟེ། ཡི་གེ་ལྔ་པོ་འདི་རྣམས་ཡོངས་སུ་གྱུར་པ་ལས་པདྨའོ། །འདུ་བྱེད་ཀྱི་པདྨ་ལ་ཙ་ཚ་ཛ་ཛྷ་ཉ་ཞེས་པའོ། །དེ་བཞིན་དུ་སྣའི་ཙཾ་ཚཾ་ཛཾ་ཛྙཾ་ཉཾ་ཞེས་པའོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་ཙཱ་ཚཱ་ཛཱ་ཛྷཱ་ཉཱ་ཞེས་པའོ། །རེག་བྱའི་ཙཿཚཿཛཿཛྷཿ་ཞེས་པའོ། །ཚོར་བའི་ཊ་ཋ་ཌ་ཌྷ་ཎ་ཞེས་པའོ། །མིག་གི་ཊཾ་ཋཾ་ཌཾ་ཌྷཾ་ཎཾ་ཞེས་པའོ། །མེའི་ཁམས་ཀྱི་ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཞེས་པའོ། །རོ་རྡོ་རྗེ་མའི་ཊཿཋཿཌཿཎཿཞེས་པའོ། །འདུ་ཤེས་ཀྱི་པ་ཕ་བ་བྷ་མ་ཞེས་པའོ། །ལྕེའི་པཾ་ཕཾ་བཾ་བྷཾ་མཾ་ཞེས་པའོ། །ཆུའི་ཁམས་ཀྱི་པཱ་ཕཱ་བཱ་བྷཱ་མཱ་ཞེས་པའོ། །གཟུགས་རྡོ་རྗེ་མའི་པཿཕཿབཿབྷཿམཿཞེས་པའོ། །གཟུགས་ཀྱི་ཏ་ཐ་ད་དྷ་ན་ཞེས་པའོ། །ལུས་ཀྱི་དབང་པོའི་ཏཾ་ཐཾ་དཾ་དྷཾ་ནཾ་ཞེས་པའོ། །སའི་ཁམས་ཀྱི་ཏཱ་ཐཱ་དཱ་དྷཱ་ནཱ་ཞེས་པའོ། །དྲིའི་ཏཿཐཿདཿདྷཿནཿཞེས་པའོ། །དེ་བཞིན་དུ་ཙ་ཚ་ཛ་ཛྷ་ཉ་ངག་གི་དབང་པོ་དང༌། ཊ་ཋ་ཌ་ཌྷ་ཎ་ལག་པའི་དབང་པོ་དང༌། པ་ཕ་བ་བྷ་མ་རྐང་པའི་དབང་པོ་དང༌། ཏ་ཐ་ད་དྷ་ན་བཤང་ལམ་གྱི་དབང་པོའི་པདྨ་ལ་རྣམ་པར་ཤེས་པར་བྱའོ། །པདྨའི་ས་བོན་དགོད་པ་སྟེ། ཐུང་དུ་རིང་པོ་རང་གི་ས་ལའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་ཐིག་ལེའམ་ཨ་ཡིག་གམ། ཧ་ཡིག་གིས་ཟླ་བའི་
གདན་རྣམས་དང༌། རྣམ་པར་བཅད་པའམ་ར་ཡིག་གམ་ཀྵ་ཡིག་གིས་ཉི་མའི་གདན་རྣམས་ཏེ་ལྟེ་བའི་སྟེང་དུའོ། །བདག་པོའི་པདྨ་ལ་སཱོཾ་ཉྤཱོཾ་ཥཱོཾ་ཤཱོཾ་ཋྐཱོཾ་ཞེས་པའོ། །ལྟེ་བའི་སྟེང་དུ་ཨོཾ་ཨཱཿཨ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་གདན་རྣམས་སོ། །ཞེས་པ་ནི་དགོད་པའོ། །ད་ནི་སྡེ་དྲུག་ཅེས་པ་ལ་སོགས་པས་མཆོད་པའི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་བྱང་དུ་དྲི་མའི་ཙྪྫྫྷྙ་དང་ལྷོར་ཕྲེང་བ་མའི་ཙྪྫྫྷྙཱའོ། །དེ་བཞིན་དུ་ལྷོར་སྤོས་མའི་ཊྛྜྜྷྞ་དང་མར་མེ་མའི་ཊྛྜྜྷྞཱའོ། །ནུབ་ཏུ་སྒེག་མོའི་ཏྠྡྡྷྣ་དང་བཞད་མའི་ཏྠྡྡྷྣཱའོ། །བྱང་དུ་བདུད་རྩི་མའི་པྥྦྦྷྨ་དང་འབྲས་བུ་མ་ཉམས་མའི་པྥྦྦྷྨཱའོ། །ཤར་གྱི་སྒོའི་རྟ་བབས་ཀྱི་སྟེང་དུ་གར་མའི་ཀྑྒྒྷྔ་དང་ནུབ་ཀྱི་སྒོའི་རྟ་བབས་ཀྱི་སྟེང་དུ་སིལ་སྙན་མའི་ཀྑྒྒྷྔཱའོ། །བྱང་གི་སྒོའི་རྟ་བབས་ཀྱི་སྟེང་དུ་གླུ་མའི་སྺྤྵྴྛྐ་དང་ལྷོའི་སྒོའི་རྟ་བབས་ཀྱི་སྟེང་དུ་འདོད་མའི་སྙྤྵྴྛྐཱའོ། །ཡང་ན་མཚན་མ་རྣམས་ཏེ། དུང་དང་ཕྲེང་བ་དང༌། སྤོས་སྣོད་དང་མར་མེ་དང་དབུ་རྒྱན་དང་དོ་ཤལ་དང་འབྲས་བུ་དང་སྣོད་དང་གོས་དང་རྡ་དང་རྡོ་རྗེ་དང་པདྨ་རྣམས་ཤར་གྱི་ཆ་ལ་སོགས་པར་སྦྱར་བར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་ཕྱི་རོལ་དུ་ཞེས་པ་ལ་སོགས་པས་འདོད་མ་སུམ་ཅུ་རྩ་དྲུག་རྣམས་ཀྱི་ས་བོན་གསུངས་པ་འདིར་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་སྟེ་ཤར་གྱི་སྒོའི་ལྷོའི་སྟེགས་བུ་ལ་ཙཿཚཿཛཿཛྷཿཉཿ། ལྷོ་རུ་ཊཿཋཿཌཿཌྷཿཎཿ། ནུབ་ཏུ་ཏཿཐཿ་དཿདྷཿཎཿ། བྱང་དུ་པཿཕཿབཿབྷཿམཿ། ཤར་གྱི་སྒོའི་བྱང་དུ་སཿ་ཝཿ་ཥཿ་ཤཿ་ཋྐཿ། བྱང་གི་སྒོའི་ནུབ་ཏུ་ལཿཝཿརཿཡཿཧཿ། ལྷོའི་སྒོའི་ཤར་གྱི་སྟེགས་བུ་ལ་ཀཿཁཿགཿ་གྷཿངཿ༌། ནུབ་ཀྱི་སྒོའི་ལྷོར་ཀྵཿཞེས་པ་སྟེ་གསུང་གི་དཀྱིལ་འཁོར་ལའོ། །སྐུའི་དཀྱིལ་འཁོར་ལ་ཡི་གེ་འདི་རྣམས་ཐིག་ལེ་དང་བཅས་པ་སྟེ་ཙ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཕྱིར་འདོད་མ་རྣམས་ཀྱི་ས་བོན་ནམ་མཚན་མའམ་གཟུགས་བྲི་བར་བྱའོ། །སྙིང་
པོའི་སྟེགས་བུ་ལ་མཆོད་པའི་ལྷ་མོ་དུ་མ་སྟེ་གཟུངས་མ་མཐའ་དག་བྲི་བར་བྱའོ། །གཟུངས་མ་དང་འདོད་མའི་ས་བོན་དགོད་པའོ། །དེ་ལྟར་འདོད་མ་ཐམས་ཅད་ཀུན་ནས་རང་རིག་ཕྱོགས་སུ་གནས་ཏེ་རྒྱལ་བ་རྣམས་ཀྱི་ཁ་དོག་དབྱེ་བས་ཁ་དོག་རིག་པར་བྱ་སྟེ་ཁ་དོག་ལྔའི་རྡུལ་ཚོན་གྱིས་ཞེས་པ་ནི་ཐམས་ཅད་དུ་དེས་པའོ། །ད་ནི་ཐུང་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་ལ་ཙརྩི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་འཆད་པར་འགྱུར་པའི་སྒྲུབ་ཐབས་ཀྱི་ལེའུ་ལས་ཙརྩི་ཀཱའི་གདན་ཡི་དགས་ནི་པདྨ་དེའི་སྟེང་དུའོ། །པདྨ་འདབ་མ་བརྒྱད་པ་དེ་ཉིད་རྡུལ་ཚོན་གྱིས་བྲི་བར་བྱ་སྟེ་པདྨ་ཡང་ཁ་དོག་དམར་པོའོ། །དེ་ནས་ཐུང་རིང་ཧ་ཡིག་དག་ནི་ཞེས་པ་ནི་ལྷར་པདྨའི་ལྟེ་བ་ལ་ཙརྩི་ཀཱའི་ཧའོ། །ནོར་སྦྱིན་དུ་པདྨའི་ལྟེ་བ་ལ་ཁྱུ་མཆོག་གི་སྟེང་དུ་དྲག་མོའི་ཧཾ་ངོ༌། །ལྷོར་མ་ཧེའི་སྟེང་དུ་ཕག་མོའི་ཧཿའོ། །ནུབ་ཏུ་གླང་པོ་ཆེའི་སྟེང་དུ་དབང་མོའི་ཧཱའོ་ཞེས་པ་སྟེ་ཕྱོགས་སུ་ཙརྩི་ཀཱ་སོགས་རྣམས་ཀྱིའོ། །ཁྱབ་འཇུག་མ་སོགས་རྣམས་ཀྱི་ཀྵ་ཡིག་ནི་དེ་བཞིན་དུ་མེའི་ཟུར་དུ་པདྨའི་ལྟེ་བ་ལ་མཁའ་ལྡིང་གི་སྟེང་དུ་ཀྵའོ། །དེ་བཞིན་དུ་འཕྲོག་བྱེད་དུ་སེང་གེའི་སྟེང་དུ་དཔལ་ཆེན་མོའི་ཀྵོཾ་ངོ༌། །རླུང་དུ་དང་པའི་སྟེང་དུ་ཚངས་མའི་ཀྵའོ། །བདེན་བྲལ་དུ་པདྨའི་ལྟེ་བ་ལ་རྨ་བྱའི་སྟེང་དུ་གཞོན་ནུ་མའི་ཀྵཿའོ། །འདི་རྣམས་ལ་ཟླ་བ་དང་ཉི་མའི་གདན་མེད་པ་སྟེ་ཙརྩི་ཀཱ་ལ་སོགས་པའི་དབྱེ་བས་ལྷ་མིན་དུའོ་ཞེས་པ་ནི་ངེས་པའོ། །ད་ནི་ཧི་ལ་སོགས་པ་ཞེས་པ་ལ་སོགས་པས་པདྨའི་འདབ་མ་རྣམས་ལ་འཇིགས་མ་ལ་སོགས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་རྣམས་ཀྱི་ས་བོན་གསུངས་ཏེ་འདིར་ཧི་ལ་སོགས་པས་གྲངས་བརྒྱད་དོ། །དེ་ལ་ཙརྩི་ཀཱའི་མདུན་གྱི་པདྨའི་འདབ་མ་ལ་འཇིགས་མའི་ཧིའོ། །རྒྱབ་ཏུ་རླུང་ཤུགས་མའི་ཧཱིའོ། །རང་ཕྱོགས་དེ་རྣམས་སུ་སྟེ་ཤར་གྱི་ཕྱོགས་སུ་ཡ་སོགས་ཐུང་བ་དྲུག་རྣམས་སོ། །འཇིགས་མ་ལ་སོགས་པ་གཡས་སྐོར་གྱིས་ཏེ་དེ་བཞིན་དུ་འཇིགས་མའི་འདབ་མ་གཉིས་པ་ལ་དྲག་མོའི་ཡའོ། །གསུམ་པ་ལ་དུས་ཀྱི་མཆེ་བ་མའི་ཡིའོ། །བཞི་པ་ལམ་འབར་གདོང་མའི་ཡྲྀའོ། །དེ་ནས་
འདབ་མ་ལྔ་པ་ལ་རླུང་གི་ཤུགས་མའི་བརྗོད་ཟིན་ཏོ། །དྲུག་བ་ལ་རབ་གཏུམ་མའི་ཡུའོ། །བདུན་པ་ལ་དྲག་མིག་མའི་ཡླྀའོ། །བརྒྱད་པ་ལ་སྣ་ཆེན་མའི་ཡཾ་ངོ༌། །ཡང་ན་ལྟེ་བ་ལ་སོགས་པ་ལ་ཐམས་ཅད་དུ་ཙརྩི་ཀཱ་ལ་སོགས་པ་རྣམས་ཀྱི་གྲི་གུག་གི་མཚན་མའོ། །ལྷ་ཡི་པདྨ་ལ་སྟེ་ཤར་གྱི་པདྨ་ལ་དགོད་པའོ། །འདིར་མེའི་པདྨ་ལ་སོགས་པ་རྣམས་ལ་ཀྵི་ལ་སོགས་བ་གྲངས་བརྒྱད་པོ་སྟེ་དེ་ལ་ཁྱབ་འཇུག་མའི་མདུན་དུ་དབལ་མོའི་ཀྵིའོ། །རྒྱབ་ཏུ་མཆོག་ཏུ་རྣམ་པར་རྒྱལ་མའི་ཀྵཱིའོ། །དེ་བཞིན་དུ་ཡཱ་ལ་སོགས་པ་སྟེ་སྒྱུ་འཕྲུལ་མའི་ཡཱའོ། །གྲགས་མའི་ཡཱིའོ། །དཔལ་མོའི་ཡྲཱྀའོ། །འདབ་མ་དྲུག་པ་ལ་རྒྱལ་མའི་ཡཱུའོ། །རྒྱལ་ལྡན་མའི་ཡླཱྀའོ། །འདབ་མ་བརྒྱད་པ་ལ་འཁོར་ལོ་ཅན་མའི་ཡཿའོ། །ཡང་ན་ཐམས་ཅད་དུ་འཁོར་ལོའི་མཚན་མ་སྟེ་མེ་ཡི་པདྨ་དག་ལ་རིམ་པ་ཡིས་ཞེས་པ་ངེས་པའོ། །དེ་བཞིན་གཤིན་རྗེར་ར་ལ་སོགས་ཞེས་པ་སྟེ་འདིར་ལྷོ་རུ་ཕག་མོའི་མདུན་དུ་ཀེང་རུས་མའི་ཧྲྀའོ། །རྒྱབ་དུ་འདབ་མ་ལྔ་པར་མཆེ་བ་གཙིགས་མའི་ཧྲཱྀའོ། །དེ་ནས་ར་སོགས་ཏེ་དུས་མཚན་མའི་རའོ། །རབ་ཁྲོས་གདོང་མའི་རིའོ། །དུས་ཀྱི་ལྕེའི་རྲྀའོ། །ནག་མོའི་རུའོ། །འཇིགས་རུང་མའི་རླྀའོ། །གཟུགས་ངན་མའི་རོཾ་མོ། །དེ་བཞིན་དུ་ལྟ་མིན་ཏེ་བདེན་བྲལ་གྱི་པདྨའི་འདབ་མ་ལ་གཞོན་ནུ་མའི་མདུན་དུ་པདྨའི་ཀྵྼྀའོ། །རྒྱབ་ཏུ་རིན་ཆེན་ཕྲེང་བ་མའི་ཀྵྼཱྀའོ། །དེ་ནས་རིམ་པ་ཇི་ལྟ་བས་ཡན་ལག་མེད་མའི་རཱའོ། །གཞོན་ནུ་མའི་རཱིའོ། །རི་དགས་བདག་འགྲོ་མའི་རྲཱྀའོ། །མིག་བཟང་མའི་རཱུའོ། །རུལ་བ་མའི་རླཱྀའོ། །བཟང་མོའི་རཿའོ་ཞེས་པ་ནི་ལྷ་མིན་པདྨའི་འདབ་མ་དག་ལ་ཐུང་དུ་རིང་པོའི་རབ་ཏུ་དབྱེ་བས་སོ། །གནོད་སྦྱིན་དྲག་པོར་ཝ་ལ་སོགས་ཞེས་པ་ནི་འདིར་གནོད་སྦྱིན་དུ་དྲག་མོའི་མདུན་དུ་གཽ་རཱིའི་ཧུའོ། །རྒྱབ་ཏུ་འདབ་མ་ལྔ་པ་ལ་ཏོ་ཏ་ལའི་ཧཱུའོ། །དེ་ནས་ཝ་ལ་སོགས་པ་རིམ་པས་ཏེ་གོཾ་གཱ་མའི་ཝའོ། །རྟག་མའི་ཝིའོ། །མཆོག་ཏུ་མགྱོགས་མའི་ཝྲྀའོ། །མཚན་ཉིད་མའི་ཝུའོ། །སེར་སྐྱ་མའི་ཝླྀའོ། །སེར་སྐྱ་མའི་ཝླྀའོ། །ནག་མོའི་ཝཾ་ཞེས་པ་སྟེ་གནོད་སྦྱིན་དུའོ། །
དྲག་པོར་དཔལ་ཆེན་མོའི་མདུན་དུ་དཔལ་དཀར་མོའི་ཀྵུའོ། །རྒྱབ་ཏུ་འཛིན་མའི་ཀྵཱུའོ། །དེ་ནས་ཝཱ་ལ་སོགས་པ་སྟེ་ཟླ་བའི་རི་མོའི་ཝཱའོ། །རི་བོང་འཛིན་ཞལ་མའི་ཝཱིའོ། །དང་བའི་མདོག་མའི་ཝྲཱྀའོ། །པདྨའི་དབང་མོའི་ཝཱུའོ། །སྐར་མིག་མའི་ཝླཱྀའོ། །དྲི་མེད་རི་བོང་འཛིན་མའི་ཝཿའོ་ཞེས་པ་ནི་འཕྲོག་བྱེད་དུའོ། །ཆུ་གཏེར་དང་བཅས་རླུང་གི་བད་འདབ་རྣམས་ལ་ལ་ལ་སོགས་ཞེས་པ་ནི་འདིར་ཆུ་རུ་དབང་མོའི་མདུན་དུ་རྡོ་རྗེ་འོད་མའི་ཧླྀའོ། །རྒྱབ་ཏུ་སྣ་ཚོགས་རི་མོའི་ཧླཱྀའོ། །དེ་ནས་ལ་ལ་སོགས་པ་སྟེ་རྡོ་རྗེ་ལུས་མའི་ལའོ། །མཆོག་གི་གསེར་ལྡན་མའི་ལིའོ། །ཨུར་བ་ཤཱིའི་ཝྲྀའོ། །རམ་བྷཱའི་ལུའོ། །ཟུག་རྡུ་མེད་མའི་ལླྀའོ། །སྒྲོལ་མའི་ལཾ་མོ་ཞེས་པའོ། །རླུང་དུ་ཚངས་མའི་མདུན་དུ་སཱ་བི་ད་ཏྲྱིའི་ཀྵླྀའོ། །རྒྱབ་ཏུ་ངག་གི་དབང་ཕྱུག་མའི་ཀྵླཱྀའོ། །དེ་ནས་ལཱ་ལ་སོགས་པ་རིང་པོ་རྣམས་ཏེ་འདིར་འདབ་མ་གཉིས་པ་ལ་པདྨའི་མིག་མའི་ལཱའོ། །ཆུ་སྐྱེས་ཅན་མའི་ལཱིའོ། །བློ་གྲོས་མའི་ལྲཱྀའོ། །གཱ་ཡང་ཏྲཱིའི་ལཱུའོ། །གློག་འོད་མའི་ལླཱྀའོ། །དྲན་མའི་ལཿའོ་ཞེས་པ་ནི་པདྨའི་འདབ་མ་རྣམས་ལ་ས་བོན་དགོད་པའོ། །ཡང་ན་ཐམས་ཅད་དུ་ཕག་མོ་ལ་སོགས་པ་རྣམས་ལ་དབྱུག་བའི་མཚན་མའོ། །གཞོན་ནུ་མ་ལ་སོགས་པ་རྣམས་ལ་ཤ་ཀ་ཏིའོ། །དྲག་མོ་ལ་སོགས་པ་རྣམས་ལ་རྩེ་གསུམ་མོ། །དཔལ་མོ་ལ་སོགས་པ་རྣམས་ལ་པདྨའམ་རལ་གྲིའོ། །དབང་མོ་ལ་སོགས་པ་རྣམས་ལ་རྡོ་རྗེའོ། །ཚངས་མ་ལ་སོགས་པ་རྣམས་ལ་ཁབ་བམ་སྣོད་ངོ༌། །གསུང་གི་དཀྱིལ་འཁོར་ལ་ཙརྩི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་དང་མཚན་མ་དགོད་པ་སྟེ་བྲི་བར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཤར་གྱི་སྒོའི་ཞས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་ལ་བདེན་བྲལ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་པ་འདིར་སྐུའི་དཀྱིལ་འཁོར་ལ་བདེན་བྲལ་ལ་སོགས་པ་ལྷ་བཅུ་གཉིས་པོ་རྣམས་ཀྱི་པདྨ་འདབ་མ་ཉི་ཤུ་རྩ་བརྒྱད་པ་རྣམས་ནི་ནག་པའི་ཟླ་བ་ལ་སོགས་པ་སྟེ་ཚེས་སུམ་བརྒྱ་དྲུག་ཅུ་རྣམས་ནི་ལྷག་པའི་ལྷའོ། །དེ་རྣམས་ལ་ཉ་དང་གནམ་སྟོང་གི་ས་བོན་རྣམས་ནི་ལྟེ་བ་ལ་སྟེ།
ལྷག་མ་ནི་པདྨའི་འདབ་མ་རྣམས་ལའོ། །འདིར་ནག་པའི་ཟླ་བ་དང་ས་གའི་ཟླ་བ་དག་ནི་རླུང་རྣམ་པར་དག་པས་དཔྱིད་དོ། །དེས་ན་ཙ་ཡི་སྡེ་ཐུང་དུ་ལྷ་མིན་གྱི་སྟེ་དབྱངས་རིང་པོས་ཕྱེ་བ་ནི་མེ་ཡི་ཟུར་ན་གནས་པའི་རླུང་གིའོ། །འདིར་ཤར་གྱི་སྒོའི་ལྷོའི་འདབ་མ་དང་པོ་ལ་ཉ་རྡོ་རྗེ་མའི་ཉའོ། །ཇི་ལྟར་དཀར་པོའི་ཚེས་གཅིག་ཉ་རྡོ་རྗེ་མ་ཡིན་པ་དེ་བཞིན་དུ་ཐམས་ཅད་དུའོ། །དེ་བཞིན་དུ་འདབ་མ་གཉིས་པ་ལ་ཉི་རྡོ་རྗེ་མའི་ཉིའོ། །དེ་བཞིན་དུ་ཚེས་ཐམས་ཅད་ལ་རྡོ་རྗེ་མིང་གི་མཐར་རིག་པར་བྱའོ། །ཉ་ནི་ཤེས་རབ་སྟེ་གནམ་སྟོད་ནི་ཐབས་སོ། །དེ་བཞིན་དུ་འདབ་མ་གསུམ་པ་ལ་ཉྲྀ་སྟེ་སླར་ཡང་རིམ་པ་ཇི་ལྟ་བས། ཉུ་ཉླྀ་ཉོཾ་ཛྷ་ཛྷི་ཛྷྲྀ་ཛྷུ་ཛྷླྀ་ཛྷོཾ་ཛ་ཛི་ཞེས་པ་འདབ་མ་བཅུ་བཞི་པ་ལའོ། །དེ་ནས་ཉ་ནི་ལྟེ་བ་ལ་ཛྲྀ་རྡོ་རྗེ་མའི་ཛྲྀའོ། །དེ་ནས་འདབ་མ་བཅོ་ལྔ་པ་ལ་ཛུ་སྟེ་དེ་བཞིན་དུ་རིམ་པས་ཛླྀ་ཛོཾ་ཚ་ཚི་ཚྲྀ་ཚུ་ཚླྀ་ཚཾ་ཙ་ཙི་ཙྲྀ་ཙུ་ཙླྀ་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ། །དེ་ནས་ལྟེ་བ་ལ་གནམ་སྟོང་གི་ས་བོན་ཙོཾ་མོ། ས་གའི་ཟླ་བའི་དཀར་པོའི་ཚེས་གཅིག་གི་དང་པོ་ལ་ཙཱ་རྡོ་རྗེ་མའི་ཙཱའོ། །དེ་བཞིན་དུ་ཚེས་ཐམས་ཅད་ལ་རྡོ་རྗེ་མ་མཐའི་མིང་ངོ༌། །དེ་བཞིན་དུ་འདབ་མ་གཉིས་པ་ལ་གཉིས་པ་ཙཱི་རྡོ་རྗེ་མའི་ཙཱིའོ། །དེ་བཞིན་དུ་རིམ་པས་ཙྲཱི་ཙཱུ་ཙླཱྀ་ཙཿཚཱ་ཚཱི་ཚྲཱྀ་ཚཱུ་ཚླཱྀ་ཚཿཛཱ་ཛཱི་ཞེས་པ་འདབ་མ་བཅུ་བཞི་པ་ལའོ། །དེ་ནས་ས་གའི་ཉའི་ས་བོན་ནི་ལྟེ་བ་ལ་ཛྲཱྀ་རྡོ་རྗེ་མའི་ཛྲཱྀའོ། །དེ་ནས་འདབ་མ་བཅོ་ལྔ་ལྔ་པ་ལ་ནག་པོའི་ཚེས་གཅིག་སྟེ་ཛཱུ་ཛླཱྀ་ཛཿཛྷཱ་ཛྷཱི་ཛྷྲཱྀ་ཛཿཛྷཱ་ཛྷཱི་ཛྷྲཱྀ་ཛྷཱུ་ཛྷླཱྀ་ཛྷཿཉཱ་ཉཱི་ཉྲཱྀ་ཉཱུ་ཉླཱྀ་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ། །དེ་ནས་གནམ་སྟོང་གི་རླུང་གི་ས་བོན་ནི་ལྟེ་བ་ལ་ཉཿའོ། །ཙཱ་སྡེ་རིང་པོ་སྟེ་རླུང་གིའོ། །ཞེས་པ་ནི་ངེས་པའོ། །དེ་བཞིན་གཤིན་རྗེར་ཏེ་ལྷའི་སྒོའི་ནུབ་ཏུ་སྣོན་གྱི་ཟླ་བའི་ཚེས་རྣམས་ལ་ཊ་སྡེ་ཐུང་དུ་རྣམས་ཎ་ལ་སོགས་པས་སོ། ལྟེ་བ་ལ་ཌྲྀ་ཊོཾ་སྟེ་མེ་ཡིའོ། །རོ་ཡི་གདོང་པ་དག་གི་ཞེས་པ་གདོང་དྲུག་གི་ནི་རིང་པོ་སྟེ་ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་ལ་ཙ་སྡེ་རིང་པོ་བཞིན་ནོ། །ལྟེ་བ་ལ་ཌྲཱྀ་ཎཿཞེས་པ་སྟེ་ཐུང་དུ་རིང་པོའི་རབ་དབྱེ་ཡིས་སོ། །དེ་བཞིན་དུ་གཡོན་དུ་ཞེས་པ་བྱང་དུ་རྒྱ་མཚོའི་བ་སྡེ་ཐུང་དུ་སྟེ་གྲོ་བཞིན་
གྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་བྲྀ་བོཾ་མོ། །དབང་ལྡན་དུ་རིང་པོའི་དབྱེ་བས་ཚོགས་ཀྱི་ཞེས་པ་ལོག་འདྲེན་གྱི་སྟེ་ལྟེ་བ་ལ་ཁྲུམས་ཀྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་བྲཱྀ་མཿའོ། །དེ་བཞིན་དུ་ཆུར་བརྒྱ་བྱིན་གྱི་ཏ་སྡེ་ཐུང་དུན་ལ་སོགས་པ་སྟེ་ལྟེ་བ་ལ་ཐ་སྐར་གྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་དྲྀ་ཏོཾ་མོ། །དེ་བཞིན་དུ་རླུང་དུ་ཚངས་པའི་ཏཱ་ལ་སོགས་པ་སྟེ་ལྟེ་བ་ལ་སྨིན་དྲུག་གི་ཟླ་བའི་ཉ་དང་གནམ་སྟོང་དག་གི་དྲཱྀ་ནཿའོ། །དེ་བཞིན་དུ་ཤར་གྱི་སྒོའི་གཡོན་དུ་པདྨའི་འདབ་མ་ལ་ལྷ་མིན་དགྲ་ཡི་ཞེས་པ་ཁྱབ་འཇུག་གི་ཀ་སྟེ་ཐུང་དུ་ང་ལ་སོགས་པ་སྟེ་ལྟེ་བ་ལ་མཆུ་ཡི་ཟླ་བའི་ཉ་དང་གནམ་སྟོང་དག་གི་གྲྀ་ཀོཾ་མོ། །ལྷོ་རུ་ཞེས་པ་ལྷོའི་སྒོའི་ཤར་དུ་གཤིན་རྗེ་དག་གི་རིང་པོ་ཀཱ་ལ་སོགས་པ་སྟེ་ལྟེ་བ་ལ་དབོའི་ཟླ་བའི་ཉ་དང་གནམ་སྟོང་དག་གི་གྲཱྀ་ངཿའོ། །དེ་ནས་བྱང་དུ་ཞེས་པ་བྱང་གི་སྒོའི་ནུབ་ཏུ་ཕྱུགས་བདག་གིས་སྡེ་ཐུང་དུ་ཋྐ་ལ་སོགས་པ་སྟེ་ལྟེ་བ་ལ་མགོའི་ཟླ་བའི་ཉ་དང་གནམ་སྟོང་དག་གི་ཥྲྀ་སཾ་མོ། །དེ་བཞིན་དུ་ནུབ་ཀྱི་སྒོའི་ལྷོར་པདྨའི་འདབ་མ་རྣམས་ལ་གནོད་སྦྱིན་གྱི་རིང་པོ་སཱ་ལ་སོགས་པ་སྟེ་ལྟེ་བ་ལ་རྒྱལ་གྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་ཥྲཱྀ་ཋྐཿཞེས་པའོ། །དེ་ལྟར་དཔྱིད་དང་སོག་དང་དབྱར་དང་སྟོན་དང་དགུན་སྨད་དང་དགུན་སྟོད་ཀྱི་དུས་ཀྱི་དབྱེ་བས་རླུང་དང་མེ་དང་ཆུ་དང་ས་དང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་རྣམས་སོ། །ཆོས་ཀྱི་དབྱེ་བས་དཀྱིལ་འཁོར་ལྔ་ལ་དྲུག་དྲུག་གི་དབྱེ་བས་སྐུའི་དཀྱིལ་འཁོར་ལ་ས་བོན་དགོད་པའོ། །ཡང་ན་གཙོ་བོའི་མཚན་མའི་རབ་ཏུ་དབྱེ་བས་འདབ་མ་ཐམས་ཅད་ལ་མཚན་མ་རྣམས་ཏེ་འདིར་ལྟེ་བ་ལ་བདེན་བྲལ་ལ་སོགས་པ་རྣམས་ཀྱི་མཚན་མ་ནི་རིམ་པས་རལ་གྲི་དང་ལྗོན་ཤིང་དང་ཤག་ཏི་དང༌། མདུང་དང་ཞགས་པ་དང་དགྲ་སྟ་དང་རྡོ་རྗེ་དང་ཁབ་དང་འཁོར་ལོ་དང་དབྱུག་པ་དང༌། རྩེ་གསུམ་དང་བེ་ཅོན་ནོ་ཞེས་པ་མཚན་མ་དགོད་པའི་ངེས་པའོ། །འདི་ལྟ་སྟེ་ལྷ་མིན་སོགས་ཀྱི་རང་གི་ས་བོན་དུ་འགྱུར་འདབ་མ་ལ་མིན་རང་རང་སྡེ་བའི་མཐའ་དང་དབུས། །འདབ་བཟང་ཉི་ཤུ་རྩ་བརྒྱད་ལ་ཡང་ཉེན་ཞག་དབང་གིས་རང་རང་སྡེ་བ་དག་གི་ཡི་གེ་རྣམས་ཞེས་པ་སྟེ་སྐུའི་དཀྱིལ་
འཁོར་ལ་རྡོ་རྗེའི་ཚེས་སུམ་བརྒྱ་དྲུག་ཅུ་དགོད་པའི་ངེས་པའོ། །ད་ནི་ཡཱ་རཱ་ཞེས་པ་ལ་སོགས་པས་སྒོ་སྐྱོང་ཤིང་རྟ་ལ་གནས་པའི་ལྷ་མོ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ལཱཿའོ། །དབྱུག་པ་སྔོན་པོའི་ཡོཾ་ངོ༌། །ལྷོའི་སྒོར་ཙུན་ཌཱའི་ཝཱཿདང༌། འདོད་པའི་རྒྱལ་པོའི་རོཾ་མོ། །བྱང་གི་སྒོར་ཁྲོ་གཉེར་ཅན་གྱི་རཱཿདང༌། མི་གཡོ་བའི་ཝོཾ་ངོ༌། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མའི་ཡཱཿདང༌། སྟོབས་པོ་ཆེའི་ལོཾ་ངོ༌། །ནམ་མཁའ་དག་པས་ཤར་གྱི་སྒོའི་མདུན་དུ་སྔོན་མོའི་ཧཱཿདང༌། གཙུག་ཏོར་གྱི་ཧཾ་ངོ༌། །ས་འོག་དག་པས་ནུབ་ཀྱི་སྒོའི་མདུན་དུ་དྲག་སྤྱན་མའི་ཧཱ་དང༌། གནོད་མཛེས་རྒྱལ་པོའི་ཧའོ། །ཡང་ན་མཚན་མ་རྣམས་ཏེ་དབྱུག་པ་དང༌། མདའ་དང༌། གཏུན་ཤིང་དང༌། བེ་ཅོན་དང༌། རྡོ་རྗེ་དང་རྩེ་གསུམ་པའོ། །ཕག་པ་དང༌། རྟ་དང༌། སེང་གེ་དང༌། གླང་པོ་ཆེ་དང༌། ཨ་ནི་ལ་དང་རྐང་པ་བརྒྱད་པའི་ཤིང་རྟའོ་ཞེས་པ་ནི་ངེས་པའོ། །ད་ནི་ཀླུའི་ས་བོན་རྣམས་གསུངས་པ་འདིར་ཤར་ལ་སོགས་པའི་སྒོ་ལས་གཡས་དང་གཡོན་དུ་སྟེགས་བུ་ལ་གདེངས་ཅན་པདྨ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ། །ཡ་སོགས་ལ་གནས་ཧ་ཡིག་སྟེ། འདིར་ཤར་གྱི་སྒོའི་བྱང་དུ་རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་རྒྱུའི་ཧྱ་དང༌། ལྷོ་རུ་པདྨའི་ཧྱཱའོ། །ཡང་ན་རྒྱལ་མཚན་གྱི་མཚན་མའོ། །དེ་བཞིན་དུ་ལྷོ་སྒོའི་ཤར་དང་ནུབ་ཏུ་མེའི་དཀྱིལ་འཁོར་ལ་ནོར་རྒྱས་དང༌། དུང་སྐྱོང་དག་གི་ཧྲ་ཧྲཱའམ་བཀྲ་ཤིས་སོ། །བྱང་གི་སྒོའི་ནུབ་དང༌། ཤར་དུ་ཆུའི་དཀྱིལ་འཁོར་ལ་རིགས་ལྡན་དང༌། མཐའ་ཡས་དག་གིཧྺཱ་ཧྺཱའམ་པདྨའོ། །ནུབ་ཀྱི་སྒོའི་ལྷོ་དང་བྱང་དུ་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོ་དག་གི་ཧླ་ཧླཱའམ་རྡོ་རྗེའོ་ཞེས་པ་ནི་མཚན་མ་དགོད་པའོ། །ད་ནི་སྡེ་དྲུག་ལ་ཅེས་པ་ལ་སོགས་པས་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཤར་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་པོ་རྣམས་སུ་གྲངས་བཞིན་དུ་ཕྱོགས་ཀྱི་འཁོར་ལོར་
ཀ་སོགས་སྡེ་རྣམས་ཞེས་པ་ནི་ཤར་གྱི་འཁོར་ལོའི་སྟེང་དུ་ཀྑྒྒྷྔ་ཞེས་པ་འམ་གྲི་གུག་གོ །ནུབ་ཏུ་སྙྤྵྴྛྐ་ཞེས་པའོ། །བྱང་དུ་ལྺྲྱྷ་ཞེས་པའོ། །ལྷོ་རུ་ཀྵ་སོགས་ལྡན་པ་ལྺྲྱྐྴ་ཞེས་པའོ། །འདི་རྣམས་ནི་གཡོ་བ་དང་མེའི་ཁོར་ཡུག་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྱས་ནས་དེའི་སྟེང་དུའོ། །ཙ་སོགས་གཞན་ནི་རིམ་པས་ཕྱོགས་བྲལ་རྣམས་སུ་སྟེ་མེར་ཙྪྡྫྷྙའོ། །བདེན་བྲལ་དུ་ཊྛྜྜྷྞའོ། །རླུང་དུ་ཏྠྡྡྷྣའོ། །དབང་ལྡན་དུ་པྥྦྦྷྨའོ། །ཡང་ན་ཐམས་ཅད་དུ་གྲི་གུག་གི་མཚན་མ་ནི་ངེས་པ་སྟེ་ཤར་དང་གཤིན་རྗེ་བྱང་དང་ཆུ་དང་མེ་དང་ལྷ་མིན་དང་ནི་དབང་ལྡན་རླུང་གི་ཟུར་དུའོ་ཞེས་པའོ། །འདིར་སའི་དཀྱིལ་འཁོར་ལ་ཟླ་བའི་ཨོཾ་དང་ཉི་མའི་ཨཿནི་ས་བོན་ནོ། །དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས་ཀྱི་ཞེས་པ་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱི་ཚོགས་ཀྱི་འབྱུང་པོའི་ཚོགས་མཐའ་ཡས་པའི་སྔགས་རྣམས་ཏེ་དེའི་གྲངས་རྣམས་སོ། །ཡང་ན་རླུང་གི་ཁོར་ཡུག་ལ་མཚན་མ་སྣ་ཚོགས་པ་བྱ་སྟེ་ངེས་པའོ། །ད་ནི་ཆོས་ཀྱི་འཁོར་ལོ་ལ་སོགས་པའི་ས་བོན་ནི་ཤར་གྱི་རྟ་བབས་ལ་ཆོས་ཀྱི་འཁོར་ལོའི་ཧཱུཾ་ངོ༌། །ལྷོར་བུམ་པ་བཟང་པོའི་ཨཱཿའོ། །བྱང་དུ་རྡ་བོ་ཆེའི་ཨོཾ་མོ། །ནུབ་ཏུ་བྱང་ཆུབ་ཤིང་གི་ཧོའོ། །ཞེས་པ་དེ་ལྟར་དབྱངས་ལྡན་རྣམས་ནི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་སྔགས་ཀྱི་དབྱེ་པར་འགྱུར། །ཕྱག་རྒྱ་མཚན་མ་རྣམས་ཀྱི་ཁ་དོག་མཐའ་དག་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བ་དག་གིས་འགྱུར། །ཐབ་ཏུ་སྦྱིན་སྲེག་དག་ཀྱང་དེ་བཞིན་ཉིད་དུ་འགྱུར་ཏེ་སླར་ཡང་འཇུག་ དོགས་པ ་རྣམས་སྤྱན་དྲངས་དང༌། དཔལ་ལྡན་ས་ལ་བསང་བ་དང་ནི་མཆོད་ཡོན་ཆོ་ག་དེ་བཞིན་བདུད་ནི་གཞོམ་པ་དག་ཀྱང་ངོ༌། །ཞེས་པའི་ཚིགས་སུ་བཅད་པ་འདིར་ཡང་དག་པར་བསྡུས་པ་ཐམས་ཅད་འཆད་པར་འགྱུར་པའི་རིམ་པས་རིག་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །ད་ནི་སྒོ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་སྒོ་བསྲུང་བའི་སླད་དུ་སློབ་མ་རྣམས་གསུངས་ཏེ། འདིར་ཤར་ལ་སོགས་པའི་སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ངེས་པ་དང་ལྡན་ཞེས་པ་
ལ་བརྟུལ་ཞུགས་ནི་འཆད་པར་འགྱུར་པ་ཉི་ཤུ་རྩ་ལྔ་པོ་རྣམས་སོ། །དེ་རྣམས་ལ་ངེས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བ་སྟེ་དེ་དང་ལྡན་པ་ནི་བརྟུལ་ཞུགས་ངེས་པ་དང་ལྡན་པའོ། །དག་པའི་སློབ་མ་ནི་རྩ་བའི་ལྟུང་བ་བཅུ་པ་བཞི་དང་བྲལ་བ་སྟེ་ལག་ན་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ཐོགས་པ་མངོན་པར་དབང་བསྐུར་ཞིང་རྗེས་སུ་གནང་བ་དེ་རྣམས་སྒོ་རྣམས་སུ་རབ་ཏུ་དགོད་པར་བྱའོ། །དཔལ་ལྡན་བུམ་པའི་རྣལ་འབྱོར་མ་རྣམས་མེ་དང་ལྷ་མིན་རླུང་དང་དབང་ལྡན་ཟུར་དུ་རིམ་པས་སོ། །ཞེས་པ་ནི་སྔར་གྱི་བརྟུལ་ཞུགས་ལ་སོགས་པ་ཡོངས་སུ་དག་པ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཔལ་ལྡན་ཚོགས་ཀྱི་དབང་པོར་འགྱུར་ཏེ་མི་བདག་ལས་ཀྱི་རྡོ་རྗེ་ཅན་ནི་རབ་བྱས་ནས་ཞེས་པ་ནི་འདིར་ལྔ་པ་སློབ་མ་བཟང་པོ་ལས་ཐམས་ཅད་ལ་མཁས་ཤིང་དེ་ཉིད་བཅུ་ཡོངས་སུ་ཤེས་པ་དེ་སྦྱིན་སྲེག་ལ་སོགས་པའི་ལས་ཀྱི་ཚོགས་ལ་ལས་ཀྱི་རྡོ་རྗེ་ཅན་དུ་བྱས་ནས་བླ་མས་དཀྱིལ་འཁོར་ལ་རབ་ཏུ་གནས་པར་བྱའོ། །དེ་ལྟར་གྱུར་པའི་སློབ་མ་མེད་ན་ཚོགས་ཀྱི་དབང་པོ་རང་གིས་ཀྱང་ནི་སྦྱིན་སྲེག་ལ་སོགས་པའི་ལས་བྱ་སྟེ་ཀྱང་ཡིག་གིས་འཆད་པར་འགྱུར་པ་གཞན་ཡང་ངོ༌། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ་སྟེ་གསུམ་པའོ།། །།