ལེའུ་དང་པོའི་འགྲེལ་པ།
༄། །ད་ནི་བཅོམ་ལྡན་འདས་ཀྱི་གསུང་འཁོར་རྣམས་ཀྱི་རྒྱུ་མཚན་དང་བཅས་པས་ཡང་དག་པར་བསྐུལ་བར་གསུངས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ནི་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །དང་གི་ཡི་གེས་རྡོ་རྗེ་ཕག་མོ་ལ་སོགས་པ་སུམ་ཅུ་རྩ་བདུན་རྣམས་ཀྱི་དང་དེ་བཞིན་དུ་མཐའ་ཡས་མུ་མེད་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་ཀྱི་རང་གི་སྐུ་རང་གི་གཟུགས་
༄། །ལས་བྱུང་བ་རྣམས་ལ་ཉོན་ཞེས་བྱ་བ་ནི་རང་གི་ཡེ་ཤེས་ཀྱི་རྐྱེན་གྱིས་ཉན་པ་ལ་ངེས་པར་སྦྱར་བའོ། །དེའི་ཚེ་ཅི་ཞེ་ན་གསུངས་པ། རང་གི་རང་བཞིན་གྱིས་ཞེས་བྱ་བ་སྟེ་ཡེ་ཤེས་ཀྱི་རྒྱ་མཚོ་ལེའུ་ལྔ་བཅུ་པར་གསུངས་པའི་དཔའ་བོ་ཐམས་ཅད་ཀྱི་རང་གི་རང་བཞིན་གསུངས་པའི་ཡེ་ཤེས་དང༌། དེ་ཉོན་ཅིག་པ་སྟེ། རྒྱ་མཚོ་ནི་གྲངས་མེད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་ཡུལ་དཔེ་མེད་པའི་རང་བཞིན་གྱིས་མཚན་ཉིད་ཀྱི་ངོ་བོ་ཉིད་ཆོས་ཡོངས་སུ་ཤེས་པ་རབ་ཏུ་གྱུར་པས་མཐར་ཐུག་པས་བག་ཆགས་མེད་པ་གང་ཡིན་པ་དེའོ། །དེ་དེ་བཞིན་དུ་གསུངས་པ། འོན་ཀྱང་རང་བཞིན་ཞེས་བྱ་བ་ནི་ཁམས་ཉི་ཤུ་རྩ་བཞི་དང་འཕོ་བ་ཉི་ཤུ་རྩ་བཞི་རྣམས་ཀྱི་འཕོ་བ་ལས་གང་དཔའ་བོ་རྣམས་ཀྱི་རང་བཞིན་རང་རང་གི་ཁམས་ལས་བྱུང་བ་རང་བཞིན་ཅན་རྣམས་ནི་འཁོར་བའི་རྒྱུ་དང་སངས་རྒྱས་རྣམས་ཀྱི་རང་བཞིན་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་རང་གི་རང་བཞིན་རང་རང་གི་དུས་རྣམས་སུ་ཉོན་ཞེས་བྱ་བར་འབྲེལ་ལོ། །ད་ནི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོ་ལ་སོགས་པའི་དེའི་འཁོར་ལོའི་ཚོགས་ལས་དགོས་པ་དང་བྱེད་པའི་འབྲེལ་པས་རྣལ་འབྱོར་མ་དེ་ཐམས་ཅད་ཀྱི་རྡོ་རྗེ་ཕག་མོའི་གཟུགས་གཞན་དུ་བརྗེ་བ་ཡིན་ནོ། །དེ་ཉིད་ཀྱི་ཁྱབ་པས་ཁྱབ་པར་བྱེད་པའི་གཟུགས་ཀྱི་འཁོར་ལོའི་དབུས་སུ་དྲ་བ་སྟེ། རྒྱུད་ཀྱི་དོན་ཐམས་ཅད་བསྡུ་བའི་ཕྱིར་ཞེས་བྱ་བ་དགོངས་པའོ། །འདི་དང་འདི་ཉིད་ལ་བདག་ཅེས་བྱ་བ་ནི། བདག་རྣལ་འབྱོར་མའི་འཁོར་ལོའི་རང་བཞིན་བཅོམ་ལྡན་འདས་ཀྱི་རང་གི་སྐུ་ལས་བྱུང་བའོ། །དེ་ལ་ཡེ་ཤེས་ཀྱི་རང་བཞིན་ནི་བཅོམ་ལྡན་འདས་ལ་ཞེས་བྱ་བའི་རྣམ་པའི་ཚུལ་ཅན་ལ་ནི་བཅོམ་ལྡན་འདས་མའོ། །གང་གི་ཕྱིར་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་དེ་ཡང་མཆོག་ཏུ་མྱ་ངན་ལས་འདས་པའི་སྐུའི་རང་བཞིན་གྱི་ཕྱིར་དངོས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤུགས་ལས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །བཅོམ་ལྡན་འདས་ཀྱང་ཤུགས་ལས་ནི། སྟོང་པ་ཉིད་ཀྱི་རྣམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རང་གི་མཚན་ཉིད་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་ངོ་བོའོ། །དངོས་སུ་སྙིང་རྗེའི་རྐྱེན་གྱིས་ཕ་རོལ་ཏུ་ཕྱིན་པ་ལྔའི་རང་བཞིན་ནོ། །དེ་ལྟར་བཞིས་དོན་གྱི་ངོ་བོའི་དབྱེ་བ་
༄། །ལས་སྔོན་དུ་བཤད་པས་མཚན་མ་བཅུ་བཞི་རྣམས་མདོར་བསྟན་པ་བཤད་དོ། །དེ་རང་ཕག་མོའི་གཟུགས་སུ་ཞུགས་ཏེ་བཅོམ་ལྡན་འདས་དེ་ལ་འདྲི་བར་གནས་སོ། །གཅིག་ཏུ་ཕག་མོའི་གཟུགས་སུ་ཞུགས་པར་མ་ཟད་ཀྱི། འཁོར་ཐམས་ཅད་ཀྱི་གཟུགས་སུ་ཡང་ཞུགས་པའོ། །དེ་ལྟར་བཤད་པས་བཅོམ་ལྡན་འདས་ཇི་ལྟར་སྣ་ཚོགས་ནོར་བུ་བཞིན་ནོ། །དེ་བཞིན་དུ་ཡང་འདིར་གསུངས་པ། །རང་ཉིད་བྱེད་པོ་རང་ཉིད་འཕྲོག །རང་ཉིད་རྒྱལ་པོ་རང་ཉིད་གཙོ། །རང་ཉིད་སྟོན་པ་བསྟན་བྱ་སྟེ། །སྡུད་པ་རང་ཉིད་རྩོམ་པར་འགྱུར། །ཞེས་སོ། །དེའི་ཕྱིར་སྔོན་གྱི་མཚན་མ་ལ་དགོངས་པར་འགྱུར་རོ། །གང་གི་ཚེ་རྡོ་རྗེ་ཕག་མོའི་གཟུགས་སུ་ཞུགས་པ་དེའི་ཚེ་སེམས་ཅན་རྣམས་གཞུག་པའི་དོན་དུ་སྙིང་རྗེ་ཆེན་པོ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་བྱེད་པ་པོ་དེ་ཅིའི་ཕྱིར་ཞེ་ན་གསུངས་པ། དབང་པོའི་དྲ་བ་བཤད་པ་ཅི། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་མཚན་མ་བཅུ་བཞི་ལ་སོགས་པ་ལ། དེ་ལྟར་མཚན་བཅུ་བཞི་རྣམས་ཀྱིས་རྒྱས་པར་བཤད་པའི་ཚིག་རྣམས་ནི་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་རྣམས་ཀྱིས་དྲིས་པ་འདི་ལ་རྒྱས་པར་བཤད་པའི་ཚིག་རྣམས་ནི། དཔའ་བོ་ཆེན་པོའི་དབང་ཕྱུག་གིས་བཀའ་སྩལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གིས་གསལ་བར་རྟོགས་པར་བྱ་བ་གསུངས་པ། རྩེ་གཅིག་ཉོན་ཞེས་བྱ་བ་ལ་སོགས་པ་སྟེ། རྩེ་གཅིག་པའི་ཡིད་གང་ལ་ཡོད་པ་དེ་ནི་གཙོ་བོ་སྟེ་བཅོམ་ལྡན་འདས་སོ། །གང་གིས་རྩེ་གཅིག་པའི་ཡིད་ནི་ལྷ་མོའི་སྟེ་འདི་འདྲ་བའི་བསམ་པ་དང་རིགས་དང་རུས་དེས་ཉོན་ཞེས་ངེས་པར་གཟུང་བར་བྱའོ། །འདི་ཉིད་ལས། ཕག་མོ་ལྷ་རྫས་པདྨ་ཅན། །ཞེས་བྱ་བ་སྟེ། བཱ་སྔོན་དུ་སོང་བས་དེ་རིང་པོ་ཨ་བའི་རྐྱེན་གྱིས་སོ། །ཅིའི་ཕྱིར་པདྨ་ཅན་ཞེ་ན། ཆུ་འབབ་པའི་པདྨ་ཅན་ནོ། །ལྷ་རྫས་ཞེས་བྱ་བ་ནི་རོ་དྲུག་གཅིག་པ་ཉིད་ཀྱིས་རོ་ཆེན་པོ་ནི་ལྷ་རྫས་སོ། །དེའི་གནས་ཕག་མོ་ཞེས་བྱ་བ་ནི། ཐམས་ཅད་འདོད་ཆགས་ཆེན་པོའི་བདག་ཉིད་དུ་ཟ་བས་ན་ཕག་མོའོ། །དེ་རྣམས་ཀྱི་ལྷ་རྫས་ཀྱི་དབང་པོ་ཡེ་ཤེས་ཀྱི་རང་བཞིན་ཐོས་པ་ལ་ངེས་པར་སྦྱོར་རོ་ཞེས་བྱ་བར་དགོངས་པའོ། །དེ་ཡང་མདོར་བསྡུས་པ་ཞེས་བྱ་བ་སྟེ། མདོར་བསྡུས་པས་གཞུང་ཆུང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་སྔོན་དུ་སྤྱོད་པའི་མཚན་ཉིད་ནི་ཞེས་
༄། །བྱ་བས་དོན་རྒྱ་ཆེ་བའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རི་རབ་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཛད་པའི་སྤྱོད་པ་དེ་རྣམས་ཀྱི་མཚན་ཉིད་དོ། །དེའི་ཕྱིར་གཞུང་རྒྱ་ཆེ་ལ། གཞུང་ཤིན་ཏུ་ཆུང་དུ་ཙམ་འདིར་དོན་རྒྱ་ཆེ་བ་དེ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །ཡང་ན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གང་གཟིགས་པའི་མཚན་མ་བཅུ་བཞི་སྟེ། དེ་ཅི་ལྟ་བུ་ཞེ་ན། བླ་མ་དང་འདོད་པའི་ལྷ་མཉེས་པར་བྱས་པས་སྔོན་དུ་བཤད་པའི་མཚན་ཉིད་དོ། །དེས་གཟིགས་པ་ཇི་ལྟ་བའི་རྣལ་འབྱོར་ལ་སྦྱོར་བའི་ཡེ་ཤེས་ཀྱི་རྟགས་ལས་གང་གི་སྔོན་གྱི་སྤྱོད་པའི་སྤྱོད་པ་དེ་རིག་པར་འགྱུར་རོ། །དེ་ཉིད་གསུངས་པ། དབང་པོའི་འཇིག་རྟེན་ཆོས་མཆོག་བཤད། །ཅེས་བྱ་བ་སྟེ། མཆོག་གཙོ་བོ་སྟེ་བདེ་བ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་ཆོས་ནི་ཐམས་ཅད་ཀྱི་ཡང་ནང་དུ་སོན་པའོ། །འཇིག་རྟེན་མཆོག་ནི་དེའི་ཕྱིར་བཤད་པའོ། །དེ་ལྟར་བཤད་པའི་འཇིག་རྟེན་ལ་རབ་ཏུ་འཇུག་པ་ནི་དབང་པོ་སྟེ། ཐམས་ཅད་ཀྱི་དབང་ཕྱུག་ལ་སོགས་པ་རྣམས་ཡང་དག་པའི་ཡེ་ཤེས་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་རྣམས་ཀྱི་རྒོད་པ་མེད་པ་ཉིད་པས་དབང་པོའོ། །དྲ་བ་ལ་ནི་ཡིད་དེ་རྩེ། །ཞེས་བྱ་བ་ནི། དྲ་བ་ནི་སྣ་ཚོགས་པའི་རྣམ་པའི་ཏིང་ངེ་འཛིན་རྣམས་ཀྱིའོ། །ཡིད་དེ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་ཡིད་རྣམས་ལ་རང་བཞིན་གྱིས་རྩེ་བའོ། །ཡང་དབང་ཕྱུག་ལ་སོགས་པ་རྣམས་ལ་འདི་འདྲ་བའི་ཡེ་ཤེས་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡང་སངས་རྒྱས་རྣམས་ཀྱི་ནི་ཕྱོགས་གཅིག་པ་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་མཆོག་གི་ཆོས་སུ་བཤད། །ཅེས་བྱ་བ་ནི་ཚིག་ལས་ཀུན་རྫོབ་དང་མྱ་ངན་ལས་འདས་པ་གཉིས་གཉིས་སུ་མེད་པས་སོ། །གང་ཞིག་ཚངས་པའི་ཆོས་དེ་ཡང་མི་བདེན་ཏེ། ཅིའི་ཕྱིར་ཞེ་ན། རིག་བྱེད་ཀྱི་ཆོས་ཀྱི་རིགས་པས་ཡོངས་སུ་འཚེ་བ་ཉིད་དེར་དཀར་པོ་གསོད་པའི་ཕྱིར། ཁྱབ་འཇུག་ཀྱང་རང་ཉིད་མ་གྲུབ་བོ། །ཅིས་ཞེ་ན། གཞན་གྱིས་ཀྱང་སྒྲུབ་པར་
༄། །འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཀུ་རའི་ཞིང་དུ་སྒྲ་མི་སྙན་གྱི་བུ་དང་སྐྱ་བསེང་གི་བུ་རྣམས་ཀྱིས་གཡུལ་ངོར་བྲམ་ཟེའི་གཟུགས་ཀྱིས་གནས་སོ། །གལ་ཏེ་ཐམས་ཅད་ཀྱི་སྙིང་གི་ནང་ན་ཁྱབ་འཇུག་གནས་ན་དེའི་ཚེ་གཡུལ་དོར་བརྟན་པ་ལ་སོགས་པའི་དཔུང་ཐམས་ཅད་ཉན་པ་ལས་འཐབ་དཀའ་དག་ལ་འདྲི་བ་དེ་རིང་ཅི་བྱེད་པར་འགྱུར། དི་རིང་ཅིར་འགྱུར་ཞེས་པས་སོ། །དེའི་ཕྱིར་མ་གྲུབ་པའོ། །དེ་རྣམས་ཀྱིས་རང་གིས་རྟོགས་པ་མེད་པའི་ཕྱིར་རོ། །དབང་ཕྱུག་ཀྱང་བྱེད་པ་པོ་རང་ཉིད་དུ་མ་གྱུར་ཏེ། ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་འཇིག་རྟེན་ཐམས་ཅད་ལས་མངོན་པར་བྱུང་ངོ༌། །དེ་ཡང༌། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་རང་བྱས་གང༌། །དེ་ཡི་འབྲས་བུ་འཇིག་རྟེན་སྤྱོད། །གང་ནའང་བྱེད་པོ་གཞན་ཡོད་མིན། །ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དག་གིས་བཅོམ་ལྡན་འདས་རང་བྱུང་ངོ༌། །དེ་ནས་དབང་པོ་སྟེ་དེ་དེ་བཞིན་དུ་གསུང་བར་འགྱུར་རོ། །དེའི་དབང་དུ་བྱས་ནས་གསུངས་པ། བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་ང་རྒྱལ་ཙམ་གྱིས་ནི། །ཞེས་བྱ་བ་སྟེ། བདག་གིས་ཞེས་བྱ་བ་ནི། འོད་གསལ་བའི་རྣམ་པའི་ང་རྒྱལ་གྱིས་བདག་གིས་ཏེ། གང་གི་ཕྱིར་བདག་གིས་ནི་འོད་གསལ་བའི་ངོ་བོས་སོ། །དེ་ཡང་འཇིག་རྟེན་མཆོག་གི་ཆོས་སོ། །བདག་གི་ང་རྒྱལ་ཙམ་དེ་ཉིད་ཀྱིས་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ། །ཇི་ལྟར་རབ་ཏུ་དགའ་བ་ལ་སོགས་པ་ནས་ཆོས་ཀྱི་སྤྲིན་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་བསྒྲུབས་པ་རྣམས་ཏེ་དེའི་ཕྱིར་ཀུན་དུ་འོད་ཀྱི་ས་བཅུ་གཅིག་པ་ལ་ཞུགས་ཏེ། ཡང་དག་པའི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ནོ། །སླར་ཡང་མོས་པས་སྤྱོད་པའི་ས་ལས་དང་པོ་པའི་ཐོག་མ་ལ་གནས་པ་ནས་བཅུ་གཅིག་པ་དང་བཅུ་གཉིས་པ་འཁོར་བ་ཇི་སྲིད་པར་འཁོར་ལོ་ལ་གནས་པ་ཅན་ཁྱད་པར་དུ་འཕགས་པ་གོམས་པ་དེ་ཉིད་ཀྱིས་ང་རྒྱལ་བདག་གིས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ས་གཉིས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་ས་རབ་ཏུ་བསྒྲུབས་སོ། །གང་གི་ཕྱིར་གཉིས་སུ་མེད་པ་ནི་ལས་དང་པོ་པ་ལ་སོགས་པ་ནས་བརྩམས་ནས་ཐམས་ཅད་ལ་བྱ་བ་དང་ལས་སྒྲུབ་པའམ། མི་
༄། །སྒྲུབ་པ་ཡང་རུང་དམ་པའི་ཆོས་དངོས་པོ་གཉིས་སུ་མེད་པའི་རྣམ་པར་རིག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར། དམ་ཚིག་མཆོག་གང་བྱུང་བའོ། །ཞེས་བྱ་བ་སྟེ། མཆོག་ནི་འཇིག་རྟེན་ཐམས་ཅད་ཀྱི་བརྟན་པ་ལ་སོགས་པ་རྣམས་སོ། །དམ་ཚིག་ལས་བྱུང་བ་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་པའི་འཇིག་རྟེན་རྣམས་སོ། །གཞན་ལྟ་བ་དྲུག་གི་བདག་ཉིད་ཅན་རྣམས་སོ། །ང་དང་མི་མཐུན་པ་གང་གིས་གཤིན་རྗེའི་ལས་ཀྱི་བདག་ཉིད་ལས་སྐྱེས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་གཤིན་རྗེའི་ལས་ཡིན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་རྡོ་རྗེའི་རང་བཞིན་ལས་འཆི་འཕོ་བ་ལ་སོགས་པ་མེད་དོ། །གང་གི་ཕྱིར་གཤིན་རྗེའི་ལས་ཅན་ཉིད་ཀྱིས་སྲོག་གཅོད་པ་གྲུབ་པོ་ཞེ་ན། འདིར་བཤད་པ་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཤིན་རྗེའི་ལས་དེ་ནི་བདེན་ཏེ། འོན་ཀྱང་འདིར་སྣ་ཚོགས་པའི་ལས་ཀྱི་ཚོགས་ཀྱི་དུས་རྣམས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལས་ཀྱི་ཚོགས་གང་བྱེད་པ་དེ་རང་གི་དོན་ཕུན་སུམ་ཚོགས་པ་དེ་མ་ཡིན་ཏེ། གཅིག་ཏུ་སེམས་ཅན་རྣམས་ལ་ཕན་པའི་བློས་སོ། །ཅིའི་ཕྱིར་འདི་ན་བསྟན་པ་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་བྱེད་པ་དེའི་ཕྱིར་མནར་མེད་པ་ལ་སོགས་པར་འགྲོ་བར་བྱེད་དོ། །དེ་ལ་སོགས་པ་རྣམས་ལ་བལྟས་ནས་དེ་རྣམས་དྲང་བའི་རྒྱུར་ཏེ་བདག་རང་གི་ཕྱིར་སྤྱོད་ན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་ཉིད་ཀྱིས་དབང་ཕྱུག་ལ་སོགས་པའི་ལྟ་བ་རྣམས་ཀྱི་ཚད་མའི་བསྟན་བཅོས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ལྟ་བ་ཐམས་ཅད་བདག་གི་རང་བཞིན་དང་བདག་ལས་བྱུང་བའོ། །འདི་བཅོམ་ལྡན་འདས་ཀྱིས་ཀྱེའི་རྡོ་རྗེར་གསུངས་པ། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་ས་གསུམ་པོ་བྱུང་ངོ༌། །འདི་ཐམས་ཅད་ནི་ང་ཡིས་ཁྱབ། །ང་ལས་འགྲོ་བ་གཞན་མ་མཐོང༌། །ཞེས་སོ། །དེ་ཉིད་གསལ་བར་མཛད་པ་གསུངས་པ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། མཐོང་བ་ཡེ་ཤེས་ཆེ་ཞེས་བྱ་བ་ནི་འདི་ཡིན་ཏེ། འདིར་ཡེ་ཤེས་སྔོན་དུ་གསུངས་པའི་མཚན་མ་བཅུ་བཞི་པོ་རྣམས་ཡེ་ཤེས་དང་མངོན་པར་འབྲེལ་བར་བྱ་སྟེ་དེ་མཐོང་བའོ། །ཐབས་
༄། །ཆེན་ནི་སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པ་ཉིད་ཀྱི་བདེ་བ་འབབ་པའི་ཡེ་ཤེས་ཏེ། དེའི་ཕྱིར་མཐོང་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་བཞིན་དུ་ཡོངས་སུ་ཟ་ཞེས་བྱ་བ་ལ་སོགས་པ་ནི་དབང་པོ་རྣམས་ཀྱི་ཞེས་བྱ་བའོ། །འདིར་དབང་པོ་རེ་རེ་ལ་ལྔ་ལྔའི་རང་བཞིན་དུ་འགྱུར་ཏེ། འདི་ལྟ་སྟེ། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན་དུ་ཤའི་སྙན་དང༌། ལྷའི་སྙན་དང༌། ཡེ་ཤེས་ཀྱི་སྙན་དང༌། ཤེས་རབ་ཀྱི་སྙན་དང༌། སངས་རྒྱས་ཀྱི་སྙན་ནོ། །དེ་བཞིན་དུ་ཤའི་ཤངས་ལ་སོགས་པ་དང༌། ཤའི་ལྗགས་ལ་སོགས་པ་དང༌། དེ་བཞིན་དུ་ཤའི་རེག་པ་དང༌། ཤའི་ཡིད་དོ། །ལྔ་ལྔ་རིམ་པ་བཞིན་དུ་གོ་བར་བྱའོ། །དབང་པོ་དེ་རྣམས་ཀྱི་ཡེ་ཤེས་ཆེན་པོ་ཡོངས་སུ་ཟ་བ་ནི་ཐམས་ཅད་ལས་བརྒལ་བའི་མཚན་ཉིད་དོ། །བརྗོད་དུ་མེད་པ་མི་རྟོག་པ། དབང་པོ་མེད་པ། སྤྱོད་ཡུལ་མ་ཡིན་པ། རང་བཞིན་མེད་པ། འདུས་མ་བྱས་པ། གཟུགས་མེད་པ། གོ་སྐབས་མེད་པ། བདེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མིང་རྣམས་ཀྱིས་ཀྱང་ཡེ་ཤེས་ཆེན་པོ་ཡོངས་སུ་ཟ་བའོ། །འདིར་དེས་ང་ཞེས་བྱ་བ་ནི། བདག་དེའི་བྱེ་བྲག་གང་ལ་དེའི་གང་གིས་མིང་སྔོན་དུ་སོང་བ་གྲུབ་པོ་ཞེས་བྱ་བར་དགོངས་སོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་གཅིག་ཏུ་ན་བདག་གི་མིང་སྔོན་དུ་སོང་བར་མ་ཟད་དེ། ཐོག་མ་མེད་པའི་དུས་ཅན་གྱི་སངས་རྒྱས་ཐམས་ཅད་དེའི་རང་བཞིན་ནོ། །དེའི་ཚེ་དེ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་ཙམ་དུ་སྟེ། ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པའི་ཕྱིར་བདེ་བར་རིག་པའོ། །ཇི་ལྟར་ཐོག་མའི་ཏིང་ངེ་འཛིན་དེའི་སྨོན་ལམ་ཙམ་དུ་ལས་དང་པོ་པ་ཉིད་ལ་སངས་རྒྱས་རྣམས་ཀྱིས་གསུངས་པ་དེའི་ཕྱིར། ངེས་པར་གཟུང་བའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་སྐྱེས་མཆོག་དེ་རྣམས་ཀྱིས་འཇིག་རྟེན་རྣམས་ལ་རབ་ཏུ་བསྟན་ཏོ། །ལྷ་དང་མི་ལ་སོགས་པ་དེ་རྣམས་ཀྱིས་མི་ཐུབ་པའི་སྦྱོར་བས་ཐུབ་པའོ། །དེ་རྣམས་སུ་ཡང་དག་པའི་སྣང་བ་རྟོགས་པ་ལས་རང་རང་གི་ཡེ་ཤེས་རྣམས་ཀྱིས་སྐྱེས་མཆོག་སྟེ། ལུང་གི་དོན་ནམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙན་དངགས་ལ་མཁས་པ་དེའི་ངང་ཚུལ་ཉིད་ཀྱིས་ཐུབ་པ་སྐྱེས་
༄། །མཆོག་གོ །དེ་ཡང་མཉམ་རྟོགས་ཞེས་བྱ་བ་ལ་སོགས་པ་སྟེ། མཉམ་པ་ནི་ཐམས་ཅད་དུ་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་སོ། །དེ་ལྷག་པར་རྟོགས་པ་སྟེ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྷའི་དབང་པོ་གང་གིས་ཞེས་བྱ་བའི་དོན་ཏོ། །བྱས་ཞེས་བྱ་བ་ལ་སོགས་པ་ནི། མཁའ་འགྲོ་མཆོག་རྣམས་ཀྱི་ཞེས་བྱ་བ་སྟེ། དུ་མའི་སྤྲུལ་པའི་སྐུ་ཅན་རྣམས་ཀྱིས་ཡང་དག་པའི་ཏིང་ངེ་འཛིན་བྱས་ཤིང་རྫོགས་པར་བྱས་པ་དང་དེའི་རང་བཞིན་དུ་སོན་པས་ཡོངས་སུ་མྱ་ངན་ལས་འདས་པའོ། །མཆོག་ནི་འཇིག་རྟེན་གྱི་ཁམས་དུ་མར་ཉེ་བར་བཞུད་པའོ། །དེས་མྱ་ངན་ལས་འདས་པའི་ཡེ་ཤེས་མཁའ་འགྲོ་མཆོག་མང་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་ནི་སྤྲུལ་པས་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །ཌཱ་ཎཱ་ཌཱ་ཤྩའི་ཁམས་འདོན་པ་ལས་དེ་རྣམས་ཀྱིས་ནམ་མཁའ་ལ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཨ་ག་ཨ་ག་ནི་གྱ་གྱུར་འགྲོ་བ་ལའོ། །ཤིན་ཏུ་མཆོག་ཏུ་ཕྲ་བ་རྣམས་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱིས་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཆོག་མང་གིས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་བྲལ་བ་དང༌། རང་གི་མཚན་ཉིད་སྒྱུ་མའི་རྣམ་པ་རྣམས་ཀྱིས་ཏེ། དེས་ཏིང་ངེ་འཛིན་འདི་དང་རྒྱུད་ཀྱང་ཤེས་རབ་གཙོ་བོ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་རྒྱུད་ཀྱི་རྣམ་པར་གཞག་པ་སྣ་ཚོགས་རྣམས་དང་ལེའུ་རྣམས་ཀྱི་གཞུང་དེ་དང་དེས་ན་སྣ་ཚོགས་པ་ཉིད་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། རྣལ་འབྱོར་མ་དང་དཔའ་བོ་རྣམས་གཉིས་སུ་མེད་པ་དེ་ལས་བྱུང་བ་སྟེ། དེ་རྣམས་ཀྱི་སྦྱོར་བ་ལས་ཞེས་བྱ་བའོ། །དཔའ་བོ་དང་རྣལ་འབྱོར་མ་དེ་རྣམས་ཀྱི་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོ་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དངོས་པོ་ཐམས་ཅད་དང་གཅིག་ཏུ་གྱུར་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཀྱི་གཟུགས་སོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་གང་དག་སངས་རྒྱས་ཀྱི་གཟུགས་ཉིད་ཀྱིས་སྒྲོལ་བར་གྱུར་པ་དེ་རྣམས་ཀྱི་ཕྱི་རོལ་གྱི་དབང་པོའི་རྐྱེན་གྱིས་གང་ཡང་རུང་བའི་ཚེ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ན་འཆད་བའི་སྟོབས་ཀྱིས་རང་གི་སེམས་བདེ་བའི་བདག་ཉིད་ཅན་གྱི་ཉམས་པའི་རྣལ་འབྱོར་བསྐྱེད་དོ། །དེ་ཉིད་
༄། །གསུངས་པ། ཉམས་ཞེས་བྱ་བ་ལ་སོགས་པའོ། །བདེ་བ་དང་མི་བདེ་ཞེས་བྱ་བ་ནི་སྔོན་གྱི་ཚིག་སྟེ་མའི་མངལ་དུ་གནས་པའི་སྐྱེ་བོ་དེ་བསོད་ནམས་དང་ཡེ་ཤེས་ཀྱི་དབང་གིས་བྱང་ཆུབ་སེམས་དཔར་གྱུར་ཏོ། །བྱང་ཆུབ་སེམས་དཔར་གྱུར་པར་མ་ཟད་ཀྱི། བདེ་བ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་གྱི་བདག་ཉིད་དུ་ཡང་ངོ༌། །ཡོན་ཏན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ནི་ཡོན་ཏན་ཏེ། དེ་ལ་སྙིང་སྟོབས་ཀྱི་ཡོན་ཏན་ནི་སྙིང་རྗེའི་ཡུལ་ལོ། །རྡུལ་གྱི་ཡོན་ཏན་ནི་སངས་རྒྱས་དང་སེམས་ཅན་གཉིས་མཉམ་པར་འདྲེས་པའོ། །མུན་པའི་ཡོན་ཏན་ནི་སེམས་ཅན་གྱི་དོན་གྱི་ཕྱིར་མངལ་ལ་བརྟེན་པ་སྟེ། ཡོན་ཏན་འདི་རྣམས་དང་དགའ་བ་ལ་སོགས་པ་རྣམ་པ་དུ་མ་རྣམས་ཀྱིས་བརྒྱན་པ་སྟེ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ལྟར་བདེ་བ་དང་ཡོན་ཏན་དག་ལས་ཉམས་པ་སྟེ། དེ་དེ་བཞིན་དུ་གསུངས་པའོ། །མི་བདེ་ཞེས་བྱ་བར་དགོངས་སོ། །གཉིས་མེད་ཅེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་སྐྱེས་ནས་གནས་པའོ། །དངོས་པོ་ཐམས་ཅད་ལ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །དེའི་ཚེ་བྱ་བ་ཐམས་ཅད་དང་ཐེག་པ་གསུམ་ལ་སོགས་པ་སྟོན་པ་དེའི་རྣམ་པའི་བདག་ཉིད་དུ་འགྱུར་ཏེ། སླར་ཡང་འདིར་ནི་འབྱུང་བའོ་ཞེས་བྱ་བའི་ཚིག་གིས་སོ། །ད་ནི་འདི་རྣམས་ཀྱི་གསལ་བའི་སྦྱོར་བའི་དབང་དུ་མཛད་ནས་གསུངས་པ། སྒྲ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་ནི་སྒྲ་སྐད་དང་ཐིག་ལེའོ། །དེའི་གཟུགས་ལས་ཨ་ཝ་དྷཱུ་ཏཱིའི་ནང་དུ་སོན་པའི་ཡེ་ཤེས་ལ་ཐིག་ལེ་དང་ནཱ་ད་སྟེང་དང་འོག་ཏུ་ཡོངས་སུ་གནས་པ་ཡེ་ཤེས་དང་རྣམ་པར་ཤེས་པ་རཱ་ཧུ་དང་དུས་མེ་དྲག་པོའི་བདག་ཉིད་དོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ལྟེ་བའི་སྟེང་སྙིང་གི་འོག་ཏུ་སྲོག་དང་ཐུར་དུ་སེལ་བ་དག་འདུས་པས་གཏུམ་མོ་འབར་བར་གནས་པ་ནི། ཐིག་ལེ་ཡེ་ཤེས་ལས་སྒྲ་ལས་འབྱུང་བར་འགྱུར་ཏེ། འདི་ལྟར་གཞོམ་དུ་མེད་པ་ལས་རྣམ་པར་འཐོན་པ་སྟེ། ལེའུ་བཅོ་ལྔ་པར་བཤད་པས་དཔལ་ཧེ་རུ་ཀའི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཡང་དག་པའི་ཏིང་ངེ་འཛིན་གྱི་གཟུགས་ཐབས་དང་ཤེས་
༄། །རབ་ཀྱི་བདག་ཉིད་ཅན་འཐོན་པ་ནི་སྣོད་དང་སེམས་ཅན་གྱི་བདག་ཉིད་ཀྱི་འཇིག་རྟེན་གྱི་བདག་ཉིད་ཅན་ཁམས་གསུམ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ནོ། །དེ་དེ་བཞིན་དུ་གསུངས་པ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །ཞེས་པ་སྟེ། དམ་ཚིག་ནི་དེ་ལས་བྱུང་བའི་སེམས་ཅན་རྣམས་ཏེ་སངས་རྒྱས་ཀྱི་འཇིག་རྟེན་ནོ། །འདོད་པ་ལྔ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པའི་བྱ་བའི་ཁྱད་པར་རོ། །ཀུན་དུ་སྤྱོད་པ་དེ་གང་ལ་ཡོད་པ་དེ་ནི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །ཡང་ན་དཔལ་ཧེ་རུ་ཀ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པའི་དམ་ཚིག་གི་སྤྱོད་པའི་མཚན་ཉིད་ཀྱི་ཕྱིར་རོ། །སྤྱོད་ཡུལ་ཞེས་བྱ་བ་ནི་ཉེ་བར་གནས་པ་སྟེ། རང་བྱིན་གྱིས་བརླབས་པའི་བདག་ཉིད་ཅན་གྱི་ཡེ་ཤེས་དུ་བ་ལ་སོགས་པ་བཅུ་རྣམས་ཀྱིས་མཚོན་པའོ། །དེའི་ཚེ་ནམ་མཁའི་དབུས་སུ་གཟུགས་ཀྱི་སྤྱོད་ཡུལ་ཏེ་ལྷའི་དབང་པོའི་ཞེས་བྱ་བའི་དོན་ཏོ། །འདིར་གལ་ཏེ་དེ་སྲིད་དུ་ལྷའི་དབང་པོ་རྣམས་ལ་ཡེ་ཤེས་མཚོན་པར་བྱའོ། །སངས་རྒྱས་ཀྱི་སྐུའི་ངོ་བོ་ཡང་ངོ༌། །དེའི་ཚེ་ཡེ་ཤེས་བཅོས་མར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དབང་པོའི་སྤྱོད་ཡུལ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཆོ་ག་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཞེས་བྱ་བའི་དངོས་པོ་རང་གི་ངོ་བོ་མི་རྟོག་པར་འགྱུར་རོ། །དེ་རྟོག་པའི་དྲ་བ་རྣམས་ཀྱིས་བྱང་ཆུབ་ཅེས་བྱ་བ་འཁོར་བ་ལ་གནས་པ་པོར་གྱུར་པའོ། །མྱ་ངན་ལས་འདས་པའི་འབྲས་བུ་མངོན་པར་འདོད་པ་པོ་རྣམས་ཀྱི་སྙིང་རྗེའི་འབྲས་བུ་མེད་པར་འགྱུར་རོ། །དེའི་ཕྱིར་ལ་ལ་དག་ཐེ་ཚོམ་དུ་འགྱུར་བས་དེའི་ཚེ་དེའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་པ། སེམས་གསུམ་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གསུམ་འདི་ཡང་རྣམ་པ་གཉིས་ཏེ། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གོ །དེ་ཇི་ལྟར་གསུམ་ཞེ་ན། རྣམ་པར་ཤེས་པ་དྲུག་རྣམས་ཀྱིས་མིག་ལ་སོགས་པ་གཅིག་ཏུ་བྱས་ནས་འཇུག་པའི་རྣམ་པར་ཤེས་པ་དང་དེ་སེམས་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་དང༌། གསུམ་པ་ཀུན་གཞིར་བཤད་དོ། །དེའི་ཕྱིར་ཐ་མལ་བ་རྣམས་ཀྱི་ཐ་མལ་པའི་ང་རྒྱལ་གྱི་སྡུག་བསྔལ་
༄། །གྱི་ཡིད་ལ་ལོངས་སྤྱོད་དོ། །མཁས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པ་སྤངས་པའི་ཕྱིར་ཁྱད་པར་འཕགས་པའི་བག་ཆགས་ཀྱི་ང་རྒྱལ་གྱིས་སངས་རྒྱས་ཉིད་ཉམས་སུ་མྱོང་ངོ༌། །དེ་རྣམས་ཀྱི་དབྱེ་བས་སེམས་གསུམ་པོ་འདི་སྤངས་པ་མཆོག་ཏུ་མྱ་ངན་ལས་འདས་པ་དང་ཡང་དག་པར་ལྡན་པས་གཉིས་སུ་མེད་པར་ཤེས་པར་བྱའོ། །མཆོག་ཏུ་ཟག་པ་མེད་པའི་རྣལ་འབྱོར་ལས་ཞེས་བྱ་བའི་དོན་ཏོ། །སྒྲུབ་མོ་ཁྱོད་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕག་མོ་ལ་བོད་པའོ། །ཁྱོད་ལ་མིང་ནི་ཉིད་ཀྱིས་སོ། །ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གི་དངོས་གྲུབ་རྣམ་པར་སྒྲུབ་པའི་ཕྱིར་སྒྲུབ་མོའོ། །དེའི་ཕྱིར་འདི་ཐམས་ཅད་ནི་སེམས་དེའི་ཕྱི་དང་ནང་རྣམས་སུ་ཡང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་དྲན། །དེ་ཉིད་སེམས་གསུམ་བདག་ཉིད་དོ། །འཁྲུལ་པ་མ་ལུས་སྤངས་པའོ། །ཡང་ན་རེ་རེ་ཡི་ནི་སེམས། །སྔོན་པོ་ལ་སོགས་སྤངས་ཕྱིར་རོ། །དེ་ལྟར་སྤྱན་དང་ལྡན་པ་ཡིས། །ལས་དང་པོ་བའི་སྐྱོན་རྣམས་ཀྱིས། །གང་ཞིག་བྱིས་རྣམས་ཀྱིས་བརྟགས་པའི། །འདུས་བྱས་པ་རྣམས་དེ་ལ་མེད། །གང་ཞིག་ཡོད་པ་དེ་ལྡན་ནོ། །སངས་རྒྱས་རྣམས་ཀྱི་དབུ་མའི་བདག །དབུ་མ་ལ་ནི་སེམས་མེད་གྱུར། །རྣམ་ཤེས་སྨྲ་བའི་བསྟན་བཅོས་ཀྱི། །ཁ་ཅིག་སྒྱུ་མའི་རང་བཞིན་དང༌། །རྨི་ལམ་ལྟ་བུར་ཁ་ཅིག་གིས། །དབུ་མར་གཉིས་ནི་རིགས་པ་དང༌། །ཤེས་བྱ་གཉིས་མེད་བསྒྲུབ་བྱ་ཡིས། །སྒྱུ་མའི་རང་བཞིན་གང་རིགས་པ། །དེ་ཡིས་རིགས་པ་འདིར་བཤད་དོ། །གང་ཞིག་དེ་སྲིད་སྒྱུ་བདེན་ན། །ཇི་ལྟར་རྨི་ལམ་གྱིས་སུན་འབྱིན། །གསལ་བར་བྱེད་པ་ཡང་དག་པ། །ཇི་ལྟར་རྨི་ལམ་ནང་དུ་ཡང༌། །རྨི་ལམ་མཐོང་བ་རྒྱ་ཆེ་བ། །ཀུན་རྫོབ་དེ་བཞིན་དུ་བསྟན་ཏོ། །རྣམ་ཤེས་བདག་ཉིད་ཆེ་བ་ནི། །སྐད་ཅིག་གིས་ནི་སུན་ཕྱུང་ངོ༌། །མཐོང་དང་མ་མཐོང་སྤྱོད་ཡུལ་ནི། །དེ་ནི་དེ་རུ་སྐྱེ་བའི་རིགས། །མིག་ལ་སོགས་པས་འཁྲུལ་བྱས་ཀྱང༌། །རྣམ་ཤེས་རང་གི་མཚན་ཉིད་དོ། །རྣམ་ཤེས་དེ་ནི་ཞུགས་པ་ན། །རང་གི་བདག་དང་བདག་གིར་མཐོང༌། །དེ་ཕྱིར་གཉིས་མེད་བདེན་པ་སྟེ། །མི་བདེན་བྱིས་པའི་སྤྱོད་ཡུལ་ལོ། །དབང་པོའི་
༄། །རྐྱེན་རྣམས་ཀྱིས་ནི་མེད། །ཡིད་ཀྱི་རྐྱེན་གྱིས་ཡོད་པ་མིན། །རྣལ་འབྱོར་ཡེ་ཤེས་རྐྱེན་གྱིས་དང༌། །རང་གིས་རིག་པའི་རྐྱེན་གྱིས་སོ། །ཐམས་ཅད་ཚོགས་པ་ཡོད་པ་ཡི། །རང་བཞིན་རྐྱེན་རྣམས་ཀྱིས་འབྱུང་བའོ། །རང་བཞིན་འདུས་མ་བྱས་པ་དང༌། །འདུས་བྱས་པ་ཡི་རང་བཞིན་གནས། །ཡེ་ཤེས་དེ་སྲིད་མྱ་ངན་འདས། །སྟོང་ཉིད་རྐྱེན་གྱིས་བདག་ཉིད་ཅན། །སྙིང་རྗེ་རང་གིས་རིག་པ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་ནོ། །ཐར་པ་སངས་རྒྱས་ཉིད་མ་ལུས། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟགས་པ་དང་ནི་མ་བརྟགས་ཀུན། །དབང་པོའི་གཞུ་དང་མཚུངས་པར་ནི། །མཐོང་སྟེ་དེ་ནི་ཡོད་མ་ཡིན། །དྲི་ཟའི་གྲོང་ཁྱེར་དང་མཉམ་པའོ། །དབང་པོའི་དྲ་བ་གང་རིགས་པ། །སེམས་ཅན་དེ་རིགས་འདུ་ཤེས་ཅན། །དེ་བཞིན་སྒྱུ་མར་ངེས་བྱས་ནས། །འཁྲུལ་པས་མི་ཕྱེད་རྣལ་འབྱོར་རྣམས། །ལུས་ནི་འབྱུང་མེད་དེ་ཡིས་ན། །ལུས་མེད་པས་ན་ཉམས་པ་མེད། །སྐྱེ་བ་དང་ནི་འགག་འགྱུར་བ། །རྐྱེན་རྣམས་ཀྱིས་ནི་གོ་འཕང་ཆེ། །འདོད་པར་གྱུར་པའི་སྒོ་ཀུན་དང༌། །གཟུང་དང་འཛིན་པ་རིང་པའོ། །ཞེས་བྱ་བ་དང༌། དེ་ལྟར་རྣལ་འབྱོར་མཆོག་གཙོ་བོ། །རང་བྱུང་ཡེ་ཤེས་ངེས་པའོ། །ཀུན་གྱིས་ངེས་པར་དཔའ་པོ་སོགས། །མཁའ་འགྲོ་མ་རྣམས་ཀྱི་གྲོང་མཆོག །སྔོན་དུ་གསུངས་པའི་ཚིག་འདི་རྣམས་ཀྱི་རང་གི་རིག་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་བཤད་པ། འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། རང་བྱུང་བཅོམ་ལྡན་འདས་ཞེས་བྱ་བ་ནི་རང་ཉིད་བྱུང་བ་སྟེ་སྤྲུལ་པ་མ་ཡིན་པའོ། །ལ་ལ་དག་ནི་རང་བྱུང་ནི་རང་གིས་རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཉིད་ཀྱིས་བསྐྱེད་པ་རྣལ་འབྱོར་པ་དམ་པའི་ལས་ལ་གནས་པ་འཁོར་ལོ་དྲུག་བསྒོམ་པའི་ནང་དུ་སོན་པ་དེ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དེར་ཐིམ་པ་ཉིད་ཀྱི་ཕྱིར་རྣམ་པར་གཞག་པ་གང་ཡིན་པ་དེ་རང་གིས་རིག་པ་རང་ཉིད་དེའི་གཟུགས་ཏེ་འདིས་བཅོམ་ལྡན་འདས་རང་བྱུང་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དཔའ་བོའོ། །ཅིའི་ཕྱིར་ཞེ་ན། མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱ་བ་སྟེ། མཁའ་འགྲོ་མ་རྣམས་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དེ་རྣམས་ཀྱི་དྲ་བ་སྟེ་ཚོགས་སོ། །བཅོམ་
༄། །ལྡན་འདས་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཐམས་ཅད་ཀྱི་ནང་དུ་སོན་པའོ། །སྡོམ་ཞེས་བྱ་བ་ནི། དེའི་རང་བཞིན་གྱི་བདག་ཉིད་དུ་སྡོམ་པའོ། །དཔའ་པོ་གཅིག་བུ་མཁའ་འགྲོ་མའི་དྲ་བའི་སྡོམ་མོ། །ཡང་ན་འདི་རྣམས་ཀྱི་རྩའི་ངོ་བོའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་འཕོ་བའི་ཆོས་སྤངས་པས་ན་དཔའ་བོའོ། །དེའི་ཕྱིར་བཅོམ་ལྡན་འདས་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་གྱུར་པ་དང་ཡི་གེ་མེད་པ་ཉིད་ཀྱིས་དེའི་དྲ་བའོ། །གཞོམ་དུ་མེད་པའི་བདག་ཉིད་ནི་སྡོམ་པ་སྟེ་རྡོ་རྗེ་འཆང་མགོའི་གནས་སུ་ཁ་འོག་ཏུ་བལྟས་པ་བུམ་པ་ལྟ་བུའི་རང་བཞིན་ཡང་དག་པར་གནས་པའོ། །དེ་བཞིན་དུ་གསུངས་པ། དེ་ཡང་འབྱུང་དང་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ཞེས་བྱ་བ་ནི་ཁམས་ལྔ་རྣམས་ཏེ་ས་ལ་སོགས་པ་དེ་རྣམས་ཀྱི་ནང་དུ་ཡེ་ཤེས་སོན་པ་དང་ཡེ་ཤེས་ཀྱི་ནང་དུ་སོན་པའིའོ། །རྣལ་འབྱོར་པ་རྣམས་ཀྱི་གང་གི་དུས་སུ་ཞེས་བྱ་བ་ནི་དུས་ནི་དུས་ཚོད་དེ། དེའི་དུས་སུ་གྱུར་པ་ནི་རྣམ་པ་གཉིས་ཏེ། ཅི་དེ་ནི་གཡོ་བ་དང་མི་གཡོ་བའོ། །གཡོ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ལ་བརྟེན་པའི་རང་གིས་རིག་པའི་ཡེ་ཤེས་སོ། །ལུས་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་ནོ། །དེའི་ཕྱིར་འབྱུང་བ་རྣམས་ཀྱི་ཉམས་པར་འགྱུར་རོ། །གོང་བུ་རྡུལ་ཕྲ་བའི་སྦྱོར་བ་དང་ལུས་ཀྱི་ཁམས་ཕྱིན་ཅི་ལོག་གི་སྦྱོར་བས་ཉམས་པའོ། །དེའི་ཕྱིར་རང་གིས་རིག་པའི་དུས་སུའོ། །འབྱུང་པོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་རྣམས་རྐྱེན་གྱིས་བརྟེན་པའི་དུས་སུ་དེ་ཡང་འོད་གསལ་བའོ། །དེའི་ཚེ་ནམ་མཁར་འགྱུར་བའི་ཕྱིར་རོ། །འབྱུང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་སོ། །ཡོངས་སུ་གསལ་བ་ཞེས་བྱ་བ་ནི་དབང་པོའི་གཞུ་ལྟ་བུ་ཤིན་ཏུ་གསལ་བའི་གཟུགས་རྣམས་མཐོང་བར་འགྱུར་རོ། །སེམས་ཅན་གྱི་དོན་བྱས་ནས་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྣམས་ཀྱིས་གཉིས་སུ་མེད་པའི་གཟུགས་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ནི་དེར་གནས་ནས་སོ། །འཁོར་བར་འགྱུར་ཞེས་བྱ་བ་ནི་ཡང་དག་པར་འཁོར་བ་སྟེ། །སངས་རྒྱས་རྣམས་གྱི་སྤྲུལ་པའི་སྐུ་ངེས་པར་འཁོར་བའོ། །འཇིག་རྟེན་ཞེས་བྱ་བའི་སྣོད་དང་སེམས་ཅན་དག་གི་རྣམ་པས་གནས་
༄། །པའོ། །དེའི་ཕྱིར་འཁོར་བ་ཞེས་བྱ་བ་ནི་ཡང་དག་པར་ཀུན་དུ་གནས་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །སྙིང་པོ་ནི་ཡེ་ཤེས་ཏེ་དེ་ནི་འཁོར་བར་བརྗོད་པའོ་ཞེས་བྱ་བ་ནི་བཤད་པའོ། །དེ་ཡང་ལུས་པ་མེད་པར་བསྐྱེད་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ནི་གལ་ཏེ་དེ་སྲིད་འཇིག་རྟེན་ཡེ་ཤེས་ཀྱི་བདག་ཉིད་མ་ཡིན་ན་དེའི་ཚེ་མངོན་སུམ་གྱིས་ཇི་ལྟར་ཐ་མལ་པའི་ང་རྒྱལ་གྱིས་གནས། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཡོད་ན། དེའི་ཚེ་བདག་ཉིད་སེམས་ཅན་རྣམས་ཀྱི་འགྲོ་བ་དྲུག་ཏུ་འགྱུར་ཞེ་ན། དེས་འདིར་སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་གང་ཐ་མལ་པ་ལ་ཐ་མལ་པའི་འཇིག་རྟེན་རྣམས་ཀྱི་མཐོང་བ་དེ་མི་བདེན་ཏེ། ཅིའི་ཕྱིར་ཞེ་ན། དམྱལ་བ་ལ་སོགས་པ་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པ་དེའི་ཆོས་དང༌། བཅོམ་ལྡན་འདས་དང་ཐམས་ཅད་སྒྱུ་མའོ། །དེའི་ཕྱིར་བསྐྱེད་པར་འགྱུར་རོ། །འདིར་སྒྱུ་མ་ལྟ་བུའི་དེ་ཇི་ལྟ་བུ། སྔོན་གྱི་བྱང་ཆུབ་ཀྱི་རྩ་བར་རབ་ཏུ་བཞུགས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རང་གི་སེམས་ལས་བྱུང་བའི་བདུད་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱིས་བསྐོར་བ་དེ་རྣམས་ཀྱིས་ཉོན་མོངས་པའི་ཕྱོགས་ཟད་པའི་རྒྱུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྒྲུབས་པའོ། །དེའི་ཕྱིར་སྒྱུ་མ་དག་མེད་པ་རང་གི་ལུས་དང་ངག་དང་ཡིད་ལས་བྱུང་བའི་ཉོན་མོངས་པ་ཟད་པ་ནི་རང་བཞིན་རྣམས་ཟད་པ་སྟེ། དེའི་ཕྱིར་དེ་ལ་ཐིམ་པའི་དངོས་པོ་མེད་པ་ཞེས་བྱ་བའི་ཚིག་གིས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རིག་པ་འདིས་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་གཞན་གྱི་དངོས་པོ་ཡོད་པ་མ་ཡིན་ནོ། །སྒྱུ་མ་གྲུབ་པའི་མཐའ་དང་བྲལ་བ་ཉིད་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་མེད་དོ། །དེའི་ཕྱིར་སྒྱུ་མ་ལྟ་བུར་མྱ་ངན་ལས་འདས་པ་འཁོར་བའི་ཕ་རོལ་ཏུ་སོན་པའོ། །སྒྱུ་མ་འཁོར་བའི་ཕྱི་རོལ་དུ་གྱུར་པའི་དངོས་པོ་མྱ་ངན་ལས་འདས་པ་ནི་མེད་དོ། །དེ་ལྟར་ཡང་དག་པའི་ཏིང་ངེ་འཛིན་གྱིས་མཚན་ཉིད་རོ་མཉམ་པའི་རྣམ་པའི་ཡེ་ཤེས་ཆེན་པོ་མཆོག་གཉིས་སུ་མེད་པ་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པའི་རྩེ་མོ་ཞེས་བྱ་བ་ནི་རྩེ་མོ་ནི་གཙོ་བོའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་གཟུགས་ཀྱི་རྣམ་པར་
༄། །གནས་པ་སྲིད་པ་དེ་དང་ལྡན་པ་སྟེ། དེ་ལས་སྲིད་པ་མཆོག་བྱུང་ཞེས་བྱ་བར་དགོངས་པའོ། །དེའི་རྩེ་མོར་གྱུར་པ་ཡོངས་སུ་སྡུད་པའོ། །འདི་འདྲ་བའི་ཡེ་ཤེས་གང་འཛིན་པར་གྱུར་པ་སྟེ་མྱ་ངན་ལས་འདས་པ་དེ་ཡིན་ནོ་ཞེས་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ཟེར་རོ།། འདིར་ཞེས་བྱ་བ་ནི་རྒྱུད་འདིར་ཏེ། གང་གི་ཕྱིར་སེམས་ཅན་རྣམས་ཀྱི་རང་གི་བསམ་པ་ཉེ་བར་ཐུགས་སུ་ཆུད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་བཞི་རབ་ཏུ་སྟོན་ཏོ། །དེ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་མཐའ་བ་དང༌། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་དང༌། ཚད་མའི་བསྟན་བཅོས་ཐམས་ཅད་ཀྱང་དེ་བཞིན་དུ་གསུངས་ཏེ་འདིར་རབ་ཏུ་བསྟན་པའོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་ཡེ་ཤེས་འཛིན་པའི་བདག་ཉིད་ཅན་ནི་རིགས་པའོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ལ་ལ་དག་གིས་དགོངས་པ་ནི་དབུ་མ་དང་རྣལ་འབྱོར་སྤྱོད་པའི་ཕྱོགས་ལ་བརྟེན་པ་འདི་ནི་རིགས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཅི་ཞེས་གསུངས་པ། སྐུ་ནི་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་གནས་ལས་ཞེས་བྱ་བ་ནི་ནམ་མཁའ་དྲི་མ་མེད་པ་ཉི་མ་གུང་གི་ནམ་མཁའ་ལྟ་བུའི་རྣམ་པའི་སེམས་སྔོན་པོ་དང་སེར་བོ་ལ་སོགས་པའི་སྣང་བ་དང་བྲལ་བ་ཆོས་ཀྱི་སྐུའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོར་རྟོགས་པ་རབ་ཀྱི་མཐར་ཐུག་པ་དེའི་གནས་ལ་སྟེ། དེར་གནས་པ་ལས་སོ། །སྐུ་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྒྱུ་མ་ལྟ་བུར་རྣམ་པར་འཕྲོ་བ་ཞེས་བྱ་བར་འབྲེལ་ལོ། །རིག་འགྱུར་ཞེས་བྱ་བ་ནི་གསལ་བར་རྟོགས་པར་འགྱུར་བའོ། །གང་སྔོན་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་རྣམ་པའི་ཡེ་ཤེས་སོ། །དབང་པོ་ཞེས་བྱ་བ་ནི་ལྷའི་དབང་པོ་ལ་སོགས་པའི་རྐྱེན་རྣམས་ཀྱིས་ཀྱང་རྟོགས་པའོ། །དེ་ཅི་ཞེ་ན། བདག་ཆེན་པོ་ནི་ཡེ་ཤེས་གཟུགས་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱིས་བསྙེམས་པའི་ང་རྒྱལ་གྱི་བདག་ཉིད་ཅན་རྣལ་འབྱོར་སྤྱོད་པ་རྣམས་སོ། །བདག་ཅེས་བྱ་བ་ནི་ཡེ་ཤེས་ཆེན་པོའི་གཟུགས་ཅན་གྱིའོ། །དེའི་ཕྱིར་ཅུང་ཟད་དེ་རྣམས་ཀྱི་ཡེ་ཤེས་ཉོན་མོངས་དང་བཅས་པའོ། །དེའི་ཕྱིར་ལྷ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་ནི་མིག་ལ་སོགས་པའོ། །སྦྱིན་བྱེད་ནི་མིག་ལ་སོགས་པའི་ཡུལ་ལོ། །གྲུབ་བ་
༄། །ནི་ཕུང་པོ་ལ་སོགས་པའོ། །སོགས་ཀྱིས་ནི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཡེ་ཤེས་ཀྱི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མི་མཐོང་ཞེས་བྱ་བ་སྟེ། ཇི་ལྟར་ནམ་མཁའ་ལ་འགྲོ་བའི་གྲུབ་པ་ལ་སོགས་པ་དེ་བཞིན་དུ་མིག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པའི་བདག་ཉིད་ཅན་གྱི་ཡེ་ཤེས་འགྲོ་བ་ནི་ནམ་མཁའ་ལ་འགྲོ་བའི་གཟུགས་ཀྱིས་སོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་རྣམས་དང་མདོ་སྡེའི་མཐའ་པ་རྣམས་ཀྱིས་ནམ་མཁའི་གཟུགས་ནི་ཡེ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ཕྱོགས་གཅིག་པ་ཉིད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དུ་རྗེས་སུ་འགྲོ་བའོ། །དགེ་བའི་བཤེས་གཉེན་མ་ཡིན་པས་བསྟན་པའི་ཕྱིར་རོ་ཞེས་དགོངས་སོ། །སླར་ཡང་མཁའ་འགྲོ་མའི་གཟུགས་ཅན་ཞེས་བྱ་བ་ནི་ནམ་མཁའ་ལ་རྫས་ལྔའི་བདག་ཉིད་ཀྱི་རྡུལ་ཏེ། དེ་བྱེ་བྲག་སྨྲ་བ་རྣམས་དང་མདོ་སྡེ་པ་རྣམས་ཀྱིས་རྟག་ཏུ་ཡེ་ཤེས་རྟག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །དགྲ་བཅོམ་པའི་འབྲས་བུ་འདོད་པ་རྣམས་ཀྱིས་ནམ་མཁའ་མངོན་སུམ་དུ་ཉམས་སུ་མྱོང་བར་བྱེད་དོ། །དེའི་ཕྱིར་མི་མཐོང་བར་མི་འགྱུར་ཏེ། ལྷ་དང་སྦྱིན་བྱེད་ལ་སོགས་པ་རྣམས་ཀྱི་ནི་མར་མེ་ཤི་བར་གྱུར་པ་བཞིན་ནོ། །དེ་ལྟར་མཐའ་བཞི་བ་རྣམས་ཀྱི་རང་བཞིན་ལས་བཅོམ་ལྡན་འདས་ནང་དུ་བཞུད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྣམ་པ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་གདུལ་བྱའི་གཟུགས་ཅན་ཉིད་ཀྱི་ཕྱིར་སོ་སོར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོས་གསོལ་པ་སྟེ། །དཔའ་བོ་རྣམས་ཀྱིས་རང་གི་མཚན་ཉིད་ཞུས་པའོ། །དེའི་ཕྱིར་གསུངས་པ། ཡེ་ཤེས་ཆེན་པོ་ཞེས་བྱ་བ་སྟེ། གང་སྔོན་དུ་བཤད་པའི་མཐའ་བཞིའི་ནང་དུ་གྱུར་པའི་བཅོམ་ལྡན་འདས་སོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་ཡེ་ཤེས་ཆེན་པོ་སྟེ། ཡེ་ཤེས་གང་གི་རོ་རྣམས་ཀྱིས་ཞེས་བྱ་བ་སྟེ། མཐའ་བཞིའི་རོ་མྱོང་བ་སྟེ་རིག་པའོ། །གང་གིས་ཡེ་ཤེས་ཆེན་པོའི་རོ་རྣམས་ཀྱིས་ཚིམ་པའི་རྡོ་རྗེ་ཕག་མོ་སྐད་ཅིག་ཀུན་དུ་ཐམས་ཅད་ནས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཤེས་
༄། །རབ་སྟོང་པ་ལྷ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་ལ་བོད་པའོ། །བདག་ཚིམ་ཞེས་བྱ་བ་ནི། བདག་རྡོ་རྗེ་ཕག་མོ་ཉིད་ཡིན་པས་སོ། །གསུངས་པས་ཞེས་བྱ་བ་ནི་རང་ཉིད་ཀྱིས་རྟོགས་པ་ལས་གནས་སྐབས་ཐམས་ཅད་དུ་གཟུང་བ་སྟེ། སེམས་ཅན་རྣམས་འཇུག་པའི་རྒྱུར་རོ།། དེའི་ཕྱིར་ཚིམ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་གང་གིས་ཡོངས་སུ་གང་བར་གྱུར་ཏོ་ཞེས་བྱ་བའོ། །དེ་རྣམས་ཡེ་ཤེས་དང་ཤེས་བྱའི་རྐྱེན་གྱིས་ཏེ། དེང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བའི་བཤད་པ། ལན་གདབ་པའི་དོན་དུ་དཔའ་བོ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་ལས་བཞེངས་པས་ན་དཔའ་བོའོ། །དེ་ཡང་རང་བཞིན་ཀུན་ཞེས་བྱ་བ་ལ། རང་བཞིན་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལས་ཀྱི་རང་བཞིན་རྣམས་ལས་ཐམས་ཅད་འབྱུང་བ་སྟེ་རང་བཞིན་དེ་རྣམས་ཀྱི་ཆོས་ཅན་ཞེས་པའོ། །འདིར་ནི་འཇིག་རྟེན་ལས་འདས་པ་རྣམས་རང་བཞིན་རྣམས་ལས་འབྱུང་བའོ། །དེའི་ཕྱིར་དེ་རྣམས་ཞེས་བྱ་བ་ནི་དཔའ་བོ་རྣམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཞེས་བྱ་བའི་དོན་ཏོ། །དེ་གང་རྣམས་ཀྱིས་རིག་པ་ནི་དུས་སོ། །དེའི་ཕྱིར་དུས་གཉིས་བཤད་དེ། དུས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དཔའ་བོ་རྣམས་སོ། །དེ་རྣམས་ཐིམ་པ་དང་ལོངས་སྤྱོད་པ་ལ་སོགས་བྱེད་པས་དུས་སོ། །དེའི་ཕྱིར་སྔོན་དུ་དལ་གྱིས་དལ་གྱིས་རང་བཞིན་ལས་ལངས་པའམ་འཐོན་པའོ། །དེ་སྲིད་དྲི་ཟའི་སེམས་ཅན་གྱི་བདག་ཉིད་ཅན་ནོ། །འདོད་པ་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་རྗེས་སུ་དྲན་པའོ། །དེའི་ཕྱིར་དེའི་དུས་རྣམས་སུ་མ་དང་ཕ་ཀུན་དུ་སྦྱོར་བ་མཐོང་ནས་སྐྱེ་བ་བླངས་པར་བྱས་ཏེ། དེའི་ཚེ་འདོད་པ་ཅན་གྱི་ལུས་སེམས་ཀྱི་སྐབས་ཕྱེ་བས་བྱུང་བ་སྟེ་འདོད་པ་སེམས་ལས་བྱུང་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་འདོད་པ་སེམས་གཉིས་དག་ལས་ནི། །བྱུང་བ་གཟུགས་ནི་གཙོ་བོ་ཞེས་བྱ་བ་སྟེ། །འདི་རྣམས་ཀྱིས་སྣ་ཚོགས་པའི་གཟུགས་སུ་བྱུང་བ་དང་རྣལ་འབྱོར་པ་རྣམས་ཀྱིས་ཡང་ངོ༌། །དེ་རྣམས་ཀྱི་སྐབས་ཕྱེ་བས་བྱུང་བ་སྟེ། ཡང་དག་པའི་ཏིང་ངེ་འཛིན་གྱིས་གཙོ་བོ་བསྐྱེད་
༄། །པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ལས་མཆོག་གི་གཟུགས་ཀྱི་རང་བཞིན་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་རྐྱེན་གྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གསུམ་རྣམས་སུ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་རྣམས་སུ་རྙེད་དཀའ་བ་དང་རྣམ་པར་རྟོགས་དཀའ་བ་དང༌། མཚན་ཉིད་ཀྱིས་མི་མཚོན་པ་དང༌། མི་གསལ་བ་དང་དབང་པོ་མེད་པའི་ཡེ་ཤེས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟུགས་ཀྱི་བདག་ཉིད་དོ། །ཅི་ཡང་རྙེད་སླ་བ་སྟེ་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་གསལ་བར་གྱུར་པ་ལས་བྱུང་བའོ།། དེ་ཉིད་དང་པོའི་སངས་རྒྱས་མཆོག་ཏུ་མི་འགྱུར་བའི་རྣམ་པ་ཐ་མལ་པ་རྣམས་ཀྱིས་མི་མཐོང་བའི་གཟུགས་ཉིད་པས་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་རྙེད་དཀའ་ལ་རྣལ་འབྱོར་པ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ་བརྗོད་དུ་མེད་པ་ཡོངས་སུ་མི་རྟོགས་པ་རྙེད་པར་དཀའ་བ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེའི་ཕྱིར། ཐོག་མ་དབུས་མཐའ་ཡང་དག་གནས། །ཞེས་བྱ་བ་སྟེ། ཐོག་མ་ནི་དགའ་བའོ། །དབུས་ནི་མཆོག་དགའ་བའོ། །མཐའ་ནི་བྲལ་བའི་དགའ་བའོ། །ཡང་ན་ཐོག་མ་ནི་དང་པོ་སྦྱོར་བའོ། །དབུས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །མཐའ་ནི་ལས་རྒྱལ་པོ་མཆོག་གོ །འདི་ལྟར་ཏིང་ངེ་འཛིན་བཞི་རྣམས་ལ་ཡོངས་སུ་གནས་ཞེས་བྱ་བ་སྟེ་ཐིག་ལེའི་རྣལ་འབྱོར་དང་བཅས་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ཡང་ཐོག་མ་ཞེས་བྱ་བ་ནི་ཐིམ་པའོ། །དབུས་ནི་ལོངས་སྤྱོད་པའོ། །མཐའ་ནི་དཔའ་བོ་ཐམས་ཅད་ཀྱི་བདག་པོའོ། །དེ་ཡང་པུལླིར་མ་ལ་སོགས་པ་རྣམས་སུ་གོ་བར་བྱའོ། །དེ་ཡང་དགའ་བ་ལ་སོགས་པ་གསུམ་གྱི་བར་དུ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ས་བོན་འཛག་པའི་ལྷག་མ་ལས་ཏེ། སེམས་དེ་ཞེས་བྱ་བ་ནི་དགའ་བ་གསུམ་རྣམས་ཀྱིའོ། །རོ་མཉམ་སོན་ཞེས་བྱ་བ་ནི་རོ་མཉམ་པ་མྱངས་པའོ། །གང་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་དུ་གྱུར་པ་སྟེ། སེམས་གཅིག་པའི་དངོས་པོ་ནི་རོ་མཉམ་པ་ཞེས་བྱ་བའི་དོན་ཏོ། །འོ་ན་བཅོམ་ལྡན་འདས་ཀྱིས་དགའ་བ་བཞི་གསུངས་པའི་ཚིག་དེ་ཇི་ལྟར་ཞེ་ན། དགའ་བ་གསུམ་
༄། །ནི། ཧེ་ཡི་རྡོ་རྗེ་ལས་འདོན་ཏེ། །དགའ་བ་ཡིས་ནི་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་བཞིན་ལྷག །བྲལ་བའི་དགའ་བ་ཆགས་བྲལ་འགྱུར། །ལྷག་མ་ལྷན་སྐྱེས་དགའ་བའོ། །ཞེས་བྱ་བ་དང༌། དེ་བཞིན་དུ། མཆོག་དང་བྲལ་བ་གཉིས་དབུས་སུ། །མཚོན་ཞིང་ལྟ་བ་བརྟན་པར་གྱིས། །ཞེས་བྱ་བའོ། །འདི་ལྟ་བུ་ལ་གལ་ཏེ་ཐེ་ཚོམ་དུ་གྱུར་ན་དེའི་ཚེ་བདག་གིས་བྱེད་པ་བཤད་པ། འདིར་རྣམ་པ་ཐམས་ཅད་དུ་བཞི་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་བྱ་བའི་ཚིག་གིས་སོ། །དེ་ཇི་ལྟར་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་ནི་དགའ་བ་གསུམ་རྣམས་སོ། །དེ་ཡང་ཞེས་བྱ་བ་ནི་དེ་རྣམས་སུ་གཟུང་བས་རང་གིས་རིག་པའི་བདེ་བ་ཟག་པ་མེད་པ་གཉིས་པ་ཐམས་ཅད་རྣམ་པར་སྤངས་པའོ། །ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བའི་མཚན་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་ཉམས་སུ་མྱོང་བའི་མཚན་ཉིད་རྣམ་པར་འགྱུར་བ་མེད་པ་རྡོ་རྗེ་འཆང་གིས་དབུགས་དབྱུང་བའོ། །དེ་ཡང་ཞེས་བྱ་བ་ནི་གསུམ་པའི་བྱེ་བྲག་ཁྱད་པར་དུ་རྩེ་བའོ། །གང་གི་ཕྱིར་དེ་བྲལ་བ་དེ་བཞིན་དུ་བཤད་དོ། །དེའི་ཕྱིར་བཞི་པ་ཉིད་ཉེ་བར་དམིགས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཚིགས་པ་བར་མཛད་ནས་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ལ་བསྟན་པའོ། །བྱིས་པའི་སྐྱེ་བོ་རྣམས་ལ་གསལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བ་དང་མཆོག་ཏུ་དགའ་བ་དང་བྲལ་བའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་བ་རྣམས་ཀྱིས་ཕྱིན་ཅི་ལོག་གིས་འདོན་པའོ། །ད་ནི་སླར་ཡང་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་བདུན་རྣམས་ཀྱིས་མཁའ་འགྲོ་རྣམས་ཀྱི་དགོས་པ་དང་བྱེད་པ་གསུངས་པ། རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་ནས་རོ་མཉམ་གུར་ཞེས་བྱ་བའི་བར་དུ་ནས་ཏེ་སྔོན་དུ་གསུངས་པའོ། །མཁའ་འགྲོ་ཞེས་བྱ་བ་ནི་གང་གི་ཚེ་ཉམས་སུ་མྱོང་བར་གྱུར་པ་ཐབས་ཀྱི་བདེ་བ་ལས་སོ། །དེ་ཉིད་དུ་དཔལ་ཧེ་རུ་ཀ་ལ་སོགས་པ་མཁའ་འགྲོ་ཉི་ཤུ་རྩ་ལྔ་འབྱུང་ངོ༌། །དེའི་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་སྦྱོར་བ་གོམས་པ་ལས་སོ། །གང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་སྟེང་དུ་སོན་
༄། །པ་དང༌། ཛཱ་ལནྡྷ་རའི་བུ་གར་ཡང་ལོག་པ་དང༌། ཨོ་ཌྱན་གྱི་བུ་ག་རྣམས་སུ་རབ་ཏུ་གནས་པ་དང་རྣལ་འབྱོར་མ་ཐམས་ཅད་དང་རོ་མཉམ་པར་སོང་བའོ། །དེའི་ཕྱིར་འབྱུང་བ་སྟེ་ཉི་ཤུ་རྩ་ལྔ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་འོན་ཀྱང་ནམ་མཁའ་ཡོངས་སུ་ཁེངས་པའོ། །དེ་ཉིད་དུ་མཁའ་འགྲོ་རྒྱ་མཚོའོ། །དེའི་ཕྱིར་བདེ་བའི་རང་བཞིན་གྱིས་གཟུགས་དང་དེའི་རྣམ་པ་རྣམས་སུ་ཡོངས་སུ་གནས་པའོ། །འོག་དང་སྟེང་གི་རབ་ཏུ་སྦྱོར་བས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པས་འདྲེས་པའོ། །དེའི་ཕྱིར་རབ་ཏུ་སྦྱོར་བ་འདིས་བཞི་པ་མེད་དོ། །དེ་ལྟར་གསུམ་པ་ཉིད་ཀྱི་རྣམ་གྲངས་ཞེས་བྱ་བར་དགོངས་སོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ལས་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམ་པ་གསུམ་སྟེ། དེ་ཡང་སྐུའི་དཀྱིལ་འཁོར་དང༌། གསང་བའི་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། བདེ་བ་དང་ཞུ་བ་དག་གོ །དེ་ལྟར་དཀྱིལ་འཁོར་བཞི་རྣམས་ལ་རེ་རེ་ལ་གསུམ་གསུམ་དུ་ཤེས་པར་བྱའོ། དེ་ཡང་ལེའུ་བཅོ་ལྔ་པ་རྣམས་སུ་དཔལ་ཧེ་རུ་ཀའི་ཡང་དག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དེ་ཉིད་བཤད་པའོ་ཞེས་བྱ་བར་དགོངས་སོ། །ཚད་རྣམས་ཀྱིས་གོ་བར་བྱའོ། །དེའི་ཕྱིར་སྦྱོར་བ་ལས་ཞེས་བྱ་བ་ནི་གཞོམ་དུ་མེད་པ་བརྟན་པར་གྱུར་པ་གནས་པ་ལས་དཀྱིལ་འཁོར་པ་རྣམ་པར་སྤྲོ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་མཁའ་འགྲོ་བདག་ཉིད་ཆེ། །ཞེས་བྱ་བ་སྟེ། རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པ་དང་མི་ཆོད་པ་དང་མི་ཚིག་པ་དང་མི་གཡོ་བ་དང་སྟོང་པ་ཉིད་ནི་རྡོ་རྗེའོ། །དེའི་ཕྱིར་བདག་ཉིད་ཆེ་བ་སྟེ་རྡོ་རྗེ་མཁའ་འགྲོ་ས་གསུམ་བསྒྲུབ་པར་བྱ་བ་ཞེས་བྱ་བའོ། །འདིར་བཤད་པ་འདིར་སྔོན་དུ་འཇིག་པ་དང༌། འཆགས་པ་དང་གནས་པ་དང་སྟོངས་པའི་དུས་དང་བཞི་སྲིད་དོ། །སེམས་ཅན་རྣམས་ལ་དེ་བཞིན་དུ་ནང་གི་བདག་ཉིད་ཀྱི་རྣལ་འབྱོར་ལ་ཡང་སྟེ། དེ་ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་འབབ་པའི་ཐིག་ལེ་དེ་འཇིག་པའི་དུས་སོ། །སླར་ཡང་དེའི་ཚེ་ནང་དུ་སོན་པའི་བདེ་བ་རྣམས་སུ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ནི་སྟོངས་པ་ཉིད་ཀྱི་དུས་སོ། །དེ་བཞིན་དུ་ནཱ་ད་ལས་བྱུང་བའི་བར་ནི་འཆགས་པའི་དུས་སོ། །དེ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ནི་གནས་པའི་དུས་
༄། །སུའོ། །འདི་ལྟར་གང་གི་ཕྱིར་འགྱུར། རྡོ་རྗེ་མཁའ་འགྲོ་བདག་ཉིད་ཆེ་བའོ། །ཅིའི་ཕྱིར་ན། མཐའ་མེད་ཅིང་མུ་མེད་པའི་འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་དེ་རྣམས་ཀྱི་སྤྲུལ་པའི་སྐུ་ཉིད་པས་ས་གསུམ་མོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་སྒྲུབ་པ་གཞན་གྱི་འཇིག་རྟེན་གྱི་ཁམས་སུ་གནས་པ་ན་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་སྦྲུལ་པས་རབ་ཏུ་འཇུག་པར་བྱེད་དོ་ཞེས་བྱ་བར་དགོངས་སོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་འགྲོའི་གཙོ་བོ་ཚངས་པ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་ཀྱིས་གསན་པ་གསུངས་པ་སྟེ། གང་གི་ཚེ་འགྲོ་བ་རྣམས་ཐོག་མར་ཚངས་པས་བསྐྱེད་པར་འགྱུར་བའི་དུས་བྱུང་ངོ༌། །དེའི་ཚེ་གང་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་སྐྱེས་པ་དེའི་ཚེ་དེའི་དུས་སོ། །སྔོན་ཞེས་བྱ་བ་ནི་དང་པོར་གཙོ་བོ་ངེས་པར་བྱུང་བའོ། །འོན་ཀྱང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་རབ་ཏུ་ཞུགས་པ་སྟེ། གནས་འགྱུར་ཇི་ལྟར་སྟོང་པ་རུ། །ཞེས་བྱ་བའི་ཚིག་གིས་སོ། །དེའི་ཚེ་སངས་རྒྱས་རྣམས་དོན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་དོན་མེད་པ་ཉིད་ཀྱིས་མྱུར་དུ་དམྱལ་བ་ལ་སོགས་པ་རྣམས་སུ་འགྲོ་བར་འགྱུར་རོ། །མགོན་པོ་སེམས་ཅན་འགྲོལ་བྱེད་པ། །ཞེས་བྱ་བའི་ཚིག་གིས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཅིག་ཏུ་ན་སྟོང་པ་ཉིད་འབའ་ཞིག་བསྒོམས་པས་གྲོལ་བར་འགྱུར་རོ། །ཕྱོགས་གཅིག་པ་རྣམས་ཀྱི་དོན་མེད་པར་འགྱུར་རོ། །དེའི་ཚེ་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། །འཇིག་རྟེན་གྱི་ཁམས་གཞན་དུ་གནས་པའི་སངས་རྒྱས་ཐམས་ཅད་བསྡུས་ཏེ་བྱོན་ནས་བཀའ་འགྲོས་པ། གལ་ཏེ་དེ་སྲིད་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་གཅིག་ཏུ་སྟོང་པ་ཉིད་འབའ་ཞིག་བསྒོམ་པ་ལ་གནས་ན། དེ་ལྟར་བདག་ཉིད་ཀྱི་དོན་མི་ནུས་པར་འགྱུར་རོ། །དེའི་ཚེ་ཁྱད་པར་འཕགས་པ་མ་ཡིན་པའི་ཐར་པ་ལ་བཞུགས་པའོ། །མཉམ་པ་མེད་པའི་སེམས་ཅན་གྱི་དོན་རྨི་ལམ་དུ་ཡང་བྱེད་པར་མི་འགྱུར་རོ། །དེ་ལྟར་ངན་འགྲོར་འགྲོ་བར་འགྱུར་རོ། །དེའི་ཕྱིར་ཡང་དག་པས་བསྐྱོད་པ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཆུང་ངུ་འདི་ཞེས་བྱ་བའོ། །ཉོན་མོངས་བྱ་བ་ལ་སོགས་པ་སྟེ་
༄། །ཚིགས་སུ་བཅད་པ་འདི་ཞེས་བྱ་བ་འདིའོ། །གཅིག་ཏུ་འདྲེས་པར་གྱུར་པས་འདི་རྣམས་ཀྱིས་བསྐུལ་པའོ། །ཉོན་ཉོན་བྱང་ཆུབ་སྤྲོས་སོན་པ། །ཞེས་བྱ་བ་ནི། གསོན་གསོན་བྱང་ཆུབ་རྣམས་ཀྱི་སྤྲོས་པའི་རང་བཞིན་དུ་གྱུར་པའོ། །སྤྲོས་པ་ཞེས་བྱ་བ་ནི་མི་བདེན་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་བསྒྲལ་བའི་སེམས་མེད་པ། །ཞེས་བྱ་བ་སྟེ་གང་གི་ཕྱིར་སེམས་ཅན་རྣམས་སྒྲོལ་བའི་རྒྱུའི་སེམས་མེད་པའོ། །དེའི་ཕྱིར་བྱང་ཆུབ་རྣམས་སྤྲོས་པར་སོང་བའོ། །གང་གི་ཕྱིར་སྤྲོས་པར་མི་འགྱུར་ཞེ་ན་གསུངས་པ། སྒྱུ་མའི་རང་བཞིན་ཁྱོད་བཞུགས་ནས། །ཞེས་བྱ་བ་སྟེ། སྒྱུ་མའི་རང་བཞིན་གྱིས་ཁྱོད་རྣམས་ཀྱིས་བཞུགས་པར་མཛོད་ལ། གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དེ་རྣམས་ཀྱིས་ཀྱང༌། ཁམས་གསུམ་མ་ལུས་བསྒྲལ་བར་མཛོད། །ཅེས་བྱ་བ་སྟེ། ཁམས་གསུམ་ན་རྣམ་པར་གནས་པའི་སེམས་ཅན་རྣམས་ལ་སྒྱུ་མའི་རང་བཞིན་དུ་ངེས་པར་གཟིགས་པར་གྱུར་ནས་གང་གིས་སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་པ་ཟད་པ་གྲོལ་བར་འགྱུར་རོ་ཞེས་བྱ་བའོ། །ཚིགས་སུ་བཅད་པའི་ཡང་དོན་ཏོ། །དེ་ལྟར་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་འདི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཐོས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤངས་ཏེ་སེམས་ཅན་དགྲོལ་བར་བསྒོམ་པར་བྱའོ་ཞེས་བྱ་བའོ། །དེ་ཕྱིས་སེམས་ཅན་རྣམས་ངེས་པར་འགྲོལ་བའི་ཏིང་ངེ་འཛིན་བཟུང་ནས་དེ་ཡང་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་བསྒོམ་པར་བྱའོ་ཞེས་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་རྣམ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་དང་ལྷན་ཅིག་རྣམ་པ་གཅིག་ཏུ་གྱུར་ནས་དེ་བཞིན་ཉིད་དང་སྟོང་པ་ཉིད་དང་སྙིང་རྗེའི་རྣམ་པ་བས་ལྔ་པའི་དོན་གྱི་དང་པོའོ། །ཧེ་རུ་ཀ་ཞེས་བྱ་བ་ནི་དེའི་རྣམ་པ་བས་འགྲོ་བའི་གཙོ་བོ་སྟེ། ཚངས་པའི་རང་བཞིན་ཞལ་བཞི་པའོ། །དཔལ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་ཤྲཱི་ཧེ་རུ་ཀའི་ཡི་གེ་བཞི་རྣམས་ཀྱིས་སྐུ་བཞིའི་བདག་ཉིད་ཅན་ནོ། །གཅིག་བསྟན་པ་ཡང༌། ཤྲཱི་ཡིག་གཉིས་མེད་ཡེ་
༄། །ཤེས་ཏ། །ཧེ་ཡང་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བྱ་བ་ནི་དཔལ་ཀྱེའི་རྡོ་རྗེ་ལས་འདོན་ཏོ། །དེའི་ཕྱིར་ཡང༌། དཔལ་ནི་སྔོན་དུ་མངོན་བརྗོད་པས། །ཞེས་བྱ་བ་སྟེ། ཚིག་འདི་རྣམས་ཀྱིས་མངོན་པར་བརྗོད་དེ། ཚིག་དང་པོ་དང་གཉིས་སུ་མེད་པའོ། །དེ་ཉིད་རང་གི་ཚིག་ཐམས་ཅད་ཀྱང་ཤེས་པར་བྱའོ་ཞེས་བྱ་བའི་དགོངས་པའོ། །དེའི་ཕྱིར་སྒྱུ་མའི་རང་བཞིན་གྱི་ཆོས་ཐམས་ཅད་བསྐྱེད་པའོ། །འཛིན་པ་ལ་སོགས་པ་ཞེས་བྱ་བ་ནི། སླར་ཡང་སྒྱུ་མའི་ཕྱོགས་ཏེ་འཛིན་པ་ནི་སའོ། །སོགས་ཀྱི་སྒྲས་ཆུ་དང་མེ་དང་རླུང་རྣམས་ཏེ། ཁམས་བཞི་རྣམས་ལས་ཐོག་མར་སྣོད་ཀྱི་འཇིག་རྟེན་བྱུང་ངོ༌། །དེ་ཕྱིས་གླུ་ལ་སོགས་པ་ཞེས་བྱ་བ་སྟེ་གླུ་ཞེས་བྱ་བ་ནི་སྔགས་ནི་གླུ་སྟེ། དེ་ཡང་མཁའ་འགྲོ་རྣམས་ཀྱི་རང་བཞིན་གྱི་ཡི་གེ་རེ་རེ་ལས་བསྐྱེད་པར་འགྱུར་རོ། །རོལ་མོ་ཞེས་བྱ་བ་ནི་ཁམས་སྣ་ཚོགས་ཀྱིས་ཀུན་དུ་འགྲོ་བའོ། །དང་གི་ཡི་གེས་གཞལ་མེད་ཁང་ན་ལོངས་སྤྱོད་པའི་ལྷ་དང་འཇིག་རྟེན་སྐྱོང་བ་རྣམས་སོ། །དྲི་ཟ་ཞེས་བྱ་བ་ནི་དེ་ལྟར་ལྷ་ལ་སོགས་པ་དག་དང་དྲི་ཟ་རྣམས་སོ། །ཕྱིས་བཅུད་ཟ་བས་དྲི་ཟར་གྱུར་པའོ། །དེས་མི་ཉིད་དུ་སོང་ངོ༌། །རང་གི་འོད་མི་སྣང་བར་གྱུར་པ་དེ་ལྟར་ནམ་མཁའི་གཟུགས་ཅན་གྱི་མཁའ་འགྲོ་སེམས་ཅན་དོན་ཉིད་ཀྱི་ཕྱིར་འཇུག་པར་འགྱུར་བའོ། །སྣ་ཚོགས་པའི་སྤྲུལ་པའི་སྐུ་འཛིན་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་གླུ་ཞེས་བྱ་བ་ནི་གླུ་ལེན་པ་པོ་དང༌། རོལ་མོ་ཞེས་བྱ་བ་ནི་རོལ་མོ་བྱེད་པ་པོའོ། །དྲི་ཟ་ཞེས་བྱ་བ་ནི་དྲི་ཟ་བའོ། །གཞན་ཞེས་བྱ་བ་ནི་རྐང་བཞི་པ་ལ་སོགས་པའོ། །གང་རྣམས་དེ་ཞེས་བྱ་བ་ནི་སྒོང་སྐྱེས་དང་དྲོད་གཤེར་ལས་སྐྱེས་པ་ལ་སོགས་པའོ། །སྐྱེ་བོའི་སྡེ་ཞེས་བྱ་བ་ནི་འགྲོ་བ་ལྔ་ལ་སོགས་པའོ། །ལས་ཞེས་བྱ་བ་ནི་སྣ་ཚོགས་པ་ལེན་པ་བཞི་ལ་སོགས་པའོ། །དེ་ལྟར་བྱུང་བ་དེའི་གཞི་ལས་ཞེས་བྱ་བ་ནི། དེ་ནི་ཚངས་པ་རྡོ་རྗེ་འཆང་གི་སྤྲུལ་པའི་སྐུ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འབའ་ཞིག་བྱུང་བ་མ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་སྣ་ཚོགས་པའི་ལས་དང་བྱ་བ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གཅིག་དང་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྤྲུལ་
༄། །པར་བྱེད་དོ། །སྟོང་ཕྲག་སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། འོན་ཀྱང་མཐའ་ཡས་ཞེས་བྱ་བ་ནི་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་སྤྲོ་བའི་དུས་རྣམས་སུ་རེ་རེ་ལ་ཡང་སྟོང་ཕྲག་ཏུ་འགྱུར་རོ་ཞེས་བྱ་བར་དགོངས་ཏེ། ད་ནི་འབྱིན་པ་དང་སྡུད་པ་ལ་སོགས་པ་རིམ་བ་ཇི་ལྟ་བར་བཤད་པ་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་བཅུ་དྲུག་པ་རྣམས་ཀྱིས་མདོར་བསྟན་པའི་ཚིག་གིས་ཐོག་མ་ཉིད་དུ་མཁའ་འགྲོ་མ་ལ་སོགས་པའི་རྣམ་པར་གཞག་པ་བཤད་པར་བྱ་སྟེ། ར་ནི་མཁའ་འགྲོ་མ་ཉིད་དོ། །དེ་བཞིན་ཧ་ཡིག་ལཱ་མའོ། །སྱ་ཡི་ཡི་གེ་དུམ་སྐྱེས་མ།། པར་ངེས་པར་གཟུགས་ཅན་མ། །མ་ཡི་ཡི་གེ་བྱ་རོག་གདོང༌། །ར་མེ་ངེས་པར་འུག་གདོང་བདག །སརྦའི་ཡི་གེས་ཁྱི་གདོང་མ། །ཨཱཏྨའི་ཚིག་གིས་ཕག་གདོང་མ། །ནི་ཡིག་གཤིན་རྗེ་བརྟན་མ་སྟེ། །ས་ཡིག་གཤིན་རྗེ་ཕོ་ཉ་མ། །དཱ་ཡིག་གཤིན་རྗེ་མཆེ་གཙིགས་མ། །སྠིཏྟ་གཤིན་རྗེ་འཇོམས་མའོ། །དེ་ལྟར་འབྱིན་དང་སྡུད་རྣམས་སུ། །ཕྱོགས་གཉིས་ཀྱིས་ནི་ཤེས་པར་བྱ། །དེ་ཉིད་ཀྱི་ཕྱིར་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་བཅུ་དྲུག་རྣམས་ཀྱིས་དེའི་རྣམ་པའི་དེ་ཁོ་ན་ཉིད་ཅེས་བྱ་བས་ཞག་གི་དབྱེ་བས་སམ་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ཀྱིས་ཏེ་ཀྱང་གི་ཡི་གེས་ཤེས་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་འཕོ་བ་རྣམས་ཀྱིས་འགྲོ་བ་ལས་སོ། །དེའི་རྣམ་པ་དང་དེའི་སྐད་ཅིག་རྣམས་ཀྱིས་དབུས་སུ་ཞུགས་ནས་འདུག་པས་སོ། །རྒྱུ་ཞེས་བྱ་བ་ནི་འཆི་བ་མེད་པའི་བདེ་བ་སྟེར་བ་པོ་རྣམས་ཀྱི་སྐྱེ་བའོ། །ཐིམ་པ་ཞེས་བྱ་བ་ནི་སྐྱེ་བ་དང་ཐིམ་པ་གཉིས་བཅོམ་པར་གྱུར་པའོ། །དེ་ཡང་ཞག་བཅུ་གཉིས་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་འཕོ་བ་ན་ཆའི་དབྱེ་བ་བཤད་དེ། ཉིན་དྲུག་དང་ནི་མཚན་དྲུག་ལ། །མཁའ་འགྲོ་མ་དང་དུམ་སྐྱེས་མ། །ཁྭ་གདོང་མ་དང་ཁྱི་གདོང་མ། །བརྟན་མ་དེ་བཞིན་མཆེ་གཙིགས་མ། །འདི་རྣམས་ཐམས་ཅད་ཉིན་མོ་སྟེ། །རིམ་པ་ཇི་ལྟར་མཚན་མོ་ཡང༌། །ལཱ་མ་དེ་བཞིན་གཟུགས་ཅན་མ། །འུག་པ་མ་དང་ཕག་གདོང་མ། །ཕོ་ཉ་དེ་བཞིན་འཇོམས་མ་དང༌། །གཤིན་རྗེ་མ་དང་གཤིན་རྗེ་ཡི། །མཐར་བྱེད་མ་ནི་གཙོ་བོ་སྟེ། །མྱ་ངན་འདས་པའི་གོ་འཕང་མཆོག །རྣལ་འབྱོར་འདི་ཡིས་རབ་ཏུ་
༄། །འཐོབ། །མཚན་གཞི་མཚན་ཉིད་མཚོན་པ་སྟེ། །མཚན་ཉིད་ཐམས་ཅད་རྣམ་པར་སྤངས། །དེ་ཕྱིར་ཡི་གེ་བཅུ་དྲུག་པོ། །ནང་དང་ནང་དུ་འབྱུང་བའོ། །ལུགས་ལ་སོགས་པའི་རིམ་སྦྱོར་བས། །ཉི་མ་ཟླ་བ་འཛིན་རྣམས་ཀྱིས། །རཱ་ཧུ་དེ་བཞིན་ཐིག་ལེ་དང༌། །འཕོ་དང་ཚེས་ཀྱི་དབྱེ་བའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའོ། །ཟླ་བའི་དབྱེ་བས་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་ཀྱི་སྙིང་རྗེ་དང༌། དེ་བཞིན་ནག་པོའི་ཕྱོགས་ནི་སྟོང་པ་ཉིད་དོ། །རྣལ་འབྱོར་རྣལ་འབྱོར་མ་ཞེས་བྱ་བ་ནི་ཧེ་རུ་ཀ་ཞེས་པ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གཉིས་སུ་མེད་པས་སོ། །དགའ་བ་བཅུ་དྲུག་ཏུ་འགྲོའོ་ཞེས་བྱ་བར་འབྲེལ་ལོ། །འདིར་བཤད་པ། རྩེན་པའི་དུས་ཀྱིས་གང་གི་སེམས། །སེམས་དེ་བདེ་བར་བརྗོད་པའོ། །ཚེས་གཅིག་རྣམས་སུ་འགྲོ་བ་སྟེ། །དེ་བཞིན་ཟླ་བའི་ཆ་རུ་འགྱུར། །དགོད་གྱུར་མི་མོ་ལྟ་བ་ཡི། །བདེ་བས་ནམ་མཁའ་གང་བར་འགྱུར། །དབུས་མའི་དགའ་བ་དེ་མཐོང་བ། །གཉིས་པ་རུ་ནི་རབ་ཏུ་བཤད། །སྱ་ཡིག་ལྷན་སྐྱེས་ལྷག་མ་སྟེ། །བདེ་བ་ཐོབ་པ་ཀུན་དུ་འགྲོ། །གསུམ་པ་རྣམ་པར་ཤེས་པ་ཡིས། །ཟླ་བའི་ཆ་ཤས་གསུམ་དུ་འགྱུར། །མཆོག་བདེའི་རྣམ་པའི་རྣལ་འབྱོར་དུ། །དགའ་བ་གཉིས་ཀྱི་དབུས་ལས་སོ། །བཞི་པ་བཞི་པ་ལས་ཤེས་བྱ། །སྐུ་གསུང་ཐུགས་ཡེ་ཤེས་ལས་སོ། །ལྔ་པ་འགྲོ་བ་གྱུར་པ་ཡིས། །མཆོག་དགའ་རང་གི་མཚན་ཉིད་དོ། །གསུང་རྡོ་རྗེ་ཡི་གཟུགས་སུ་འགྲོ། །ཟླ་བའི་དེ་བཞིན་ཆ་ཤས་གཞན། །མེ་ཡིག་གིས་ནི་རྟག་བདག་ཉིད། །ཐུན་མཚམས་ཀུན་དུ་བདེ་བ་སོན། །ལྷན་ཅིག་སྐྱེས་དགའ་མཆོག་བལྟས་ནས། །ཚེས་དྲུག་ཟླ་བ་འཕེལ་བའོ། །འདོད་ཆགས་ལ་སོགས་གང་སྔོན་དུ། །བྲལ་བའི་དགའ་བའི་མཚན་ཉིད་དོ། །དེ་ཉིད་ཡུལ་ལས་བརྒལ་ནས་ནི།། ཟླ་བའི་ཆ་ཤས་ཚེས་བདུན་པ། །ར་མེའི་ཡི་གེས་གང་ཚེ་གསང༌། །ངག་ནི་ལྷན་སྐྱེས་ཀྱི་ནི་གཟུགས། །ཡེ་ཤེས་ཤེས་བྱ་གཉིས་འདྲེས་པ། །བརྒྱད་པ་རུ་ནི་བརྗོད་པའོ། །དགུ་པ་ལ་ནི་ཐམས་ཅད་སེམས། །གལ་ཏེ་བདེ་བའི་རང་བཞིན་མཐོང༌། །གལ་ཏེ་ལྷན་སྐྱེས་སེམས་མཐོང་
༄། །བ། །ཟླ་བའི་དེ་བཞིན་རྒྱ་མཚོའོ། །བག་ཆགས་བདེ་ལས་རྣལ་འབྱོར་པ། །མཆོག་ཏུ་དགའ་བའི་སེམས་སྐྱེས་པའོ། །བཅུ་པ་མཐོང་བ་ཡི་ནི་གཟུགས། །ཟླ་བའང་ནམ་མཁའི་ཁོངས་སུའོ། །རྨ་ཡིག་འོད་ཟེར་ཐམས་ཅད་རྣམས། །བདེ་བའི་རྣམ་པའི་རང་བཞིན་ནོ། །བྲལ་བའི་སེམས་ཀྱིས་སུན་ཕྱུང་འགྱུར། །བཅུ་གཅིག་པ་ཡི་ཆ་ཤས་ཆེ། །རྦ་རླབས་མེད་པའི་བདེ་ལ་གནས། །ཤེས་རབ་ཡེ་ཤེས་ཀྱི་ངེས་པའོ། །བཅུ་གཉིས་གསལ་བའི་ཟླ་བ་ནི། །ལྷན་སྐྱེས་སེམས་དཔའ་ཡིས་མཐོང་ངོ༌། །བཅུ་གསུམ་རོ་མཉམ་སོན་བྱས་ནས། །ལྷན་སྐྱེས་ཡེ་ཤེས་ཡང་དག་རིག ། རྟག་ཏུ་གཟུགས་ནི་མ་མཐོང་ན། །ཟླ་བའི་ཆ་ཤས་མཐོང་བའོ། །བཅུ་བཞིའི་ཟླ་བ་དེ་བཞིན་དུ། །བདེ་བ་རྣམས་ཀྱིས་གསལ་བར་མཐོང༌། །དེ་བཞིན་བདེ་ཀུན་ལ་གནས་པ། །ཡེ་ཤེས་ངག་མཆོག་གཉིས་མེད་པས། །གནས་པ་གང་བ་ཡོངས་སུ་ཐོབ། །ཐབས་ཤེས་བདག་ཉིད་སྦྱོར་སྐྱེས་པས།། མཐོང་བ་གང་བའི་ཟླ་བ་ནི། །ཆ་ཤས་ཐམས་ཅད་དེའི་ནང་དུའོ། །གཉིས་མཚམས་ཆ་ཤས་ལྷག་ཆ་རྣམས། །བདེ་བའི་གནས་ནི་དེ་ཕྱིར་བཤད། །ཉ་གང་བཅུ་དྲུག་པ་དག་ཏུ། །ཡོངས་རྫོགས་ཆ་ཤས་བཅུ་དྲུག་གོ །ཞེས་སོ། །དེ་ལྟར་བཅུ་དྲུག་སྨན་རྣམས་ཀྱིས། །ཕྱི་ནང་བདག་ཉིད་མིང་མཚོན་བྱ། །ཕྱི་རོལ་རབ་ཏུ་གྲགས་པ་སྟེ། །ནང་དུ་མགྲིན་པའི་རྩ་རྣམས་སོ། །དེ་ཡིས་ཚིགས་ཀུན་ལ་གནས་ཏེ། །ལུས་ཅན་རྣམས་ཀྱི་བུ་ག་ནི། །གང་ཡང་རུང་ལ་སོ་སོར་གནས། །བཤད་པ། མགོ་བོ་ལྟེ་བ་སྙིང་ག་དང༌། །གསང་བ་ཕྲག་གོང་གཡས་པ་དང༌། །དཔུང་ཚིགས་དེ་བཞིན་ལག་པ་དང༌། །ཕྲག་གོང་གཡོན་དང་དཔུང་ཚིགས་དང༌། །ལག་པའི་ཚིགས་དང་བྲང་གཡས་དང༌། །པུས་ཚིགས་དེ་བཞིན་གཞན་པ་ནི། །རྐང་པའི་ཚིགས་སུ་ཤེས་པར་བྱ། །བྲང་གཡོན་པ་དང་རྐེད་པའི་ཚིགས། །པུས་ཚིགས་དེ་བཞིན་རྐང་པ་དག །རྣལ་འབྱོར་རྣམས་ཀྱིས་རིམ་ཤེས་བྱ། །ཞེས་སོ། །དགའ་བ་ཞེས་བྱ་བ་ལ་སོགས་པ་ནི། རྟག་ཏུ་དུས་ཐམས་ཅད་དུ་ཤེས་པར་བྱས་ནས་རྣལ་འབྱོར་ལ་གོམས་བས་མཚོན་པར་བྱའོ། །ཚེས་གཅིག་ཅེས་བྱ་བ་ནི་ཚེས་གཅིག་ལ་སོགས་པའོ། །ཟླ་བ་འཕེལ་བས་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ལག་པ་དང་རྐང་པ་ལ་
༄། །སོགས་པའི་ཚིགས་རྣམས་སུ་སྟེ། ཟླ་བ་འཕེལ་བ་དེ་རྣམས་ཀྱི་མགུ་བའི་གནས་ཏེ་མཐེ་བོང་ལ་སོགས་པ་ནས་དཔྲལ་བའི་བར་ དུ་དང་ལུས་གཡོན ་པ་རྣམས་ཀྱང་དགའ་བ་བཅུ་དྲུག་སྐྱེ་བར་འགྱུར་ཏེ་སྙིང་རྗེའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུང་ངུ་ཞེས་བྱ་བ་ལ་སོགས་པ་དང་འདི་ཉིད་དུ་ཞེས་བྱ་བ་ནི་ནག་པོའི་ཚེས་གཅིག་ལ་སོགས་པ་ཇི་ལྟར་འཕེལ་བར་གྱུར་པ་དེ་བཞིན་དུ་ཐུང་དུ་ནི་དཀར་པོའི་མཐའ་ཅན་ནོ། །ཇི་སྙེད་སྟོང་པ་ཉིད་བཅུ་དྲུག་ཤེས་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །འདི་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པ་གསུངས་པ་སྟེ། སླར་ཡང་འདི་ཉིད་ཀྱི་ནང་དུ་རྒྱས་པར་བཤད་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་བཅོམ་ལྡན་འདས་ལ་ཞུས་པའོ། །དགྱེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བཅོམ་ལྡན་འདས་ཀྱི་ལན་ཏེ། དེ་ལྟར་ཐམས་ཅད་རྟོགས་སླའོ། །གསང་བ་ཞེས་བྱ་བ་ལ་སོགས་པས་ཐེ་ཚོམ་བསལ་པ་ཡིན་ཏེ། གསང་བ་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་ཚིག་ཐོག་མར་བྱས་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རབ་ཏུ་འཇུག་གོ །དེ་ཇི་ལྟར་ཞེ་ན། ཁམས་ཐམས་ཅད་ཀྱི་མཐའ་ཞེས་བྱ་བ་སྟེ། སེན་མོ་དང་སོ་ལ་སོགས་པ་ཁམས་ཉི་ཤུ་རྩ་བཞི་རྣམས་ཀྱི་མཐར་ནི་མཆོག་ཏུ་བདེ་བ་ཆེན་པོའི་ཁམས་བྱང་ཆུབ་ཀྱི་སེམས་ནི་གསང་བ་སྟེ་ཁམས་ཐམས་ཅད་ཀྱིས་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསང་བ་ཡང་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྣམས་འགྱུར་བ་མེད་པའི་བདེ་བའོ། །དེ་དེ་བཞིན་དུ་གསུངས་སོ། །གང་གི་སྤྱོད་ཡུལ་ཡིན་ཞེ་ན་གསུངས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་རྣམས་ཀྱི་དབང་པོ་འོད་གསལ་བར་བཤད་དོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅེས་བྱ་བ་སྟེ། མཆོག་ནི་གཙོ་བོ་སྟེ། ཐ་མལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །གོ་འཕང་ནི་གནས་ཏེ་སྣ་ཚོགས་པའི་རྣམ་པ་དེའི་རང་བཞིན་ནོ། །དབང་པོ་མཆོག་གི་གོ་འཕང་ཞེས་བྱ་བར་རབ་ཏུ་བཤད་དོ། །རྣམ་ཤེས་སྐྱེས་པ་དེ་རྣམས་སུ། །ཞེས་བྱ་བ་ནི། ཁམས་
༄། །དེ་རྣམས་ཐམས་ཅད་རེ་རེ་ལ་བརྒྱད་དུ་ཤེས་པའི་མཚན་ཉིད་རྣམས་ཀྱིས་དུ་མ་སྤྲོ་བ་དང་སྡུད་པ་ནི་རང་བཞིན་གྱིས་སོ། །དེས་བསྐྱེད་པས་མཁའ་ལ་སྤྱོད་པ་རྣམས་བྱུང་ངོ༌། །རྫུས་ཏེ་སྐྱེས་པའི་ལྷ་རྣམས་དེ་ཉིད་དུ་སྤྲུལ་པའི་སྐུ་ཅན་གྱི་ལུས་སོ། །ཅིའི་ཕྱིར་འདིར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་སྐུ་བཞི་སྟེ་གསུམ་ལས་དབྱེ་བར་འགྱུར་རོ། །དེ་ལ་སྤྲུལ་པའི་སྐུ་ནི་རྫུས་སྐྱེས་ཀྱི་ལྷ་རྣམས་སོ། །ཆོས་ཀྱི་སྐུ་ནི་གང་གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྐང་པ་གཉིས་ལ་སོགས་པ་རྣམས་སོ། །སྤྲུལ་པའི་སྐུ་དང་དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་བཤད་དེ། གཞལ་མེད་ཁང་ན་སྤྱོད་པའི་ལྷ་རྣམས་སྤྲུལ་པའི་སྐུའོ། །དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བདེ་བ་ལས་འདས་པ་རྣམས་ནི་ཆོས་ཀྱི་སྐུའོ། །ཡང་ཆོས་ཀྱི་སྐུ་ཡིས་བཤད་དེ། གང་རླུང་དང་རྣམ་པར་ཤེས་པ་ལ་ཡོངས་སུ་གནས་པ་ལྷ་རྣམས་ལ་དམིགས་པ་མེད་པ་དེ་ནི་ཆོས་ཀྱི་སྐུའོ། །སླར་ཡང་ཏིང་ངེ་འཛིན་གསུམ་པ་ལ་སྙོམས་པར་ཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་རྣམས་ཀྱིས་བདག་གི་བར་འཛིན་པའི་བག་ཆགས་རྣམས་ཀྱིས་ཕན་ཚུན་མཐོང་བར་འགྱུར་བ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་དུ་ཡེ་ཤེས་ཀྱིས་བཤད་དེ། འོག་མིན་ན་གནས་པའི་ཟག་པ་མེད་པའི་བདེ་བ་དེ་ནི་ཆོས་ཀྱི་སྐུའོ། །དེ་རྣམས་ཀྱི་རང་གི་རིག་པའི་དུ་མའི་ཆོས་ཀྱི་རོའི་བདེ་བ་མྱོང་བས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱིས་ལྷུན་གྱིས་གྲུབ་པར་འགྱུར་ཏེ། གང་མི་ཤེས་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱ་བའོ། །དེ་ཉིད་རྩེན་ཕྱིར་ནམ་མཁའ་ལས་བྱུང་བ། །ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་ཞིང་ལྔ་པའི་དོན་གྱི་དང་པོའོ། །དེའི་ཕྱིར་ནམ་མཁའ་ལས་བྱུང་བས་སྐུ་བཞིའི་བདག་ཉིད་ཅན་གྱི་རྫས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་འགྱུར་མེད་པའི་བདག་ཉིད་ཅན་ནོ། །དེ་ཡང་གཉིས་ཀྱིས་གཉིས་རྣམ་པར་སྤངས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་མཁའི་ངོ་བོ་གང་གི་ཕྱིར་ན་བྱུང་བར་གྱུར་པ་དེའི་ཕྱིར་རོ། །རྩེན་ཞེས་བྱ་བ་ནི། སྒྱུ་མ་དང་རྨི་ལམ་ལྟ་བུ་ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་སུ་རྣམ་པར་བརྟགས་པའོ། །གང་གི་ཕྱིར་ན་དེ་བཞིན་དུ་བཤད་པ་གཅིག་ཏུ་ན་
༄། །ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་ཕྱོགས་གཅིག་པ་འབའ་ཞིག་ཁམས་གསུམ་པར་རབ་ཏུ་འཇུག་པར་གྱུར་པ་མ་ཡིན་ནོ། །དེ་ལ་དེའི་ཕྱིར་ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་སྟེ། ཁམས་གསུམ་པ་དུ་མ་བདག་ཉིད་ལས་བྱུང་བ་རྣམས་ཀྱིས་བདག་གི་བའི་ཁམས་དུ་མར་བྱུང་བའི་རྣམ་པར་ཤེས་བ་སྟེ་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཅན་གྱི་རྫས་དང་བྲལ་བའོ། །དེའི་ཁྱབ་བྱའི་གཟུགས་ནི་ཡང་དག་རྟོགས་ཞེས་བྱ་བ་ནི་རང་གི་བག་ཆགས་ལས་བྱུང་བའི་རྣམ་པར་ཤེས་བའི་རང་བཞིན་གྱི་ཡེ་ཤེས་ཀྱི་སྣང་བ་ཤར་བའོ། །གང་གི་ཕྱིར་ན་ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་སོ། །རྟག་བཞུགས་གཉིས་མེད་ཅེས་བྱ་བ་ནི། རྟག་ཏུ་ནི་དུས་ཐམས་ཅད་དུ་སྟེ། ཆུང་ངུའི་སེམས་ཅན་ལྷག་པར་མོས་པའི་དངོས་པོ་རྣམས་ཀྱི་གཉིས་སུ་མེད་པའི་དགོས་པ་དང་བྱེད་པའི་ཁྱད་པར་གྱིས་སོ། །གང་གི་ཕྱིར་ན་ཀུན་རྫོབ་དང་དོན་དམ་པའི་ཆོས་ཉིད་ཀྱི་ཡུལ་ཡོད་པས་ཆོས་ཏེ། དེ་ཡང༌། སྒྱུ་མ་རྨི་ལམ་ལྟ་བུ་མཆོག །ཅེས་བྱ་བ་ནི་ཆོས་ཀྱི་ཁྱད་པར་ཏེ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བླང་བར་བྱ་བར་མངོན་པར་མཚམས་སྦྱར་བར་བྱའོ། །ཇི་སྲིད་དུ་ཀུན་ནས་མཆོག་ནི་ཐ་མའི་མཐར་ཐུག་པ་ཞེས་བྱ་བར་དགོངས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །ན་ནི་རྣམ་པར་བརྟགས་པའོ། །གང་གི་ཕྱིར་མདོར་བསྟན་པ་རྒྱས་པར་བཤད་པའོ། །འོན་ཀྱང་བདག་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་སྟེ་ཟད་པ་དང་འཕེལ་བ་རྣམ་པར་སྤངས་པའོ། །སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གིས་གཅིག་མ་སྤངས་པའི་སྐད་ཅིག་མ་གཅིག་གི་རང་བཞིན་ཏེ། ཆོས་ཀྱི་བདག་མེད་པའི་མཚན་ཉིད་རྟག་པ་རྒྱུན་དུ་གནས་པ་དུས་ཐམས་ཅད་རྣམ་པར་སྤངས་པས་ཁྱད་པར་དུ་བྱེད་པས་སོ། །གཉིས་སུ་མེད་པ་འོད་གསལ་བ་ཐར་པ་དགེ་བ་ཞི་བ་སྡིག་པ་ཐམས་ཅད་འཕྲོག་པ་ཐམས་ཅད་སྤངས་པ་ཀུན་གྱི་ངོ་བོའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །སླར་ཡང་སྤྲུལ་པའི་སྐུའི་རང་གི་མཚན་ཉིད་གསུངས་པ། དེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་རྣམ་པ་ནི་སྔོན་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པའོ། །ཡེ་ཤེས་ནི་ཡེ་ཤེས་ཆེ་ཞེས་བྱ་བ་ནི་སྤྲུལ་པའི་སྐུར་གནས་
༄། །པས་ཆོས་དུ་མའི་ཉེ་བར་སྤྱོད་པ་རབ་ཏུ་འཇུག་གོ །ཡེ་ཤེས་ནི་ཡེ་ཤེས་ཆེན་པོའོ། །དེ་ཇི་ལྟར་ཞེ་ན། དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ་མར་མེའི་རྩེ་མོ་ལྟར་རྒྱུན་མི་འཆད་པར་རབ་ཏུ་འཇུག་པས་རབ་ཏུ་འཇུག་གོ །གང་གི་ཕྱིར་དེའི་ཚེ་དེ་ཁོ་ན་ཉིད་སངས་རྒྱས་རྣམས་ཀྱིས་ལྷུན་གྱིས་གྲུབ་པས་རབ་ཏུ་འཇུག་སྟེ། སྤྲུལ་པའི་སྐུ་ཆོས་སྐྱེ་བ་དང་ཐིམ་པའི་དངོས་པོས་སོ། །དེ་དེ་བཞིན་ཉིད་ཀྱི་གཟུགས་དེ་ཁོ་ན་ཉིད་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །རྩ་ནི་བསྡུས་པ་སྟེ་ཀུན་དུ་སོན་ཞེས་བྱ་བའི་ཚིག་གིས་སོ། །འདིར་རྗེས་སུ་གནང་བ་ཡང་ཇི་ལྟར་བཅོམ་ལྡན་འདས་སྔོན་དུ་རྡོ་རྗེ་ཕག་མོས་བསྟན་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྲུལ་པའི་སྐུའི་རྣམ་པར་དག་པ་ཡིན་པས་སྐྱེ་བར་འགྱུར་ཞེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་པ། བསྐྱེད་པར་གོ་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་ཞེས་བྱ་བ་ནི་རྣལ་འབྱོར་མ་དེ་རྣམས་ཀྱི་སྒོམ་པའི་དུས་ལྟར་སྤྲུལ་པའི་སྐུ་བསྐྱེད་བར་འགྱུར་རོ། །དེ་ཇི་ལྟར་འགྱུར། རྣལ་འབྱོར་རྗེས་སུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། འགྲོ་བ་དང་འགྲོ་བར་གྱུར་པས། འདིར་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་རྣམས་ལ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་རོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་དེ་བཞིན་དུ་བསྙེན་པ་དང་བསྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་ཉེ་བའི་བསྙེན་པ་ཡང་ཡོད་དོ། །དེ་ཡང་རྣལ་འབྱོར་ཞེས་བྱ་བ་ནི་དང་པོ་སྦྱོར་བའོ། །དེའི་རྗེས་སུ་རྣལ་འབྱོར་ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་རྫོགས་པའི་བར་དུའོ། །དེ་ཉིད་ཀྱི་བསྙེན་པའོ། །སླར་ཡང་མི་བསྐྱོད་པ་ལ་སོགས་པ་རབ་ཏུ་ཞུགས་པས་རྣལ་འབྱོར་ཆེན་པོའོ། །དེ་རྣམས་ཀྱིས་རྣལ་འབྱོར་ཞེས་བྱ་བའོ། །སྒྲུབ་པ་ནི་ཤིན་ཏུ་རྣལ་འབྱོར་ཏེ། དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡང་གི་ཡི་གེ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི་སྒྲུབ་པ་ཆེན་པོའོ། །ཉེ་བར་སྒྲུབ་པ་ནི་ལས་རྒྱལ་པོ་མཆོག་གོ །ཐིམ་པ་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་བསྒོམ་པ་ལ་བསྐྱེད་པའི་རིམ་པ་སྔོན་དུ་གསུངས་པ་སྟེ། དེ་བཞིན་དུ་སྒྲུབ་པ་ཆེན་པོ་དང་ཉེ་བའི་སྒྲུབ་པར་ནམས་ཀྱིས་ཐིམ་པ་སྟེ་མངལ་སྐྱེས་ཀྱི་རིམ་པས་རྫུ་
༄། །ཏེ་སྐྱེས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །སླར་ཡང་ཡང་གི་ཡི་གེས་ཉེ་བར་བསྙེན་པ་དང་རྣལ་འབྱོར་མ་རྣམས་རྫོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཡང་བསྙེན་པ་གཉིས་ཞེས་བྱ་བའི་ཚིག་གིས་སོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཏེ། བཤད་དུ་མེད་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་དེ་བཞིན་དུ་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་རྣམས་སོ། །སུམ་ཅུ་རྩ་དྲུག་ཐིག་ལེ་ཞེས་བྱ་བ་ནི། ཐིག་ལེའི་རྣལ་འབྱོར་གྱིས་བརྗོད་དུ་མེད་པའི་རང་གི་རིག་པའི་ཡེ་ཤེས་ཀྱི་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་པདྨའི་སྣ་རྩེར་ཐིག་ལེའི་ནང་དུ་སོན་པའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །དེ་ཉིད་བཤད་དུ་མེད་པ་མཚན་ཉིད་མེད་པ་མཚོན་པ་ཞེས་བྱ་བའོ། །ཕྲ་མོའི་རྣལ་འབྱོར་རྣལ་འབྱོར་མོ། །ཞེས་བྱ་བ་ནི། དེ་ལ་དེ་བཞིན་དུ་པདྨའི་སྣའི་རྩེ་མོ་དེ་ཉིད་དུ་ཕྲ་མོའི་སྲོག་རྣམ་པར་གཟུང་བ་ལས་བདེ་བའི་རང་བཞིན་ཉིད་དེ་དེ་ལྟར་རྣལ་འབྱོར་མའི་རྒྱུད་སུམ་ཅུ་རྩ་དྲུག་གི་ནང་དུ་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་གཉིས་ཀའི་རྒྱུད་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུའོ། །དེ་ལ་སྤྲུལ་པའི་སྐུ་འདིར་ཅི་ལས་འོངས་ཤེ་ན། གསུངས་པ། དུས་ཀྱི་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དུས་རྣམས་ཀྱི་དབྱེ་བས་རབ་ཏུ་ཕྱེ་བའོ། །དེ་ཅི་ཞེ་ན། ཟླ་བས་དང་ཞེས་བྱ་བས་ཏེ་ཟླ་བ་བཅུ་གཉིས་རྣམས་སོ། །དེའི་འཕོ་བ་རྣམས་ཉེ་བར་མཚོན་པའི་ཕྱིར་རོ། །རྫོགས་ལྡན་དང་གསུམ་ལྡན་ཞེས་བྱ་བ་ནི་རེ་རེའི་འཕོ་བ་རྣམས་ཀྱིས་དུས་བཞི་རྣམས་ཀྱི་ནང་ དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། གཡོན ་པ་དང་གཡས་པའི་སྣའི་བུ་ག་ངག་གིས་དཀྱིལ་འཁོར་བཅུར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་ཀྱི་འཕོ་བ་རྣམས་ཀྱིས་བརྒྱད་བརྒྱས་ལྷག་པའི་སྟོང་ཕྲག་གཅིག་གོ །འཇུག་པ་དང་གནས་པ་དང་ལྡང་བའི་དབུགས་རྣམས་སུ་འགྱུར་རོ། །དེ་ལྟར་རེ་རེའི་དཀྱིལ་འཁོར་ལ་བརྒྱད་ཅུས་ལྷག་པའི་བརྒྱ་ཕྲག་གི་དབུགས་རྒྱུ་བར་འགྱུར་
༄། །རོ། །དེ་ལ་རྫོགས་ལྡན་ཞེས་བྱ་བ་ནི་རྐང་པ་བཞི་ལ་སོགས་པའི་ལས་དང་དཀྱིལ་འཁོར་བཞིའི་སྦྱོར་བས་སོ། །དེ་ལ་ནམ་མཁའ་དང་རླུང་དང་མེ་དང་ཆུའི་དཀྱིལ་འཁོར་རྣམས་ གཡོན་པའི་སྣའི་བུ་ག་རྣམས་སུ་འགྱུར་རོ། །དེ་བཞིན་དུ ་གསུམ་ལྡན་ཞེས་བྱ་བ་ནི་གསུམ་ལྡན་གྱི་དུས་སུ་རྐང་པ་གསུམ་ལྡན་གྱི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་གཅིག་ཟད་པས་དཀྱིལ་འཁོར་གསུམ་ དུ་འགྱུར་རོ། །དེ་ཡང་གཡོན ་པར་སའི་དཀྱིལ་འཁོར་རོ། །དེ་བཞིན་དུ་གཡས་པར་ས་དང་ཆུའོ། །དེ་ལྟར་གཉིས་ཞེས་བྱ་བ་ནི་གཉིས་ལྡན་གྱི་དུས་རྣམས་སུ་རྐང་པ་གཉིས་པའི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་གཉིས་ཟད་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །དེ་ཡང་མེ་དང་རླུང་ངོ༌། །སླར་ཡང་རྩོད་དུས་འགྱུར་ཞེས་བྱ་བ་ནི་རྩོད་པའི་དུས་སུ་རྐང་པ་གཅིག་པའི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་གསུམ་ཟད་པས་དཀྱིལ་འཁོར་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་རྫོགས་ལྡན་ལ་ཉི་ཤུས་ལྷག་པའི་དབུགས་བདུན་བརྒྱར་འགྱུར་རོ། །གསུམ་ལྡན་ལ་བཞི་བཅུས་ལྷག་པའི་ལྔ་བརྒྱའོ། །གཉིས་ལྡན་ལ་དྲུག་ཅུས་ལྷག་པའི་སུམ་བརྒྱའོ། །རྩོད་དུས་ཀྱི་སྔོན་དུ་བཤད་དོ། །དེ་ལྟར་འཕོ་བ་བཅུ་གཉིས་རྣམས་ཀྱིས་རྫོགས་ལྡན་གྱི་དུས་རྣམས་སུ་སྟོང་ཕྲག་བརྒྱད་དང་བརྒྱ་ཕྲག་དྲུག་ལ་བཞི་བཅུས་ལྷག་པའོ།། དེ་བཞིན་དུ་གསུམ་ལྡན་ལ་སྟོང་ཕྲག་དྲུག་དང་བརྒྱ་ཕྲག་བཞི་ལ་བརྒྱད་ཅུས་ལྷག་པའོ། །གཉིས་ལྡན་རྣམས་སུ་སྟོང་ཕྲག་བཞི་དང་བརྒྱ་ཕྲག་གསུམ་ལ་ཉི་ཤུས་ལྷག་པའོ། །དེ་བཞིན་དུ་རྩོད་པའི་དུས་རྣམས་སུ་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་ལ་དྲུག་ཅུས་ལྷག་པའོ། །དེ་ལྟར་དུས་བཞི་རྣམས་ཀྱི་ཞག་གཅིག་གི་ཚད་དོ། །དེ་བཞིན་དུ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་གིས་ལོ་གཅིག་གི་རླུང་གི་ཚད་ནི་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་སྟོང་ཕྲག་བདུན་ཅུ་རྩ་དྲུག་གོ །དེ་རྣམས་ཀྱི་ཡང་དཀྱིལ་འཁོར་རྣམས་ཀྱི་ཆའི་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་སོ་སོའི་ཆ་ནི་འབུམ་ཕྲག་བདུན་དང་ཁྲི་ཕྲག་བདུན་དང་སྟོང་ཕྲག་བདུན་ལ་བརྒྱ་ཕྲག་དུག་གིས་ལྷག་པའོ། །དེ་ལྟར་བཞི་འགྱུར་ནི་རྫོགས་ལྡན་གྱི་དུས་སུ་སྟེ་འབུམ་ཕྲག་སུམ་ཅུ་རྩ་གཅིག་དང་ཁྲི་ཕྲག་གཅིག་ལ་བཞི་བརྒྱས་ལྷག་པའོ། །གསུམ་ལྡན་རྣམས་སུ་འབུམ་ཕྲག་ཉི་ཤུ་རྩ་གསུམ་དང་ཁྲི་
༄། །ཕྲག་གསུམ་དང་སྟོང་ཕྲག་གཉིས་ལ་བརྒྱད་བརྒྱས་ལྷག་པའོ། །དེ་བཞིན་དུ་གཉིས་ལྡན་དུ་འབུམ་ཕྲག་བཅོ་ལྔ་དང་ཁྲི་ཕྲག་ལྔ་སྟོང་ལ་བརྒྱ་ཕྲག་གཉིས་ཀྱིས་ལྷག་པའོ། །རྩོད་དུས་སྔོན་དུ་བཤད་དོ། །དེ་ལྟར་ཚེ་ལོ་བརྒྱ་པ་རྣམས་ཀྱི་དཀྱིལ་འཁོར་རེ་རེའི་གང་ཚད་བཤད་པ། དེ་བརྒྱ་འགྱུར་དུ་འགྱུར་རོ། །དེ་ཡང་བྱེ་བ་བདུན་དང་འབུམ་ཕྲག་བདུན་ཅུ་རྩ་བདུན་ལ་ཁྲི་ཕྲག་དྲུག་གིས་ལྷག་པའོ། །དེ་ལྟར་བྱས་པས་བཞི་འགྱུར་དུ་འགྱུར་ཏེ། བྱེ་བ་ཕྲག་སུམ་ཅུ་རྩ་གཅིག་དང་འབུམ་ཕྲག་བཅུ་ལ་ཁྲི་ཕྲག་བཞིས་ལྷག་པའོ། །དེ་བཞིན་དུ་གསུམ་ལྡན་ལ་བྱེ་བ་ཉི་ཤུ་རྩ་གསུམ་དང་འབུམ་ཕྲག་སུམ་ཅུ་རྩ་གཉིས་དང་ཁྲི་ཚོ་བརྒྱད་དོ། །དེ་ལྟར་གཉིས་ལྡན་ལ་བྱེ་བ་ཕྲག་བཅོ་ལྔ་དང་འབུམ་ཕྲག་ལྔ་བཅུ་རྩ་ལྔ་དང་ཁྲི་ཚོ་གཉིས་སོ། །རྩོད་དུས་སྔོན་དུ་བཤད་དོ། །དེ་ལྟར་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དབྱེ་བས་དུས་རྣམས་ཀྱི་ཚད་དོ། །དེ་ཡང་འཆད་པར་འགྱུར་བ་རྣམས་སུ་དུས་དང་ལུག་ལ་སོགས་པའི་ཟླ་བ་རྣམས་མཁའ་འགྲོ་མ་ལ་སོགས་པའི་ལེའུ་རྣམས་སུ་རྒྱ་ཆེ་བར་བཤད་པར་བྱའོ། །དུས་ཀྱི་དབྱེ་བ་རབ་ཏུ་ཕྱེ་བ་གང་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱིས་སེམས་ཅན་གྱི་དོན་མཉམ་པ་མེད་པར་འགྱུར་རོ། །རྡོ་རྗེའི་ཞལ་བཞི་ཞེས་བྱ་བ་ནི། རྡོ་རྗེའི་ནི་རྡོ་རྗེ་འཆང་གི་སྟེ་དཔལ་ཧེ་རུ་ཀའི་བདག་ཉིད་དུ་སྐྱེས་པའི་དུས་བཞིའི་དབྱེ་བའི་ངོ་བོས་དང་ཞལ་བཞི་དགའ་བ་བཞི་སྟེ་དེ་བརྒྱད་གཉིས་ཞེས་བྱ་བའོ། །དུས་རེ་རེ་ལ་དགའ་བ་བཞིར་འགྱུར་ཏེ། །ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དུས་དབྱེ་བས་སོ། །དེ་ཡང་དགོད་པ་དང་ལྟ་བ་དང་ལག་པ་གཟུང་བ་དང་གཉིས་སྤྲོད་ནི་རྫོགས་ལྡན་དུའོ། །རྣམ་པ་སྣ་ཚོགས་བ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བ་ནི་གསུམ་ལྡན་དུའོ། །བུམ་པ་དང་སློབ་དཔོན་དང་གསང་བ་དང་ཤེས་རབ་ནི་གཉིས་ལྡན་དུའོ། །སད་པ་དང་རྨི་ལམ་དང་གཉིད་མཐུག་པོ་ལོག་པ་དང་བཞི་པའི་རང་བཞིན་འདི་ནི་རྩོད་པའི་དུས་སོ། །དེ་ལྟར་རྒྱུད་བཞི་དང་སྐད་ཅིག་བཞི་དང་དབང་བཞི་དང༌། རང་བཞིན་བཞི་སྟེ། རིམ་པ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །དེ་ལྟར་རྫོགས་ལྡན་གྱི་དུས་སུ་གཅིག་ལ་གཅིག་བལྟས་པས་དགའ་བ་སྐྱེ་སྟེ། འདི་ནི་ལྟ་བའི་རྒྱུད་དོ། །
༄། །བགད་པ་ཙམ་གྱིས་དེ་ལྟར་མཆོག་དགའ་སྐྱེ་སྟེ་འདི་ནི་དགོད་པའི་རྒྱུད་དོ། །དེ་བཞིན་དུ་ལག་པས་ལག་པ་ལ་རེག་པ་ཙམ་གྱིས་དགའ་བྲལ་ཏེ་ཁྱད་པར་ཅན་གྱི་འདོད་ཆགས་སྐྱེ་བ་འདི་ནི་ལག་སྤྲད་ཀྱི་རྒྱུད་དོ། །མངོན་སུམ་དུ་འཁྱུད་པས་ལྷན་སྐྱེས་འཐོབ་པ་ཞེས་བྱ་བ་ནི་གཉིས་འཁྱུད་ཀྱི་རྒྱུད་དོ། །དེ་ལྟར་ལྷན་སྐྱེས་དང་པོར་བྱས་ནས་རྫོགས་ལྡན་གྱི་དུས་ལ་སོགས་པའི་སེམས་ཅན་རྣམས་ཀྱི་སེམས་རང་གིས་བསྐྱེད་དེ། ཆོས་ཀྱི་ཆོས་ཉིད་ཀྱིས་སོ། །དེ་བཞིན་དུ་གསུམ་ལྡན་གྱི་དུས་སུ་སྣ་ཚོགས་པའི་འཁྱུད་པ་དང་འོ་ལ་སོགས་པས་རྣམ་པར་བཀྲ་བའི་དགའ་བ་སྐྱེ་སྟེ་འདི་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའོ། །རྣམ་པར་སྨིན་པའི་དགའ་བ་ཡང་མཆོག་ཏུ་འགྲོ་བ་སྟེ། དེ་ལྟར་པདྨར་རྡོ་རྗེ་བཅུག་པས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །ཤིན་ཏུ་མཐུན་པ་དམ་པས་རྣམ་པར་ཉེད་པ་བྱེད་དེ་འདི་ནི་བྲལ་བའི་དགའ་བ་དང་རྣམ་པར་ཉེད་པའི་སྐད་ཅིག་མའོ། །མཚན་ཉིད་དང་བྲལ་བ་སྟེ་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་དང་མཚན་ཉིད་དང་བྲལ་བས། ལྷན་སྐྱེས་ཀྱི་དགའ་བ་སྐྱེ་སྟེ་འདི་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །དེ་བཞིན་དུ་བུམ་པ་རྣམས་ཀྱིས་བུམ་པའི་དགའ་བ་སྟེ། དབང་བསྐུར་དྲུག་སྐྱེ་བ་འདི་ནི་བུམ་པའི་དབང་ངོ༌། །སློབ་དཔོན་གྱི་དབང་བཅུ་ལས་མཆོག་ཏུ་དགའ་བ་སྐྱེ་བ་སྟེ་འདི་ནི་སློབ་དཔོན་གྱི་དབང་ངོ༌། །གསུམ་པ་གསང་བའི་དབང་གིས་བྲལ་བའི་དགའ་བ་སྐྱེ་བ་སྟེ་འདི་ནི་གསང་བའི་དབང་ངོ༌། །ཤེས་རབ་ཡེ་ཤེས་ཀྱིས་ལྷན་ཅིག་སྐྱེས་པ་སྐྱེ་བ་སྟེ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་བཞིན་དུ་ཤཱཀྱ་སེངྒེ་ལ་སོགས་པས་ཐེག་པ་གསུམ་རྣམས་ཀྱིས་སྤྲུལ་པའི་སྐུར་སྦྱོར་བ་ནི་སད་པ་སྟེ། དགའ་བ་འབྱུང་སྟེ་འདི་ནི་སད་པའི་རང་བཞིན་ནོ། །རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་ཏུ་དགའ་བ་སྐྱེ་བ་སྟེ་འདི་ནི་རྨི་ལམ་གྱི་རང་བཞིན་ནོ། །གཉིད་མཐུག་པོ་ནི་ཆོས་ཀྱི་སྐུ་བྲལ་བའི་དགའ་བ་སྐྱེ་བ་སྟེ་འདི་ནི་གཉིད་མཐུག་པོའི་རང་བཞིན་ནོ། །བཞི་པ་ནི་ལྷན་ཅིག་སྐྱེས་པའི་སྐུ་བདེ་བ་ཆེན་པོ་སྐྱེ་བ་སྟེ་འདི་ནི་བཞི་པའི་རང་བཞིན་ནོ། །དེ་ལྟར་ཕྱོགས་ཀྱི་དབྱེ་བ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་དགའ་བ་བཅུ་དྲུག་ཏུ་འགྲོ་བའོ། །ཇི་ལྟར་ཟླ་བའི་ཆ་ཤས་རྣམས་ཀྱིས་འཕེལ་བ་དང་ཟད་པའི་རྒྱུ་ཉིད་ཀྱི་དཔེ་རང་གིས་
༄། །མཐོང་ངོ༌། །དེ་བཞིན་དུ་དུས་བཞིའི་ཕྱོགས་རྣམས་ཀྱི་སེམས་ཅན་རྣམས་ཀྱིས་བྱས་པས་གསལ་བར་མཐོང་སྟེ་རང་གིས་རིག་པའོ། །ཆ་ཤས་བཅུ་དྲུག་རྣམས་དང་ལྡན། །ཞེས་བྱ་བ་ནི་དགའ་བ་བཅུ་དྲུག་རྣམས་དང་ལྡན་པ་སྟེ་དུས་བཞིས་སོ། །དབྱེ་བ་དེ་རྣམས་ཀྱི་ཟླ་བའི་ཆ་ཤས་རྣམས་ཀྱིས་ལོ་བརྒྱའི་བར་དུ་སེམས་ཅན་རྣམས་ལ་སྣང་བར་འགྱུར་རོ། །སྤྲུལ་པའི་སྐུ་དུ་མ་སྤྲོ་ཞེས་བྱ་བའི་དོན་ཏོ། །ཐུང་ངུ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱི་སྡུད་པའི་རྒྱུ་ཉི་མའི་སྤྱོད་པ་རྣམས་སུ་ཞེས་བྱ་བ་སྟེ། ཉི་མ་རྣམས་སུ་སྤྱོད་པ་ནི་ཇི་ལྟར་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པའི་དབྱེ་བ་རྣམས་ཀྱི་ཟླ་བའི་ཆ་ཤས་ཀྱིས་རྒྱུ་སྟེ། དེས་ཟླ་བ་ཕྱོགས་གཉིས་རྣམས་ཀྱིས་དམན་ནོ། །དེ་བཞིན་དུ་དུས་བཞི་སྣ་ཚོགས་པའི་དགའ་བ་རྣམས་ཀྱིས་དམན་པ་ཉིད་དུ་འགྱུར་རོ། །སྐུའི་ཡི་གེ་ནི་ངེས་བར་གཟུང་བའོ། །དེ་རྣམས་ཀྱི་ཆ་ཤས་ཟ་བ་ཉིད་ཀྱང་ཞེས་བྱ་བ་ནི་བསྐལ་པ་འཚིག་པའི་དུས་རྣམས་སུ་དགའ་བ་ཐམས་ཅད་ཀྱི་ཆ་ཤས་ཟད་པར་འགྱུར་རོ། །འདིར་ཡང་བཞི་པ་ནི་འདས་པའི་མཚན་ཉིད་དོ། །དེས་ན་དང་གི་ཡི་གེ་བསྡུ་པའོ། །ཉི་མ་ནི་དེ་ཁོ་ན་ཉིད་ཀྱི་ཉི་མ་སྟེ་འོད་གསལ་བ་རྣམ་པར་རྟོག་པའི་ཆོས་ཐམས་ཅད་ཟ་བ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀུན་ཞེས་བྱ་བ་ནི་བུད་མེད་སྒྱུ་མ་ཐམས་ཅད་དེ། དེ་ཅི་ཞེ་ན། སྣ་ཚོགས་པའི་རང་བཞིན་རྣམས་སྒྱུ་མའི་རྣམ་པ་རྣམས་སུ་རབ་ཏུ་འཇུག་གོ །བུད་མེད་ཉིད་ཐོབ་ནས་ཤེས་རབ་ཀྱི་གཟུགས་ནི་རྟག་ཏུ་ཕྱག་རྒྱ་ཞེས་བྱ་བ་སྟེ་ཕྱག་རྒྱ་ཆེན་པོ་དེའི་ཚེ་འདི་ཞེས་བྱ་བའོ། །སྔོན་དུ་བཤད་པའི་འོད་གསལ་བ་ནི་ཐབས་ཏེ་སྐྱེས་བུ་ཉིད་བསྒྲུབས་ནས་སྤྲུལ་པའི་སྐུ་ཅན་རྣམས་ཀྱི་སྐུ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་བླ་ན་མེད་པའོ་ཞེས་བྱ་བའོ། །འདི་ཡིས་རང་བཞིན་གྱིས་འོད་གསལ་བ་རྣམས་དང་ལྡན་པ་བླ་ན་མེད་པའི་ཡེ་ཤེས་བརྗོད་དུ་མེད་པ་ཐོགས་པ་མེད་པ་བསྣུན་དུ་མེད་པ་མཆོག་ཏུ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །འདིར་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཡིན་ན་དེའི་ཚེ། ཇི་ལྟར་སེམས་ཅན་རྣམས་ཀྱི་ཐ་མལ་པའི་བདག་ཉིད་ཀྱི་སེམས་འབྱུང་བར་འགྱུར། དེ་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། དེ་ནས་ཐ་མལ་པ་རྣམས་ཀྱི་འདི་འདྲ་བའི་ཡེ་ཤེས་མེད་པར་
༄། །འགྱུར། དེ་བཞིན་དུ་ཕྱོགས་གཅིག་པ་ཉིད་དང་ཐོགས་པ་དང་བཅས་པའི་ཡེ་ཤེས་དང་བླ་ན་མེད་པ་མ་ཡིན་པར་འགྱུར་ཞེ་ན་འདིར་བཤད་པ། དེའི་ཕྱིར་གསུངས་པ། དེ་རྒྱུ་མཚན་མེད་པ་དང་མི་རིགས་པ་དང་ལུང་དང་རྣམ་པར་དཔྱོད་པ་མེད་པ་མ་ཡིན་ནོ། །དེ་ཅིས་ཤེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་སོ། །དེའི་ཕྱིར་འདི་ལྟར་གསུངས་པ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣལ་འབྱོར་དང་ལྡན་པ་རྣམས་ལ་སྐྱེ་བའོ། །བྱང་ཆུབ་སེམས་ནི་འོད་ཆེན་པོ། །ཞེས་བྱ་བ་ནི་བྱང་ཆུབ་རྣམས་ཀྱི་སེམས་བྱེད་པ་སྔོན་གྱི་སྨོན་ལམ་གྱིས་ཁྱབ་པར་བྱས་པའི་གཟུགས་མཆོག་ཏུ་གཉིས་སུ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་ངོ་བོའི་ཡེ་ཤེས་རྣམས་ཀྱི་འོད་ནི་སྣང་བ་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་དོ། །དེས་སེམས་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བར་འགྱུར་རོ། །ནིའི་ཡི་གེ་ནི་ངེས་པར་གཟུང་བའོ། །དེའི་ཕྱིར་ཐོགས་པ་མེད་པ་མཆོག་ཏུ་གཉིས་སུ་མེད་པ། བརྗོད་དུ་མེད་པའི་ཡེ་ཤེས་མཆོག་ཐམས་ཅད་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རོ། །ཇི་ལྟར་སྐྱེས་བུ་དམ་པ་རྣམས་དང་ཕྲད་པས་དམན་པར་སྐྱེས་པ་ཡང་རྒན་པོར་འགྱུར་རོ། །དེའི་ཕྱིར་སྟོང་ཉིད་སྙིང་རྗེ་མི་ཕྱེད་པ་ཞེས་བྱ་བ་ནི། སྟོང་པ་ཉིད་སྔོན་དུ་བཤད་པའི་མཆོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རང་བཞིན་ནི་ཆོས་ཀྱི་བདག་མེད་པའོ། །སྙིང་རྗེ་ནི་སེམས་ཅན་གྱི་ཁམས་གང་ཟག་རྣམས་ཀྱི་བདག་མེད་པ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་དབྱེ་བ་མེད་བ་ཟག་པ་མེད་པའོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་ཡང་དག་པའི་མཐའི་རང་བཞིན་ནོ། །དངོས་རྣམས་ནམ་མཁའི་མེ་ཏོག་བཞིན། །ཞེས་བྱ་བ་ནི། དངོས་པོ་རྣམས་ནི་ཆོས་ཐམས་ཅད་དེ་དེ་རྣམས་ཀྱི་དབུས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་མེ་ཏོག་བཞིན་ཏེ་གོས་པ་མེད་པ་ཉིད་ཀྱིས་སོ། །ཇི་ལྟར་ནམ་མཁའ་མེ་ཏོག་འཁོར་བ་ནི་རླུང་གིས་བསྐྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དངོས་པོས་ནམ་མཁའ་བཀང་ནས་བཞུགས་སོ། །ཅུང་ཟད་སྨོན་ལམ་གྱིས་བསྐྱོད་པ་ཡིས་མེ་ཏོག་བཞིན་ནམ་མཁའ་ཐམས་ཅད་དྲི་བསུང་བར་བྱེད་དེ་
༄། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དོན་དགོས་པ་ཡེ་ཤེས་ཀྱི་དྲི་བསུང་བྱེད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་སད་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཉིད་ཀྱང་ལག་པར་གནས་ཞེས་བྱ་བའི་མཐར་ཐུག་པ་རྟོགས་སླའོ། །མཁའ་འགྲོ་མ་ཀུན་ངོ་བོ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་སེམས་དཔའ་སྟེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོའོ། །རྡོ་རྗེ་མཁའ་འགྲོ་མཆོག་ཏུ་བདེ། །ཞེས་བྱ་བ་ནི་སེམས་ཅན་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་རང་གིས་རིག་པའི་བདེ་བ་འཕོ་བ་མེད་པའི་མཁའ་འགྲོ་སྟེ། དེ་མཆོག་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འདི་འདྲ་བའི་གལ་ཏེ་རྣལ་འབྱོར་པ་རྣམས་ལ་མེད་ན་དེའི་ཚེ་སེམས་ཅན་གྱི་དོན་བྱེད་པ་མེད་པར་འགྱུར་རོ། །དེ་རྣམས་ཀྱི་ཡང་ལས་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གཟི་བརྗིད་ཆེ་ཞེས་བྱ་བ་ནི་ཤིན་ཏུ་གསལ་བ་དེ་རྣམས་ཀྱིས་སོ། །གཞན་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་སེམས་ཅན་རྣམས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་བ་བསྟན་པར་བྱའོ། །སྐྱབས་སུ་འགྲོ་བ་གང་གིས་སངས་རྒྱས་ལ་རྫས་སུ་ཆགས་པ་དང་ཆོས་དང་དགེ་འདུན་ལ་ཡང་འགྱུར་བའོ། །རྫུ་འཕྲུལ་ཆེ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཀྱང་ཁྱད་པར་དུ་བྱེད་པའོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་གསང་བ་གསུམ་གྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་ཅི་འདྲ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་རྣམས་ཀྱིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་རྗེས་སུ་ཆགས་པར་གནས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ཀྱིས་བརྟགས་པ་སྤོང་བའི་རིགས་པས་དྲིས་པ་སྟེ། དེ་ལྟར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིགས་སུ་བཅད་པའོ། །གསང་བ་དེར་ནི་ཕྱག་བྱས་ནས། །ཞེས་བྱ་བ་ནི་གསང་བའི་དབང་པོ་རྣམས་སུ་བྱང་ཆུབ་ཀྱི་སེམས་འཛག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་གསང་བ་སྟེ། ཤེས་བྱའི་རྣམ་པའི་ངོ་བོས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དེ་ཉིད་དུ་བབས་པས་ཕྱག་བྱས་པའོ། །འདི་ཉིད་ལ་ལྷ་རྫས་རྣལ་འབྱོར་མ་ཞེས་བྱ་བ་
༄། །ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཅན་གཙོ་མོའོ། །འདི་འདྲ་ཞེས་བྱ་བ་ནི་དེ་ལྟར་རིག་པའི་ཡེ་ཤེས་ཚིག་གིས་རབ་ཏུ་གསུངས་པ་སྟེ། གང་གི་ཚེ་གཉིས་སུ་མེད་པ་དེའི་ཚེའོ། །ཡང་ནས་ཡང་ཞེས་བྱ་བ་ནི་སྒྲ་བརྙན་ལྟར་ཞུས་སོ་ཞེས་བྱ་བའི་དོན་ཏོ། །ཅི་ཞུས་པ་ཞེ་ན་གསུངས་པ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་རང་གིས་རིག་པའི་རྣམ་པར་རྟོག་པར་འགྱུར་བའོ། །དེ་ཅི་ཞེ་ན། ཕྲ་མོའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྩ་གསུམ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་དབུ་མ་སྟེ་ཕྲ་མོའི་རྣལ་འབྱོར་རྣམས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་གསུམ་གྱི་རྒྱུ་ཅན་ཞེས་བྱ་བ་ནི་འཇུག་པ་དང་སེམས་དང་ཀུན་གཞི་རྣམས་ཀྱི་རྒྱུའོ། །ཅིའི་ཕྱིར་རྒྱུ་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་འཁོར་ལོ་རྣམས་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་ལ་རྩ་རེ་རེས་ཀྱང་རྣམ་པར་ཤེས་པ་གསུམ་བསྐྱེད་པར་འགྱུར་རོ། །དེ་ཉིད་ཀྱིས་ཀྱང་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བརྟེན་པ་རྣམས་ཀྱང་ཕྲ་མོའི་ཐིག་ལེ་ཞེས་བྱ་བ་ནི་རང་གིས་རིག་པའི་རང་བཞིན་གྱིས་རིག་པས་ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་ཆེན་པོའི་རྣལ་འབྱོར་མ་རྣམས་རྩ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོའི་རང་བཞིན་འབྱུང་བའོ། །རེ་རེ་ལ་ནི་དེ་ཡོངས་ལྡན་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་རེ་རེའི་རྣལ་འབྱོར་མ་རྣམས་ཀྱི་གཙོ་བོ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་རྣམས་སོ། །དེའི་ཕྱིར་མཁའ་འགྲོ་མ་ཀུན་ཞེས་བྱ་བ་ནི་རྣལ་འབྱོར་མ་འདི་རྣམས་ཐམས་ཅད་རང་གིས་རིག་པའི་ནམ་མཁའ་ལ་སྐྱེས་པའོ། །དེ་བཞིན་དུ་ཡང་གསུངས་པ་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་འབའ་ཞིག་མ་ཡིན་ཏེ། གཞན་རྣམས་ཀྱང་དེ་བཞིན་དུ་ངོ་མཚར་ཆེ་བ་གྲངས་མེད་པའི་མཁའ་འགྲོ་མ་རྣམས་རང་གིས་རིག་པའི་ནམ་མཁའ་ལས་བྱུང་བ་རྣམས་ཏེ་སེམས་ཀྱི་རྒྱུན་ཞེས་བྱ་བར་དགོངས་སོ། །དེ་ཡང་ཞེས་བྱ་བ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་སོ།། ཐམས་ཅད་ཇི་ལྟ་བ་ཞེས་བྱ་བ་ནི་ཇི་ལྟར་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པ་འདིས་མིང་མདོར་བསྟན་པ་བཤད་དོ། །དེ་བཞིན་དུ་ཐམས་ཅད་ལ་གྲངས་མེད་པའི་རྣལ་འབྱོར་མའི་སྐུ་དང་གསུང་དང་ཐུགས་ལས་ཞུགས་པ་རྣམས་ཀྱི་མིང་དུ་ཤེས་པར་བྱ་བའི་
༄། །ཕྱིར་ཞེས་བྱ་བའི་དོན་ཏོ། །རྒྱ་མཚོ་ཞེས་བྱ་བ་ནི་འདིར་ཇི་ལྟར་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱ་མཚོར་རྩ་རྣམས་ཀྱི་མིང་རྣམས་གསུངས་ཏེ། དེ་བཞིན་དུ་འདིར་འདི་ལྟར་འཇུག་པར་བྱའོ། །གྲུབ་པའི་རྒྱ་མཚོ་ཞེས་བྱ་བ་ནི་ཆུང་ངུར་བཤད་པའི་རྒྱུད་དུ་སྟེ། ཟླ་བ་མོ་ཞེས་བྱ་བ་ལ་སོགས་པ་ནས་དུར་ཁྲོད་མའི་བར་དུ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནི་རྩ་རྣམས་སོ། །འདིར་གསུངས་པ། ཟླ་བ་མོ་དང་དཔྲལ་བའི་གནས་སུ་སྟེ། འོ་མ་ཅན་ནི་རྡོ་རྗེའི་ལམ། །སྣུམ་མ་མཐུན་པ་ལ་དགའ་མ། །དེ་ལ་འཇམ་མ་སྤྱི་བོར་འབབ། །ལྷ་མོ་བཞི་པོ་འདི་རྣམས་ནི། མཆོག་ཏུ་མི་འགྱུར་འདོད་སྦྱིན་མའོ། །འབྱུང་བའི་རྩར་ནི་དེ་བཤད་དེ། །གཞན་རྣམས་འབྱུང་པོ་རྫུ་འཕྲུལ་ཆེ། །མ་ནི་བདེ་བ་ཀུན་རིག་མ། །སྲིང་མོ་བདུད་རྣམས་འཇོམས་པ་མོ། །བུ་མོ་ཡོན་ཏན་ཀུན་དང་ལྡན། །སྲིད་མོའི་བུ་མོ་ཡང་དག་རིག །ནེ་ནེས་ཉོན་མོངས་གཡོ་འབྱེད་དེ། །གཉེན་མོ་གྲོལ་བ་སྦྱིན་པ་མོ། །ཕའི་འདོད་ཆགས་ཆེན་མོ་ནི། །སྟེར་མ་བདེ་བ་མི་ཟད་པའོ། །ཞང་པོའི་ཆུང་མ་ངེས་པར་ནི། །སྐུ་གསུང་བདག་སྐྱེས་ཡང་དག་རིག །པད་ཅན་མ་ནི་རྩ་རྣམས་ཀུན། །རབ་རྒྱས་དགའ་བ་སྟེར་བ་མོ། །དུང་ཅན་ཡོངས་སུ་བསྐུམས་གྱུར་པས། །རྡོ་རྗེའི་ནོར་བུ་མཆོག་ཞལ་མ། །སྣ་ཚོགས་འཁོར་བའི་རི་མོ་ཡི། །བསྐྱེད་པས་གནས་དང་འཇོམས་པ་མོ། །གླང་ཅན་བགེགས་རླག་བྱེད་པ་དང༌། །རྣལ་འབྱོར་རྣམས་ཀྱི་སྲིད་གཅོད་མའོ། །མྱོས་རླབས་མ་ནི་དེ་བཞིན་དུ། །རང་གིས་རིག་པ་ཟ་བ་མོ། །གཟུགས་མ་གཟུགས་དང་ལྡན་པ་སྟེ། །དགའ་བ་སྣ་ཚོགས་བདེ་བདག་སྐྱེས། །སྒྲ་མ་གཞོམ་དུ་མེད་པ་ཡིས། །བདེ་བ་ཀུན་གྱི་གནས་ལ་འཕོ། །དྲི་མ་ཡེ་ཤེས་སྣོམ་པ་སྟེ། །རོ་མ་ཡོན་ཏན་རྣམས་ལ་མྱོང༌། །རེག་མས་ཀུན་དུ་བྱེད་པ་ནི། །བདེ་བ་དེ་ཡིས་རང་བཞིན་འགྲོ། །ཡིད་མ་སྲིད་པ་ཀུན་གྱི་བདག །འོད་གསལ་བ་ཡང་ཡང་དག་རིག །ཆོས་དབྱིངས་མ་ནི་ནམ་མཁའ་ཆེ། །ཚོགས་ཅན་མ་ནི་རྩ་ཐམས་ཅད། །རྙེད་མ་རྣལ་འབྱོར་གྱིས་འགེངས་ཏེ། །ཐམས་ཅད་དེ་བཞིན་ཐེ་ཚོམ་མེད། །ལེ་ལོ་སྲིད་པའི་རྒྱུ་རྣམས་ཀྱིས། །གཞན་གནོན་མྱ་ངན་འདས་པར་འགྲོ། །གཡེང་བ་མོ་ནི་བསམ་
༄། །གཏན་སྤྲོ། །སྒེག་མོ་བྱེད་པར་བརྩོན་པ་མོ། །བཟང་ཞལ་མ་ནི་ཀུན་གནས་སུ། །སྒྱུ་མ་རྨི་ལམ་རབ་འཇུག་མ། །དྲག་མོ་ཡུལ་ལ་སོགས་པ་རྣམས། །ཟ་ཕྱིར་འདིར་ནི་བདག་ཉིད་སྐྱེས། །འཐུང་མ་རྟག་ཏུ་སྙིང་རྗེ་སྟེ། །ཟ་མ་རྣལ་འབྱོར་སྤྱོད་པ་མོ། །འཇིགས་མ་འགྲོ་བ་ཀུན་རྣམས་ཀྱིས། །ཧཱ་ཧཱར་སྒྲོགས་པ་ཡིས་ནི་ཆོས། །སྟོན་པ་སེམས་ཅན་ཐམས་ཅད་ལ། །རྒྱ་ཆེ་བ་ནི་རབ་འཇུག་མ། །དུར་ཁྲོད་མ་ནི་སྟོང་པ་ཉིད། །ཆོས་བདག་མེད་པའི་མཚན་ཉིད་དོ། །དེ་ལྟར་ལྷ་མོ་ཆེན་མོ་ཀུན། །སངས་རྒྱས་གཟུགས་ནི་ཀུན་འགྲོ་མ། །དེ་ཡི་ནང་དུ་གཞན་རྣམས་དང༌། །ཕྲ་བའི་ཕྲ་བ་མཆོག་རིག་ཕྱིར། །ཞེས་སོ། །དེ་ལྟར་ཡང་འདབ་མ་བཅུ་གཉིས་པའི་པདྨའི་ལྟེ་བའི་དབུས་རྣམས་སུ་བསྒོམ་པར་བྱའོ། །རྩའི་འཁོར་ལོའི་བདག་ཉིད་ཅན་སྐུ་གསུང་ཐུགས་དག་པའི་ཕྱིར་འདབ་མ་སོ་སོར་གསུམ་གསུམ་རང་གིས་རིག་པའི་བདེ་བའི་བདག་ཉིད་ཅན་རྣམས་སོ། །བཅོམ་ལྡན་འདས་དགྱེས་པ་ཞེས་བྱ་བ་ནི་དབུས་སུ་རྩ་གཅིག་གི་ནང་དུ་གནས་བའོ། །གསུངས་པ་བདེ་བ་སྟེར་མའོ། །རྟག་ཏུ་བཤད་ཅེས་བྱ་བ་ལ་སོགས་པ་ནས་བཤད་པའོ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །དེ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་སུ་ནི་རྩ་སུམ་ཅུ་རྩ་བདུན་པོ་རྣམས་ཀྱི་ནང་དུ་གང་བདེ་བའི་གཟུགས་དེ་བཅོམ་ལྡན་འདས་ཀྱི་བདེ་བའོ། །དེ་ཅིའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་སྟེ་ཐབས་དང་ཤེས་རབ་ཀྱི་བདེ་བའི་བདག་ཉིད་དུ་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཞེ་ན། སེམས་དཔའ་རྩ་ཐམས་ཅད་རོ་གཅིག་པའི་རང་བཞིན་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཐིག་ལེ་སྟེ། སེམས་དཔའ་ནི་ཐིག་ལེའོ། །དེ་རྣམས་སུ་འཕོ་བའི་སྦྱོར་བས་བར་དུ་གྱུར་པ་ཟག་པ་མེད་པའི་བདེ་བ་དེ་ཞི་བ་མཆོག་ཏུ་དགེ་བ་བྱེད་པ་པོ་དེ་དེ་བཞིན་དུའོ། །དེ་དེ་ལྟར་བདེ་བ་གཟུང་བར་གྱུར་པས། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་སྦྱོར་བ་དང་ལྡན་པའོ། །དངོས་པོ་དེས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བར་འབྲེལ་ལོ། །རྩའི་ཡི་གེས་རྡོ་རྗེ་མཁའ་འགྲོའི་སྐུ་ལ་དམིགས་ནས་རྣལ་འབྱོར་མ་སྣ་ཚོགས་ཀྱི་རང་བཞིན་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་སྟེ་རྩིབས་བཅུ་གཉིས་རྣམས་
༄། །སུ་ཡང་དག་པར་གནས་པའོ། །གནས་དེར་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་སྐྱེ་བ་ནི་མདོག་ཅེས་བྱ་བ་ལ་སོགས་པ་དེ་ཉིད་དང་བདག་གི་ཞེས་བྱ་བ་ནི་ཧེ་རུ་ཀ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་གཟུགས་ཀྱི་རྣམ་པ་དེའི་རང་བཞིན་འབྱུང་བའོ། །དེའི་ཕྱིར་འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཁྱད་པར་དུ་བྱེད་པ་འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོས་སྡུད་པར་བྱེད་པ་རང་ཉིད་ཀྱི་སྐྱོན་བསལ་བ་སྟེ། བཅོམ་ལྡན་འདས་ཐམས་ཅད་སྟོན་པ་པོ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཀུན་བདེ་སྟེར་བ། །ཞེས་བྱ་བ་ནི་རྩ་ཐམས་ཅད་བདེ་བའི་རང་བཞིན་དུ་ཞེས་བྱ་བར་དགོངས་སོ། །གཞན་རྟོགས་པར་སླའོ། །ད་ནི་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་འདིའི་མངོན་སུམ་དང་རྗེས་སུ་དཔག་པའི་དངོས་པོའི་རབ་ཏུ་གནས་པ་དང་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པའི་ཕྱིར། གང་སླར་ཡང་ངེས་པར་གཞག་པ་གསུངས་པ། ཐོག་མ་དང་ཐ་མ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ཞེས་བྱ་བ་ནི་ཞི་བ་འདས་པ་རབ་ཏུ་གྱུར་པའི་ཡེ་ཤེས་སོ། །ཐོག་མ་མེད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་སྤངས་པ་མཆོག་དང་བྲལ་བ་ནི་དང་པོ་དང་ཐ་མའོ། །ཐ་མ་ནི་དོན་དམ་པ་དང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མི་གནས་པ་མཆོག་ཏུ་མྱ་ངན་ལས་འདས་པ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་དངོས་པོ་དང་དངོས་པོ་མེད་པ་ལས་རིང་དུ་སོང་བའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིར་གལ་ཏེ་དེ་སྲིད་དུ་དོན་མེད་པ་ཅན་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་རབ་ཏུ་མི་གནས་པ་དང་རབ་ཏུ་གནས་པ་དང་བྲལ་བ་ཡིན་ན་དེའི་ཚེ་ལུང་ཐམས་ཅད་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་ཡང་ཚད་མར་མི་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་དོ་ཞེས་གཞན་དག་ཐེ་ཚོམ་ཟ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལན་གྱི་ཚིག་གསུངས་པ། གང་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེ་གསུངས་པའོ། །གཞན་དུ་འདུ་ཤེས་ཞེས་བྱ་བ་ནི་གཞན་དུ་ཕྱི་རོལ་གྱི་ནམ་མཁའ་ཡོངས་སུ་བརྟགས་པ་གང་འདྲ་བ་སྟེ། མདོ་སྡེ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱི་དངོས་པོར་རོ། །དེ་འདྲ་བ་ནི་བདག་རིག་
༄། །པ་སྟེ་ཞེས་བྱ་བ་ནི་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་རྡོ་རྗེ་ཕག་མོས་ཡང་དག་པར་རྟོགས་པའོ། །སྣང་བ་མེད་ཀྱང་ཡོངས་སུ་གསལ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བས་སྣང་བ་མེད་པ་དང་དེའི་རྣམ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་གསལ་བར་ཡང་སྟེ་རང་གིས་རིག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་འབྱུང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འདིར་མེད་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་འདིར་བྲལ་བས་སོ། །དེར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གོང་དུ་རྡུལ་ཕྲ་རབ་ཀྱི་ཆ་དྲུག་གིས་དབྱེ་བས་མེད་དོ། །འོན་ཀྱང་ཐ་སྙད་དུ་འཇིག་རྟེན་པ་གཞན་ལ་ཞེས་བྱ་བ་སྟེ་འཇིག་རྟེན་གྱི་ཐ་སྙད་ཙམ་མོ། །མི་བདེན་པའི་བདེན་པ་ཉིད་དེ། དེ་རྣམས་ཀྱི་རྟོག་པ་སྣ་ཚོགས་རྣམས་ལ་གནོད་པར་འགྱུར་ཏེ། དར་གྱི་སྲིན་བུ་བཞིན་ནོ། །དེའི་ཕྱིར་མ་སྐྱེས་པ་མི་འགག་པ་སྒྱུ་མ་དང་སྨིག་རྒྱུ་དང་མཚུངས་པའོ། །དེར་ནི་མངོན་སུམ་གྱིས་ཀྱང་ཡོད་པར་མ་མཐོང་མི་བདེན་པའོ། །དབང་པོ་རྣམས་ལ་རང་བཞིན་ནི། །མཐོང་ཡང་མེད་པར་བལྟ་བར་བྱོས། །རང་བཞིན་གྱིས་ནི་དབང་པོ་མེད། །དེ་རུ་གཟུགས་ནི་ཇི་བཞིན་མཐོང༌། །ཡིད་ཀྱིས་དམིགས་པའི་གཟུགས་ཀྱང་ནི། །ཡིད་ནི་ནམ་མཁའི་མཚན་ཉིད་དོ། །ཐམས་ཅད་རྒྱུ་རྐྱེན་ཚོགས་ལས་སྐྱེས། །སཱ་ལུ་ལ་སོགས་མྱུ་གུ་བཞིན། །བེམས་པོའི་དངོས་པོ་ཐམས་ཅད་དུ། །རྣམ་པར་འཕྲོ་པར་མི་འདོད་དོ། །དབང་པོ་གཅིག་སོགས་ཐམས་ཅད་ནི། །ཁུ་བ་དང་ནི་ཁྲག་ལས་བྱུང༌། །ལུས་ཀྱིས་སུ་ནི་མི་འདོད་དེ། །སྐད་ཅིག་བས་ན་སྐྱེ་བར་བྱེད། །ཅེས་སོ། །དཔེ་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ནམ་མཁའ་དྲི་མ་མེད་པ་ལས་མེ་སྐྱེས་པ་སྟེ། དེ་བཞིན་འདིར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ནམ་མཁའ་ལས་བྱུང་བའི་ཡེ་ཤེས་ཀྱི་མེའི་རང་བཞིན་སངས་རྒྱས་ཀྱི་གཟུགས་རང་གི་བག་ཆགས་ཀྱི་སྐྱོན་དང་བྲལ་བས་སེམས་ཅན་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རོ་བྲོ་བ་ནི་གཅིག་དང་དངོས་ལ་ཞེས་བྱ་བ་ནི། སྐྱུ་རུ་ར་ལ་སོགས་པའི་རྫས་གཅིག་ལ་རོ་བྲོ་བར་
༄། །འགྱུར་ཏེ། དེའི་ནང་ན་དངོས་པོ་མང་པོ་ཞེས་བྱ་བ་ནི་དེ་བཞིན་དུ་ཡང་འཆོས་པ་དང་མྱངས་པ་དང་ལྕེས་རོ་དེ་བཞིན་དུ་གཟུང་བ་དང་བལྡད་པ་དང་མིད་པ་རྣམས་ཀྱིས་ལན་ཚྭ་དང་ཁ་བ་དང་བསྐ་བ་དང་ཚྭ་བ་དང་མངར་བའི་རིམ་པ་ཇི་ལྟར་གོ་བར་བྱའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱང་ལྷའི་མིག་དང་ལྷའི་རྣ་བ་དང་ལྷའི་སྣ་དང་ལྷའི་རོ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཟག་པ་ཟད་པ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་ནང་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་གཅིག་དང་དུ་མའི་རང་བཞིན་ཞེས་བྱ་བ་ནི། གཟུགས་སངས་རྒྱས་ཀྱི་ཉམས་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་ཉམས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཉམས་སོ། །ཉམས་ཐམས་ཅད་ཀྱི་ཁྱབ་བདག་ཅེས་བྱ་བ་ནི་སྣ་ཚོགས་པའི་དངོས་པོ་རྣམས་ལ་ཡེ་ཤེས་ཀྱི་རོའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཁྱབ་བདག་ནི་སྣ་ཚོགས་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་རྣམས་ཀྱིས་ཆོས་བསྒྲུབས་པས་སོ་ཞེས་བྱ་བའོ། །ད་ནི་སེམས་ཅན་རྣམས་ཀྱི་སྔོན་དུ་བཤད་པའི་བཅོམ་ལྡན་འདས་ཀྱི་རང་བཞིན་དེ་རྣམས་ཇི་ལྟར་ལས་ཀྱི་རྗེས་སུ་འབྲངས་པས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་ཕོ་ཉ་རྣམས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཉིས་རྣམས་ཀྱིས་ངེས་པར་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་སྟེ། ཕོ་ཉ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་སུམ་ཅུ་རྩ་བདུན་ནི་ཕོ་ཉའོ། །དེས་བདག་པོ་བྱས་ནས་ཤེས་བྱའི་རྣམ་པའི་གཟུགས་ཀྱི་རང་བཞིན་ཅན་མངོན་དུ་བཤད་པའི་རྩའི་འཁོར་ལོའོ། །ས་གསུམ་ཞེས་བྱ་བ་ནི་ཁམས་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་མཚན་ཉིད་དེ་གནས་པའོ། །ཟ་ཞེས་བྱ་བ་ནི་རང་གི་དུས་ལས་བྱུང་བའི་རྣལ་འབྱོར་མ་རྣམས་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་རྣམས་ཟ་བ་སྟེ། རང་གིས་རིག་པའི་བདེ་བ་ཐམས་ཅད་ལ་ཁྱབ་པའོ། །དེས་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་མཚན་ཉིད་རྣམས་ཀྱིས་མཚན་མ་མེད་པ་དང་བཏང་སྙོམས་ཀྱིས་བཟའ་བར་བྱའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་
༄། །པ་སྟེ། ལྷ་གཞན་མིན་ཞེས་བྱ་བ་ནི་གང་གི་ཚེ་ཐབས་དང་ཤེས་རབ་སྙིང་རྗེ་ཆེན་པོའི་བདག་པོའོ། །དེ་བཞིན་དུ་ཡང་ས་གསུམ་གྱི་སྒྲས་འདོད་ཆགས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་དང་བྲལ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་འདི་རྣམས་ལ་ཐ་དད་པ་ཉིད་མེད་དོ། །ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། དབུ་མའི་ཡི་གེ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །དགའ་བ་གསུམ་པོ་འདི་རྣམས་ཀྱི་ངེས་པའི་ཚིག་གསུངས་པ། གཟུང་ཞེས་བྱ་བ་ལ་སོགས་པ་སྟེ་གཟུང་བྱ་མིན་པ་ནི་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་འདོད་ཆགས་མིན། །ཞེས་བྱ་བ་སྟེ། དངོས་པོ་རྣམས་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་མཚན་ཉིད་ཀྱི་རང་བཞིན་གྱི་འདོད་ཆགས་ཀྱིས་དེར་འཁྲུལ་པ་སྟེ་ལྷན་ཅིག་སྐྱེས་པའི་ཆོས་ཀྱིས་དམིགས་པར་བྱེད་པར་མི་འགྱུར་ཏེ་བར་དུ་གཅིག་ཏུ་ནི་མཆོག་ཏུ་དགའ་བ་དང་འདོད་ཆགས་ཙམ་དུ་གནས་པ་མ་ཡིན་པར་མི་འགྱུར་རོ། །བྲལ་བའི་དགའ་བ་ལ་ཡང་ཆགས་པར་མི་བྱའོ། །དེའི་དོན་དུ་བྲལ་བའི་དགའ་བ་ཉམས་པ་སྟེ། དེ་ལ་ཡང་དགའ་བར་མི་བྱའོ་ཞེས་བྱ་བ་སྟེ། བྲལ་བའི་དགའ་བ་བསགས་པའི་ཡེ་ཤེས་དེ་ཉིད་ལ་དམིགས་པར་མི་བྱའོ། །དེ་གཉིས་དབུས་ན་གནས་པ་ཡི། །ཆོས་དེ་ཡང་དག་པར་དམིགས་མེད། །ཅེས་བྱ་བ་སྟེ་དབུས་སུ་གནས་པའི་མཆོག་དང་བྲལ་བ་གཉིས་ཀྱི་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་ཆོས་གང་འདིར་རྣམ་པར་བརྟགས་ན་རྒྱུ་རྐྱེན་གྱི་དབང་གིས་སྐྱེ་བ་སྟེ། དེ་ཉིད་ལ་ཉེ་བར་དམིགས་པ་མེད་ཅེས་བྱའོ། །བསྒྲུབ་པར་བྱ་བ་ཅི་ཞེ་ན། །དཔེ་བྱར་མེད་པ་ཡི་ནི་ཆོས། །རྡོ་རྗེ་ལ་ནི་དགའ་བར་གྱིས། །ཞེས་བྱ་བ་སྟེ། མི་ཕྱེད་པའི་རྡོ་རྗེའི་ཡེ་ཤེས་དབྱེ་བ་མེད་པའི་ཆོས་ཀྱི་ཡེ་ཤེས་ཚད་མེད་པ་དཔེ་དང་བྲལ་བའི་དོན་ཅན་ལ་དགའ་བར་གྱིས་ཞེས་བྱ་བར་དགོངས་སོ། །དེ་ལྟར་ལྷའི་རྣམ་པའི་རྣལ་འབྱོར་བདག་ཅེས་བྱ་བ་ནི་སྦྱོར་བ་འདི་ཡིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་སྟེ། འཕྲལ་དུ་ཡིད་ཆེས་བྱེད་པ་ཅན། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་འབྲས་བུ་སྟེར་བ་པོ་རང་གི་འདོད་པའི་ལྷ་བསྒོམ་
༄། །པ་ཙམ་གྱིས་ཞེས་བྱ་བའོ། །དེའི་མི་མཐུན་པའི་ཕྱོགས་བྱིས་པའི་སྐྱེ་བོ་ལ་བརྟེན་པ་གཞན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་གསུངས་པ། ལུགས་མ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་ལྟར་སྔོན་དུ་བཤད་པའི་རྣལ་འབྱོར་སྤངས་ནས་ལུགས་མ་དེ་བཟླས་པ། རི་མོ་ལ་སོགས་པའི་སྦྱོར་བ་ལ་བརྟེན་པའོ། །དེས་རྣམ་པར་བྱས་པའི་དབྱིབས་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་སྐྱེས་བུའི་རྣམ་པར་འགྲོ་བའོ། །ཐར་པ་ལ་གནས་པར་མི་འགྱུར་རོ། །འདི་ཡང༌། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་མི་རིག་སྟེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་སོ། །འོན་ཀྱང་སྔོན་དུ་བཤད་པའི་རྣལ་འབྱོར་གྱིས་ཁྱད་པར་དུ་བྱེད་པ་སྟོང་པ་ཉིད་དང་པོར་དུ་བ་ལ་སོགས་པའི་རྟགས་བཅུས་ཨ་ཝ་དྷཱུ་ཏཱིའི་ནང་དུ་སོན་པ་རབ་ཏུ་བསྒྲུབས་པ་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ཀྱང་མཚོན་པར་བྱའོ་ཞེས་བྱ་བའོ། །དེ་ཡང༌། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེས་སྒོམ་པ་པོ་གནས་པ་པོ་ལ་སོགས་པ་དེས་རང་གི་གཟུགས་མཐོང་བའོ། །རང་བྱིན་བརླབ་པའི་མཚན་ཉིད་དོ། །ཞེས་བྱ་བ་ནི་ཁ་དོག་སྣ་ཚོགས་ཀྱི་རང་བཞིན་རྣམས་སུ་མཐོང་བའོ། །དེ་ལྟར་ལུགས་མ་ལ་སོགས་པ་ལ་རང་བཞིན་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྟེ། རང་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །རང་བྱིན་བརླབ་ཅེས་བྱ་བ་ལ་སོགས་པས་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྒྱུ་མ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཐོག་མར་དཔེ་བཅུ་གཉིས་རྣམས་ཀྱིས་ཉེ་བར་མཚོན་པར་བྱའོ་ཞེས་བྱ་བ་སྟེ། དེ་ལ་སྒྱུ་མ་དང་སྨིག་རྒྱུ་དང་མེ་ལོང་གི་གཟུགས་བརྙན་དང༌། བརྒྱ་བྱིན་གྱི་གཞུ་དང་སྤྲིན་དང་དྲི་ཟའི་གྲོང་ཁྱེར་དང༌། ཆུའི་ཟླ་བ་དང༌། ཆུའི་ཆུ་བུར་དང༌། གསལ་སྣང་དང་དབང་པོའི་དྲ་བ་དང་རྨི་ལམ་དང་བྲག་ཅའོ། །དེ་ལྟར་སྒྱུ་མ་ལ་སོགས་ཀུན། །རྣལ་འབྱོར་རྣམས་ཀྱི་རང་མཚན་ཉིད། །ཕུང་པོ་སྒྱུ་མའི་རང་བཞིན་ཏེ། །རྣམ་ཤེས་བརྒྱད་ནི་སྨིག་རྒྱུའོ། །མེ་ལོང་གི་ནི་གཟུགས་བརྙན་ཀྱང༌། །དབང་པོ་རྣམས་ཀྱི་རང་བཞིན་ནོ། །ཡུལ་རྣམས་བརྒྱ་
༄། །བྱིན་གྱི་ནི་གཞུ། །སྐྱེ་མཆེད་སྤྲིན་གྱི་གྲིབ་མའོ། །ཁམས་ནི་དྲི་ཟའི་གྲོང་ཁྱེར་ཏེ། །ལས་ཀྱི་དབང་པོ་ཟླ་བ་གང༌། །ཆུ་བུར་ལས་ཀྱི་བྱ་བ་སྟེ། །དངོས་པོ་རྣམས་ནི་གསལ་སྣང་བཞིན། །དབང་པོའི་དྲ་བ་འཁོར་བ་སྟེ། །རྨི་ལམ་དང་མཉམ་བལྟ་བར་གྱིས། །འདོད་ཆགས་ལ་སོགས་བྲག་ཅར་ནི། །བསྒོམ་པར་བྱ་ཞིང་བཟློག་པར་གྱིས། །དེ་ཕྱིར་འདི་རྣམས་སྒྱུ་མ་ཆེ། །རང་བཞིན་མཐའ་ཡི་རྒྱལ་བའོ། །ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་བླ་ན་མེད་པ་འཐོབ་ཅེས་བྱ་བ་སྟེ། བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཆེན་པོ་སྟེ། སྒྱུ་མའི་རྒྱལ་བ་རྣམས་དང་དབྱེར་མེད་པ་ཉིད་ཀྱིས་འོད་གསལ་བ་རང་བཞིན་གྱིས་འབྱུང་ཞེས་པའོ། །སྐྱེ་བ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཀྱང༌། རྨི་ལམ་དང་ནི་མཉམ་པར་མཐོང༌། །ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་ཀྱང་རྨི་ལམ་བཞིན་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པའོ། །དེ་ལ་འདི་འདྲ་བའི་ཡེ་ཤེས་བྱང་ཆུབ་ཆེན་པོའི་རང་བཞིན་ནོ། །ཅི་བྱས་པས་འགྲོ་བ་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་དེ་དེ་ལྟར་གཉིས་པོ་བདུན་ཅུ་རྩ་གཉིས་སུ་འགྲོའོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཕྱིར་རོ། །ཡང་ན་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་དུ་སྟེ། ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་སུ་བདག་པོ་ཅན་དཀྱིལ་འཁོར་རེ་རེའི་ཡང་རྣལ་འབྱོར་མ་རེ་རེ་གཙོ་བོ་བཅུ་གཉིས་རྣམས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་གཙོ་བོ་ཡིས་སོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་འཁོར་ལོའི་རྩིབས་སུམ་ཅུ་རྩ་དྲུག་པའི་དཀྱིལ་འཁོར་སོ་སོའི་དབུས་ཀྱི་ས་གཞི་རྣམས་སུ་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་དབྱངས་ཐུང་ངུ་རྣམས་ཀྱང་སུམ་ཅུ་རྩ་དྲུག་རྣམས་ཏེ། ཨ་ཨི་རྀ་ཨུ་ལྀ་ཨཾ། ཨཻ་ཨཽ་ཡ་ར་ལ་ཝ་ཨེ་ཨོ། ཧ་ཤ་ཥཿས་ཧཾ། ཨཀ །ཨ་ཙ། རྀཏ། ཨུབ། ལྀ་ལ། ཨཾཀྵ། ཡ་ཡ། ར་ར། བ་བ། ལ་ལ། ཨེ་ཨཻ། ཨོ་ཨཽ། ཧ་ཀ །ཤ་ཙ། ཥཊ། པ་པ། ས་ལི། ཨོཾ་ཀྵ། ཞེས་བྱ་བ་སྟེ་དེ་བཞིན་དུ་རྣལ་འབྱོར་མ་རྣམས་དང༌། དཔའ་བོ་དེ་རྣམས་དང་སྙོམས་པར་ཞུགས་པའི་སྦྱོར་བ་རྣམས་གསལ་བྱེད་
༄། །སུམ་ཅུ་རྩ་དྲུག་སྟེ། དེ་ནི་ཀ་ཁ་ག་གྷ་ད་ཀ །ཙ་ཚ་ཛ་ཛྙ་ཉ་ཙཾ། ཊ་ཋ་ཌ་ཌྷཎ་ཊཾ། པ་ཕ་བ་བྷ་མ་པཾ། ཏ་ཐ་ད་དྷ་ན་ཏཾ། ཨ་ཧ། ཨཤ་།ཨཥ། ཨཧ། ཨས། ཨཀྵ། ཞེས་བྱ་བ་ནི་རྒྱུད་དག་ཏུ་སྟེ་དེ་ཕྱིར་འཇིག་རྟེན་བདག་ཅེས་བྱ་བ་ནི། འདི་རྣམས་ལ་དབྱངས་དང་གསལ་བྱེད་ཀྱི་རྒྱུད་དག་གིས་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་སྤྲོ་བ་དང་བསྡུ་བའི་བྱེད་པ་རྣམས་ནི་སངས་རྒྱས་ཀྱི་འཇིག་རྟེན་དུ་འབྱུང་བའོ། །དེའི་ཕྱིར་འཇིག་རྟེན་རྣམས་ཀྱི་སངས་རྒྱས་མི་འབྱུང་བས་འཇིག་རྟེན་པའི་རྒྱུད་དོ་ཞེས་བྱ་བར་དགོངས་སོ། །སྔགས་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ནི་དེ་བཞིན་དུ་སྐུ་སྟེ་ལྷ་དང་ལྷ་མོ་གང་རྣམས་ཀྱི་སྐུའོ། །དེའི་ཕྱིར་རང་ཉིད་མངོན་སུམ་ཞེས་བྱ་བ་སྟེ། ཐུང་ངུ་དང་རིང་པོའི་དབྱེ་བས་དབྱངས་དང་གསལ་བྱེད་རྣམས་སུ་གནས་སོ། །རང་ཉིད་ནི་རང་བྱུང་བའོ། །མངོན་སུམ་དུ་ནི་རྣམ་པ་དང་བཅས་པའོ། །དེ་ཡང་འཁོར་ལོ་གསུམ་རྣམས་སུ་མངོན་པར་ཉིས་འགྱུར་ཞེས་བྱ་བ་ནི་འཁོར་ལོ་སྡོམ་པ་གསུམ་དུ་སྔོན་དུ་བཤད་པའི་དབྱངས་དང་གསལ་བྱེད་རྣམས་ཏེ། །དེ་ཉིད་འཁོར་ལོ་གཅིག་གོ །དེའི་ཕྱིར་དེ་བཞིན་དུ་བཤད་པའི་ཉིས་འགྱུར་དུ་བྱའོ། །གཉིས་པ་ཉིས་འགྱུར་ཞེས་བྱ་བ་ནི་འཁོར་ལོ་དྲུག་གོ །དེ་ཡང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་སྔོན་དུ་བཤད་པའི་འཁོར་ལོ་གསུམ་གྱི་བདག་ཉིད་དོ། །བཤད་ཅེས་བྱ་བ་ནི་བརྗོད་པ་སྟེ་འཁོར་ལོ་གསུམ་མོ། །ཙའི་ཡི་གེས་ནི་འཁོར་ལོ་དགུའི་བདག་ཉིད་ཀྱི་འཁོར་ལོ་ཡང་ངོ༌། །དེའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་སོ་སོའི་འཁོར་ལོ་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་དེ་ཉིས་འགྱུར་ཞེས་བྱ་བར་དགོངས་སོ། །དེ་ཇི་ལྟར་མི་མཐུན་ཞེ་ན། བཤད་པ་སྔར་བཤད་པའི་འཁོར་ལོ་གསུམ་དང་དྲུག་དང་དགུ་རྣམས་རྩིབས་བརྒྱད་པ་རྣམས་སོ། །འོན་ཀྱང་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་རྩིབས་སུམ་ཅུ་སོ་དྲུག་དང་མི་མཐུན་ཞེས་བྱ་བའོ། །དེ་ལྟར་གསུམ་དང་དྲུག་དང་དགུ་དང་བཅུ་གཉིས་ཀྱི་འཁོར་ལོ་རྣམས་རིམ་པ་ཇི་ལྟ་བས་དོན་དམ་པའི་དབྱེ་བས་སྐུ་བཞི་རྣམས་ཏེ་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་སུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྟེ།
༄། །ལུས་ལ་སོགས་པའི་ཁམས་གསུམ་ནི་འཇིག་རྟེན་གསུམ་སྟེ། གང་གི་ཕྱིར་འདིར་གནས་ཆེན་པོ་སྟེ། གནས་དེ་རྣམས་ནི་དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཞེས་བྱ་བའོ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན་སྐུ་བཞི་རྣམས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གནས་པའོ།། ལྷག་མའི་དབྱངས་དང་གསལ་བྱེད་རྣམས་ནི་ལེའུ་བཅོ་ལྔ་པར་འཆད་པར་འགྱུར་བས་བཤད་པར་བྱ་སྟེ། ལྷན་སྐྱེས་ཆེན་པོ་དང་ཆོས་ཆེན་པོ་དང་ལོངས་སྤྱོད་རྫོགས་པ་ཆེན་པོ་དང༌། སྤྲུལ་པ་ཆེན་པོ་ཞེས་བྱ་བར་དགོངས་སོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ཕག་མོ་བདག་ཉིད་ཀྱི་སྐྱོན་སྤང་ངོ༌། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་དཔའ་བོ་ཆེན་པོའི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་སྟེ། དཔའ་བོ་ཆེན་པོ་ནི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ལ་སོགས་པ་དེ་རྣམས་ལ་དབང་ཕྱུག་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་མཆོག་ཏུ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའིའོ། །དེ་བཞིན་གཤེགས་པ་དཔའ་བོ་རྣམས་ཏེ་གཤེགས་པའི་སྒྲ་ནི་ཡེ་ཤེས་ཀྱི་དོན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཏེ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཁམས་སྣ་ཚོགས་པའི་ནང་དུ་སོན་པ་བརྟན་པ་དང་འགྲོ་བ་ལ་སོགས་པ་རང་རང་གི་སྐུ་སོ་སོར་སྣང་བར་གྱུར་པ་དབང་པོ་ལ་སོགས་པ་དང་བྲལ་བ་གསུངས་པའི་ཆོས་མཚོན་པར་བྱེད་པ་ཡེ་ཤེས་དང་ཤེས་བྱ་འདྲེས་པའི་བདག་ཉིད་ཅན་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེའི་རོལ་པས་རྣམ་པར་འཛིན་པ་པོའི་རང་བཞིན་གྱི་བདེ་བ་ལས་རང་གི་ངོ་བོ་ཉིད་མཛེས་པ་བསྐྱེད་པའོ། །མཆོག་ནི་གཙོ་བོ་བདེ་བའོ། །རྡོ་རྗེ་ནི་མི་ཕྱེད་པའོ། །ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་རྣམ་པར་སྤངས་པ། ཐམས་ཅད་གཅིག་ཏུ་གྱུར་པས་སེམས་དཔའོ། །དེའི་ཕྱིར་དཔའ་བོ་ཐམས་ཅད་ལས་ཀྱི་ཚོགས་ཀྱི་རང་བཞིན་དུ་གནས་ཏེ་ཡེ་ཤེས་ཀྱི་རྣམ་པར་རོ། །དེ་རྣམས་ཀྱི་མཉམ་པར་སྦྱོར་བ་ནི་སྣ་ཚོགས་པའི་ཉི་མ་དང་འཕོ་བ་དང་སྔགས་བཟླས་པ་རྣམས་ཀྱིས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བས་གསུངས་སོ་ཞེས་བྱ་བར་འབྲེལ་ལོ། །ད་ནི་ཀླུའི་སྔགས་ཀྱི་སྒོ་ནས་འཆད་པར་
༄། །འགྱུར་བའི་གཏོར་མ་དང་འཁོར་ལོ་མཆོད་པ་དག་གི་དེ་ཁོ་ན་ཉིད་སྟོན་པ་གསུངས་པ། ཆོས་དང་ཆོས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་མིན་གང་དུ་ནུབ། །ཅེས་བྱ་བ་ནི་གནས་གང་དུ་ནུབ་པར་གྱུར་པའི་རང་བཞིན་གྱིས་འོད་གསལ་བའི་ནང་དུ་གྱུར་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཀྱང་རྣམ་པར་དག་པའོ། །བྱང་ཆུབ་དེར་ནི་ཡིད་གཟུང་གྱིས། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་གནས་སུ་ཉིད་ཀྱིས་ལྷ་དང་ལྷ་མ་ཡིན་ལ་སོགས་པ་འཆད་པར་འགྱུར་བ་རྣམས་ཀྱི་བོད་པའོ། །བྱང་ཆུབ་ཡིད་ཅེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་ཆིངས་ཤིག་པ་ནི་མངོན་སུམ་དུ་རྟོགས་པར་གྱིས་ཤིག་པའོ། །གྲུབ་པ་ལྷ་དང་ལྷ་མ་ཡིན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་གང་ཟག་གཅིག་འབའ་ཞིག་གིས་མ་ཡིན་ཏེ་རྣམ་པར་རྟོག་པ་མེད་པའོ། །གཞན་ཡང་གྲུབ་པ་དང་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པ་གང་རྣམས་ཀྱི་མངོན་སུམ་དུ་རང་གིས་དེ་བཞིན་དུ་ཟ་བ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་རིང་དུ་བྱེད་པར་འགྱུར་བའོ། །འགྲོ་བ་དང་ནི་འོང་བ་འཆད། །ཅེས་བྱ་བ་ནི་དེ་རྣམས་ཀྱི་རྣམ་པར་རྟོག་པ་མེད་པ་ལ་སོགས་པ་ཏིང་ངེ་འཛིན་གྱིས་འཁོར་བའི་རྒྱུན་རྣམས་འོང་བ་དང་འགྲོ་བ་དང་རྣམ་པར་ཤེས་པ་ཡང་འཆད་པར་འགྱུར་བའོ། །སྤྱོད་ལམ་ལ་སོགས་པའི་ཆོས་ཐམས་ཅད་ལེན་པས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་ཚུལ་རྣམས་དང་ཐ་མལ་པའི་བདག་ཉིད་ཅན་རྣམས་ཀྱི་ཡང་འཁོར་ལོ་མཆོད་པ་དང་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དང་གཏོར་མའི་ལས་ཀྱིས་ཀྱང་དེ་བཞིན་དུ་འདག་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོའོ། །འདིར་བཤད་པ། ཆོས་ནི་འོད་གསལ་བྱང་ཆུབ་སྟེ། །ཆོས་མིན་རྟོག་པའི་བག་ཆགས་སོ། །རྣམ་པར་རྟོག་པ་ནུབ་པ་ན། །བྱང་ཆུབ་ཅེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་བྲལ་བ་བྱང་ཆུབ་སྟེ། །སངས་རྒྱས་ཕན་དགོངས་མཛད་རྣམས་ཀྱིའོ། །མི་རྣམས་ཀྱིས་ནི་གཟུང་བྱ་བ། །གཏོར་མ་མཆོད་སོགས་དེའི་བདག་ཉིད། །གྲུབ་པ་ལྷ་དང་ལྷ་མིན་སོགས། །རང་བཞིན་སྐད་ཅིག་གིས་བཟའ་བྱ། །རང་གིས་རང་
༄། །བཞིན་འཛིན་པ་ན། །འགྲོ་དང་འོང་བ་རྣམ་པར་སྤངས། །ཞེས་བྱ་བའོ། །ང་ནི་གཞན་ཡང་སྔོན་དུ་གསུངས་པའི་ཚིགས་སུ་བཅད་པ་འདིའི་རིགས་པས་རྣམ་པར་དག་པས་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་དབང་བསྐུར་བ་དང་སྦྱིན་སྲེག་གི་ཐབས་དང་སློབ་དཔོན་གྱི་ཡོན་ལ་སོགས་པ་དང་རབ་གནས་ཀྱི་རྣམ་པར་དག་པ་ཡང་བཤད་དེ། དེར་ཡང་དབང་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པ་གསུངས་པ། དབང་པོ་ནི་དཀྱིལ་འཁོར་རོ། །དེའི་ཐིག་གདབ་པ་ནི་རྣམ་པར་དཔྱད་པའོ། །ཡུལ་ནི་དབང་བསྐུར་ཏེ་སྣ་ཚོགས་པའི་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་མིག་ལ་སོགས་པའོ། །ཁམས་ནི་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་ལ་སོགས་པ་གཏུམ་མོའི་དཀྱིལ་འཁོར་གྱི་དབུས་སུ་བསྲེག་པར་བྱ་བ་སྟེ་སྦྱིན་སྲེག་གི་ཐབ་བོ། །སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སློབ་དཔོན་གྱི་རང་བཞིན་ཉིད་པས་སོ། །སློབ་དཔོན་གྱི་ཡོན་ནི་སེམས་ཅན་རྣམས་ཡང་དག་པའི་བྱང་ཆུབ་ཀྱི་ལམ་རྣམས་སུ་རབ་ཏུ་འཇུག་པའོ། །ནིའི་ཡི་གེས་རབ་གནས་ཀྱི་རྣམ་པར་དག་པ་སྟེ་རང་གི་རིག་པའི་ཡེ་ཤེས་དང་འོད་གསལ་བའི་རྣམ་པའོ། །དེ་ལྟར་རང་བཞིན་གྱི་ཡེ་ཤེས་སྐྱེ་བ་དང་ནི་འགག་པ་སྟེ་ཞེས་བྱ་བ་ནི་སྒྱུ་མའི་རྣམ་པའི་མཚན་ཉིད་ཀྱིས་སོ། །དེ་དང་བྲལ་བ་གང་ཡིན་པ་ནི་འཆིང་བ་སྟེ། དེ་ཉིད་དེ་བཞིན་དུ་གསུངས་པ། །རྨོངས་པ་རྣམས་ཏེ་འཁོར་བ་ལ་ཀུན་དུ་རྨོངས་པའོ། །དེས་མཁས་པ་སྟེ་སྐྱེ་བོ་གཞན་རྨོངས་པ་ངེས་པར་སྒྲོལ་བ་ཞེས་བྱ་བར་དགོངས་སོ། །བཟོ་སོགས་རང་གི་རིགས་རྣམས་ཀྱིས། །དངོས་པོ་ཀུན་ལ་མཁས་པ་དང༌། །ཡི་གེ་གཅིག་གིས་མཁས་པ་ནི། །ཀུན་མཁྱེན་ཐམས་ཅད་རིག་པ་མཆོག །ཅེས་སོ། །ད་ནི་དགྲོལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་རྣམས་ཀྱིས་མཆོད་པ་བཞི་ལ་སོགས་པ་སྟོན་པ་སྟེ། འོན་ཀྱང་སྤྱི་བསྡུས་པས་དབང་པོ་ཞེས་བྱ་བ་ལ་སོགས་པ་ནས་གནས་པའོ་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་ཡུལ་ལ་སོགས་པ་གཟུང་བ་དང་འཛིན་པ་ཉིད་ཀྱིས་རྣམ་པར་རྟོག་པ་འཇོམས་པར་གསུངས་པ། ཡོངས་སུ་ཤེས་པས་འགྲོལ་བའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འཁྲུལ་པས་
༄། །དྲི་ཟའི་གྲོང་ཁྱེར་ལྟ་བུར་ཡོངས་སུ་མ་ཤེས་པས་འཆིང་བའོ། །སྐྱེ་བ་དང་འགག་པ་རྣམ་པར་དཔྱད་པས་དངོས་པོ་མེད་པའི་ཕྱིར་དེ་རྣམས་ཀྱིས་ཡོངས་སུ་ཤེས་པ་དང་ལྷན་ཅིག་རྣམ་པར་དབྱང་པས་མ་འཁྲུལ་པས་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཡང་འཆད་པར་འགྱུར་བའི་མཆོད་པ་བཞི་ལ་སོགས་པ་དེ་ཁོ་ན་ཉིད་རྣམས་ཀྱིས་དགྲོལ་བ་སྟེ། རྨོངས་པས་ཡོངས་སུ་ཤེས་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་ཅེས་བྱ་བ་ནི་སྣ་ཚོགས་པ་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མེད་པ་སྟེ་སྣ་ཚོགས་གཅིག་གི་རྣམ་པ་ཉིད་པས་དངོས་སུ་མཆོད་པའི་ཁམས་གསུམ་གནས་པའོ། །ལུས་ལ་སོགས་པའི་ཁམས་སུ་གནས་པར་བཤད་པས་འོད་གསལ་བའི་སེམས་དེ་སྟོན་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་ཆོས་ཐམས་ཅད་ཡོངས་སུ་ཤེས་པའོ། །དེས་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། སྣ་ཚོགས་འོད་གསལ་བ་ནི་མ། །དངོས་པོ་ཀུན་གྱི་ཕ་ཡིས་ནི། །སྐྱེད་པར་བྱེད་ཅིང་དེ་བཞིན་དུ། །སྲུན་ཏེ་ཀུན་རྫོབ་ཏུ་ནི་སོན། །འོད་གསལ་དང་བྲལ་བྱང་ཆུབ་ནི། །བདག་བྱིན་བརླབ་པ་མི་མཐོང་ངོ༌། །དེ་ཡིས་བྱང་ཆུབ་ངེས་ཤེས་པས། །བསྟན་བྱ་སྟོན་པ་དབྱེར་མེད་དེ། །ཀུན་རྫོབ་དང་ནི་དོན་དམ་པ། །གཙོ་བོ་དང་ནི་དཀྱིལ་འཁོར་པ། །རྣམ་པ་གཅིག་ཏུ་རིག་གང་གིས། །དེ་ནི་བསྲུང་བ་ཀུན་དུ་སོན། །ཞེས་སོ། །ད་ནི་འདི་རྣམས་ཀྱི་སྲུང་བ་དྲུག་རྣམས་ཀྱི་གོ་ཆ་ལ་སོགས་པའི་ལེའུ་རྣམས་ཀྱི་བདག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་རྣམས་ཀྱིས་མདོར་བསྟན་པ་གསུངས་པ། བདག་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་དཔལ་ཡེ་ཤེས་ཀྱི་རྒྱ་མཚོའོ། །ཁྱོད་དང་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་དགའ་བ་ལས་བྲལ་བའི་ཐོག་མ་སྟེ། དེ་གཉིས་སུ་མེད་པ་དག་ལས་བྱུང་བའོ། །ཚོགས་ཀྱི་གཙོ་བོ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བཅོམ་ལྡན་འདས་སོ། །མ་བྱུང་བ་ནི་འཁྲུལ་པའི་ཡེ་ཤེས་ཀྱི་རྣམ་པར་མ་སྐྱེས་པ་སྟེ་དབང་པོ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་སོ། །འོ་ན་ཉན་ཐོས་ལ་སོགས་པའི་ཚུལ་སྣ་ཚོགས་པའི་ཆོས་བཅོམ་ལྡན་འདས་
༄། །ཀྱིས་བསྟན། དེ་ཇི་ལྟར་མ་བྱུང་བ་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན། དེ་ཇི་ལྟར་དེ་ཡང་འཁྲུལ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དབང་པོ་དང་བྲལ་བས་བསྟན་པར་བྱ་བའི་དངོས་པོ་མེད་པ་ཉིད་ལ་སྟོན་པ་པོ་དང་བྲལ་ན་ཐམས་ཅད་དོན་མེད་པར་འགྱུར་རོ། །དེའི་ཕྱིར་དེའི་དབང་དུ་བྱས་ནས་བཤད་པ། གང་སྨྲས་པ་དེ་བདེན་ཏེ། འོན་ཀྱང་བྱིས་པའི་རང་བཞིན་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་པ་མེད་དོ། །ཅིའི་ཕྱིར་མེད། སྨྲས་པ། མ་འཁྲུལ་བ་ནི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ཇི་ལྟར་མེ་ལོང་ལ་རླངས་ཀྱིས་ཁྱབ་པ་དྲི་མ་མེད་པར་སོང་བ་བཞིན་ཤིན་ཏུ་རྣམ་པར་དག་པ་རྣམ་པར་རྟོག་པ་ཐམས་ཅད་དུ་ནུབ་པར་གྱུར་པའི་སེམས་བདེ་བ་ལ་སོགས་པའི་གནས་སྐབས་དང་བྲལ་བ་དེ་འཛིན་པ་ལ་རྣམ་པར་ཤེས་པ་བརྒྱད་ལ་སོགས་པ་ལེན་པ་ལས་སེམས་ཅན་གྱི་ཚོགས་ཀྱང་མི་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་བདག་ཉིད་ཅན་དང་སེམས་ཅན་ལྷག་མ་རྣམས་འདྲེན་པར་འདོད་པ་ཉིད་ཀྱི་བྱང་ཆུབ་ཀྱི་ལམ་འཐོབ་པར་བྱ་བའི་ཕྱིར་སྒྱུ་མའི་རང་བཞིན་དུ་སྟོན་པ་སྟེ་སྨོས་ཅི་དགོས། དེའི་ཆོས་གསུངས་པ། སྤྱོད་ལམ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་ལམ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །དེ་ལ་བསླབ་པའི་ཚུལ་གྱིས་ཐོག་མར་སེམས་ཅན་རྣམས་འཇུག་པར་བྱེད་དེ་འདུལ་བ་དང་ཆོས་མངོན་པ་གཉིས་ཀྱི་གཞུང་རྒྱ་ཆེན་པོ་ལའོ། །སོགས་ཀྱི་སྒྲས་སྣ་ཚོགས་པའི་འཇིག་རྟེན་པའི་བསྟན་བཅོས་དང་རྟོག་གི་སྣ་ཚོགས་པ་དང་སྤྱོད་པ་སྣ་ཚོགས་པའི་ཕ་རོལ་པོའི་གྲུབ་མཐའ་ཡང་ངོ༌། །བྱེ་བྲག་ཆོས་ཞེས་བྱ་བས་ནི་མུ་སྟེགས་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ཆོས་ཀྱང་ངོ༌། །མདོ་སྡེ་ཞེས་བྱ་བ་ནི་མདོ་སྡེའི་སྡེ་སྣོད་དེ་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ཀྱང་ངོ༌། །རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཙམ་གྱི་ཆོས་སངས་རྒྱས་ཀྱི་ཡུམ་ལ་སོགས་པའོ། །དབུ་མ་ཞེས་བྱ་བ་ནི་སྙིང་པོའི་ཆོས་དང་ཐེག་པ་ཆེན་པོའི་དབུ་མ་ཆེན་པོ་མཐའ་བཞི་དང་བྲལ་བ་སྐལ་པ་དང་ལྡན་པ་རྣམས་ཀྱི་བྱང་ཆུབ་པོ། །དེ་ལྟར་ཐམས་ཅད་གཞུང་ཆེས་ཀྱིས་དོགས་པའི་འཇིགས་པས་བདག་གིས་མ་བཤད་དེ། སྣ་ཚོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསུངས་པའི་བསྟན་བཅོས་རྣམས་སུ་ཉེ་བར་མཚོན་པར་
༄། །བྱའོ། །དེའི་ཕྱིར་མ་ཡིན་ནོ། །དེ་ཇི་ལྟར་སྣ་ཚོགས་པའི་བསྟན་བཅོས་རྣམས་གལ་ཏེ་དེ་སྲིད་སངས་རྒྱས་རྣམས་ཀྱིས་སྐབས་ཕྱེ་བ་ལས་སེམས་ཅན་གྱི་ཁམས་དེ་བསྟན་བཅོས་གཅིག་ཀྱང་འདུལ་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། མོས་པའི་སེམས་ཅན་ལ་བཤད་པ། ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་མའི་དུས་སུ་སྣ་ཚོགས་པའི་བསམ་པ་ཅན་གྱི་སེམས་ཅན་རྣམས་ཀྱི་མོས་པ་དང་རང་རང་གི་བསམ་པ་རྣམས་གསལ་བར་བྱེད་པའི་བསྟན་བཅོས་གསུངས་ཏེ་ཤཱཀྱ་ཐུབ་པ་འབའ་ཞིག་གིས་གསུངས་པ་མ་ཡིན་ཏེ་བསྐལ་པ་བཟང་པོ་འདིའི་དབུས་སུ་རྣམ་པར་གཟིགས་ལ་སོགས་པས་ཀྱང་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་བཞུད་པའམ་བྱོན་པའི་དངོས་པོ་རྣམས་ཀྱི་རྐྱེན་ཙམ་གྱིས་མ་ཡིན་ཏེ། རྒྱུ་རྐྱེན་ཚོགས་པའི་དབང་གིས་སོ། །དེས་ན། བདེན་པ་མ་ཡིན་བརྫུན་པ་མིན། །ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་དང་སངས་རྒྱས་ལ་སོགས་པ་དམ་པའི་དངོས་པོ་ཡང་མི་བདེན་པ་ཉིད་ཀྱིས་འཁྲུལ་པའི་ཡེ་ཤེས་ཏེ་ཐམས་ཅད་མི་སྲིད་པའི་ཕྱིར་རོ། །དེ་ཡོད་པ་མ་ཡིན་ཏེ་ཡེ་ཤེས་དང་ཤེས་བྱ་དང་ཤེས་པ་དང་ཤེས་པ་པོ་རང་གི་ངོ་བོས་མི་བདེན་པ་དང་ཐམས་ཅད་རྣམ་པར་རྟོག་པ་ནུབ་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་སངས་རྒྱས་ལ་སོགས་པ་ཡང་ངོ༌། །བརྫུན་པ་མིན་ཞེས་བྱ་བ་ནི་རང་གིས་འདི་ལྟར་རྟོག་པ་ལས་བྱུང་བས་འདོད་ཆགས་ལ་སོགས་པ་རྣམས་ཏེ། ཇི་ལྟར་ལ་ལ་ན་ཡང་སྨྱུག་མ་ལ་སོགས་པའི་ཡལ་ག་ནགས་ཐིབས་པོར་རླུང་གིས་བསྐྱེད་པར་གྱུར་པས་གཡོ་བ་ཉིད་དང་ས་གཅིག་ལ་གཅིག་དྲུད་པ་ལས་སྒྲ་འབྱུང་བ་དང་སླར་ཡང་དུ་བ་དང་འོད་ཟེར་འཕྲོ་བ་དང་འབར་བའི་བར་དུ་འབྱུང་སྟེ་ནགས་ཐམས་ཅད་ཀྱི་མཐར་བསྲེག་གོ །སླར་ཡང་མྱུ་གུ་བསྲེག་གོ །དེ་བཞིན་དུ་ཡང་ནས་ཡང་དུ་བྱེད་དེ་ནགས་ཇི་སྲིད་ཅེས་བྱ་བར་ངེས་པའོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་པ་དང་སེམས་ཅན་རྣམས་ཀྱི་རང་ཉིད་ཀྱི་རྣམ་པར་རྟོག་པ་ལས་འབྱུང་བ་སྟེ་དགེ་བ་དང་མི་དགེ་བ་ལ་སོགས་སོ། །དགེ་བ་ལས་སངས་རྒྱས་རྣམས་རང་གི་བདག་ཉིད་ནས་པར་མི་རྟོག་པར་བྱེད་དོ། །ཡང་ནས་ཡང་དུ་དེའི་གནས་སྐབས་སུ་འགྱུར་རོ། །མི་དགེ་བ་ལས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས་རང་ཉིད་ཀྱིས་བསྲེག་གོ །ཡང་
༄། །ནས་ཡང་དུ་དེ་ཉིད་དུ་འགྲོ་བ་འཛིན་ཏོ། །དེའི་ཕྱིར་དགེ་བའི་དབང་གིས་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པར་སོ་སོར་གསལ་པའོ། །ཉོན་མོངས་པ་དམ་པོ་ཅན་རྣམས་ཀྱིས་ནི་འགྲོ་བ་དྲུག་རྣམས་སུ་གནས་པར་འགྱུར་རོ། །དེ་རྣམས་ཀྱི་དགེ་བའི་བག་ཆགས་ཀྱིས་རྣམ་པར་རྟོག་པ་མེད་པ་ཡང་ངོ༌། །བཤད་པ་རྣམས་ཀྱིས་ཀྱང་བརྫུན་པ་མིན་ཞེས་བྱ་བར་འབྲེལ་ལོ། །དེ་འདིར་ཇི་ལྟར་དགེ་བ་རྣམ་པར་རྟོག་པ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་གསུངས་པ། གང་གི་ཕྱིར་ཕྱག་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་ནི་འབུམ་ཚོ་སྟོང་ཕྲག་གོ །ཞེས་བྱ་བ་ནི་བདུད་བྱེ་བ་མནན་པ་སྟེ་མ་གསུངས་ཀྱང་སྙིང་རྗེ་ཆེན་པོས་དམིགས་ནས་མཐའ་མེད་ཅིང་ཐུག་པ་མེད་པ་གྲངས་མེད་པའི་བདུད་མནན་པ་ནི་རང་གི་སེམས་ཀྱི་བག་ཆགས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའོ། །དེ་ཉིད་མི་བདེན་པའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་འཆི་བ་མེད་པའི་རང་བཞིན་གྱི་སྒྲུབ་ཐབས་གདམས་པའི་མཚན་ཉིད་རྣམས་ཀྱིས་མཚོན་པའོ། །ཕྱག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་སྟེ། བདེ་མཆོག་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་སུ་དཔལ་ཧེ་རུ་ཀ་བསྒོམ་པར་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་གསུངས་པ། གང་དང་ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་པའི་རྒྱུད་རྣམས་ཀྱི་གཙོ་བོའོ། །ཕྱི་ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པའོ། །གསང་བ་ཞེས་བྱ་བ་ནི་དཔལ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དོ། །ནང་གི་བདག་ཉིད་ཅེས་བྱ་བ་ནི་ངེས་པར་བརྗོད་པ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་ཀྱིའོ། །དེ་དང་དེའི་ཞེས་བྱ་བ་ནི་གསུངས་པའི་རྒྱུད་རྣམས་སུ་ལྷའི་གཙོ་བོའི་སྐུ་ཧེ་རུ་ཀའི་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཧེ་རུ་ཀའི་རྣམ་པར་རང་འདོད་པའི་ལྷ་ཐམས་ཅད་ཉེ་བར་མཚོན་པར་བྱའོ། །གལ་ཏེ་ཧེ་རུ་ཀའི་རྣམ་པ་རྒྱུད་སྣ་ཚོགས་སུ་རང་འདོད་པའི་ལྷ་ཡིན་ན། དེའི་ཚེ་སྒྲོལ་མ་འབྱུང་བ་ལ་སོགས་པའི་རྒྱུད་ཡོད་པར་འགྱུར། གསུངས་པ། དབྱེ་བ་མོས་པའི་དབང་གིས་ཏེ། །ཞེས་བྱ་བ་སྟེ། སེམས་ཅན་རྣམས་ཀྱི་སྔོན་གྱི་བག་ཆགས་ཀྱི་དབང་གིས་སེམས་ཅན་མོས་པ་སྣ་ཚོགས་སོ། །འདིར་དེ་བཞིན་དུ་དབང་དང་ཡོངས་སུ་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པའི་བྱིན་གྱིས་བརླབས་པ་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས་མེ་ཏོག་བསྐྱུར་བ་
༄། །ལ་སོགས་པས་རང་གི་རིགས་ཀྱང་ཉེ་བར་མཚོན་པར་བྱའོ། །གང་གིས་དངོས་གྲུབ་རིགས་འགྱུར་བ། །དེ་ཡི་རིགས་ཀྱི་སྣོད་ཅན་ཏེ། །ལྷ་རྣམས་རིགས་ཀྱི་རིམ་པར་ནི། །མེ་ཏོག་བསྐྱུར་བས་འདིར་འགྱུར་ཤོག །ཅེས་བྱ་བས་བྱིན་གྱིས་བརླབས་སོ། །དེའི་ཕྱིར་དབྱེ་བར་དགོངས་སོ། །རྒྱུད་དང་རྒྱུད་ཀྱི་ནང་དུ་མཆོག །ཅེས་བྱ་བ་ནི་རྒྱུད་སྣ་ཚོགས་པ་རྣམས་སུ་གཙོ་བོ་མ་ཡིན་པར་རོ། །དཔལ་ཧེ་རུ་ཀ་ཡང་ཡི་གེ་བཞི་རྣམས་ཀྱིས་སྐུ་བཞིའི་རང་བཞིན་དུ་གསུངས་ཏེ། གང་གི་ཕྱིར་དེའི་དགོངས་པ་རྣམས་དང་བྲལ་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་སུ་མི་འགྱུར་ཞིང་མུ་སྟེགས་ཀྱི་ཆོས་དང་མཉམ་མོ། །དེ་བཞིན་དུ་ཡང་ཀྱེའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཡི་གེ་བཞི་རྣམས་ཀྱི་ངེས་པའི་ཚུལ་གསུངས་པ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་ཏེ། །ཀ་ནི་གང་དུའང་མི་གནས་སོ། །དེ་ལྟར་མཆོག་དང་གཙོ་བོའི་གཟུགས་སུ་གསུངས་པའོ། །མིང་ཅི་འདྲར་ཤེས་པར་བྱ་ཞེས་བྱ་བ་ནི་རང་རང་གི་རྒྱུད་རྣམས་སུ་རང་གི་འདོད་པའི་ལྷ་དཔལ་སྒྲོལ་མ་ལ་སོགས་པའི་མིང་ངོ༌། །འོན་ཀྱང་ཧེ་རུ་ཀ་བསྲེ་ཞེས་བྱ་བ་ནི་དཔལ་འཇིག་རྟེན་དབང་ཕྱུག་ཧེ་རུ་ཀ་སྟེ་དེ་ལྟར་མཐའ་མེད་པའི་སངས་རྒྱས་ཀྱིས་གར་མཛད་པ་རྣམས་སུ་སངས་རྒྱས་ཧེ་རུ་ཀ་ལ་སོགས་པར་ཤེས་པར་བྱའོ། །ཁ་དོག་དེ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་དཀར་པོ་དང་དམར་པོ་ལ་སོགས་པར་རང་རང་གི་རྒྱུད་རྣམས་སུ་གསུངས་པའི་མདོག་གོ །དེ་བཞིན་དུ་འདིར་ཡང་བྱའོ། །བཞུགས་ཚུལ་ཧེ་རུ་ཀའི་རྣམ་པ་ཞེས་བྱ་བ་ནི་ཕྱག་བཅུ་གཉིས་པ་ཞལ་བཞི་པ་སྤྱན་གསུམ་པ་རལ་བའི་ཅོད་པན་ཅན་གར་དང་ལྡན་པ་ཞབས་གཡས་བརྐྱང་པས་གནོན་པ་ནི་འཕྲོག་བྱེད་དང་དཀར་མོ་ལ་སོགས་པ་སྣ་ཚོགས་པ་མནན་པ་ཕག་མོ་ལ་སོགས་པ་ལ་འཁྱུད་པ་མཚོན་ཆ་གླང་པོ་ལ་སོགས་པ་ནས་རྩེ་གསུམ་པ་འཛིན་པ་བསྒོམ་པར་བྱའོ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ས་བཅུ་གཉིས་རྣམ་པར་དག་པས་ཕྱག་བཅུ་གཉིས་སོ། །མ་གསུངས་ཀྱང་དགའ་བ་བཞི་རྣམ་པར་དག་པས་ཞལ་བཞིའོ། །སྤྱན་བཅུ་གཉིས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དེ་བཞིན་དུ་ཡོངས་སུ་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་
༄། །གྲུབ་པ་དང༌། མཚན་གཞི་དང༌། མཚན་ཉིད་དང༌། མཚོན་པ་དང༌། དེ་བཞིན་དུ་སྣང་བ་དང་སྣང་བ་གསལ་བ་དང་སྣང་བ་ཐོབ་པ་རྣམ་པར་དག་པའོ། །རལ་བའི་ཅོད་པན་ནི་དྲང་པོ་མིན་པའི་སྐྱེ་བོ་ཐམས་ཅད་གདུལ་བའི་ཕྱིར་འཁྱོག་པར་བྱས་པའོ། །གར་དང་ལྡན་པ་ནི་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་སྟེ་གསུང་རབ་ཡན་ལག་དགུ་རྣམས་སོ། །གཡས་བརྐྱང་པས་མནན་པ་ནི་གཡོན་པ་དང་གཡས་པའི་སྣའི་བུ་ག་རྣམས་སུ་ས་ལ་སོགས་པའི་དཀྱིལ་འཁོར་མནན་པའོ། །འཕྲོག་བྱེད་དང་དཀར་མོ་ནི་སྲེད་པ་དང་ཞེ་སྡང་མནན་པའོ། །སྣ་ཚོགས་པའི་བདུད་ནི་དམ་པ་མ་ཡིན་པའི་བག་ཆགས་སྣ་ཚོགས་ཀྱི་རང་བཞིན་ལུས་ལ་སོགས་པ་ལས་སྐྱེས་པ་ཡོངས་སུ་མནན་པའོ། །ཕག་མོ་ལ་སོགས་པ་ལ་འཁྱུད་པ་ནི། སྣ་ཚོགས་པའི་ཆོས་ཀྱི་ལུང་གི་རྗེས་སུ་འབྲང་བ་དང༌། ཐབས་སྣ་ཚོགས་པ་དང་གདམས་ངག་སྣ་ཚོགས་པས་སྟོང་པ་ཉིད་ལ་དམིགས་པའོ། །མཚོན་ཆ་ནི་བགེགས་ལ་སོགས་པ་འཁོར་བའི་སྡུག་བསྔལ་སྟེར་བ་པོ་རྣམ་པར་འཇོམས་པའོ། །དེ་ལྟ་བུའི་སྣ་ཚོགས་པའི་བཅོམ་ལྡན་འདས་ལ་ལས་དང་པོ་པས་རང་རང་གི་དད་པའི་དབང་དུ་སོང་བས་བག་ཆགས་ངན་པ་ཡོངས་སུ་སྤངས་པའི་ཕྱིར་དང་ཁྱད་པར་འཕགས་པའི་བག་ཆགས་ལ་དམིགས་པར་བྱའོ་ཞེས་བྱ་བའོ། །དེའི་ཕྱིར། དེས་ན་ཧེ་རུ་ཀ་དང་འདྲ། །ཞེས་བྱ་བ་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོ་དང་འདྲ་བ་སྟེ། རང་རང་གི་ལྷག་པར་མོས་པའི་དབང་གིས་སྣ་ཚོགས་པའི་སངས་རྒྱས་ཀྱི་གར་མཛད་པ་ཧེ་རུ་ཀའི་རྣམ་པ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཀྱེའི་རྡོ་རྗེར་གསུངས་པ། འགྲོ་བ་ཐམས་ཅད་ང་ལས་བྱུང༌། །ས་གསུམ་པོ་ནི་ང་ལས་བྱུང༌། །འདི་དག་ཐམས་ཅད་ང་ཡིས་ཁྱབ། །འགྲོ་བ་གཞན་ནི་ངས་མ་མཐོང༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སླར་ཡང་དེ་ལྟར་འདི་གསུངས་པ། །སངས་རྒྱས་བྱེ་བ་ཡོངས་བྱུང་བ། །སེམས་ཅན་བྱེ་བའི་དོན་ཕྱིར་རོ། །ཐམས་ཅད་སྒྱུ་མའི་རང་བཞིན་དུ། །སྒྱུ་མ་ཉིད་དུ་དམིགས་པ་དེས། །རྣམ་པར་བསྒྱིངས་པའི་སྒྱུ་མ་དེས། །ལས་ཅན་རྣམས་ཀྱི་དབང་པོ་སོགས། །ལས་འབྲས་བུ་ཡང་ཟ་བ་སྟེ། །དགེ་དང་མི་དགེའི་འགྲོར་སོང་བ། །དེ་ནི་བདེན་མིན་བརྫུན་པ་མིན། །མི་བདེན་པ་ཡི་ཟས་ལོངས་སྤྱོད། །སྣ་ཚོགས་
༄། །གཟུགས་ནི་མི་བདེན་ཏེ། །སངས་རྒྱས་ཀྱིས་གསུངས་བདེན་པ་མིན། །མ་ལུས་གོ་འཕང་བདེན་པ་ནི། །བདེན་མིན་མཐའ་ཡི་བར་བརྟགས་པའོ། །དེ་ལྟར་དེ་བཞིན་སྒྱུ་མ་ཆེ། །སྤྲུལ་པ་སངས་རྒྱས་ཀྱིས་སྤྲུལ་པ། །ཀུན་རྫོབ་ཀྱི་ནི་བདེན་པའི་གཟུགས། །ཡེ་ཤེས་ཤེས་བྱ་གཉིས་སུ་གནས། །བདེན་དང་མི་བདེན་བསྒོམ་པར་བྱ། །ཇི་ལྟར་པི་ཝང་གི་ནི་སྒྲ། །རྒྱུ་རྐྱེན་དབང་གིས་འབྱུང་བ་སྟེ། །རྩོལ་བ་རྒྱུད་དང་ལག་པས་སོ། །དེ་བཞིན་དུ་ནི་གསུངས་པའི་ཆོས། །ཕན་ཚུན་ཉམས་སུ་མྱོང་བ་ཡིས། །ཐོག་མ་མེད་ནས་སྒྱུ་མར་གནས། །མཐར་མེད་པ་དེ་འབྱུང་མེད་ཕྱིར། །ཐམས་ཅད་བདག་པོ་དེ་བྱང་ཆུབ། །སྒྱུ་མ་ཆེ་ལས་ཀུན་འབྱུང་ངོ༌། །ཞེས་སོ། །འདིར་གསུངས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པའི་ཕྱིར་ཏེ། འཁོར་བའི་རྒྱུན་གཅོད་པར་མཛད་པའི་ཁྱབ་བདག་ཅེས་བྱ་བའི་དོན་ཏོ། །ཡང་ན་སྭཱའི་ཡི་གེ་གསུམ་རྣམས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་རླུང་གི་བར་དུའོ། །ས་ཞེས་བྱ་བ་ནི་ས་ཐམས་ཅད་ཀྱི་སྟེང་རྣམས་སུའོ། །ཨ་ཞེས་བྱ་བ་ནི་ནམ་མཁའ་ལ་གནས་པ་རྣམས་ཀྱི་དཔའ་བོ་དང་དཔའ་མོའི་རང་བཞིན་ལའོ། །མི་ཞེས་བྱ་བ་ནི་ཡི་གེ་གཉིས་ཏེ་སད་པ་ལ་སོགས་པའི་གནས་སྐབས་དང་བྲལ་བའོ། །བདེ་བ་ཆེ་ཞེས་བྱ་བ་ནི་འདིས་ས་འོག་ལ་སོགས་པ་ན་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་ནི་བདེ་ཆེན་ནོ། །དེའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱིའོ། །དེའི་ཕྱིར་དེ་ལྟར་རྡོ་རྗེ་མཁའ་འགྲོ་ཞེས་པ་སྟེ། ཌཱ་ནི་ནམ་མཁའ་བདེ་བ་ཆེན་པོའོ། །ཨ་ཀའི་སྒྲས་སོ། །མཁའ་འགྲོ་མ་ནི་རྣལ་འབྱོར་མ་རྣམས་ཏེ་འགྲོ་བ་ཉིད་དང་འཇུག་པའོ། །དེ་རྣམས་དང་དབྱེར་མེད་པ་ཉིད་ཀྱི་སྟེ། རྡོ་རྗེ་ནི་ཁྱད་པར་དུ་བྱེད་པ་གཉིས་སུ་མེད་པ་གང་ཡིན་པ་དེ་རྡོ་རྗེ་མཁའ་འགྲོ་བདག་པོ་ཞེས་བྱ་བར་འབྲེལ་ལོ། །དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་སྟོང་པ་ཉིད་ཀྱི་སྒྲ་འབྱུང་སྟེ། །ཇི་ལྟར་བརྒྱ་ལ་ཞིག་ན་ཡང་ནམ་མཁའ་དྲི་མ་མེད་པ་ལས་སྒྲ་འབྱུང་ངོ༌། །དེ་བཞིན་དུ་བདག་གིས་དེ་ལྟར་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་ཐམས་
༄། །ཅད་དང་ལྷན་ཅིག་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་ཞེས་ཏེ། གང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་རྣམས་ཀུན་དུ་འཕོ་བའོ། །དེས་དེ་བཞིན་མཆོག་ཏུ་བདེ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་རང་བཞིན་དུ་ཆོས་ཐམས་ཅད་རྟོགས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་རྡོ་རྗེ་ཕག་མོས་བསྡུ་བ་མཛད་པ་རང་གི་རྒྱུད་ཡོངས་སུ་སྤངས་པ་ནི་འདི་ཞེས་བྱ་བ་སྟེ་དེ་ལྟར་ལེའུ་ཡོངས་སུ་རྫོགས་པའོ། །དེ་ཡང་ཐོག་མར་འཇུག་པ་ཡེ་ཤེས་ཀྱི་རྒྱ་མཚོ་འདིའོ། །རྒྱ་མཚོ་དྲུག་ལ་སོགས་པའི་དང་པོའོ། །དཔལ་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བ་ནི། དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་དང་གཉིས་སུ་མེད་པའོ། །མཁའ་འགྲོའི་སྒྲ་སྔོན་དུ་བཤད་དོ། །རྒྱ་མཚོ་ཞེས་བྱ་བ་ནི་ཁྱད་པར་ཏེ། གཉིས་སུ་མེད་པའི་རྒྱ་མཚོ་དང༌། རང་བཞིན་ཤེས་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་པ་འདིའོ། །རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་དེ་ལྟར་སྣ་ཚོགས་པའི་རྣམ་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དབུས་སུ་འཁོར་ལོས་སྒྱུར་བ་ཆེན་པོ་བཞིན་གསལ་བའོ། །ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ཡན་ལག་བཅུ་བདུན་གྱི་ངོ་བོ་ཐམས་ཅད་ཀྱི་མངོན་པར་བརྗོད་པ་ཞེས་བྱ་བ་སྟེ་རྣམ་གྲངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྒྱུ་མཚན་དམ་པ་ལ་སོགས་པའི་ཚིག་སྣ་ཚོགས་པ་རྣམས་ཡན་ལག་བཅུ་བདུན་རྣམས། ལེའུ་ཐམས་ཅད་ཀྱི་དང་པོའི་ལེའུར་བཤད་པ་མདོར་བསྟན་པ་ལས། ལེའུ་དང་པོའི་འགྲེལ་པ་རྫོགས་སོ།། །།