ལེའུ་དང་པོ།
༄། ། རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟེངས་ཞེས་བྱ་བ། ཨོཾ་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགོ་ཁམས་གསུམ་པ་ཡི་མིག་འཕྲུལ་ཆེན་པོ་ནི། །རྣམ་པར་སྤྲོས་པ་གང་གིས་དོན་ཆེན་མཛད་པ་དང༌། །སྐྱེ་བོ་མ་ལུས་པ་རྣམས་གྲོལ་བར་ངེས་འཇོག་པའི། །རྡོ་རྗེ་སེམས་དཔའ་དེ་ལ་སྤྱི་བོས་རབ་ཏུ་འདུད། །གང་གི་ཐུགས་ནི་བརྫུན་བྱས་ལན་མང་དུ། །འདོད་པ་མང་པོ་ཀུན་དུ་བསྟེན་པ་དང༌། །འཁོར་བའི་རྒྱ་མཚོའི་དབུས་སུ་ལྷུང་བ་ཡི། །དབང་མེད་སེམས་ཅན་རྣམས་ནི་རབ་མྱུར་བཏོན། །འབྲས་བུར་བཅས་དོན་རབ་ཏུ་སྩོལ་མཛད་པའི། །དམ་པ་གང་ཡིན་སེམས་ཅན་རྣམས་ཀྱིས་བསྟེན། །གཉིས་མེད་དངོས་པོ་ཐམས་ཅད་སྐྱེད་པ་པོ། །རྡོ་རྗེ་མཁའ་འགྲོ་དཔལ་དེ་ལ་ཕྱག་འཚལ། །གང་ཞིག་འདིར་
༄། །ནི་ཡན་ལག་དྲུག་སྦྱོར་རྣམས་ཀྱིས་འགྲོ་དྲུག་དངོས་པོ་མེད་པར་རྒྱལ་བྱས་ནས། །འཇིག་རྟེན་པ་རྣམས་སངས་རྒྱས་ཉིད་ཀྱི་དངོས་པོ་ཆེན་པོར་གྱུར་པའི་དུས་སུ་ཐུགས་ཆུད་དེ། །སེམས་ཅན་དོན་དུ་རྣམ་པ་སྣ་ཚོགས་པ་ཡི་ལུང་མང་པོ་ནི་རྣམ་པར་འཛིན་ཅིང་གསལ་བ་པོ། །སྐྱེ་བོས་ཕྱག་བྱས་རྒྱ་མཚོ་དྲུག་པོ་རྡོ་རྗེ་མཁའ་འགྲོ་དཔལ་བདག་ཉིད་ལ་དེ་བཞིན་འདུད། །བསགས་པའི་སྐྱོན་ནི་མི་བདེན་པར་བྱས་ཟླ་བ་ཉི་མ་གཉིས་ནི་ཁ་སྦྱར་བྱས་པ་ཡིས། །དབུས་སུ་རྡོ་རྗེ་དེ་ཡི་འོད་ཟེར་གྱིས་ནི་སྔོན་གྱི་སྡིག་པ་བསྲེག །མཆོག་ཏུ་མི་འགྱུར་ལས་སྐྱེས་རྒྱ་མཚོ་ཆེན་པོའི་སྒྲ་སྒྲོགས་དམ་པ་ཡི། །བདེ་བས་འགྲོ་བ་འཛིན་ཅིང་ཀུན་དུ་དགྱེས་པ་དང་བཅས་མ་ལུས་མཛད། །བསོད་ནམས་དང་ནི་སྡིག་རྣམས་ལྷན་ཅིག་འབར། །ཐུགས་རྗེ་སྟོང་པ་ལྷན་ཅིག་སྐྱེ་བ་མཛད། །དངོས་དང་དངོས་མེད་ཉིད་ནི་མཆོག་ཏུ་གཉིས་མེད་ཕྱག་རྒྱའི་ཐུགས་ཀྱིས་ནི། །འགྲོ་བ་བཀང་ཞིང་སྒྱུ་མའི་གཏི་མུག་གིས་མ་གོས་པ་བདེ་ལས་སྐྱེས། །བླ་མ་ཆུ་སྐྱེས་དབུས་སུ་སོན་པར་བཞུགས། །ལྷན་སྐྱེས་རྒྱ་མཚོ་དེ་ལས་འོད་བྱུང་བས། །སྲིད་གསུམ་སེམས་ཅན་རིགས་རྣམས་གྲོལ་མཛད་པ། །བླ་མ་དག་བ་མཛད་ལ་ཕྱག་བྱས་ནས། །སེམས་ཅན་བསྒྲལ་བའི་རྒྱུ་ཡི་ཕྱིར། །
༄། །ངག་གི་རྡོ་རྗེ་གསོར་བར་བྱས། །ཀུན་མཁྱེན་རྣམས་ཀྱིས་སྔོན་གསུངས་པའི། །སྔོན་ཡོད་པ་ནི་འདིར་བརྗོད་བྱ། །ཁོ་བོས་ཀུན་མཁྱེན་གསུང་གི་ནི། །ཕ་རོལ་བགྲོད་པའི་ནུས་མེད་དེ། །གསུང་གཅིག་གི་ནི་ནང་དུ་ཡང༌། །བཀའ་མང་པོ་ནི་གསུངས་པའོ། །དེ་ཕྱིར་བདག་གིས་རིམ་པ་ཡིས། །ཇི་ལྟའི་རྒྱུད་ཚིག་རྣམས་བརྗོད་དེ། །རྡོ་རྗེ་བླ་མའི་བཀའ་ལུང་གིས། །ད་ནི་རྒྱ་ཆེར་འགྲེལ་པར་བྱ། །ཟབ་མོའི་ཕ་རོལ་བགྲོད་པ་ཡི། །གྲུ་གཟིངས་དེ་ནི་རབ་ཏུ་བསྙད། །རྒྱ་མཚོ་དྲུག་པོའི་རྒྱུད་ཆེན་དུ། །རྣལ་འབྱོར་ཡེ་ཤེས་མཐར་བགྲོད་རྣམས། །སྣ་ཚོགས་སྦྱོར་བ་རྒྱ་མཚོ་ཆེའི། །ཚིག་རྟོགས་གྱུར་ནས་བཞུད་པར་བྱོས། །ཁམས་གསུམ་འདིར་ནི་ཤིན་ཏུ་བརྩོན་པ་རུ། །སངས་རྒྱས་ཉིད་ནི་གཞན་གྱི་སྡུག་བསྔལ་སྤོང༌། །དེ་ཕྱིར་ཐེག་པ་མང་ལ་གནས་པ་ཡི། །སློབ་དཔོན་རྡོ་རྗེ་ཐེག་པ་ཡི་གེ་གསུམ། །སམྦ་རར་ནི་འདིར་བརྗོད་དེ། །ཐེག་པ་ཀུན་གྱི་གོ་འཕང་ཆེ། །འདིར་ངེས་པར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་ཡང་དག་པར་མཐོང་སྟེ་དེ་བརྗོད་པ་སྔོན་དུ་འགྲོ་བར་སངས་རྒྱས་ཉིད་མངོན་པར་བརྗོད་དོ། །ཐམས་ཅད་དུ་འདི་ལྟར་རྟོགས་པ་དང་ལྡན་པ་རྣམས་ཀྱི་བསམ་པ་དང་སྦྱར་བའི་ཕྱིར་རོ། །དེ་རྣམས་དང་བྲལ་ན་འཇུག་པར་མི་འགྱུར་ཏེ། བསྟན་བཅོས་རྣམས་སུ་འགལ་བ་སྲིད་པའི་ཕྱིར་རམ། ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རམ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མ་ཐོས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཡང་བདག་གིས་རྗོད་པར་བྱེད་པ་ལ་སོགས་པ་བརྗོད་པར་བྱའོ། །འོན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཐབས་དང་སྒྲུབ་པ་པོ་རྣམས་སྒྲུབ་པའི་དུས་སུ་ཡི་གེ་མེད་པའི་སྦྱོར་བ་ལས་རང་གི་དང་གིས་རྗོད་པར་བྱེད་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་འགྱུར་རོ། །ཇི་ལྟར་རྒྱུད་ཀྱི་ནང་ལ་ལར་ཡང་མ་མཐོང་བ་དང་མ་བཤད་པ་ཉིད་ཀྱི་ཕྱིར་རོ། །དེ་འདིར་ཇི་ལྟར་འཇུག་ན་བྱིས་པའི་པཎྜི་ཏ་རྣམས་གཞུག་པའི་དོན་དང༌། གང་ཡང་པཎྜི་ཏའི་ང་རྒྱལ་གྱིས་ཆུད་ཟོས་པ་དེ་རྣམས་ཀྱི་ང་རྒྱལ་གཞོམ་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གསུངས་པ། མཁས་པ་མངོན་པའི་ང་རྒྱལ་ཅན། །སངས་རྒྱས་གསུང་
༄། །ནི་མི་ཤེས་པ། །མནར་མེད་ལ་སོགས་འཇིགས་རུང་བར། །ཆུད་ཟོས་དེ་རྣམས་འགྲོ་འགྱུར་ཉིད། །འདིར་ཡང་མར་མེ་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དུས་སུ་སྔགས་ཀྱི་ཐེག་པ་ཆེན་པོ་བསྡུས་པར་མ་གྱུར་ཏེ། དངོས་སུ་རྟོགས་པའི་ཕྱིར་རོ། །སླར་ཡང་ཇི་ལྟར་ཤཱཀྱ་ཐུབ་པས་བསྟན་པ་སྡུད་པ་པོ་རྣམས་ཀྱིས་བྲིས་ཏ་རང་གིས་རྟོགས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་རྟོགས་ཞེ་ན། གལ་ཏེ་རེ་ཞིག་སངས་རྒྱས་མི་བཞུགས་པ་དེའི་ཚེ་འཇིག་རྟེན་ཐམས་ཅད་མ་དག་པའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་འཇིག་རྟེན་དུས་མཉམ་པ་ཉིད་ན་དག་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་མ་དག་པ་དེའི་ཚེ་བསྟན་པར་བྱ་བའི་ངོ་བོར་མ་གྱུར་ཏོ་ཞེ་ན། དེ་ལ་འདི་བཤད་པ། གང་གི་དུས་སུ་སངས་རྒྱས་རྣམས་ཆོས་སྟོན་པ་དེའི་ཚེ་ཉིད་ན་འཇིག་རྟེན་ཐམས་ཅད་དག་པའོ། །དེའི་ཕྱིར་རྩོད་པའི་དུས་སུ་ཕྱི་མ་པའི་སེམས་ཅན་རྣམས་ལ་བསྟན་པར་བྱ་བ་དང་སྟོན་པ་པོའི་ནུས་པ་མེད་པའི་ཕྱིར་རོ། །རྡོ་རྗེ་ཕག་མོ་བཅོམ་ལྡན་འདས་ལས་བྱུང་བས་ཡང་དག་པའི་ཐུགས་རྗེས་དེ་ཉིད་ཀྱི་ཚེ་རྒྱ་མཚོ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་སྡུད་པར་བྱེད་པ་པོར་ཡང་འདི་ཉིད་དུ་གསུངས་པ་ཡིན་ནོ། །དེ་ཡང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དང་འབྲེལ་བ་དང་དགོས་པ་རྣམས་ཡང་དག་པར་མཐོང་ནས་ཐོས་པ་བརྒྱུད་པ་ནི་དེ་བཞིན་གཤེགས་པའི་གསུང་ལས་གཞན་དུ་འགྱུར་བ་དང༌། སེམས་ཅན་རྣམས་ཀྱི་དངོས་གྲུབ་འཇོམས་པར་འགྱུར་བ་དང༌། སླར་ཡང་ཕྱིན་ཅི་ལོག་ཏུ་བཤད་པས་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་དོ། །ད་ནི་རྗོད་པར་བྱེད་པ་ལ་སོགས་པ་རྣམས་ཐོར་ལོང་དུ་བཤད་པར་བྱ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དགོས་པ་ལ་སོགས་པ་རྣམ་པ་ལྔ་སྟེ། འདི་སྐད་ནི་དགོས་པའོ། །བདག་གིས་ནི་དགོས་པའི་དགོས་པའོ། །ཐོས་པ་གཅིག་ན་ནི་འབྲེལ་པའོ། །དུས་ན་བཅོམ་ལྡན་འདས་དཔའ་བོའི་དབང་ཕྱུག་ཆེན་པོ་ནི་རྗོད་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོའི་སྐུ་དང་གསུང་དང་ཐུགས་ནི་བརྗོད་པར་བྱ་བའོ། །རྣལ་འབྱོར་མའི་བྷ་ག་རྣམས་སུ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལེའུ་རྣམས་སུ་རྩེན་པ་དང་ལྡན་པར་འགྱུར་པའོ། །
༄། །ཐོག་མ་ལ་སོགས་པ་ནས་ལེའུ་ཐ་མའི་བར་དུ་འདི་སྐད་ཅེས་བྱ་བ་ལ་སོགས་པ་རྣམ་པ་ལྔ་ཡིས་བཞུགས་པའོ། །འདི་ལྟར་ལེའུ་ལྔ་བཅུ་རྩ་གཅིག་པ་རྣམས་ལེའུ་རྣམས་སུ་ཤིན་ཏུ་ཕྲ་བའི་དངོས་པོའི་ཁོངས་སུ་གནས་པ་འབྲས་བུ་དང་རྒྱུ་ལ་སོགས་པའི་དོན་ཕན་ཚུན་བསྟན་པ་ཉིད་འདིར་ཡང་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནི་རྗོད་པར་བྱེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཀྱི་ལེའུ་བཅོ་ལྔ་པ་ནི་བརྗོད་པར་བྱ་བའོ། །སྔགས་བཏུ་བའི་ལེའུ་ནི་འབྲེལ་པའོ། །ཉི་ཤུ་རྩ་གསུམ་པ་ལ་སོགས་པ་ལེའུ་གསུམ་ནི་དགོས་པའོ། །ལྔ་བཅུ་རྩ་གཅིག་པ་དང་ལྔ་བཅུ་པ་གཉིས་ནི་དགོས་པའི་དགོས་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མ་ལ་སོགས་པའི་མཐར་ཐུག་པ་བཅུ་གསུམ་དང༌། དེ་བཞིན་དུ་བཅུ་བདུན་པ་ལ་སོགས་པ་ནས་ཉི་ཤུ་རྩ་གཉིས་པའི་བར་ལེའུ་དྲུག་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དག་གི་གོ་ཆའོ། །སླར་ཡང་ཉི་ཤུ་རྩ་དྲུག་པ་ལ་སོགས་པ་ནས་ཇི་སྲིད་བཞི་བཅུ་རྩ་དགུའི་བར་ལེའུ་ཉི་ཤུ་རྩ་བཞི་དང༌། དེ་ལྟར་ལེའུ་བཞི་བཅུ་རྩ་གསུམ་ནི་རྣལ་འབྱོར་མ་རྣམས་ཀྱི་བྷ་ག་རྣམས་ཏེ་དེ་རྣམས་ཀྱི་བྷ་ག་རྣམས་སུ་རྩེན་པ་དང་ལྡན་པའོ། །རྗོད་པར་བྱེད་པ་ལ་སོགས་པ་རྣམས་ནི་འདིའི་འབྲེལ་པའོ། །ད་ནི་འདི་དག་ཐམས་ཅད་དུ་བྱ་བ་དང་བྱེད་པ་དང་མངོན་པར་མཚམས་སྦྱར་བ་བསྟན་བཅོས་ལ་སོགས་པ་རྣམས་སུ་རྐྱེན་གསུམ་གྱིས་བདག་གིས་བཤད་པར་བྱའོ། །འདི་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་འགྲོ་བ་དང་འོང་བ་ལ་སོགས་པའི་ལས་གང་ཡིན་པ་དེ་ཡང་དགོས་པ་དང་བྲལ་ན་མི་བྱེད་དོ། །དེའི་ཕྱིར་དགོས་པ་ལ་བསམས་ནས་བྱ་བ་ལ་ལྟོས་པས་བྱེད་པ་ཉེ་བར་གདགས་པ་བྱས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དགོས་པ་ལ་ལྟོས་ནས་དགོས་པའི་དགོས་པ་ཡོད་དོ། །དེ་ཡང་དགོས་པ་ནི་ཨེ་ཝཾ་ཞེས་བྱ་བ་ཐོག་མའི་ཡི་གེ་གཉིས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནོ། །དགོས་པ་ཡང་ཉི་ཤུ་རྩ་གསུམ་པ་ལ་སོགས་པའི་ལེའུ་གསུམ་རྣམས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལ་ཐོག་མར་ནི་གཏོར་མ་དང་འཁོར་ལོར་མཆོད་པའོ། །གཉིས་པར་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་དང་མཆོད་པ་དང༌། དབང་བསྐུར་བ་དང་སྦྱིན་སྲེག་གི་
༄། །ཐབས་ཀྱི་མཚན་ཉིད་དང་སློབ་དཔོན་གྱི་ཡོན་མཆོད་པ་དང་བཅས་པའོ། །གསུམ་པ་རབ་ཏུ་གནས་པ་དང་རྣམ་པར་དག་པའི་མཚན་ཉིད་རྣམས་གསུངས་སོ། །དེ་ལྟར་བྱས་པ་ཡོད་པས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་རིགས་ལས་རྟོགས་པ་ཉིད་ཀྱི་ཕྱིར་དགོས་པའོ། །བྱེད་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པའི་མཚན་ཉིད་ཁོ་ནས་དཔའ་བོ་ཉི་ཤུ་རྩ་བཞི་ཁམས་ལས་བྱུང་བས་འཆི་བ་མི་འཆི་བར་འགྱུར་བ་དང་སྣ་ཚོགས་པའི་ལས་ཀྱི་ཚོགས་ཉིད་དང་དེ་ཁོ་ན་ཉིད་དང་རྣམ་པ་སྣ་ཚོགས་པའི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་རྣམས་ཏེ། དེ་ཡང་མ་ཡཱ་ཞེས་བྱ་བའི་ཡི་གེ་གཉིས་ཉིད་ཀྱིས་ལྔ་བཅུ་པ་ལ་སོགས་པའི་ལེའུ་གཉིས་སུ་གསུངས་པའོ། །དེ་ལ་ཐམས་ཅད་གསང་བ་ཞེས་བྱ་བའི་ལེའུ་དང་པོའི་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔས་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་དང་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པར་བྱེད་དོ། །གཉིས་པར་མཆོད་པ་བཞི་དང་དམ་ཚིག་བསྟེན་པ་དང་དེ་བཞིན་དུ་དམ་ཚིག་གི་བསླབ་པ་རྣམས་དང་གཉིས་སུ་མེད་པ་ནི་དགོས་པའི་དགོས་པ་སྟེ་མངོན་དུ་བྱེད་པའི་ཕྱིར་ཞེས་བྱ་བར་གནས་སོ། །འདིར་ཡང་ཨེ་ཝཾ་གྱི་ཡི་གེ་གཉིས་ཀྱི་རང་བཞིན་ནི་བརྗོད་པར་གསུངས་པ། ཨེ། རྩ་རྣམས་ཀྱིས་སྲོག་བསྐྱོད་པ་ཡི། །འགྲོ་བ་ཀུན་ལ་གཏོར་མ་བྱ། །ཨེ་ཡིག་བུ་ག་ཐམས་ཅད་དུ།།ནམ་མཁའ་ཀུན་དུ་སོན་དེ་བཞིན། །ཆོས་འབྱུང་དང་ནི་དེ་ཤེས་རབ། །དྲི་མེད་བདེ་བ་སྟེར་བ་མོ། །གྱེན་དུ་འགྲོ་བའི་ངོ་བོ་ཉིད། །ལྷན་ཅིག་སྐྱེས་དགའི་མཚམས་སུའོ། །འདིར་ཡང་དཔའ་བོ་དཔའ་དབང་ཕྱུག །འཁོར་ལོ་མཆོད་པར་གནས་པ་ལ། །ཝཾ་ཡིག་མཆོག་གི་མགོ་བོ་ལས། །ཟླ་བ་ཐུར་དུ་ཁ་བལྟས་འབབ། །རོ་དྲུག་གི་ནི་ཚོད་མ་དང༌། །གཉིས་སུ་མེད་པའི་འཆང་བཅས་བཏུང༌། །སྣ་ཚོགས་ཁམས་ཀྱི་འབྲས་སཱ་ལུ། །ཐེ་ཚོམ་བྲལ་བས་བཟའ་བར་བྱ། །ཨེ། དཀྱིལ་འཁོར་ཐིག་གདབ་རྣལ་འབྱོར་དང༌། །རྡུལ་ཚོན་དགྱེ་བ་བད་བར་འབབ། །གྲུ་གསུམ་གཉིས་མེད་སྟེང་འོག་ཏུ། །ཨེ་ཡིག་མཐའ་རུ་ཡང་དག་གཞུག །དེ་དབུས་དཀྱིལ་འཁོར་བསྒོམ་པར་བྱ། །རང་བཞིན་བརྡ་
༄། །རུ་བརྗོད་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཀྱང༌། །གྲངས་མེད་པ་ཡི་དཀྱིལ་འཁོར་འགྱུར། །མཆོག་ཏུ་ཟག་མེད་མཆོད་པ་ནི། །ནམ་མཁའི་མེ་ཏོག་ལ་སོགས་འབུལ། །ཐེག་པ་གསུམ་ནི་བརྗོད་རྣམས་ལས། །བསྐྱེད་པ་ཡིས་ནི་མཆོད་པར་བྱོས། །ཝཾ་ཡིག་རྣལ་འབྱོར་བདག་ཉིད་ཀྱིས། །ལྷ་རྣམས་ཐམས་ཅད་མཆོད་པར་བྱ། །སྔགས་བཅས་ཉེ་བར་སྤྱོད་པར་བཅས། །བསམ་གཏན་ཕྱག་རྒྱ་བཅས་པས་སྦྱིན། །ལྷ་ཡི་རྣམ་པ་དེ་ཉིད་དང༌། །ཡེ་ཤེས་དང་ནི་རྣམ་ཤེས་ཉིད། །བགྲང་ཕྲེང་དེ་བཞིན་སློབ་མ་དང༌། །བླ་མ་ཐམས་ཅད་ཕུན་སུམ་ཚོགས། །ཆོས་འབྱུང་ཤེས་རབ་ཡེ་ཤེས་ནི། །ཨེ་ཡི་ཡི་གེས་རབ་ཏུ་གནས། །རྣམ་ཤེས་རྒྱ་མཚོ་སངས་རྒྱས་སྲས། །འདི་ལ་དབང་བསྐུར་སྦྱིན་པར་བྱ། །ཁམས་རྣམས་ཀུན་གྱི་བདུད་རྩི་དང༌། །རླུང་ལྔ་པོ་རྣམས་བུམ་པ་སྟེ། །མགོ་བོར་བླུགས་གྱུར་གཉིས་མེད་པས། །རྒྱས་གདབ་པ་ནི་ཆེན་པོ་མཆོག །ཝཾ་ནི་ཀུན་དུ་བཟང་པོ་སྟེ། །དེ་ཡང་བདེ་བར་འདོད་པ་ཡིན། །པད་སྣལ་སྐུད་པ་ལུས་ཀུན་དུ། །ལྟེ་བར་འགྲོ་བ་འཛག་པའོ། །ལྷ་དང་སངས་རྒྱས་དེའི་སྲས་དང༌། །རྐང་གཉིས་རྐང་བཞི་ལ་སོགས་དང༌། །ལྷ་སོགས་བདག་ཉིད་ཆེ་རྣམས་དང༌། །རྒྱུད་དང་སྔགས་ནི་དེ་ཚེ་བསྐྱེད། །ཨེ་ཞེས་བྱ་བ་མེའི་ཐབ་ཉིད། །ལྟེ་བའི་སྟང་འོག་ཡང་དག་གནས། །ཡེ་ཤེས་རྣམ་པའི་འཁོར་ལོ་ནི། །དངོས་པོ་ཀུན་གྱི་མཐར་ཐུག་པའོ། །ལྷ་ཡི་རྣམ་པར་བལྟས་ནས་ནི། །ཐམས་ཅད་གནས་བདག་རྣལ་འབྱོར་མ། །དཔའ་བོ་གཉིས་མེད་འབྱོན་པ་སྟེ། །གོང་བུར་བྱས་ནས་མེར་གྱུར་པ། །ཝཾ་ལས་ཕུན་སུམ་ཚོགས་པ་ཀུན། །དགང་བླུགས་འདིར་ནི་སྦྱིན་པར་བྱ། །རྣལ་འབྱོར་མཆོག་འདི་བྱ་བ་སྟེ། །རྣལ་འབྱོར་གཞན་རྣམས་སུ་མི་གནས། །ནཱ་ད་ཡི་མཐར་ཐིམ་པ་དང༌། །ཡེ་ཤེས་མེ་ནི་གྱེན་འབར་མཆོག །ཐབ་ནི་བུ་ག་ཐམས་ཅད་དང༌། །དགང་བླུགས་བརྟགས་པ་མིན་བདག་ཉིད། །སློབ་དཔོན་འབུལ་བ་ཡི་ནི་ཡོན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །རྣམ་ཤེས་ཀུན་དུ་འགྲོ་བྱས་ནས། །སློབ་དཔོན་འདུས་རྣམས་ཡང་དག་མཆོད། །གཉིས་
༄། །མེད་སེམས་ཅན་ཀུན་དེ་ཡང༌། །ཨེ་ཝཾ་ཞེས་བྱའི་ཡིག་གཉིས་ཕྱིར། །རྒྱུད་དང་རྒྱུད་གཞན་མཆོག་དག་དང༌། །འགྲོ་བ་ཐམས་ཅད་དེ་ཚེ་བྱུང༌། །དེ་བཞིན་རིགས་པར་མདོར་བསྡུས་ཏེ། །རྒྱ་ཆེ་བ་ནི་འཆད་པ་ལས། །རྒྱུད་འདི་རྣམས་སུ་རིགས་པ་གང༌།། དེ་ནི་རྟོག་པ་ཀུན་དུ་རིགས། །འདི་ལྟར་རྟེན་ནི་རྣལ་འབྱོར་མའི་ལེའུ་རྣམས་སོ། །བརྟེན་པ་ནི་ཐོག་མ་ལ་སོགས་པ་ནས་དེ་བཞིན་དུ་ཐ་མའི་མཐར་ཐུག་པའོ། །འདིར་ཡང་མཁའ་འགྲོ་རྒྱ་མཚོ་ནི་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་ནི་རྣལ་འབྱོར་རྒྱ་མཚོའོ། །འབྲེལ་པ་ནི་ཡེ་ཤེས་ཀྱི་རྒྱ་མཚོའོ། །སླར་ཡང་དགོས་པ་ནི་སྡོམ་པ་རྒྱ་མཚོའོ། །དེ་བཞིན་དུ་དགོས་པའི་དགོས་པ་ནི་བྱ་བ་རྒྱ་མཚོའོ། །རྣལ་འབྱོར་མའི་བྷ་ག་རྣམས་ནི་དེ་ཁོ་ན་ཉིད་ཀྱི་རྒྱ་མཚོའོ། །ཐམས་ཅད་རྒྱ་མཚོ་ནི་རྩེན་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རིམ་པ་ཇི་ལྟ་བའི་ལེའུ་རྣམས་སུ་སྔོན་དུ་བཤད་པའི་རིགས་པས་རྣམ་པར་ཤེས་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཨེ་ཡིག་རྣལ་འབྱོར་མ་ཡི་རྒྱུད། །ཝཾ་ཡིག་ལས་ནི་དཔའ་བོ་རྫོགས། །ཐབས་ཤེས་བདག་ཉིད་དེ་ཁོ་ན། །ཐམས་ཅད་གཉིས་མེད་མངོན་བརྗོད་པའོ། །ཞེས་སོ། །ཨེ་ཡི་ཡི་གེ་ཆོས་དབྱིངས་ཉིད། །གནས་དང་བསྒྲུབ་བྱ་མང་པོའོ། །དེ་ཡི་དབུས་སུ་སྐུ་ཆེན་པོ། །མཁའ་འགྲོ་རྒྱ་མཚོ་སོགས་དྲུག་བཞུགས། །དངོས་དང་དངོས་མེད་རབ་གནས་པ། །ཁམས་དང་རྣམ་ཤེས་ཚོགས་རྣམས་ལ། །ལོངས་སྤྱོད་རྫོགས་སྐུ་ཀུན་རྫོབ་ཀྱི། །བདེན་པའི་བདག་ཉིད་གཟུགས་ཀྱིས་བཞུགས། །ཝཾ། ཝཾ་གི་ཡི་གེ་སྤྲུལ་པ་སྟེ། །ལུས་ཀུན་ལ་ནི་རྣམ་པར་གནས། །ཇི་སྲིད་མགོ་དང་རྐང་པའི་མཐར། །འགྲོ་དང་འོང་བ་མེད་པ་ཉིད། །རྣལ་འབྱོར་རྣམས་ཀྱིས་སྔགས་བརྗོད་པ། །རྡོ་རྗེ་གསུམ་དུ་སྤེལ་བར་བྱ། །ཡེ་ཤེས་སེམས་དཔའི་སྔགས་བཅས་པ། །རབ་གནས་དེ་མངོན་མི་གཡོ་བའོ། །ཨེ། ཇི་ལྟར་རྒྱུད་དུ་རྣམ་དག་པ། །སླར་ཡང་འདི་ནི་བྱས་ནས་ནི། །ཨེ་ཞེས་བྱ་བ་འོད་གསལ་བ། །དེ་ཡི་རྣམ་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་དཀྱིལ་འཁོར་པ་རྣམས་ཀྱིས། །དག་པའི་མཐར་ཐུག་ལས་སྐྱེས་བདེ། །སྐྱེས་པ་ཐམས་ཅད་ཁམས་ཉིད་དུ། །ཐམས་
༄། །ཅད་དེ་ཡི་རང་བཞིན་འགྱུར། །ཝཾ། ཝཾ་ཞེས་བྱ་ལས་ཡེ་ཤེས་འབབ། །ཇི་ལྟར་ནམ་མཁའ་མི་བསྐྱོད་བཞིན། །དོན་དམ་པ་དང་ཀུན་རྫོབ་གཟུགས། །རྣམ་དག་ཡེ་ཤེས་དེའི་རང་བཞིན། །དག་པར་རབ་བཞུགས་གཉིས་མེད་པས། །ཐབས་ཤེས་བདག་ཉིད་མཚན་ཉིད་དོ། །དེ་ཡིས་ཐམས་ཅད་མངོན་བརྗོད་པས། །ཨེ་ཝཾ་ཚིག་ལས་དགོས་པའོ། །དེ་ལྟར་བསམས་ནས་དེ་ཉིད་དང༌། །ཕྱི་རོལ་ཐམས་ཅད་ཀྱང་བྱའོ། །གཞན་དུ་མནར་མེད་ལ་སོགས་སུ། །བྱ་བ་འཇིག་པར་བྱེད་པ་འཁྲིད། །ད་ནི་བདག་གི་ཚིག་གིས་ཡི་གེ་གཉིས་ཀྱི་ངེས་བའི་ཚིག་གསུངས་པ། མ། རྣལ་འབྱོར་པས་ནི་དབུ་མར་འཇུག །བདག་མེད་བདེ་བ་ཐོབ་པར་འགྱུར། །མ་ཡིག་ཕག་མོའི་ཡིད་ཀྱིས་ནི། །སེམས་དང་སེམས་བྱུང་རྗེས་ཆགས་པའོ། །དེ་ཉིད་ཉི་ཤུ་ལྔ་བདག་ཉིད། །ལྷ་མོ་ཡིས་ནི་སྤྲུལ་པ་ལ། །དཔའ་བོ་ཉི་ཤུ་རྩ་ལྔ་ནི། །བཅོམ་ལྡན་འདས་དང་ལྷན་ཅིག་འདྲེས། །དུམ་བུ་ཉི་ཤུ་ལྔ་རྣམས་སུ། །ཐམས་ཅད་གསང་ཆེན་མིང་ཅན་ནོ། །ཁམས་ནི་དཔའ་བོར་ཡང་དག་བྱུང༌། །ཡཱ་ནི་གང་དུ་ལས་ཅན་རྣམས། །དེར་ནི་ཐམས་ཅད་རིགས་ཡེ་ཤེས། །རང་གི་རིག་པའི་ནང་བཞུགས་པ། །ཤེས་རབ་ཀྱི་ནི་ནང་དུ་ཐབས། །ཁམས་དང་དབང་པོ་ཡང་དག་འབྱུང༌། །བདག་གིས་ཡིད་ནི་དེར་གནས་ལ། །མཆོད་པ་བཞི་རྣམས་བྱ་བ་སྟེ། །རྒྱུད་རྣམས་ཀུན་དུ་བརྗོད་བྱ་གང༌། །མཆོད་འོས་ཡང་དག་མཆོད་པར་བྱ། །དམ་ཚིག་བསྟེན་དང་བསླབ་རྣམས་དང༌། །གཉིས་སུ་མེད་པའི་ཚིག་དང་གསུམ། །རྒྱུད་རྣམས་ཀུན་དུ་བྱེད་པ་ནི། །བྱེད་བཞིན་པ་དང་བྱ་བར་གྱུར། །རྟག་ཏུ་རྣལ་འབྱོར་རྣམས་ཀྱི་ལས། །སངས་རྒྱས་ཉིད་ཀྱི་གོ་འཕང་རྒྱུའོ། །ཨེ་ཝཾ་དེ་ཡི་དགོས་པ་ཡང༌། །གཉིས་སུ་མེད་པར་བསྒྲུབ་པར་འགྱུར། །ཞེས་སོ། །ད་ནི་འབྲེལ་པ་གསུངས་པ། སྔགས་བཏུ་བའི་ལེའུར་མངོན་པར་གསུངས་པའི་སྔགས་ཀྱི་ཚིག་རྣམས་ཏེ། དེ་ཡང་རྒྱུད་ཐམས་ཅད་དུ་མངོན་པར་འབྲེལ་བར་བྱ་སྟེ། གང་དུ་མངོན་པར་འབྲེལ་བར་བྱ་ཞེ་ན། བསྐྱེད་པའི་རིམ་པ་རྣམས་དང་ངོ༌། །གང་དང་གང་དུ་ལེའུ་ཐམས་ཅད་དུ། བདག་པོ་དང་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གསུངས་
༄། །པ་དེ་དང་དེར་མངོན་པར་འབྲེལ་པར་བྱའོ། །རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་ཀུན་དུ་སྤྱོད་པ་བྱས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཆད་པར་འགྱུར་བའི་རྒྱ་ཆེ་བས་བཤད་པར་བྱའོ། །ད་ནི་ཡང་ཐོས་པ་གཅིག་ནའི་ཚིག་གི་ངེས་པའི་ཚིག་གསུངས་པ། ཤྲུ། ཤ་ར་ཨུ། ཟླ་བ་ཡན་ལག་ཀུན་དུ་འགྲོ། །ར་ནི་ཡེ་ཤེས་ལྡན་པ་འབར། །བྲང་གི་གནས་སུ་འགྲོ་བར་འགྱུར། །ཀུན་དུ་སྤྱོད་པ་ཤྲུ་ཞེས་བྱ། །ཏ། དེ་ཁོ་ན་ལས་གཉིས་མེད་མཆོག །རྒྱུད་རྣམས་ཀུན་དུ་རྣམ་པར་མཐོང༌། །དེ་ཡི་དབུས་སུ་ལྷ་ཆེན་མོ། །དཔའ་བོ་གཉིས་མེད་ཡང་དག་འཕོ།། མེ། རྣམ་ཤེས་ཡེ་ཤེས་དག་འདུས་པའི། །མཚམས་ཀྱི་འཕོ་བར་གནས་པ་སྟེ། །དེ་ལས་སྔགས་རྣམས་ཡང་དག་བྱུང༌། །ལྷ་མོ་དཔལ་མོའི་རང་བཞིན་ཅན། །ཀ །ག་བུར་གཟུང་བྱ་གཞན་དུ་ནི། །སྐྱེ་བོ་རྣམས་ཀྱི་གྲོང་གཞན་དུ། །འབྱིན་ཅིང་སྡུད་པར་བྱེད་པ་པོ། །དེ་ནི་མྱུར་དུ་འཕོ་བར་འགྱུར། །སྨི། སྨི་ནི་ཤིན་ཏུ་འདུས་བྱས་ནས། །རྡོ་རྗེ་འཛིན་ལ་མངོན་ཐོས་པ། །དུ་མའི་ཀུན་སྤྱོད་སྦྱོར་ལྡན་པས། །བྲག་ཆ་བཞིན་དུ་བསྟན་པར་བྱ། །ཇི་ལྟར་སྒོ་ངའི་ནང་ན་གཟུགས། །འབྱུང་འགྱུར་འཕོ་བར་འགྱུར་པ་ནི། །དེ་བཞིན་སྒོ་རྣམས་ནས་ནི་སྲོག །འཇུག་པ་མེད་ཅིང་འབྱུང་བའང་མེད། །མ་ཡི་བྷ་གའི་ནང་དུ་ནི། །འདི་ལྟར་ཡེ་ཤེས་འཕོ་བར་འགྱུར། །དེར་ནི་སྒོ་ང་སྐྱེས་པ་ན། །སྲོག་ནི་འགྲོ་དང་འཇུག་མི་འགྱུར། །འཁོར་བར་ཀུན་དུ་སྦྱོར་བ་བརྩམ། །རྩེན་པས་འཕོ་བ་རྣམས་ལ་ནི། །འདི་ནི་འབྲེལ་པར་ཤེས་བྱས་ནས། །རྒྱུད་རྣམས་ཀུན་གྱི་རང་བཞིན་ནོ། །སངས་རྒྱས་གཟུགས་སུ་སྐྱེ་བར་འགྱུར། །སྒྱུ་མའི་རྣམ་པ་ཀུན་དུ་འགྲོ། །ཁ་དོག་རོ་ལ་སོགས་པས་དམན། །སེམས་ཅན་དགོས་པ་བྱེད་རྒྱུ་ཅན། །ཞེས་བྱ་བ་ནི་འབྲེལ་པའོ། །ད་ནི་རྗོད་པར་བྱེད་པ་གསུངས་པ། ལེའུ་དང་པོ་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པར་གསུངས་པའི་ཚིགས་སུ་བཅད་པ་གང་ཡིན་པ་འདིར་ལེའུ་ཐམས་ཅད་ཀྱི་དོན་སྟོན་པའོ། །དེའི་ཕྱིར་ཐམས་ཅད་མདོར་བསྡུས་པ་དེ་དང་རྗོད་པར་བྱེད་པ་ཡང་བཤད་པར་བྱ་སྟེ། ཚིགས་སུ་བཅད་པ་དེ་ལ་སོ་སོར་བྱེད་པ་བཤད་པ་ཐམས་ཅད་ཀྱང་དང་པོའི་ངག་དང་ལྷན་ཅིག་མངོན་པར་འབྲེལ་
༄། །བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ། སླར་ཡང་འདིར་ནི་ཀུན་འབྱུང་བ། །ཞེས་བྱ་བའི་མཐར་ཐུག་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་ཡང་དག་པའི་ཏིང་ངེ་འཛིན་ལ་བཞུགས་པ་སྟེ། ཡེ་ཤེས་ཀྱི་རྟགས་མཐོང་བ་ནི་ཚིགས་སུ་བཅད་པ་ཕྱེད་དང་བཅས་པས་གསུངས་སོ། །དཔའ་བོ་ཞེས་བྱ་བ་ནི་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ལེའུ་ལྔ་བཅུ་པ་རྣམས་སུ་ཡེ་ཤེས་ཀྱི་རྒྱ་མཚོ་གསུངས་སོ། །སླར་ཡང་རྣལ་འབྱོར་མའི་འཁོར་ལོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ལེའུ་ཐམས་ཅད་ཀྱི་རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་ཐམས་ཅད་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་རྣམས་སུ་གསུངས་སོ། །དབང་པོའི་དྲ་བ་ཅི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་གསུམ་རྣམས་ཀྱིས་བཅོམ་ལྡན་འདས་རང་ཉིད་ཕག་མོའི་གཟུགས་སུ་ཞུགས་ནས་གཟུགས་བརྙན་ལྟར་བསྟན་པར་བྱ་བ་དང་སྟོན་པ་པོ་འབྲེལ་པ་དང་སྡུད་པ་མོ་ཡང་འདྲི་བཞིན་པའི་རང་བཞིན་དུ་གསུངས་པ་དང་གཉིས་པ་ཕག་མོའི་ལེའུར་ཡེ་ཤེས་ཀྱི་རིགས་པ་གསུངས་པའོ། །ལྷ་མོ་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་རྣམས་ཀྱིས་ལན་དང༌། དེ་བཞིན་དུ་ལེའུ་ཐམས་ཅད་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་རིགས་པས་བཅོམ་ལྡན་འདས་ཀྱི་རང་བཞིན་དང་རྣལ་འབྱོར་མ་དང་དཔའ་བོ་གཉིས་སུ་མེད་པ་ཡང་བསྟན་ཏོ། །ཇི་སྲིད་ནཱ་ད་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ནམ་མཁའ་ལ་འགྲོ་བའི་གཟུགས་ཀྱིས་ཞེས་བྱ་བའི་བར་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་ལྔ་རྣམས་ཀྱིས་ལེའུ་བཅོ་ལྔ་པར་ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དང་ཡེ་ཤེས་ཆེན་པོའི་ཉམས་དང་རོ་མཉམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་གསུངས་སོ། །སླར་ཡང་ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་རྣམས་ཀྱིས་ལེའུ་ཐམས་ཅད་དུ་དཔའ་བོ་ཐམས་ཅད་ཀྱི་རིམ་པ་དང་ལོངས་སྤྱོད་ལ་སོགས་པ་བྱེད་པ་པོ་ཉིད་དུ་བསྟན་ཏོ། །དེ་བཞིན་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་བདུན་རྣམས་ཀྱིས་ལེའུ་བཅུ་དྲུག་པ་རྣམས་སུ་སྔགས་བཏུ་བའི་རིགས་པས་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་
༄། །ཀྱི་མཚན་ཉིད་གསུངས་སོ། །དེ་བཞིན་དུ་ཡང་གསང་བ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ། ཆོས་དང་དགེ་འདུན་རྫུ་འཕྲུལ་ཆེ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་བདུན་རྣམས་ཀྱིས་རིམ་པ་ཇི་ལྟ་བས་མཁའ་འགྲོ་མ་ལ་སོགས་པ་དང་གཤིན་རྗེ་འཇོམས་མའི་བར་དུ་ལེའུ་བཅུ་གཉིས་མདོར་བསྟན་པ་གསུངས་སོ། །ཇི་ལྟར་ཡིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་རྣམས་སུ་རྡོ་རྗེ་ཕག་མོས་དྲི་བ་དང་དེ་ཉིད་ཀྱིས་རྡོ་རྗེ་ཕག་མོ་ལ་སོགས་པའི་ལེའུ་སུམ་ཅུ་རྩ་བདུན་པོ་རྣམས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་མིང་བསྟན་པས་མཁའ་འགྲོ་བསྐྱེད་པ་དང་གཉིས་སུ་མེད་པའི་མཚན་ཉིད་གསུངས་སོ། །ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ནས། མཁའ་འགྲོ་མ་ཡི་བདེ་བ་སྟེར། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་གཉིས་རྣམས་ཀྱིས་རབ་ཏུ་གཏུམ་མོ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱི་ལེའུ་རྣམས་སུ་དགོས་པ་དང་བྱེད་པ་དང་ཡེ་ཤེས་མདོར་བསྟན་པ་རབ་ཏུ་གསུངས་པ་དང་ལེའུ་ཉི་ཤུ་རྩ་དྲུག་པ་ལ་སོགས་པ་དང་སུམ་ཅུ་སོ་བདུན་པའི་བར་དུའོ། །ཐོག་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ལེའུ་ཉི་ཤུ་རྩ་ལྔ་པ་རྣམས་སུ་རབ་གནས་ལ་སོགས་པ་གཉིས་མདོར་བསྟན་པའི་ཚིག་གསུངས་པའོ། །ཕོ་ཉ་རྣམས་ཞེས་བྱ་བ་ལ་སོགས་པ་ནས། དཀྱིལ་འཁོར་འཁོར་ལོའི་རང་བཞིན་གྱིས། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་གཉིས་རྣམས་ཀྱིས་ལྷ་མོ་ལྗང་གུ་ལ་སོགས་པ་ལེའུ་བཅུ་གཉིས་པ་དང་སུམ་ཅུ་རྩ་བརྒྱད་པ་ལ་སོགས་པ་ནས་བཞི་བཅུ་རྩ་དགུའི་བར་དུ་ལས་ཀྱི་ཚོགས་བཅུ་གཉིས་ཀྱི་འཁྲུལ་འཁོར་རྣམས་མདོར་བསྟན་པའི་ཚིག་རྣམས་གསུངས་སོ། །ཆོས་དང་ཆོས་མིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ལེའུ་ཉི་ཤུ་རྩ་གསུམ་རྣམས་སུ་གཏོར་མ་དང་འཁོར་ལོ་མཆོད་པ་ཡང་གསུངས་སོ། །དབང་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་དང་དེ་བཞིན་དུ་དབང་བསྐུར་དང་སྦྱིན་སྲེག་གི་ཐབ་རྣམས་དང་སློབ་དཔོན་གྱི་ཡོན་ལ་སོགས་པ་སྟེ། ལེའུ་ཉི་ཤུ་རྩ་བཞི་པ་རྣམས་སུ་གསུངས་སོ། །དེ་བཞིན་བརྗོད་ཅེས་བྱ་བ་ལ་སོགས་པ་ཚིགས་
༄། །སུ་བཅད་པ་གཅིག་གིས་ལེའུ་ལྔ་བཅུ་རྩ་གཅིག་པ་རྣམས་སུ་མཆོད་པ་བཞི་ལ་སོགས་པ་གསུངས་སོ། །བདག་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནས་ཧེ་རུ་ཀ་འདྲ་ཞེས་བྱ་བའི་བར་ཚིགས་སུ་བཅད་པ་དྲུག་རྣམས་ཀྱིས་ལེའུ་བཅུ་བདུན་པ་ལ་སོགས་པ་ལེའུ་དྲུག་རྣམས་ཀྱིས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་གོ་ཆའི་སྲུང་བ་ཡང་གསུངས་པ་མདོར་བསྟན་པའོ། །དེ་ལྟར་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་གསུམ་རྣམས་ཀྱིས་རྒྱུད་ཐམས་ཅད་དུ་ཡན་ལག་རྣམས་གསུངས་པའོ། །དེའི་ཡན་ལག་རྣམས་ཀྱང་བཅུ་བདུན་ཏེ། །དེ་རྣམས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་དུ་ཡང་དག་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པར་རྗོད་པར་བྱེད་པའོ་ཞེས་འབྲེལ་ཏོ། །དེའི་ཕྱིར་ཐོག་མའི་ངག་གིས་ཐམས་ཅད་དང་མངོན་པར་འབྲེལ་བར་བྱའོ། །དགོས་པ་ལ་སོགས་པ་རྣམས་ཀྱིས་རྣམ་པ་བདུན་རྣམས་ཀྱི་ཁོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་དུས་ན་བཅོམ་ལྡན་འདས་དཔའ་བོ་ཆེན་པོའི་དབང་ཕྱུག་གིས་ཚིག་གི་ངེས་པའི་ཚིག་གསུངས་པ། དུས་ནི་དམ་ཚིག་འདུས་ཞེས་བཤད། །སྐད་ཅིག་ཐང་ཅིག་ལ་སོགས་སྤངས། །སྟོང་ཉིད་ཐུགས་རྗེ་དབྱེར་མེད་པ། །སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཅན། །བྷ་ག་ཝཱན། བཅོམ་ལྡན་ཐམས་ཅད་གསང་བདག་ཉིད། །དབང་པོ་ལ་སོགས་རྣམ་པར་སྤངས། །བསྐལ་པ་དྲུག་གི་མཚན་ཉིད་ཀྱིས། །རང་བཞིན་དབང་པོ་རྣམས་ཀྱིས་གང༌། །མ་ཧཱ་པཱི་རེ་ཤྭ་ར། དཔའ་བོའི་དབང་ཕྱུག་ཆེ་སྟོན་པ། །བྷ་གའི་རྣམ་པ་འོད་ཆེན་པོ། །ཆོས་དང་ལོངས་སྤྱོད་ལ་སོགས་ཉིད། །རྟོག་པ་བསལ་ཕྱིར་དཔའ་བོ་སྟེ། །དབང་ཕྱུག་མཆོག་ཏུ་གཉིས་སུ་མེད། །རང་གི་མཚན་ཉིད་སྒྱུ་མའི་གཟུགས། །ལས་རྣམས་ཐམས་ཅད་ངེས་པར་བྱེད། །བདེན་དང་མི་བདེན་སྤངས་པའོ། །སླར་ཡང་དེ་བཞིན་དུ་རེ་རེའི་བཤད་པ་གསུངས་པ། ས། ཆོས་ཀུན་བདག་ཉིད་སྐྱེ་བའི་གཟུགས། །ལུས་སོགས་རང་གི་མཚན་ཉིད་ལེགས། །ཁྲག་འཐུང་ཆོས་བདག་མེད་པ་ནི། །ཡེ་ཤེས་རྒྱ་མཚོ་ལ་འཇུག་པའོ། །མ། ཡེ་ཤེས་ཆེན་པོའི་རོས་གང་བ། །གང་ཟག་གམ་ནི་བདག་མེད་པ། །སོ་སོ་སོ་སོར་རྟགས་རྣམས་སུ། །མངོན་པར་བརྗོད་ལས་བཅུད་ལེན་ནོ། །ཡེ། གང་ཞིག་རྡོ་རྗེའི་ཚིག་རྣམས་ཀྱི། །
༄། །མཐའ་ཡི་བར་དུ་ལེགས་པར་བཤད། །དུས་ནི་ཐོབ་བྱ་རྫོགས་པ་དང༌། །གོ་འཕང་གཅིག་པར་ངེས་བཤད་དོ། །བྷ། སྲིད་དང་མྱང་འདས་ཟུང་ཞུགས་ནས། །དེ་ནི་སེམས་ཅན་དོན་བྱེད་འགྱུར། །ནང་དུ་རབ་ཏུ་འཇུག་པ་རུ། །བྱས་ནས་ཡུལ་ནི་བཟའ་བར་བྱ། །ག ། ནམ་མཁའ་ཀུན་དུ་གཡོགས་པ་ལས། །མཐའ་རྣམས་ཀྱིས་ནི་སྒོ་བཞི་པོ། །དེ་རྣམས་ཀུན་དུ་གང་རིགས་པ། །དེ་ཡི་རིགས་པས་བཅོམ་ལྡན་དང༌། །ཝཱན། ཡང་དག་མཐའ་ཡི་དབུས་སུ་ནི། །ཐམས་ཅད་ཆོས་ཉིད་དེ་དང་ལྡན། །སེམས་ཅན་ཀུན་གྱི་དཀྱིལ་འཁོར་ལ། །དེ་ཡང་དེར་བཞུགས་ཤེས་རབ་ཅན། །མ། ཡིད་བཟང་མཛེས་མའི་དབུས་སུ་ནི། །ཐིག་ལེའི་གཟུགས་སུ་རྣམ་པར་གནས། །རྩ་རྣམས་ཀུན་དུ་ཁྱབ་པ་སྟེ། །ཕག་མོ་ལ་སོགས་རང་མཚན་ཉིད། །ཧཱ། རང་གི་སྐྱེ་གནས་སུ་འབབ་དག །ཧཱ་ལས་རང་གི་ནང་དུ་འོངས། །མགོ་བོའི་གནས་སུ་གནས་བའི་རླུང༌། །རེག་པར་གྱུར་པས་ངེས་པར་ཐིམ། །བཱི། བྲལ་བའི་བདེ་བར་ཞུགས་པ་སྟེ། །བཅོམ་ལྡན་མཁའ་འགྲོ་འདོད་པའོ། །མཁའ་འགྲོ་མ་ཀུན་ངོ་བོ་དག །ཡེ་ཤེས་ཤེས་བྱ་གཉིས་མེད་དྲན། །རེ། ལུས་ཀྱི་མངལ་ནི་ཡོངས་གང་བར། །བྱིས་པའི་སྐྱེ་བོས་བགྲོད་བྱ་བ། །ངེས་པར་རང་བཞིན་ལས་འདིར་སྐྱེས། །རྣལ་འབྱོར་ཡེ་ཤེས་ཕ་རོལ་འགྲོ། །ཤྭ། དབུགས་ཀྱི་འཁོར་ལོར་རྟག་པ་པོ། །ཁམས་ཀྱིས་སྐྱེད་པར་འགྱུར་བ་སྟེ། །ཐམས་ཅད་བསྡུས་པའི་རང་བཞིན་དཔལ། །འདི་ནི་དཔའ་བོའི་དབང་ཕྱུག་བརྗོད། །ར། རྡོ་རྗེ་རིན་ཆེན་ནང་དུ་སེམས། །ཐིམ་པར་གྱུར་པར་འགྲོ་བར་གྱིས། །རྡོ་རྗེ་འཛིན་པའི་སྐུར་འགྱུར་ཏེ། །རྒྱ་མཚོ་མཆོག་རྨད་བྱུང་བ་ཡི། །ཡང་དེ་ལྟར་རྗོད་པར་བྱེད་པའི་ངེས་པའི་ཚིག་མཐོང་བ་ཐམས་ཅད་འདིར་མདོར་བསྡུས་པས་བཤད་དེ། རྒྱ་ཆེ་བར་ནི་འཆད་པར་འགྱུར་བས་སོ། །ད་ནི་བརྗོད་པར་བྱ་བ་བཤད་པར་གསུངས་པ། འདིར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཚིག་ནི་བརྗོད་པར་བྱ་བ་སྟེ་དེ་ཡང་ལེའུ་བཅོ་ལྔ་པར་གསུངས་ཏེ། ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱང་ལེའུ་ཐམས་ཅད་ཀྱི་དེ་ཉིད་དང་པོ་དེ་རྣམས་སུ་ཡང་གནས་པ་སྟེ། འཁོར་ལོ་བཅུ་གཉིས་ཀྱི་
༄། །བདག་ཉིད་ཀྱིས་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཡང་ལེའུ་ཐམས་ཅད་ཀྱི་རང་རང་གི་གཙོ་བོའི་འཁོར་ལོའི་བདག་ཉིད་རྣམས་ཀྱི་དེ་རྣམས་སུ་ཕྲ་ཞིང་ཤིན་ ཏུ་ཕྲ་བས་ནང་དང་ནང་རྣམས་སུ་གནས་པ་སྟེ། ཇི་ལྟར་དུས་བཞི་རྣམས་ཀྱི་ནང་དུ་བཟང ་པོའི་དུས་འདི་ལ་རྣམ་པར་གནས་པའོ། །དེ་ལྟར་བརྗོད་པར་བྱ་བ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་ཤེས་པར་བྱས་ནས་ཕྲ་མོའི་རྣལ་འབྱོར་ལ་མངོན་པར་གནས་པ་ཅན་མཁའ་འགྲོ་སྡོམ་པ་ལས་བྱུང་བའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཚིག་གི་ངེས་པའི་ཚིག་གསུངས་པ། ས། ཐམས་ཅད་རྣམ་པ་བདེ་བདག་ཉིད། །མཐར་ཐུག་བདེ་བ་བརྗོད་པ་པོ། །དེ་ལས་སྐྱེ་བོ་ཐམས་ཅད་སྐྱེད། །དེ་བཞིན་ཉིད་དུ་རྗེས་སུ་དྲན། །རྦ། བག་ཆགས་ཀྱང་ནི་མེད་པ་ཡི། །ཆ་ཤས་བཅུ་དྲུག་པ་ལ་གནས། །ཡང་དག་བདག་མེད་དབུས་རྣམས་སུ། །བརྗོད་བྱ་རང་གི་མཚན་ཉིད་དོ། །ཏ། དེ་ཡི་དུས་སུ་གྱུར་པའི་དུས། །དུས་བཞི་གཞན་དུ་མ་ཡིན་ནོ། །ཡན་ལག་བཅུ་བདུན་བཤད་པ་རྣམས། །རེ་རེ་ལ་ནི་བཞི་བཞིའོ། །ཐཱ། དགའ་བ་བཞི་ལ་བཅུ་དྲུག་ ཏུ། །རིམ་པ་ཇི་བཞིན་ཤེས་པར་བྱ། །ཐམས་ཅད་དགའ་བ་བཟང ་པོ་སོགས། །དེ་ནི་རིམ་པ་བཅུ་བདུན་པའོ། །ག། དེ་རྣམས་སུ་འགྲོ་ཞེས་བྱ་སྟེ། །རྫོགས་ལྡན་གསུམ་གཉིས་རྩོད་ལྡན་འདོད། །དེ་རྣམས་དབུས་སུ་སེམས་གང་ཞིག །དེ་སེམས་མཆོག་ཏུ་གཉིས་མེད་དོ། །ཏ། དེར་ནི་ངེས་པར་ཆོས་བྱ་སྟེ། །མདོ་སྡེ་དྲུག་མཐའ་དབུ་མའོ། །བརྟན་པ་ལ་སོགས་ཡོངས་བྱུང་བ། །བགྲོད་བཞིན་དུ་ནི་མི་བདེན་འགྱུར། །བཱི། དབང་པོ་ལ་སོགས་པ་ཡིད་བདག་ཉིད། །རྟག་ཏུ་རིགས་པས་བལྟ་བར་བྱ། །བར་དུ་སོན་པ་ཡི་ནི་སེམས། །གཉིས་མེད་མཆོག་ཏུ་བརྗོད་པའོ། །ར། རྣལ་འབྱོར་ཀུན་ལ་རོལ་པར་འགྱུར། །ལྷན་ཅིག་སྐྱེས་དགའ་རྩོད་དུས་སོན། །གསུམ་པ་དང་པོ་བཞི་པ་ནི། །གཉིས་ལྡན་གསུམ་ལྡན་རྫོགས་རིམ་པས། །ཀཱ།ལུས་རྗེས་དྲན་པ་ཞེས་སོགས་པ། །དུས་དང་དུས་ཀུན་དུ་འཇུག་བྱ། །ས་ལ་སོགས་པའི་ཁམས་བཞི་པོ། །ཡོན་ཏན་རེ་རེ་རེ་རེ་འཕྲོག །ཡ། གང་ཕྱིར་རྣམ་པར་རྟོག་ཀུན་ལ། །བསྒོམས་པས་ཆ་ཤས་
༄། །བརླག་པར་འགྱུར། །དེ་ཕྱིར་ནང་བདག་ཉིད་དུས་རྣམས། །བྱ་བ་ཕྱོགས་འདིར་ཕྲ་བ་འཇུག །བཱཀ །གང་གི་དག་ནི་ཀུན་བདེ་བ། །དེ་ཡིས་ཕྱི་དུས་ནི་རྗེས་དྲན། །སངས་རྒྱས་འཇིག་རྟེན་དུས་དུས་སུ། །འཇིག་རྟེན་རྣམས་ཀྱིས་འཇུག་པའོ། །ཙིཏ། བསམ་མེད་དེ་ཡི་ལམ་ཐམས་ཅད། །དོན་ཡོད་མཐོང་ཕྱིར་ཐོབ་པར་འགྱུར། །གང་དུ་བསམ་པ་ཡི་ནི་ཆོས། །དེ་མི་བདེན་པ་མཆོག་རྨད་བྱུང༌། །ཏ། དེ་ཡང་ཆོས་རྣམས་ཀུན་བདག་ཉིད། །ཆོས་ཉིད་ཡུལ་དང་གཉིས་སུ་མེད། །བརྗོད་བྱ་ཡང་དག་རྟོགས་བྱས་ནས། །ལེའུ་དུམ་བུ་ཀུན་དུ་སོན། །ཞེས་བྱ་བ་སྟེ་བརྗོད་པར་བྱ་བ་དང་དགོས་པའི་ལྷག་མ་འཆད་པར་འགྱུར་བས་གོ་བར་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱི་བྷ་ག་རྣམས་གསུངས་པ། རྣལ་འབྱོར་མའི་བྷ་ག་རྣམས་སུ་ཞེས་བྱ་བ་སྟེ། འདིར་རྣལ་འབྱོར་མ་ཐམས་ཅད་ཀྱི་བྷ་ག་རྣམས་ནི་དེ་རྣམས་ཀྱི་རང་རང་གི་ལེའུ་རྣམས་ཀྱི་ནང་དུ་མིང་གི་ཡི་གེ་མདོར་བསྟན་པ་བཤད་པ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལེའུ་རྣམས་སུ་གསུངས་པ། ཡུལ་དང་དབང་པོ་ཐམས་ཅད་ནི། །ལྟེ་བའི་དཀྱིལ་འཁོར་དུ་རབ་ཞུགས། །སྟེང་བལྟས་པ་ཡི་རླུང་རྒྱུ་བ། །སྤྱི་བོར་རྡོ་རྗེའི་གུར་དུའོ། །འདོད་ཆགས་ཉི་མའི་དབུས་སུ་ནི། །སྐད་ཅིག་གིས་ནི་སྤྲུལ་ཐིམ་འགྱུར། །དེ་རུ་སྐྱེས་པའི་ཕག་མོ་ནི། །བྷ་གའི་ལིང་ག་ཡིད་ལས་བྱུང༌། །ཞེས་བྱ་བ་དེ་ལ་སོགས་པ་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་གི་མིང་གི་ཡི་གེ་རྒྱུད་དུ་བཤད་པ་སྟེ། གཅིག་ཏུ་ན་རྣལ་འབྱོར་མའི་བཤད་པ་མ་ཡིན་ཏེ། དཔའ་བོ་ཐམས་ཅད་ཀྱི་དང་དེ་བཞིན་དུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་ལ་ཐམས་ཅད་ཀྱི་མིང་གི་ཡི་གེ་རྣམས་གསུངས་པའོ། །འོན་ཀྱང་དངོས་པོ་ཐམས་ཅད་ཀྱི་མིང་དང་འདུ་ཤེས་པ་ཉིད་ཀྱིས་འཇིག་རྟེན་ཐ་སྙད་དུ་གྲུབ་པའོ། །འདིར་ནི་མིང་གི་ཡི་གེ་ཉིད་དོན་སྐྱེད་པར་བྱེད་པ་པོ་ཉིད་དོ། །ཡང་ཡི་གེའི་དོན་རྣམས་ལས་དངོས་པོ་མ་ཡིན་ཏེ། འོན་ཀྱང་དེ་ཉིད་ཀྱི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་པོའི་འབྲེལ་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྷ་ག་རྣམས་དེ་བཞིན་དུ་བསྐྱེད་
༄། །པར་འགྱུར་ཏེ་ཡེ་ཤེས་ཐམས་ཅད་བསྡུས་པའི་དོན་ཞེས་བྱ་བ་ཐོང་ཤིག །ཅིའི་ཕྱིར་འདིར་གང་གི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དམིགས་པ་མེད་པ་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །མིང་ཙམ་ནི་འཇིག་རྟེན་པ་རྣམས་ལ་སྟོན་པས་མཚན་མ་མེད་པ་ཞེས་བྱ་བའི་དོན་ཏོ། །གློ་བུར་གྱི་དྲི་མ་འཁྲུལ་པའི་མཚན་མ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཐོང་ཤིག །ཡེ་ཤེས་ཀྱི་དག་པ་དེ་རྣལ་འབྱོར་མ་ཐམས་ཅད་ཀྱི་དག་པའོ། །དེ་ལྟར་རྣལ་འབྱོར་མ་རྣམས་ཀྱི་བྷ་ག་རྣམས་སུ་བཅོམ་ལྡན་འདས་རྩེན་པ་དང་ལྡན་པར་གྱུར་པའོ། །དེའི་ཕྱིར་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་སེམས་དཔར་བརྗོད་དེ། འདོན་པའི་བྱེ་བྲག་ལས་སོ། །གང་གི་ཕྱིར་དགོས་པ་ལ་སོགས་པ་རྣམ་པ་ལྔ་རྣམས་ཀྱིས་ཡིད་བཅོམ་ལྡན་འདས་རྩེན་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ནི་འབྲེལ་པའོ། །ད་ནི་རྣལ་འབྱོར་མའི་བྷ་ག་རྣམས་སུ་མིང་ཚིག་གི་ངས་པའི་ཚིག་གསུངས་པའོ། །ཡོ། རྣལ་འབྱོར་པས་དངོས་གང་དྲན་པ། །དེ་ནི་མྱུར་དུ་ཡུལ་ལ་འགྲོ། །མ་དག་པས་མི་ཤེས་ཉིད་འགྱུར། །དག་པས་ཤེས་པ་ཉིད་ཐོབ་འགྱུར། །གི །ཆགས་ལྡན་སྐྱེ་བོ་ཐམས་ཅད་ཀྱི། །དག་པ་རྡོ་རྗེ་འཛིན་པར་འདོད། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །སྲིད་པ་སླར་ཡང་བརླག་པར་བྱང༌། །ནྱ། གང་ཕྱིར་འོད་གསལ་རྣམ་པ་ཡིས།། སེམས་ཅན་སངས་རྒྱས་རང་བཞིན་སྦྱར། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རང་བཞིན་སྒྱུ་མ་ཆེན་པོར་འཁྲུངས། །བྷ། དུས་བཞི་ཡི་ནི་ངེས་པ་ཡིས། །གང་ཕྱིར་སྲིད་པའི་འཁོར་ལོར་གནས། །བདེན་ཞིང་མི་བདེན་མ་ཡིན་པ། །རྨི་ལམ་ལྟ་བུར་བལྟ་བར་བགྱི། །གོ །དུས་དང་དུས་སུ་གཟུགས་དགོད་བྱ། །སེམས་ཅན་གཟུགས་གང་ལ་སྤྱོད་པ། །གཟུགས་དེ་རྣམས་ལ་སངས་རྒྱས་རྣམས། །ཞུགས་པ་དྲི་ཟ་དང་ནི་མཚུངས། །ཥྚུ། བུ་དང་ཕ་ཞེས་ད་ལྟ་ནི། །རང་བཞིན་མེད་དེ་དུས་གཟུགས་ཅན། །གཟུགས་ནི་སྤང་བར་བྱ་བ་སྟེ། །དབང་པོ་ཡི་ནི་གཞུ་དང་འདྲ། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་པར་མཚོན། །སྐྱེས་པ་དང་ནི་འགལ་འགྱུར་ཏེ། །སྨིག་རྒྱུ་ཡི་ནི་ཆུ་དང་མཚུངས། །སྐྱེ་གནས་དེ་བཞིན་དུ་བཤད་དེ། །རྒྱ་ཆེ་བ་ནི་འཆད་པར་འགྱུར། །འདུ་ཤེས་སྐྱེ་གནས་དེ་སྐྱེ་སྟེ། །སྐྱེ་གནས་
༄། །དེར་ནི་ངེས་མི་གནས། །ཞེས་སོ། །ད་ནི་བཅོམ་ལྡན་འདས་རྩེན་པའི་ཚིག་གིས་བཤད་པ་བརྗོད་པ་གང༌། རྣལ་འབྱོར་མ་དང་དཔའ་བོ་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་པ་དང་དགོས་པ་ལ་སོགས་པ་གསུངས་པ། རྒྱ་མཚོ་ལ་སོགས་པའི་རྒྱུད་ཐམས་ཅད་དུ་དྲུག་པོ་རྣམས་ཀྱི་རོལ་པའི་གནས་ཐམས་ཅད་དེ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །རྩེན་པ་ནི་ཡང་འདིར་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་ཚིག་ཏུ་འདིར་བཤད་དོ། །གལ་ཏེ་རྩེན་པ་དང་རྩེན་པར་གྱུར་པའི་དངོས་པོ་གཉིས་ཡིན་པ་དེའི་ཚེ་འདི་ལྟར་བཅོམ་ལྡན་འདས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བའི་མཐར་ཐུག་པའི་ཚིག་ལྔ་རྣམས་ཀྱིས་དགོས་པ་ལ་སོགས་པ་གསུངས་ཤེ་ན། འདིར་བརྗོད་པར་བྱ་སྟེ། འདིར་གང་གི་ཕྱིར་ཐམས་ཅད་དུ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་པ་འདི་སྐད་བདག་གིས་ཞེས་བྱ་བ་ནས་གཞུང་ཡོངས་སུ་རྫོགས་པའི་མཐར་ཐུག་པ་མིང་དང་འདུ་ཤེས་ཙམ་ཡང་གསུངས་པ་ནི་དེ་བཞིན་གཤེགས་པས་གསུངས་ཏེ། བྱང་ཆུབ་སེམས་དཔས་ཡིག་འབྲུ་ལ་རྟོན་པ་མ་ཡིན་པར་གནས་པར་བྱ་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་ལ་རྟོན་པར་གནས་པར་བྱའོ། །རིགས་པ་འདིས་འདིར་ཡང་དོན་ལ་རྟོན་པ་ལ་བརྟེན་ནས་ཡི་གེ་རྣམས་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། །ཇི་ལྟར་འདིར་རྩེན་པར་གྱུར་པ་དང༌། རྩེན་པའི་ཚིག་ནི་དོན་ལ་རྟོན་པ་ཉིད་དུ་གོ་བར་རིག་པར་བྱའོ། །དེ་ལ་ཡང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ནི་རྣལ་འབྱོར་མ་རྣམས་ཀྱི་རྩེན་པའི་གནས་སུ་རྩེན་པར་གྱུར་པ་དེའི་དུས་སུ་རང་གིས་ཉམས་སུ་མྱོང་བས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །ད་ནི་རྩེན་པར་གྱུར་པ་དང་ལྡན་པའི་ཚིག་རྣམས་ཀྱིས་ངེས་པའི་ཚིག་བཤད་པ། ཀྲཱི། ཀྲཱི་ཡིག་རྩ་རྣམས་ཐམས་ཅད་ཀྱི། །བུ་ག་གང་དེ་རྣལ་འབྱོར་མ། །དེ་རྣམས་དབུས་སུ་བདེ་ཆེན་པོ། །དེ་ནི་བཅོམ་ལྡན་འདས་སུ་བརྗོད། །ཌི། ཌི་ཡིག་རྩ་ཡི་འཁོར་ལོ་རུ། །དངོས་པོ་རེ་རེ་གནས་པ་ཡིན། །དངོས་པོ་མཆོག་ཏུ་ཞི་བའི་གནས། །ཡང་དག་རིགས་པ་ཡི་ནི་གཟུགས། །ཏ། སྣ་ཚོགས་གོ་
༄། །འཕང་ལས་འབྲེལ་པ། །དེ་དང་དེར་ནི་གནས་པ་ཆེ། །དེར་ནི་སེམས་ཅན་དོན་བྱེད་དོ། །བདག་བྱིན་བརླབ་པ་བསྒོམ་པར་གྱིས། །ཝཱན། དེ་དང་ལྡན་པའི་སེམས་འདི་ཀུན། །བདེ་མཆོག་རྣལ་འབྱོར་གཅིག་བྱས་ནས། །བདེ་ཆེན་ལ་སོགས་མི་རྣམས་ཀྱིས། །དེ་ཉིད་ཐམས་ཅད་བཙལ་བར་གྱིས། །དེ་ཡི་གཟུགས་སུ་དེ་སྐྱེ་འགྱུར། །རང་གི་མཚན་ཉིད་རྒྱུ་སོགས་སོ། །འདི་ནི་རིག་པ་མདོར་བསྡུས་པའོ། །རྒྱ་ཆེ་བ་ནི་འཆད་པར་འགྱུར། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དགོས་པ་ལ་སོགས་བཤད་པ་ནི། །རྒྱུད་རྣམས་ཐམས་ཅད་ན་ཡོད་པ། །བྱིས་པའི་རྣལ་འབྱོར་གྱིས་མ་ཤེས། །སླར་ཡང་རྗོད་པར་བྱེད་པ་ལ་སོགས་པ་རྣམས་ལ་ཇི་ལྟར་བརྒྱུད་པའི་རིམ་པ་སློབ་དཔོན་དུ་མ་རྣམས་ཀྱིས་བཤད་པ་བརྗོད་དེ། འདིར་རྗོད་པར་བྱེད་པ་ནི་གང་མཁའ་འགྲོ་རྒྱ་མཚོ་ལས་རྒྱུད་ཀྱི་གཞུང་གི་ཚོགས་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པར་གཞག་པ་སྣ་ཚོགས་པ་ཉེ་བར་བསྟན་པའི་ཚིག་རྣམས་ལ་རྣལ་འབྱོར་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དགོས་པ་དང་བྱེད་པར་འདོགས་པ་གསང་བའི་ཚུལ་གྱི་མཚན་ཉིད་ནི་བརྗོད་པར་བྱ་བའོ། །རྒྱུད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་འབྲེལ་པའོ། །མཆོད་པ་དང་མཆོད་པར་བྱ་བ་དང་སྒོམ་པ་ལ་སོགས་པ་དང་གཏོར་མ་དང་སྦྱིན་སྲེག་གི་ལས་ཀྱི་ཚོགས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཐབས་དང་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་གང་ཡིན་པ་དེ་ནི་དགོས་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་སྒྲུབ་པའི་ཐབས་ཏེ་དགོས་པའི་དགོས་པའོ། །ཧེ་རུ་ཀ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་ལྔ་དང་དེ་རྣམས་ཀྱི་མཚན་ཉིད་དང་ཆོ་ག་བྱེད་པ་དང་མིང་ཉེ་བར་བསྟན་པ་ལས་ནི་རྗོད་པར་བྱེད་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་རང་གི་ཆུ་སྐྱེས་ལ་ཤིན་ཏུ་རོལ་པའི་བཅོམ་ལྡན་འདས་ནི་བརྗོད་པར་བྱ་བའོ། །དེ་རྣམས་ཀྱི་གཉིས་ཀྱིས་གཉིས་སུ་མེད་པ་ཉིད་ཐོབ་པ་ནི་འབྲེལ་པའོ། །དེ་ཡང་སྐུ་བཞི་ལ་གནས་པ་རྣམས་ཀྱི་མཉམ་པ་མེད་པའི་སེམས་ཅན་གྱི་དོན་བྱེད་པས་དགོས་པའོ། །སྒྱུ་མའི་རྣམ་པ་ལ་གནས་པ་རྣམས་ཀྱི་འོད་གསལ་བའི་ཚུལ་ལ་སྤྱོད་པས་དགོས་པའི་དགོས་པའོ། །དེ་བཞིན་དུ་ཡང་
༄། །རྒྱུད་ཐམས་ཅད་དུ་རྗོད་པར་བྱེད་པ་རྣལ་འབྱོར་མ་ཆེན་མོའི་ངེས་པ་བརྗོད་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ལས་མཁའ་འགྲོ་རྒྱ་མཚོ་ཆེན་པོ་ནི་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་པོ་ཆུད་དུ་འདི་ཡིས་བརྗོད་པར་བྱ་བའོ། །རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་གང་རྒྱུད་ཆུང་དུ་རྒྱུད་ཐམས་ཅད་རྒྱ་ཆེ་བས་འཆད་པས་ན་འབྲེལ་པའོ། །རྩོད་པའི་དུས་སུ་ཤཱཀྱ་ཐུབ་པས་ཐོས་པ་ཆུད་བ་རྣམས་དང་བློ་དམན་པ་རྣམས་དང་བསྡུས་པ་ཡིས་སངས་རྒྱས་ཉིད་འདོད་པ་དེ་རྣམས་ལ་རྒྱུད་ཆུད་དུ་གསུངས་པ་ནི་དགོས་པའོ། །སླར་ཡང་སྡུད་པ་པོ་རྣམས་ཀྱིས་བསྡུས་ཏེ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱིན་ཆད་ཀྱི་དུས་སམ་སྙིགས་མ་ལྔ་རྣམས་སུ་ཡང་རུང་སེམས་ཅན་བླ་མ་ལ་བསྙེན་བཀུར་བ་དང་བྲལ་བ་དཔྱོད་པ་པོར་གྱུར་པ་གད་སུ་ཡང་རུང་བ་རྣམས་རང་གི་འདོད་པ་རྒྱུད་ཆུང་དུ་འདི་མཐོང་བ་དང་རེག་པ་དང་ཐོས་པ་རྣམས་ཀྱིས་སངས་རྒྱས་ཉིད་དུ་འགྱུར་བ་ནི་དགོས་པའི་དགོས་པ་ཞེས་བྱ་བར་འབྲེལ་ལོ། །དེ་བཞིན་དུ་ཡང་རྗོད་པར་བྱེད་པ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་རྣམས་ཀྱིས་དེ་ལྟ་བུ་ཉིད་ཀྱིས་མིང་དུ་འདོགས་པའོ། །དེ་ཉིད་ཀྱིས་འདིར་བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པ་ནི་སྒྲ་བརྙན་ལྟ་བུའི་མཚན་ཉིད་ཀྱིས་དགོས་པ་དང་བྱེད་པ་གཉིས་ངེས་པར་གསུངས་པ་ལས་སྨྲ་བར་མི་ནུས་པ་ཉིད་ཀྱིས་རང་གི་ངོ་བོ་གང་ཡིན་པ་དེ་ནི་བརྗོད་པར་བྱ་བའོ། །བསྟན་པ་དང་བསྟན་པར་བྱ་བ་དག་ལས་གང་ནུས་པའི་གནས་སྐབས་སྐྱེས་པ་ཆོས་དང་ཆོས་ཉིད་ཀྱི་མཚན་ཉིད་ཐོས་པ་དང་བསམ་པ་དང་བསྒོམ་པ་དག་ལས་རྣལ་འབྱོར་པ་རྣམས་ཀྱིས་ཡེ་ཤེས་དེ་ནི་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཆོག་ཏུ་གཉིས་སུ་མེད་པས་བདེ་བ་དམ་པའི་རྣམ་པ་ཉིད་སངས་རྒྱས་བྱེ་བ་རྣམ་པར་འཕྲོ་བ་ལས་དགོས་པའོ། །དགོས་པར་མ་ཟད་དེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་སངས་རྒྱས་དེ་རྣམས་ཀྱིས་ཆོས་རྣམས་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ནི་དགོས་པའི་དགོས་པའོ། །དེ་བཞིན་དུ་ཡང་ཐམས་ཅད་ཀྱི་མིང་བསྡུས་པ་དགའ་བ་བཞིར་ཆུད་པ་དེ་རྣམས་ཀྱི་ཡང་མཐར་ཐུག་པར་ལྷན་ཅིག་སྐྱེས་པ་དེའི་ཚེ་ཆུད་པ་གཅིག་དང་དུ་མའི་རང་བཞིན་སྤངས་པ་ཆོས་ཉིད་ཀྱི་ཡུལ་དེ་ཡང་རྗོད་པར་
༄། །བྱེད་པའོ། །དེ་དངོས་པོ་ཐམས་ཅད་ཀྱི་དབྱེ་བར་བྱ་བ་དང་འབྱེད་པར་བྱེད་པ་ཉིད་ལས་བརྗོད་པར་བྱ་བའོ། །ཐེག་པ་ཆེན་པོའི་ཆོས་མཐའ་དག་ཉེ་བར་འདོགས་པ་ཉིད་ལས་འབྲེལ་པའོ། །ཞེ་སྡང་ལ་སོགས་པར་ལྟུང་བའི་སེམས་ཅན་རྣམས་གཞུག་པའི་དོན་ནི་དགོས་པའོ། །དེ་རྣམས་ཀྱིས་རང་གི་སེམས་ཀྱི་བསམ་པས་ལས་ཀྱི་ཚོགས་ཀྱི་རིགས་པས་དེ་ཁོ་ན་ཉིད་སྣ་ཚོགས་པའི་རོ་མྱད་བ་ནི་དགོས་པའི་དགོས་པའོ། །སླར་ཡང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་རྣམ་པར་གཞག་པ་ལེའུ་ཐམས་ཅད་དམ་དུམ་བུ་ཡང་རུང་རྒྱུད་རྣམས་ཀྱིས་ཡང་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ལེའུ་ཐམས་ཅད་དུ་གཙོ་བོ་དང་དཀྱིལ་འཁོར་པ་རྣམས་ཀྱི་ཀུན་དུ་སྤྱོད་པའི་གནས་སྐབས་གང་ཡིན་པ་དེར་བཤད་དོ། །བསྲུབ་པ་དང་སྲུབས་པའི་ཆོས་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་སྒྲུབ་པའི་ཐབས་ནི་འབྲེལ་པའོ། །དུ་བ་ལ་སོགས་པའི་རྟགས་རྣམས་ཡན་ལག་དྲུག་གི་རིམ་པས་བྱེད་པ་ནི་དགོས་པའོ། །དེ་རྣམས་ཀྱི་རང་བཞིན་དང་བྲལ་བས་ཕྱག་རྒྱའི་དངོས་གྲུབ་ཏུ་ཆུད་པ་ནི་དགོས་པའི་དགོས་པའོ། །དེ་བཞིན་དུ་ཡང༌། རྡོ་རྗེ་དང་པདྨ་ལ་སོགས་པ་དང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་ཀྱི་རྩ་རྣམས་ཀྱི་མིང་དེ་ནི་རྗོད་པར་བྱེད་པའོ། །རླུང་དང་རྣམ་པར་ཤེས་པ་གཉིས་འདུས་པ་ལས་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་ནི་བརྗོད་པར་བྱ་བའོ། །དེ་ཡང་བླ་མའི་གདམས་ངག་གིས་གང་སྟེང་དུ་ལོག་པ་དེ་ནི་འབྲེལ་པའོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་མཐའ་དང་བྲལ་བ་ཁམས་བཞི་རྣམས་ཀྱི་ཐིམ་པ་ཉིད་ནི་དགོས་པའོ། །དེ་རྣམས་ཀྱི་ཡང་དེ་བཞིན་དུ་བསྐྱེད་པའི་ཡེ་ཤེས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་སྤྱོད་ཡུལ་མ་ཡིན་པའམ་བྱ་བ་ཐམས་ཅད་ཀྱི་སྒྲུབ་པ་པོ་ནི་དགོས་པའི་དགོས་པ་ཞེས་བྱ་བར་བྱས་ནས་རྗེས་སུ་བསྒྲུབ་པར་བྱའོ། །དེ་བཞིན་དུ་འདིར་ཡང་གཞུང་གི་ཚོགས་གང་ཡིན་པ་དེ་རྟེན་ཏེ། གཞུང་དེ་རྣམས་ཀྱི་བ་རྒྱུད་པའི་རིམ་པས་སངས་རྒྱས་ཉིད་དུ་འགྲོ་བར་བྱེད་པ་ནི་རྗོད་པར་བྱེད་པ་སྟེ་བརྟེན་པའོ། །དེ་རྣམས་ཀྱི་ལེན་པ་ལུས་དང་ངག་དང་ཡིད་རྣམས་ཀྱི་ལས་ནི་བརྗོད་པར་བྱ་བའོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ཡན་
༄། །ལག་བཅུ་བདུན་འབྲེལ་པ་ལས་དེ་རྣམས་ཀྱི་བྱེད་པ་ནི་འབྲེལ་པའོ། །བགྲོད་པར་བྱ་བ་དང་བགྲོད་པར་བྱ་བ་མ་ཡིན་པ་ལ་སོགས་པ་མཆོད་པ་བཞིའི་མཚན་ཉིད་དང་དེ་ཉིད་ཀྱིས་མཆོད་པ་རྣམ་པར་དག་པ་ལ་སོགས་པ་བྱེད་པ་དེ་ནི་དགོས་པའོ། །དོན་དམ་པའི་སངས་རྒྱས་ཉིད་འགུགས་པ་པོ་བྱང་ཆུབ་ཀྱི་སེམས་ཉེ་བར་མཚོན་པར་བྱ་བ་དང་དེ་ཉིད་ཀྱིས་སྣ་ཚོགས་པའི་དོན་བྱེད་པ་ནི་དགོས་པའི་དགོས་པའོ། །གལ་ཏེ་འདིར་དེ་སྙེད་ཀྱི་སློབ་དཔོན་དུ་མའི་དགོངས་པ་རྣམས་ཀྱིས་རྗོད་པར་བྱེད་པ་ལ་སོགས་པ་རྣམས་བཤད་དེ། དེའི་ཚེ་ཇི་ལྟར་ཁྱེད་རྣམས་ཀྱིས་རྗོད་པར་བྱེད་པ་ལ་སོགས་པ་འདི་སྐད་བདག་གིས་ཐོས་པའི་ཚིག་རྣམས་ཀྱིས་བསྒྲུབས་ན་སྔོན་གྱི་སློབ་དཔོན་གྱི་དགོངས་པ་ཚད་མ་ཡིན་ནམ་ཞེ་ན། འདི་ལ་སྨྲས་པ། མངོན་པར་ཤེས་པ་དང་བྲལ་བ་གླེན་པ་ཐོས་པ་ཆུང་བ་དེ་བཞིན་གཤེགས་པའི་གསུང་གི་ཕ་རོལ་ཏུ་མ་སོན་པ་དགེ་བའི་བཤེས་གཉེན་ངན་པས་ཆོས་བསྟན་པ་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མི་དཔྱོད་པ་སྡང་བའི་བསམ་པ་ཅན་རྣམས་ཀྱི་ཚིག་དེ་ལྟར་ཏེ། འོན་ཀྱང་མངོན་པར་ཤེས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་གསུང་གི་ཕ་རོལ་ཏུ་སོན་པ་ངེས་པར་གཅིག་ཏུ་རང་དང་གཞན་གྱི་དོན་ལ་ཕན་པ་ཤེས་རབ་དང་ལྡན་པ་གཞན་ལ་ཕན་བ་བསྐྱེད་པ་རང་གི་དོན་དང་གཞན་གྱི་དོན་སྐྱེད་པ་པོ་རྣམས་ཀྱིས་འདི་སྐད་བདག་གིས་ཚིག་རྣམས་ཀྱིས་རྗོད་པར་བྱེད་པ་ལ་སོགས་པའི་མཚན་ཉིད་གསུངས་སོ། །དེ་བཞིན་དུ་ཡང་གསུངས་པ། དགེ་སློང་དག་བའི་ཆོས་སྟོན་པ་རྣམས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ཉན་པར་འགྱུར། ཐོས་ཏེ་གནས་ལ་སྡུད་པར་འགྱུར་རོ། །ཇི་ལྟར་ཚིགས་སུ་བཅད་པ་གཅིག་གི་ནང་དུ་ཚིགས་སུ་བཅད་པ་དུ་མའི་དོན་ཡང་དག་པར་རིག་གོ །ཤེས་རབ་དང་ལྡན་པ་རྣམས་ཀྱི་ཚིག་དེ་བཞིན་དུ་ཡང་ཇི་ལྟར་བླ་མ་དང་རྣལ་འབྱོར་མ་སྔགས་ལས་སྐྱེས་པ་དང་གནས་ལས་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་དང་ཞིང་ལས་སྐྱེས་པ་རྣམས་ཀྱི་མཐུ་སྣ་ཚོགས་ལས་སེམས་ཅན་སྣོད་དང་ལྡན་པ་རྣམས་ལ་གང་དང་གང་ལ་གང་ཞིག་སོ་སོར་བསྟན་པའི་སྐལ་བ་ཅན་དེ་དང་དེ་ལ་སྤྱན་རས་ཀྱིས་གཟིགས་ཤིང་རེག་པའམ་མཐོང་བ་ལས་ཀྱང་བདེ་བ་ཆེན་པོ་བསྐྱེད་དོ། །དེ་རྣམས་
༄། །ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་བལྟས་པ་ན་མཐོང་བར་འགྱུར་རོ། །དེ་ན་རྣམ་པར་གནས་པའི་སེམས་ཅན་རྣམས་ཀྱིས་སྒྲ་ཐོས་སོ། །དེ་ཉིད་ཀྱི་སྣང་བས་གཉིས་ཀ་ལ་རེག་པ་བསྐྱེད་དོ། །ལྷ་རྫས་ཀྱི་ཡེ་ཤེས་ཀྱིས་དྲི་ཡང་སྣོམ་མོ། །སྣ་ཚོགས་པའི་ཆོས་ཀྱི་ལྕེས་རོ་ཡང་མྱང་བར་འགྱུར་ཞིང་ཟའོ། །སྔོན་གྱི་གནས་རྗེས་སུ་དྲན་ནོ། །ཟག་པ་ཟད་པ་རྣམས་ཀྱང་སྐྱེའོ། །འདིར་ཡང་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེས་ཚིགས་སུ་བཅད་པ་གཅིག་གི་ནང་དུ་ཆོས་དང་ཆོས་ཀྱི་མཚན་ཉིད་ཐམས་ཅད་གསུངས་སོ། །སེམས་ཅན་དེ་དང་དེའི་རིགས་ཅན་རྣམས་དེའི་ཚེ་ཐམས་ཅད་དེ་བཞིན་དུ་ཐུགས་སུ་ཆུད་དོ། །སྣ་ཚོགས་པའི་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་དེ་རྣམས་ཀྱིས་སྣ་ཚོགས་པར་བསྡུ་བ་བྱས་པ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྐྱོན་མེད་དོ། །འདིར་གལ་ཏེ་དེ་སྲིད་སྐྱོན་མེད་ཀྱང༌། དེའི་ཚེ་འདིར་སློབ་དཔོན་དུ་མའི་དགོངས་པ་འདིར་བཅུག་པ་དེ་ལ་སྐྱོན་ཡོད་དོ། །སྨྲས་པ། ཕྱི་མའི་ཚེ་ཕྱི་མའི་དུས་སུ་གང་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་གནས་པའི་སློབ་དཔོན་དེ་རྣམས་ཀྱི་ཡང་དག་པར་ཡིད་ཆེས་པར་བྱ་བའི་དོན་དུ་སློབ་མ་སྣ་ཚོགས་ལ་གནས་པའི་དགོངས་པ་རྣམས་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པ་གཅིག་ལ་གཅིག་མངོན་པར་འདོད་པ་རྣམས་ཀྱིས་དེ་ལྟར་སློབ་དཔོན་གྱི་དགོངས་པ་ལ་ཡང་དག་པར་ཡིད་མི་ཆེས་པ་དེའི་ཕྱིར་དེ་རྣམས་ཀྱིས་བཅུག་པའི་དོན་ཏོ། །གཞུང་འདིར་བྱས་པའི་སློབ་དཔོན་སྣ་ཚོགས་ཀྱི་བཞེད་པ་གསུངས་པ་ལ་མོས་པ་རྣམས་ཅིག་ཅར་དུ་རྣམ་པར་དཔྱད་པ་ན། གང་དང་གང་ལ་རང་གི་སེམས་ཀྱིས་བསམས་པ་དེ་དང་དེ་ལ་འདི་བསྟན་ཏོ། །དེའི་ཚེ་གལ་ཏེ་བློ་གྲོས་དང་ལྡན་པས་དེ་བཞིན་གཤེགས་པའི་གསུང་གོ་བར་འགྱུར་རོ། །དེ་བཞིན་དུ་ཡང༌། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །དགེ་སློང་དག་གམ་མཁས་པ་ཡིས། །ཡོངས་སུ་བརྟགས་ནས་བླ་མའི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བྱ་བས་སྐྱོན་མེད་དོ། །ད་ནི་འདི་སྐད་བདག་གིས་ནས་རྒྱུད་ཡོངས་སུ་རྫོགས་པའི་བར་དུ་ཡན་ལག་བཅུ་བདུན་རྣམས་ཀྱིས་འཆད་པར་བྱེད་པ་སྨྲས་པ། དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་
༄། །གཅིག་ན། བཅོམ་ལྡན་འདས་དཔའ་བོ་ཆེན་པོའི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོའི་སྐུ་དང་གསུང་དང་ཐུགས་རྣལ་འབྱོར་མའི་བྷ་ག་རྣམས་སུ་རྩེན་པར་གྱུར་པ་དང་ལྡན་ནོ་ཞེས་བྱ་བ་སྟེ། དེ་ལ་འདི་སྐད་བདག་གིས་ཞེས་བྱ་བ་ནི་རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ཆོས་མདོར་བསྟན་པར་གྱུར་ཏེ་སྟོན་པ་པོ་ལས་ཐོས་པར་སྡུད་པར་གྱུར་ཏོ། །དེའི་ཕྱིར་ཐོས་ཞེས་བྱ་བ་འདིས་སྡུད་པ་སྟོན་པར་འགྱུར་རོ། །བདག་གིས་ཐོས་པ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །བརྒྱུད་ནས་ཐོས་པ་ལ་ཤིན་ཏུ་དང་བ་མ་ཡིན་པས་འདིའི་ཕྱིར་དངོས་སུ་ཐོས་པ་ཉིད་གསུངས་པ། རང་གིས་ཞེས་བྱ་བ་སྟེ། བདག་གིས་ཞེས་བྱ་བས་ནི་སྟོན་པ་ལས་ཐོས་ཀྱི་ཡང་གཞན་ལས་སམ་གཅིག་ཐོས་ནས་དེ་དག་ལས་བདག་ལ་ཉེ་བར་བསྟན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དངོས་ལས་ཐོས་ཀྱང་རྣམ་པ་ཐམས་ཅད་དྲན་པ་མེད་ཅིང་གསུང་ལ་བསྣན་པ་དང་ཕྲི་བ་ཡོད་ན་ཡང་དག་པའི་བསྡུས་པར་མི་འགྱུར་བས། དེའི་ཕྱིར་ཡང་དག་པ་ཉིད་གསུངས་པ། འདི་སྐད་ཅེས་བྱ་བ་སྟེ་རྣམ་པ་འདི་ཉིད་ཀྱིས་དང་ཡི་གེ་འདི་ཉིད་དང༌། ཚིག་དང་ངག་དང་གླེང་གཞི་དང་གནས་སྐབས་ལ་སོགས་པའི་རིམ་པས་བདག་གིས་ཐོས་པ་ཇི་ལྟ་བ་བཞིན་དུ་སྡུད་པར་འགྱུར་ཏེ། དེ་ཡང་རྣམ་པ་གཞན་དུ་ཐོས་པ་རྣམ་པ་གཞན་དུ་སྡུད་པར་འགྱུར་བ་དང་མི་དྲན་པ་ལས་སམ། ཐ་མལ་པ་ལ་སོགས་པ་གྱ་ཚོམ་ལས་ཀྱང་རུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་བྱས་ནས། འདི་སྐད་ཀྱི་སྒྲ་ཉིད་ཀྱིས་གླེང་གཞིའི་སྐབས་གྱི་མདོ་ཉེ་བར་བསྡུ་བ་ལ་སོགས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཞེས་བྱ་བར་གོ་བར་བྱའོ། །ཆོས་བསྟན་པ་དེ་དང་རྗེས་སུ་མཐུན་པའི་ཆེད་དུ་བཅོམ་ལྡན་འདས་འགའ་ཞིག་གི་ཚེན་རྗེས་སུ་མཐུན་པའི་འཁོར་འདུས་པ་ན་སྟོན་ཅིང་བཞུགས་པ་ནི་གླེང་གཞིའོ། །དེ་གསུངས་པའི་དུས་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། དུས་གཅིག་གི་ཚེ་བཅོམ་ལྡན་འདས་རྩེན་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བར་འབྲེལ་ཏོ། །དུས་ནི་དུས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཕུན་སུམ་ཚོགས་པ་དྲུག་གི་སྐལ་བ་སྟེ། ཇི་ལྟར་གསུངས་པ། དབང་ཕྱུག་ཡེ་ཤེས་
༄། །གྲགས་པ་དང༌། །དཔལ་དང་གཟུགས་ཀྱི་དོན་དང་ནི། །རབ་ཏུ་བརྩོན་པ་ཕུན་ཚོགས་པ། །དྲུག་རྣམས་སྐལ་བ་ཞེས་བྱར་དྲན། །ཞེས་སོ། །འདི་ལ་སྐལ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་དུ་ཡང་དབང་ཕྱུག་ནི་བཅོམ་ལྡན་འདས་དེ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པའི་ཕྱིར་གཞན་གྱི་དབང་དུ་མ་གྱུར་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཐམས་ཅད་དུ་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མངའ་བ་ཉིད་ཀྱི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་སྟེ་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉིད་པས་ཕྱོགས་མཚམས་རྣམས་སུ་གྲགས་པར་གྱུར་པས་ཁྱབ་པའི་ཕྱིར་རོ། །དཔལ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་འདོད་པ་རྣམས་ཀྱི་རྟེན་དུ་རུང་བ་ཉིད་ཀྱི་ཕྱིར་རོ། །གཟུགས་ཕུན་སུམ་ཚོགས་པ་ནི་དཔེ་མེད་པའི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པའི་སྐུ་ཉིད་ཀྱི་ཕྱིར་རོ། །བརྩོན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལ་མཆོག་ཏུ་གྱུར་པས་འབད་པ་ཉམས་སུ་བཞེས་པ་ཉིད་ཀྱི་ཕྱིར་རོ། །ཡང་འདིར་ཅི་བཅོམ་ལྡན་འདས་དེའི་དུས་ཀྱི་སྟོན་པ་པོས་ཤེས་ནས་རྡོ་རྗེ་འཆང་ཆེན་པོ་རྩེན་པ་དང་ལྡན་པས་བཞུགས་པར་གྱུར་པ་དང་ལྡན་ཏེ་བི་སྔོན་དུ་འགྲོ་བའི་ཧ་ར་ནི་མཉམ་པར་གཞག་པའི་སྤྱོད་པས་བཞུགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ། །དེ་འདི་ལ་བཅོམ་ལྡན་འདས་ཀྱིས་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་བཞུགས་པ་བཞི་གསུངས་ཏེ། ལྷག་པ་རྣམས་ཀྱིས་སྦྱོར་བ་ཇི་ལྟ་བ་བཞིན་ཏེ། དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དེ་རྣམས་ཀྱི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཅི་ཡང་རུང་བ་ནི་ཆོས་སྟོན་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་རང་བཞིན་གྱིས་མཉམ་པར་གཞག་པ་ནི་སྙོམས་པར་འཇུག་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་རྣམ་པར་གཟིགས་པས་ལྷ་ལ་སོགས་པ་ཉེ་བར་འོངས་པས་ཀྱང་ནང་དུ་ཡང་དག་འཇོག་ལ་བཞུགས་པའོ། །དེ་ཡང་བཞུགས་
༄། །པར་གྱུར་པ་དང་ལྡན་པའོ། །རང་གི་མཚན་ཉིད་གསུངས་པ། དཔའ་བོ་ཆེན་པོ་དབང་ཕྱུག་ཅེས་བྱ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལས་རྒྱལ་བའི་ཕྱིར་དཔའ་པོའམ། རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པའི་ཕྱིར་རོ། །རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་ས་བརྙེས་པར་གྱུར་པས་འགྲོ་བ་མཐའ་དག་གི་དོན་མཛད་པ་ཡང་ངོ༌། །དེ་གོ་མས་པས་གཟུང་བ་དང་འཛིན་པའི་རྣམ་པའི་བག་ཆགས་དང་བྲལ་བ་ཉིད་ཀྱི་ཕྱིར་ཆོས་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གསུམ་དང་དྲུག་དང་བཅུ་གཉིས་ཀྱི་འཁོར་ལོ་རྣམས་སུ་གནས་པ་རྣམས་ཀྱི་བཅུ་གཉིས་རྣམས་ལ་རྣམ་པར་གནས་པའི་རྡོ་རྗེ་འཆང་ཆེན་པོའི་དབང་ཕྱུག་སྟེ། དཔའ་བོ་ཆེན་པོའི་དབང་ཕྱུག་དེ་རྩེན་པར་གྱུར་པ་དང་ལྡན་ནོ་ཞེས་བྱ་བར་དགོངས་སོ། །འདི་ལ་ཡང་འཁོར་ལོ་གསུམ་ནི་ཐུགས་ཀྱིས་སོ། །འཁོར་ལོ་དྲུག་ནི་གསུང་གིའོ། །འཁོར་ལོ་བཅུ་གཉིས་ནི་སྐུའི་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྣམས་སུ་སངས་རྒྱས་བྱེ་བ་མཐའ་ཡས་མུ་མེད་པ་རྣམ་པར་སྤྲོ་བ་ཞེས་བྱ་བའི་དོན་ཏོ། །གང་དུ་བཞུགས་ཤེ་ན། དེའི་ཕྱིར་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཤེགས་པའི་ཡེ་ཤེས་འདི་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ལུང་གི་ཡེ་ཤེས་ཀྱི་དོན་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཉིད་ཀྱིས་ངེས་པའི་ཚིག་གི་རིགས་པས་རྟར་བརྗོད་པ་ཉིད་ཀྱིས་སྒྲུབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་དེ་རྣམས་ཀྱི་སྙིང་པོའི་དོན་དམ་པ་སྟོང་པ་ཉིད་དོ། །དེའི་ཕྱིར་འདི་ལྟར་གྲུ་གསུམ་པ་ནམ་མཁའ་ལྟ་བུའོ། །དེ་ཡང་དཔའ་བོའི་བདེ་བ་ཐམས་ཅད་ཀྱི་རྟེན་ཉིད་ཀྱི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཞེས་བྱ་བའི་གསུང་གིས་སོ། །རྣལ་འབྱོར་མའི་བྷ་ག་རྣམས་སུ་ཞེས་བྱ་བ་ནི། མཁའ་འགྲོ་མ་ལ་སོགས་པ་རིག་མ་སུམ་ཅུ་རྩ་དྲུག་དེ་རྣམས་ཀྱི་བྷ་ག་རྣམས་ནི་པདྨོ་རྣམས་ཏེ་དེ་ཉིད་སྙིང་པོའོ། །འདི་བུད་མེད་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་སྙིང་པོའི་བྱེ་བྲག་སྟེ། ནུ་མ་དང་གདོང་ལ་སོགས་པ་དང་གོས་ཀྱི་དབྱེ་བས་སོ། །སྐྱེ་གནས་རང་བཞིན་ཉིད་ཤེས་རབ་ཅིས་
༄། །བྱ་བའི་ཚིག་གིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་དེའི་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཞེས་བྱ་སྟེ། དེ་བཞིན་དུ་གསུངས་པ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་སུ་བཅོམ་ལྡན་འདས་རྩེན་པ་དང་ལྡན་པའོ། །ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཁང་པ་བརྩེགས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་གྲོང་ཁྱེར་ན་ཕྱུག་པོ་གནས་སོ་ཞེས་བྱ་བ་ཡང་གྲོང་ཁྱེར་གྱི་དབུས་ཀྱི་ཁང་བཟངས་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་དོན་དུ་དེ་རྣམས་སུ་རྩེན་པར་གྱུར་པ་དང་ལྡན། རྣལ་འབྱོར་མའི་གསང་བ་ཆེན་པོ་མཁའ་འགྲོ་རྒྱ་མཚོ་བསྟན་པར་བྱའོ་ཞེས་འཆད་པ་ལས་དེ་ལ་དབང་བར་གྱུར་པ་རྣམས་དགུག་པར་བྱ་བའི་དོན་དུའོ། །གང་དང་ལྷན་ཅིག་ཏུ་རྩེན་པར་གྱུར་པ་དང་ལྡན་པར་གསུངས་པ། ཕག་མོ་ལ་སོགས་པ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་དང་དེ་བཞིན་དུ་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞི་དང་ཡང་ཐབས་ཅིག་སྟེ་གཞན་བྱེ་བ་འབུམ་ཕྲག་སྟོང་རྣམས་དང་མཐའ་ཡས་མུ་མེད་པའི་རི་རབ་ཀྱི་རྡུལ་གྱི་ཚད་ཀྱི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དང་ལྷན་ཅིག་བཞུགས་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་དེར་དེ་བཞིན་དུ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དང་ལྷན་ཅིག་བསྡུ་བ་བྱས་ནས་ཨ་ཝ་དྷཱུ་ཏཱིའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གནས་དེ་རྣམས་སུ་ཡེ་ཤེས་ཀྱི་སྣང་བས་མཚན་མ་བཅུ་བཞི་མཐོང་བ་ནི་རང་གི་རིག་པའི་རང་བཞིན་ཉིད་ཀྱིས་ཏེ། དེ་ཡང་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་ཡེ་ཤེས་ཀྱི་མཚན་མ་དངོས་སུ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །དེའི་དབང་དུ་བྱས་ནས་གསུངས་པ། དབང་པོའི་དྲ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོ་ནི་དོན་དང་བཅས་པ་ཉིད་ཀྱི་ཕྱིར་དང༌། བདེ་བ་ཐམས་ཅད་ལྷུན་གྱིས་གྲུབ་པས་རབ་ཏུ་འབབ་པའི་ཕྱིར་རོ། །དབང་པོ་གང་གིས་འཇིག་རྟེན་ཐམས་ཅད་ཀྱི་མཆོག་གི་ཐེག་པ་མཐོང་བ་སྟེ། བཅོམ་ལྡན་འདས་དེ་བདེ་བ་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་བརྙེས་པའོ། །གང་གི་ཕྱིར་དྲ་བ་དེ་ཐམས་ཅད་བསྡུས་པར་གྱུར་ནས་ཡེ་ཤེས་ཀྱི་རྒྱ་མཚོ་ལ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་དང་ལྷན་ཅིག་གཟིགས་
༄། །པའོ། །འདི་ནི་མཚན་མ་དང་པོའོ། །གཉིས་པའི་དབང་དུ་བྱས་ནས་གསུངས་པ། དྲ་བ་ཞེས་བྱ་བ་སྟེ་གང་སྔོན་དུ་བདེ་བ་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་བསྒྲུབས་ཏེ་བསྡུ་བ་བྱས་ནས་ཞེས་བྱ་བའི་ཚིག་གིས་དང༌། འཁོར་བའི་འཁོར་ལོ་ཐམས་ཅད་དེའི་རང་བཞིན་ཉིད་དུ་འཛིན་པ་ནི་གཉིས་སུ་མད་པ་ཉིད་ཀྱི་ཕྱིར་ཏེ་མཚན་མ་གཉིས་པའོ། །དེ་ནས་གསུམ་པ་གསུངས་པ། བདག་གིས་ཞེས་བྱ་བ་སྟེ་རགས་པ་འདིས་བདག་ལས་འགྲོ་བ་ཐམས་ཅད་སྤྲུལ་པ་དང་བདག་གི་རྣམ་པར་ཡང་དག་པར་གནས་པ་དང་མ་ལུས་པ་བདག་གིས་རང་བཞིན་དུ་མཐོང་སྟེ་བདག་གི་དེ་སྙིང་པོའོ། །དེ་ནས་ཡང་མཐོང་བ་ཞེས་བྱ་བ་ནི། ཁམས་གསུམ་པ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་པའི་རང་བཞིན་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་དང་རྨི་ལམ་དང་འདྲ་བའི་བདེ་བ་དེ་ཐམས་ཅད་བདེ་བ་ཆེན་པོ་སྟེ། དེ་ཡང་བདེ་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་རྣམ་པ་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་རང་བཞིན་ཉིད་ཀྱིས་སོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་ཕུང་པོ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གཉིས་ཏེ། དེ་ཡང་ཕུང་པོ་དང་བཅས་པ་ནི་ཉན་ཐོས་རྣམས་ཀྱིའོ། །ཕུང་པོ་ལྷག་མ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །དེའི་ཕྱིར་ཟག་པ་མེད་པའི་བདེ་བས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་དེ་མཐོང་ཞེས་བྱ་བ་ནི་བཞི་པའོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི། འདི་ལྟར་མཐོང་བའི་སྒྲས་ལྷའི་དབང་པོས་ཡེ་ཤེས་ཀྱི་རང་གི་བདག་ཉིད་དོ། །ཇི་ལྟར་མཐོང་བ་དེ་བཞིན་དུ་ངེས་པར་གཟིགས་པ་ལས་གྲངས་མེད་པ་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འགྱུར་ཏེ། འོན་ཀྱང་ཐམས་ཅད་བསྡུ་བ་མཛད་ནས་ནམ་མཁའ་ལ་ཏིལ་གྱི་གང་དུ་བཞིན་དུ་རྒྱལ་བ་དང་རྒྱལ་བའི་སྲས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། འདི་ནི་ཚིག་ལྔ་པའོ། །ཚིག་འདིས་རྐང་པ་དྲུག་རྣམས་བཤད་དོ། །དེའི་ཕྱིར་སྔོན་དུ་གསུངས་པའི་མཚན་མ་དྲུག་པོ་བཞི་རྣམས་དང་བཅས་པས་མཚན་མ་བཅུར་འགྱུར་རོ། །གཞན་གྱི་དབང་དུ་བྱས་ནས་གསུངས་པ། འཁོར་བ་དང་ནི་རྣམ་པར་བྱང༌། །ཞེས་བྱ་བ་ལ་སོགས་པ་སྟེ་འཁོར་བ་ནི་སྔོན་
༄། །དུ་བཤད་པའི་ཏིང་ངེ་འཛིན་ཐ་མལ་པའི་ང་རྒྱལ་དང་བྲལ་བས་འཁོར་བ་དེར་ཡང་དག་པར་འཁོར་བས་ཀུན་རྫོབ་དང་དོན་དམ་པ་ཉིད་དུ་བསྟན་པ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་རྟེན་དང་བརྟེན་པའི་གཟུགས་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་དབང་པོའི་དྲ་བ་དང་མཉམ་པས་དབྱེ་བ་མེད་པ་ཉིད་ཀྱིས་ཏེ་མཚན་མ་བཅུ་གཅིག་པའོ། །རྣམ་པར་བྱང་པས་ཞེས་བྱ་བ་ནི་འཁོར་བ་དེ་ཡང་ཆོས་ཀྱི་སྐུའི་ཁོངས་སུ་སོན་པ་སྟེ་མི་བདེན་པ་ཉིད་ཀྱི་ཕྱིར་རོ། །མཐོང་བ་ནི་དྲི་ཟའི་གྲོང་ཁྱེར་ཇི་ལྟ་པ་བཞིན་དུའོ། །རྣམ་པར་བྱང་བ་ནི་རྒྱུ་མཚན་བཅུ་གཉིས་པའོ། །མྱ་ངན་ལས་འདས་པ་སོ་སོར་སྒྲུབ་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཀྱི་ཕྱིར་ངེས་པར་འབྱུང་བ་དེ་ནི་སངས་རྒྱས་རྣམས་ཀྱི་ཡུལ་དང་རིགས་ཏེ་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དང༌། ཐོག་མ་མེད་པ་ཉིད་དང༌། ཚད་མེད་པ་ཉིད་ཀྱི་ཕྱིར་དང་གྲངས་མེད་པ་ཉིད་ལ་ངེས་པར་འབྱུང་བ་མེད་པའོ། །གཞུ་རྣམས་ཀྱིས་མདའ་ཇི་ལྟ་བ་བཞིན་དུ་སྟེ། དེ་བཞིན་དུ་མཆོག་ཏུ་མྱ་ངན་ལས་འདས་པ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་ཞིབ་དང་གཙོ་བོ་དང་སྙིང་པོ་དང་མྱ་ངན་ལས་འདས་བ་ཞེས་བྱ་བ་སྟེ་མཚན་མ་བཅུ་གསུམ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ཕྱིར་ལྷག་མ་ནམ་མཁའ་མཆོག་གི་མཚན་ཉིད་དང་དེ་ཉིད་བཞི་པ་སྟེ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་དེ་དེ་བཞིན་དུ་གསུངས་པའོ། །བཅུ་བཞི་པའི་དབང་དུ་བྱས་ནས་གསུངས་པ། དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཞེས་བྱ་བ་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་དབུས་རྣམས་སུ་སྟེ་ལྔ་པའི་དོན་གྱི་གཉིས་པའོ། །མཆོག་ཏུ་མྱ་ངན་ལས་འདས་པའི་དབུས་སུ་དེ་ལས་སྐུ་ཆེན་པོ་ཞེས་སོ། །གང་གི་ཚེ་དབང་པོའི་གཞུ་ནམ་མཁའ་ལ་དེ་ལྟར་བཅོམ་ལྡན་འདས་ཀྱི་གཟུགས་མཆོག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་ཏེ། ཐམས་ཅད་དུ་སོན་པ་དང་ཐམས་ཅད་གཟིགས་པ་དང་ཐམས་ཅད་ཀྱི་རང་བཞིན་ནོ། །སླར་ཡང་སེམས་ཅན་གྱི་རིས་ན་རྣམ་པར་བཞུགས་བའི་སངས་རྒྱས་གང་ཡིན་པ་དེ་རྣམས་ཀྱང་དེར་གཟིགས་པར་འགྱུར་རོ། །ལྷའི་དབང་པོའི་ཏིང་ངེ་འཛིན་གྱིས་དེ་ལས་རང་མཁྱེན་པར་འགྱུར་རོ། །དབང་པོ་རྣམས་ཞེས་བྱ་བ་ནི་འདིར་མཆོག་ཏུ་མི་འགྱུར་བའི་སྦྱོར་བས་དང་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱིས་ཀྱང་རྣལ་འབྱོར་རྣམས་ཀྱིས་
༄། །ལྷ་རྫས་ཀྱི་དབང་པོ་ཉིད་གྲུབ་པའོ། །དེས་བདག་ཅེས་བྱ་བ་ནི། དེའི་ཕྱིར་བདག་ཀྱང་རིག་སྟེ་རང་གི་བདག་ཉིད་ཀྱི་རང་གི་ཡེ་ཤེས་རྣམས་ཀྱིས་དེའི་གཟུགས་མཐོང་བ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །འདི་ནི་མཚན་མ་བཅུ་བཞི་པ་སྟེ་སྤྲུལ་པའི་སྐུ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤིན་ཏུ་རྣམ་པར་དག་པའི་ཚུལ་གྱིས་ཡེ་ཤེས་ཀྱི་མཚན་མ་རྣམས་མཐོང་བས་ཐམས་ཅད་ཀྱི་རང་བཞིན་དེ་ལས་སྣང་བའི་ཕྱིར་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །སྐུ་དེ་དག་ལ་ནི་བསྟན་པར་བྱ་བ་དང་སྟོན་པ་པོ་དག་དབྱེར་མེད་པ་ཉིད་ཀྱི་ཕྱིར་ཆོས་དང་ཆོས་ཉིད་དག་གི་མཚན་ཉིད་རང་གིས་རྫོགས་པར་བྱང་ཆུབ་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི་རང་བྱུང་ཡིན་པ་དེའི་ཕྱིར་ཉན་ཐོས་ལ་སོགས་པ་རང་བྱུང་མ་ཡིན་ནོ། །དེའི་ཕྱིར་བདག་དང་བདག་གི་བ་དང་གཟུང་བ་དང་འཛིན་པའི་རྣམ་པའི་དངོས་པོ་རྣམས་ཀྱིས་མངོན་པར་ཞེན་པའི་ཕྱིར་མ་ཡིན་ནོ། །མུ་སྟེགས་རྣམས་ཀྱིས་ཀྱང་སེམས་ཅན་སྣ་ཚོགས་ལ་གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་འདིར་ཡང༌། དྲག་པོས་གྲོང་ཁྱེར་སུམ་བརྩེགས་བསྲེགས། །ཁྱབ་འཇུག་གིས་ནི་བཅོ་བརྒྱད་དཀྲུགས། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི་རང་འབྱུང་དང་དེ་རྟག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྒྱུད་ཀྱི་རྣམ་པར་བཞག་པ་དང་དེ་བཞིན་དུ་དགོས་པ་ལ་སོགས་པ་རྣམ་པ་བདུན་རྣམས་ཀྱིས་ཡན་ལག་བཅུ་བདུན་རྣམས་ནི་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་དབང་པོའི་དྲ་བ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་ཀྱི་མཚན་མ་བཅུ་བཞི་རྣམས་ཀྱིས་རྣམ་པར་བཤད་པ་རྒྱས་པར་བསྟན་པ་སྟེ་དང་པོའོ།། །།