Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།

7 occurrences of མགོན་པོ་བྱང་
[Clear Hits]


  
  
  
  
  
collapse section
  
 
ལྷག་པར་གནས་པའི་ཆོ་ག
 
 expand section
  
  
  
  
  
  
  
  
  
  
  
expand section
 
  
  
 
  
 expand section
  
  
  
  
  
  
  
  
  
  
 expand section
  
 expand section
  
  
  
  
  
  
  
  
 expand section
  
  
 expand section
  
  
  
  
  
  
  


7 occurrences of མགོན་པོ་བྱང་
[Clear Hits]

 
previousལྷག་པར་གནས་པའི་ཆོ་གnext

ལྷག་པར་གནས་པའི་ཆོ་ག


DTG023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བྲི་བར་རུང་བ་ཡི། །འདིར་ནི་ཕྱོགས་ཀྱི་ས་བཤད་དེ། །ལྷ་གང་དང་ནི་སྐྱེད་ཚལ་གྲོང༌། །གྲོང་ཁྱེར་དང་ནི་ཚོང་དུས་ཀྱི། །ཤར་གྱི་ཕྱོགས་ནས་བརྩམས་ནས་ནི། །ཇི་སྲིད་བྱང་ཕྱོགས་ལ་སོགས་པའི། །ཕྱོགས་བདུན་དག་ནི་སྤང་བར་བྱ། །ཤར་ཕྱོགས་དཀྱིལ་འཁོར་བྲིས་གྱུར་ན། །བཟོད་ལྡན་པ་ཡང་བཟོད་མེད་འགྱུར། །ལྷོ་ཕྱོགས་ཆར་ནི་དཀྱིལ་འཁོར་བྲི། །སྐྱེ་བོ་འཆི་དང་སྣ་ཚོགས་པའི། །ཉེ་བར་འཚེ་བ་འབྱུང་བར་འགྱུར། །སློབ་མ་དེ་ནི་འཆི་འགྱུར་ཏེ། །ལུང་རིགས་དག་འདི་གཞན་དུ་མིན། །ནུབ་ཀྱི་ཕྱོགས་སུ་སློབ་དཔོན་འཆི། །བྱང་གི་ཕྱོགས་སུ་ཞུགས་པ་ཡི། །དེ་བཞིན་མེ་ཡི་ཕྱོགས་ཆ་རུ། །ཆར་ཆེན་པོ་ནི་འབབ་འགྱུར་ཏེ། །ལྷོ་དང་ནུབ་ཀྱི་མཚམས་ལ་ནི། །མུ་གེ་ཆེན་པོ་འབྱུང་བར་འགྱུར། །ནུབ་ཀྱི་ཕྱོགས་སུ་བྲིས་པ་ཡི། །དེ་ཡིས་རླུང་དང་ཆར་པ་འབྱུང༌། །མཆོད་རྟེན་གདན་དུའང་འཆི་བར་འགྱུར། །གང་ཞིག་ཀླུ་ཡིས་བྱིན་བརླབས་ཆུ། །ཤིང་གྲིབ་རྩ་བ་འཁྲིགས་དེ་བཞིན། །དེ་ཕྱིར་དབང་ལྡན་བླ་ན་མེད། །དེ་ཡི་གནས་ཀྱི་ས་ཡི་ནི། །ཁ་དོག་རིམ་པར་ཤེས་པར་བྱ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་དང་ནི་རྣམ་བཞིའོ། །བྲམ་ཟེ་དཀར་པོར་ཤེས་བྱས་ཏེ། །སེར་པོ་རྒྱལ་པོའི་རིགས་སུ་འདོད། །རྗེ་རིགས་དམར་པོར་ཤེས་པར་བྱ། །ནག་པོ་དམངས་རིགས་སུ་རབ་གྲགས། །དཀར་པོ་ས་ཡི་ཕྱོགས་སུ་ནི། །དེ་ལ་གདན་ནི་སྤྱི་བླུགས་དང༌། །དབྱུག་པ་བགྲང་ཕྲེང་རྟག་ཏུ་ནི། །རིག་པ་དང་ནི་བློ་འགྲུབ་འགྱུར། །ཚད་དང་ལྡན་ཞིང་སྣུམ་པ་དང༌། །མཐོ་དང་དམའ་བའི་སྐྱོན་སྤང་བའི། །ཤར་དང་བྱང་དུ་གཞོལ་ཉམས་དགའ། །ས་ཡི་ཆ་ཡིན་ས་སྦྱང་བྱ། །ཐོད་པ་རྩ་བ་རུས་པ་སྐྲ། །ཕུབ་མ་རྡོ་བ་གསེག་མ་དང༌། །ཐལ་བ་སོལ་བ་སྲིན་བུ་ནི། །ཁྲུ་དོ་ཙམ་དུ་བརྐོས་ལ་ཡང༌། །སྲོག་ཆགས་བཅས་


DTG023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་རླུང་ཆེན་འབྱུང༌། །རུས་པར་བཅས་ལ་ཟུག་རྡུ་འབྱུང༌། །གསེག་མར་བཅས་ན་ལྐུགས་པར་འགྱུར། །ཕུབ་མ་སོལ་བ་ལ་ནི་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །གནོད་པ་ཕྲ་མོ་འབྱུང་བར་འགྱུར། །དེ་ཕྱིར་ཤིས་པ་འདོད་པ་ཡིས། །འབད་པས་ས་ཡི་ཆ་སྦྱང་བྱ། །དཀྱིལ་འཁོར་ཁྲུ་ནི་བརྒྱད་པར་འདོད། །གཞན་དག་རྒྱལ་པོ་ལ་ཁྲུ་བརྒྱད། །མཐའ་སྐྱེས་རྣམས་ཀྱི་དེ་ཡི་ཕྱེད། །གཙོ་བོ་རྣམས་ཀྱི་དེའི་ཕྱེད་གསུངས། །ཚོང་དཔོན་རྣམས་ཀྱི་ཁྲུ་བཅུ་གཉིས། །སྒྲུབ་པོ་རྣམས་ཀྱི་ཁྲུ་དྲུག་པ། །དཀྱིལ་འཁོར་རིམ་པ་འདི་གསུངས་པ། །ཇི་ལྟའི་ལུང་གི་དོན་གསུངས་པའི། །རང་གིས་ཇི་ལྟར་ནུས་པ་བྲི། །དེ་ལ་རེ་ཞིག་ཐོག་མ་རུ། །མཁས་པས་མངོན་འདོད་ས་ཡི་ཆར། །སློབ་དཔོན་རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས་རྩ་བའི་སྔགས་ཀྱིས་བགེགས་ཀྱི་ཚོགས་བསྐྲད་པར་བྱའོ། །དེ་ནས་དཀྱིལ་འཁོར་ཇི་ཙམ་བྱེད་པའི་ས་པུས་མོ་ནུབ་ཙམ་དུ་བརྐོས་ཏེ་རུས་པ་ལ་སོགས་པའི་སྐྱོན་ཐམས་ཅད་བསལ་ཏེ། ས་དེ་ཉིད་ཀྱིས་བཀང་ལ་འཐས་པར་བཅགས་ཏེ། དེའི་དབུས་སུ་ཟབས་དང་རྒྱར་མཐོ་གང་པའི་ཁུང་བུ་བྱས་ཏེ་ཆུས་བཀང་ལ་རྩ་བའི་སྔགས་ཟློས་པས་ཤར་ཕྱོགས་སུ་གོམ་པ་བརྒྱར་ཕྱིན་ནས་ལོག་པ་ན་ཆུ་དེ་མ་ཟད་ན་ཤིས་པར་འགྱུར་རོ། །དེ་ནས་དེའི་དབུས་སུ་དྲག་པོའི་ཐབ་བྱས་ཏེ་རུས་པའི་ཕྱེ་མ་དང་དུག་དང་ཁྲག་དང་སྐེ་ཚེ་ལ་སོགས་པ་བཅས་པས་དྲག་པོའི་སྦྱིན་སྲེག་བྱའོ། །དེ་ནས་ཡང་དེ་ཉིད་དུ་ཞི་བའི་ཐབ་བྱས་ཏེ་དེའི་སའི་བདག་པོའི་ཆེད་དུ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་འཁོར་བྱེད་པའི་སའི་ཆ་དེ་ས་གཞན་གྱིས་ཀྱང་བསྟོད་ལ་བཅག་པར་བྱའོ། །དེ་ནས་དེའི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལ་སོགས་པས་བརྒྱན་པར་བྱས་ལ། དེར་ལུགས་མ་དང་ཐང་ཀ་དང་པོ་ཏི་དང་བླ་རེ་དང་མེ་ཏོག་གི་ཕྲེང་བ་དང་དྲི་ཞིམ་པོ་དང་བདུག་སྤོས་དང་མར་མེ་དང་མེ་དང་ཤིང་རྣམས་དང་མེ་ཏོག་ཛཱ་ཏི་དང་ཙམ་པ་དང་པུ་ནྜ་ཀ་དང་ཀེ་ས་དང༌། ནཱ་ག་གེ་སར་དང༌། ཨཱུ་ཐི་ཀ་དང༌། མ་ལི་ཀ་དང་ཀུནད་དང་པཱ་ཊ་ལ་དང་པདྨ་དང་ཨུཏྤལ་དང་ཀརྞི་ཀ་ལ་སོགས་པ་རྣམས་ཀྱིས་བཅལ་དུ་བཀྲམ་པ་དང་སྣ་ཚོགས་པའི་གོས་རྣམས་ཀྱིས་


DTG023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱན་པར་བྱའོ། །ཕྱི་རོལ་རྒྱལ་མཆན་བ་དན་རྣམས། །ཆུ་ཤིང་སྡོང་པོས་རྣམ་པར་མཛེས། །དུང་དང་ཟངས་དུང་རོལ་མོ་ནི། །སྣ་ཚོགས་སིལ་སྙན་གྱིས་བརྒྱན་བྱས། །ཉེ་བར་བྱུག་པ་སོགས་ཕྱི་ནས། །འདི་རྣམས་ཀུན་གྱིས་བརྒྱན་པར་བྱ། །དེ་ནས་ས་ལ་གསོལ་བ་འདེབས་པ་ལ་སོགས་པ་བྱས་ཏེ། དེ་ནས་ཡང་རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས་བདུད་རྩི་འཁྱིལ་བའི་སྔགས་སམ་དུམ་སྐྱེས་མའི་སྔགས་བཟླས་པའི་དྲི་ཞིམ་པོའི་ཆུས་བསང་གཏོར་བྱའོ། །དེ་ནས་ཙནྡན་གྱིས་ལེགས་པར་བྱུགས་པར་བྱས་ཏེ། ལག་པ་གཡས་པ་ས་ལ་རེག་ནས་ཡི་གེ་ཧཱུཾ་ཞེས་བྱ་བ་ལན་བརྒྱར་བརྗོད་པར་བྱའོ། །དེ་བཞིན་དུ་ཡི་གེ་བརྒྱ་པ་ལན་བདུན་དུའོ། །དེ་ནས་ཚེས་ནི་བཅུ་གསུམ་ལ། །བསྒོམ་པའི་ཡིད་ནི་བརྟན་གྱུར་ཅིང༌། །སྔོན་དུ་བསྙེན་པ་བསྒྲུབ་པ་ཡིས། །སྔགས་རིག་པ་ནི་རྗེས་གནང་ཐོབ། །འཁོར་ལོ་བཅུ་གཉིས་ནམ་མཁའ་ལ། །མངོན་སུམ་བཞིན་དུ་ངེས་པར་རོ། །དེ་ཡི་གཟུགས་བརྙན་བྱུང་ནས་ནི། །ཕྱི་ནས་དཀྱིལ་འཁོར་བརྩམ་པར་བྱ། །བློ་ལྡན་སློབ་མ་ཡོན་ཏན་ལྡན། །དེ་བཞིན་ཡོ་བྱད་ཡོངས་སུ་རྫོགས། །སྔོན་དུ་འདུས་བྱས་སའི་དབུས་སུ། །ས་ལ་རེག་པས་ཉེར་གནས་པའི། །འདོད་པའི་ཡན་ལག་ཅན་མ་བསྐུལ། །ཀུན་ནས་ས་ལ་གསོལ་བ་གདབ། །མཁའ་འགྲོ་རྒྱ་མཚོའི་འབྱོར་ལྡན་པས། །ལག་པ་གཡས་པ་ཟླ་དཀྱིལ་ལ། །འོད་ཟེར་བཟང་པོས་འཁྲིགས་འཕྲོ་བས། །ཧཱུཾ་ཞེས་བྱ་བ་གསུམ་དགོད་བྱ། །སོར་མོའི་རྩེ་མོས་ས་དེ་ལ། །མཁས་པས་ལན་གསུམ་བསྣུན་པར་བྱས། །དེའི་སྒྲ་རྣམས་ཀྱིས་བསྐུལ་བ་དང༌། །ཧཱུཾ་འོད་རྣམས་ཀྱིས་དེ་བཞིན་ནོ། །བཀུག་པའི་ལྷ་མོ་ཞི་བ་ཡིས། །ཁ་དོག་སེར་པོ་ན་བཟའ་དཀར། །བུམ་པ་དང་ནི་མི་འཇིགས་ཕྱག །དེ་ནི་རྒྱན་ཐམས་ཅད་ཀྱིས་བཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་མོ། །མདུན་དུ་བཞུགས་པ་རྣམས་བསམས་ནས། །མཆོད་ཡོན་སྦྱིན་སོགས་བྱས་ནས་ནི། །ཚིགས་བཅད་གཉིས་པོ་འདི་བརྗོད་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་ཚུལ་ཁྱད་པར་རྣམས་སུ་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་


DTG023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པར་བྱ། དེ་ནས་སོ་སོ་མཆོད་བྱས་ནས། །མངོན་པར་དགའ་བའི་སེམས་ཀྱིས་ནི། །ཞལ་གྱི་པདྨ་རབ་བཞད་ཅིང༌། །སྐུ་ཕྱེད་འཐོན་ནས་ལྷ་མོ་ནི། །མཉམ་པར་གཞག་པས་ངེས་བལྟས་ནས། །དེ་ལྟར་བགྱི་ཞེས་བརྗོད་ནས་ནི། །དེ་ལ་ཐིམ་པར་བསམ་པར་བྱ། །རྡོ་རྗེ་བཅིངས་པ་བརྐྱང་བྱས་ནས། །ས་ལ་དེ་ཡིས་གདབ་པར་བྱ། །ཨོཾ་བཛྲི་བྷ་བ་ཧཱུཾ་ཞེས་བྱ་བ་བརྗོད་པར་བྱའོ། །ཡང་ཨོཾ་བཛྲ་དྲྀ་ཌྷ་ཏིཥྛ་ཞེས་བྱ་བ་བརྗོད་པར་བྱའོ། །བྱིན་གྱིས་བརླབས་པའི་ས་དེ་ནི། །རུང་བར་གྱུར་པའི་ས་ཡིན་ནོ། །ས་ལ་གསོལ་བ་གདབ་པའི་ཆོ་གའོ། །དེ་ནས་ཕྱི་ནས་སློབ་དཔོན་ནི། །ཕྱག་རྒྱའི་རྒྱན་གྱིས་བརྒྱན་པ་དང༌། །གཙུག་ཏོར་དང་ནི་གོས་དཀར་བགོས། །ཙནྡན་སོགས་པས་ཐིག་ལེ་གསུམ། །རྡོ་རྗེ་དྲིལ་བུ་བཟུང་བ་གང༌། །སློབ་མ་ལེགས་པར་བསླབས་པ་རྣམས། །མཁའ་འགྲོ་རྒྱ་མཚོའི་རྣལ་འབྱོར་གྱིས། །སློབ་མ་རྣམས་ཀྱང་དཔའ་རྣམ་པ། །ཁཎྜ་རོ་ཧའི་གཟུགས་ཀྱིས་ནི། །སྒྲུབ་པའི་གྲོགས་མཆོག་སྤྲུལ་པར་བྱ། །མཆོད་པའི་ཆོ་ག་སླར་བྱས་ནས། །བློ་དང་ལྡན་པས་བགེགས་བསལ་བྱ། །དེ་ལ་སློབ་དཔོན་རིམ་ཞེས་བྱ། །རྐང་པ་གཉིས་སུ་ཨཱཿ་ལས་ནི། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །མ་ཊ་མིག་གཉིས་ལས་བལྟས་ནས། །དེ་ལ་ཉི་མ་ཟླ་བ་གཉིས། །ལག་པ་གཡས་པས་ཉི་མའི་མིག །རྡོ་རྗེ་འོད་ཟེར་འཕྲོ་དེ་བཞིན། །མིག་གཡས་ཧཱུཾ་ཡིག་བསྐལ་པའི་མེ། །རྡོ་རྗེ་གསོར་བར་བྱེད་བརྩོན་པས། །རྐང་པའི་འགྲོས་ཀྱིས་འོད་ཟེར་ཚོགས། །རྡོ་རྗེ་མེ་ཡི་ཚ་ཚ་འདྲས། །གདུག་པ་ཅན་རྣམས་འགྲོས་བལྟས་ནས། །གཡོན་པའི་ཟླ་བ་དྲི་མེད་ལ། །ཨོཾ་ལས་བྱུང་བའི་འོད་ཟེར་ནི། །བདུད་རྩིའི་ཚོགས་ལྡན་པ་རྣམས་ཀྱིས། །རང་གི་འཁོར་ཚོགས་འཐུང་བྱེད་ཅིང༌། །ཚིམ་པར་བྱེད་པ་ཆེན་པོའོ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །རྡོ་རྗེ་བསྙེམས་པའི་རོལ་བཅས་པས། །གཙོ་བོ་སློབ་མ་བཅས་རྣམས་


DTG023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས། །རྡོ་རྗེའི་རྐང་པས་བོར་ཞིང་བསྐོར། །གསེར་གྱིས་གཞིའི་མཐར་ཐུག་པར། །ས་ནི་རྡོ་རྗེའི་རང་བཞིན་བྱ། །ལག་པ་གཡོན་པས་དྲིལ་དཀྲོལ་ཞིང༌། །གཡས་པས་རྡོ་རྗེ་གསོར་བ་ན། །ཧཱུཾ་ཞེས་བྱ་བ་བརྗོད་བཞིན་དུ། །རྡོ་རྗེ་ལྟ་བས་ཀུན་བལྟས་ནས། །ས་དེར་གནས་པའི་སྡང་བ་རྣམས། །མཁས་པས་རབ་ཏུ་བསྐྲད་པར་བྱ། །རྒྱ་ཆེ་བ་ཡི་དང་འདི་ནི། །སྔགས་དང་འདྲ་བར་སངས་རྒྱས་གསུངས། །དེངས་ཤིག་ཡོད་པར་གྱུར་པ་གང་སུ་དག །ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་དྲགས་དང་ཤ་ཟ་དང༌། བརྗེད་བྱེད་དང་འབྱུང་པོ་དང་མཁའ་འགྲོ་མ་དང་གནོན་པོ་དང་རྒན་པོ་དང་རྒན་མོ་དང་རྗེས་སུ་སྤྱོད་པའི་འཁོར་དང༌། ནམ་མཁའ་ལྡིང་དང་མི་འམ་ཅི་དང་སྐྱེས་བུ་སྔགས་གྲུབ་པ་རྣམས་སའི་ཕྱོགས་འདིར་སློབ་མ་ཆེ་གེ་མོ་ཞེས་བྱ་བ་ཡང་དག་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་དོན་དང༌། སེམས་ཅན་གྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་རྒྱུར་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོ་འཁོར་ལོ་བཅུ་གཉིས་སུ་མངོན་པར་བརྗོད་པའི་དཀྱིལ་འཁོར་བདག་གིས་བྱའོ། །དཔལ་མཁའ་འགྲོ་རྒྱ་མཚོའི་བཀའ་འདི་ཐོས་ནས་མྱུར་དུ་འགྲོ་བར་གྱིས་ཤིག །གང་ཞིག་མི་འགྲོ་ན་དེ་ལ་བདག་དཔལ་ཧེ་རུ་ཀ་རྡོ་རྗེ་རབ་ཏུ་འབར་བའི་ཧཱུཾ་ཞེས་བརྗོད་པས་རབ་ཏུ་ཁྲོས་པའི་ཞལ་ཅན་ཀུན་ནས་འབར་བས་ཡེ་ཤེས་ཆེན་པོའི་རྡོ་རྗེས་སྤྱི་བོ་བརྒྱར་འགས་པར་བྱའོ་ཞེས་བརྗོད་ཅིང་སྔགས་པས་གཡས་སུ་ལན་གསུམ་བསྐོར་བར་བྱའོ། །བགེགས་ཐམས་ཅད་འབྲོས་པར་བསམ་པར་བྱའོ། །དེ་ནས་གོམ་པ་ལྔས་གནས་ལྔའི་སྔོན་བཞིན་ནོ། །གཞན་ཡང་རྒྱས་པ་ནི་སྟང་སྟབས་དྲུག་ཅུ་རྩ་བཞི་ལ་སོགས་པས་ཤེས་པར་བྱའོ། །འདི་ནི་བགེགས་བསྐྲད་པའི་ཆོ་གའོ། །དེ་ནས་ཕུར་བུས་གདབ་པར་བྱ་སྟེ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་འབར་བའི་མེ་དང་འདྲ་བར་བསྒོམས་ཏེ་ཧཱུཾ་ཞེས་བརྗོད་པ་དང༌། སྙིང་ག་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་མདུན་དུ་ཕྱུང་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས་ནས། ཨོཾ་སུམྦྷ་ནི་ལ་སོགས་པ་བརྗོད་པས་བགེགས་ཀྱི་བདག་པོ་ཐམས་ཅད་


DTG023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀུག་སྟེ་མེ་ལ་སོགས་པའི་གྲྭ་བཞིར་བཞག་ནས་སེང་ལྡེང་ལས་བྱས་པའི་ཕུར་བུ་ནམ་མཁའི་སྙིང་པོ་དང༌། པདྨ་གར་གྱི་དབང་ཕྱུག་དང༌། རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའི་ངོ་བོ་བཞི་བྱས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ཏེ། མེ་ལ་སོགས་པ་ནས་རིམ་པས། །ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པས་བགེགས་ཀྱི་བདག་པོའི་སྤྱི་བོ་ནས་རྐང་པའི་བར་དུ་ཕུར་བུས་གདབ་བོ། །ཕུར་བུ་དེ་རྣམས་ཀྱི་སྟེང་དུ་ཨ་ལས་ཉི་མ་བསྒོམས་ཏེ་དེའི་འོད་ཟེར་གྱིས་བགེགས་ཐམས་ཅད་ཐལ་བར་གྱུར་བར་བསམ་མོ། །དེ་ནས་ཧེ་རུ་ཀ་རྣམས་ཐུགས་ཀར་བསྡུས་ཏེ། ཡང་བགེགས་དབྱུང་བའི་དགོས་པ་ལ་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་གཞལ་ཡས་ཁང་གི་ཕྱི་རོལ་དུ་རྟ་མགྲིན་ཕྱུང་སྟེ་དེ་རྣམས་ཡོངས་སུ་གྱུར་པ་ལས་མཚོན་ཆ་སྣ་ཚོགས་རྡོ་རྗེར་བསམ་པར་བྱའོ། །དེ་ནས་རྡོ་རྗེའི་ལྟ་བས་ཀུན་དུ་བལྟ་བར་བྱ་ཞིང་ཧཱུཾ་ཞེས་བྱ་བ་ལན་བརྒྱར་བརྗོད་པར་བྱའོ། །ས་སྦྱང་བའི་ཆོ་གའོ།། །།དེ་ནས་ས་བཟུང་བ་ནི་ལེགས་པར་བསླབ་པའི་རིམ་པ་དང་སའི་དབུས་སུ་འདུག་ལ། མངོན་པར་རྟོགས་པ་ནས་འབྱུང་བ་བཞིན་དུ་ཐིག་ལེ་དང་ཕྲ་མོའི་མཐར་ཐུག་པར་བསྒོམས་ཏེ། དེ་ནས་ཕྱོགས་བཞིར་ཁཎྜ་རོ་ཧའི་ང་རྒྱལ་འཛིན་པ་བཞིན། དེ་བཞིན་གཤེགས་པ་ཀུན་ཞི་བ། །ལ་སོགས་པས་གསོལ་བ་གདབ་པོ། །དེ་ནས་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་སེམས་དགའ་བ་བསྐྱེད་དོ། །དེང་འདིར་བདག་སྐྱེས་འབྲས་བུ་ཡོད། །བདག་གི་འཚོ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཐམས་ཅད་དང༌། །བདག་ནི་མཉམ་གྱུར་ཐེ་ཚོམ་མེད། །བདག་ནི་ཉི་མ་དེང་མཆོག་ཡིན། །དེང་བདག་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཀྱིས་རྗེས་བརྩེ་བ་ཡིས། །བཀའ་ལུང་ཐོབ་པར་བདག་གིས་ཤེས། །ཞེས་བརྗོད་པར་བྱའོ། །དེ་ནས་རབ་ཏུ་དགའ་བའི་སེམས་ཀྱིས་སྙིང་ག་ནས་སྤྲོས་པའི་པི་ཝང་མ་ལ་སོགས་པ་དང༌། གཽ་རཱི་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང༌། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱ་སྟེ། ཧེ་རུ་དཔལ་ཡེ་ཤེས་ཆེ། །རྣལ་འབྱོར་ཆེན་པོ། །མགོན་པོ་ཆེ་པོ་བྱེད་པ་ཆེ། །


DTG023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐེག་པ་ཆེན་པོ་ཤིང་རྟ་ཆེ། །གསུང་བ་ཆེན་པོ་ཤེས་རབ་ཆེ། །དཔའ་བོ་ཆེན་པོ་དོན་ཆེན་མཛད། །འཛིན་པ་ཆེན་པོ་ང་རྒྱལ་ཆེ། །རྒྱལ་པོ་ཆེན་པོ་མཆོད་པ་ཆེ། །སྲིད་པ་ཆེན་པོ་སིམ་པ་ཆེ། །རོལ་པ་ཆེན་བོ་གནས་ཆེན་པོ། །མཚོན་ཆ་ཆེན་པོ་དྲག་པོ་ཆེ། །བཞད་པ་ཆེན་པོ་དཀའ་ཐུབ་ཆེ། །ཞེ་སྡང་ཆེན་པོ་འདོད་ཆགས་ཆེ། །གཏི་མུག་ཆེན་པོ་སྟོབས་ཆེན་པོ། །སྤུན་པ་ཆེན་པོ་སྒྲ་ཆེན་པོ། །སྙེམས་པ་ཆེན་པོ་སྟོབས་ཆེན་པོ། །སྐུ་གསུམ་ལམ་གསུམ་ཆ་བྱད་ཅན། །འཁོར་ལོ་གསུམ་དང་སྲིད་གསུམ་མཆོག །དྲི་མ་གསུམ་སྤངས་དགེ་བ་གསུམ། །སྤྱན་གསུམ་སུམ་ཅུ་གསུམ་དབང་ཕྱུག །སྲིད་པ་གནོན་པ་སྲིད་རྩེའི་མཆོག །སྲིད་པ་ལྡན་པ་སྲིད་ལས་འདས། །སྲིད་པ་དངོས་མེད་སྲིད་སྣང་བ། །སྲིད་པའི་སྟེང་མ་སྲིད་གཙོ་བོ། །རྣལ་འབྱོར་སྤྱོད་པས་རྣལ་འབྱོར་ཆེ། །རྣལ་འབྱོར་མ་ཡི་རྣལ་འབྱོར་བརྩོན། །སྦྱོར་ཤེས་རྣལ་འབྱོར་པ་ཡོངས་བྱུང༌། །རྣལ་འབྱོར་རྣལ་འབྱོར་མངོན་འཇོམས་པོ། །རྡོ་རྗེ་དཔལ་དབང་ཕྱུག་དགྱེས་པ། །རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་ཕྲད་པའི་ལུས། །རྡོ་རྗེ་རྡོ་རྗེའི་ཕྱག་ཆེན་པོ། །རྡོ་རྗེའི་གར་ནི་བརྟན་པ་ཆེ། །རྡོ་རྗེ་གླུ་ནི་སྒྲ་ཆེན་པོ། །རྡོ་རྗེ་པདྨའི་ཏིང་འཛིན་བཞུགས། །རྡོ་རྗེ་གདན་ནི་དགའ་བར་དབྱེས། །བདེ་བའི་བཞེད་པ་ཐོབ་པ་སྟེ། །འོད་ཀྱི་སྐྱེ་བོ་སྐྱོང་བ་པོ། །ལུང་ངག་ཡིད་ཀྱིས་ཐམས་ཅད་དུ། །ཁྱོད་ལ་གུས་པས་བདག་འདུད་དོ། །མཁའ་འགོ་དྲ་བ་ལ་ཕྱག་འཚལ། །ཕྱག་འཚལ་མཁའ་འགྲོའི་དཀྱིལ་འཁོར་ལ།། སྟོང་ཉིད་ཡེ་ཤེས་ཕྱག་འཚལ་ལོ། །སྟོང་པའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་དང༌། ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་པ་ཡི་དོན་བདག་མེད་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་གསུང་ཐུགས་ནི་ཤིན་ཏུ་དག །ནམ་མཁའ་མཉམ་པ་ཉིད་ཀྱི་གནས། །རྣམ་པར་འགྱུར་མེད་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །དེ་བཞིན་གཤེགས་པ་ཐུགས་ཀྱི་གཙོ། །དུས་གསུམ་ལས་ལ་གནས་པ་སྟེ། །གོ་སྐབས་ཆེན་པོ་དབྱིངས་འབྱུང་བ། །ནམ་མཁའ་ལ་ནི་ཕྱག་འཚལ་འདུད། །ནམ་མཁའི་སྐུ་ནི་ཡང་


DTG023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་བྱུང༌། །ནམ་མཁའི་གསུང་ནི་རབ་འཇུག་པ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་མཆོག །སྤྱོད་པའི་གོ་འཕང་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པ་རྣམས་སྦྱོང་བ། །ཀུན་དུ་བཟང་པོ་མཆོད་པའི་མཆོག ། རྒྱལ་བ་མཆོག་གི་མཆོད་པ་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་ཉེར་སྟོང་པ། །ནམ་མཁའི་ཁམས་དང་མཉམ་པའི་མཆོག །རྒྱལ་བ་མཆོག་གི་མཆོད་པ་གསུངས། །ཐར་པའི་ལམ་གྱི་རབ་སྒྲོལ་བ། །ཐེག་གསུམ་མཆོག་ལམ་གནས་པ་པོ། །སངས་རྒྱས་བསྐལ་བཟངས་ཡི་བདག །དོན་ཡོད་མཆོད་པ་མི་ཡི་མཆོག །བྱང་ཆུབ་སེམས་ནི་ཡངས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྐུ་གསུང་ཐུགས་ནི་ཡོངས་སུ་དག །རྡོ་རྗེ་ཐེག་པ་ཕྱག་འཚལ་ལོ། །ཞེས་བྱ་བས་བསྟོད་པ་བྱ་སྟེ། རང་ཉིད་ལ་བསྡུ་བར་བྱའོ། །སྔར་གྱི་ནམ་མཁའི་དཀྱིལ་འཁོར་གསལ་བར་དམིགས་ཏེ། རང་གི་དཀྱིལ་འཁོར་ནམ་མཁའ་ལ་བློས་བཏེག་ལ་དེ་དང་བསྲེ་བར་བྱའོ། །རང་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པ་བྱས་ནས། ལངས་ཏེ་སྔར་བཞིན་ཞབས་དང་སྤྱན་བྱིན་གྱིས་བརླབས་ཏེ་རིག་མ་དང་བཅས་པ་རོལ་པའི་ཚུལ་གྱིས་ཕྱོགས་ཀུན་དུ་བལྟ་ཞིང་གསེར་གྱི་ས་གཞི་ལ་ཐུག་པ་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་ཅིང་ཧཱུཾ་ཞེས་བརྗོད་པས་སྔར་བཞིན་བསྐོར་བར་བྱའོ། །ཡང་དེའི་དབུས་སུ་བསྡད་ནས་མིག་གཡས་པ་ཨ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་གི་མིག་འབྲས་བསམས་ཏེ་དེ་ལས་མེའི་ཚོགས་འཁྲུགས་པ་ཆེན་པོ་བྱུང་བས་མེའི་ར་བ་ཇི་ཙམ་འདོད་པ་བསམ་པར་བྱའོ། །དེའི་ནང་དུ་ཧཱུཾ་སྔོན་པོ་འཁྲིགས་པས་མིག་གི་ཧཱུཾ་ལས་འོད་འཕྲོས་ལ་དེ་རྣམས་གྱུར་པས་ཞེ་སྡང་རྡོ་རྗེའི་ར་བའོ། །དེ་བཞིན་དུ་ཨཱཿ་དམར་པོ་སྤྲོས་པ་ལས་འདོད་ཆགས་པདྨའི་ར་བར་བྱའོ། །དེ་བཞིན་དུ་ཨོཾ་དཀར་པོ་འཕྲོས་པ་ལས་གཏི་མུག་འཁོར་ལོའི་ར་བའོ། །དེ་ནས་མིག་གཡས་ཉི་མ་གཡོན་ཟླ་བ་དང་སྣའི་རྩེ་མོར་ཨོཾ་བསམས་ཏེ་གཡས་པ་བར་སྣང་ལ་ལྟ་བས་དེའི་ཕྱི་རོལ་དུའང་ར་བ་གསུམ་བྱའོ། །མཚོན་ཆའི་རང་བཞིན་དུ་སྟེང་དུ་གུར་བྱའོ། །དེ་ནས་དེའི་སྟེང་དུ་ཁོ་བོ་རྟ་མགྲིན་བསྐལ་པའི་མེ་ལྟར་


DTG023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གློག་གི་མདོག་ཅན་ལྗགས་འདྲིལ་བ་དྲག་པོ་ཆེན་པོ་བསམས་ཏེ་བགེགས་ལྷག་མ་འཇོམས་པར་བསྒོམ་མོ། །དེ་ནས་སའི་དབུས་དེ་ཉིད་དུ་ཉལ་བར་བྱའོ། །ས་གཞི་ཡོངས་སུ་བཟུང་བའི་ཆོ་གའོ།། །།དེ་ནས་ཚེས་ནི་བཅུ་བཞི་ལ། །བཟུང་བྱས་རང་བཞིན་དག་པར་ཕྱིས། །ཡེ་ཤེས་རྒྱ་མཚོའི་ས་ཡི་ཆར། །སློབ་མ་ལ་སོགས་ལྷག་གནས་བྱ། །དེ་ལ་རེ་ཞིག་ཐོག་མར་ནི། །དོན་ལེགས་བྱེད་པའི་དོན་རིག་པ། །གྲུ་བཞིར་བྱས་པ་དག་པ་ལས། །དཀྱིལ་འཁོར་ལས་ནི་གཉིས་འགྱུར་རིང༌། །དེ་ནས་སྐུད་པ་དཀར་པོས་བྱ། །རང་དང་སྒྲུབ་པའི་གྲོགས་དག་གིས། །ཙནྡན་དཀར་པོ་དང་བསྲེས་པའི། །སཱ་ལུ་བཏབ་པས་སྤང་བར་བྱ། །ཐིག་གཉིས་ཀྱང་ནི་གདབ་པར་བྱ། །ཚངས་པའི་ཐིག་གི་ལོགས་གཉིས་སུ། །སུམ་ཅུ་རྩ་གཉིས་གདབ་པར་བྱ། །སླར་ཡང་དེ་ཡི་དབུས་གདབ་པས། །ཐིག་རྣམས་དྲུག་ཅུ་རྩ་བཞིའོ། །དེ་རྣམས་དབུས་སུ་དེ་མཉམ་པ། །སླར་ཡང་དེ་རྣམས་སུ་གདབ་བྱ། །མདོར་ན་འཁོར་ལོ་བཞི་པོ་ལ། །ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གོ །ཀུན་ནས་དུམ་བུ་བཅུ་དྲུག་ལས། །ཚོན་རྩི་ཡིས་ནི་རི་མོ་བྱ། །ལྷག་མ་སྒོ་ཡི་ཚད་དུ་ནི། །དབུས་མའི་པདྨ་ལ་སོགས་བྱ། །འོན་ཀྱང་དབུས་ཀྱི་པདྨ་དེར། །སོར་ནི་བཅུ་གཉིས་བྱ་བ་ཡིན། །འཁོར་ལོ་གསུམ་ནི་བཞི་པོ་ལ། །དུམ་བུ་གསུམ་གསུམ་བྱ་བ་ཡིན། །དུམ་བུ་རེ་རེ་ལ་ནི་ཁྲུ། །གཉིས་གཉིས་མཁས་པ་རྣམས་ཀྱིས་བྱ། །གཞན་ཡང་ཕྲ་མོ་གདབ་པ་རྣམས། །འདི་རུ་བརྗོད་ཀྱང་མི་རྟོགས་པས། །ལག་ཏུ་བླང་རིམ་ལས་ཤེས་བྱ། །དེ་ནས་དགོངས་ཀའི་དུས་སུ་རང་ཉིད་མཁའ་འགྲོ་རྒྱ་མཚོའི་རྣལ་འབྱོར་སྔོན་དུ་སོང་བས་དཀྱིལ་འཁོར་ལ་བདུད་རྩི་དང་ལྡན་པའི་དྲི་ཞིམ་པོས་གཏོར་ཞིང་ཡི་གེ་གསུམ་བརྗོད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་བདུད་རྩི་དང་བཅས་པའི་དྲི་ཞིམ་པོས་ཐིག་ལེ་བྱའོ། །དེ་ནས་རང་རང་གི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་དགོད་པར་བྱའོ། །དེ་ནས་གཙོ་བོའི་གནས་སུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་སྔོན་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཉི་མ་ལ་ཧཱུཾ་བསམས་ཏེ་


DTG023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལས་འཁོར་ལོ་བཅུ་གཉིས་སྤྲོས་ཏེ། འགྲོ་བ་དག་པ་བྱས་ཏེ་དེ་ཉིད་ཀྱི་རྣམ་པར་བྱས་པ་དང༌། གདོད་མ་ནས་གྲུབ་པའི་སངས་རྒྱས་ཐམས་ཅད་བཀུག་སྟེ་ཞུགས་པ་ཡོངས་སུ་གྱུར་པ་ལས་ལྷ་ཐམས་ཅད་དུས་གཅིག་ཏུ་བསྐྱེད་དོ། །གོ་ཆ་ཡང་བྱས་ཏེ་དེ་ནས་དེ་ཉིད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་དང་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྦྱོར་བས་ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿ་ཡེ་ཤེས་སེམས་དཔའ་དགུག་པར་བྱའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་གུ་ཧྱ་མཎྜལ་ཧཱུཾ། ཞེས་བྱ་བས་གཞུག་པར་བྱའོ། །ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུཾ། །ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྔགས་མ་ལུས་པ་བརྗོད་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དབང་བསྐུར་བ་དང་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱས་ཏེ། མཆོད་པ་ལྔ་ལ་སོགས་པ་ནས་ཕྱིའི་མཆོད་པའི་ཁྱད་པར་ཐམས་ཅད་དང༌། ལྷ་མོ་བརྒྱད་དང་བཅུ་དྲུག་སྤྲོས་ལ་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པ་མ་ལུས་པར་བྱའོ། །ཆང་དང་བདུད་རྩིར་བཅས་པ་པདྨའི་སྣོད་བཟང་པོ་ལ་གནས་པ་ལ་གཏོར་མ་སྦྱོང་བའི་ཆོ་གས་སྦྱངས་ཏེ་ལྷ་ཐམས་ཅད་ཀྱི་སྔགས་བརྗོད་ཅིང་ཚིམ་པར་བྱའོ། །དེ་ནི་ལྷ་ལྷག་པར་གནས་པའོ།། །།དེ་ནས་བུམ་པ་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་སློབ་མའི་རིམ་པས་རྒྱུད་ཀྱི་བྱེ་བྲག་ཀྱང་ཤེས་པར་བྱ་ཏེ། ལྷའི་གྲངས་དང་མཉམ་པའམ། །ཇི་ལྟར་བསྡུས་པ་ཡང་རུང་སྟེ་ཐམས་ཅད་དཀར་པོར་བྱུགས་ལ་གཙོ་བོ་རྣམ་པར་རྒྱལ་བ་ལ་པདྨ་དང་ཉི་མ་ལ་རྡོ་རྗེ་དང་གྲི་གུག་གོ །གཞན་ལྷག་མ་རྣམས་ལ་པདྨ་དང་རོའི་སྟེང་དུ་གྲི་གུག་གོ །བསྐལ་པ་བཟང་པོ་པ་རྣམས་ལ་པདྨ་དང་ཟླ་བ་ལ་གནས་པའི་ཆོས་འཆད་པའི་ཕྱག་རྒྱའོ། །ས་ཧ་དེ་བ་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། དཎྜོཏྤལ་དང༌། རྣམ་པར་རྒྱལ་བ་དཀར་པོ་སྟེ་སྨན་ལྔ་དང༌། གྲོ་དང༌། འབྲས་སོ་བ་དང༌། ཏིལ་དང༌། མ་ཤ་དང༌། ནས་ཏེ་འབྲུ་ལྔ་དང༌། གསེར་དང་དངུལ་དང་བྱི་དུ་དང་མུ་མེན་དང་མུ་ཏིག་སྟེ་རིན་པོ་ཆེ་ལྔ་དང༌། དྲི་ཆེན་དང་དྲི་ཆུ་དང་བྱང་ཆུབ་ཀྱི་སེམས་དང༌། ཁྲག་དང་ཤ་ཆེན་པོ་


DTG023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ་བདུད་རྩི་ལྔ་ལ་སོགས་པ་དེ་རྣམས་ནང་དུ་བཅུག་སྟེ་དྲི་ཞིམ་པོའི་ཆུས་བཀང་ལ། མྱ་ངན་མེད་པ་དང་བྱང་ཆུབ་ཤིང་དང་ཨ་མྲ་དང་ནྱ་གྲོ་དྷ་དང་ཨུ་དུམྺཱ་རའི་ཡལ་གས་ཁ་བརྒྱན་ཏེ་རས་བཟང་པོ་ཟུང་གཅིག་གིས་མ་ལུས་པ་བཅིངས་པ། ཀུ་ཤའི་སྟེགས་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་གཙོ་བོའི་མདུན་དུའོ། །ལྷག་མ་དཀྱིལ་འཁོར་ལ་བསྐོར་ལ་གཞག་གོ །རྣམ་པར་རྒྱལ་བའི་བུམ་པ་མི་དམིགས་པ་ལས་བཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་བུམ་པའོ། །དེའི་ནང་དུ་ཧྲཱིཿ་སྣ་ཚོགས་པའི་མདོག་ཅན་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའོ། །དེའི་ལྟེ་བའི་ཉི་མ་ལ་ཆོ་ག་གསུམ་གྱིས་ལྷ་ཐམས་ཅད་བསྐྱེད་དེ། ཡེ་ཤེས་སེམས་དཔའ་བསྟིམས་ལ་སྙོམས་པར་ཞུགས་པས་ཆུའི་ངོ་བོར་གྱུར་པ་ལས་དྲི་ཞིམ་པོ་དང་ལྡན་པ་མེ་ཏོག་དང་བཅས་པའི་དུང་སྟེང་དུ་བཞག་པ་ལས་ཆུ་ཅུང་ཞིག་ནང་དུ་བླུགས་ཏེ་གཙོ་བོའི་སྙིང་པོ་སྟོང་ཕྲག་གཅིག་དང་བརྒྱ་རྩ་བརྒྱད་བཟླས་སོ། །ལྷ་རྣམས་ཀྱི་བརྒྱ་རྩ་བརྒྱད་ཀྱང་བཟླས་ཏེ་དེ་ཡང་རྡོ་རྗེ་མེ་ཏོག་གི་ཕྲེང་བ་བཏགས་པ་སྟེང་དུ་བཞག་ནས་སོ། །དེ་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་བྱའོ། །བུམ་པ་ལྷག་མ་ཐམས་ཅད་མིང་གི་ཡི་གེ་དང་པོ་ལས་ཆོ་ག་གསུམ་གྱིས་བསྐྱེད་པ་ལ་སོགས་པ་གོང་བཞིན་དུ་བྱའོ། །ལས་ཐམས་ཅད་པར་རོ་ལངས་ལ་གྲི་གུག་བྲིས་ཏེ་དུམ་སྐྱེས་མ་བསྐྱེད་ལ་དེའི་སྔགས་བརྒྱ་རྩ་བརྒྱད་བསྔགས་བརྒྱ་རྩ་བརྒྱད་བསྔགས་ཏེ། མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་ཕྱིའི་ཤར་སྒོའི་བྱང་དུ་བཞག་སྟེ་འདི་སྐད་བརྗོད་པར་བྱའོ། །ཇི་སྲིད་དཀྱིལ་འཁོར་བྱས་པ་ཡི། །དེ་སྲིད་བྱ་བ་མ་རྫོགས་པར། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་པ་བསད་པར་མཛོད། །ཅེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་གཏོར་མ་ཤིན་ཏུ་རྒྱ་ཆེན་པོ་གཏང་བར་བྱའོ། །དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་རྒྱས་པའི་ཐབ་ཏུ་མེ་ལྷ་ཚིམ་པའི་རྗེས་སུ་ལྷ་རྣམས་རང་རང་གི་སྔགས་བརྗོད་པས་དཀྱིལ་འཁོར་ནས་མེ་ཏོག་གིས་སྤྱན་དྲངས་ལ་ཚིམ་པར་བྱའོ། །དེ་ནས་རང་གི་སྔགས་བརྗོད་པས་མེ་ཏོག་གིས་དཀྱིལ་འཁོར་དུ་ཞུགས་པར་བྱའོ། །ལྷག་མ་སྦྱིན་སྲེག་གི་ཆོ་ག་ལས་རྒྱས་པར་ཤེས་པར་བྱའོ། །དེ་ནི་


DTG023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུམ་པ་ལྷག་པར་གནས་པར་ཞར་ལ་བྱུང་བ་དང་བཅས་པའོ།། །།སློབ་མ་དང་ཅིང་གུས་ལྡན་པ། །བསྙེན་གནས་ལེགས་པར་བཟུང་བ་ཡིས། །ཡན་ལག་དྲི་ཡི་ཆུས་བཀྲུས་ལ། །མཎྜལ་བྱས་ནས་ཕྱག་བྱས་ཏེ། །མེ་ཏོག་བཅས་པའི་ཐལ་སྦྱར་པས། །པུས་མོ་གཡས་པ་སར་བཙུགས་ལ། །བླ་མས་འདི་སྐད་བརྗོད་པར་བྱ། །ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་མཆོག་དོན་གཉེར། །འཇིག་རྟེན་མཆོག་དོན་གཉེར་བ་ཡི། །དད་པ་མང་དུ་བྱེད་བ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱེད། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེད། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་ནས་སློབ་མ་གུས་ལྡན་པས། །བླ་མ་ལ་ནི་འདི་སྐད་བརྗོད། །ཁྱོད་ནི་སྟོན་པ་དཔའ་ཆེན་པོ། །རྡོ་རྗེ་ཕག་མོ་བདག་སྦྱོར་བ། ། མགོནཔོ་ཆེན་པོ་བདག་འཚལ་ལོ། །བྱང next hit་ཆུབ་ཆེན་པོའི་ཚུལ་བརྟན་པ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མ་མི་དམིགས་པར་བྱས་ཏེ་ཆོ་ག་གསུམ་གྱིས་གཙོ་བོའི་གཟུགས་སུ་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་མདུན་དུ་བཞག་ལ་འདི་སྐད་བརྗོད་པར་བྱའོ། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་གང༌། །འགྲོ་ལ་ཕན་ཕྱིར་བཞུགས་པ་སྟེ། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་


DTG023_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་མཐུན་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་དག་ན་སྤངས་ནས་སུ། །བཟང་པོ་བརྩོན་པའི་ཡིད་ཀྱིས་ཉོན། །མ་ལུས་བརྗེད་མེད་བློ་གྲོས་ལ། །རྡོ་རྗེ་སེམས་དཔའ་ལ་སོགས་ཀྱི། །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས། །ཞེས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་སྡིག་པ་བཤགས་སོགས་བྱ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་དུ་རྣམ་པར་བཞུགས་པ་ལ་སྐྱབས་སུ་མཆིའོ། །བླ་མ་མེད་པ་ངེས་པར་འབྱུང་བ་ཆེན་པོ་ཅན་གྱི་ཆོས་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པ་ཕྱིར་མི་ལྡོག་པ་ཅན་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཇི་སྲིད་ཐོག་མ་མེད་པ་འཁོར་བ་ནས་འཁོར་བ་ན་སྡིག་པ་ཅན་གྱི་ལས་བགྱི་བ་དང༌། བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་སྙིང་པོ་དང་ཕྱག་རྒྱ་དང༌། གསང་སྔགས་དང་རིག་པའི་ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བླ་ན་མེད་པའི་བཤགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་བཞིན་དུ་སོ་སོར་བཤགས་པར་བགྱིའོ། །ཆོས་ཀྱི་དབྱིངས་མ་ལུས་པ་དང་མཉམ་པར་སོན་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ༌།།


DTG023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་རྣམས་བླ་མ་མེད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་གདབ་པར་བགྱིའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྣམས་སེམས་ཅན་གྱི་ཁམས་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་འགྱུར། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་དེ། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་བརྗོད་པར་བྱའོ། །དེ་ནས་སྙིང་པོའི་སྔགས་བྱིན་རླབས། །བ་ཡི་དྲི་ཆུས་ཡོངས་སུ་བརླན་པའི། །རྡོ་རྗེ་སེམས་དཔའ་དང་བཅས་ཕྱག །སྙིང་གར་སྔགས་རིག་པས་བཞག་ནས། །བྱིན་གྱིས་བརླབ་དང་དེ་ནས་ཕྱིས། །སྔོན་བཞིན་དུ་ནི་གོ་ཆ་བྱ། །ཇི་ལྟར་ཉེར་སྤྱོད་ལྔ་རྣམས་ཀྱིས། །དེ་རྣམས་སོ་སོར་མཆོད་བྱས་ན། ཁཎྜ་རོ་ཧས་མངོན་བསྔགས་པའི། །དྲི་ཞིམ་ཆུ་ཡིས་ལུས་བྱུགས་ལ། །མེ་ཏོག་དཀར་པོ་རྩེ་མོར་བཅིང༌། །ལོ་མ་དང་བཅས་ཨུ་དུམ་སོགས། །མངར་པོ་སོ་ཡི་ཤིང་བུ་ནི། །ཇི་སྲིང་སོར་བཅུ་གཉིས་ཚད་ཅན། །དེ་རྣམས་ལག་ཏུ་བྱིན་ཏེ་གནས། །ཤར་དུ་ཕྱོགས་པས་བཀུར་བར་བྱ། །དུམ་སྐྱེས་མ་ཡིས་མངོན་བསྔགས་པས། །ཆུ་ཡིས་ཁ་བཤལ་བྱིན་ནས་ནི། །སོ་ཤིང་ལྟུང་བ་རྣམས་ཀྱིས་ནི། །དངོས་གྲུབ་རྒྱུ་རྣམས་ཤེས་པར་བྱ། །དེ་ནས་སྔོན་བཤད་གནས་བཞག་ནས། །དེ་རྣམས་ལག་པའི་ལོ་མ་རུ། །ཡི་གེ་གསུམ་གྱིས་མངོན་བསྔགས་པའི། །ཡང་དག་མཆོད་ནས་ཀུ་ཤ་སྦྱིན། །དེ་ནས་ཕྱིས་ནི་སྔགས་འདི་ཡིས། །དྲི་ཞིམ་པོ་ལ་བསྔགས་ནས་ནི། །འཐུངས་པས་སྡིག་པ་ཞི་དོན་དུ། །བདུད་རྩི་ལྔ་ཡི་ཆུ་སྦྱིན་བྱ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨྨཿ་སརྦ་པཱ་པ་ནི་ཙཱ་སྱ་བི་ཤོ་དྷ་ཡ་བོ་ཀལ་པཱ་ན་ཨ་པ་ན་ཡ་ཧཱུཾ་ལན་གསུམ་དུའོ། །དེ་རྣམས་སླར་ཡང་བསྲུང་དོན་དུ། །ཡི་གེ་གསུམ་གྱིས་བསྔགས་པ་ཡིས། །སྐུད་པ་མདུད་པ་གསུམ་བྱས་ནས། །དཔུང་པ་གཡོན་པར་བཅིང་བར་བྱ། །གོ་ཆ་དྲུག་ནི་བྱས་ནས་སུ།།


DTG023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན། སླར་ཡང་གནས་གསུམ་དུ། །དེ་རྣམས་སྲུང་བ་མཆོག་བྱས་ནས། །འདི་ལྟའི་ཆོས་ཀྱང་བསྟན་པར་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཨུ་དུ་མྺཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །ངེས་པས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་བ་བྱེ་བ་དུ་མ་རུ། །སྡིག་བ་བྱས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་པས་བྱང་བར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་བ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སྣག་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔའ་དང་ལྔ། །ཁྱེད་རྣམས་འདིར་ནི་དང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཀུན་གྱི་འདྲེན་པ་ཡི། །ཡོད་དང་མེད་པ་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་བརྟག་མེད་རྙོག་པ་མེད། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །བྱ་དང་ལས་ལ་སོགས་དང་བྲལ། །བདེན་པ་གཉིས་ལ་བརྟེན་པ་ཡི། །ཡེ་ཤེས་མཆོག་དང་གཙོ་འདི་ཡི། །ཚུལ་ལ་གནས་པར་གྱུར་པ་ཡིན། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་ཡང་སློབ་མ་རྣམས་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་དབང༌། །བྱིན་ནས་མགོན་པོས་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །


DTG023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་རྣམས་ཀྱི་དམ་ཚིག་དང༌། །གསང་པའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་གྱུར། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་བརྗོད་པར་བྱ། །འཁོར་ལོ་བཅུ་གཉིས་དཀྱིལ་འཁོར་ཆེ། །མཁའ་འགྲོ་རྒྱ་མཚོ་ཀུན་བཞེངས་པ། །དཔལ་ཧེ་རུ་ཀའི་དྲིན་གྱིས་གསུངས། །ཞེས་བྱ་དེ་ནས་སྨྲ་བ་ནི། །རྨི་ལམ་ཇི་ལྟར་རྙེད་པ་ཡང༌། །བདག་གི་མདུན་དུ་སྨྲ་བྱའོ། །ཞེས་བྱ་བ་ནི་ཡང་བརྗོད་ནས། །སློབ་མ་ཉལ་ས་བཟང་པོར་བཏང༌། །སློབ་མ་ཡོན་ཏན་ལྡན་པ་དེ། །དཀྱིལ་འཁོར་གྱི་ནི་སར་ཞུགས་ནས། །སྒོམ་པ་སོགས་དང་བཟླས་བྱས་ནས། །ལྕེ་ལ་ཟླ་བའི་སྟེང་གསལ་བ། །ཨཱཿ་ལས་འོད་དཔག་མེད་པ་ནི། །རང་གི་ལྷ་མོ་རང་ཕྱག་འཁྱུད། །འདི་དམིགས་བྱས་ནས་དེའི་སྙིང་གར། །ཨཱཿ་ཡི་ཡི་གེ་མཛེས་པ་དགོད། །སྒྲུབ་པ་པོ་ཡི་སྔགས་འདི་ཡིས། །ལེགས་པར་བྱིན་བརླབས་ལྕེ་དེ་ལ། །ཨོཾ་པདྨ་ས་རཱདྠ་ཏི་སུཪྻ་མཱ་བ་ཧཱ་ཡ་ཧྲཱིཿ་ཞེས་པ་བྱའོ། །ག་བུར་ཨ་རུར་བསྲེས་པ་ཡི། །དེ་ནས་འདུག་སྤོས་བླངས་ནས་ནི། །དཀྱིལ་འཁོར་པ་དང་སངས་རྒྱས་ནི། །དེ་རྣམས་ལ་ཉེར་སྙན་གསན་དབབ། །ཕྱོགས་བཅུ་རྫོགས་པའི་སངས་རྒྱས་ནི། །སྲས་བཅས་འཇིག་རྟེན་ལ་གྲངས་དང༌། །རྡོ་རྗེ་རིན་ཆེན་རིགས་དང་ནི། །པདྨ་ལས་ཀྱི་རིགས་དེ་བཞིན། །སྙིང་པོ་ཕྱག་རྒྱ་སྔགས་རིགས་པས། །གང་ཞིག་ལྷ་ཡི་ཚོགས་ཐམས་ཅད། །ཆོས་ཀྱི་དབྱིངས་ལ་བཞུགས་པ་ནི། །དེ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་དང༌། །མཁའ་འགྲོ་རྒྱ་མཚོ་དཔའ་མཆོག་གི །ཇི་ལྟར་ནུས་པའི་ཉེར་སྤྱད་ཀྱིས། །དཀྱིལ་འཁོར་བྲི་བར་བྱའོ་ཀྱེ། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྗེས་སུ་བརྩེ་བས་ཉེར་དགོངས་ལ། །ཉེ་བ་ཉིད་དུ་མཛད་པར་རིགས། །ཞེས་བྱ་བརྗོད་པས་ལེགས་མཆོད་དེ། །དེ་བཞིན་དཀྱིལ་འཁོར་སྟེང་དུ་ནི། །དཀྱིལ་འཁོར་ཐམས་ཅད་མ་ལུས་པ། །སྔོན་བཞིན་ནམ་མཁའ་ལ་བཞག་ནས། །དཀྱིལ་འཁོར་པ་དེ་རྣམས་ཀྱང་ནི། །དག་པའི་ཤེལ་དང་འདྲ་བ་ལ། །


DTG023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་ཀྱི་དཀྱིལ་འཁོར་འབར་བ་རྣམས། །དཀར་པོའི་རྒྱན་གྱིས་བརྒྱན་པ་རྣམས། །ཁང་པ་བརྩེགས་པར་ལེགས་དམིགས་ནས། །ཟླ་བའི་ཟེར་དང་མཉམ་པའི་འོད། །ལྷ་མོ་རྣམས་དང་ཡང་དག་ལྡན། །ཞི་བའི་དཔལ་ཁྲག་འཐུང་དེ་བཞིན། །རང་སྙིང་ཧཱུཾ་གི་འོད་རྣམས་ཀྱིས། །ལེགས་བལྟས་ཡང་དག་བཀུག་བྱས་ནས། །རང་གི་ལུས་ལ་གཞུག་བྱས་ཏེ། །དེ་ཡི་ཁ་སྦྱར་གྱུར་པ་ན། །བསྲུབ་དང་བསྲུབ་པའི་སྦྱོར་བ་ཡིས། །དཔའ་བོ་སོགས་ཀྱང་སྔོན་བཞིན་དུ། །རང་གི་ལུས་ལ་གནས་བྱས་ནས། །དཀྱིལ་འཁོར་ས་ལ་ཉལ་བར་བྱ། །དེ་བཞིན་དུ་ནི་ཡང་གསུངས་པ། །གཙོ་བོའི་སློབ་མ་དང་བཅས་པ། །ཡོན་ཏན་རྒྱ་མཚོའི་བྱེ་བྲག་ཤེས། །ཡེ་ཤེས་དཀྱིལ་འཁོར་ལ་བལྟས་ནས། །དཀྱིལ་འཁོར་ས་དང་ཉེ་བར་ཉལ། །ཞེས་སོ། །དེ་རྣམས་ནི་ལྷག་པར་གནས་པའི་ཆོ་གའོ།། །།


previousལྷག་པར་གནས་པའི་ཆོ་གnext