རིམ་པ་ཕྱེ་བ་བཞི་པ།
༄། །ད་ནི་བདུད་རྩི་ལྔ་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་གསུངས་པ། བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་ལ། བདུད་རྩི་ལྔ་ཡི་ཁྱད་པར་དང༌། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ལས་ཉན་པར་འཚལ། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཁྱད་པར་ཞེས་བྱ་བ་ནི། བྱེ་བྲག་ཏུ་རྣམ་པར་དབྱེ་བ་སྟེ། སྔར་ནི་བྱེ་བྲག་མེད་པར་ཤེས་ལ། འདིར་ནི་རེ་རེ་ཞིང་ཡང་རྣམ་པར་ཕྱེ་སྟེ། ཤེས་པར་འདོད་པས་སོ། །གང་གིས་ལྕགས་ཀྱུ་ལྔ་པོ་བརླབ། །ཅེས་བྱ་བ་ལ། གང་གིས་ཞེས་བྱ་བ་ནི་ཁྱད་པར་གང་གིས་ཞེས་བྱ་བ་སྟེ། བརླབ་ཅེས་བྱ་བ་ནི་བསྒྲུབས་པའོ། །དེས་ན་ཁྱད་པར་གང་ལས་བསྒྲུབས་པའི་ལྕགས་ཀྱུའི་ཁྱད་པར་དེ་དག་ཉན་པར་འཚལ་ཞེས་བྱ་བར་སྦྱར་རོ། །ཡང་ན་ས་བོན་གང་གིས་བྱིན་གྱིས་བརླབས་པའོ། །གཉིས་མེད་གཉིས་སུ་མེད་པའི་ཆོས། །ཞེས་བྱ་བ་ལ། གཉིས་མེད་ནི་དེ་བཞིན་ཉིད་དོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ་དེ་བཞིན་ཉིད་ཀྱི་ཁྱད་པར་རོ། །ཆོས་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དེ་རང་བཞིན་མེད་པའི་མཚན་ཉིད་དོ། །གཉིས་ཀྱི་རྣམ་རྟོག་ཇི་ལྟར་སྤངས། །ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པ་ལ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པ་གཉིས་སུ་རྣམ་པར་རྟོག་པའོ། །ཨཱ་ལི་ཀཱ་ལི་ཇི་ལྟར་ལགས། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཇི་ལྟ་བུ་ཞིག་ཅེས་བྱ་བའི་དོན་ཏོ། །ཕྱི་རོལ་ཕྱག་རྒྱའི་སེམས་ནི་ཅི། །ཞེས་བྱ་བ་ལ། ཕྱི་རོལ་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་ངག་གི་བརྡའོ། །སེམས་ཞེས་བྱ་བ་ནི་མཚན་མའི་ཕྱག་རྒྱའོ། །གཞུང་ཁ་ཅིག་ལས་ནི་མཚན་མ་ཞེས་འབྱུང་སྟེ། དེར་ཡང་དོན་ནི་མཚན་མའི་ཕྱག་རྒྱ་ཉིད་དོ། །རྣལ་འབྱོར་བསྟན་བཅོས་ཚུལ་རྣམས་ནི། །ཞེས་བྱ་བ་ལ། རྣལ་འབྱོར་ཞེས་བྱ་བ་ནི་
༄། །དངོས་གྲུབ་ཀྱི་ཐབས་སྨན་གྱི་སྦྱར་བའོ། །དེ་ཉིད་ནི་བསྟན་བཅོས་ཏེ། འདིས་སེམས་ཅན་རྣམས་ཀྱི་སེམས་འཆོས་པར་བྱེད་ཅིང་དམ་པའི་ཆོས་ལ་ཉེ་བར་སྦྱོར་བར་བྱེད་པས་ན་བསྟན་བཅོས་སོ། །ཚུལ་ནི་དེས་སེམས་ཅན་རྣམས་དངོས་གྲུབ་ལ་སྦྱོར་བ་སྟེ། འདི་ལྟར་སྨན་གྱི་དངོས་གྲུབ་དེ་དག་གིས། སངས་རྒྱས་ཀྱི་ལམ་ལ་ཡིད་ཆེས་པར་བྱས་ལ། ཡིད་ཆེས་པ་དེས་འཇུག་པར་འགྱུར་རོ། །ཞུགས་པ་ལས་ཉམས་སུ་ལེན་པར་འགྱུར་རོ། །ཉམས་སུ་ལེན་པ་ལས་རྫོགས་པའི་བྱང་ཆུབ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་གཅིག་ནས་གཅིག་ཏུ་བརྒྱུད་དེ། རྫོགས་པའི་བྱང་ཆུབ་ཏུ་འདྲེན་པར་བྱེད། ཐོབ་པར་བྱེད་པས་ན་ཚུལ་ལོ། །ཡང་ན་རྣལ་འབྱོར་བསྟན་བཅོས་ཉིད་ཚུལ་ཏེ། དེའི་ཕྱིར་བཟླས་བ་དང་བསྒོམ་པ་ལ་སོགས་པ་ལ་འཇུག་ལ། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱང་ཆུབ་ཏུ་འདྲེན་ཅིང་ཐོབ་པར་བྱེད་པའི་ཕྱིར་རོ། །ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ཞེས་བྱ་བ་ནི་ཐོག་མར་ཏེ། བྱེ་བྲག་ཏུ་ཤེས་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཅི་ཞིག་ཅེ་ན། བདུད་རྩི་རྡོ་རྗེ་ཆུ་ཞེས་བྱ་བ་སྟེ། རྡོ་རྗེའི་ཆ་ཡང་ཡིན་ལ་བདུད་རྩིའི་རང་བཞིན་ཡང་ཡིན་པས་ན། བདུད་རྩིའི་རྡོ་རྗེའི་ཆུ་སྟེ་བྱང་ཆུབ་ཀྱི་སེམས་སོ། །གཅིག་པོ་དེ་ཉིད་བྱེ་བྲག་ལྔར་ཕྱེ་སྟེ་གསུངས་པ། ལྔ་ཡི་བདག་ཉིད་རབ་ཏུ་འཇུག །ཅེས་བྱ་བ་སྟེ། མེ་ལ་སོགས་པའི་རང་བཞིན་འབྱུང་བ་ཆེན་པོ་ལྔར་འགྱུར་རོ་ཞེས་བྱ་བའོ་དོན་ཏོ། །བསྟན་པ་དེ་ཉིད་བཤད་པའི་ཕྱིར། རེག་ན་དྲོ་བ་མེ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེག་ན་དྲོ་བ་ཞེས་བྱ་བ་ནི་རེག་པས་དྲོ་བར་ཤེས་པའོ། །དུ་བ་ལྟར་སྣང་རླུང་ཡིན་ནོ། །ཞེས་བྱ་བ་ལ། དུ་བ་ལྟར་སྣང་བ་ནི་རླངས་པ་སྟེ། དེ་ཉིད་རླུང་གི་ཁམས་ཡིན་པའོ། །སླ་པའི་རང་བཞིན་ཆུ་ཞེས་བྱ། །ཞེས་བྱ་བ་ལ། སླ་བ་ནི་འོག་ཏུ་འཛག་པ་དང་སྣུམ་པའོ། །རང་བཞིན་ནི་ཆ་ཤས་ཏེ། སྣུམ་པ་དང༌། འཛག་པའི་ཆ་ནི་ཆུ་ཡིན་པའོ། །ཆུ་ཞེས་པའི་སྒྲ་ནི་གཤེར་པའོ། །གཟུགས་སུ་སྣང་བ་ས་ཡིན་ནོ། །ཞེས་བྱ་བ་ལ། གཟུགས་སུ་སྣང་བ་ནི་སྲ་བར་སྟོན་པ་སྟེ། ཆ་དེ་ནི་
༄། །སའི་ཁམས་སོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་བྱིན་རླབས་རྡོ་རྗེ་ཉིད། །ཅེས་བྱ་བ་ལ། ཤེས་པར་བྱེད་པས་ན་ཡེ་ཤེས་ཏེ། འདས་མ་ཐག་པའི་འབྱུང་བ་ཆེན་པོ་བཞི་བྱང་ཆུབ་ཀྱི་སེམས་ཀྱི་གོང་བུ་ལ་སྣང་བའོ། །བྱིན་བརླབས་པ་ཞེས་བྱ་བ་ནི་གནས་པ་སྟེ། སྐབས་ཕྱེ་ཞིང་དེར་གནས་པའོ། །རྡོ་རྗེ་ཉིད་ཅེས་བྱ་བ་ནི་ནམ་མཁའ་སྟེ་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ། ཁུ་བའི་གོང་བུ་ལས་འབྱུང་བ་ཆེན་པོ་བཞིར་གནས་པར་སྣང་བའི་ཕྱིར་དེ་དག་གི་གནས་སྐབས་འབྱེད་པར་བྱེད་པ་ནམ་མཁའ་ཉིད་ཀྱང་ཡོད་པར་ཤེས་པར་བྱའོ་ཞེས་སྟོན་ཏོ། །ལྷ་ལྔ་རུ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་ལྔ་པོ་དེ་དག་སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་གྱི་ངོ་བོར་བསྒོམ་པ་སྟེ། ཁུ་བའི་ཐིགས་པ་གཅིག་པུ་ཉིད་ལྷ་ལྔ་རུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཇི་ལྟར་བསྒོམ་ཞེ་ན། མ་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་ཞེས་བྱ་བ་ནི་ཆུ་དང་འབྲེལ་པས་ན་དབྱིབས་ཏེ། ཡི་གེ་སའོ། །མ་ལུས་ཞེས་བྱ་བ་ལ་ཀཱ་ལི་ནི་ཆ་ཤས་ཏེ་ཟླ་བའོ། །ས་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་ཏུ་འཇུག་པ་སྟེ། བདུད་རྩིའི་ས་བོན་ཡིན་པའི་ཕྱིར་ས་ཉིད་དོ། །ཟད་པར་བྱེད་པ་མེ་ཉིད་དང༌། །ཞེས་བྱ་བ་ལ། ཟད་པར་བྱེད་པ་ཞེས་བྱ་བ་ནི་ཡི་གེ་ཀྵ་སྟེ། ཀྵ་ཡ་ཏྭད་ཅེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ནི་མེ་སྟེ། མེ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་བཞིན་རྟག་ཏུ་རླུང་དང་ནི། །ཞེས་བྱ་བ་ནི་ཡི་གེ་ཡ་སྟེ། རྟག་ཏུ་རླུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །ངང་པ་མཚུངས་དོན་ས་དཔང་པོ། །ཞེས་བྱ་བ་ལ། ངང་པ་ནི་ཡི་གེ་ཧཾ་ངོ༌། །ས་ཞེས་བྱ་བ་ནི་སའི་ས་བོན་ཏེ་དེ་ཉིད་དོ། །མཚུངས་དོན་ཞེས་བྱ་བ་ནི་དོན་ཐམས་ཅད་ཀྱི་ཐུན་མོང་གི་སྟེ། ཅི་ཞིག་ཅེ་ན། དབང་པོ་སྟེ་སྟོང་པ་ལ་སོགས་བའི་གནས་ཐམས་ཅད་ཀྱི་འདས་པ་ལ་སོགས་བའི་གནས་སྐབས་རྣམས་ཀྱི་དཔང་པོ་དང་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ངང་པ་ཞེས་བྱ་བའི་ཡི་གེ་ཧ་ཉིད་ས་ཡང་ཡིན་ལ། དངོས་པོ་རྣམས་ཀྱི་ཐུན་མོང་གི་དབང་པོ་ཡང་ཡིན་པས་ས་དང་མཚུངས་དོན་དཔང་
༄། །ངོ། །སྒྲ་དང་ཐིག་ལེར་སྦྱར་བར་བྱ། །ཞེས་བྱ་བ་ནི་ས་བོན་བཞི་པོ་དེ་དག་ཐིག་ལེ་དང་ཞབས་ཀྱུ་དང་ལྡན་པར་བྱ་བ་སྟེ། དེས་ནི་སུཾ་ཡུཾ་ཀྵུཾ་ཧཱུཾ་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཡེ་ཤེས་ཀྱི་ནི་ཡི་གེ་ལྔ། །ཞེས་བྱ་བ་ལ། ཡེ་ཤེས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྟེ། དེ་ཉིད་ནི་མི་འགྱུར་བས་ན་ཡི་གེའོ། །འདི་ནི་ནམ་མཁའི་ས་བོན་ཏེ། ལྔ་ཞེས་བྱ་བ་ནི་དེ་ལྟར་ས་བོན་རྣམ་ལྔའོ། །དེ་ཡི་དབུས་སུ་ཟླ་བ་ཡི། །དབུས་སུ་བདུད་རྩིའི་ཡི་གེའོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར། །ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱི་དབུས་སུ་བདུད་རྩིའི་ཡི་གེ་ཨ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལྔ་པོ་ལྔ་རུ་བརྗོད་པར་བྱ། །ཞེས་བྱ་བ་ནི། བདུད་རྩི་རེ་རེ་ཞིང་ཡང་འབྱུང་བ་རྣམ་པ་ལྔ་ལྔ་སྟེ། ཇི་ལྟར་བྱང་ཆུབ་ཀྱི་སེམས་འབྱུང་བ་ལྔའི་ས་བོན། སུཾ་ཡུཾ་ཀྵུཾ་ཧཱུཾ་ཧཱུཾ་གི་ཡི་གེ་རྣམས་ཀྱིས། མི་བསྐྱོད་པ་དང༌། དོན་ཡོད་གྲུབ་པ་དང༌། སྣང་བ་མཐའ་ཡས་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་རྣམས་སུ་བྱིན་གྱིས་བརླབས་ནས། དེའི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་ལ་བདུད་རྩིའི་ཡི་གེ་ཨ་བསྒོམ་པར་བསྟན་པ་དེ་བཞིན་དུ། །བདུད་རྩི་ལྷག་མ་བཞི་པོ་རྣམས་ལ་ཡང་ཚུལ་ཇི་ལྟ་བ་བཞིན་དུ་བརྟགས་ལ། སོ་སོ་རེ་རེ་ཞིང་འབྱུང་བ་ཆེན་པོ་ཆ་ལྔ་ལྔར་གནས་པ་ལ་སངས་རྒྱས་རྣམ་པ་ལྔ་ལྔར་གྱིས་བརླབས་པས་ཉི་ཤུ་རྩ་ལྔར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་དང་དངོས་མེད་ལས་གྲོལ་པ། །ཞེས་བྱ་བ་ལ། དངོས་པོ་ནི་སྐྱེ་བའོ། །དངོས་པོ་མེད་པ་ནི་སྐྱེ་བ་མེད་པའོ། །གཉིས་ལས་གྲོལ་བ་ནི་གཉིས་པ་སྤངས་པ་སྟེ། ཡུན་རིང་དུ་གནས་པའི་ཕྱིར་རོ། །རྡོ་རྗེ་ཆུ་ནི་སྦྱངས་པ་ཡིས། ཞེས་བྱ་བ་ལ། རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་ལྷག་མ་རྣམས་ཀྱང་གཟུང་བར་བྱའོ། །སྦྱངས་པ་ནི་དག་པར་བྱས་པ་སྟེ། དེ་ཉེ་བར་ལོངས་སྤྱོད་ན་རྣལ་འབྱོར་པ་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་ཞིང་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་གཏི་མུག་བསྲིངས་པ་ཡིན། །ཞེས་བྱ་བ་ལ། གཏི་མུག་ནི་མི་གཙང་བའི་འདུ་ཤེས་སོ། །བསྲིངས་པ་ནི་ཐག་བསྲིངས་པ་སྟེ་དག་པའི་འདུ་ཤེས་དང་ལྡན་པའི་ཕྱིར་རོ། །
༄། །ཡང་ན་ཚུལ་དེ་ལྟར་བདུད་རྩི་རྣམས་བསྟེན་པས། རིམ་གྱིས་དེ་ཁོ་ན་ཉིད་ལ་རྨོངས་པའི་གཏི་མུག་དང་བྲལ་བར་འགྱུར་ཏེ། ཤེས་རབ་འཕེལ་བར་འགྱུར་བའི་ཕྱིར་རོ། །ཕྱི་རོལ་བདུད་རྩི་རྫས་བཟང་པ། །མེ་ཡིས་བཙོས་ནས་སྦྱངས་པ་ལྟར། །ཞེས་བྱ་བ་ལ། ཇི་ལྟར་ཕྱི་རོལ་གྱི་རྫས་མེས་བཙོས་པ་བཟང་ཞིང་དག་ལ། བདུད་རྩི་དང་འདྲ་བར་འགྱུར་བ་བཞིན་དུ་འདིར་ཡང་བལྟ་བར་བྱའོ། །ཅི་ཞིག་ཅེ་ན། ལྟོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོ་སོགས་ཡེ་ཤེས་མེ་ཡིས་ནི། །ལྷག་མ་བཤད་དང་གཅི་བ་ཡིན། །ཞེས་བྱ་བ་ལ་ལྟོ་ལས་བྱུང་བས་ན་ལྟོ་སྟེ་བཤད་དང་གཅི་བ་ལ་སོགས་པའོ། །དེ་ཉིད་བསྟན་ཕྱིར་བཤད་དང་གཅི། །ཞེས་བྱ་བ་སྨོས་སོ། །ལྷག་མ་ཞེས་བྱ་བ་ནི་བཙོ་ཞེས་སྦྱར་བ་སྟེ། ཡེ་ཤེས་ཀྱི་མེས་སྦྱངས་པའོ། །ཡང་ན་ལྷའི་ཡེ་ཤེས་ཀྱི་མེ་ཞེས་བྱ་བར་སྦྱར་ཏེ། དེས་བཤད་པ་དང་གཅི་བ་ལ་སོགས་པ་སྦྱངས་པས་ལྷག་པར་འགྱུར་ཏེ། རང་བཞིན་གྱིས་རྫས་ཁྱད་པར་ཅན་དུ་གྱུར་པ་དེ་ནི་མཐུ་ལྷག་པས་ན་ལྷག་པའོ། །མེ་ཡིས་བཙོས་ནས་མེ་ཡིས་སྦྱངས། །དབུས་སུ་སྦྱིན་སྲེག་རྟག་ཏུ་དབུལ། །ཞེས་བྱ་བ་ལ། མེ་ཡིས་བཙོས་ནས་མེ་ཡིས་སྦྱངས། །ཞེས་བྱ་བ་ནི། དང་པོ་ལྷའི་ཡེ་ཤེས་ཀྱི་མེས་བཙོས་ནས། དེའི་འོག་ཏུ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་མེས་ཐ་མལ་པའི་རྟོག་པའི་བུད་ཤིང་བསྲེག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབུས་སུ་སྦྱིན་སྲེག་རྟག་ཏུ་དབུལ། །ཞེས་བྱ་བ་ནི། ལུས་ཀྱི་ནང་དུ་ཡེ་ཤེས་ཀྱི་མེ་ཉིད་དུ་དབུས་སུ་སླར་ཡང་སྦྱིན་སྲེག་ཏུ་དབུལ་བ་སྟེ། སྔགས་པས་རྟག་ཏུ་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆུ་ཡི་ས་བོན་ནི། །ས་བོན་བཅས་པ་བཟླས་ནས་ཀྱང༌། །ཞེས་བྱ་བ་ལ། རྡོ་རྗེ་ཆུའི་ས་བོན་ཞེས་བྱ་བ་ནི་བདུད་རྩི་བྱིན་གྱིས་རློབ་པའི་སྔགས་སོ། །ས་བོན་བཅས་པ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་སྦྱང་བར་བྱ་བའི་ཕྱིར་གང་གིས་བདུད་རྩི་དག་པར་བྱེད་པའི་སྔགས་དེ་ཉིད་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་སྦྱང་བ་བསྟན་པ་ཡིན་ནོ། །ཡང་ན་ས་བོན་གང་གིས་སྦྱང་པ་དེ་ཉིད་བཟླས་ལ་བཟའ་བར་བྱའོ་ཞེས་བྱ་བར་
༄། །སྟོན་ཏོ། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཡི་དབུས་སུ་ཉི་མ་ལ། །དུར་ཁྲོ་ཡི་གེ་བསམས་ནས་བསྲེག །ཅེས་བྱ་བ་སྨོས་ཏེ། དེའི་དབུས་སུ་ཞེས་བྱ་བ་ནི། བདུད་རྩིའི་དབུས་སུ་བསྒོམ་པའི་ཡི་གེ་ཨ་སྟེ། དེ་དང་བཅས་པར་བཟླ་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །བཅས་པ་དེ་གང་ཞེ་ན། ཉི་མ་ཞེས་པ་ལ་སོགས་པ་སྟེ། དུར་ཁྲོད་ཀྱི་ཡི་གེ་ནི་ཀྵུཾ་ངོ༌། །ཉི་མ་ཞེས་བྱ་བ་ནི་ཉི་མ་ལྟར་འབར་བའི་ལྷའི་མེའོ། །འདིས་ཨ་ཀྵུཾ་ཞེས་བཟླས་ལ་བསྲེག་པར་བྱའོ་ཞེས་སྟོན་ཏོ། །ཡང་ཉི་མ་ལ་ཀྵུཾ་བསྒོམ་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །བདུད་རྩི་ཆུ་ཞེས་བྱ་བ་ནི། །ལྷ་ནི་རྣམ་པ་གསུམ་དུ་གྲགས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བདུད་རྩི་རྣམས་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ལྷ་གསུམ་གྱི་བདག་ཉིད་དུ་བྱ་བ་སྟེ། དེས་ནི་གཞུང་ཉེ་བར་བ་སྡུ་བ་བསྟན་ཏོ། །ད་ནི་གོ་རིམས་ལ་མངོན་པར་ཞེན་པ་སྤང་བར་བྱ་བའི་ཕྱིར་བདུད་རྩི་ལྔ་དྲིས་བའི་ལན་བཏབ་པའི་འོག་ཏུ། ཨཱ་ལི་ཀཱ་ལི་དྲེས་པའི་ལན་གདབ་པ་བསྟན་པར་བྱ་བའི་ཕྱིར་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ཞེས་བྱ་བ་ནི་དཔེ་མེད་བའི་བདེ་བའི་རོའོ། །ལི་ཞེས་བྱ་བ་ནི་དེ་འདིས་ལེན་ཅིང་ཤིས་པར་བྱེད་པས་ལི་སྟེ་རྡོ་རྗེའོ། །དེ་ཉིད་ནི་བུང་བ་སྟེ་མེ་ཏོག་གི་ཆུ་འདྲེན་ཅིང་འཐུང་བར་བྱེད་པའི་ཕྱིར་རོ། །དེ་ཡང་འདིར་ཐབས་རྗོད་པར་བྱེད་པ་ཡིན་ཏེ། ཇི་ལྟར་དགྱེས་པའི་རྡོ་རྗེ་ལ་སོགས་པ་ལས་ཨཱ་ལི་ཤེས་རབ་ཀྱི་ངོ་བོར་རྗོད་པར་བྱེད་པ་ནི་དགོངས་པ་གཞན་ཡིན་པར་བལྟ་བར་བྱ་སྟེ། སྒྲ་རྣམས་ལ་རྣམ་པར་བཀོད་པ་ངེས་པ་མེད་པའི་ཕྱིར་རོ། །ཡང་ན་བྷྲ་མ་ཞེས་བྱ་བ་ནི་འཁྲུལ་པའོ། །ར་ཞེས་བྱས་བ་ནི་རྣམ་པར་འཇོམས་པ་སྟེ། རྡོ་རྗེ་ཉིད་ལ་འཁྲུལ་པ་རྣམ་པར་འཇོམས་པའི་རྟེན་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་བྷྲ་མ་ཞེས་བྱ་བ་ནི་འཁོར་བ་ཡིན་ལ། ར་ཞེས་བྱ་བ་ནི་རྣམ་པར་རོལ་པ་སྟེ། རྡོ་རྗེ་འདིས་འཁོར་བའི་བདེ་བ་ལ་རྣམ་པར་རོལ་པས་བྷྲ་མ་ར་ཞེས་ཟེར་རོ། །དེ་ཉིད་ནི་འཇིགས་བྱེད་ཡིན་ཏེ། གཉིས་སུ་མེད་པར་རྟོགས་པའི་ཡིན་པའི་ཕྱིར་བྱིས་པ་ཉན་ཐོས་རྣམས་ལ་འཇིགས་པ་སྟེར་པར་བྱེད་པའི་ཕྱིར་རོ། །རྣམ་པ་གཉིས་བསྟན་པར་བྱ་བའི་ཕྱིར། །ཨཱ་ལི་ནམ་མཁའ་མཐས་གཏུགས་པའི། །ཆོས་ཀྱི་དབྱིངས་ཀྱི་
༄། །རང་བཞིན་ལ། །ཞེས་བྱ་བ་སྨོས་ཏེ། འདིས་ནི་བྱང་ཆུབ་ཀྱི་སེམས་བསྟན་ཏོ། །དེ་ཡང་འདི་ལྟར་འདི་ལས་སེམས་ཅན་རྣམས་སྐྱེས་ཤིང་འབྱིན་པའི་གོ་སྐབས་ལྟར་བས་ན་ནམ་མཁའོ། །པ་རི་ཨནྟ་ཞེས་བྱ་བ་ལས་པ་རི་ཞེས་བྱ་བ་ནི་ཀུན་དུ་བདེ་བའོ། །ཨནྟ་ཞེས་བྱ་བ་ནི་སྐད་ཀྱི་བྱིངས་ལས་འཆིང་པར་འདྲེན་ཏེ། བྱང་ཆུབ་ཀྱི་སེམས་འདིས་ཀུན་དུ་བདེ་བ་འཆིང་བས་ན་མཐས་གཏུགས་པའོ། །རང་གི་མཚན་ཉིད་འཛིན་པས་ན་ཆོས་ཏེ། སེམས་ཅན་རྣམས་ཡིན་ལ། དེ་འདིས་འཛིན་ཅིང་གསོ་བར་བྱེད་པས་ན་དབྱིངས་ཏེ། བྱང་ཆུབ་ཀྱི་སེམས་སོ། །རང་བཞིན་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་དེ་དང་པོའི་དོན་གྱིས་གཉིས་པ་ཡིན་ནོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གྲངས་བསྟན་ཏོ། །དབྱིངས་དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་རྟག་ཏུ་དགོས་པ་མེད་པའི་བྱ་བ་ལ་རྒྱུག་ཅིང་འཇུག་པའི་ཕྱིར། རྒྱུ་བ་སྟེ་སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་སོ། །རྟག་ཏུ་དགོས་པ་མེད་པ་ལ་མི་འཇུག་པའི་ཕྱིར། མི་རྒྱུ་བ་སྟེ་དཔྱོད་པ་སྔོན་དུ་གཏོང་བ་རྣམས་སོ། །གསང་བློ་ཅན་ཞེས་བྱ་བ་ལ། གསང་བ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་པའི་ཕྱིར་གསང་བའོ། །བློ་ནི་དེའི་རྣམ་པ་ཅན་གྱི་སེམས་སོ། །དེ་དག་གང་ལ་ཡོད་པ་དེ་དག་ནི་གསང་བློ་ཅན་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུས་ཞེས་བྱ་བ་ནི་ལུས་ཅན་རྣམས་ཏེ་དེ་དག་ཉིད་དོ། །མ་ལུས་པ་ནི་ལུས་པ་མེད་པའོ། །སྐྱེད་པ་པོ་ནི་རྒྱུ་མཚན་ཏེ། འདི་ལྟར་རྫོགས་པ་དང༌། མ་རྫོགས་པའི་ལུས་ཅན་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ལས་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཨཱ་ལིའི་ངོ་བོ་བསྟན་ནས། དེའི་ཞར་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་ཀྱི་གནས་བསྟན་པའི་ཚུལ་གྱིས་ཁྲག་དང་ཁུ་བ་བདུད་རྩི་ལྔའི་སྙིང་པོར་བསྟན་ཅིང༌། དེ་ལས་ཀྱང་ཁུ་བ་འབའ་ཞིག་བདུད་རྩི་ལྔའི་རང་བཞིན་དུ་བསྟན་པའི་ཕྱིར། བཅུ་དང་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅུ་དང་བརྒྱད་ཀྱི་རྩ་ཞེས་བྱ་བ་ནི་ནུ་མ་ལ་སོགས་པའི་གནས་བཅོ་བརྒྱད་དེ། དེ་དག་ནས་དྲངས་ནས་ཞེས་བྱ་བ་དང་འབྲེལ་ཏོ། །
༄། །དབང་པོ་ཀུན་ཞེས་བྱ་བ་ནི། །མིག་ལ་སོགས་པའི་དབང་པོའི་སྒོ་ཐམས་ཅད་དེ་དག་གི་དབུས་ནས་ཞེས་བྱ་བར་སྦྱར་རོ། །བཅུད་རྩི་ཞེས་བྱ་བ་ནི་བྱང་ཆུབ་སེམས་སོ། །ཨཱ་ལི་ཞེས་བྱ་བ་ནི་རྡོ་རྗེའོ། །དབུས་ཞེས་བྱ་བ་ནི་དབུས་ནས་ཞེས་བྱ་བ་སྟེ་ལྔ་པའི་དོན་གྱིས་བདུན་པ་ཡིན་ནོ། །ཐིམ་པར་འགྱུར་ཞེས་བྱ་བ་ནི་པ་དམའི་དབུས་སུ་དབབ་བོ། །གང་གིས་དྲང་བར་བྱ་ཞེ་ན། འཇིགས་བྱེད་རྡོ་རྗེའི་སྒྲ་ཡིས་ཏེ། །རྡོ་རྗེས་པདྨོ་བྱེ་བའི་སྒྲ་ཡིས་སོ། །སྦྱོར་བའི་རྫས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སྦྱང་བ་བསྟན་པར་བྱ་བའི་ཕྱིར། རླུང་དང་མེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་བཤད་ཟིན་ཏོ། །བདུད་རྩིའི་ཡི་གེ་བཏུ་བ་བསྟན་པའི་ཕྱིར། །དབྱངས་ཡིག་དང་པོ་མཆོག་ས་བོན། །ཞེས་བྱ་བ་སྨོས་ཏེ། དབྱངས་ཡིག་དང་པོ་ནི་ཨ་ཐུང་དུ་སྟེ་ཡིག་འབྲུ་རྣམས་ཀྱི་དམ་པ་ཡིན་པས་མཆོག་གི་ས་བོན་ནོ། །དེའི་དབུས་སུ་ཞེས་བྱ་བ་ནི་བདུད་རྩིའི་དབུས་སུ་ཟླ་བའི་སྟེང་དུའོ། །གཟུང་བ་ནི་བསམ་པའོ། །ལྷག་མ་ནི་གོ་སླའོ། །ཡང་ན་དེའི་དབུས་སུ་ཞེས་བྱ་བ་ནི་ཧཱུཾ་གི་ཟླ་ཚེས་དང་ཐིག་ལེའི་སྟེང་དུ་ཞེས་བྱ་བའི་དོན་ཏོ། །ཡང་ན་དབང་པོ་ཀུན་གྱི་ཞེས་པ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཉིད་འཛག་ཅིང་འབབ་པས་ན་ཀུན་ནོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཤེས་པར་བྱེད་པའི་ཕྱིར་དང༌། བདེ་བ་སྟེར་བར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར་དབང་པོའོ། །དེའི་ཞེས་བྱ་བ་ནི་རྩ་རྣམས་སོ། །དབུས་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་བར་རོ། །དེས་ཅིར་འགྱུར་ཞེ་ན། ཨཱ་ལི་དབུས་སུ་ཐིམ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཨཱ་ལི་ཞེས་བྱ་བ་ནི་ཁུ་བའོ། །དབུས་ཞེས་བྱ་བ་ནི་ཤེས་རབ་བོ། །ཐིམ་པ་ཞེས་བྱ་བ་ནི་གཉིས་སུ་མེད་པ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །འགྱུར་བ་ནི་མངོན་སུམ་དུ་གྱུར་པའོ། །དེ་དག་གིས་ནི་གནས་བཅོ་བརྒྱད་ནས་བྱང་ཆུབ་ཀྱི་སེམས་དྲངས་ཏེ། རྡོ་རྗེ་དང་པདྨའི་ལྟེ་བའི་དབུས་སུ་སོན་པ་དེའི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་སུམ་དུ་བྱའོ་ཞེས་བྱ་བར་སྟོན་ཏོ། །ཇི་ལྟར་དྲང་ཞེ་ན། འཇིགས་བྱེད་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། སྒྲ་ཞེས་བྱ་བ་ནི་སྒྲའི་རྣམ་པའོ། །དེ་ཉིད་གང་ཞེ་ན། རླུང་དང་མེའི་ཞེས་བྱ་བ་ལ་སོགས་པ་ལ། རླུང་ཞེས་བྱ་བ་ལ་སོགས་པ་ནི་
༄། །ཡའོ། །མེ་ཞེས་བྱ་བ་ནི་རའོ། །བདུན་ཞེས་བྱ་བ་ནི་བདུན་པའོ། །དོན་ཞེས་བྱ་བ་ནི་མཐར་གྱུར་པ་སྟེ། དོན་དུ་གཉེར་བར་བྱ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་དཔེར་ན་སྒྲུབ་ཐབས་ཀྱི་ལམ་གྱི་མཐར་གཏུགས་པའི་འབྲས་བུ་ནི་དོན་དུ་གཉེར་བར་བྱ་བས་དོན་ཞེས་ཟེར་བ་ལྟར། འདིར་ཡང་རླུང་དང་མེའི་བདུན་པ་ས་དང་ཧ་ནི་མཐར་གྱུར་པའི་དོན་གྱིས་ན་དོན་ནོ། །ཡང་ན་བདུན་ཞེས་བྱ་བ་ནི་རྟ་བདུན་ནོ། །དོན་ནི་དེའི་མཐའ་མ་ཡིན་ནོ། །དེ་ལྟར་ན་རྟ་བདུན་པ་ཞེས་བྱ་བར་སྦྱར་ཏེ། ཨ་སྭ་དང་ཧ་ལ་ཞེས་ཟེར་བའི་ཕྱིར་རྟ་བདུན་པ་ནི་ས་དང་ཧའོ། རྡོ་རྗེ་མ་ཡི་ས་བོན་སྦྱར་ཞེས་བྱ་བ་ལ། རྡོ་རྗེ་མའི་ས་བོན་ནི་ས་ཉིད་དོ། སྦྱར་ཞེས་བྱ་བ་ནི་དེ་ཉིད་བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར་ཟླ་ཚེས་དང་ཆོས་མཐུན་པས། ཧའི་ཟླ་ཚེས་སུ་བྱ་བའོ། །ལྷག་མ་ནི་བཤད་ཟིན་ཏོ། །དེ་ལྟར་ཐབས་ཀྱི་ལན་བཏབ་ནས། ཤེས་རབ་ཀྱི་ལན་བསྟན་པར་བྱ་བའི་ཕྱིར། ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ཏོག་ཅེས་བྱ་བ་ནི་བུད་མེད་རྣམས་ཀྱི་ཆོས་འབྱུང་བ་སྟེ། རྡོ་རྗེ་ཉི་མས་ཁ་ཕྱེ་བའི་ཕྱིར་རོ། །ཀཱ་ལི་ཞེས་བྱ་བ་ལ། ཀ་ཞེས་བྱ་བ་ནི་བདེ་བའོ། །ལི་ཞེས་བྱ་བ་ནི་དེའི་རོ་མྱོང་བར་བྱེད་པ་སྟེ། མེ་ཏོག་འདིས་བདེ་བའི་རོ་མྱོང་བར་བྱེད་པའི་ཕྱིར་ཀཱ་ལིའོ། །ཀུན་དུ་མནན་ཞེས་བྱ་བ་ནི་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་འོག་མ་དང་སྦྱར་ཏེ། རྡོ་རྗེ་ཅན་ཞེས་བྱ་བ་ནི་བདེ་བའོ། །མནན་ཞེས་བྱ་བ་ནི་བཞུགས་པ་སྟེ། ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་གྱི་ནང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ། རྡོ་རྗེ་སྙིང་པོར་རྡོ་རྗེ་འཛིན་བདེ་བ་ཆེན་པོ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། བདེ་བ་སྲུངས་བར་བྱེད་པའི་ཕྱིར། །དེ་ཉིད་བདེ་བ་ཅན་དུ་བརྗོད། །ཅེས་སོ། །དེ་ཡང་བདེ་བ་འབའ་ཞིག་མ་ཡིན་གྱི། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ལུས་མེ་ཏོག་ཅེས་བྱ་བ་སྨོས་ཏེ། དེ་ལ་མེ་ཏོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་མེ་ཏོག་པདྨ་ལས་བྱུང་བའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ངོ་བོ་ཉིད་དོ། །དེ་ལྟར་ཡང་ཧེ་བཛྲ་ལས། བཅོམ་ལྡན་ཁུ་བའི་རྣམ་པར་གྱུར། །ཞེས་གསུངས་པའོ། །འཁོར་བ་ཐམས་ཅད་བསྐྱེད་པ་སྟེ། ས་དང་ཀུན་གྱི་མ་
༄། །ཞེས་བྱ། །ཞེས་བྱ་བ་ལ། ཀཱ་ལི་དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང༌། ངན་འགྲོ་དང་བདེ་འགྲོ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་ས་གཞི་དང་མ་ལ་སོགས་པའི་སྒྲར་བརྗོད་པ་ཡིན་ནོ། །བདེ་བ་ཡང་ཀཱ་ལིའི་སྒྲར་བསྟན་པའི་ཕྱིར། ཡེ་ཤེས་ཆུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདིར་ཞེས་བྱ་བ་ནི་མེ་ཏོག་ལ་བསྙེགས་ཏེ་ཆོས་འབྱུང་བ་འདིར་རོ། །ཡེ་ཤེས་ཆུ་བོ་ཞེས་བྱ་བ་ནི། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཉིད་སྡུག་བསྔལ་གྱི་གདུང་བ་སེལ་བར་བྱེད་པས་ཆུ་སྟེ་བདེ་བའོ། །དེ་ཉིད་ནི་ཤེས་རབ་ཀྱི་སྒྲར་བརྗོད་དེ། དེ་བཞིན་ཞེས་བྱ་བའི་སྒྲས་ནི་ཀཱ་ལི་ཞེས་བྱ་བའི་སྒྲར་བསྙེག་པར་བྱའོ། །རྒྱ་མཚོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཆུ་དེའི་གནས་སུ་གྱུར་པའི་ཕྱིར་ཆོས་འབྱུང་བ་ཉིད་དོ། །ཤེས་རབ་ཅེས་བྱ་བ་ལ། སྤྲོས་དང་བྲལ་བའི་ཤེས་པ་ནི་ཤེས་རབ་སྟེ་བདེ་བ་ཉིད་ཡིན་ལ། དེའི་གནས་དེ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །ཆུ་སྲིན་ཉ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱིས་གང་བ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལྟར་ཡང་ཧེ་བཛྲ་ལས་གསུངས་པ། རྡོ་རྗེ་པདྨོ་སྦྱོར་བ་ལས། །སྲ་བར་སྣང་བ་ས་ཡིན་ཏེ། །སྲ་བའི་ཆོས་ཉིད་གཏི་མུག་ཡིན། །གཏི་མུག་རྣམ་པར་སྣང་མཛད་བཞེད། །ཅེས་སྨོས་པ་གང་ཡིན་པའོ། །འདིར་ཡང་ཆུ་སྲིན་ཉ་ཡིས་ཤེས་ཀྱིས་ཀཱ་ལི་མཚན་པར་བལྟ་བར་བྱའོ། །དེ་ལྟར་ཡང་གསུངས་པ། སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་གང་ཡིན་པའོ། །གཉིས་མེད་ཅེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ཅེས་བྱ་བ་ནི། ཨཱ་ལིར་གདགས་པའི་ཁུ་བ་དང་ཀཱ་ལིར་གདགས་པའི་བདེ་བ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པ་བསྟེན་ཏོ། །ཡང་ན་གཉིས་མེད་ནི་ཕྱི་རོལ་གྱི་ཕྱག་རྒྱའོ། །འདམ་ཞེས་བྱ་བ་ནི། འདམ་སྐྱེས་ཏེ་པདྨའོ། །དབུས་ནི་དེའི་སྙིང་པོའོ། །དེར་ཅི་ཞིག་ཅེ་ན། ཐབས་ཀྱི་མྱུ་གུ་ཞེས་བྱ་བ་སྨོས་ཏེ། པདྨའི་སྙིང་པོར་གྱུར་པས་ན་མྱུ་གུ་ཡིན་ལ། བདེ་བ་དེ་ལ་ཉེ་བའི་ཕྱིར་ཐབས་ཡིན་ཏེ། ཁཱ་ག་མུ་ཁའི་རྩའོ། །བནྡུ་ཀ་ལྟར་ཁ་བྱེ་བའི། །ཞེས་བྱ་བ་ནི། མེ་
༄། །ཏོག་བནྡུ་ཀ་ལྟར་ཁ་བྱེ་བ་དང་བཅས་པའོ། །སྦྲང་རྩི་བདུད་རྩི་ཡི་ནི་གནས། །ཞེས་བྱ་བ་ལ། སྦྲང་རྩི་ནི་ཁུ་བའོ། །བདུད་རྩི་ནི་ཟླ་མཚན་ཏེ། དེ་དག་གི་འབྱུང་གནས་སུ་གྱུར་པའོ། །དེ་ལས་ཟླ་མཚན་གང་ཡིན་པ་དེ་ཡང་ཀཱ་ལིའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཀཱ་ལིའི་བདུད་རྩི་དེ་ཉིད་ནི། །མེ་ཏོག་ཆུ་ཡིས་ཀུན་དུ་བསྐོར། །ཞས་བྱ་བ་སྨོས་ཏེ། མེ་ཏོག་ཅེས་བྱ་བ་ནི་ཟླ་མཚན་ཏེ་འབྲས་བུ་ལ་ཉེ་བའི་ཕྱིར་རོ། །དེ་ཉིད་ནི་ཆུ་ལྟར་འཛག་པའི་ཕྱིར་ཆུའོ། །བསྐོར་ཞེས་བྱ་བ་ནི་གང་བའོ། །དེ་དག་གིས་ནི་ཁཱ་ག་མུ་ཁ་ཞེས་བྱ་བའི་རྩ་ཁ་བྱེ་བར་གྱུར་ན། ཅིག་ཅར་རམ་རིམ་གྱིས་ཀྱང་རུད་སྟེ། ཁུ་བ་དང་ཟླ་མཚན་འཛག་པར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །ད་ནི་དེ་ལྟར་ཀཱ་ལི་བསྟན་པའི་ཞར་ལ། བདུད་རྩིའི་སྙིང་པོ་ཟླ་མཚན་ཉིད་ཤ་རྣམ་པ་ལྔའི་རང་བཞིན་ཡིན་པས་དེ་ལ་ལོངས་སྤྱོད་པའི་ཆོ་ག་བསྟན་པའི་ཕྱིར། ཡི་གེ་ཉིས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཉིས་འགྱུར་ནི་ཥ་དང་ཀ་བསྡུས་པའི་ཕྱིར་ཀྵའོ། །ཐིག་ལེ་དང་རྩ་བར་སྒྲ་ནི་ཡང་དག་པར་སྦྱར་ཞེས་བྱ་བ་ནི། ཨུ་དང་ཐིག་ལེར་ལྡན་པའོ། །བསྡུས་པས་ཀྵུཾ་ཞེས་བྱ་བར་འགྱུར་རོ། །ལྷ་རྣམས་ཀྱི་ནི་རིགས་ཀྱི་ཡུམ། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་བསྐྱེད་པའི་ས་བོན་ནོ། །ཡང་ན་ལྷ་ནི་མེའི་ལྷའོ། །ཡུམ་ནི་དེའི་འབྱུང་གནས་སོ། །ད་ནི་བདུད་རྩིའི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་ཟླ་མཚན་ཡི་གེ་ཨ་དང་འདས་མ་ཐག་པའི་ཀྵུཾ་གིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། ཟླ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པདྨའི་ལྟེ་བའི་ནང་དུ་རྣམ་པ་ལྔ་ལྔར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་ཐ་སྙད་ལྷག་མ་བསྟན་པར་བྱ་བའི་ཕྱིར་དང༌། བདུད་རྩིའི་སྙིང་པོ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཨཱ་ལི་དང་ཀཱ་ལི་ནི་སྐྱེས་པ་དང་བུད་མེད་ཀྱི་ཐ་སྙད་དོ། །དེ་བཞིན་གཤེགས་མ་ཞེས་བྱ་བ་ནི་འདིས་དེ་བཞིན་དུ་འགྲོ་བར་བྱེད་པའི་ཕྱིར་ཏེ། ལས་ཀྱི་ཕྱག་རྒྱའོ། །ལུས་གཉིས་ལས་ནི་སྐྱེས་པ་དག །ཅེས་བྱ་བ་ནི་ཁུ་བ་དང་བཅས་པའི་ཟླ་མཚན་དང༌། བྱང་ཆུབ་ཀྱི་སེམས་སོ། །བདུད་རྩི་ཡི་ནི་ཆོ་ག་མཆོག །ཅེས་བྱ་བ་ལ། བདུད་རྩི་ནི་ཉེ་བར་མཚོན་པ་སྟེ་ཤ་ཡང་གཟུང་བར་
༄། །བྱའོ། །མཆོག་ཅེས་བྱ་བ་ནི། གཉིས་པོ་དེས་ཐམས་ཅད་བསྡུས་པའི་ཕྱིར་དམ་པའོ། །ད་ནི་ཡི་གེ་ཨའི་སྔགས་བ་ཏུ་བ་གསལ་པོར་བསྟན་པར་བྱ་བའི་ཕྱིར། སྡེ་ཆན་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡེ་ཚན་གསུམ་པའི་ཡི་གེ་གསུམ་པ་ནི་ཌའོ། །དབྱུག་པ་ཕྱི་མོ་ཞེས་བྱ་བ་ནི། རའི་གཟུགས་ཅན་གྱི་ཨུ་སྟེ། དེ་དེའི་འོག་ཏུ་གདགས་པར་བྱའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་ཌ་ཉིད་དེ། རྡོ་རྗེའི་གཟུགས་འདྲ་བའི་ཕྱིར་རོ། །སྐ་བོ་ཆེ་ཡིས་དཀྲི་བར་བྱ། །ཞེས་བྱ་བ་ནི་དེ་གཉིས་འབྲེལ་བར་བྱ་བའི་ཕྱིར་རོ། །འདིས་ནི་ཏ་དང་རར་འདུས་པའི་ཨ་བསྟན་གྱི་ཏ་དང་པའི་བདག་ཉིད་ཀྱི་ཨ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །ད་ནི་བདུད་རྩི་ལྔའི་ས་བོན་ཕན་ཡོན་བསྟན་པའི་ཕྱིར། བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དང་པོ་རྡོ་རྗེ་བདུད་རྩི་ཆུ། །ཨཱ་ལི་ནམ་མཁའི་མཐས་གཏུགས་པ། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་བྱང་ཆུབ་ཀྱི་སེམས་དང༌། ལྷག་མ་བཤང་དང་གཅི་ཞེས་བྱ་བ་བསྟན་པའི་བདུད་རྩི་གཉིས་དང༌། མེ་ཏོག་ཆུ་ཞེས་བྱ་བས་བསྟན་པའི་ཟླ་མཚན་དང༌། མན་ངག་གིས་བསྟན་པའི་དར་སྣ་བས་དང་ལྔ་ནི་བདུད་རྩི་ལྔའོ། །ཡང་གང་བདུད་རྩི་ལྔ་སྨོས་པ་དེར་རའི་སྒྲས་ཁྲག་སྨོས་པ་ལ། ཟླ་མཚན་ཉིད་གཟུང་བར་བྱའི་ཐ་མལ་པའི་ཁྲག་ནི་མ་ཡིན་ནོ། །ལྔ་པོ་དེ་དག་ཀྱང་སྔར་སྨོས་པའི་ཚུལ་གྱིས་རེ་རེ་ཞིང་སོ་སོ་ལྔ་ལྔར་བསྒྲུབ་པར་བྱའོ། །དེ་ཉིད་འདིས་ཞེས་བྱ་བ་ནི་སྦྱང་བའི་ཆོ་ག་སྨོས་པ་སྟེ་དེ་ཁོ་ན་ཉིད་ཀྱིས་སོ། །ལུས་ཅན་བདག་ཉིད་བཀྲུ་བར་བྱ། །ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་དག་པར་བྱ་བའོ། །བདུད་རྩི་ལྔ་ཡི་ཁྱད་པར་དང༌། །ཞེས་བྱ་བ་ནི་སྦྱངས་པའི་ཁྱད་པར་རོ། །གང་གིས་ཤེས་འགྱུར་ཞེས་བྱ་བ་ནི། གང་གིས་ཟོས་པ་ན་ཞེས་བྱ་བའི་བར་དུའོ། །འཆི་མི་འགྱུར་ཞེས་བྱ་བ་ནི། འཆི་བ་དང་རྒ་པ་ལ་སོགས་པ་ལས་རིང་དུ་འགྱུར་བ་སྟེ། འཆི་བ་ཉེ་བར་མཚོན་པའོ། །ཅི་སྟེ་འཆི་བར་འགྱུར་ན་དེའི་ཚེ་གསུངས་པ། འགྲོ་བའི་སྒོ་ཞེས་བྱ་བ་ལ་སོགས་པ་སྟེ། འགྲོ་བའི་སྒོ་ནི་འགྲོ་བའི་ལམ་མོ། །ཅི་འདྲ་ཞེ་ན། དག་པའི་ལུས་ནི་སྐྱོན་མེད་པ། ཞེས་བྱ་བ་སྨོས་ཏེ། མི་དང་ལྷའི་
༄། །ལུས་སུ་འགྲོ་བའི་ལམ་མོ། །མཐོང་བ་ནི་དེར་འགྲོ་བའོ། །བདུད་རྩིའི་སྦྱོར་བ་ཀུན་ཤེས་པས། །རང་དགར་བདུད་རྩི་མྱང་བར་བྱ། །ཞེས་བྱ་བ་ནི་གོ་སླའོ། །ཡང་ན་འདིའི་དོན་ནི་བྱང་ཆུབ་སེམས་ཀྱི་བདུད་རྩི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས། ལྷན་ཅིག་སྐྱེས་པའི་རོ་མྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལྕགས་ཀྱུ་ལྔ་ཞེས་པའི་ལན་བསྟན་པའི་ཕྱིར། བཟའ་བ་ལྔ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེ་བྲག་ཅེས་བྱ་བ་ལ་སྔར་སྨོས་པའི་རིམ་པས་སོ། །གང་ཞིག་ཤེས་ནས་ཟོས་པ་ཡིས། །ཞེས་བྱ་བ་ནི་སྦྱང་བའི་ཆོ་ག་གང་ཞིག་ཤེས་པ་སྔོན་དུ་འགྲོ་བས་ཟོས་ནའོ། །མྱུར་དུ་འགྲོ་བ་མཐོང་བར་འགྱུར། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཡང་ན་འགྲོ་བ་ནི་ཐར་པའོ། །མཐོང་བ་ནི་ཐོབ་པའོ། །མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལས་ཏེ། གཞན་དུ་བསྐལ་པ་གྲངས་མེད་པས་ཀྱང་རྙེད་པར་དཀའ་བ་དེ་མཐོང་བའི་ཚེ་འདི་ཉིད་ལས་རྙེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ལྕགས་ཀྱུ་རྣམས་གསུངས་པ་བློ་ཆེན་ཞེས་བྱ་བ་ལ་སོགས་པ་ལ་བློ་དང་ལྡན་པས་ན་བློ་ཆེན་ཏེ། གླང་པོ་ཆེའོ། །ཤིན་ཏུ་ལྐུགས་པས་ན་ངག་སྟེ། བསྟིང་བའི་ཚིག་གིས་ན་བ་ལང་ངོ༌། །ཡང་ན་ཤ་འདིས་ངག་སྙན་པས་ན་ངག་གོ །རང་གི་རིགས་ལ་འགྲན་ཚོལ་བས་ན། རིགས་ལ་འགྲན་ཏེ་ཁྱིའོ། །རེག་འགྲོ་ཞེས་བྱ་བ་ལ། ཞོན་ན་རིང་དུ་འགྲོ་བས་ན་རེ་ག་འགྲོ་སྟེ་རྟའོ། །ལྕགས་ཀྱུ་ཆེན་པོ་ནི་གོ་སླའོ། །ཤེལ་དང་འདྲ་ཞེས་བྱ་བ་ནི་ཤེལ་ལྟར་དག་ཅིང་སྦྱངས་ནས་བཟའ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་ཤེས་ས་བོན་ནི་ཡི་གེ་ཧཱུཾ་ངོ༌། །གཟུང་བར་བྱ་ཞེས་བྱ་བ་ནི། བསྒོམ་པ་སྟེ་ཡི་གེ་ཧཱུཾ་བཟླས་པ་དང༌། བསྒོམ་པས་ལྕགས་ཀྱུ་ཆེན་པོ་སྦྱང་བར་བྱའོ། །ཤེལ་གྱི་སེམས་ཀྱིས་ཞེས་བྱ་བ་ནི། ཤེལ་ལྟར་དང་པའི་སེམས་ཏེ། རྣམ་པར་ཏོག་པའི་དྲི་མ་དང་བྲལ་བས་སོ། །བགེགས་ཀྱི་ལྕགས་ཀྱུ་ཞེས་བྱ་བ་ནི། བི་ན་ཡ་ཀའི་རང་བཞིན་ཡིན་པས་ན། བགེགས་ཏེ་གླང་པོ་ཆེའི་ཤའོ། །གཅིག་པ་ནི་མཚུངས་པ་སྟེ། ལྕགས་ཀྱུ་ཆེན་པོ་དང་སྦྱང་བའི་ཆོ་ག་མཚུངས་པའོ། །
༄། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ཞེས་བྱ་བ་སྨོས་ཏེ་གོ་སླའོ། །གནས་ཀྱི་བདག་པོ་ཞེས་བྱ་བ་ནི་ཁྱི་སྟེ། རང་གི་གནས་སུ་སྟོབས་དང་ལྡན་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །རྟའི་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་རིག་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། ལྕགས་ཀྱུའི་བྱེ་བྲག་གིས་ས་བོན་གྱི་དེ་ཁོ་ན་ཉིད་རིག་པ་དང་ལྡན་པའོ། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ནི་གོའི་དང་པོ་ཅན་གྱི་ལྕགས་ཀྱུ་སྟེ། ལྕགས་ཀྱུ་འདིས་ལུས་རྡོ་རྗེ་ལྟར་ན་བ་དང༌། རྒ་བ་ལ་སོགས་པས་མི་ཕྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེའི་ལུས་སུ་བརྗོད་པ་སྟེ། །ཞེས་བྱ་བའོ། །ཕན་ཡོན་བསྟན་པའི་ཕྱིར། རྣལ་འབྱོར་པ་རྣམས་སྡིག་སྦྱང་ངོ༌། །ཞེས་བྱ་བ་སྨོས་ཏེ། ལྕགས་ཀྱུ་དེ་རྣམས་བསྟན་པས། རྣལ་འབྱོར་པ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྡིག་པ་འདག་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཨཾ་ཀུ་ཤ་སྟེ། དེ་ལ་ཨཾ་ཞེས་བྱ་བ་ནི་དོན་ཏེ་འབྲས་བུའོ། །ཀུ་ཤ་ཞེས་བྱ་བ་ནི་བྱེད་ཅིང་བསྒྲུབ་པའོ། །གཏོར་མའི་དུས་བསྟན་པའི་ཕྱིར་བཅུ་བཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་ཡང་ངོ་དང་མར་པོའི་བཅུ་བཞི་ལ་སོགས་པའི་ཚེས་ལ་ལྷའི་རྣལ་འབྱོར་དང་ལྡན་པས་ཆོ་ག་ཇི་ལྟ་བ་བཞིན་དུ་གཏོར་མ་སྦྱིན་པའོ། །ཇི་ལྟར་ཞེ་ན། རབ་ཏུ་འབད་དེ་ཞེས་བྱ་བ་སྨོས་ཏེ། ནན་ཏན་དུ་བྱ་བ་དང་བཅས་པས་སོ། །རྟག་ཏུ་ངེས་པ་དང་བཅས་པས་གཏོར་མ་སྦྱིན་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱོད་པ་ཞེས་བྱ་བ་ནི་ལོངས་སྤྱོད་དེ། མཐོ་རིས་ཀྱི་མཚན་ཉིད་དོ། །གྲོལ་བ་ཞེས་བྱ་བ་ནི་ཐར་པ་སྟེ། སངས་རྒྱས་ཀྱི་གོ་འཕང་ངོ༌། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། རྒྱས་པ་ལ་སོགས་པའི་ལས་རྣམས་འགྲུབ་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོའི་ཕོ་བྲང་འགྲོ་ན་ཡང༌། །མྱུར་དུ་དཔལ་དང་ལྡན་པར་འགྱུར། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས། རྫས་བཅུ་ལས་བྱས་པའི་རི་ལུ་སྦྱང་བ་བྱས་ཏེ་ཁར་བཅུག་ནས། རྒྱལ་པོའི་ཕོ་བྲང་དུ་
༄། །འགྲོ་ན། དེ་མ་ཐག་ཏུ་དཔལ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཛའ་བོ་སྡུག་ཅིང་ཞེས་བྱ་བ་ནི། ཤིན་ཏུ་ཡིད་གཅུགས་པར་གྱུར་པའོ། །ཡིད་འོང་བར་ཞེས་བྱ་བ་ནི་དབང་དུ་གྱུར་པའོ། །མཐོང་བ་ཙམ་གྱིས་ཞེས་བྱ་བ་ནི་བལྟས་པའོ། །དབུལ་པོ་ནོར་གྱིས་ཕོངས་པ་ཡང། །ཞེས་བྱ་བ་ལ། དབུལ་པོ་ཉིད་ཕོངས་པ་སྟེ། ནོར་དང་བྲལ་བའོ། །ཁྱིམ་ནི་འབྱོར་ཞིང་རྒྱས་པར་འགྱུར། །ཞེས་བྱ་བ་ནི་ཁྱིམ་ནོར་གྱིས་གང་བར་འགྱུར་བའོ། །དེ་དག་ཐམས་ཅད་ལ་ཡང་རིམ་པ་སྔ་མ་ཉིད་དང་སྦྱར་བར་བྱའོ། །འཆི་བའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲི་ཞིམ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། དྲི་ཞིམ་ཞེས་བྱ་བ་ནི་དྲི་ཞིམ་པོ་གང་ཡང་རུང་བའོ། །སྦྱར་བ་ནི་བསྲེག་པ་སྟེ། ཅི་དང་ཞེ་ན། རྫས་བཅུ་ཞེས་བྱ་བ་སྨོས་ཏེ། རྫས་བཅུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། མི་བསྐྱོད་པ་ཞེས་བྱ་བར་གྲགས་པ་རྣམས་དང༌། དོན་ཡོད་གྲུབ་པ་ཞེས་བྱ་བར་གྲགས་པ་ལུད་སྐབས་ཏེ་བདུད་རྩི་ལྔ་དང༌། གོ་ཀུ་ད་ཧ་ན་སྟེ་ལྕགས་ཀྱུ་ལྔའོ། །ཡི་གེ་བཅུ་ཡི་སྔགས་དག་ནི། །ཞེས་བྱ་བ་ནི་སངས་རྒྱས་ལྔའི་སྙིང་པོ་ཧཱུཾ་ཧཱུཾ་ཀྵུཾ་ཡུཾ་སུཾ་ཞེས་བྱ་བ་ལྔ་དང༌། གོ་ཀུ་ད་ཧ་ན་རྣམས་ཀྱི་སྙིང་པོ་སྲིཾ་གྲིཾ་ཧཱུཾ་ཛྲཱྀཾ་ཧཱུཾ་ཞེས་བྱ་བ་ལྔ་སྟེ་བཅུའོ། །ཕྱག་འཚལ་སྲེད་པའི་མཐའ་དང་ལྡན། །ཞེས་བྱ་བ་ནི་དང་པོར་ཨོཾ་དང་མཐའ་མར་སྭཱ་ཧཱ་སྤེལ་བ་སྟེ། བསྡུས་པས་ཨོཾ་ཧཱུཾ་ཧཱུཾ་ཀྵུཾ་ཡུཾ་སུཾ་སྲིཾ་གྲིཾ་ཧཱུཾ་ཛྲཱྀཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །རྣལ་འབྱོར་པ་ཡིས་འབུམ་བཟླས་ཏེ། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས། ཐོག་མར་སྔགས་འདི་འབུམ་དུ་བཟླས་པས་བསྙེན་པར་བྱའོ། །མཁའ་འགྲོའི་གཏོར་མ་བྱིན་བརླབས་ལ། །ཞེས་བྱ་བ་ནི་གཏོར་མ་སྔོན་དུ་འགྲོ་བས་སོ། །སྒྲུབ་པོས་འདི་ཡི་དུ་བས་འདུག །ཅེས་བྱ་བ་ནི། སྔགས་བཟླས་མ་ཐག་པའི་བརྒྱ་རྩ་བརྒྱད་བཟླས་པའི་དུ་བས་བདག་ཉིད་ལ་བདུག་པའོ། །འགྲོ་བ་ཐམས་ཅད་རྨོངས་པར་འགྱུར། །ཞེས་བྱ་བ་ནི་ཆགས་ཤིང་དབང་དུ་འགྱུར་བའི་རྣམ་གྲངས་སོ། །གཞན་དག་ལ་ཡང་བསྙེན་པ་ལ་སོགས་པའི་ཆོ་ག་ནི་འདི་ཉིད་ཡིན་པར་བལྟའོ། །ལྷག་
༄། །མ་ནི་གོ་སླ་བས་མ་ཕྱེའོ། །དེ་དག་ལས་སུ་སྦྱར་བར་བྱ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་གུར་གུམ་ལ་སོགས་པའི་རྫས་དེ་དག་གིས་དབང་དུ་བསྡུ་བ་ལ་སོགས་པའི་ལས་རྣམས་སྦྱར་ཞིང་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་ཏེ་ཉེ་བར་བསྡུ་བའོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱི་སྒྲུབ་པ་བསྟན་པའི་ཕྱིར་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་རྣལ་འབྱོར་མ་རྣམས་བསྒྲུབ་ཅེ་ན། ཕོ་ཉའི་ལས་ཀྱི་བྱ་བ་ཡིས། །གྲུབ་པའི་རྣལ་འབྱོར་དོན་གཉེར་ཕྱིར། །ཞེས་བྱ་བ་གསུངས་ཏེ། གྲུབ་པའི་རྣལ་འབྱོར་མ་རྣམས་ལས་ཐམས་ཅད་བྱེད་པའི་ཕོ་ཉར་དོན་དུ་གཉེར་བར་བྱ་བའི་ཕྱིར་ཏེ། བདག་གིར་བྱ་བ་ཞེས་བྱ་བའི་བར་དུའོ། །ལན་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉའི་ལས་སུ་རབ་སྦྱར་བས། །ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཕོ་ཉར་བྱའོ། །ལས་རྣམས་ཀུན་གྱི་སྙིང་པོ་པས། །ཞེས་བྱ་བ་ནི། ལས་ཐམས་ཅད་ལ་སྟོབས་དང་ལྡན་པའི་ཕྱིར། གཙོ་བོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་གཅིག་གི་ནི་དྲུང་དག་ཏུ། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །ཞེས་བྱ་བ་ནི་འབར་བྱེད་མ་བསྒྲུབ་པའི་ཕྱིར། དང་པོར་བསྙེན་པ་བསྟན་པ་ཡིན་ནོ། །དེ་ལ་ཤིང་གཅིག་ཅེས་བྱ་བ་ནི། རྒྱང་གྲགས་ཚུན་ཆད་དུ་ཟླ་མེད་པའོ། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །ཞེས་བྱ་བ་ནི་དམ་ཚིག་བསྟེན་པ་ལ་གུས་པའི་རྣལ་འབྱོར་པས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བྲིས་སྐུའི་མདུན་དུ་འབུམ་ཕྲག་གཅིག་ཏུ་བཟླས་པའོ། །ཆོ་ག་དེ་ཉིད་བསྟན་པའི་ཕྱིར། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐར་ཁ་ཞེས་བྱ་བ་ནི་མན་ངག་ལས་ཟླ་མཚན་ཅན་གྱི་དག་པ་མ་ལས་བྱ་བའོ། །ཅི་སྙེད་ཅིག་ཏུ་བྱ་ཞེ་ན། ཁྲུ་གང་བཞི་ཆར་བཅས་པ་སྟེ། །ཁྲུའི་བཞི་ཆ་གཅིག་དང་བཅས་པའི་ཁྲུ་གང་དུའོ། །བྲེ་བ་ཞེས་བྱ་བ་ནི་འབར་བྱེད་མའི་གཟུགས་བྲི་བའོ། །ཇི་སྙེད་ཅིག་ཅེ་ན། མཐེ་བ་སོར་བཅུ་གཉིས་ཚད་དུ་སྟེ། སོར་བཅུ་གཉིས་ཀྱི་དཔངས་དང་ལྡན་པར་རོ། །ཇི་ལྟར་ཞེ་ན། ཁ་དོག་
༄། །སེར་མོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འབད་དེ་མཆོད་པའི་ཆོ་ག་བརྩམ། །ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། འདི་ཉིད་བཤད་པའི་ཕྱིར། དྲི་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་དྲི་དམར་པོ་དང༌། མེ་ཏོག་དམར་པོས་མཆོད་ནས། ཤ་སྐམ་གྱི་བདུག་པས་བདུགས་ལ། ཉེ་བར་སྤྱོད་པའི་གཏོར་མ་སྦྱིན་པའོ་ཞེས་སྟོན་ཏོ། །རྫས་ལྔ་དག་དང་དངོས་པོ་ལྔ། །ཞེས་བྱ་བ་ལ། རྫས་ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །དངོས་པོ་ལྔ་ཞེས་བྱ་བ་ནི་གོ་ཀུ་ད་ཧ་ན་སྟེ་ཤ་ལྔའོ། །མཆོད་ནས་དེ་བཞིན་འབུམ་དུ་བཟླས། །ཞེས་བྱ་བ་ནི་གཏོར་མ་སྔོན་དུ་འགྲོ་བའི་བསྙེན་པ་འབུམ་དུ་བཟླས་ཀྱི་འོག་ཏུ་ཡང་གཏོར་མ་སྔོན་དུ་འགྲོ་བའི་བཟླས་པ་འབུམ་གྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། གྲུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དང་པོ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཕོ་ཉ་འོངས་ནས་དམ་ཚིག་གི་སྔགས་དང་ཕྱག་རྒྱ་བསྟན་པས་མཉམ་པར་བྱ་བའི་ཕྱིར། དེ་ཡི་སྔགས་ཀྱི་བརྗོད་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྔགས་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པའི་དུས་སུ་བཟླས་པའི་སྔགས་སོ། །བརྗོད་ནས་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་དུས་སུའང་དེ་དེ་ཉིད་བཟླས་པའོ། །མཉེས་ཀྱི་འོག་ཏུ་བདུད་རྩི་ལྔའི་ཆུས་ཐོད་པ་བཀང་སྟེ། དམ་ཚིག་བྱིན་པས་དབང་དུ་བསྡུ་བ་བསྟན་པའི་ཕྱིར། བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གསལ་ལོ། །དབང་དུ་བྱས་ནས། དངོས་གྲུབ་བསླང་བ་བསྟན་པའི་ཕྱིར། འབད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་དང་གཉིས་མེད་པར། །བྱིན་གྱིས་རློབས་ལ་ད་སྒྲུབས་ཤིག །ཅེས་བྱ་བ་ནི་རྣལ་འབྱོར་མ་ཁྱོད་དང་ང་དབང་པོ་གཉིས་སྙོམས་པར་འཇུག་པའི་ཕྱིར་ཉེ་བར་མ་ནོས་ཤིག་པ་སྟེ། ཆུང་མར་བསྒྲུབ་པར་བྱ་བའི་ཕྱིར་སྨྲ་བར་བྱའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེ་བའོ། །ཐུན་ཕྱེད་དང་ནི་ལྷན་ཅིག་སྤྱོད། །འཁྲིག་ལ་སྲེད་པའི་རྣལ་འབྱོར་མ། །ཞེས་བྱ་བ་ནི། རྣལ་འབྱོར་མ་འབར་མ་དེ་ཤིན་ཏུ་འཁྲིག་པ་ལ་སྲེད་པའི་ཕྱིར། ཐུན་ཕྱེད་ཀྱི་དུས་ཀྱི་བར་དུ་འཁྲིག་པ་སྤྱོད་པས་ཚིམ་པར་བྱས་ནས་དགའ་
༄། །བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་ཚེ་དྲག་མོའི་ས་བོན་བཟླ། །ཞེས་བྱ་བ་ལ་དྲག་མོའི་ས་བོན་ནི་ཡི་གེ་ཀྵུཾ་ངོ༌། །བཟླ་བ་ནི་དེ་དང་སྤེལ་བར་བཟླ་བ་སྟེ། གལ་ཏེ་ཆོ་ག་སྔ་མས་མ་གྲུབ་ན། ཀྵུཾ་ཨོཾ་དཱི་པེ་ཤྭ་རི་ཧཱུཾ་སྲཾ་ཕེཾ་ཀྵུཾ་ཞེས་བྱ་བ་འབུམ་དུ་བཟླས་པས་བསྒྲུབ་པར་བྱ་བའོ། །ས་བོན་གྱིས་ནི་གཟིར་ཙམ་གྱིས། །ཞེས་བྱ་བ་ནི་དྲག་མོའི་ས་བོན་དང་སྤེལ་ཏེ་བཟླས་པས་སོ། །འབར་བྱེད་མ་ཡི་སྤྱི་བོ་འགེམས། །ཞེས་བྱ་བ་ནི་གལ་ཏེ་མ་གྲུབ་ན་ཞེས་བྱ་བའི་ལྷག་མ་སྟེ་གདོན་མི་ཟ་བར་འགྲུབ་པོ་ཞེས་བྱ་བར་དགོངས་སོ། །སེམས་ཅན་དོན་འབད་སྒྲུབ་པ་པོས། །འབར་མ་ཆུང་མར་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་བཟའ་བ་དང་ནོར་ལ་སོགས་པའི་སྦྱིན་པས་སེམས་ཅན་འདུལ་བར་འདོད་ན། དེའི་ཚེ་འབར་མ་ཆུང་མར་བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་གཞན་སྒྲུབ་པ་བསྟན་པའི་ཕྱིར། གྲུབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཞེས་བྱ་བ་ནི་འབར་མ་ལས་གཞན་པའི་ལྷག་མ་རྣམས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ནང་ནས་མཁའ་འགྲོ་མ་སྨོས་ཏེ། དཀར་བའོ། །ཐང་ཀ་ཁྲུ་གཉིས་དམན་པ་ལ། །ཞེས་བྱ་བ་ནི་བཞི་ཆ་གཅིག་གིས་མ་བཀབ་པའི་ཁྲུ་དོའོ། །མཆོད་དང་གཏོར་མ་བྱིན་བརླབ་སྟེ། །དེ་འོག་གཟུགས་ནི་བྲི་བར་བྱ། །ཞེས་བྱ་བ་ནི་གཟུགས་བྲིས་ཏེ་གཏོར་མ་སྔོན་དུ་འགྲོ་བའི་བཟླས་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དུར་ཁྲོད་ཀྱི་ནི་ས་ཕྱོགས་སུ། །ཞེས་བྱ་བ་ནི་རོ་བསྲེགས་པའི་ཤུལ་དུའོ། །དེ་ཡང་ཁྱད་པར་ཅི་འདྲ་ཞེ་ན། ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །འདིར་ཡང་བསྙེན་པ་དང༌། སྒྲུབ་པ་དང༌། དགྱེས་པར་བྱེད་པ་དང༌། དབང་དུ་བྱ་བ་ལ་སོགས་པའི་ཆོ་ག་སྔར་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །རྡོ་རྗེ་མའི་ས་བོན་ཞེས་བྱ་བ་ནི་ཡི་གེ་སུཾ་ངོ༌། །སྔོན་དུ་བསྟན་པའི་ཆོ་ག་བཞིན། །ཞེས་བྱ་བ་ནི་རིམ་པར་ཕྱེ་བ་གཞན་ལས་བསྟན་པའི་སྔགས་སྤེལ་པའི་ཆོ་ག་སྟེ། འདིར་སུཾ་ཨོཾ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕུ་སུཾ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་གཞན་དུ་ཡང་བལྟ་བར་བྱའོ། །ལྷག་མ་ནི་གོ་སླ་བས་རྣམ་
༄། །པར་མ་ཕྱེའོ། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །ལས་གཞན་གྱིས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་སྔར་སྨོས་པའི་ཞི་བའི་ལས་ཀྱིས་མ་གྲུབ་ན། དྲག་ཤུལ་གྱི་ཆོ་ག་གཞན་གྱིས་སྒྲུབ་པར་སྟོན་ཏེ། མདོར་བསྡུས་པའོ། །དེ་ཉིད་བཤད་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ནི། བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བསྒོམས་ལ། རྐང་པ་གཡོན་པས། འཕྲོག་བྱེད་མའི་བྲིས་སྐུ་མནན་ལ། འཕྲོག་བྱེད་མ་ཉིད་ཀྱི་སྔགས་ལྔ་བརྒྱ་བཟླས་ཏེ་བསྡིགས་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྡིགས་པས་ཀྱང་མ་གྲུབ་ན། ཚར་བཅད་པའི་ལས་ཀྱིས་སྒྲུབ་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔའ་བོའི་དབུས་སུ་ཞེས་བྱ་བ་ནི་རྣལ་འབྱོར་མའི་འཁོར་ལོའི་དབུས་སུའོ། །གསོད་པ་ཞེས་བྱ་བ་ནི་ཡི་གེ་ཕཊ་དོ། །མཐོ་ཞེས་བྱ་བ་ནི་དྲག་ཏུ་བཟླས་པའོ། །ཧཱུཾ་གི་ས་བོན་བསྒོམས་པ་ཡིས། །ཞེས་བྱ་བ་ནི་བྲིས་སྐུའི་དུམ་བུ་རྣམས་ཡི་གེ་ཧཱུཾ་དུ་བསྒོམ་པའོ། །ཐམས་ཅད་དུ་ནི་བཟའ་བར་བསམ། །ཞེས་བྱ་བ་ནི། མེའི་ནང་དུ་སྦྱིན་སྲེག་ཏུ་དབུལ་བའོ། །ཐམས་ཅད་ཀྱི་ནི་དབང་ཕྱུག་མ། །ཞེས་བྱ་བ་ནི། །གཙོ་མོ་སྟེ་འཕྲོག་བྱེད་མའོ། །དེ་ཉིད་སླར་བཤད་པའི་ཕྱིར། བསྟན་པའི་ལས་ཀྱིས་མ་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པའི་ཐ་མལ་པ་དང་བསྡིགས་པའི་ལས་གཉིས་དང་སྦྱར་རོ། །ནག་པོ་ཞེས་བྱ་བ་ནི་རི་སྟ་ཀའི་ཤིང་སྟེ། བ་ལ་ཏ་ག་དང་ནག་པོའི་ཤིང་གི་མིང་ཞེས་ཟླས་ཕྱེ་སྟེ། མཚམས་སྦྱར་བར་བྱའོ།། ཁྲག་དང་བཅས་པའི་ཡུངས་ཀར་ནི། །ཞེས་བྱ་བ་ནི་ཁྲག་དང་ཡུངས་ཀར་དང༌། སྐེ་ཚེ་དང་དུག་དང༌། ནིམ་པ་རྣམས་ཚ་བའི་མར་ནག་གིས་བསྒོས་ལ། བྲིས་སྐུའི་དུམ་བུ་དང་བཅས་པར་བསྲེག་པར་བྱ་བ་སྟེ། ཁྲག་དང་ཡུངས་ཀར་ནི་ཉེ་བར་མཚོན་པ་ཙམ་མོ། །ཆོ་ངེས་འདེབས་ཤིང་འོངས་ནས་སུ། །ངེས་པར་ལས་རྣམས་སྒྲུབ་བྱེད་པར། །ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གཟིར་བས་ལུས་འཇིག་པའི་སྐྲག་པ་དང་བཅས་པས། མྱུར་དུ་སྒྲུབ་པ་པོའི་གན་དུ་འོངས་ཏེ། ཇི་ལྟར་བསྒོ་བ་བཞིན་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དྲག་ཤུལ་གྱི་ཆོ་ག་
༄། །འདི་ནི་འཕྲོག་བྱེད་མ་འབའ་ཞིག་ཏུ་མ་ཟད་ཀྱི། རྣལ་འབྱོར་མ་གཞན་དག་ཀྱང༌། གལ་ཏེ་སོ་སོའི་ལས་ཇི་སྐད་སྨོས་པས་མ་གྲུབ་ན། ཆོ་ག་འདི་ཉིད་ཀྱིས་ཚར་གཅད་པར་བྱའོ་ཞེས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། མཁའ་འགྲོ་མ་རྣམས་འཆི་འགྱུར་རམ། །ཞེས་བྱ་བ་སྨོས་ཏེ། མཁའ་འགྲོ་མ་རྣམས་ཞེས་བྱ་བ་རྣལ་འབྱོར་མ་རྣམས་སོ། །དེ་ལ། གཉིས་མེད་གཉིས་སུ་མེད་པའི་ཆོས། །གཉིས་ཀྱི་རྣམ་རྟོག་ཇི་ལྟར་སྐྲང༌། །ཞེས་བྱ་བའི་ལན་ནི། དངོས་དང་དངོས་མེད་ལས་གྲོལ་བས། །དེས་ནི་རྨོངས་པས་རིང་དུ་འགྲོ། །ཞེས་བྱ་བས་བསྟན་ཏོ། །རྣལ་འབྱོར་བསྟན་བཅོས་ཚུལ་དང་ནི། །ཞེས་བྱ་བའི་ལན་ནི། དྲི་ཞིམ་དང་ནི་སྦྱར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དྲི་བ་དང་ལ་ན་ལྷག་མ་ནི་སོ་སོར་བརྡ་ཕྲད་པར་ཟད་དོ། །ད་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ། སྒྲོ་སྲུང་དབྱིག་སྔོན་ཅན་ལ་གསོལ་བ་འདེབས་པ་བསྟེན་པའི་ཕྱིར། ཁྲོ་བོ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ཞེས་བྱ་བ་ནི་ཚིག་སྔ་མ་ཕྱེད་བོར་ནས་ཕྱོགས་གཅིག་སྨོས་ཏེ། འདིར་དབྱིག་པ་སྔོན་པོ་ཅན་ལ་སྔོན་པོ་འབའ་ཞིག་སྨོས་པ་ནི་དཔེར་ན་དོན་ཡོད་པར་གྲུབ་པ་ལ་དོན་ཡོད་པ་ཞེས་བྱ་བ་དང། །ཀུན་དུ་སྤྱན་རས་གཟིགས་ལ་ཀུན་གཟིགས་ཞེས་བྱ་བ་ལྟ་བུའོ། །དམ་ཚིག་ཡིད་དུ་འོང་ཞེས་བྱ་བ་ནི། ཡིད་དང་འཐད་པའི་དམ་ཚིག་སྟེ། ཁྲོ་བོ་ཉིད་འགྲོང་བར་མི་བྱ་བས་ན་དམ་ཚིག་གོ །ཇི་ལྟར་ན་མཛེས་པ་ཡིན་ཞེ་ན། ནོར་བུ་རིན་ཆེན་གཅེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། ནོར་བུ་རིན་ཆེན་བསྣམས་པ་སྟེ། །ཞེས་བྱ་བ་མང་བའི་ཚིག་ནི། མདོག་དང་དབྱིབས་དང༌། ཡོན་ཏན་ལ་སོགས་པ་རྣམ་པ་ཐ་དད་པའི་ནོར་བུ་རྣམས་བསྡུ་བའི་ཕྱིར་རོ། །གཅེས་ཞེས་བྱ་བ་ནི་ནོར་བུ་དེ་དག་ལ་སྲོག་ལྟར་ཡིད་དུ་འོང་བའི་ཕྱིར་རོ། །བཅིངས་པ་ནི་སྤྲས་པའོ། །དེ་དག་ནི་ཁྲོ་བོ་ལ་བོད་པའོ། །བོས་ནས་ཅི་ཞིག་བྱ་ཞེན། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པས་གསོལ་བ་གདབ་པར་བྱའོ། །བདག་ནི་ཞེས་བྱ་བ་ནི་རྣལ་འབྱོར་མའི་ཚོགས་ཀྱི་དབུས་སུ་གཏོང་དུ་གསོལ་ཞེས་བྱ་བ་
༄། །དང་འབྲེལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་ལས་བསྒྲལ་བའི་ཕྱིར་ཏེ་འཁོར་བའི་འཇིགས་པ་ལས་བསྒྲལ་བའི་ཕྱིར་རོ། །དཔའ་བོས་ཞེས་བྱ་བ་ནི་ཁྲོ་བོ་ལ་བསྟོད་པ་སྟེ། འཁོར་བའི་འཇིགས་པ་མེད་པའི་ཕྱིར་རམ། །ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །གནང་གིས་ཞེས་བྱ་བ་ནི་བདག་ཉིད་ལ་བསྟོད་པ་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་སྐལ་བ་དང་ལྡན་པར་བསྟན་ཏོ། །བཟང་པོ་ཞེས་བྱ་བ་ནི་དགེ་བ་སྟེ། ཐར་པའི་གྲོང་ཁྱེར་གྱི་བདག་ཉིད་ཀྱི་ཕྱིར་རོ། །ཐོང་ཞེས་བྱ་བ་ནི་ཐོང་ཤིག་པའོ། །ཚིགས་སུ་བཅད་པ་འདིས་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་འདྲ་བར་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ཡང་བྱའོ་ཞེས་ལ་ལ་དག་ཟེར་རོ། །ད་ནི་ངག་དང་ལུས་ཀྱི་ཕྱག་རྒྱ་སྔར་གསོལ་བ་བཏབ་ཏུ་ཟིན་ན་ཡང་བཤད་པ་མང་པོ་ཞིག་གིས་བར་ཆོད་པའི་ཕྱིར་དང༌། སྡོམ་ལམ་གཏོགས་པའི་རྣལ་འབྱོར་མ་བཞིའི་སྒྲུབ་པ་གཞན་བསྟན་ པ་དག་གིས་བར་ཆོད་པས་དོགས ་པའི་འདུ་ཤེས་ཀྱིས་སླར་ཡང་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པ་བསྟན་ཏོ། །གསང་ཆེན་ཞེས་བྱ་བ་ནི་ཐ་མལ་བའི་སྐྱེ་བོ་རྣམས་ལ་བརྡའི་ཚུལ་གྱིས་སྤེད་པར་བྱེད་པའི་ཕྱིར་རོ། །གསང་དང་གསང་བས་ཞེས་བྱ་བ། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་དང་རྣལ་འབྱོར་མ་རྣམས་ཀྱིས་ཤེས་པར་བྱ་བའོ། །ལན་གསུངས་པ། ངག་གི་ཅེས་བྱ་བ་ལ་སོགས་པ་ལ། གཡས་ཀྱི་ཆ་རུ་རྣལ་འབྱོར་མ། །ཞེས་བྱ་བ་ནི། རྣལ་འབྱོར་པའི་གཡས་ཀྱི་ཆས་བརྡ་སྤྲད་པའམ། གཡས་ཀྱི་ཆར་གནས་ནས་བརྡ་ལ་འཇུག་པའོ། །གཡོན་དུ་རྣལ་འབྱོར་མ་ཉིད་དེ། །ཞེས་བྱ་བ་ཡང་དོན་དེ་བཞིན་དུ་ཤེས་པར་བྱ་བའོ། །སོར་མོ་ཁར་ནི་འཇུག་བྱེད་པ། །ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་རྣམས་ཀྱི་ལུས་ཀྱི་མཚན་མ་བསྟན་པའོ། །གོ་གྷུ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ངག་གི་བརྡ་བསྟན་ཏོ། །མཐེ་བོ་བཙིར་བྱེད་པ་ཞེས་བྱ་བ་ནི་གུང་མོའི་འཆིང་བའོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །གཞན་གྱི་གདན་ཞེས་བྱ་བ་ལ་སོགས་
༄། །པ་ལ། རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གསལ་བར་བྱེད་པ་སྟེ། གཞུང་འདིས་བདུད་རྩི་ལྔའི་དེ་ཁོ་ན་ཉིད་ནས་བཟུང་སྟེ། ལུས་དང་ངག་གི་བརྡའི་མཐར་ཐུག་པ་རབ་ཏུ་གསལ་ཞིང་རྒྱས་པར་སྟོན་པར་བྱེད་པས་ན་རབ་ཏུ་བྱེད་པའོ། །གཞན་གྱི་གདན་ཞེས་བྱ་བ་ནི་བདག་གི་གདན་གྱི་རིམ་པར་ཕྱེ་བ་བཞི་ལས་གཞན་ཉན་པར་གྱུར་པའི་རིམ་པར་ཕྱེ་བ་བཞི་ནི་སྦྱིན་སྲེག་ནས་བཟུང་སྟེ། རྣལ་འབྱོར་མ་སྒྲུབ་པའི་མཐར་ཐུག་པ་གཞན་གྱི་དོན་གྱི་སྦྱོར་བ་སྟོན་པ་དང༌། སྦྱོར་བའི་གཙོ་བོ་སྟོན་པའི་ཕྱིར་གཞན་ཡིན་ལ། དངོས་གྲུབ་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ན་གདན་ཏེ་རྫོགས་སོ་ཞེས་བྱ་བ་ནི་མཐར་གཏུགས་པའོ། །དཔལ་གདན་བཞི་པའི་འགྲེལ་བ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་གཞན་གྱི་གདན་གྱི་རིམ་པར་བྱེ་བ་བཞི་པའོ།། །།