ལེའུ་དང་པོ། བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སོ་སོར་སྟོན་པ་མཐའ་དྲུག་གིས་བཤད་པ།
རྒྱ་གར་སྐད་དུ། པྲ་དཱི་པོ་དྱོ་ཏ་ན་ནཱ་མ་ཊཱི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ཀྱི་ཤིན་ཏུ་གསལ་བར་རྣམ་ཕྱེ་ལེགས་བཤད་པ། །མཐའ་དྲུག་གི་ནི་འཆིང་བས་བཅིངས་པ་རྒྱལ་སྲས་ཡུལ་འགྱུར་རྒྱལ་བའི་འདུས་གང་ཡིན། །སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་པ་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །འདི་ནི་བསྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །རིམ་པ་འདི་ཡི་དབྱེ་བ་ཡང༌། །སྤྲོས་བའི་རིམ་བ་རྣམ་
༄། །པ་མང༌། །དེ་རྣམས་ཡང་དག་བསྡུས་པ་ནི། །གང་གིས་ཤེས་པ་རྒྱུད་རིག་དེ། །སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་པ། །རིམ་པ་ལྔ་ཡིས་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ ། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛའི་མཐའ། །ད་དྷའི་མཐའ་དང་མ་མཐའ་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །གཞུང་ཉུང་བ་ལ་དོན་མང་བ། །འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང༌། །རྒྱན་བདུན་རྟོགས་པར་དཀའ་བས་ན། །ཐམས་ཅད་དུ་ནི་རྣམ་པར་འཁོར། །དེ་བས་བླ་མའི་དཀའ་དྲིན་གྱིས། །འབད་དེ་རྣམ་པར་ཤེས་ནས་ནི། །སེམས་ཅན་རྗེས་གཟུང་འདོད་པ་ཡིས། །དེ་ཡི་རྣམ་པར་དབྱེ་བར་བྱ། །གླིང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོར་རུ་བསྡུས་པའོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །རིམ་བཞིན་དུ་ནི་རེ་རེ་ཡིས། །བསྟན་པ་དག་ནི་བདག་གིས་བྱ། །རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་
ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང༌། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཚད་དག་ཀྱང་ནི་བཤད་བྱ་སྟེ། །ལེའུ་དེ་བཞིན་ཆོ་ག་དང༌། །དུམ་བུ་དེ་བཞིན་རིམ་པར་བྱེད། །དེ་ནི་རྣམ་པ་བཞིར་འགྱུར་ཏེ། །གཞུང་ཉིད་ཀྱི་ནི་གྲངས་ཀྱང་ངོ༌། །དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །གླེང་བསླང་བ་ནི་འདས་ཟིན་ཏེ། །གཉིས་པ་ཡང་ནི་བཤད་པར་བྱ། །རྒྱུད་དག་དང་ནི་གླེང་གཞི་དད། །ངེས་པའི་ཚིག་དང་རྒྱུ་ཡིན་ནོ། །མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པར་བྱ། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པའི། །མཐའ་དྲུག་ཚིག་གིས་ངེས་བྱས་པ། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། །དྲང་བ་དང་ནི་ངེས་དོན་བཅས། །དགོངས་པས་བཤད་དང་དགོངས་མིན་དང༌། །ཇི་བཞིན་སྒྲ་དང་མ་ཡིན་ཏེ། །མཐའ་ནི་དྲུག་ཏུ་ཤེས་པར་བྱས། །སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་བ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་ཡིན་དགོངས་བཤད་དེ། །དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་མཆོག་ཏུ་གསལ་བ་ཡིས། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པས་བཤད་པའོ། །དཀྱིལ་འཁོར་སོགས་དང་ཆོག་ཞིབ་ལ། །སྤྱོད་བ་ཇི་ལྟ་ཇི་
༄། །ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང༌། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །མཐའ་དྲུག་དབྱེ་བ་བསྟན་ན་ས་ནི། །བཤད་པའི་དབྱེ་བ་བརྗོད་པར་བྱ། །ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །སྦས་བ་རྣམ་པ་གསུམ་དུ་བཤད། །མཐར་ཐུག་པ་ནི་རྣམ་པ་གཉིས། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པས་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །མདོ་སོགས་ལ་ནི་རབ་བཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང༌། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །འདོད་ཆགས་ཆོས་ནི་རབ་སྟོན་དོན། །ཀུན་རྫོབ་བདེན་པ་རྟོགས་པ་དང༌། །ཡེ་ཤེས་གསུམ་པོ་རྣམས་བརྟགས་པའི། །སྙིང་པོ་ཡོད་པས་སྦས་པའོ། །འོད་གསལ་བ་ནི་རབ་སྟོན་དང༌། །ཟུང་དུ་འཇུག་པ་རྟོག་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །འཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང༌། །གཉིས་པ་སློབ་མ་ལ་བཤད་པའོ། །ཇི་བཞིན་སྒྲ་དང་དགོངས་མིན་དང༌། །དྲང་བའི་དོན་དུའང་གང་གྱུར་དང༌། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་བརྗོད། །ཇི་བཞིན་མིན་སྒྲ་ངེས་དོན་དང༌། །དེ་བཞིན་དགོངས་ཏེ་བཤད་པ་དང། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་གཤེགས་རྣམས་ཀྱིས་གདུལ་བྱ་ལ། །རིམ་པ་གཉིས་ལ་བརྟེན་ནས་ནི། །བཤད་པའི་དབྱེ་བ་གསུངས་པ་ཡིན། །རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤལ་དང་པད་དཀར་དང༌། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །དེ་ནི་མ་ལུས་ཐོས་གྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་
གིས་ནི་བརྗོད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་གོ །གཟུང་བྱ་མང་དུ་ཐོས་གྱུར་ཀྱང༌། །སྟོན་པ་ཡི་ནི་ནུས་མེད་པ། །བུམ་པའི་རས་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ན་བློ་ཡི་ཁ་འབྱེ་ལ། །ཚིག་མེད་འོ་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ །ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཨུཏྤལ་དེ་བཞིན་པད་དཀར་དང༌། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང༌། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །གང་ཟག་ཞེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བརྟགས་ནས། །རྡོ་རྗེ་སློབ་དཔོན་།མཁས་པས་ནི། །བཤད་པ་རྣམ་པ་གཉིས་བྱའོ། །རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བཤད་སྨྲ་ཤིན་ཏུ་རྙེད་པར་དཀའ། །འདི་ལྟར་དྲངས་ཏེ་བཤད་པ་ནི། །རྣལ་འབྱོར་རྒྱུད་ལས་གཞན་ན་མིན། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །གླེང་གཞི་རིམ་པའི་སྦྱོར་བར་བཅས། །བཤད་པའི་རྒྱུད་ལ་མཁས་པ་ཡིས། །འབད་དེ་རྣལ་འབྱོར་རྒྱུད་གཟུང་ངོ༌། །རྒྱན་རྣམ་པ་བདུན་བཤད་པའི་རིག་པའོ། །ད་ནི་ལེའུ་བཅུ་བདུན་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་ལེའུ་དང་པོ་ལས་ནི་བརྗོད་པ་དང༌། བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ། །རིགས་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གིས་བརྟག་པ་དང༌། རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་གཉིས་སོ་སོར་སྟོན་ཅིང༌། འོག་ནས་བཤད་པའི་ལེའུ་བཅུ་དྲུག་པོའི་དོན་གཞན་དག་ཀྱང་རྙེད་པས། ལྷའི་རྣལ་འབྱོར་གཉིས་པོ་ཉིད་ལ་འཇུག་ཅིང་གནས་པ་སྟེ། དོན་འདི་ཉིད་ནི་གསང་བ་འདུས་
༄། །པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་སོ། །དེ་ལ་ལེའུ་གཉིས་པ་ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་ཏོ། །ལེའུ་གསུམ་པ་ལས་ནི་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་གསལ་བར་བྱེད་དོ། །ལེའུ་བཞི་པ་ལས་ནི་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཏོ། །ལེའུ་ལྔ་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ། །ལེའུ་དྲུག་པ་ལས་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་གསུངས་སོ། །ལེའུ་བདུན་པ་ལས་ནི་ལེའུ་ལྔ་པ་ལས་བཤད་པའི་སྤྱོད་པ་སྤྲོས་ནས་བསྟན་ཏོ། །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་སོ། །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་སོ། །ལེའུ་དགུ་པ་ལས་ནི་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ། །ལེའུ་བཅུ་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་སྙིང་པོ་བསྐུལ་བ་གསུངས་སོ། །ལེའུ་བཅུ་གཅིག་པ་ལས་ནི་སྔགས་ཀྱི་སྐུ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ། །ལེའུ་བཅུ་གཉིས་པ་ལས་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་ཐིམ་པ་གསུངས་སོ། །ལེའུ་བཅུ་གསུམ་བ་དང་བཅུ་བཞི་པ་ལས་ནི་ལས་ཀྱི་ཚོགས་རྣམས་གསུངས་སོ། །ལེའུ་བཅོ་ལྔ་པ་ལས་ནི་དངོས་གྲུབ་ཐམས་ཅད་ནི། དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་སོ། །ལེའུ་བཅུ་དྲུག་པ་ལས་ནི་ལེའུ་བཞི་པ་ལས་དཀྱིལ་འཁོར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་གསུངས་སོ། །ལེའུ་བཅུ་བདུན་པ་ལས་ནི་དམ་ཚིག་དང་སྡོམ་པ་རབ་ཏུ་སྟོན་པ་ཡིན་ནོ། །ད་ནི་ལེའུ་བཅུ་བདུན་པོ་རྣམས་ཀྱི་མཐའ་དྲུག་ཏུ་ཚིག་རྣམ་པར་དབྱེ་བ་དང༌། བཤད་པ་རྣམ་པར་དབྱེ་བ་བྱ་སྡེ། འདི་སྐད་བདག་གིས་ཞེས་བྱ་བ་ནས། བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་བར་དུ་ནི། བཤད་པའི་ཚུལ་རྣམ་པ་བཞི་དང་ལྡན་པར་བཤད་དོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བའི་འཁོར་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ཐུགས་ལ་ཞུགས་སོ་ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་
ངེས་པའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྐུ་དང་གསུང་དང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྣམ་པ་བཞིར་བཤད་དོ། །འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་པོ་ཆ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཆེན་པོ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གདོན་མི་ཟ་བའི་མཆོག་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། །རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འདོད་ཆགས་འཛིན་པ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་སྣང་མཛད་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །སྐུ་གསུང་ཐུགས་གསང་བ་ཞེས་བྱ་བ་དང༌། འདུས་པ་ཞེས་བྱ་བ་དང༌། རྡོ་རྗེའི་དམ་ཚིག་ལས་བྱུང་བ་ཞེས་བྱ་བའི་ཚིག་ནི་ཚུལ་རྣམ་པ་བཞིར་བཤད་དོ། །རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཞེས་བྱ་བ་དང༌། མཆོད་པ་སྤྲོས་པར་གྱུར་པའི་དམ་ཚིག་རིན་པོ་ཆེའི་སྤྲིན་ཞེས་བྱ་བ་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །ཨེ་མ་ཧོ། །སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་བྱ་བ་ནི། །དགོངས་པ་མ་ཡིན་པས་བཤད་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ་འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ནས། །སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ་ཞེས་བྱ་བའི་བར་དུ་ནི་དགོངས་པས་བཤད་པའོ། །ཞེས་སྡང་གི་རིགས་ཞེས་བྱ་བ་ནས། །བྱང་ཕྱོགས་ཀྱི་སྒོར་
༄། །བཞུགས་སོ་ཞེས་བྱ་བའི་པར་དང༌། རྡོ་རྗེ་སེམས་དཔའ་ཕྱུང་བ་ནས་བརྩམས་ཏེ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ཕྱུང་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །བཛྲ་དྷྲྀཀ །ཛི་ན་ཛི་ཀ །རཏྣ་དྷྲྀ་ཀ །ཨཱ་རོ་ལྀ་ཀ །པྲཛྙཱ་དྷྲྀ་ཀ །དྭེ་ཥ་ར་ཏི། མོ་ཧ་ར་ཏི། རཱ་ག་ར་ཏི། བཛྲར་ཏི། ཡ་མཱནྟ་ཀྲྀ་ཏ། པྲཛྙཱ་ནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། བིགྷྣཱནྟ་ཀྲྀཏ། ཅེས་བྱ་བའི་སྔགས་ཀྱི་ཚིག་རྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་ཞེས་བྱ་བའི་བར་ནི་དྲང་བ་དང་ངེས་པའི་དོན་ཏེ། །ལེའུ་དང་པོ་ལ་མཐའ་རྣམ་པ་དྲུག་གིས་ཚིག་རྣམ་པར་དབྱེ་པ་བསྟན་ཟིན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོགས་པ་ཡང་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང༌། །ཞེས་བྱ་བ་ནས་སྐྱེད་ཅིག །ཅེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་བྱ་བའི་ཆེད་དུ་བརྗོད་པ་ནི་དགོངས་པ་མ་ཡིན་པའོ། །དངོས་པོ་མེད་པས་བསྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པའི་རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་ནི་རྣམས་པ་བཞིའི་ཚུལ་གྱིས་བཤད་དོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་བར་དུ་ནི་དགོངས་པ་མ་ཡིན་པའོ། །ལེའུ་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ནས། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ཞེས་བྱ་བའི་བར་དུ་ནི་རྣམ་པ་བཞིའི་ཚུལ་གྱིས་བཤད་པའོ། །ནམ་མཁའི་དབྱིངས་ཀྱི་
དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནས། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་དང༌། ལེའུ་གསུམ་པའོ། །དེ་ནས་ཞེས་བྱ་བ་ནས། །བསྟོད་པའི་རྒྱལ་པོ་འདས་གསོལ་བ་བཏབ་པོ་ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པའོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས། དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད། ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །ལེའུ་བཞི་བའི་བཤད་པའོ། །དེ་ནས་ཞེས་བྱ་བ་ནས་སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །རྣམ་པར་མི་རྟོག་དོན་ལས་བྱུང༌། །ཞེས་བྱ་བ་ནས། །དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། །ཅེས་བྱ་བའི་བར་དུ་ནི་དགོངས་པ་མ་ཡིན་པའོ། །རིགས་ངན་ཞེས་བྱ་བ་ནས། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །སྲོག་གཅོད་པ་ཡི་ཞེས་བྱ་བ་ནས། དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །མ་དང་སྲིད་མོ་ཞེས་བྱ་བ་ནས། འདི་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནས། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ནས། བརྒྱལ་བར་གྱུར་ཏོ། །ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། རང་རང་གི་སྟན་ལ་གནས་པར་གྱུར་ཏོ། །ཞེས་བྱ་བའི་བར་ནི་དྲང་པའི་དོན་དང་ངེས་པའི་དོན་ནོ། །དེ་ནས་ཞེས་བྱ་བ་ནས། སྤྱོད་པ་མཆོག་གི་
༄། །ལེའུ་ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པ་སྟེ། ལེའུ་ལྔ་པའི་བཤད་པའོ། །དེ་ནས་ཞེས་བྱ་བ་ནས། མཆོག་རབ་འདི་ཡིས་སྒྲུབ་པ་ཉིད་དུ་བྱ། །ཞེས་བྱ་བའི་བར་ནི་དྲང་བ་དང་ངེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བྱ་བ་ནས། ལུས་ངག་སེམས་ལས་འདས་པའོ། །ཞེས་བྱ་བའི་བར་ནི་ངེས་པའི་དོན་དང་དྲང་བའི་དོན་ཏོ། །ལེའུ་དྲུག་བའི་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །སློང་མོ་ཟ་ཞིང་ཞེས་བྱ་བ་ནས། སྲེག་པར་འགྱུར་ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནས། རིགས་ཀྱི་ཚུལ་ཏུ་རྣམ་པར་བསྒོམ། །ཞེས་བྱ་བའི་བར་ནི་རྣམ་པ་བཞིའི་ཚུལ་གྱིས་བཤད་དོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཞེས་བྱ་བ་ནས། བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །བུད་མེད་གཟུགས་ལྡན་མདངས་བཟང་བ། །ཞེས་བྱ་བ་ནས། ཡིད་དུ་འོང་བ་བསྒོམ་པར་བྱ། །ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །སངས་རྒྱས་རྗེས་དྲན་ཞེས་བྱ་བ་ནས། དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཞེས་བྱ་བ་ནས། བདག་གི་སེམས་ཀྱང་དེ་འདྲར་འགྱུར། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །དེ་ལ་སེམས་ཅན་ཞེས་བྱ་བ་ནས། དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དེ་ལ་ཤེས་རབ་ཀྱི་ཞེས་བྱ་བ་ནས། འབྱུང་བའང་མེད་ཅེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་ལ་མ་སྐྱེས་པ་ཞེས་བྱ་བ་ནས། སྤྱོད་པའི་ལེའུ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པ་སྟེ་ལེའུ་བདུན་པའི་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བཤད་དུ་གསོལ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་བྱ་བ་ནས། ཕྱག་འཚལ་རྡོ་རྗེ་
ཐེག་པ་ལའོ། །ཞེས་བྱ་བའི་བར་ནི་དྲང་བ་དང་ངེས་པའི་དོན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས། རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ནས། བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ས་ཕྱོགས་གཅང་ཞིང་ཞེས་བྱ་བ་ནས། མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །མཁས་པས་ཞེས་བྱ་བ་ནས། རབ་ཏུ་བརྟག་ཅེས་བྱ་བའི་བར་ནི་དྲང་བ་དང་ངེས་པའི་དོན་དུ་བཤད་པའོ། །དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ནས། སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ལེའུ་བརྒྱད་པའི་བཤད་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས། ཉམས་དགའ་མཆོག་ནི་རབ་ཏུ་བཤད། །ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནས། རྡོ་རྗེ་བཀོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་དོ། །དེ་ནས་ཡང་ཞེས་བྱ་བ་ནས། ཀུན་རྫོབ་ཏུ་ཡང་བཤད་པ་མཚར། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ལེའུ་དགུ་པའི་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། དེའི་སྲོག་ནི་དེར་ཟད་འགྱུར། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔའི་ཚེ་དེས་འཐོབ། །ཅེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ལེའུ་བཅུ་པའི་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ནས། རྡོ་རྗེ་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །འོད་ཟེར་འབར་བའི་ཡི་གེ་ཐླཱིཾ་ཞེས་བྱ་བ་ནས། མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་
༄། །བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །རྣམ་པར་དབེན་པ་ཞེས་བྱ་བ་ནས། བསམ་གཏན་བསྡུས་པ་འདི་དག་བསྒོམ། །ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པའོ། །མི་བསྐྱོད་ཡེ་ཤེས་ཞེས་བྱ་བ་ནས། རྡོ་རྗེ་མངོན་པར་མཁྱེན་པས་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནས། རྡོ་རྗེ་རིག་པའི་སྐྱེས་བུའི་མཆོག་གི་ལེའུ་ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ལེའུ་བཅུ་གཅིག་པའི་བཤད་པའོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས། རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ནས། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཅེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པའོ། །ལུས་དང་ངག་སེམས་ཞེས་བྱ་བ་ནས། དེ་མ་ཐག་ཏུ་དེ་འགྱུར་རོ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །འཁོར་ལོ་འོད་འཕྲོ་ཞེས་བྱ་བ་ནས། ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཅེས་བྱ་བ་ནས། སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པའོ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ནས། དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་དོ། །དུས་བཞི་དག་ཏུ་ཞེས་བྱ་བ་ནས། རབ་ཏུ་བསྟན་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་དོ། །གསང་བ་མཆོག་ལས་བྱུང་བ་ལ། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས། །ཞེས་བྱ་བ་ནི་དགོངས་པས་བཤད་དོ། །དེ་ལ་འདི་ནི་ཞེས་བྱ་བ་ནས། དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་དོ། །ལེའུ་བཅུ་གཉིས་པའི་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། མཆོད་དེ་རྡོ་རྗེ་དབྱིངས་འདི་གསུངས། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །ཨེ་མ་ཧོ་སངས་རྒྱས་ཚུལ་རེ་བཟང༌། །ཞེས་བྱ་བ་ནས། ཨེ་མ་ཧོ་སྔགས་ཀྱི་ཚུལ་རེ་བསྟན། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །མ་སྐྱེས་པ་ཡི་ཞེས་
བྱ་བ་ནས། རབ་ཏུ་བཤད་ཅེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་དོ། །ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། །ཞེས་བྱ་བ་ནས། བཟླས་པ་མ་ནིང་ཞེས་བྱའོ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །འདོད་ཆགས་དེ་ཉིད་ཅེས་བྱ་བ་ནས། ཇི་ལྟར་འདོད་པར་བརྟེན་ན་འགྲུབ། །ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་དོ། །གཏི་མུག་དམ་ཚིག་ཅེས་བྱ་བ་ནས། གསོད་པའི་དོན་གྱིས་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པའོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །ཞེས་བྱ་བ་ནས། བྱང་ཆུབ་སྲུང་བའི་དོན་ཆེན་བྱ། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །ནམ་མཁའ་རྡོ་རྗེ་དབུས་གནས་པ། །ཞེས་བྱ་བ་ནས། རྡོ་རྗེའི་སྔགས་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ནས། ཆུ་ཡི་སྟེང་ནས་བཅག་པར་བྱ། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །རྐང་པ་མཉམ་བཞག་ཅེས་བྱ་བ་ནས། རྡོ་རྗེ་རྒྱ་མཚོ་རྐང་པས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནས། རྡོ་རྗེ་དམ་ཚིག་གནོད་མཛེས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །འགོག་པ་ཁྲོ་བོའི་འཁོར་ལོ་ནི། །ཞེས་བྱ་བ་ནས། འགྲུབ་པར་འགྱུར་ཞེས་བྱ་བའི་བར་ནི་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པའོ། །ལེའུ་བཅུ་གསུམ་པའི་བཤད་པའོ། །ལེའུ་བཅུ་བཞི་པ་ལས་ཕྲེང་བའི་སྔགས་རྣམས་དང༌། ལས་ཀྱི་ཚོགས་རྣམས་ནི་སྒྲ་ཇི་བཞིན་པས་བཤད་པའོ། །བར་བར་ན་ལ་ལ་ནི་དགོངས་པས་བཤད་པ་ཡང་ཡོད་དོ། །དེ་བཞིན་དུ་ལེའུ་བཅོ་ལྔ་པ་དང༌། ལེའུ་བཅུ་དྲུག་པ་དང༌། ལེའུ་བཅུ་བདུན་པ་ལ་ནི་རྡོ་རྗེའི་ཚིག ། ལ་ལ་ནི་དགོངས་པས་བཤད་པའོ། །ལ་ལ་ནི་དགོངས་པ་མ་ཡིན་པས་བཤད་པའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་པས་བཤད་པའོ། །འགའ་འགའ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །ལ་ལ་ནི་དྲང་བ་དང་ངེས་བའི་དོན་ཏེ། དེ་ལྟར་མདོའི་ཚིག་དེ་དག་ནི་བཅོམ་ལྡན་འདས་ཀྱིས་
༄། །བཤད་པའི་རྒྱུད་ལས་མཐའ་རྣམ་པ་དྲུག་གིས་བསྟན་ཏེ། དགོངས་པས་གསུངས་པ་དང༌། དགོངས་པ་མ་ཡིན་པས་གསུངས་པ་དང༌། དྲང་བའི་དོན་དུ་གསུངས་པ་དང༌། ངེས་པའི་དོན་དུ་གསུངས་པ་དང༌། སྒྲ་ཇི་བཞིན་པ་དང༌། སྒྲ་ཇི་བཞིན་མ་ཡིན་པ་སྟེ། རྣལ་འབྱོར་གྱི་རྒྱུད་ནི་མཐའ་རྣམ་པ་འདི་དྲུག་ཏུ་ངེས་པ་ཡིན་ནོ། །རིམ་པ་འདི་ཉིད་ཀྱིས་ན་བཞུགས་པའི་ཚིག་ནས་བརྩམས་ཏེ། མཐའ་རྣམ་པ་དྲུག་ཏུ་བཤད་པ་དང༌། རྣམ་པ་བཞིར་བཤད་པ་འདིས་གསང་བ་འདུས་པའི་དོན་རྒྱས་བཏབ་པ་ཡིན་ལ། དེ་མ་རྟོགས་པར་ཇི་བཞིན་བར་བཤད་པའི་སྒྲའི་དོན་ཙམ་ལ་བརྟེན་ཏེ། ཡུལ་རྣམས་ལ་ཆགས་པའི་སེམས་ཅན་རྣམས་འགལ་བ་དང་ཤིན་ཏུ་རྨད་དུ་གྱུར་པའི་བྱ་བ་བྱེད་པས་ལས་ཀྱི་དབང་དུ་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་རྒྱུད་ལས་ཇི་སྐད་དུ་བཤད་པ་སྟེ། གསང་པའི་བདག་པོ་དོན་རྒྱས་པའི། །ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཇི་བཞིན་དོན་ནི་རྙེད་བཟུང་བས། །དེས་ན་ལམ་དན་དག་ཏུ་ལྷུང༌། །མངོན་པའི་ང་རྒྱལ་རྟག་དགའ་བས། །རབ་ཏུ་དགའ་དང་ལྡན་པ་ཡིས། །རྣལ་འབྱོར་པ་ནི་བདག་ཅེས་སྨྲ། །ཆོས་ནི་གཡོ་ཡིས་བྱད་པར་འགྱུར། །དེས་ནི་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་བྱེད་ལ། །གསང་བ་སྲུང་བར་མི་བྱེད་ཅིང༌། །ཐམས་ཅད་དུ་ནི་རབ་ཏུ་སྟོན། །མངོན་སུམ་སངས་རྒྱས་འདྲ་བ་ཡི། །སློབ་དཔོན་སྨོད་ཅིང་བཀུར་མི་བྱེད། །སྐད་ཅིག་གིས་ནི་ཁོང་ཁྲོ་ཞིང༌། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས། །མ་དང་སྲིང་མོ་བུ་མོ་སྟེ། །བགྲོད་མིན་ལ་ནི་འགྲོ་བ་དང༌། །ཕ་མ་གསོད་ཅིང་དེ་བཞིན་དུ། །སྲོག་ཆགས་གཞན་རྣམས་གསོད་པར་བྱེད། །དེ་བཞིན་བརྫུན་གྱི་ཚིག་སྨྲ་ཞིང༌། །ཁྱད་པར་དུ་ཡང་རྐུ་བར་བྱེད། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང༌། །སྨད་པ་གཞན་ཡང་བྱེད་པར་འགྱུར། །དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཉེས་པ་ཅུང་ཟད་ཙམ་ལ་ཡང༌། །མངོན་སྤྱོད་དག་ནི་བྱེད་འགྱུར་ལ། །རྣལ་འབྱོར་རབ་སྦྱོར་དམན་པ་ཡི། །སྔགས་པ་རྣམས་ནི་འགྲུབ་མི་འགྱུར། །རྟག་ཏུ་ཕྱི་རོལ་བསྟན་བཅོས་དགའ། །དེ་ཡི་
སྦྱོར་ལ་མཁས་པ་དང༌། །རང་གི་དམ་ཚིག་ཡོངས་སྤངས་ཏེ། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཚོ་བ་དག་ནི་དེས་སྒྲུབ་བྱེད། །གང་དུ་རྙེད་པ་ཐོབ་འགྱུར་བར། །དམ་པའི་ཆོས་ནི་འཆད་པར་འགྱུར། །དེ་རྣམས་གཟུང་བར་བྱ་བའི་ཕྱིར། །གསང་བ་དགོངས་པས་བཤད་པ་ཡིན། །ཞེས་བཤད་པ་སྟེ། འདི་ནི་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས། ད་ནི་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་རྒྱུད་ལ་འཇུག་པར་བྱ་སྟེ། འདིར་སྡུད་པར་བྱེད་པ་འཕགས་པ་ཕྱག་ན་རྡོ་རྗེས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས་གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་སྐད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མ་ལུས་པར་སྟོན་པའི་ཚིག་གི་ཕྲད་དོ། །བདག་གིས་ཐོས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི་གཞན་དག་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པ་དང་རྟོགས་པ་མ་ཡིན་པའོ། །དུས་གཅིག་ཅེས་པ་ནི་དུས་གཅིག་གི་ཚེ་ན་འདི་ཐོས་ལ་གཞན་དུ་ནི་གཞན་དག་ཐོས་པའོ། །ཡང་ན་གཞན་དུ་འདི་ནི་མ་ཐོས་པའོ། །ཡང་ན་དུས་གཅིག་སྟེ་སྐད་ཅིག་མ་གཅིག་ལའོ། །ཞེས་པ་སྟེ། གསུམ་པོ་འདི་དག་གིས་ནི་བདག་ཉིད་ཐོས་པ་མང་བ་དང༌། རྒྱུད་རྙེད་པར་དཀའ་བ་དང༌། ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་རབ་ཏུ་སྟོན་ཏོ། །གང་ལས། །གང་དུ། གང་དང་ལྷན་ཅིག་ཐོས་ཞེས་གླང་གཞི་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པས་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། སྐལ་བ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་དང༌། མི་མཐུན་པའི་ཕྱོགས་མ་ལུས་པར་བཅོམ་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། དེ་བཞིན་ཉིད་དུ་གཤེགས་པ་ནས། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། བཅོམ་ལྡན་འདས་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་
༄། །ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཡང་ཡིན་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྡོ་རྗེ་བཙུན་མོ་ནི་ཤེས་རབ་ཆེན་པོ་སྟེ། དེ་ཉིད་ནི་ཉོན་མོངས་པ་རྣམས་འཇོམས་པས་ན་བྷ་གའོ། །དེར་བཞུགས་པ་ནི་གནས་པར་མཛད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་ཉིད་དང༌། ཟླ་བ་དང༌། ས་བོན་དང༌། ཕྱག་མཚན་དང༌། སྐུའི་རིམ་གྱིས་བྱུང་ནས། བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའོ། །ཞེས་བྱ་བ་ནི་ཡི་གེའི་དོན་ཏོ། །ཚོགས་པ་ལ་བཤད་པའོ། །འདིར་གསོལ་པ། དགོས་པ་གང་གིས་ན་སྡུད་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྣམས་ལ་འདི་སྐད་བདག་གིས་ཞེས་སྟོན་པར་བྱེད། འདི་དག་བདག་གིས་ཞེའམ་འདི་བདག་གིས་ཞེས་བྱ་བ་ལ་སོགས་པས་ཀྱང་སྟོན་པར་ནུས་པ་ཉིད་ཡིན་ནོ། །སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་གྱུར་པས་ཤེས་རབ་དང་ཐབས་སྟོན་པ་ཉིད་ཀྱིས་ན་གསུང་རབ་ཀྱི་དད་པོར་ངེས་པར་བརྗོད་དགོས་སོ། །གསོལ་པ། གལ་ཏེ་དེ་ལྟ་ན་ནི་སྡུད་པར་བྱེད་པ་མེད་པར་ཤེས་པར་བྱའོ། །དེས་ན་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་འབྲེལ་པ་མེད་པར་འགྱུར་རོ། །སྨྲས་པ། དེ་ནི་བདེན་ཏེ་འདིར་སྡུད་པར་བྱེད་པ་ནི་མེད་དོ། །གསོལ་བ། འོ་ན་བཙུན་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པར་བྱེད་པ་ཅིའི་ཕྱིར་འཇིག་རྟེན་དུ་གྲགས། སྨྲས་པ། ཀུན་དགའ་བོ་ནི་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟད་པོ་སྟེ་ཕྱག་ན་རྡོ་རྗེ་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ལས་གཞན་མ་ཡིན་ཏེ། གཞན་དུ་ན་མདོ་སྟེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་དེ་བཞིན་གཤེགས་པ་ལས་ཕྱག་ན་རྡོ་རྗེས་ཐོས་ནས་ལྷག་ཆད་མེད་པར་ལན་གཅིག་གིས་འཛིན་པར་ག་ལ་ནུས། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཉིད་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ། དེ་ནས་གཞན་ཡང་
ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤཱ་རིའི་བུའོ། །ཀུན་དུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པར་གྱུར་ཏོ། །རིག་པ་འདིས་ན་བསྡུས་པར་བྱེད་པ་ཞེས་བྱ་བ་དང༌། འཁོར་ཞེས་བྱ་བ་ནི་ལས་དང་པོ་པའི་སེམས་ཅན་རྣམས་འཇུག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་རོལ་མོ་འདི་བསྟན་པ་ཡིན་ནོ། །འདིར་གསུངས་པ། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བྱའི་ཕྱིར། །མྱ་ངན་འདས་པ་ཉེ་བར་སྟོན། །ཞེས་པའོ། །དེ་བས་ན་འདི་སྐད་ཅེས་བྱ་བའི་ཡི་གེ་གཉིས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པར་ངེས་སོ། །དེ་དག་ཀྱང་གང་ལས་ཤེས་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་ལྷའི་དབང་པོས་ཞུས་པ་ལས་གསུངས་ཏེ། བརྒྱ་བྱིན་གྱིས་གསོལ་པ། ཅིའི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོ་རབ་ཏུ་སྦྱར། །འདི་ཅི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འདི་དག་ཀུན། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡིས། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་སྦྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམས་ཇི་བཞིན་དུ། །ལྷ་ཡི་དབང་པོས་མཉན་པར་བགྱི། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་རྙེད་ཀྱི། །ཀུན་གྱི་བཞི་དང་ཕམ་ནི། །ཡི་གེ་གཉིས་སུ་དེ་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་ཏེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ནི་པདྨ་ཞེས་བཤད་
༄། །ལ། །ཝ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེར་ནི་ས་བོན་ཏེ། །དེ་ལས་འགྲོ་བ་གསུམ་རྣམས་སྐྱེ། །ཨེ་ནི་ཤེས་རབ་ཉིད་གྱུར་ལ། །ཝ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིགས་དེ་ཉིད་དེ། །དེ་ལས་ཡི་གེ་ཉིད་ཀྱང་སྐྱེ། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར། །འགྲོ་བ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་ཐུབ་བ་བཞིན། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །དེ་བས་བརྒྱ་བྱིན་ལྷ་ཡི་བདག །གལ་ཏེ་རྟག་པའི་གནས་འདོད་ན། །ཡིད་གཉིས་སྒྱུ་མ་དྲན་བྱ་ཞིང༌། །དམ་པའི་ཆོས་ལ་བླ་མར་གྱིས། །བདག་གིས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ཀྱི་དོན་ཀྱང་བཤད་པའི་རྒྱུད་ལས་བསྟན་པ་ལ་འཇུག་པར་བྱ་སྟེ། འཁོར་ལོ་སྦྲུལ་བའི་ངོ་བོ་ལ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། །ས་བོན་ངོ་བོས་གང་སྦྲུལ་པ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་བོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེ་ཐུགས་འདིར་བདེ་ཆེན་པོ། །བཅུན་མ་ལེགས་སྦྱངས་ཕྱག་རྒྱ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །འདིར་བཤད་པ། ཆ་གཉིས་པ་ནི་དགུ་པ་ཉིད་ཀྱིས་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་ལྔ་པ་དྲུག་བས་ཕྱེ་བ་ལས། །བྱུང་བ་འདི་ནི་ཐིག་ལེ་ཡིན་ཞེས་བཤད། །ཅེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡང་ལུང་གིས་བཤད་པ། ཨེ། ཨེ་ནི་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོད་ཤེས་པའི། །འདིར་ནི་རྩ་བར་རྣམ་པར་བསྟན། །ཝ། འོད་མ་འགྲེང་བ་ལྟར་མཛེས་ཤིང༌། །ཆགས་ལ་
སོགས་པ་རབ་སྐྱེད་ལྡན། །སྣང་བ་མཆེད་པ་རྣམ་པར་ཤེས། །མིང་ནི་ཐབས་ཤེས་བྱ་བ་ཡིན། །མ། རིག་ཆེན་རང་ཉིད་རྩ་བ་སྟེ། །ལྕགས་ལས་བཟློག་པའི་མ་རིག་པའོ། །མ་རིག་པ་ལས་ཀྱང་འདི་འབྱུང༌། །དེ་ལས་སྣང་བ་འབྱུང་བའོ། །ཡཱ། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་བ་ཆེར་འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཤྲུ། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཏཾ། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཨེ། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །ཀ །སྲ་བའི་ཁམས་དང་ཆུ་ཉིད་དང། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །སྨིན། འདི་ནི་ཕུང་པོ་ལྔ་རྣམས་སུ། །འབྱུང་བ་འདུས་བྱས་མཚན་ཉིད་ནི། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་ཉིད་ནི་ལྔ་པའོ། །ས། མཉམ་ཉིད་སོ་སོར་རྟོག་པ་དང༌། །བྱ་བ་སྒྲུབ་པ་ཉིད་དད་ནི། །མེ་ལོང་དང་ནི་ཆོས་ཀྱི་དབྱིངས། །འདི་ནི་རྣམ་ཤེས་ལྔ་པོ་ཡིན། །མ། ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །མིག་དང་དེ་བཞིན་རྣ་བ་དང༌། །སྣ་དང་ལྕེ་དང་ལུས་རྣམས་ཏེ། །འདི་ནི་སྐྱེ་མཆེད་རྣམས་འབྱུང་བའོ། །ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པའི། །གསང་སྔགས་རྒྱལ་བ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །བྷ། འབྱུང་བ་འདི་ལས་རང་བཞིན་ཡང༌། །ཆགས་དང་ཆགས་མེད་ལ་སོགས་པ། །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་སྐྱེ་བ་འབྱུང་བ་ཡིན། །ག །འགྲོ་བར་འབྱུང་བའི་ཕུང་པོ་ཡང༌། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། །མངོན་བར་བྱང་ཆུབ་རྣམ་ལྔ་ཞེས། །མིང་གིས་རབ་ཏུ་བསྐུལ་བ་ཡིན། །ཝཱན། རླུང་དང་མེ་དང་ཆུ་དང༌། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་
༄། །ཉིད་སྤྱན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་སྟེར། །ས། ཐམས་ཅད་དེ་བཞིན་གཤེགས་པའི་ལུས། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། །མིག་ལ་སོགས་པའི་བདག་ཉིད་དེར། །ས་སྙིང་ལ་སོགས་རྒྱལ་པའི་སྲས། །རྦ། རོལ་པས་དགའ་བ་གང་ཡིན་པའི། །ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས། །དེ་ནི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག །ཏ། དེ་དང་དེ་ཡི་རིགས་བྱུང་བའི། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་མེད་ཀྱང༌། །འགྲོ་བའི་དོན་ཕྱིར་རབ་ཏུ་སྟོན། །ཐཱ། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང༌། །དམ་པའི་ཡུལ་ལ་གཞག་པར་བྱ། །ག །དབང་པོ་རང་ཉིད་རང་ཡུལ་ལ། །འགྲོ་བར་གྱུར་པ་དེ་དང་དེ། །དབང་པོ་གང་དང་གང་སྤྱོད་ཡུལ། །དེ་དེ་སྣང་བ་ཙམ་ཉིད་དོ། །ཏ། དབང་པོ་དེ་དེའི་ལམ་ནས་ནི། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །དེ་བཞིན་དེ་རྣམས་མ་ལུས་པར། །ཚིམ་བར་བྱ་ཕྱིར་དབུལ་བར་བྱ། །ཀཱ། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་གྱི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡི། །ཡཱ། གང་ཞིག་སངས་རྒྱས་སྐུའི་མཚན་ཉིད། །ཀུན་རྫོབ་བདེན་པར་གསུངས་པ་ནི། །དེ་ཉིད་རྫོགས་པའི་སྦྱོར་འགྱུར་བས། །འོད་གསལ་བར་ནི་རྣམ་པར་དག །ཝཱ་ཀ །ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོའི་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་བའི་ཕྱིར། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཙིཏ། སེམས་དང་སེམས་བྱུང་མ་རིག་པ། །ཤེས་རབ་ཐབས་དང་ཉེར་ཐོབ་དང༌། །སྟོང་དང་ཤིན་ཏུ་སྟོང་པ་དང༌། །སྟོང་ཆེན་ཞེས་ཀྱང་རབ་ཏུ་བརྗོད། །ཏ། རང་བཞིན་སྣང་བའི་དབྱེར་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ཉིད་འཐོབ་པར་འགྱུར། །ཧྲི། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། །དོན་སྤྱོད་བཞག་ནས་དེ་བཞིན་གཤེགས། །ཀུན་རྫོབ་ཏུ་ནི་སྐུར་སྤྲུལ་ནས། །ཇི་ལྟ་ཇི་ལྟར་འདོད་ལ་སྤྱོད། །ད། ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །འདོད་པ་ཐམས་ཅད་སྟེར་བར་འགྱུར། །སངས་རྒྱས་
རྣམས་ཀྱི་ཕུན་ཚོགས་ཀྱང༌། །སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར། །ཡ། རྣལ་འབྱོར་དབང་པོ་གང་གང་འདོད། །དེ་དེ་ཐོགས་པ་མེད་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །བ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །བློ་ལ་གོས་དང་མ་གོས་པས། །དེར་ནི་བདེ་བས་རྟག་ཏུ་གནས། །ཛྲ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་བདག་ཀུན་ལ་རྣམ་པར་རོལ། །སངས་རྒྱས་མཛད་པ་བྱེད་བཞིན་དུ། །གཏན་ལ་ཕབ་པའི་གཞི་ལ་གནས། །ཡོ། །རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་རང་ཉིད་འགྱུར། །རྡོ་རྗེ་ཅན་དང་མཁའ་འགྲོ་དང༌། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཥིད། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམས་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །བྷ། ཡོན་ཏན་བརྒྱད་དང་ཉེར་ལྡན་པས། །སེམས་ཅན་ཐམས་ཅད་རིག་འགྱུར་ཞིང༌། །འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །བི། །གཙོ་བོ་གང་དུ་སྤྱོད་པ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་དགྱེས། །ཥུ། འདི་ལ་སྣང་བ་དབྱེ་བ་ལ། །ཐུན་མཚམས་ཉིན་མོ་མཚན་མོ་ཡི། །འཇིག་རྟེན་ཐ་སྙད་བྱས་པ་ཡིས། །ཡེ་ཤེས་གསུམ་ནི་མཐོང་ཕྱིར་རོ། །བི། སྣ་ཚོགས་པ་ཡི་ཐ་སྙད་དག །འཇིག་རྟེན་པས་ནི་ཡོངས་བརྟགས་པ། །ལམ་གསུམ་གྱིས་ནི་དབྱེ་བ་ཡིས། །ཡེ་ཤེས་རྣམ་པ་གསུམ་འབྱུང་ངོ། །ཛ། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཧཱ། དགོད་དང་རྩེད་མོ་བྱེད་པ་དང༌། །གར་གྱི་རོ་དགུར་ལྡན་བ་དང༌། །སྔགས་དང་ཕྱག་རྒྱ་རྣམ་རྟོག་པ། །རྡོ་རྗེ་སེམས་དཔའི་སྐྱོད་པའོ། །ར། བདག་བྱིན་བརླབ་ཆེན་མ་གཏོགས་པར། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་དག་པའོ། །དཔལ་ལྡན་འདུས་པ་ཡོངས་གསལ་བའི། །བཞུགས་པའི་ཚིག་དོན་འདི་དག་ནི། །རྡོ་རྗེ་ཕྲེང་བའི་
༄། །རྗེས་འབྲངས་ནས། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །སྦས་པའོ། །ཡང་ལུང་གི་བཤད་པ་གསུངས་པ་ནི། དེ་ཉིད་འདི་སྐད་བདག་གིས་ཐོས། །གསལ་བ་འགའ་ཞིག་དུས་ཡིན་ཏེ། །རྡོ་རྗེ་གསང་དབང་བཅོམ་ལྡན་འདས། །རྡོ་རྗེ་དམ་ཚིག་གསུམ་གྱི་མཆོག །ཡེ་ཤེས་དེ་བཞིན་གཤེགས་པ་ཀུན། །ཡེ་ཤེས་ཕུན་ཚོགས་བསམ་མི་ཁྱབ། །ཡོད་མེད་གཉིས་ཀ་ལས་འདས་པའི། །གནས་མེད་གནས་པ་ཞེས་བྱའོ། །ནམ་མཁའི་རང་བཞིན་འདི་ལ་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ། །འགྲོ་སྙིང་རྣམ་དག་ཅེས་བྱ་ལ། ཐུབ་པ་ཆེན་པོ་བཞུགས་པར་མཛད། །མཐར་ཐུག་པ་སྟེ་སློབ་མ་ལ་བཤད་པའོ། །དེ་ལྟར་བཞུགས་པའི་ཚིག་ཉིད་ཀྱི་རྒྱུད་མ་ལུས་པའི་དགོངས་པ་བསྟན་ནས། དེའི་འོག་ཏུ་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ཕུན་སུམ་ཚོགས་པ་སྟོན་ཏེ། བརྗོད་ཀྱིས་མི་ལང་བ་ནི་བགྲང་བ་ལས་འདས་པའོ། །ཡང་བརྗོད་ཀྱིས་མི་ལང་བ་ནི། གཟུགས་དང་ཡོན་ཏན་ལ་སོགས་པ་རྣམས་ཚིག་གི་སྤྱོད་ཡུལ་ལས་འདས་པ་སྟེ། དེ་དག་གིས་ནི་ཚད་མེད་པ་ཉིད་དུ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དང་འབྲེལ་པའི་རྡུལ་ཕྲ་མོ་དང་མཉམ་པའོ་ཞེས་བྱ་བའི་བར་རོ། །དེ་ལས་གང་གིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ཙམ་ཉིད་ཅིག་བསྟན་པའི་ཕྱིར་འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །འདིར་ཡང་དེའི་རིགས་དང་ལྡན་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་དམ་ཚིག་རྡོ་རྗེའི་སྒྲར་བརྗོད་དོ། །དེ་བཞིན་དུ་སྐུ་རྡོ་རྗེ་ནི་སའི་སྙིང་པོའོ། །གསུང་རྡོ་རྗེ་ནི་འཇིག་རྟེན་དབང་ཕྱུག་གོ །ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་ནམ་མཁའི་སྙིང་པོའོ། །རྒྱལ་པ་རྡོ་རྗེ་ནི་བྱམས་པའོ། །ས་རྡོ་རྗེ་ནི་སངས་རྒྱས་སྤྱན་ནོ། །ཆུ་རྡོ་རྗེ་ནི་མཱ་མ་ཀཱིའོ། །མེ་རྡོ་རྗེ་ནི་གོས་དཀར་མོའོ། །རླུང་རྡོ་རྗེ་ནི་དམ་ཚིག་སྒྲོལ་མའོ། །ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་ལོ། །གཟུགས་རྡོ་རྗེ་ནི་ཡུལ་གཟུགས་སོ། །སྒྲ་རྡོ་རྗེ་ནི་ཡུལ་སྒྲའོ། །དྲི་རྡོ་རྗེ་ནི་
ཡུལ་དྲིའོ། །རོ་རྡོ་རྗེ་ནི་ཡུལ་རོའོ། །རེག་རྡོ་རྗེ་ནི་ཡུལ་རེག་གོ །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ནི་ཀུན་ཏུ་བཟང་པོའོ། །བྱང་ཆུབ་སེམས་དཔའི་ཚོགས་འབའ་ཞིག་དང་ལྷན་ཅིག་ཏུ་བཞུགས་པར་མ་ཟད་ཀྱི། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་རྣམས་དང་ཡང་ལྷན་ཅིག་བཞུགས་པའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ལ། དེ་དག་ནི་གཙོ་བོ་རྣམས་སོ། །སོགས་པ་ནི་རིགས་ལྔས་བསྡུས་པ་རྣམས་སོ། །ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པ་ཞེས་བྱ་བ་ནི། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་དང་བཞུགས་པའོ། །ནམ་མཁའི་ཁམས་སུ་གཏོགས་པ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ། ཞེས་བྱ་བས་ལ་སོགས་པ་སྨོས་ཏེ། དཔེར་ན་ཏིལ་གྱི་གོང་བུ་ནི་ཏིལ་གྱི་ས་བོན་ཕན་ཚུན་གཏམས་ཏེ། གཅིག་ལ་གཅིག་བཅེར་བའི་ཚུལ་གྱིས་གནས་ལ། དེ་བཞིན་དུ་སྟོན་པར་མཛད་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བཞུགས་སོ་ཞེས་དགོངས་ཏེ་དྲང་བའི་དོན་ཏོ། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་དང་མཉམ་པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་ཀྱི་ཞིང་རྣམས་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡན་ལག་གི་ཆ་ཤས་སུ་གྱུར་པ་ཡིན་ཏེ། འདི་ཉིད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་དེ་ཉིད་ཀྱི་རང་གི་སྐུའི་དཀྱིལ་འཁོར་རྣམ་པར་སྤྲོས་ནས། དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར། གཞལ་ཡས་ཁང་གི་དབུས་སུ་བཞུགས་པ་སྟེ་ངེས་པའི་དོན་ཏོ། །དེ་ལྟར་སྟོན་པ་དང༌། གནས་དང༌། འཁོར་ཕུན་སུམ་ཚོགས་པ་ཡང་དག་པར་བསྟན་ནས། དེ་ནི་འདོད་བའི་ཁམས་ན་གནས་པའི་ཡུལ་ལ་ཆགས་པའི་སེམས་ཅན་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔའི་སྒོ་ནས་གྲོལ་བ་རབ་ཏུ་བསྟན་
༄། །པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཆེན་པོ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན་རྣམ་པར་སྣང་མཛད་ཆེན་པོ་སྟེ། འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བར་བྱ་བའི་ཕྱིར། འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས། རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་མངོན་པར་སྤྲུལ་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི། སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པས་ཡུལ་རྣམས་ལ་ཆགས་པར་མཛད་པ་སྟེ། དེ་ཉིད་ཀྱི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས། བཤད་མ་ཐག་པའི་དེ་བཞིན་གཤེགས་པའི་འཁོར་དེ་དག་ཐམས་ཅད་ཅེས་བྱ་བ་དཀྱིལ་འཁོར་པ་རྣམས་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་བྱ་བ་སྟེ། རང་གི་ས་བོན་གྱི་ཡི་གེའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ནས་ཉིད་ཀྱི་སྐུ་ལ་ཕུང་པོ་དང༌། ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཞུགས་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆད་ཆེན་པོའི་སྐུ་ལ་ཞུགས་བ་དང་བཅོམ་ལྡན་འདས་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བཅོམ་ལྡན་འདས་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱ་བའི་ཕྱིར། ཉིད་ཀྱི་སྐུ་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་ནས་ཞེས་བྱ་བ་སྟེ། གནས་སྐབས་སྔ་མ་སྤངས་ཏེ་ལྷའི་བུ་མོའི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏོ། །དེ་ལ་ལ་ལ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་བསྟན་པའི་ཕྱིར་གསུངས་པ་སྟེ། སའི་ཁམས་ནེ་སངས་རྒྱས་སྤྱན་ལྟ་བུའོ། །ཆུའི་ཁམས་ནི་མཱ་མ་ཀཱི་ལྟ་བུའོ། །མེའི་ཁམས་ནི་གོས་དཀར་མོ་ལྟ་བུའོ། །རླུང་གི་ཁམས་ནི་སོལ་མ་ལྟ་བུར་གནས་པའོ། ཡང་རྣམ་པར་སྣང་མཛད་ནི་གཟུགས་ཀྱི་ངོ་བོ་ལྟ་བུའོ། །རིན་ཆེན་འབྱུང་ལྡན་ནི་སྒྲའི་ངོ་བོ་ལྟ་བུའོ། །སྣང་བ་མཐའ་ཡས་ནི་དྲིའི་ངོ་བོ་ལྟ་བུའོ། །དོན་ཡོད་པར་གྲུབ་པ་ནི་རོའི་ངོ་བོ་ལྟ་བུའོ། །མི་བསྐྱོད་པ་ནི་རེག་བྱའི་ངོ་བོ་ལྟ་བུའོ། །ཞེས་བྱ་བའི་བར་དུ་སྟེ་དྲང་བའི་དོན་
ཏོ། །འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་འདོད་ཆགས་ཆེན་པོ་སྟེ་འདོད་ཆགས་ཆེན་པོའི་ཆོས་སོ། །དེའི་ཚུལ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་པར་མ་ལ་སོགས་པའི་རིམ་གྱིས་རྣམ་པར་དག་པ་མངོན་དུ་འབྱིན་པའི་ཐབས་ཏེ། དེ་ཉིད་ཀྱི་མིང་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་པའོ། །དེ་བཞིན་གཤེགས་པའི་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་པའོ། །ཞེས་བྱ་བའི་དོན་ནི་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་འཁོར་དེ་དག་ཏུ་དམིགས་པའི་མངོན་པར་ཞེན་པ་སྤངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཡོངས་སུ་བསྒྲུབ་པའི་སྐུ་ན་བདག་ཡིན་ནོ། །ཞེས་བྱིན་གྱིས་བརླབས་པ་དང་ལྡན་པ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་སྟེ། །རྒྱལ་སྲས་ཐམས་ཅད་ཉིད་ཀྱང་ཡིན། །ཞེས་ལུང་ལས་གསུངས་པས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་ངེས་པའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་དཀྱིལ་འཁོར་སྤྲུལ་པས་འདོད་པའི་དབང་ཕྱུག་དུ་བསྟན་ནས། ད་ནི་རྒྱུད་འདི་ལ་སེམས་གཙོ་བོ་ཡིན་པས། མི་བསྐྱོད་པས་བསྡུས་པའི་དཀྱིལ་འཁོར་སྤྲུལ་པའི་བྱ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བཞག་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། ཤེས་རབ་ཀྱི་གནས་དེར་ཆུད་པར་གྲུ་བཞི་ལ་སོགས་པའི་དཀྱིལ་འཁོར་སྤྲུལ་པར་མཛད་པའོ། །དྲི་མ་ཐམས་ཅད་དང་བྲལ་བས་རྡུལ་མེད་པའོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། དེའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྤྲུལ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གསལ་བ་དེ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་ཤེལ་གྱི་ནང་དུ་ཆུད་པའི་གཟུགས་ས་སྣང་བ་ལྟར། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མཐོང་བས་སོ། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས། །ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་ལ་སོགས་པ་ཁ་དོག་རྣམ་པ་སྣ་ཚོགས་པའི་ཁྱད་པར་དང་ལྡན་པའི་གསུངས་
༄། །པའོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི། ཕྱུང་བའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཁྱབ་པའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་བྱ་བ་ནི་ཕྱོགས་བཅུར་ཁྲོ་བོའི་འོད་ཟེར་གྱི་ཚོགས་རབ་ཏུ་འབར་བ་འཁྲུག་བའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སོགས་པ་ནི་གསལ་བའི་དཀྱིལ་འཁོར་ཏེ། དེ་རྣམས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཏེ། རྟེན་གྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་དེ་བཤད་མ་ཐག་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་གནས་སུ་བདག་ཉིད་བཞག་པར་གྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་པའོ་ཞེས་བྱ་བ་ནི། རིགས་ལྔས་བསྡུས་པའི་ལྷའི་དཀྱིལ་འཁོར་སླར་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་རྣམ་པར་ཤེས་པའི་བདག་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་གང་བརྟན་ཅིང་བཞུགས་པའི་གནས་སུ་མཛད་པའི་བཙུན་མོ་སྟེ། གང་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་བྷ་ག་སྟེ། སངས་རྒྱས་སྐྱེད་པའི་རྒྱུར་གྱུར་པས་ན་སྐྱེ་གནས་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སངས་རྒྱས་ཀུན་གྱི་གང་བསྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །དེ་ནི་བཙུན་མོར་ཡང་དག་བཤད། །དམ་ཆོས་བྷ་ག་ཞེས་བརྗོད་དོ། །ཞེས་གསུངས་པས་སོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་དྲི་མ་མེད་པ་དེར་བདག་ཉིད་ཞུགས་པར་གྱུར་པ་ནི་བྱིན་གྱིས་བརླབས་པའོ། །ཇི་ལྟ་བུ་ཞེ་ན། གསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེལ་དང་འདྲ་བས་ན་གསལ་བའོ། །དང་བའི་རང་བཞིན་ཡིན་པས་ན། དེའི་ངོ་བོ་ཉིད་དོ། །འོད་ཟེར་ལྔས་ཀུན་ཏུ་ཁྱབ་པས་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་སོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་ན་སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་པོ། །ཁྲོ་བོའི་འོད་ཟེར་འཁྲིགས་པས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུག་གོ །སྣང་བ་ཆེན་པོ་ལ་སོགས་པ་སྣང་བ་གསུམ་དུ་སྤྲུལ་པས་ན་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ནོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། དེ་ལྟ་བུའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོད་གསལ་བར་རབ་ཏུ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ནས་འོད་གསལ་བར་ཞུགས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང༌། ཐུགས་ཀྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། བདག་ཉིད་དོན་དམ་པའི་བདེན་པ་ལས་བཞེངས་ནས་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པའི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་གྱུར་ཏོ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་ཞུགས། །ཞེས་པ་བདེ་མཆོག་གིས་བཤད་པས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང༌། ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཕུང་པོ་ལ་སོགས་པར་རྗེས་སུ་ཞུགས་པས་སྤྲུལ་པའི་སྐུ་འཛིན་པར་མཛད་པ་བསྟན་པ་ཡིན་ཏེ་ངེས་པའི་དོན་ཏོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་གཅིག་ཏུ་མཛད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོད་པའོ། །དོན་དེ་ཉིད་ནི་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་པ་རྣམས་སུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་
༄། །པར་གྱུར་པ་དེས་ཅི་ཞིག་མཛད་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་ནས་རྡོ་རྗེ་སེམས་དཔའ་ཉིད་ཐོབ་བའོ། །དེ་བས་ན་བདེ་པ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་གསུངས་ཏེ་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་གང་གི་ཕུང་པོ་ལ་སོགས་པའི་ངོ་བོ་རྣམས་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པས་ཟིལ་གྱིས་མནན་ཅིང་གཅིག་ཏུ་མཛད་ལ། དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་པས་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་དབྱངས་འདི་ཐམས་ཅད་ཅེས་བྱ་བ་ནི། འདིར་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་ངོ༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་འདིར་ཐབས་ཀྱི་ཡེ་ཤེས་སོ། །དེའི་ངོ་བོ་ཉིད་ནི་དེའི་རང་བཞིན་ནོ། །གནས་པར་གྱུར་ཏོ་ཞེས་པ་ནི་བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་ཕུང་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་ཐབས་ཀྱི་ཡེ་ཤེས་ཤར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི། དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས་མཆོག་ཏུ་དགའ་བའི་བདེ་བ་མྱང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཟིལ་གྱིས་མནན་པ་ནི་དོན་དམ་པའི་བདེན་པས་གཅིག་ཏུ་མཛད་པའོ། །དེ་ཉིད་མི་ཕྱེད་པས་རྡོ་རྗེ་སྟེ། དེ་སྐད་ཅེས་ཡ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཞེས་པ་ནི་སྟོང་པ་ཉིད་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི། ཐམས་ཅད་སྟོང་པ་ཉིད་དེ་དེའི་ངོ་བོར་གནས་པར་གྱུར་པའོ། །དེ་ནས་ནམ་མཁའི་དབྱིངས་ཞེས་བྱ་པ་ལ་སོགས་པས་ཀྱང་དོན་འདི་ཉིད་གསལ་བར་སྟོན་ཏེ་མཐར་ཐུག་པར་བཤད་པའོ། །དེ་ལྟར་ལྷག་པར་མོས་པས་
རྡོ་རྗེ་འཆང་ཆེན་པོ་བསྐྱེད་ནས། ད་ནི་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའི་ལྷ་རྣམས་ཀྱི་སྐུ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ་དེ་ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་ལས་བྱུང་བས་ན་སྐྱེས་པའོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རིགས་པ་ཆེན་པོའི་སྐྱེས་བུའི་གཟུགས། །ཞེས་བྱ་བ་ནི་རིག་པ་ཆེན་པོས་ནི་གསང་སྔགས་ཀྱི་ཡི་གེ་རྣམས་སོ། །དེ་རྣམས་ཀྱིས་སྐྱེས་བུའི་གཟུགས་བཀྱེད་པ་གང་ཡིན་པ་དེ་ནི་རིགས་པ་ཆེན་པོའི་སྐྱེས་བུའི་གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བདག་པོ་འདི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་བཀོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྒྲུབ་པའི་ཐབས་ཀྱི་ཚུལ་དུ་རྣལ་འབྱོར་བཞིའི་རིམ་གྱིས་སེམས་དཔའ་གསུམ་གྱི་མཐར་ཐུག་པའི་བར་གྱི་ཇི་སྲིད་སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར་པའོ། །བྱིན་གྱིས་བརླབས་པར་གྱུར་པ་དེས་ཇི་ལྟ་བུའི་རྣམ་པར་གྱུར་ཞེ་ན། ཞལ་གསུམ་པ་ལྟ་བུར་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་རྣམས་ལ་དེ་ལྟར་སྣང་བར་གྱུར་པའོ། །དེ་བས་ན་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་ཀྱིས་ཡང་དག་བར་མཐོང་བར་གྱུར་ཏོ་ཞེས་གསུངས་ཏེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་ནི་འོད་གསལ་བའོ། །དེ་ལས་བྱུང་བ་ནི་སྐྱེས་པ་སྟེ། རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆེན་པོ་མཆོག་དང་ཚད་མེད་དང༌། །མཁས་བརྩོན་སྤྲོ་བའི་ལས་བདག་ཉིད། །ཤིན་ཏུ་རྨད་འབྱུང་བྱེད་པའོ། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས་རིག་པ་ཆེན་པོ་ནི་དོན་དམ་པའི་བདེན་པའོ། །སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་དག་ལས་བསྐྱེད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་པ་
༄། །དང་བཅས་པའི་སྐྱེས་བུ་ལྟ་བུའི་ལྷའི་སྐུ་ནི་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་བསྒྲུབས་པས་བདག་ཉིད་བསྐྱེད་པའོ་ཞེས་བྱ་བར་དགོངས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དགའ་བའི་ཐུགས་ཀྱིས་སྔར་བཤད་པའི་ཐུགས་ཀ་ནས་བྱུང་སྟེ་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨེ་མའོ། །ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། ཧི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ནི་རབ་བྱུང་བ། །ཞེས་བྱ་བ་ནི་ལྷའི་སྐུ་རྣམ་པ་གཉིས་གདུལ་བྱ་རྣམས་ཀྱི་རྒྱུད་ལས་རབ་ཏུ་བྱུང་བ་ནི། བྱང་ཆུབ་སེམས་ནི་རབ་ཏུ་བྱུང་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ནི། འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པའི་ཕྱིར་རོ། །སྦ་བར་བྱ་བ་ཡིན་པས་ན་གསང་བའོ། །བརྟག་པ་དང་བྲལ་བས་ན་རབ་ཏུ་མི་རྟོག་གོ །ཁམས་གསུམ་ལ་མི་གནས་པས་ན་གནས་པ་མེད་པ་ཞེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །ད་ནི་མ་འོངས་པའི་གདུལ་བྱ་རྣམས་ལ་སློབ་དཔོན་དང་སློབ་མའི་འབྲེལ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །གཅིག་ཏུ་འདུས་ནས་ཞེས་བྱ་བ་ནི་འདུས་པ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པ་དེ་ཁོ་ན་ཉིད་དམ་ཚིག་རིན་པོ་ཆེའི་རྒྱ་མཚོའི་ཚོགས་ནི་སྤྲིན་ཏེ་དེ་རྣམས་ཀྱིས་མཆོད་དེ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་དང་ལྡན་པའི་མཆོད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའོ། །དེའི་རྒྱས་པ་ནི་མང་དུ་བྱས་པའོ། །དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ནི་བུད་མེད་རིན་པོ་ཆེའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་སྟེ་དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ། དེས་མཆོད་དེ་ཕྱག་འཚལ་
ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་ངེས་པའི་དོན་ཏོ། །འདུས་པ་གསང་བ་བཤད་དུ་གསོལ། །ཞེས་བྱ་བར་སྦྱར་ཏེ། འདུས་པ་ཞེས་བྱ་བ་ནི། གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །རྡོ་རྗེ་དང༌། པདྨ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྤྱིའི་དོན་ཏོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་འདྲེས་པ་ནི་འདུས་པའོ། །གསང་བ་ལས་བྱུང་བ་ནི། དེ་ཉིད་ཀྱི་ཁྱད་པར་སྟེ་གསང་བ་ནི་འོད་གསལ་བའོ། །དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་བར་དུ་སྟེ་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པའི་གསང་ཞིང་སྦ་བར་བྱའོ། །རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་གཅིག་ཏུ་གྱུར་པའི་མཚན་ཉིད་ཅན་ནི་འདུས་པའོ། །དེ་ཁོ་ན་ཉིད་ནི་ཇི་ལྟ་བ་བཞིན་དུ་བྱུང་བའོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་པའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི། ཞལ་གྱིས་བཞེས་པར་མཛད་པ་སྟེ་དྲིས་པའི་དོན་མངོན་པར་འདོད་པ་སྟོན་པས་སོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ནི། འདིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ནི་སློབ་བཞིན་པའི་རྣལ་འབྱོར་པ་ཡིན་པར་བལྟ་བར་བྱའི། ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སོམ་ཉི་ཡོད་པ་མ་ཡིན་ཏེ། འདིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཐོས་པའི་ཕ་རོལ་ཏུ་སོན་པ་སངས་རྒྱས་ཉིད་མངོན་པར་འདོད་ཅིང་རིགས་ངེས་པའོ། །འདུས་པའི་དོན་ནི་བླ་མའི་ལུང་དང་བྲལ་ན་དེ་རྣམས་ཀྱི་ཡང་ཡུལ་མ་ཡིན་ཏ་བརྟག་པ་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས་
༄། །ཞེས་བྱ་བ་ནི། ཙནྡན་ལྟ་བུའི་གང་ཟག་ལ་སོགས་པ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ། མོས་པ་དམན་པ་རྣམས་ཀྱིས་རྟོགས་པ་ལྟ་ཅི་སྨོས། གཟུང་བར་དཀའ་ཞིང་སྤྲོ་བ་མེད་པ་ཉིད་དུ་བརྡ་སྤྲོད་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས་རིན་པོ་ཆེ་ལྟ་བུའི་གང་ཟག་རིགས་ངེས་པ་རྣམས་ཀྱི་ཡང་འདི་ཡུལ་མ་ཡིན་ནོ་ཞེས་བས་ནི་ངོ་མཚར་དུ་གྱུར་ལ། པདྨ་དཀར་པོ་ལྟ་བུ་ལ་སོགས་པ་རིགས་མ་ངེས་པ་རྣམས་ཀྱིས་ལྟ་ཅི་སྨོས་པ་ཞེས་པས་ནི་རྨད་དུ་གྱུར་ནས། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་འདི་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དུ་གྱུར་པ་ལ་ཡང་ཞེས་བྱ་བ་ནི་རིན་པོ་ཆེའི་གང་ཟག་ཉིད་ཡིན་པར་སྟོན་པ་ཡིན་ཏེ་དགོངས་པས་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་ནི། དམ་ཚིག་དང་སྡོམ་པ་ལ་སོགས་པ་རིགས་གསུམ་དུ་ཡོངས་སུ་གྱུར་པ་སྟེ་ཡི་གེའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྟེ་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པ་དང་ལྡན་པ་སྟེ་སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་བྱིན་གྱིས་བརླབ་པར་མཛད་ནས་བསྟན་དུ་གསོལ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབ་པ་ནི་སྐུ་ལ་སོགས་པར་ཞུགས་པ་སྟེ་མཛད་པའོ། །གང་གིས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་ཞེས་བྱ་བ་སྟེ་ཡི་གེའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི། སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་རྣམས་འབྱུང་བའི་ཚིག་ནི་དེ་བསྐྱེད་པའི་ས་བོན་གྱི་ཡི་གེ་སྟེ་
སྤྱིའི་དོན་ཏོ། །རྡོ་རྗེ་དམ་ཚིག་ནི་དབང་པོ་གཉིས་ཀྱིས་སྙོམས་པར་ཞུགས་པའོ། །དེ་ལས་བྱུང་བའི་ཚིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེས་བྱིན་གྱིས་བརླབས་པ་ནི་དབང་བསྐུར་བ་བྱས་པ་སྟེ་སྦས་པའོ། །རྡོ་རྗེ་དམ་ཚིག་ནི་འོད་གསལ་པའོ། །དེ་ལས་བྱུང་བའི་ཚིག་ནི་ཆེན་པོ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཉིད་དོ། །དེས་བྱིན་གྱིས་བརླབ་པ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བའི་རྒྱུད་ལ་ལྷའི་སྐུ་རྣམ་པ་གཉིས་གསལ་བར་མཛད་པ་ཡིན་ལ་དེ་ཡང་དག་པར་སྟོན་པར་མཛོད་ཅིག་པ་སྟེ་མཐར་ཐུག་པའོ། །དེ་ལྟར་གསོལ་བ་བཏབ་པ་དང་བཅོམ་ལྡན་འདས་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས་དེ་རྣམས་ལ་དབང་བསྐུར་བའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་དོ། ཡེ་ཤེས་ཉིད་སྒྲོན་མ་ཡིན་པས་ན་ཡེ་ཤེས་སྒྲོན་མ་སྟེ་ཡི་གེའི་དོན་ནོ། །ཡེ་ཤེས་སྒྲོན་མ་སྟེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱིས་སྣང་བ་མཛད་པས་ན་མི་བསྐྱོད་པ་ལ་བྱ་སྟེ་སྤྱིའི་དོན་ནོ། །ཡེ་ཤེས་ནི་རྣམ་པར་ཤེས་པ་གསུམ་གྱི་སྣང་བས་ཕྱོགས་བཅུར་སྣང་བར་མཛད་པས་སྒྲོན་མ་དང་འདྲ་བས་ན་སྒྲོན་མ་ཞེས་བྱ་ལ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་སྦས་པའོ། །ཛྙཱ་ནི་རྟོགས་པའོ། །ན་ནི་དགག་པ་ལ་འཇུག་སྟེ་གང་ལ་རྟོགས་པ་མེད་པ་དེ་ནི་ཡེ་ཤེས་སོ། །དེ་གང་ཡིན་ཞེས་ན། དོན་དམ་པའི་བདེན་པ་བརྗོད་དུ་མེད་པ་ཉིད་ཡིན་པས་སོ། །དེ་ཉིད་ནི་སྣང་བ་མ་ལུས་པ་ཟིལ་གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྣང་བར་བྱེད་པས་ན་སྒྲོན་མའོ། །མི་ཕྱེད་པས་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་མཐར་ཐུག་པའོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་ཉོན་མོངས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས། ཉོན་མོངས་པའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་མཁྱེན་ནས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱང་བའི་ཕྱིར་ཞེ་སྣང་གི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའོ་ཞེས་བྱ་བ་སྟེ་ཐུགས་
༄། །རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོ་ནི་ཞེ་སྡང་ཡིན་ལ། དེའི་རིགས་ནི་ཞེ་སྡང་གི་རིགས་སོ། །འདོད་པའི་འབྲས་བུ་སྐྱེས་བས་ནི་མཆོག་གི་སྙིང་པོའི་སྙིང་པོ་སྟེ་སྔགས་སོ་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པ་ནི་སྙོམས་པར་འཇུག་པས་ཡང་དག་པར་འབྱིན་པར་མཛད་པ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་དྷྲི་ཀ་ཅེས་བྱ་བ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ཡང་དག་པར་སྟོན་པའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ་དྲང་བའི་དོན་ཏོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པ་མཛད་པས་ན་རྡོ་རྗེ་འཆང་སྟེ་ངེས་པའི་དོན་ཏོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནས་ཞུགས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ནི་དེ་གསུམ་གྱི་བདག་ཉིད་ཅན་ནོ། །རིག་པའི་སྐྱེས་བུ་ཞེས་བྱ་བ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །མི་བསྐྱོད་བའི་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པ་སྟེ། དེ་རྣམས་དང་སྦྱོར་བ་ནི་གཅིག་ཏུ་གྱུར་པ་སྟེ་དེ་ཉིད་ཐབས་སོ། །ནག་པོ་དཀར་པོ་དམར་པོའི་ཚུལ་དུ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཕྱུང་བ་ཞེས་བྱ་བ་དང་པོ་སྟེ་སྒྲ་ཇི་བཞིན་པའོ། །དང་པོའི་སྦྱོར་བའི་འོག་ཏུ་འབྱིན་པའི་དཀྱིལ་འཁོར་སྟོན་པས། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལས་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དོན་ནི་བཤད་ཟིན་ཏོ། །སེམས་ཅན་རྨོངས་པ་རྣམས་རྣམ་པར་སྤྱད་བའི་ཕྱིར་ཞི་བའི་ཚུལ་གང་ཡིན་པ་ནི་གཏི་མུག་སྟེ་དེ་ཉིད་ནི་མཆོག་གིས་གནས་སོ། །དེའི་རིགས་ནི་གཏི་མུག་གི་མཚན་ཉིད་དོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཛི་ན་ཛི་ཀ་ཅེས་བྱ་བ་ནི། རྒྱལ་བའི་ངང་ཚུལ་ཅན་ཡིན་པས་ན་རྒྱལ་བ་སྟེ་རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་
བདུད་བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བ་རྒྱལ་ཏེ་ངེས་པའི་དོན་ཏོ། །བཅོམ་ལྡན་འདས་དེ་ཉིད་ནི་སྤྱན་སྔར་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་བཅས་པ་གཅིག་ཏུ་གྱུར་ནས། སྤྱན་སྔར་ཞེས་བྱ་བ་མདུན་དུ་བཅོམ་ལྡན་འདས་ལ་གཟིགས་ཤིང་བཞུགས་པ་དེ་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱུང་བས་རིན་པོ་ཆེ་འབྱུང་བའོ། །རྡོ་རྗེ་དཔལ་ནི་ཕྱག་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་ལ་བྱ་བ་ཡིན་ལ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་མངོན་དུ་མཛད་པ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱུང་བས་ནི་རིན་པོ་ཆེ་འབྱུང་བའོ། །རྡོ་རྗེ་དཔལ་ནི་མི་འཇིགས་པའི་དཔལ་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་ངེས་པའི་དོན་ཏོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུ་སྟེ་དེའི་རིགས་སོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནོ་བཤད་ཟིན་ཏོ། །རཏྣ་དྷྲྀ་ཀ་ཅེས་བྱ་བ་ནི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ་དྲང་བའི་དོན་ཏོ། །ཡང་དག་པའི་མཐའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ་ངེས་པའི་དོན་ཏོ། །རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་གྱུར་པ་ནི་ཡང་དག་པར་སྦྱོར་བའོ། །དེ་ཉིད་ནམ་མཁའི་གནས་ཞེས་བྱ་སྟེ། ནོར་གྱིས་དྲེགས་ཤིང་ཁེངས་པའི་སེམས་ཅན་རྣམས་སྦྱིན་པས་འདུལ་བར་མཛད་ཅིང་ང་རྒྱལ་རྣམ་པར་དག་པའི་གནས་ལ་ཡང་དག་པར་བཞག་ནས་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བཞུགས་པ་སྟེ་སྒྲ་ཇི་བཞིན་པའོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བའི་དོན་དུ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་
༄། །ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་མཆོག་ཏུ་དགའ་བའོ། །དེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལས་འབྱུང་བ་ནི་འོད་དཔག་ཏུ་མེད་པ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་འོད་གསལ་བ་སྟེ། དེ་ལས་འབྱུང་བ་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རྡོ་རྗེ་ཡིན་ལ། དེ་ལ་དམིགས་པ་སྟེ་ངེས་པའི་དོན་ཏོ། །འདོད་ཆགས་ཀྱི་རིགས་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཀུན་དུ་ཆགས་པ་ནི་རྡོ་རྗེ་འདོད་ཆགས་ཏེ་དེའི་རིགས་སོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨཱ་རོ་ལྀ་ཀ་ཞེས་བྱ་བ་ནི། ཨཱ་ནི་མ་ལུས་པའོ། །རོ་ནི་འཁོར་བའོ། །ལྀཀ་ནི་དེ་ལས་འདས་པས་ན་ཨཱ་རོ་ལྀཀ་སྟེ་དྲང་བའི་དོན་ཏོ། །རོ་ཞེས་བྱ་བ་ནི་ཡེ་ཤེས་གསུམ་མོ། །དེ་བས་ན་དོན་དམ་པའི་བདེན་པ་བགྲོད་པར་གྱུར་པ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པའོ་དེ་ཉིད་དམ་ཚིག་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པར་བྱེད་པས་ན་འདའ་བར་བྱ་བ་མ་ཡིན་པས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་སྟེ་དྲང་བའི་དོན་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་འོད་གསལ་བ་སྟེ། མཚན་མ་མེད་པའི་འབྲས་བུ་སྟེར་བས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །ཉོན་མོངས་པ་ཕྲག་དོག་རྣམ་པར་སྤྱོང་བ་ཉིད་དང༌། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་དྲང་བའི་དོན་ཏོ། །དམ་ཚིག་ནི་ཁམས་ཕྲ་བ་སྟེ། དེས་ཐབས་ཀྱི་ཡེ་ཤེས་བཀུག་ནས་མཆོག་ཏུ་དགའ་བ་བསྐྱོད་པས་ཡོངས་སུ་སྤྱོང་བའི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་ངེས་པའི་དོན་ཏོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །པྲཛྙཱ་
དྷྲྀཀ་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་འཛིན་པས་མཛད་པས་ན་ཤེས་རབ་འཆང་སྟེ་དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བར་སྣང་བ་སྟེ་དེ་ཁམས་ཕྲ་བས་འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ་ངེས་པའི་དོན་ཏོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱ་རྣམས་ཀྱི་ཐར་པ་མངོན་པར་འདོད་པ་བསྐྱེད་པས་ན་འདོད་པའོ། །ཟག་པ་མེད་པའི་བདེ་བ་ཆེན་པོ་ནི་ཐར་པ་སྟེ་དྲང་བའི་དོན་ཏོ། །རིགས་སྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པར་བསྒྲུབ་པའོ། །ཞེས་བྱ་བ་ནི་རིགས་འདི་རྣམས་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དེ། འདོད་པ་ལ་ཉེ་བར་ལོངས་སྤྱོད་པས་ཐར་པ་རབ་ཏུ་ཐོབ་བའམ། ཡང་ན་འདོད་པ་རབ་ཏུ་སྒྲུབ་པ་དང༌། ཐར་པ་རབ་ཏུ་སྒྲུབ་པའོ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །དེ་བས་ན་བཤད་པའི་རྒྱུད་ལས། ཕུང་པོ་འདི་དག་སངས་རྒྱས་ཏེ། །རྫོགས་པའི་བྱང་ཆུབ་རྐྱེན་དུ་འབྱུང༌། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ལོངས་སྤྱོད་ཀྱི་ཕྱིར་ལྷ་མོ་བཞི་ཕྱུང་བ་ཡིན་ཏེ། དེས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ནི་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་སྒྲ་ཇི་བཞིན་པའོ། །དྭ་ཥ་ར་ཏི་ཞེས་བྱ་བ་ལ་ཞེ་སྡང་ནི་མི་བསྐྱོད་པའོ། །དེ་ལ་དགའ་བས་ན་ཞེ་སྡང་དགའ་སྟེ་དྲང་བའི་དོན་ཏོ། །ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ལ་དགའ་བ་ནི་ཞེ་སྡང་དགའ་སྟེ་ངེས་པའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་ཉིད་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ་སྒྲ་ཇི་བཞིན་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་ལ། གཏི་མུག་ནི་རྣམ་པར་སྣང་མཛད་དེ། དེ་ལ་དགའ་བས་ན་གཏི་མུག་དགའ་སྟེ་དྲང་བའི་དོན་ཏོ། །གཏི་མུག་རྣམ་
༄། །པར་དག་པ་ལ་དགའ་བས་ན་གཏི་མུག་དགའ་སྟེ་ངེས་པའི་དོན་ཏོ། །ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པའོ། །དེ་ལ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ་སྒྲ་ཇི་བཞིན་པའོ། །རཱ་ག་ར་ཏི་ཞེས་བྱ་བ་ནི། འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །དེ་ལ་དགའ་བས་ན་འདོད་ཆགས་དགའ་སྟེ་དྲང་བའི་དོན་ཏོ། །འདོད་ཆགས་རྣམ་པར་དག་པ་ལ་དགའ་བ་ནི་འདོད་ཆགས་དགའ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། ནུབ་ཕྱོགས་ཀྱི་གྲྭ་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་མི་རྟག་པའོ་ཞེས་གཞན་དག་ལ་སྟོན་པ་ནི། སྐུ་དང་གསུང་དང་ཐུགས་སླུ་བ་སྟེ་ཡི་གེའི་དོན་ཏོ། །ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་དམིགས་པ་ནི་སྐུ་དང་གསུང་དང་ཐུགས་སླུ་པ་སྟེ་སྤྱིའི་དོན་ཏོ། །སྣང་བ་གསུམ་གྱི་ངོ་བོ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཏེ། སྣང་བ་དེ་དང་དེ་ཁམས་ཕྲ་བ་ལས་ཞུགས་ནས་སྐད་ཅིག་རེ་རེ་ཞིང་རྗེས་སུ་མྱོང་བར་བྱས་ཏེ་སླར་ཡང་དངོས་པོ་མེད་པར་བྱས་པ་ནི། སྐུ་དང་གསུང་དང་ཐུགས་སླུ་བ་སྟེ་སྦས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་རིམ་གྱིས་སྣང་བ་མེད་པར་བྱས་པ་ནི་སྐུ་དང་གསུང་དང་ཐུགས་སླུ་བའོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་སྟེ་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཛིན་པ་ནི་དོན་ཡོད་པར་གྲུབ་པའོ། །དེ་རྗེས་སུ་ཆགས་པ་རྡོ་རྗེའི་དམ་ཚིག་ནི་སྒྲོལ་མ་སྟེ། དེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་བར་དུ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་ར་ཏི་ཞེས་བྱ་བ་ལ་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །དེ་ལ་དགའ་པས་ན་རྡོ་རྗེ་དགའ་སྟེ་དྲང་པའི་དོན་དང༌། རྡོ་རྗེ་ཡེ་ཤེས་ལ་དགའ་བས་ན་དགའ་སྟེ། ངེས་པའི་དོན་
ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཕྱོགས་ཀྱི་གྲར་བཞུགས་པ་ནི་སྒྲ་ཇི་བཞིན་པའོ། །ལྷ་མོ་བཞི་པོ་འདི་དག་ནི་ལྷན་ཅིག་སྤྱོད་པ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་མཆོག་བསྐྱེད་པས་ན་བཙུན་མོའི་མཆོག་གོ །འདོད་པའི་དབང་ཕྱུག་ཡིན་པས་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའོ་ཞེས་བྱ་བའི་སྒྲས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་ཉིད་ཀྱིས་དབང་བསྐུར་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་སྣང་མཛད་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཡིན་གྱིས་རློབ་ཅིང་སྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་སྒྲ་ཇི་བཞིན་པའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ། གཤིན་རྗེ་ནི་དམྱལ་བ་སྟེ། དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་དྲང་བའི་དོན་ཏོ། །གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ་མ་རིག་པའོ། །དེ་དོན་དམ་པའི་བདེན་པས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་ཅོད་པན་གྱི་རྡོ་རྗེ་གང་ཡིན་པ་སྟེ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་བར་བྱང་ཆུབ་པ་ནི་འོད་གསལ་པའོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལ་ཤེས་རབ་ཀྱིས་ཉོན་མོངས་པ་འཇིག་པར་མཛད་པས་ན་ཤེས་རབ་མཐར་བྱེད་དེ་དྲང་པའི་དོན་ཏོ། །རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་ཤེས་རབ་
༄། །སྟེ། །དེ་འོད་གསལ་བར་མཛད་པས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དམ་ཚིག་གིས་གདུག་པ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པའོ། །ཡང་ན་རྡོ་རྗེའི་དམ་ཚིག་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པ་ཞེས་བྱའོ། །ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རིན་པོ་ཆེ་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་འབྱུང་གནས་ཏེ་དེའི་རིགས་སུ་གྱུར་པ་རྟ་མགྲིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་སྟེ་དྲང་པའི་དོན་ཏོ། །ཆོས་རིན་པོ་ཆེ་ནི་འོད་གསལ་བའོ། །དེ་ཉིད་འབྱུང་གནས་ཏེ་བསྐྱེད་པའི་རྟ་མགྲིན་གང་ཡིན་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་ངེས་པའི་དོན་ཏོ། །པད་མཱནྟྀ་ཀྲ་ཏ་ཅེས་བྱ་བ་ལ་པདྨ་ཆུས་མ་གོས་པ་བཞིན་དུ། ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་གྱུར་ཅིང༌། དེ་ཉིད་འཇིག་པར་མཛད་པས་ན་པདྨ་མཐར་བྱེད་དེ་དྲང་བའི་དོན་ཏོ། །པདྨ་ནི་སྐྱེས་གནས་སོ། །མཐའ་ནི་ནང་སྟེ། དེར་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་ཀྱི་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པས་མཛད་པར་ན་པདྨ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ནུབ་ཕྱོགས་ཀྱི་སྒྲོ་བཞུགས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་རྡོ་རྗེ་སྟེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གང་ཡིན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པ་སྟེ་ངེས་པའི་དོན་ཏོ། །བིགྷྣཱནྟ་ཀྲྀ་ཏ་ཅེས་བྱ་བ་ལ། བགེགས་རྣམས་མཐར་མཛད་ཅིང་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ་
དྲང་བའི་དོན་ཏོ། །བགེགས་ནི་ཁམས་བཞི་པོ་སྟེ། དེ་དག་འཕེལ་བ་དང༌། འགྲིབ་པས་ལུས་གཟིར་བས་ན་བགེགས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་བ་ལ་བྱང་ཕྱོགས་ཀྱི་སྒོར་བཞུགས་ནས་དཀྱིལ་འཁོར་བ་རྣམས་མཉེས་པར་བྱེད་པའི་ཕྱིར་དམ་ཚིག་ལ། སེམས་དཔའི་ནི་དཀྱིལ་འཁོར་གྱི་དམ་ཚིགས་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རྣམ་པར་འཇིག་པར་མཛད་པའི་ཕྱིར་ཏེ་སྒྲ་ཇི་བཞིན་པའོ། །དེ་ལྟར་སྒོ་རྣམ་པ་བཞིར་བཀོད་ནས། ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ་མི་གཡོ་བ་ལ་སོགས་པ་དགོད་པར་བྱའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་བརྩམས་ཏེ། བྱམས་པ་ལ་སོགས་པ་དགོད་དོ། །ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ། གཟུགས་རྡོ་རྗེ་ལ་སོགས་དགོད་དོ། །ཐམས་ཅད་ཀྱི་གདན་ལ་སོགས་པའི་ངེས་པ་ནི་སྒྲུབ་པའི་ཐབས་སུ་བྱས་པ་ཉིད་ཡིན་ནོ། །ལྷའི་རྣལ་འབྱོར་ཇི་ལྟ་བ་ཉིད་དང༌། དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་གཞན་དག་ཏུ་རྫོགས་པར་མ་གསུངས་པ་ནི། སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་དགོས་པ་འབྱུང་བ་དེ་བཞིན་དུ། ཕྱུང་བའི་དཀྱིལ་འཁོར་ལ་ཡང་སྐུའི་དཀྱིལ་འཁོར་དང་འདྲ་སྟེ་དེ་བཞིན་དུ་འདིར་ཡང་བལྟའོ། །འདི་ལྟར་རེ་ཞིག་ལྷ་སུམ་ཅུ་རྩ་གཉིས་དགོད་པར་ཤེས་པར་བྱའོ། །འདི་ཇི་ལྟར་ཤེས་ཤེ་ན། དེ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་བཤད་པའི་རྒྱུད་ལས་རྣམ་པར་ཕྱེ་བས་འདུས་པའི་དོན་ཐེ་ཚོམ་མེད་པ་ལ་འཇུག་པར་བྱ་སྟེ། སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་ཆེན་པོས་མཉན་པར་བགྱི། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་
༄། །ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས ་ཕུང་པོར་ཡང་དག་བཞུགས། །ཡང༌། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེའི་མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་པོ། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་གདགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང༌། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྡོ་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །འོག་གི་རྐང་པར་
བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེར་ལེགས་བྱས་བསྟན་པ་ནི། །མྱ་ངན་འདས་ལ་འཇུག་པར་འགྱུར། །མྱ་ངན་འདས་པ་མྱུར་ཐོབ་པ། །ཁྱེད་ཀྱི་དགེ་བ་ཡོངས་སྨིན་པ། །དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ནས་མཐོང་པ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་ལ་རབ་དང་བས། །ཕྱག་འཚལ་ནས་ནི་མཆི་མ་བླགས། །ཞེས་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །རིག་པ་འདིས་ན་བྲི་བའི་དཀྱིལ་འཁོར་དུ་ཡང་ལྷ་སུམ་ཅུ་རྩ་གཉིས་དགོད་པར་བྱའོ། །གླེང་གཞིའི་དབང་དུ་མཛད་ནས་ཀྱང་དོན་གང་ཡིན་པ་སྟེ་སྟན་པ་ཡིན་ནོ། །རྒྱུད་ཀྱི་དོན་ལྷག་མ་རྣམས་དེ་ཉིད་དུ་བཤད་མོད་ཀྱི་སྐབས་ལ་བབ་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་གསང་བ་ལ་གཟིགས་ནས་ཐུགས་སུ་ཆུད་པར་མཛད་པས་ན། གསང་བ་འདུས་པ་སྟེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལེའུ་ཞེས་བྱ་བ་ནི་ཛ་ལྟེར་གོས་ཀྱིས་མཆུ་སྦྲང་ལ་སོགས་པའི་ཉེ་བར་འཚེ་བ་ཟློག་པ་དེ་བཞིན་དུ་རྒྱུད་ཀྱི་དོན་འདིས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉེ་བར་འཚེ་པ། ཟློག་པས་ན་གོས་དང་འདྲ་བའི་ཕྱིར་ལེའུའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན། དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །སྒྲོལ་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ལས་ལེའུ་དང་པོའི་མཐའ་དྲུག་གིས་བཤད་པའོ།། །།