ལེའུ་དང་པོ། གསོལ་བ་གདབ་པ་དང་དྲི་བ་དང་། སློབ་མའི་ལས་ཉིད་ལ་སོགས་པ་རྒྱུད་ཀྱི་གླེང་གཞིའི་རྒྱ་ཆེར་བཤད་པ།
རྒྱ་གར་སྐད་དུ། །ཤྲཱི་བཛྲ་མཱ་ལ་མ་ཧཱ་ཡོ་ག་ཏནྟྲ་ཊཱི་ཀཱ་གཾ་བྷཱི་རྰྲྠ་དྷི་པི་ཀ་ནཱ་མ། བོད་སྐད་དུ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་གཏུམ་མོའི་རྣལ་འབྱོར་ཆགས་ཕྱིར་བདུད་རྩིའི་རོ་ལ་ངེས་བརྟེན་པ། །གང་ཞིག་མ་ལ་ཡ་རྩེའི་ལོགས་ལས་ལུས་ཀྱི་ནང་ན་ཚིམ་བྱེད་ཅིང༌། །གང་ཞིག་འཁོར་བའི་འགྲོ་བ་ཡོངས་སུ་དག་པ་ལ་ནི་ཐབས་བསྟན་མཛད། །ཡུམ་བཅས་རྡོ་རྗེ་སེམས་དེས་ཁྱེད་རྣམས་ལ་ནི་དགེ་ལེགས་སྟེར་གྱུར་ཅིག །དཔལ་ལྡན་གསང་བ་འདུས་ཉིད་ཀྱི། །རྡོ་རྗེ་ཕྲེང་བ་ཞེས་བྱ་བའི། །འགྲེལ་བ་མན་ངག་དྲི་མེད་ནི། །བཤད་པའི་རྒྱུད་ལ་ཡང་དག་བཤད། །འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྤྲུལ་པའི་སྐུ་དངོས་རྒྱལ་བུ་དོན་ཐམས་ཅད་གྲུབ་པས་ཆུ་བོ་ནཻ་རཉྫཱ་ནའི་འགྲམ་དུ་ཕྱིན་ཅི་ལོག་གི་ཏིང་ངེ་འཛིན་མཁའ་ཁྱབ་ཅེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། འདི་ཉིད་ནི་བྱང་ཆུབ་བོ་སྙམ་དུ་དགོངས་ནས་གནས་པར་གྱུར་ཏོ། །དེ་ནས་མངོན་པར་དགའ་
བ་དང༌། འོག་མིན་དང༌། རིན་ཆེན་འབྱུང་གནས་དང༌། བདེ་བ་ཅན་དང༌། མེ་ཏོག་ལྡན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་རྣམས་ནས་བྱོན་ཏེ། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་ཉིད་ལ། བསམ་གཏན་འདི་ནི་རྣམ་དག་མིན། །ཞེས་བྱ་བ་ལ་སོགས་པས་བསྐུལ་བས་དེ་ནས་ཕྱིན་ཅི་ལོག་གི་བསམ་གཏན་དེ་དོར་བར་གྱུར་ཏོ། །དེའི་རྗེས་སུ་བར་སྣང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་རྣམ་པར་གཟིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བ་ཕྱག་འཚལ་བ་དང་བསྐོར་བ་སྔོན་དུ་འགྲོ་བས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཏིང་ངེ་འཛིན་བསྟན་པའི་དོན་དུ་བཅོམ་ལྡན་འདས་དེ་རྣམས་ཉིད་ལ་གསོལ་བ་བཏབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་སྤྲུལ་པ་སྔོན་དུ་འགྲོ་བས་སློབ་མ་སྟ་གོན་ལ་གནས་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དབང་བསྐུར་བཞི་དང༌། དམ་ཚིག་དང་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་རབ་ཏུ་དབྱེ་བ་དང་བཅས་པའི་དབང་བསྐུར་བཞི་པ་རྣམས་ཀྱིས་དབང་བསྐུར་ནས། ཏིང་ངེ་འཛིན་གསུམ་དང༌། རིགས་བརྒྱ་རབ་ཏུ་དབྱེ་བ་དང༌། རིམ་པ་ལྔ་བསྟན་པའི་རིམ་པ་མན་ངག་ཉེ་བར་
བསྟན་ནས། དེ་བཞིན་གཤེགས་པ་དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཉེ་བར་གཤེགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྔོན་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པའི་མན་ངག་གི་དབང་པོ་རྣོན་པོ་ཉིད་ཀྱི་ཕྱིར། མངོན་དུ་མཛད་ནས་ནམ་ཕྱེད་ན་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐོ་རངས་ཀྱི་དུས་སུ་བདུད་བཅོམ་པར་མཛད་ནས་དགའ་ལྡན་གྱི་གནས་སུ་གཤེགས་ཏེ། རང་གི་སྐུའི་འབྱུང་བ་ཆེན་པོ་ལ་སོགས་པ་རྣམས་ལས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཞལ་ཡས་ཁང་སྤྲོས་སོ། །ཉིད་ཀྱི་ཕུང་པོ་ལྔ་རྣམས་ལས་དེ་བཞིན་གཤེགས་པ་ལྔ་དང༌། ས་ལ་སོགས་པའི་ཁམས་རྣམས་ལས་སྤྱན་མ་ལ་སོགས་པ་ལྷན་ཅིག་སྤྱོད་མ་བཞི་དང༌། མིག་ལ་སོགས་པ་དྲུག་དང༌། ཡན་ལག་གི་ཚོགས་ཐམས་ཅད་དང༌། རྒྱུས་པ་དང་བཅས་པ་ཐམས་ཅད་ལས་ཇི་ལྟར་སྲིད་པར་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་བྱང་ཆུབ་སེམས་དཔའ་བརྒྱད་དང་བཅས་པ་དང༌། རང་གི་སྐུའི་ཡན་ལག་དང་ཉེ་བའི་ཡན་ལག་བཅས་པ་རྣམས་ལས་ཁྲོ་བོ་བཅུ་སྤྲོས་པར་གྱུར་ཏོ། །དེའི་རྗེས་སུ་དེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའི་ངོས་ཁྱབ་པའི་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ནས། འདོད་ཆགས་ཅན་གྱི་འདོད་ཆགས་སྤང་བའི་དོན་དུ་ཆགས་པ་དང་བྲལ་པའི་དབྱེ་བས་རིགས་རྣམ་པ་བཞི་ཉེ་བར་བསྟན་ནས། གསང་བ་འདུས་པའི་རྒྱུད་ཆེན་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་བསྟན་པར་གྱུར་ཏོ། །དེའི་རྗེས་སུ་སླར་ཡང་ཚེ་དང་ལྟ་བ་དང་ཉོན་མོངས་པ་དང་སྐལ་བ་དང་སེམས་ཅན་གྱི་སྙིགས་མས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ། དཀྱིལ་འཁོར་པ་དེ་རྣམས་ལ་གསོལ་བ་བཏབ་པས་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཞེས་བྱ་བ་གཞུང་གི་ཚད་བརྒྱ་ཕྲག་བཅོ་བརྒྱད་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་བསྟན་པར་གྱུར་ཏོ། །དེ་ཡང་སྡུད་པ་པོ་ཕྱག་ན་རྡོ་རྗེའམ་འཇམ་དཔལ་གྱིས་བརྒྱུད་ནས་མིའི་འཇིག་རྟེན་དུ་འོངས་སོ། །དེ་ལ་རྫོགས་ལྡན་དང་གསུམ་ལྡན་དང་གཉིས་ལྡན་དང་རྩོད་པ་ཅན་གྱི་དུས་སུ་ཞལ་གྱི་གདམས་ངག་དང༌། རྩ་བའི་རྒྱུད་དང༌། ཡན་ལག་གི་རྒྱུད་དང་བཤད་པའི་རྒྱུད་ལ་སོགས་པ་ལ་འཇུག་པ་ཞེས་བྱ་བ་ནི་ཁ་ཅིག་སྨྲའོ། །གཞན་དག་ནི་རྩོད་པའི་དུས་འདི་ཉིད་དུ་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་
ཕྱིར་ཉུང་ངུའི་རྩ་བའི་རྒྱུད་བསྟན་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ཡན་ལག་གི་རྒྱུད་དང་བཤད་པའི་རྒྱུད་ལ་སོགས་པ་བསྟན་ཞེས་ཟེར་རོ། །ཕྱོགས་འདི་ཡང་འོངས་པ་ཡིན་ཏེ། རྩོད་པ་ཅན་གྱི་དུས་སུ་ཤེས་རབ་དམན་པ་ཉིད་ཀྱིས་སེམས་ཅན་རྣམས་ལ་རྩ་བའི་རྒྱུད་ཀྱི་རྣམ་པར་དབྱེ་བ་བཅོམ་ལྡན་འདས་ཀྱིས་བསྟན་པས་གདོན་མི་ཟ་བར་ཉེ་བར་མཁོ་བ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པ་དེ་ཡང་འདུས་པར་གྱུར་པ་ནི་ཆོ་ག་ལྔའི་རྒྱུད་ཀྱི་སྦྱོར་བ་བསྡུས་པ་སྟེ། འདི་ལྟ་སྟེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །དེ་ལ་འདོད་ཆགས་དང་ཞེ་སྡང་ཆུང་ཞིང་ཆུང་ལ། གཏི་མུག་ཆེ་ཞིང་ཆེ་བ་བྲམ་ཟེའི་རིགས་སུ་གྱུར་པའི་སེམས་ཅན་ལ་བརྟེན་ནས། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་དཔལ་སྒྲོན་མ་འབྱུང་བ་ལ་སོགས་པར་བསྟན་པར་ཁྲུས་ལན་གསུམ་བྱེད་པ་དང༌། གོས་ལན་གསུམ་བརྗེ་བ་དང༌། འོ་མ་དང་ཐུག་པ་ཟ་བའི་སྤྱོད་པ་གཙོ་བོར་བྱེད་པ་རྣམས་ལ་རིགས་པའི་དབང་ལྔ་པོ་རྣམས་གཙོ་བོར་བསྟན་པ་མཛད་དོ། །དེ་ནས་འདོད་ཆགས་དང་ཞེ་སྡང་དག་ཆུང་ཞིང་གཏི་མུག་ཤིན་ཏུ་ཆེན་པོར་གྱུར་པ་ཁྱབ་འཇུག་ལ་མོས་པ། རྗེའུའི་རིགས་ཀྱི་རིགས་ཅན་གྱི་སེམས་ཅན་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྤྱོད་པའི་རྒྱུད་བསྟན་པས། བསྙེན་གནས་དང་འདྲ་བའི་ཐུན་མོང་བ་བཅུ་གཉིས་ནས་ཉི་ཤུ་རྩ་བཞིའི་བར་དུ་སྨྱུང་བ་དང་ཁྲུས་ལ་སོགས་པའི་སྤྱོད་པ་གཙོ་བོར་སྟོན་པར་བྱེད་པ་སྔོན་གྱི་རང་དང་འདྲ་བར་དབང་བསྐུར་སྟོན་པར་བྱེད་པ། བསྐྱེད་པའི་རིམ་པ་གཅིག་པུ་ཙམ་སྟོན་པར་བྱེད་པ་ནི་འོག་མིན་གྱི་གནས་སུ་མཛད་པའོ། །དེའི་རྗེས་སུ་གཏི་མུག་འབྲིང་དང་འདོད་ཆགས་དང་ཞེ་སྡང་འབྲིང་གི་སེམས་ཅན་རྣམས་ལ་བརྟེན་ནས། རྒྱལ་རིགས་ཀྱི་རིགས་ཅན་གདུལ་བའི་དོན་དུ་རྣམ་པར་སྣང་མཛད་ཆེན་པོའི་གཟུགས་ཐོབ་ནས་རི་རབ་ཀྱི་རྩེ་མོར་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེང་གེའི་ཁྲིར་གྱུར་པ་ལ་དམ་པ་ཏོག་དཀར་པོའི་གནས་སྐབས་ཀྱི་ལུས་ཀྱིས་བཞུགས་ནས། འདོད་ཆགས་དང་ཞེ་སང་དང་གཏི་མུག་དང་སེར་སྣས་གནོན་པའི་དབང་པོ་དང༌། དབང་ཕྱུག་ཆེན་
པོ་དང༌། མ་སྐྱེས་པ་དང༌། ཨེ་ལ་བི་ལ་གདུལ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དབྱིངས་དང༌། ཁམས་གསུམ་རྣམ་པར་རྒྱལ་བ་དང༌། འགྲོ་བ་འདུལ་བ་དང༌། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་བ་རྟོགས་པ་རྣམ་པ་བཞིའི་བདག་ཉིད་ཅན་རྒྱུད་ཀྱི་རྒྱལ་པོ་དཔལ་དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བ་བསྟན་པ་ནི། གཙོ་བོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་མ་ལུས་པ་སྟོན་པ་བསྐྱེད་པའི་རིམ་པའི་སྟེང་དུ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་དང་བཅས་པ་མཛད་དོ། །དེའི་རྗེས་སུ་དེ་ཉིད་དུ་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་བསྟན་པར་མཛད་དོ། །དེའི་རྗེས་སུ་དགའ་བྱེད་ཤཱཀྱ་ཐུབ་པའི་གཟུགས་ཀྱིས་ལྷའི་བུ་ནོར་བུའི་འོད་གདུལ་བའི་དོན་དུ་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་བསྟན་པར་མཛད་དོ། །དེ་ནས་རི་རབ་ཀྱི་སྟེང་དུ་སྒོ་གླེགས་ཀྱི་གཙུག་ལག་ཁང་གི་ནང་དུ་ཕྱག་ན་རྡོ་རྗེའི་གཟུགས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གདུལ་བའི་དོན་དུ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་བསྟན་པར་མཛད་དོ། །དེ་ནས་གཞན་འཕྲུལ་དབང་བྱེད་དུ་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་བདུད་འདུལ་བའི་ཕྱིར་དཔལ་མཆོག་ཆེན་པོའི་རྒྱུད་བསྟན་པར་མཛད་དོ། །དེའི་རྗེས་སུ་འདོད་ཆགས་དང་ཞེ་སྡང་ཆེ་ཞིང༌། གཏི་མུག་ཆུང་བའི་རྗེའི་རིགས་ཀྱི་སེམས་ཅན་རྣམས་ལ་བརྟེན་ནས་དགའ་ལྡན་གྱི་ལྷ་རྣམས་ལ་གཙོ་བོར་དབང་བཞི་སྟོན་པ། རིམ་པ་གཉིས་ཀྱིས་བསྡུས་པ་དང༌། གསང་བ་འདུས་པའི་རྒྱུད་བསྟན་པར་མཛད་དོ། །དེའི་རྗེས་སུ་ཨུ་རྒྱན་དུ་ནུབ་ཀྱི་རི་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ཁྲོ་བོ་བཅུའི་སྒོ་ནས་གཙོ་བོར་ཕྱོགས་སྐྱོང་བཅུ་འདུལ་བའི་ཕྱིར། རྡོ་རྗེ་ཕྲེང་བ་སྟོང་ཕྲག་བཅུ་གཉིས་པ་དང་རྡོ་རྗེ་ཕྲེང་བ་ཉུང་ངུའི་རྒྱུད་གཉིས་བསྟན་པར་མཛད་དོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའི་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ཁ་བ་ཅན་གྱི་རི་ལ་མི་རྣམས་ཀྱི་ནང་དུ་དཔལ་དགོངས་པ་ལུང་བསྟན་གྱི་རྒྱུད་བསྟན་པར་མཛད་དོ། །དེའི་རྗེས་སུ་ལྷ་མོ་བཞིས་གསོལ་བ་བཏབ་པའི་བཅོམ་ལྡན་འདས་ཀྱིས་རི་བོ་འབིགས་བྱེད་ཀྱི་རྩེ་མོ་ལ་དཔལ་ལྷ་མོ་བཞིས་ཞུས་ཀྱི་རྒྱུད་བསྟན་པར་མཛད་དོ། །དེའི་རྗེས་སུ་གངྒཱའི་འགྲམ་དུ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆེན་པོ་དང་ཆུང་ངུའི་དབྱེ་བས་བསྟན་པར་མཛད་
དོ། །དེའི་རྗེས་སུ་འདོད་ཆགས་དང་ཞེ་སྡང་ཆེན་པོའི་ཆེན་པོ་གཏི་མུག་ཆུང་ཞིང་ཆུང་བའི་གདོལ་བའི་རིགས་དང་འབྲེལ་བའི་སེམས་ཅན་རྣམས་ལ་བརྟེན་ནས། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་བ་མཆོག་ཆེན་པོ་དང་ཆུང་ངུའི་རྒྱུད་ཀྱི་དབྱེ་བས་རིམ་པ་གཉིས་གཙོ་བོར་སྟོན་པ་དང༌། གཙོ་བོར་དབང་བཞི་སྟོན་པ་དང༌། ཤེས་རབ་གཙོ་བོར་གྱུར་པའི་བཤད་པའི་རྒྱུད་བཞི་དང་བཅས་པ་གནས་གཙང་མ་འཕགས་པའི་གནས་སུ་བསྟན་པར་མཛད་དེ། རྒྱུད་བཞི་པོའི་གནས་ཀྱི་རྣམ་པར་དབྱེ་བ་འདིར་མི་དགོས་པའི་ཕྱིར་མ་བསྟན་ཏོ། །དེའི་རྗེས་སུ་འཛམ་བུའི་གླིང་འདི་ཉིད་དུ་མ་ག་དྷཱར་བདུད་བཞི་འདུལ་བའི་དོན་དུ་དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་བསྟན་པ་ཆེན་པོ་དང་ཆུང་ངུའི་རྒྱུད་བཤད་པའི་རྒྱུད་དང་བཅས་པ་བསྟན་པར་མཛད་དེ། དེའི་ཡང་གནས་ཀྱི་རྣམ་པར་དབྱེ་བ་ལ་སོགས་པ་མི་དགོས་པའི་ཕྱིར་འདིར་མ་བསྟན་ཏོ། །དེའི་ཕྱིར་འདིར་རྒྱུད་སྡེ་ལྔའི་ནང་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཨུ་རྒྱན་དུ་ནུབ་ཀྱི་རི་ལ་རྡོ་རྗེ་ཕྲེང་བའི་རྒྱུད་ཆུང་དུ་བསྟན་པར་མཛད་དེ། ལེའུ་དྲུག་ཅུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་འདྲི་བ་དང་ལན་བརྒྱད་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་བསྟན་པར་མཛད་དོ། །འདི་ཡང་བརྗོད་པར་བྱ་བའི་རིམ་པ་གཉིས་ནི་གཙོ་བོའི་དོན་ཏོ། །དེ་ལ་དང་པོ་རྡོ་རྗེ་ཕྲེང་བའི་རྒྱུད་སྡུད་པ་པོ་ཕྱག་ན་རྡོ་རྗེའམ་འཇམ་དཔལ་རྒྱུད་ཀྱི་དོན་མ་ལུས་པ་ཐུགས་ལ་ཉེ་བར་བཞག་ནས་ངག་དང་པོ་གླེང་གཞི་ངག་གི་རྣམ་གྲངས་གཞན་དང་ལྡན་པ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་དོན་གསུམ་སྟེ། གླེང་གཞིའི་ངག་གི་དགོས་པ་དང༌། གླེང་གཞིའི་བསྡུས་པའི་དོན་དང་དེ་ཉིད་ཀྱི་ཡན་ལག་གི་དོན་ཏོ། །དེ་ལ་དང་པོ་ཉན་པ་པོའི་སྐྱེ་བོ་ལ་དབུགས་དབྱུང་བ་བསྐྱེད་པ་དང༌། བཅོམ་ལྡན་འདས་ཀྱི་བཀའ་ཡོངས་སུ་བསྐྱང་བ་དང༌། ཡིད་ཆེས་པའི་གདམས་ངག་ཐོབ་པས་བདག་ཉིད་ཁྱད་པར་དུ་འཕགས་པའི་ཉན་པ་པོར་སྟོན་པ་ཉིད་དོ། །བསྡུས་དོན་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། དེ་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པས་བསྟན་པའི་བྱ་བ་ཕུན་སུམ་ཚོགས་པའོ། །བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ཕུན་སུམ་ཚོགས་པ་མདོར་བསྟན་པའོ། །དུས་གཅིག་ན་ཞེས་བྱ་བ་ལ་སོགས་པས་ནི་
དུས་ཕུན་སུམ་ཚོགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་པོ་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གནས་ཕུན་སུམ་ཚོགས་པ་གསུངས་སོ། །དེ་ལ་ཡན་ལག་གི་དོན་རྣམ་པ་གཉིས་ཏེ། དང་པོ་ནི་བཤད་པ་རྣམ་པ་བཞི་དང༌། གཉིས་པ་ནི་ཕྱི་དང་ནང་གི་བདག་ཉིད་ཀྱིས་བཤད་པའི་དབྱེ་བའོ། །དེ་ལ་ཡི་གེའི་དོན་བཤད་པའི་སྐབས་སུ་ཕུན་སུམ་ཚོགས་པ་རྣམས་པ་ལྔས་བཤད་པར་བྱ་སྟེ། དེ་བཞིན་ཉིད་དང༌། ཟླ་བ་དང༌། ས་བོན་དང༌། ལུས་ཀྱི་དབྱེ་བས་བཅོམ་ལྡན་འདས་རྫོགས་པའི་ཇི་སྐད་དུ་གསུངས་པའི་གཞལ་ཡས་ཁང་གི་ནང་དུ་བཞུགས་པ་ནི། མཐའ་དྲུག་གི་བཤད་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་ཞིང་རྟོགས་པར་བྱའོ། །དེའི་རྗེས་སུ་འདི་དག་གི་ཞེའམ། འདི་དག་གིས་ཞེས་བྱ་བ་ལ་སོགས་པ་མི་ཟད་པ་ཡོངས་སུ་སྤངས་ནས་འདི་སྐད་ཅེས་བྱ་བའི་ཡི་གེ་གཉིས་ལ་བརྒྱ་བྱིན་གྱིས་ཞུས་པའི་མདོའི་ཁུངས་ཀྱིས་ཨེ་བཾ་གི་ཚིག །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་དང་དེ་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། བཾ་ནི་ཕ་ཞེས་བྱ་བར་གྲགས། །ཞེས་བྱ་བ་ལ་སོགས་པའི་བཤད་པས་བརྗོད་ནས། དེའི་རྗེས་ལ་བདག་གིས་ཐོས་པ་ཞེས་གསུངས་སོ། །ས་བོན་ངོ་བོས་གང་སྤྲུལ་བ། །ལྷ་རྣམས་ཀྱིས་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱི་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེ་སྙིང་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་ཆེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་བྱ་བ་ལ་སོགས་པའི་སྤྱིའི་དོན་གྱི་བཤད་པས་དོན་བསྟན་ཏོ། །སྦས་པའི་དོན་ནི་ལེའུ་ལྔ་བཅུ་རྩ་དགུ་པའི་རྗེས་སུ་འབྲངས་ནས། ཨེ་ནི་ཤེས་རབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ཉེ་བར་བཀོད་པ་འོག་ནས་འཆད་པར་འགྱུར་རོ། །མཐར་ཐུག་པའི་དོན་ནི་དགོངས་
པ་ལུང་བསྟན་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྒྱུད་ནི་བདག་གིས་འདི་སྐད་ཐོས། །གསལ་བ་འགའ་ཞིག་དུས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་བཤད་དོ། །འདིར་ཡང་རྒྱུད་འདི་ཕལ་ཆེར་ཐུན་མོང་གི་རྒྱུད་ཀྱི་བཤད་པར་གྱུར་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གླེང་གཞི་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་ཕྱི་རོལ་གྱི་བཤད་པའི་ཕྱོགས་སུ་འདི་སྐད་ཅེས་བྱ་བས་རྒྱུད་མ་ལུས་པའི་དོན་སྟོན་པར་བྱེད་པའི་ཚིག་གི་ཕྲད་ཀྱིས་སྡུད་པ་པོའི་བརྗོད་པར་འདོད་པ་ལ་སྣང་བརྒྱུད་ཀྱི་དོན་བསྡུ་བ་གསུངས་སོ། །དེ་ལྟར་ན་འདི་སྐད་ཅེས་བྱ་བ་ནི་ཇི་ལྟར་སྡུད་པར་གྱུར་བ་དེ་ལྟ་བུ་ཉིད་དུ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དག་གིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་གཙོ་བོར་གྱུར་པའི་འཁོར་དེ་བཞིན་གཤེགས་པ་དང༌། ལྷན་ཅིག་སྤྱོད་མ་དང༌། རྗེས་སུ་སྤྱོད་མ་དང༌། བྱང་ཆུབ་སེམས་དཔའ་དང༌། །ཁྲོ་བོའི་གཟུགས་ཀྱིས་སོ། །དེ་ལྟར་ཇི་ལྟར་འོག་ནས་འཆད་པར་འགྱུར་བ་དེའི་ཕྱིར་བདག་ཉིད་གཙོ་བོར་གྱུར་པའི་འཁོར་གྱིས་སོ། །ཐོས་པ་ཞེས་བྱ་བ་ནི་རྟོགས་པ་ནི་མ་ཡིན་ནོ། །རང་ཉིད་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་བསྟན་པ་ཡིན་གྱི་སྟོན་པ་པོ་ལས་ཐོས་པ་སྡུད་པ་པོས་སྡུད་པར་བྱེད་དེ། དེ་བས་ན་ཐོས་པ་ཞེས་བྱ་བ་འདིས་འོག་ནས་སྡུད་པ་པོ་མཚོན་པར་བྱེད་དོ། །དངོས་སུ་མ་ཡིན་པ་ཐོས་པའམ་གཞན་དུ་ཐོས་པ་ལ་སྡུད་པ་པོ་ཚད་མ་ཉིད་དུ་འགྱུར་རོ། །དེའི་ཕྱིར་བདག་གིས་དངོས་སུ་ཐོས་པ་ཞེས་བརྗོད་པ་ལ་བདག་གི་བླ་མ་དང་དེའི་བླ་མ་རྣམས་ལས་ནི་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །གང་གི་ཞེ་ན། དེའི་ཕྱིར་དུས་གཅིག་ན་ཞེས་གསུངས་ཏེ། དུས་གཅིག་ནི་དུས་གཅིག་གི་ཚེ་ན་འདི་ཐོས་ལ་གཞན་དུ་ནི་གཞན་དག་ཐོས་པའོ་ཞེས་བྱ་བ་འདི་སྡུད་པ་པོ་མང་དུ་ཐོས་པ་ཉིད་དུ་བསྟན་ཏོ། །ཡང་དུས་གཅིག་གི་ཚེ་ཞེས་བྱ་བ་ནི་དུས་གཅིག་ལ་སྟེ་དུས་གཞན་དུ་འདི་ལྟ་བུ་བསྟན་པ་མེད་པའི་ཕྱིར། དེས་ན་རྒྱུད་རྙེད་པར་དཀའ་བ་ཉིད་གསུངས་སོ། །ཡང་ན་དུས་གཅིག་གི་ཚེ་འདི་ཐོས་པ་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་པདྨ་ལས་རྒྱུད་བསྟན་པའི་ངག་ཐོས་པ་དེ་ཉིད་ཀྱི་ཚེ་སྐད་ཅིག་གཅིག་ཉིད་ལ་བདག་གིས་ལྷག་ཆད་མེད་པར་
བཟུང་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་སྡུད་པ་པོ་ལ་བསྟན་ཏོ། །སུ་ལས་ཐོས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ། །གང་གི་ཚེ་བཅོམ་ལྡན་འདས་གནས་ཁྱད་པར་ཅན་དུ་བཞུགས་པ། དེའི་ཚེ་དྲུང་ནས་ཐོས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བདུད་བཞི་བཅོམ་པའམ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་སྟོང་པ་ཉིད་བསྒོམས་པས་འཆི་བདག་གི་བདུད་བཅོམ་མོ། །ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་རང་གི་ལུས་ལ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་བཅོམ་མོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པས་ཉོན་མོངས་པ་ལྔ་ཡོངས་སུ་ཤེས་པས་ཉོན་མོངས་པའི་བདུད་བཅོམ་མོ། །བགེགས་བསྐྲད་པའི་དུས་ན་དབང་པོ་ལ་སོགས་པའི་ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་ལ་ཕུར་བུས་བཏབ་པས་རྣམ་པར་བཅོམ་པའི་ཕྱིར་ལྷའི་བུའི་བདུད་བཅོམ་མོ། །དེ་བཞིན་དུ་བཅོམ་ལྡན་འདས་ལ་དབང་ཕྱུག་ཚང་བ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ལ་ཡེ་ཤེས་ཀྱང་ཚང་བ་སྟེ། བདག་མེད་པ་ཉིད་ཀྱི་རྣམ་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ། །གྲགས་པ་ཚང་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནས་ཐམས་ཅད་དུ་གྲགས་པའི་སྒྲ་རྙེད་པའི་ཕྱིར་རོ། །དཔལ་ཚང་བ་སྟེ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཉེར་བའི་ཕྱིར་རོ། །གཟུགས་ཚང་བ་སྟེ་མཚུངས་པ་མེད་པའི་མཚན་དང་དཔེ་བྱད་རྣམས་ཀྱིས་ཡན་ལག་རྣམ་པར་མཛེས་པའི་ཕྱིར་རོ། །འབད་པ་ཚང་བ་སྟེ་སེམས་ཅན་གཅིག་གི་ཆེད་དུ་ཡང་འཁོར་བའི་མཐར་ཐུག་པ་མེད་པར་གནས་པའི་ཕྱིར་རོ། །གནས་གང་དུ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དུ་གཤེགས་པ་དང༌། འཁོར་བ་ལས་ཇི་ལྟར་གཤེགས་པར་བདེ་པ་དེ་ལྟ་བུ་ཉིད་དུ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དུ་གཤེགས་པ་དང༌། དངོས་པོ་འགའ་ཞིག་ཇི་ལྟར་སོང་བ་དེ་ལྟ་བུ་ཉིད་དུ་འགྱུར་བས་ན། དེ་བཞིན་གཤེགས་པ་རྣམས་སོ། །ནམ་མཁའི་གཏོས་
ཐམས་ཅད་ཁྱབ་པར་བྱེད་པས་ན་ཐམས་ཅད་དོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། བསྡུ་ན་རིགས་ལྔ་དང་འབྲེལ་བ་རྣམས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི་རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པ་དག་ཇི་ལྟར་རིགས་པར་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་དག་ལ་འདུས་པའི་ཕྱིར་གསང་བ་གསུམ་གྱི་རང་བཞིན་རྣམས་ཏེ་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་རྣམས་ཀྱི་སྙིང་པོའི་ངོ་བོ་རྡོ་རྗེ་བཙུན་མོ་རྣམས་ནི་སྤྱན་མ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་བྷ་ག་ནི་ཆོས་འབྱུང་གི་ཕྱག་རྒྱའི་རང་བཞིན་རྣམས་སོ། །དེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་དེ་ལ་གནས་པའི་གཞལ་ཡས་ཁང་ན་བཞུགས་པར་གྱུར་པའོ། །འདི་སྐད་སྟོན་པར་འགྱུར་ཏེ་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཡཾ་རཾ་བཾ་ལཾ་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་དོན་ཡོད་གྲུབ་པ་ངག་གི་དབང་ཕྱུག་དང་ཐུགས་ཀྱི་དབང་ཕྱུག་དང་རིན་ཆེན་འབྱུང་ལྡན་རིག་མ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སྐྱེས་པའི་གཞལ་ཡས་ཁང་གི་སྟེང་དུ་ཉི་མ་དང་ཟླ་བ་ལ་སོགས་པའི་གདན་གི་སྟེང་དུ་གང་གི་ཚེ་བ་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །བཞུགས་སོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་གནས་པ་བཞིས་བཞུགས་པའོ། །དེ་ལ་རྫུ་འཕྲུལ་གྱི་གནས་པ་བཞི་ནི་གང་ཞེ་ན། སྟོན་པའི་གནས་པ་དང༌། སྤྱོད་ལམ་གྱི་གནས་པ་དང༌། སྙོམས་པར་འཇུག་པའི་གནས་པ་དང༌། ནང་དུ་ཡང་དག་འཇོག་གི་གནས་པ་ཞེས་བྱའོ། །དེ་ལ་གང་ཞིག་བཅོམ་ལྡན་འདས་ཀྱི་གསུང་གི་ལས་ཐམས་ཅད་ནི་སྟོན་པའི་གནས་པའོ། །གང་ཞིག་སྐུའི་ཕྲིན་ལས་ཐམས་ཅད་ནི་སྤྱོད་ལམ་གྱི་གནས་པའོ། །གང་ཞིག་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ་ཡིད་ཀྱི་ལས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པ་སྟེ། །དེ་རྣམས་ཀྱི་སྙོམས་པར་འཇུག་པའི་གནས་པའོ། །གང་ཞིག་ལྷ་ལ་སོགས་པའི་ཉེ་བར་འགྲོ་བ་ལ་སོགས་པ་རྣམས་ལ་རང་བཞིན་གྱིས་རྣམ་པར་དག་པའི་ཡིད་ཀྱི་ལས་དེ་ནང་དུ་ཡང་དག་འཇོག་གི་
གནས་པ་སྟེ། ཕྱིའི་བཤད་པའོ། །ནང་དུ་ཨེ་ཞེས་བྱ་བ་ནི་ཤེས་རབ་དང༌། དེའི་མཚན་མ་དང༌། དེའི་རྩ་བ་དང༌། དེའི་རིག་པའོ། །བཾ་ཡིག་གིས་ཐབས་དང༌། དེའི་རྒྱལ་མཚན་དང༌། དེའི་རྩ་བ་དང་དེའི་རིག་པའོ། །ཐིག་ལེས་ནི་དེ་དང་ཡང་དག་པར་སྦྱོར་བས་ཐིག་ལེའི་ངོ་བོ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའོ། །འདིས་ཀྱང་དོན་དམ་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་ཆོས་ཀྱི་སྐུ་མཚོན་པའོ། །བདག་གིས་ཞེས་བྱ་བ་འདིས་ནི་ཨ་ཧཾ་གི་ངོ་བོས་རྒྱུད་དང་ཡེ་ཤེས་ཀྱི་རིམ་པའི་ངོ་བོ་ཉིད་ཀྱིས་ཐིག་ལེ་བཞིའི་ངོ་བོས་འཁོར་ལོ་བཞི་ལ་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་པའོ།། ཐོས་པ་ཞེས་བྱ་བ་འདིས་ནི་འཛག་པའི་དོན་གྱིས་སྤྲུལ་པའི་སྐུ་མཚོན་ཏོ། །ཇི་སྐད་དུ། །གཅིག་ནི་ནམ་མཁའ་དང་འདྲ་སྟེ། །གཞན་ནི་ཟླ་བ་རྫོགས་པ་འདྲ། །མཁའ་འདྲ་གང་ཞིག་འདི་དག་གི །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་དེ། །གང་ཞིག་ཟླ་བ་རྫོགས་པ་ལྟར། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་པའོ། །དུས་གཅིག་ན་ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་དུས་གསུངས་སོ། །ཇི་སྐད་དུ། བཟང་བའི་དུས་དང་ངན་པའི་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དང༌། །སྣ་ཡི་བུ་ག་གཉིས་ནས་ནི། །འོངས་པ་བཟང་པོའི་དུས་ཞེས་བརྗོད། །སོང་བ་དུས་ངན་ཞེས་བརྗོད་དོ། །བསམ་གྱིས་མི་ཁྱབ་དེ་བཞིན་འགྱུར། །སྲོག་དང་རྩོལ་བ་རྣམ་སྤངས་པ། །འབྱུང་དང་འཇུག་པ་སྤངས་པ་དང༌། །འགྲོ་དང་འོང་ལས་རྣམ་གྲོལ་བ། །དུས་གཅིག་ཅེས་ནི་བརྗོད་པ་མིན། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་དགའ་བ་གསུམ་འཇོམས་པར་བྱེད་པའི་ལྷན་ཅིག་སྐྱེས་པ་བརྗོད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྡུད་པར་བྱེད་པའི་འཁོར་ལོ་བཞིའམ་དྲུག་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི་དེ་སྡུད་པར་བྱེད་པའི་རྣམ་པ་ཅན་རྩ་གསུམ་མོ། །དེ་ཉིད་ནི་སྙིང་པོ་སྟེ་རྩ་གསུམ་པོ་དེའི་དབང་གིས་རྩ་གཞན་རྣམས་བསྐྱེད་པའི་ཕྱིར་རོ། །དེའི་ངོ་བོའི་རྡོ་རྗེ་བཙུན་མོ་རྣམས་ནི་ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོ་རྣམས་སོ། །དེ་རྣམས་ཀྱི་བྷ་ག་རྣམས་ནི་ཀུན་རྫོབ་ཏུ་ཆོས་འབྱུང་གི་ལྟེ་བའི་གནས་རྣམས་ལ་གང་
གི་ཚེ་ཐིག་ལེའི་ངོ་བོས་གནས་པ་མཛད་པ་དེའི་ཚེ་བདག་གིས་ཐོས་ཞེས་བྱ་བའི་ཐ་ཚིག་གོ །ནང་གི་བཤད་པའོ། །དེ་ལྟར་གླེང་གཞི་བཤད་ནས་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པར་བསྟན་པར་འདོད་ནས། །ཚད་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཙམ་ཉིད་དུ་གཞལ་བར་མི་ནུས་པ་ཉིད་ཀྱི་ཕྱིར་ཚད་མེད་པའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་དགའ་བ་ཆེན་པོ་ལེན་པས་ན་ཕྱག་རྒྱ་ཆེན་པོ་སྟེ། ཤིན་ཏུ་ཟབ་པ་མ་ཡིན་པ་དང་ཤིན་ཏུ་ཟབ་པའི་རིམ་པས་རྫོགས་པའི་སྐུར་བརྗོད་དོ། །དེའི་དོན་དུ་མངོན་པར་རྫོགས་པ་སྤྲོས་པའི་རྒྱུད་རྡོ་རྗེ་དང་ཟླ་བ་ལ་སོགས་པའི་རིམ་པ་དང་རིགས་བརྒྱའི་དབྱེ་བ་བསྒོམ་པ་གང་ཞིག་མངོན་པར་རྟོགས་པ་དེ་ལ་བཞུགས་པ་ནི་གནས་པ་གང་རྣམས་ལ་ཡོད་པ་དེ་ནི་དེ་ལྟར་རོ། །དཔག་ཏུ་མེད་པ་རྡོ་རྗེའི་རིགས་དང༌། རབ་ཏུ་འབྲེལ་བའི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་སྟེ། བྱང་ཆུབ་ནི་སྐུ་གསུམ་གྱི་རྣམ་པ་ཅན་ལ་སེམས་དཔའ་ནི་དགོངས་པ་གང་ལ་ཡོད་པ་དེ་རྣམས་དེ་ལྟར་རོ། །དེ་རྣམས་ཀྱི་བྱེ་བ་ནི་འབུམ་ཕྲག་བཅུའི་རྣམ་པའོ། །དེ་རྣམས་ཀྱི་ཁྲག་ཁྲིག་ནི་ས་ཡའི་རྣམ་པའོ། །དེའི་གྲངས་བརྒྱ་སྟོང་ནི་འབུམ་མོ། །དེའི་གྲངས་ཀྱིས་ནི་རྣམ་པར་བཅད་པ་དང་ལྷན་ཅིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ ། ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐམས་ཅད་ཀྱང་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་མངོན་པར་རྟོགས་པར་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ནི་ངག་འོད་གསལ་བའི་རང་བཞིན་རྣམ་པ་མེད་པ་སྔར་བཤད་པའི་ཚིག་ཉིད་ཀྱིས་སོ། །དེའི་ཕྱིར་མངོན་པར་རྟོགས་པ་ནི་ཐོབ་པར་བྱེད་པའི་ཐབས་ཏེ། རྒྱས་པར་ནི་བརྒྱ་རྩ་བརྒྱད་ཀྱིས་རླུང་གི་གྲངས་ཅན་དང་བསྡུ་ན་ཡང་རླུང་བཅུའི་རྣམ་པའི་གྲངས་ཉེ་བར་མཚོན་པ་སྔོན་དུ་འགྲོ་བས་འཇུག་པ་ལ་སོགས་པ་གསུམ་གྱི་གྲངས་ཀྱིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཀྱི་ངོ་བོའོ། །དེ་ལ་གནས་པར་འགྲོ་བ་གང་རྣམས་ལ་ཡོད་པ་དེ་ནི་མངོན་དུ་བྱེད་པ་སྟེ། བསྒོམ་པ་རབ་ཀྱི་མཐར་ཐུག་པར་འགྲོ་བའོ། །དེ་ལ་གནས་པ་ནི་དེ་མངོན་དུ་བྱེད་པ་ལ་བཞུགས་པའོ། །འདིས་ནི་རྡོ་རྗེ་བཟླས་པ་མངོན་དུ་བྱེ་བའི་བྱང་ཆུབ་སེམས་དཔའ་ལ་བསྟན་ཏོ། །གཞན་ཡང་ཇི་ལྟ་བུ་རྣམས་ཀྱིས་ཤེས་ན། དེའི་ཕྱིར་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཞེས་གསུངས་ཏེ། གཉིས་མེད་ནི་གཟུང་འཛིན་དང་
རྣམ་པར་བྲལ་བར་སེམས་ཅན་ཐམས་ཅད་ལ་ཁྱབ་པ་བདེ་བ་ཆེན་པོ་སེམས་འོད་གསལ་བའི་རྣམ་པ་དེའི་ཉམས་སུ་མྱོང་བ་ནི། སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་གྱི་སྒོ་ནས་རིག་པ་དེས་དགྱེས་པ་ནི་ཁྱད་པར་ཅན་གྱི་བདེ་བའོ། །དེས་ཁབ་བྱེད་པ་ནི་རབ་ཏུ་རྒྱས་པའོ། །མཆོག་ནི་ཁྱད་པར་འཕགས་པའི་ངོ་བོ་སྟེ། ཞལ་གྱི་པདྨ་ནི་གང་གིས་དེ་རྣམས་དེ་བཞིན་དུའོ། །འདིས་ནི་སེམས་རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དེ་ཆོས་རྣམས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམས་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཇི་ལྟ་བ་བཞིན་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་རྣམ་པ་ཉམས་སུ་མྱོང་བ་ནི་ཡེ་ཤེས་ཏེ། དེ་མཐོང་བ་ནི་མངོན་དུ་བྱེད་པའི་ཕྱིར་བདག་བྱིན་གྱིས་བརླབ་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཞེས་བྱ་བ་ལ། རྣམ་པར་མི་རྟོག་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པ་དག་གིས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ནི་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དོ། །དེ་བཞིན་ནི་དེ་ཁོ་ན་ཉིད་དེ་བག་ཆགས་སུ་གྱུར་པའི་རང་བཞིན་གྱི་ཚོགས་སྤོང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པའོ། །དེ་ལ་མངོན་དུ་ཕྱོགས་པ་ནི་མངོན་དུ་ཕྱོགས་པའི་འགྱུར་བ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་མཐར་ཕྱིན་པ་ཉིད་དུ་འདི་རྣམས་ཀྱིས་བསྟན་ཏོ། །དེ་བཞིན་དུ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་བླ་ན་མེད་པའི་རྡོ་རྗེ་འཆང་ཆེན་པོ་ནི་ཟུང་འཇུག་གི་རྣམ་པ། དོན་དམ་པ་དེ་མི་སློབ་པའི་ཕྱིར་རོ། །དེའི་དམ་ཚིག་ནི་སློབ་པ་དང་མི་སློབ་པའི་ངོ་བོ་ཟུང་འཇུག་མངོན་དུ་བྱེད་པའི་ཐབས་ཏེ། དེ་ལས་མི་འདའ་བའི་ཕྱིར་རོ། །དེས་དབང་དུ་གྱུར་པ་ནི་རང་དབང་ཅན་ཏེ། བདག་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་གཉིས་ཐ་མི་དད་པའི་ངོ་བོ་དེ་ལ་རབ་ཏུ་མཁས་པ། དེ་མངོན་དུ་བྱེད་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་ཟུང་དུ་འཇུག་པའི་རིམ་པ་མཐར་ཕྱིན་པ་ཉིད་བསྟན་ཏོ། །དེ་ལྟར་འཁོར་ཕུན་སུམ་ཚོགས་པ་མདོར་བསྟན་པར་མཛད་ནས། དེའི་རྒྱས་པར་བཤད་པའི་ཡན་ལག་གཙོ་བོ་བསྟན་པར་འདོད་ནས་ཇི་ཙམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དེ་ཙམ་གྱི་གྲངས་དང་
ལྡན་པའི་འཁོར་གྱི་ཚོགས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་མངོན་སུམ་གྱིས་ཡོངས་སུ་བགྲང་བ་སྟོན་པར་བྱེད་དེ། དམ་ཚིག་རྡོ་རྗེ་དང་ཞེས་བྱ་བ་ནི། ལས་ཐམས་ཅད་པ་ཉིད་ཀྱིས་དམ་ཚིག་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང༌། དམ་ཚིག་ཉམས་པ་རྣམས་ལ་དེའི་རྣལ་འབྱོར་གྱིས་སླར་དམ་ཚིག་སྟེར་བའི་ཕྱིར་དང༌། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པར་བསྒྲུབས་པས་འདའ་བར་མི་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པ་སྟེ་དེས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ནི་སྐུ་གསུམ་གྱི་ངོ་བོ་ཉིད་དེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །དེ་ལ་སེམས་དཔའ་ནི་དགོངས་པ་མངོན་དུ་བྱེད་པའི་འདུན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་ནི་གཞན་དོན་ཏེ། དེ་ལ་སེམས་དཔའ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་གཉིས་པ་འདིས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་དུ་གསུངས་སོ། །ཞེ་སྡང་རྡོ་རྗེ་དང་ཞེས་བྱ་བ་ལ་ཞེ་སྡང་ནི་ཞེ་སྡང་གི་རྣམ་པར་དག་པ་དེ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྣམ་པར་ཤེས་པའི་ཕུང་པོའི་ཡུལ་གང་ཞིག་ཐ་མལ་བའི་ང་རྒྱལ་གང་ཡིན་པ་དེ་ལ་ཞེ་སྡང་བའི་ཕྱིར་ཞེ་སྡང་ཡིན་ལ་རྡོ་རྗེ་ཡང་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ཀྱི་ཕྱིར་ཞེ་སྡང་རྡོ་རྗེ་ནི་མི་བསྐྱོད་པའོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ནི་འདོད་ཆགས་རྣམ་པར་དག་པའི་ཕྱིར་འདོད་ཆགས་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་ཏེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་འདོད་ཆགས་རྡོ་རྗེའོ། །ཡང་ན་འདོད་ཆགས་ནི་འདུ་ཤེས་ཀྱི་ཕུང་པོ་ལ་ཐོག་མ་མེད་པའི་ཐ་མལ་བའི་རྣམ་པར་རྟོག་པ་ལ་ཞེན་པའོ། །དེ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ཕྱིར་འདོད་ཆགས་རྡོ་རྗེ་སྣང་བ་མཐའ་ཡས་སོ། །རྟག་པའི་རྡོ་རྗེ་ཞེས་བྱ་བ་ལ་ལུས་ཀྱི་ཡུལ་གཟུགས་ཀྱི་ཕུང་པོ་ལ་གང་ཞིག་རྟག་པ་ཞེས་འཛིན་པ་དེས་དེ་ཡང་རྡོ་རྗེ་ཡང་ཡིན་ཏེ། སྟོང་པ་ཉིད་རྟོགས་པའི་ཕྱིར་རྟག་པའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་རྟག་ཏུ་དེ་ཉིད་དུ་གནས་པའི་ཕྱིར་རྟག་པ་ནི་རྣམ་པར་སྣང་མཛད་དེ་རྡོ་རྗེ་ཡང་ཡིན་ཏེ། དེའི་ངོ་བོ་ཉིད་ཀྱི་ཕྱིར་རྟག་པའི་རྡོ་རྗེའོ།།
ཡེ་ཤེས་རྡོ་རྗེ་དང་ཞེས་བྱ་བ་ལ། ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་ཏེ་ཚོར་བའི་ཕུང་པོ་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡང་ན་ང་རྒྱལ་རྣམ་པ་བདུན་གྱིས་མཐོ་བའི་མཚན་ཉིད་ཅན་གྱི་ཡེ་ཤེས་རྡོ་རྗེ་ཡང་ཡིན་ཏེ། དེ་ལ་སྟོང་པ་ཉིད་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་རྡོ་རྗེ་ནི་དེ་ཉིད་དོ། །ས་རྡོ་རྗེ་དང་ཞེས་བྱ་བ་ནི་སྲ་བའི་རང་བཞིན་སའི་ཁམས་ལ་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་སའི་ཁམས་ནི་སྤྱན་མའོ། །ཡང་ན་རང་གི་ལུས་ལ་སྲ་བ་གང་ཡིན་པ་དེ་ནི་ས་སྟེ། དེ་ལ་མི་དམིགས་པ་རྟོགས་པའི་ཕྱིར་སའི་རྡོ་རྗེ་ནི་དེ་ཉིད་དོ། །ཆུ་རྡོ་རྗེ་དང་ཞེས་བྱ་བ་ནི་གཤེར་བའི་ངོ་བོ་ཆུ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར། །དེ་ལ་ཆུ་རྡོ་རྗེ་ནི་མཱ་མ་ཀཱིའོ། །ཡང་ན་རང་གི་ལུས་སུ་གཏོགས་པའི་ཁྲག་ལ་སོགས་པ་གཤེར་བའི་རང་བཞིན་ནི་ཆུ་སྟེ། དེ་རྣམས་རྡོ་རྗེ་ནི་སྟོང་པ་ཉིད་ཉམས་སུ་མྱོང་བའི་ཕྱིར་ཆུ་རྡོ་རྗེ་ནི་དེ་ཉིད་དོ། །མེ་རྡོ་རྗེ་དང་ཞེས་བྱ་བ་ནི་དྲོད་ཀྱི་རང་བཞིན་ནི་མེ་སྟེ་དེའི་རྡོ་རྗེ་ནི་སྔོན་བཞིན་མེ་རྡོ་རྗེ་གོས་དཀར་ནོའོ། །ཡང་ན་རང་གི་ལུས་ལ་གནས་པའི་དྲོ་བ་ནི་མེ་སྟེ་དེའི་རྡོ་རྗེ་ནི་སྔོན་བཞིན་མེ་རྡོ་རྗེ་དེ་ཉིད་དོ། །རླུང་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པར་གཡོ་བར་བྱེད་པའི་བདག་ཉིད་ཀྱི་ཕྱིར་རླུང་ངོ༌། །དེའི་རྡོ་རྗེ་ནི་སྔོན་བཞིན་མི་དམིགས་པ་རྟོགས་པའི་ཕྱིར་རླུང་རྡོ་རྗེ་སྒྲོལ་མའོ། །ཡང་ན་རང་གི་ལུས་ཀྱིས་བསྒྲུབ་པར་བྱ་བ་འགྲོ་བ་དང་འོང་བ་ལ་སོགས་པ་ནི་རླུང་ངོ༌། །དེ་ལ་སྟོང་པ་ཉིད་རྟོགས་པའི་ཕྱིར་རླུང་རྡོ་རྗེ་ནི་དེ་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །དེ་ལྟ་བུའི་གཙོ་བོར་གྱུར་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞི་གཙོ་བོར་གྱུར་པ་རྣམས་ཀྱིས་སོ། །དམ་ཚིག་ཆེན་པོའི་རིགས་དང་འབྲེལ་བ་ཞེས་བྱ་བ་ལ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རིགས་དང་འབྲེལ་པའི་ཞེས་བྱ་བ་ནི་དེའི་རིགས་ལས་ཡང་དག་པར་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་དམ་ཚིག་ཆེན་པོ་ནི་དོན་ཡོད་རྡོ་རྗེའོ། །སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་གི་སྡོམ་པ་ལ་སོགས་པ་གཟུང་བ་སྔོན་དུ་འགྲོ་བས་རིམ་པ་གཉིས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱིས་དེའི་གོ་འཕང་ཐོབ་པའི་ཕྱིར་རོ། །དེའི་རིགས་ནི་རྒྱུད་སྡེ་དེ་དང་འབྲེལ་བའི་ལས་ཀྱི་
རིགས་ལ་བརྟེན་པས་མ་ལུས་པའི་རིགས་ལ་འཇུག་པར་འདོད་པའི་ཕྱིར་དང༌། ལས་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ། །གྲངས་ཇི་ཙམ་དང་ལྡན་པ་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་ཞེས་བྱ་བ་གསུངས་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པས་ཐབས་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྒྲའི་དོན་ནི་སྔར་བཤད་ཟིན་ཏོ། །གཞན་ཡང་རིགས་ཆེན་པོ་དང་འབྲལ་བའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ནི་གཞན་དག་རྣམས་སོ། །རིགས་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་རིགས་སོ། །དེ་དང་འབྲེལ་བ་ཞེས་བྱ་བ་ནི་དེའི་རིགས་ཅན་རྣམས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་སོ། །དེ་རྣམས་ཀྱི་དབྱེ་བ་ནི་འབུམ་ཕྲག་བཅུའི་གྲངས་ཀྱིས་ཡོངས་སུ་སྤྱད་པ་དེ་ཙམ་གྱིས་གྲངས་ཀྱི་དབྱེ་བས་དབྱེ་བར་བྱས་པའི་ཁྲག་ཁྲིག་ནི་ས་ཡའོ། །བརྒྱ་སྟོང་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་གཙོ་བོར་རྒྱས་པར་བཤད་པ་བསྟན་ནས། དེའི་ཡན་ལག་ཏུ་གྱུར་པའི་བཤད་པ་བརྗོད་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་སྒྲས་ནི་རྣ་མཆོག་གི་ནང་ན་གནས་པའི་ནམ་མཁའ་བརྗོད་དེ། དེར་འགྲོ་བའི་ནམ་མཁའ་ལ་འགྲོ་བ་ནི་སྒྲ་སྟེ། སྒྲ་རྡོ་རྗེའི་ངོ་བོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ནམ་མཁའ་རྣམ་པར་རྒྱས་པ་དང༌། །ཞེས་བྱ་བ་ནི། དེ་ལ་ནམ་མཁའ་ནི་ནམ་མཁའ་སྟེ་སྒྲིབ་པ་དང་བྲལ་བའི་མཚན་ཉིད་ཅན་ནོ། །དེ་ལ་རྣམ་པར་རྒྱས་པ་ནི་བསྐྱེད་འགགས་པའི་མི་མཐུན་པའི་ཕྱོགས་གང་ལ་ཡོད་པ་དེ་ནམ་མཁའ་རྣམ་པར་རྒྱས་པ་སྟེ་ཡུལ་གཟུགས་སོ། །དེ་ཉིད་བྱང་ཆུབ་སེམས་དཔའི་གཟུགས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དྲི་དང་ཞེས་བྱ་བ་ནི་དེ་ལ་ནམ་མཁའ་ནི་སྣའི་ནམ་མཁའོ། །དེ་ནས་དྲིའི་ཡུལ་བསྣམ་པའི་ཕྱིར་དྲི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་རེག་པ་ཞེས་བྱ་བ་ལ་ནམ་མཁའི་སྒྲས་ནི་གཟུགས་མི་དམིགས་པའི་རྣམ་པ་ལུས་བརྗོད་དོ། །དེའི་རེག་པས་ནམ་མཁའི་རེག་པ་སྟེ་རེག་རྡོ་རྗེ་མའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །མཚམས་
རྣམས་ཀྱིས་ངེས་པར་གྲོལ་བ་ཞེས་བྱ་བ་ལ་མཚམས་ནི་གཟུགས་དང་ཡང་དག་པར་ལྡན་པའི་རོ་སྟེ། དེ་ལས་ངེས་པར་གྲོལ་བ་ནི་བསྡུས་ན་འགུགས་པའི་ཕྱིར་མཚམས་རྣམས་ཀྱིས་ངེས་པར་གྲོལ་བ་ནི་རོའོ། །དེ་ཉིད་རོ་རྡོ་རྗེ་མ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྗེས་སུ་སྤྱོད་པ་ལྔ་རབ་ཏུ་བསྟན་ཏོ། །རྡོ་རྗེ་སེམས་དཔའ་དང་ཞེས་བྱ་བ་ནི་ཀུན་དུ་བཟང་པོ་སྟེ། རྡོ་རྗེ་སེམས་དཔའ་ནི་དེའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །རྡོ་རྗེ་བསྟན་པ་སྙིང་པོ་དང་ལྡན་པ་ལ་སེམས་དཔའ་ནི་རང་དང་གཞན་གྱི་དོན་བྱ་བའི་མཚན་ཉིད་བཟང་པོ་ནི་དགེ་བ་གང་ལ་ཡོད་པ་དེ་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་སའི་སྙིང་པོས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་དོན་དམ་པར་སྟོང་པ་སའི་ཁམས་ཀྱི་ངོ་བོའོ། །དེ་ཡང་ཡིན་ལ་རྡོ་རྗེའི་ཡང་ཡིན་ཏེ་རྡོ་རྗེའི་སྙིང་པོའོ། །རྡོ་རྗེའི་བློ་གྲོས་དང་ཞེས་བྱ་བ་ནི་འཇམ་དཔལ་གྱིས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྟར་རྣོ་བའི་བློ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་བློ་གྲོས་སོ།། ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ནི་རྡོ་རྗེ་ནི་བླང་དོར་གྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ལག་ན་གང་ལ་ཡོད་དེ་དེ་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་རྒྱལ་པོ་དང་ཞེ་བྱ་བ་འདི་ནི་རྡོ་རྗེ་བཞིན་དུ་བསྟན་པ་ཉིད་ཀྱིས་སྙིང་རྗེ་ཆེན་པོས་འཇིག་རྟེན་ལ་ཕན་པའི་ཕྱིར་སྣང་བས་ན། རྡོ་རྗེར་གྱལ་པོ་ནི་འཇིག་རྟེན་དབང་ཕྱུག་གོ །རྡོ་རྗེ་དམ་ཚིག་དང་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོ་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་སྟོང་པ་ཉིད་ཀྱི་རྣམ་པས་རྣམ་མཁར་བརྗོད་དོ། །དེ་ལ་ཡང་དག་པར་འགྲོ་བས་ན་དམ་ཚིག་སྟེ་རྡོ་རྗེ་དམ་ཚིག་གོ །རྡོ་རྗེ་ཆོས་དང་ཞེས་བྱ་བ་ནི་བྱམས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དང་འདྲ་བར་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་མ་འོངས་པའི་དུས་ན་སྟོན་པའི་ཕྱིར་རྡོ་རྗེའི་ཆོས་སོ། །རྡོ་རྗེ་ལོངས་སྤྱོད་དང་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་ནི་སྟོང་པའི་རང་བཞིན་ཉོན་མོངས་པ་རྣམས་སོ། །དེ་རྣམས་ལ་ཡང་དག་པའི་ལམ་གྱི་རང་བཞིན་ཤེས་རབ་ཀྱིས་ལོངས་སྤྱོད་པ་ན་བཟློག་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ལོངས་སྤྱོད་དོ། །འདིས་ནི་བྱང་ཆུབ་སེམས་དཔའི་ངོ་བོའི་འཁོར་གསུངས་སོ། །རྡོ་རྗེ་སྤྱི་བོ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྟར་ཕིགས་པར་དཀའ་བའི་སྤྱི་བོར་གནས་པའི་གཙུག་ཏོར་གང་གི་ལག་པ་གཉིས་ན་
ཡོད་པ་དེ་ནི་རྡོ་རྗེ་སྤྱི་བོའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་ནི་ཤེས་རབ་མཐར་བྱེད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་གནོན་པའི་སྒྲས་ནི་གཤིན་རྗེ་ལ་བརྗོད་དེ། ཤིན་ཏུ་ཡང་ཡང་དག་པ་ཉིད་ཀྱི་ཕྱིར་རོ། །དེའི་རྣམ་པར་གནོན་པ་ནི་གང་གིས་གནོན་པ་དེ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའོ། །རྣམ་རྟོག་མེད་པའི་སྤྱི་བོ་ཞེས་བྱ་བ་ནི་ཤེས་རབ་མཐར་བྱེད་ཀྱིས་སོ། །རྣམ་རྟོག་མེད་པའི་སྒྲས་ནི་ཤེས་རབ་ཏུ་བརྗོད་དོ། །དེས་མེ་ནི་མེ་སྟེ་ལེ་ལོ་འཇོམས་པར་བྱེད་པའི་ཕྱིར་རོ། །རྣམ་རྟོག་མེད་པའི་སྒྲ་ཞེས་བྱ་བ་ནི་པདྨ་མཐར་བྱེད་དོ། །གཙོ་བོར་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མགོས་པ་ཉིད་ཀྱི་ཕྱིར་རོ། །བརྗེད་ངས་པ་བཟློག་པ་ཉིད་ཀྱི་ཕྱིར་རྣམ་རྟོག་མེད་པའོ། །དེ་ཡང་ཡིན་ལ་སྒྲ་ཡང་ཡིན་ཏེ། གང་གི་རྣམ་པར་དག་པ་སྣང་བ་མཐའ་ཡས་ཀྱི་རིགས་ལ་གནས་པའི་ཕྱིར་རྣམ་རྟོག་མེད་པའི་སྒྲའོ། །རྣམ་རྟོག་མེད་པའི་ཆོས་དང་ཞེས་བྱ་བ་ནི་བགེགས་མཐར་བྱེད་དེ། གཙོ་བོར་ཕྲག་དོག་ལ་སོགས་པ་རྣམས་ཀྱིས་རྣམ་པར་གཡེང་བའི་གཉེན་པོའི་ཕྱིར་རྣམ་རྟོག་མེད་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་ཏེ། བགེགས་ལ་ཕུར་བུས་འདེབས་པས་གོ་ཆའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་རྟོག་མེད་པའི་ཆོས་སོ། །རྣམ་རྟོག་མེད་པའི་དམ་ཚིག་དང༌། །ཞེས་བྱ་བ་ནི་མི་གཡོ་བ་ཞེས་བྱ་བའི་དོན་ཏོ། །རིམས་ལ་སོགས་པའི་ནད་ཉེ་བར་ཞི་བས་མ་དད་པ་ལ་སོགས་པའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་རྣམ་རྟོག་མེད་པའོ། །དེ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་ཏེ། ནད་ལ་སོགས་པ་ཉེ་བར་ཞི་བས་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་རྟོག་མེད་པའི་དམ་ཚིག་གོ །དགའ་བ་རྡོ་རྗེ་དང་ཞེས་བྱ་བ་ནི་འདོད་པའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །བགེགས་ཐམས་ཅད་འཇོམས་པར་བྱེད་པ་ཉིད་ཀྱིས་ལེ་ལོ་མི་མཐུན་པའི་ཕྱོགས་སྤང་པས་སེམས་ལ་དགའ་བ་ཐོབ་པས་དགའ་བའོ། །དེ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དགའ་བའི་རྡོ་རྗེའོ། །རབ་ཏུ་དགའ་བའི་རྡོ་རྗེ་དང༌། །ཞེས་བྱ་བའི་དབྱུག་བ་སྔོན་པོ་ཞེས་བྱ་བའི་དོན་ཏོ། །འཇིགས་པ་ཐམས་ཅད་བཟློག་པའི་ཕྱིར་ཁྱད་པར་དུ་འཕགས་པའི་དགའ་བ་བསྐྱེད་པས་རབ་ཏུ་དགའ་བའོ། །དེ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་སྟོང་པ་ཉིད་ཀྱི་ངོ་བོའི་ཕྱིར་རབ་
ཏུ་དགའ་བའི་རྡོ་རྗེའོ། །འདོད་ཆགས་རྡོ་རྗེ་དང་ཞེས་བྱ་བ་ནི་སྟོབས་པོ་ཆེ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ལ་སོགས་པའི་ཉེས་པ་སེལ་བས་དེ་ཁོ་ན་ཉིད་ཀྱི་འདོད་ཆགས་ཀྱི་འདོད་ཆགས་སོ། །དེ་ཡང་ཡིན་ལ་འདོད་ཆགས་ཀྱང་ཡིན་པས་འདོད་ཆགས་རྡོ་རྗེའོ། ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང༌། །ཞེས་བྱ་བ་ནི་གནོད་མཛེས་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །བརྟན་པ་དང་གཡོ་བའི་དུག་གསལ་བར་བྱེད་པས་ལྷན་ཅིག་སྐྱེས་པའི་ངོ་བོའི་ཕྱིར་ལྷན་ཅིག་སྐྱེས་པའོ། །དེ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ལྷན་ཅིག་སྐྱེས་པའི་རྡོ་རྗེའོ། །གཞན་ཡང་ཞེས་བྱ་བ་ནི་དེའི་རིགས་ཅན་རྣམས་ཀྱིས་སོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་གྲངས་ཀྱིས་གཞལ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེའི་ཐེག་པ་ལ་ལྷག་པར་མོས་པའི་ཞེས་བྱ་བ་ལ་རྡོ་རྗེའི་ཐེག་པ་ནི་སྔགས་ཀྱི་ཐེག་པའོ། །ཇི་སྐད་དུ། དཀྱིལ་འཁོར་ཚོགས་དང་ཐབ་ཁུང་དང༌། །གཏོར་མ་འདུས་པའི་རིམ་པ་དང༌། །དེ་ཉིད་རྣམ་པ་བདུན་དུ་གྲགས། །ཞེས་གསུངས་སོ། །དེ་ལ་ལྷག་པར་མོས་པ་ནི་དགའ་བ་གང་རྣམས་ལ་ཡོད་པ་དེ་ནི་རྡོ་རྗེའི་ཐེག་པ་ལ་ལྷག་པར་མོས་པ་སྟེ་དེ་རྣམས་ཀྱིས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །སྔགས་ཀྱི་སྤྱོད་པ་ལ་མོས་པ་རྣམས་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ། །བཞུགས་སོ་ཞེས་བྱ་བ་ནི་སྔོན་གྱི་བྱ་བ་དང་འབྲེལ་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་འཁོར་ཕུན་སུམ་ཚོགས་པ་བསྟན་ནས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་པ་བརྗོད་པའི་ཕྱིར་འཁོར་སྣོད་དུ་བྱས་པའི་ཡན་ལག་སྟོན་པའི་གནས་སྐབས་གཞན་བསྟན་པའི་ཕྱིར། །དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་བཅོམ་པ་ནི་འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་དང༌། བདུད་བཞི་བཅོམ་པའི་ཕྱིར་དང༌། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ་ཞེས་བྱ་བ་ནི་ཤིན་ཏུ་ཡང་ལེགས་པར་གང་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཡང་ན་བདེ་བའི་ཐབས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་གྱི་བསྐོར་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཉེན་པོའི་རྣམ་པ་ཆོས་ཀྱི་འཁོར་ལོ་རྒྱུད་སྡེ་
རྣམ་པ་ལྔ་བསྟན་པའི་མཚན་ཉིད་གང་གིས་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་མཐར་ཕྱིན་ཅེས་བྱ་བ་ནི་ཤིན་ཏུ་ཡང་ལེགས་པར་ཡོངས་སུ་ནི་ཀུན་ནས་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་གྱི་དབྱེ་བས་སམ། རྣམ་པ་ལྔའི་སེམས་ཅན་གྱི་དབྱེ་བས་སོ། །མཐར་ཕྱིན་པ་ནི་རབ་ཀྱི་མཐར་ཐུག་པ་ཐོབ་པར་བྱས་པའོ། །སངས་རྒྱས་ཀྱི་མཛད་པ་ནི་གང་གིས་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་དེ་ལ་དེ་སྐད་ཅེས་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་རྫོགས་པ་སྟེ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཚན་ཉིད་ཅན་གང་གིས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཕྱིའི་ཕ་རོལ་ཏུ་ཕྱིན་པ་གསུམ་སྦྱིན་པའི་མཚན་ཉིད་ཅན་བསོད་ནམས་སོ། །བསམ་གཏན་དང་ཤེས་རབ་ཀྱི་མཚན་ཉིད་ཅན་ནི་ཡེ་ཤེས་སོ། །བརྩོན་འགྲུས་ནི་གཉིས་ཀའི་ཡན་ལག་གོ །འདིར་ཡང་ཏིང་ངེ་འཛིན་ནི་གསུམ་གྱི་སྐབས་དང་རིམ་པ་ལྔ་རྣམས་ལ་ཡང་ཇི་སྲིད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གི་བཤད་པ་བླ་མའི་ཞལ་ནས་རྟོགས་པར་བྱའོ། །འཁོར་དེ་ལ་ཞེས་བྱ་བ་ནི་བསྡུས་ནས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་རྣམ་པ་ཅན་དང༌། རྒྱས་པར་ནི་ནམ་མཁའི་ངོ་བོ་ཁྱབ་པར་གནས་པའོ། །ཞལ་འཛུམ་པ་དང་བཅས་པས་ཞེས་བྱ་བ་ནི་ཞལ་གྱི་པདྨ་རྣམ་པར་ཕྱེ་བ་སྟེ། འཆད་བཞིན་པའི་ཆོས་འཕྲུལ་བསྟན་པའི་དགོངས་པ་མངའ་བའི་ཕྱིར་རོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པར་གྱུར་པའོ། །དེ་ལྟར་སྟོན་པའི་གནས་སྐབས་གཞན་རབ་ཏུ་བསྟན་ནས་འོད་ཟེར་འཕྲོས་པས་འཁོར་རྣམས་སྣོད་དུ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞལ་འཛུམ་པའི་མཛད་པའི་རྗེས་ཐོགས་སུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། འོད་ཟེར་གྱི་དྲ་བ་ཆེན་པོ་བཀྱེ་སྟེ་ཞེས་བྱ་བ་དང་འབྲེལ་ཏོ། །ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་འོད་ཟེར་གྱི་ཚོགས་སྤྲོས་པར་གྱུར་ཞེས་བྱ་བའི་དོན་ཏོ། །གང་ལས་ཞེ་ན། དེའི་ཕྱིར། བ་སྤུའི་བུ་ག་ཐམས་ཅད་ནས། །ཞེས་གསུངས་ཏེ། དོན་གྱིས་བཅོམ་ལྡན་འདས་དང་འབྲེལ་པའི་སྐུལ་གནས་པ་ལས་
སོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་གསུངས་ཏེ། དེ་ལ་རྡོ་རྗེ་ཕྲེང་བ་གཙོ་བོ་དང་བཏགས་པའི་དབྱེ་བས་རྣམ་པ་གཉིས་ཏེ། རྡོ་རྗེ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པས་སོ། རྣལ་འབྱོར་མའི་རྒྱུད་ཀྱི་དགོངས་པས་ཀྱང་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའོ། །གཉིས་ཀ་ལྟར་ཡང་ས་བཅུ་གསུམ་པའི་སའི་ངོ་བོ་ཇི་སྐད་དུ། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ཞེས་གསུངས་སོ། །རྡོ་རྗེ་ཕྲེང་བ་ནི་བག་ཆགས་སུ་གཏོགས་པ་རང་བཞིན་གྱི་ཚོགས་བརྒྱ་དང་དྲུག་ཅུ་འགགས་པས་སྟོང་པ་དང་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོའི་མཚན་ཉིད་ཅན་གྱི་ཡེ་ཤེས་གསུམ་ཉམས་སུ་མྱོང་བའི་རྒྱུན་ནོ། །དེ་ཉིད་ནི་མངོན་པར་བྱང་ཆུབ་པ་སྟེ། གཅིག་ཏུ་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཚུལ་ཏེ་ཏིང་ངེ་འཛིན་དང་ཕྱག་རྒྱའི་མཚན་ཉིད་ཅན་གྱི་ཐབས་ཀྱིས་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བྱེད་པའི་གནས་སྐབས་ཀྱི་ཁྱད་པར་ལ་སྙོམས་པར་ཞུགས་ནས་སོ། །གཞན་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ཕྲེང་བ་སྟེ། དེ་ལ་སྟོང་པ་ཉིད་ནི་གསང་བའི་རྡོ་རྗེའི་རྩ་དང་པདྨའི་རྩའོ། །ཡེ་ཤེས་དེ་ནི་གཉིས་པོ་ཡང་དག་པར་སྦྱར་བ་ལས་ཐོབ་པར་བྱ་བ་མཆོག་ཀུན་རྫོབ་ཀྱི་སེམས་ཀྱི་རྣམ་པ་རྫས་ཀྱི་ཐིག་ལེ་དང་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་རྣམ་པར་རྟོག་པ་ཐམས་ཅད་འབིགས་པར་བྱེད་པའི་ཕྱིར་རོ། །དེའི་ཕྲེང་བ་ནི་བྱང་ཆུབ་སེམས་ཀྱི་རྒྱུན་ནོ། །དེས་ཐོབ་པར་བྱ་བ་མངོན་པར་བྱང་ཆུབ་པ་བདེ་བ་ཆེན་པོའི་མཚན་ཉིད་དོན་དམ་པའི་བདེ་བའི་རྣམ་པ་ཅན་ནོ། །དེ་ཉིད་ནི་ཚུལ་ཏེ་མི་སློབ་པའི་ལམ་ལ་ཁྱེར་བར་བྱེད་པའི་ཐབས་ཏེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡང་ན་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ། དབུགས་ཀྱི་རིམ་པ་མཚོན་པར་བྱེད་པ་སྔོན་དུ་འགྲོ་བས་འགྲུབ་པའི་ཕྱིར་རོ། །དེའི་ཕྲེང་བ་ནི་རྒྱུན་དེ་དགའ་བ་གསུམ་སྐྱེད་པར་བྱེད་པའི་རྒྱུར་འགྱུར་བའོ། །དེ་ཉིད་ནི་མངོན་པར་བྱང་ཆུབ་པ་སྟེ། རླུང་རྣམ་པར་
རྒྱལ་བས་ངག་གི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་འཛིན་ནུས་པའི་ཕྱིར་རོ། །དེ་ཉིད་ནི་ཚུལ་ཏེ་ཞེས་བྱ་བ་ནི་སྔོན་བཞིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ། ལེའུ་གསུམ་པ་འཆད་པར་འགྱུར་བ་ལས། །རྡོ་རྗེ་ཕྲེང་བའི་དོན་ངེས་པ། །རྡོ་རྗེ་ཕྲེང་བ་ཞེས་བྱའི་མིང༌། །དེ་ཡང་ས་ནི་བཅུ་གསུམ་པ། །དགའ་བ་བཞི་པ་དོན་གྱིས་གནས། །ཐམས་ཅད་སྟོང་ཉིད་བདེ་ཆེན་པོ། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །སྐལ་བཟང་རྣལ་འབྱོར་ཀུན་གྱི་མཐའ། །རྣལ་འབྱོར་མ་ཡི་ཞལ་གྱི་ཡུལ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། རྡོ་རྗེ་ཡེ་ཤེས་སྟོང་ཉིད་དང༌། །རྡོ་རྗེ་ཕྲེང་བ་ཞེས་བཤད་དོ། །སྟོང་ཉིད་རྡོ་རྗེ་གསང་པད་རྩ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མཆོག །ཡེ་ཤེས་མཆོག་ཏུ་བདེ་བ་ཆེ། །ལྷན་ཅིག་སྐྱེས་པའི་ངོ་མཚར་བ། །རྡོ་རྗེ་དེ་ཡང་རྣམ་རྟོག་རྣམས། །འབྱེད་པར་བྱེད་པ་ཡོངས་སུ་གྲགས། །ཕྲེང་བ་དེ་རྣམས་ཀྱི་ཡང་རྒྱུན། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་རྣམས། །དེ་ནས་གཞན་ཡང་མཉན་པར་གྱིས། །རྡོ་རྗེ་ཕྲེང་བའི་དོན་སྡོམ་པ། །རྒྱུད་རྣམས་ཀུན་དུ་སྦས་པ་ནི། །གང་ཡང་རུང་ལ་བརྗོད་མི་བྱ། །མི་ཕྱེད་པ་ནི་རྡོ་རྗེར་གསུངས། །དེ་ནི་དབུགས་སུ་ཡོངས་སུ་གྲགས། །ཕྲེང་བ་རྒྱུན་ནི་མི་འཆད་པ། །དགའ་བ་རབ་བསྐྱེད་བདག་ཉིད་ཅན། །རླུང་རྣམས་ཀུན་ལ་འབིགས་བྱེད་པ། །རླུང་ལ་འབིགས་པར་མི་ནུས་སོ། །ཞེས་གསུངས་སོ། །གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེ་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་རྒྱ་ཆེན་པོ་རྣམས་ལ་གཟིགས་ནས་ཞེས་གསུངས་ཏེ། གྲངས་ལ་སོགས་པ་རྣམས་ཀྱིས་གཞལ་བར་མི་ནུས་པའི་ཕྱིར་རྒྱ་ཆེན་པོའོ། །ཆེན་པོ་ནི་རིན་པོ་ཆེ་དང་ཙནྡན་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་ནི་ཚོགས་ཀྱི་རྣམ་པའོ། །གཟིགས་ནས་ཞེས་བྱ་བ་ནི་བལྟས་ནས་སོ། །ཅིའི་ཕྱིར་འོད་ཀྱི་དྲ་བ་ཆེན་པོ་བཀྱེ་ཞེ་ན། དེའི་ཕྱིར་དེ་དག་སྣོད་དུ་རུང་བར་བྱ་བའི་ཕྱིར་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པ་ལྔ་པོ་རྣམས་ལའོ། །སྣོད་དུ་རུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་བསྟན་པའི་ཕྱིར། སྣོད་དུ་
རུང་བ་ཉིད་བསྐྱེད་པའི་དོན་དུའོ། གལ་ཏེ་ཡང་སྒྲིབ་པ་སྤངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣོད་དུ་བྱ་བ་ཉིད་མི་དགོས་པ་དེ་ལྟ་ན་ཡང་མ་འོངས་པའི་དུས་ན་སློབ་དཔོན་དང་སློབ་མའི་འབྲེལ་པ་སྣོད་དུ་རུང་བ་བསྐྱེད་པ་སྔོན་དུ་འགྲོ་བ་བརྗོད་པར་འདོད་པས། དེའི་ཕྱིར་དེ་གཙོར་གྱུར་པའི་དེ་རྣམས་ཀྱི་སྣོད་དུ་རུང་བ་ཉིད་ནི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །འོད་ཟེར་གྱི་དྲ་བ་ཆེན་པོ་དེས་ཀྱང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་གནས་སྤྲོས་པའི་ཡེ་ཤེས་ཀྱི་རང་བཞིན་འོད་ཟེར་ཁ་དོག་ལྔ་པའི་ཚོགས་ཀྱིས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ཞེས་བྱ་བ་ནི་ནམ་མཁའི་ཁམས་ཁྱབ་པར་གནས་པ་རྣམས་སོ། །རེག་པས་ཞེས་བྱ་བ་ནི་རེག་པ་དང་ལྡན་པར་གྱུར་པའོ། །མཆོག་ཏུ་དགའ་བ་རྗེས་སུ་ཐོབ་ནས་ཞེས་བྱ་བ་ནི། སྐུ་ལ་སོགས་པ་འབེབས་པར་སྔོན་དུ་འགྲོ་བས་རེངས་པ་དང་ལྷ་ཆེན་པོ་དང་འཕགས་པའི་དབྱངས་ཀྱི་གནས་སྐབས་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བ་འོད་གསལ་སྔོན་དུ་བྱས་པས་ཉོན་མོངས་པ་སྤོང་བ་རྗེས་སུ་ཐོབ་པའོ། །ཇི་ལྟ་བུ་དང་གང་དང་འབྲེལ་བས་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་གསུངས་ཏེ། འདྲ་བ་བསྟན་བའི་ཕྱིར་དཔེ་བསྟན་པ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཇི་ལྟ་བ་བཞིན་ནོ་ཞེས་གསུངས་ཏེ། ཕྱིའི་ཕྱག་རྒྱ་དང་ཐབས་སྙོམས་པར་ཞུགས་པས་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པའི་འོད་གསལ་མངོན་དུ་བྱེད་པའི་བཅོམ་ལྡན་འདས་རྣམ་པར་རྟོག་པ་འཇོམས་པར་བྱེད་པའི་རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་བའི་དོན་ཏོ། །ད་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་ཟེར་གྱི་དྲ་བའི་སྒོ་ནས་མཆོག་ཏུ་དགའ་བ་ཐོབ་པའི་དེ་མ་ཐག་ཏུའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད། །ཅེས་བྱ་བ་ནི་ནམ་མཁའི་གཏོས་ཁྱབ་པ་ཉིད་ལའོ། །དེ་དག་ཉིད་ཚིམ་པ་དང་དགའ་བ་དང༌། མགུ་བ་དང་ཞེས་བྱ་བ་ནི། དེ་ལ་ཚིམ་པ་ནི་རང་བཞིན་གྱི་ཚོགས་སུམ་ཅུ་རྩ་གསུམ་སྤངས་པས། སྔགས་དང་ཕྱག་རྒྱའི་རིམ་པའི་མཚན་ཉིད་ཀྱི་ཐབས་ལ་གོམས་པས་སྣང་བའི་ཡེ་ཤེས་ཀྱི་བདེ་བ་འབྱུང་བའོ། །དགའ་བ་ཞེས་བྱ་བ་ནི་རང་བཞིན་གྱི་ཚོགས་བཞི་བཅུ་སྤངས་པས། སྣང་བ་ཆོད་པའི་ཡེ་ཤེས་འབྱུང་བའོ། །མགུ་བ་ཞེས་བྱ་བ་ནི་རང་བཞིན་གྱི་ཚོགས་བདུན་སྤངས་པས་
སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་རབ་ཏུ་འབྱུང་བའོ། །ཚིམ་པ་དང༌། དགའ་བ་དང༌། མགུ་བ་ནི་ཚིམ་པ་དང༌། དགའ་བ་དང༌། མགུ་བ་སྟེ་དེས་སོ། །བརྒྱལ་བར་གྱུར་ཏོ་ཞེས་བྱ་བ་ནི་འོད་གསལ་སྔོན་དུ་བྱས་པ་མ་ལུས་པའི་དབང་པོ་རྣམས་ཀྱི་འཇུག་པ་འབྱུང་བར་འགྱུར་རོ། །དེ་ལྟར་འོད་ཟེར་སྤྲོས་པས་འཁོར་སྣོད་དུ་བྱ་བའི་ངོ་བོ་མངོན་དུ་བརྗོད་ནས། འོད་ཟེར་གྱི་དྲ་བ་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར་དེ་ནས་ཡང་དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འོད་ཟེར་གྱི་དྲ་བ་ཆེན་པོ་དེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་འོད་ཟེར་གྱི་ཚོགས་ཆེན་པོ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་རེག་པས་མཆོག་ཏུ་དགའ་བ་ཐོབ་པར་གྱུར་པའི་འོད་ཟེར་གྱི་དྲ་བ་ཆེན་པོ་དེའོ། །མཛོད་སྤུར་ཞེས་བྱ་བ་ནི་སྨིན་མའི་དབུས་སུའོ། །བསྡུས་པར་གྱུར་ཏོ་ཞེས་བྱ་བ་ནི་ཞུགས་པར་གྱུར་པ་སྟེ། འོད་ཟེར་གྱི་དྲ་བའི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཉེ་བར་བསྡུས་པ་དེ་ཡང་ཞེས་བྱ་བ་ནི། སྨིན་མཚམས་ཀྱི་དབུས་སུ་ཞུགས་པར་བྱས་པར་འགྱུར་བའོ། །སླར་ཡང་རྡོ་རྗེའི་ལམ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཐབས་ཀྱི་རྡོ་རྗེའི་ལམ་ནས་སོ། །ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ལྕགས་ཀྱུ་དང་འདྲ་བའི་འོད་ཟེར་ཆེན་པོའི་འོད་ཀྱི་ངོ་བོའོ། །ཉེ་བར་སྤྲོས་ནས་ཞེས་བྱ་བ་ནི་སྤྲོས་ནས་སོ། །སླར་ཡང་རྡོ་རྗེའི་ལམ་ནས་གཙུག་ཏོར་གྱི་འཁོར་ལོ་ལ་ཞེས་བྱ་བ་ནི། གཞན་རྣམས་ཀྱིས་མ་མཐོང་བའི་སྤྱི་བོ་ལའོ། །ཉེ་བར་བྱུང་བར་གྱུར་པ་ཞེས་བྱ་བ་ནི་ཞུགས་པར་གྱུར་པའོ། །ཅི་ཞིག་བྱས་ནས་ཞེ་ན། དེའི་ཕྱིར་དེས་དེ་ལྟ་བུ་དག་ལ་རེག་ནས་ཞེས་གསུངས་ཏེ། དེས་ཞེས་བྱ་བ་ནི་འོད་ཟེར་གྱི་དྲ་བ་རྡོ་རྗེའི་ལམ་ནས་སྤྲོས་པས་སོ། །དེ་ལྟ་བུར་གྱུར་པ་ནི་རྒྱལ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ལའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྡོ་རྗེའི་ཕྲེང་བ་དང་འདྲ་བར་ཞེས་གསུངས་ཏེ། ཇི་ལྟར་རྡོ་རྗེའི་ཕྲེང་བ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཁ་དོག་ལྔའི་འོད་ཟེར་གྱི་ཕྲེང་བ་སྤྲོས་པ་སྔོན་དུ་འགྲོ་བར་སྡུད་པར་བྱེད་པ་དེ་བཞིན་དུའོ། །དེ་ལྟར་འོད་ཟེར་གྱི་དྲ་བ་ཉེ་བར་བསྡུ་བ་བསྟན་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་རང་རང་གི་གནས་སུ་གནས་པར་བྱེད་པ་བརྗོད་པའི་ཕྱིར།
སླར་ཡང་ཞེས་བྱ་བ་གསུངས་ཏེ། གཙུག་ཏོར་གྱི་འཁོར་ལོར་ཞུགས་པའི་འོད་ཟེར་གྱི་དྲ་བ་སླར་ཡང་རང་གི་སྙིང་གའི་ལྟེ་བའི་བུག་ནས་སྤྲོས་ཏེ་ཞེས་བྱ་བ་ནི་རང་གི་སྙིང་གའི་ལྟེ་བའི་བུ་ག་ནི་དབུས་ཀྱི་གནས་སུ་པདྨ་དང་ཟླ་བ་དང༌། ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་དེས་སྤྲོས་ཏེ། རང་གི་སྙིང་གའི་དབུས་ནས་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གདན་ལ་ཞེས་བྱ་བ་ནི། ཟླ་བ་དང་ཉི་མ་དང་པདྨའི་གདན་ལ་སོགས་པ་དབྱེ་བ་ཐ་དང་བས་དབྱེ་བར་བྱས་པ་རྣམས་ལ་བཅོམ་ལྡན་འདས་སྦྱོར་བར་མཛད་དེ་རྒྱལ་བ་རྣམས་བཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བདེ་བ་ཆེན་པོ་ཞེས་གསུངས་ཏེ། བདེ་བ་ཆེན་པོ་ནི་འོད་གསལ་གྱི་རྣམ་པར་རྒྱལ་བ་དེའི་མིང་གཞན་ནོ། །ཉམས་སུ་མྱོང་བ་ཞེས་བྱ་བ་ནི་རིག་པར་བྱེད་པའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་རྡོ་རྗེའི་ཧཱུཾ་ཡིག་བརྗོད་པ་ཞེས་གསུངས་ཏེ། དེ་ལྟ་བུའི་སྒྲ་བརྗོད་ནས་དེ་སད་བར་བྱེད་པའི་ཐབས་ཉིད་ཀྱི་ཕྱིར་རོ། །གཞན་ཡང་བདེ་བ་ཆེན་པོ་དེ་ཉིད་ཉམས་སུ་མྱོང་བ་སྟེ། བཅོམ་ལྡན་འདས་ཀྱིས་སྤྲོས་པས་འོད་ཟེར་གྱི་དྲ་བ་ཆེན་པོ་ལ་རེག་ནས་ཇི་ལྟར་མཆོག་ཏུ་དགའ་བ་ཉམས་སུ་མྱོང་བར་བྱེད་ཅིང་བདེ་བ་ཆེན་པོ་དེས་ཉོན་མོངས་པ་མེད་པས་རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་འབྲེལ་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་རང་རང་གི་གནས་སུ་གནས་པའི་གནས་སྐབས་བྱེད་པའི་མཐར་ཐུག་པས་འཁོར་སྣོད་དུ་བྱ་བ་མངོན་པར་བརྗོད་ནས། ད་ནི་སྣོད་དུ་གྱུར་པའི་སློབ་མའི་བྱ་བའི་ཡན་ལག་བཅོམ་ལྡན་འདས་ལ་བསྟོད་པ་བྱེད་པར་རྩོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་རྣམས་ཏེ། བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་དོ་ཞེས་བྱ་བར་འབྲེལ་ཏོ། །སྟོན་པ་རྡོ་རྗེ་འཆང་ཆེན་པོས་བསྟོད་པས་ཡོངས་སུ་དགའ་བར་གྱུར་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དགའ་བའི་ཡིད་ཅན་ཟག་པ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་སེམས་དགའ་བ་སྐྱེས་སོ། །གཞན་ཡང་ཆུའི་གཏིང་ནས་ཐོན་པ་ལྟ་བུར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་འོད་ཟེར་གྱི་དྲ་བ་ཆེན་པོའི་བདག་ཉིད་ཆེན་པོར་ཤེས་ནས་སོ། །ཇི་ལྟར་ཁ་ཅིག་ཆུ་ཀླུང་གི་དབུས་ནས་ལངས་ཏེ་དགའ་བ་དང་བཅས་
པར་རློམ་པ་དེ་དང་འདྲ་བར་རོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་ངོ་མཚར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཆེན་པོའི་ཆོ་འཕྲུལ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟེ། འོད་ཟེར་སྤྲོ་བའི་སྒོ་ནས་ཁྱད་པར་ཅན་གོ་འཕང་ངལ་སོ་བའི་ངོ་བོ་ངོ་མཚར་ཆེན་པོ་མཐོང་ནས་སོ། །གཞན་ཡང་ཤིན་ཏུ་མིག་གདངས་པ་ནི་ཤིན་ཏུ་གནས་ཀྱང་མིག་རབ་ཏུ་རྒྱས་པའོ། །ཇི་ལྟར་བསྟོད་པ་མཛད་ཅེ་ན། དེའི་ཕྱིར་དབྱངས་གཅིག་གིས་ཞེས་གསུངས་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་བསྟོད་པ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བསྟོད་པ་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བས་རྒྱས། །ཞེས་བྱ་བ་ནི། འདིས་ནི་སོ་སོར་སྡུད་པའི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟོད་པ་བརྗོད་དེ། དེ་ལ་ཡུལ་ལྔ་པོ་རྣམས་ལ་དབང་པོ་རྣམས་ཀྱིས་གཟུང་བས་ལྷན་ཅིག་སྐྱེས་པ་གང་ཞིག་ནི་རང་གི་དགའ་བ་གཟུང་བའི་རྣམ་པའི་བདག་ཉིད་ཅན་ནོ། །དེས་རྒྱས་པ་ནི་ཡོངས་སུ་རྫོགས་པའོ་ཞེས་བོད་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རོ་གཅིག་ཏུ་གྱུར་པ་མྱང་བ་ཞེས་བྱ་བ་ནི། ཡུལ་ལྔ་པོ་ཐ་མི་དད་པར་རྟོགས་པས་མྱང་བ་ནི་ཉེ་བར་ལོངས་སྤྱོད་པའོ། །ཇི་སྐད་དུ་དབང་པོ་བཅུ་པོ་རྣམས་ཀྱི་ནི། །རང་གི་འཇུག་གནས་ཐམས་ཅད་དུ། །སོ་སོར་སྡུད་ཅེས་བརྗོད་པ་སྟེ། །འདོད་པའི་སོ་སོར་ལོངས་སྤྱོད་པ། །ཞེས་གསུངས་སོ། །བསམ་གཏན་གཏན་པའི་ཕྱིར། བཅོམ་ལྡན་འདས་རོ་གཅིག་ངལ་བསོ་ཀྱེ་ཞེས་གསུངས་ཏེ། གཟུགས་ལ་སོགས་པ་ཡིད་དུ་འོང་བ་ལ་སོགས་པ་རྣམ་པ་གསུམ་དང་ལྡན་པ་རྣམས་དེ་བཞིན་གཤེགས་པ་གསུམ་གྱི་རྣམ་པ་ཉིད་ཀྱི་རོ་གཅིག་པའི་གོ་འཕང་ལ་ངལ་བསོ་བའི་ཕྱིར་རོ། །ཅི་ངལ་བསོ་བ་སྟེ་དེའི་བོད་པ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར། ངག་གི་ལམ་གྱི་སྤྱོད་ཡུལ་འདས། །ཞེས་གསུངས་ཏེ། ཡུལ་རྣམ་པ་གསུམ་ལ་ཐ་དད་པའི་དམིགས་པ་མེད་པའི་རྟོག་པས་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལྟར་བསམ་གཏན་གྱི་སྒོ་ནས་བསྟོད་པ་བསྟན་ནས། ང་ནི་སྲོག་རྩོལ་གྱི་སྒོ་ནས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཉམས་མྱོང་
དགའ་བ་ནི་རླུང་དང་རྣམ་པར་ཤེས་པའི་མིང་ཅན་གྱིས་ཡང་དག་བདེ་བ་ནི་དཀྱིལ་འཁོར་བཞི་འཆར་བའི་རིམ་པས་དབང་དུ་གྱུར་བ་ཉིད་ཀྱི་ཕྱིར་རོ། །འགྲོ་བ་གསུམ་པོ་ནི་འཇུག་པ་དང༌། གནས་པ་དང་ལྡང་བའི་བདག་ཉིད་ཅན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་བོད་པའོ། །དེ་ལྟར་སྲོག་དང་རྩོལ་བ་བསྟན་ནས། འཛིན་པའི་སེམས་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་བརྗོད་པའི་ཕྱིར། ཨེ་མའོ་ལྷན་ཅིག་སྐྱེས་བདུད་རྩི། རོ་སྟོན་ཐུགས་རྗེ་ཆེན་པོ་ཀྱེ། །ཞེས་གསུངས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ལྷན་ཅིག་སྐྱེས་པ་ནི་མ་བྱས་པའོ། །བདུད་རྩིའི་རོ་ཞེས་བྱ་བ་ནི་བདུད་རྩི་དང་འདྲ་བར་སེམས་འོད་གསལ་བའི་རྣམ་པ་བརྗོད་པའོ། །དེས་གཏོར་བཞི་དེ་མངོན་དུ་བྱེད་པའི་རྣམ་པ་སྟེ་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོས་གཏོར་བ་ལ་དེ་བོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་རྟོགས་པའི་སེམས་འོད་གསལ་བའི་རྣམ་པ་སྐྱོབ་པ་ཉིད་བསྟན་པའི་ཕྱིར་གཞན་དག་ལ་བསྟན་པའི་ཐུགས་རྗེ་ཆེན་པོའོ། །དེ་ལྟར་སེམས་འོད་གསལ་གྱི་རང་བཞིན་འཛིན་པ་བསྟན་པའི་སྒོ་ནས་སོ། །ད་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པའི་སྒོ་ནས་རྟོགས་པ་བརྗོད་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་གང་ཟག་རྣམ་པ་ལྔས་བསྡུས་པའོ། །སེམས་ཅན་དོན་དུ་ཞེས་བྱ་བ་ནི། སྒྱུ་མ་ལྟ་བུའི་སྐུ་བསྟན་པ་ལ་གསལ་བ་མཛད་པ་ལ་གཟུང་བར་བརྩོན་པའོ། །རང་བཞིན་གྱིས་འོད་གསལ་བའི་འཛིན་པའི་སྒོ་ནས་བསྟོད་པ་བརྗོད་པའི་ཕྱིར། དེ་ཉིད་གསུམ་ནི་རོ་གཅིག་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་དང༌། སྟོང་པ་ཆེན་པོའི་རྣམ་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྣམས་ཀྱི་རོ་གཅིག་པ་ནི་ཐམས་ཅད་སྟོང་པའི་གནས་སྐབས་ལའོ། །དེ་གཅིག་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་བཅུ་གསུམ་པས་བསྡུས་པའོ། །དེས་རབ་ཏུ་དབྱེ་བ་ནི་དེ་མངོན་དུ་བྱས་པས་བག་ཆགས་ཀྱི་གནས་སྐབས་ཅན་གྱི་རང་བཞིན་གྱི་ཚོགས་སྤངས་བའི་ཕྱིར་རོ། །ཟུང་དུ་འཇུག་པའི་རྣམ་པ་རྗེས་སུ་དྲན་པ་བསྟན་པའི་ཕྱིར་བརྗོད་པ། བཅོམ་ལྡན་རྣལ་འབྱོར་ཆེ་ལ་དགྱེས། །ཞེས་གསུངས་ཏེ། རྣལ་འབྱོར་ཡང་ཡིན་ལ་ཆེན་
བོ་ཡང་ཡིན་པས་ན་རྣལ་འབྱོར་ཆེན་པོ་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པ་རྣམ་པ་ལ་དེ་དགྱེས་པ་སྟེ། དེ་ལ་བོད་པ་ལ་དེ་སྐད་ཅེས་བྱའོ། །མདུད་པ་ཐམས་ཅད་གཅོད་མཛད་པ། །ཞེས་བྱ་བ་ལ། མདུད་པ་ཐམས་ཅད་ནི་ཐ་དད་པའི་རྣམ་པར་རྟོག་པ་ཅན་གྱི་རྣམ་པ་ཅན་རྣམས་ལ་ཁྱད་པར་དུ་གཅོད་པར་བྱེད་པའི་ཕྱིར་མདུད་པ་ཐམས་ཅད་གཅོད་པ་སྟེ། དེ་ལ་བོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་སྦྱོར་བའི་ཡན་ལག་དྲུག་གི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་ནས། དེ་ཉིད་ཀྱི་ཉེ་བར་བསྡུ་བ་བསྟན་པ་བརྗོད་པའི་ཕྱིར། ཨེ་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཡུལ་ལྔ་ལ་ཉེ་བར་དམིགས་པས་དགའ་བ་ཆེན་པོ་ནི་དགྱེས་པའི་ཁྱད་པར་རོ། །དེ་བྱེད་པས་ན་དགའ་བ་ཆེན་པོ་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བསྐལ་བཟང་མཛེས་པར་མཛད་དེ་ཞེས་བྱ་བ་སྟེ། འགྲོ་བ་ནི་ཁམས་གསུམ་པའོ། །སྐལ་བཟང་ཞེས་བྱ་བའི་ནི་ཡུལ་འཛིན་པའི་ངོ་བོའོ། །དེས་ན་མཛེས་པ་སྟེ། རྣལ་འབྱོར་དང་རྣལ་འབྱོར་མ་ཐམས་ཅད་ལ་མཁོ་བར་བྱེད་པའོ། །འདིས་ནི་སོ་སོར་སྡུད་པའི་ཉེ་བར་བསྡུ་བ་བསྟན་ཏོ། །བསམ་གཏན་ཉེ་བར་བསྡུ་བ་ནི། ཨེ་མའོ་རྡོ་རྗེ་ཐེག་པ་བདེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐེག་པའི་སྒྲ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཐེག་པ་ལ་དགའ་བ་ནི་ཡུལ་ལ་ཡང་དག་པར་བརྟེན་པའི་ངང་ངང་ཚུལ་གྱི་བདག་ཉིད་ཅན་ནོ། །དེས་རབ་ཏུ་དགའ་བ་ནི་ལུས་ཀྱི་བདེ་བའི་མཚན་ཉིད་ཅན་ནོ། །མགུ་བ་ནི་སེམས་ལས་བྱུང་བའི་བདེ་བ་སེམས་ཅན་ཐམས་ཅད་ལ་སྟེར་བར་བྱེད་པས་རབ་ཏུ་དགའ་ཞིང་མགུ་བ་གསོལ་བའོ། །ཡང་ན་དགའ་བ་ནི་ཡུལ་ཡིད་དུ་འོང་བ་མཐོང་བས་འདོད་ཆགས་ཀྱི་རྣམ་པར་དག་པ་ནི་དགའ་བའོ། །ཡིད་དུ་མི་འོང་བ་མཐོང་བས་ཞེ་སྡང་གི་རྣམ་པར་དག་པས་རབ་ཏུ་དགའ་བའོ། །བར་མའི་ཡུལ་མཐོང་བས་གཏི་མུག་གི་རྣམ་པར་དག་པས་མགུ་བ་སྟེ། དེ་གསོལ་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྲོག་དང་རྩོལ་བའི་ཉེ་བར་བསྡུ་བ་ནི། ཨེ་མའོ་སྔགས་ནི་རབ་རྒྱས་པའོ། །ཞེས་གསུངས་ཏེ། སྔགས་ནི་ཡི་གེ་གསུམ་གྱི་རྣམ་པའོ། །དེ་ཉིད་རྒྱས་པ་ནི་འཇུག་པ་ལ་སོགས་པའི་རླུང་གསུམ་ལ་སྦྱོར་བའི་ངོ་བོའོ། །དེས་རང་བྱུང་གི་གོ་འཕང་ནི་རང་ཉིད་ལ་གནས་པའི་དབུགས་ཀྱི་འཁོར་ལོ་སྒྲུབ་པ་པོ་ལ་མཚོན་པ་སྟེ། རང་བྱུང་གི་
གོ་འཕང་སྒྲུབ་པ་པོའོ། །ཡང་ན་རང་བྱུང་གི་གོ་འཕང་ནི་འོད་གསལ་བའི་རྣམ་པས་བསྒྲུབ་པ་དེ་བཞིན་དུ་སེམས་ཀྱི་འོད་གསལ་བའི་ངོ་བོ་འཛིན་པ་བསྟན་པའི་ཕྱིར། ཨེ་མའོ། ཤིན་ཏུ་ཟབ་མོའི་ཆོས། །ཞེས་གསུངས་ཏེ། ཤིན་ཏུ་ཟབ་མོའི་ཆོས་ཀྱི་ངོ་བོ་ལ་སེམས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དམིགས་པ་མེད་པ་སྟོན་པར་མཛད། །ཅེས་བྱ་བ་ནི། དམིགས་པ་མེད་པ་ནི་འཇུག་པ་དང་ཉོན་མོངས་པ་ཅན་དང་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་དང་བྲལ་བའི་དོན་བསྟན་པའི་ཕྱིར་དེ་སྟོན་པར་མཛད་པ་སྟེ། བདག་བྱིན་གྱིས་བརླབ་པའི་ངོ་བོ་འཛིན་པ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཨེ་མའོ་ཤིན་ཏུ་གསང་བ་གསང་བའི་བདག །ཅེས་གསུངས་ཏེ། གསང་བ་ནི་བསྐྱེད་པའི་རིམ་པ་བསྒོམ་པས་ཐོབ་པར་བྱ་བའི་སྔགས་ཀྱི་ངོ་བོའི་མཚན་ཉིད་ཅན་ནོ། །དེ་ལས་ཀྱང་གསང་བ་ནི་སྐད་ཅིག་མ་དང་ལུགས་ལས་བཟློག་པའི་རིམ་པ་དག་གིས་འོད་གསལ་བ་ལས་རྫོགས་པའི་བདག་བྱིན་གྱིས་བརླབས་པའི་སྐུའོ། །རྡོ་རྗེ་འཆང་ཆེན་ཞེས་བྱ་བ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཕྱིར་རོ། །གཙོ་བོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་སྐུ་བསྟན་པས་གཞན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་འོད་གསལ་བའི་ངོ་བོ་འཛིན་པ་ཉེ་བར་བསྡུ་བའི་ཕྱིར། ཨེ་མའོ་མཆོག་ཏུ་བྱང་ཆུབ་པ། །ཞེས་གསུངས་ཏེ། མཆོག་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དང་བྲལ་བ་རྫོགས་པའི་བྱང་ཆུབ་ནི་མངོན་པར་བྱང་ཆུབ་པའི་རིམ་པར་ཐོབ་པར་བྱ་བའི་སྟོང་པ་ཉིད་དོ། །དེའི་ཚུལ་ནི་ཐོབ་པར་བྱེད་པའི་རྒྱུ་ཏིང་ངེ་འཛིན་དང་ཕྱག་རྒྱའི་རིམ་པའི་མཚན་ཉིད་དོ། །དེས་སྣང་བ་ནི་དེ་ལ་མོས་པ་དེ་འོད་གསལ་བར་བྱེད་པའི་མཚན་ཉིད་དེ་རབ་ཏུ་སྟོན་པར་བྱེད་པའོ། །ཟུང་དུ་འཇུག་པའི་ངོ་བོ་རྗེས་སུ་དྲན་པ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཨེ་མའོ་སྤྲོས་པ་རྣམས་དང་བྲལ། །ཞེས་གསུངས་ཏེ། ཐ་དད་པའི་སྤྲོས་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར། བདེན་པའི་དོན་ནི་གསལ་མཛད་པ། །ཞེས་བྱ་བའོ། །བདེན་པའི་དོན་ནི་རྒྱུ་དང་འབྲས་བུ་ཐ་མི་དད་པའམ་སློབ་པའམ་མི་སློབ་པའི་དབྱེ་བ་ལ་རབ་ཏུ་སྟོན་པར་བྱེད་པའོ། །ཁྱེད་དྲིན་གྱིས་ཞེས་བྱ་བ་ནི་སྟོན་པ་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དྲིན་གྱིས་བདག་པོའི་དབང་གིས་སོ། །བདག་ཅག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །རྡོ་རྗེ་སེམས་
དཔའི་གོ་འཕང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དྲུག་པོ་ཐོབ་ཏུ་རུང་བའོ། །ཐོབ་པ་ཞེས་བྱ་བ་ནི་རྟོགས་པའོ། །མགོན་པོ་ཞེས་བྱ་བ་ནི་དེ་ལ་བོད་པའོ། །ལམ་ལོག་ཞུགས་ཞེས་བྱ་བ་ནི་ད་ལྟ་རྩོད་པའི་དུས་ན་ཤེས་རབ་དམན་པ་ཉིད་ཀྱིས་འདོད་ཆགས་དང་བལ་བའི་ཐེག་པས་མྱུར་དུ་རྣམ་པར་གྲོལ་བ་མེད་པའི་ཕྱིར་རོ། །བདག་ཅག་ཅེས་བྱ་བ་ནི་འཁོར་རྣམས་སོ། །མགོན་པོ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་སྟོན་པ་པོ་རྡོ་རྗེ་འཆང་གིས་སོ། །ལམ་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་སྔགས་ཀྱི་ལམ་སྤྱོད་པ་གསུམ་པ་གསུམ་པོ་གཙོ་བོར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ་བཀོད་པའོ། །འཇིག་རྟེན་མུན་འཐོམས་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་བཅོམ་ལྡན་འདས་ཀྱི་ལམ་ཐོས་པས་འཁྲུགས་པའི་ཕྱིར་རོ། །བདག་ཅག་ཅེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་རྣམས་སོ། །མགོན་པོ ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །ཡེ་ཤེས་སྣང་བཞེས་བྱ་བ་ནི། ཆོས་ཀྱི་སྐུའི་ངོ་བོ་འོད་གསལ་གྱི་ཐབས་ལའོ། །སྦྱོར་བར་མཛད་ཅེས་བྱ་བ་ནི་འཇུག་པ་སྟེ། འོད་ཟེར་སྤྲོས་པས་སྣོད་ཉིད་དུ་བྱེད་པའི་ཕྱིར་རོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །དམ་ཚིག་ཉི་མ་ཞེས་བྱ་བ་ལ་དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔ་སྟེ། ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་རྣམ་པར་སྤྱོད་བའི་རིམ་གྱིས་ཡེ་ཤེས་ལྔའི་ངོ་བོ་མངོན་དུ་བྱེད་པས་མི་འདའ་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཉི་མ་དང་འདྲ་བས་ན་ཉི་མ་སྟེ། གཙོ་ཆེར་གསལ་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་དོན་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ནི་མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་བོ་རྣམ་པ་མེད་པའོ། །དེ་ཉིད་ནི་དོན་ཏེ་འབྲས་བུའི་ངོ་བོ་སྟེ་སྟོན་པར་མཛད་པ་ནི་འོད་ཟེར་བཀྱེ་བ་ཉིད་ཀྱིས་སྣོད་དུ་མཛད་པ་ཉིད་ཀྱི་ཕྱིར་རོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་ཉིད་ལའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་བརྩེ་བདག་ཉིད། །ཅེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་འོད་གསལ་བ་དང་བདག་བྱིན་གྱིས་བརླབས་པ་དང་ཐ་མི་དད་པའི་སྐུའི་རང་བཞིན་ལ་ཞེས་བྱ་བའི་དོན་ཏོ། །དག་པ་གཉིས་མེད་མཁའ་ཞེས་བྱ་བ་ལ།
དག་པ་ནི་རྣམ་པར་དག་པ་གཉིས་ཀྱིས་སོ། །གཉིས་སུ་མེད་པ་ནི་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པའོ། །དེ་ཉིད་ནི་མཁའ་སྟེ་ནམ་མཁའོ། །དེ་ལ་བྱང་ཆུབ་ཟླ་བ་ནི་བྱང་ཆུབ་ཀྱི་ངོ་བོ་རི་བོང་གི་མཚན་མ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་སྣོད་དུ་གྱུར་པའི་སློབ་མའི་བྱ་བ་བསྟན་ནས། སླར་ཡང་དེའི་བྱ་བ་བརྗོད་པའི་ཕྱིར་དེའི་ཡན་ལག་འཁོར་གྱི་དགོངས་པ་ཤེས་པ་སྔོན་དུ་འགྲོ་བས་འདོད་པའི་དབང་ཕྱུག་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བསྟན་པའི་ཚིགས་སུ་བཅད་པ་བཅུས་སོ། །བཅོམ་ལྡན་འདས་ལ་བསྟོད་པ་བྱས་ནས་ཞེས་བྱ་བ་ནི་བསྔགས་པ་བྱས་ནས་སོ། །ཡིད་ལ་བྱེད་པ་གཅིག་པས་རང་གི་གདན་ཟླ་བ་དང་ཉི་མའི་ངོ་བོ་རྣམས་ལ་འཁོད་ནས་འབྲེལ་ཏོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་སླར་ཡང་འདུས་པར་གྱུར་ཏེ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་པོའི་དགོངས་པས་གནས་གཅིག་ཏུ་འདུ་བ་བྱས་ནས་སོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་ཞེས་བྱ་བ་ནི་ས་བཅུ་གསུམ་པས་བསྡུས་པ་ལའོ། །ཇི་ལྟ་བའི་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །ངོ་བོ་ཞེས་བྱ་བ་ནི་རང་བཞིན་ནོ། །དྲི་བར་འདོད་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དྲུང་དུའོ། །ཡིད་ལ་བྱེད་པ་གཅིག་པས་ཞེས་བྱ་བ་ནི་སེམས་གཅིག་པ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་གསོལ་བ་འདེབས་པ་ལའོ། །སེམས་གཅིག་པ་ཞེས་བྱ་བ་ནི་དགོངས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་དགའ་བ་བྱེད་པ་ཉིད་ཀྱི་གསུང་ཉན་པར་འདོད་ནས་ཞེས་བྱ་བ་ནི་ཤིན་ཏུ་ཡང་དགའ་བ་བརྗོད་པ་ནི་ཉམས་སུ་མྱོང་བའི་བདེ་བ་ཆེན་པོ་དང་རྗེས་སུ་མཐུན་པའི་སྒྲའོ། །དེ་ལ་དྲི་བར་འདོད་ནས་དོན་དུ་གཉེར་བ་ལ་རྩེ་གཅིག་པའོ། །གཞན་ཡང་འདར་བ་དང་བ་སྤུ་ལྡང་བ་དང་དབུགས་གཡོ་བ་དང་བཅས་པས་ཞེས་བྱ་བ་ལ། འདར་བ་ནི་ལུས་ཐམས་ཅད་གཡོ་བའི་རྣམ་པ་ཅན་ནོ། །བ་སྤུ་ལྡང་བ་ནི་སྤུ་ལངས་པའོ། །དེ་དབུགས་དབྱུང་བ་ནི་ཁྱད་པར་དུ་འཕགས་པའི་ངོ་བོ་དབུགས་དབྱུང་བ་འཇུག་པ་གང་རྣམས་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་ཡང་དང་ཡང་དུ་བཅོམ་ལྡན་འདས་ལ་ཕྱག་བྱེད་ཅེས་
གསུངས་ཏེ། ཡང་དང་ཡང་དུ་ཕྱག་འཚལ་བ་ལ་སོགས་པ་བྱས་ནས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། སངས་རྒྱས་རྣམས་དང་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །རང་གི་སྟན་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སེམས་རེ་དོགས་དང་བཅས་པས་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལས་རྒྱུད་ཉན་པའི་དོན་དུ་གསོལ་བ་འདེབས་པར་བྱེད་པའི་དགོངས་པས་དེ་ལྟ་བུར་སྒྲས་བརྗོད་པའི་ཕྱིར་རོ། །གནས་སོ་ཞེས་པ་ནི་རྣམ་པར་གནས་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་སྟོན་པ་པོའོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་ལྟ་བུའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ལ། སེམས་ཀྱི་རྣམ་གྲངས་ཀྱི་མངོན་པར་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་མཁྱེན་ནས་ཏེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་རྗེས་སུ་ཞུགས་ནས་སོ་ཞེས་བྱ་བ་དང་འབྲེལ་པའོ། །ཕྱག་རྒྱ་ཆེན་པོ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །དེའི་སྦྱོར་བ་ནི་སྦྱོར་བ་སྟེ། ཤེས་རབ་དང་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་ནོ། །དེ་ལ་རྗེས་སུ་ཞུགས་པ་ནི་སྙོམས་པར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་སླར་ཡང་ཞེས་གསུངས་ཏེ། སྔ་མ་ལ་ལྟོས་པས་སོ། །རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །གཞན་ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། གསང་བའི་རྡོ་རྗེ་ལས་ཞེས་གསུངས་ཏེ། རང་ཉིད་ཀྱི་ཐབས་ཀྱི་རྡོ་རྗེ་གསང་བའི་སྦུབས་སུ་ནུབ་པ་ལས་སོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། རྣམ་པར་རྟོག་པ་འཇོམས་པར་བྱེད་པའོ། །རང་གི་རིག་མ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཕྱུང་སྟེ་ཞེས་བྱ་བ་ནི་ཞལ་གསུམ་ཕྱག་དྲུག་པའི་ངོ་བོས་སྤྲོས་ནས་སོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པར་གནས་པས་སྒེག་པའི་ཉམས་དང་ལྡན་པའོ། །རྣམ་པར་རྟོག་པ་ལས་མི་འཇིགས་པ་ཉིད་ཀྱིས་དཔའ་བ་དང་ལྡན་པའོ། །བདུད་རྩིའི་རོ་མྱང་བ་ཉིད་ཀྱིས་
རྔམ་པ་དང་ལྡན་པའོ། །དྲག་པོའི་མཚོན་ཆ་འཛིན་པ་ཉིད་ཀྱིས་དྲག་པོ་དང་ལྡན་པའོ། །ཉེ་བར་ཞི་བའི་བཞད་པའི་རྣམ་པ་ཉིད་ཀྱི་ཕྱིར་བཞད་པ་དང་ལྡན་པའོ། །བགེགས་ལ་སོགས་པ་བཟློག་པ་དང་བཀའི་འཁོར་ལོ་སྤྲོ་བ་ལ་ཡན་ལག་གི་དངོས་པོ་འགྲོ་བའི་ཕྱིར་འཇིགས་སུ་རུང་དང་ལྡན་པའོ། །རང་བཞིན་གྱིས་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་སྙིང་རྗེ་བ་དང་ལྡན་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་སར་པ་སར་པ་སྤྲུལ་པ་ལ་རྒྱུར་གྱུར་པའི་ཕྱིར་ངོ་མཚར་བ་དང་ལྡན་པའོ། །དོན་དམ་པར་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཞི་བའི་ཉམས་དང་ལྡན་པའོ། །གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེ་ཕྱིར་བདག་ཉིད་ཀྱིས་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་ཞེས་གསུངས་ཏེ། བདག་ཉིད་ཀྱིས་ཞེས་བྱ་བ་ནི་རང་གིས་སོ། །འདོད་ཆགས་དང་བྲལ་བའི་གཟུགས་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའི་ཆ་བྱད་དོ། །སྤངས་ནས་ཞེས་བྱ་བ་ནི་མི་སྣང་བར་བྱས་ནས་སོ། །སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་གཟུགས་བཟུང་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རང་གི་རིག་མ་ལ་འཁྱུད་ནས། །ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་ན་གནས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་གཉིས་སུ་མེད་པའི་སྦྱོར་བ་རྗེས་སུ་ཐོབ་པའོ། །དེ་ལྟར་འཁོར་རྣམས་ཀྱི་དགོངས་པ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བས་འདོད་པའི་དབང་ཕྱུག་བསྟན་པར་མཛད་ནས། ད་ནི་འཁོར་རྣམས་ལ་ངོ་མཚར་བསྐྱེད་པ་བསྟན་པ་བརྗོད་པའི་ཕྱིར། སླར་ཡང་དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་ཆོ་འཕྲུལ་ལ་ལྟོས་པས་སོ། །དེ་རྣམས་ཀྱིས་ཞེས་བྱ་བ་ནི། འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་ལྟ་བུའི་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་སྒེག་པ་ལ་སོགས་པའི་ཉམས་དང་ཡང་དག་པར་ལྡན་པའི་གཟུགས་ཅན་ཉིད་དུའོ། །མཐོང་སྟེ་ཞེས་བྱ་བ་ནི་རྣམ་པར་གཟིགས་ནས་ཏེ། ཅང་མི་སྨྲ་བར་གྱུར་ནས། དེ་ལ་འཁོར་རྣམས་ཡང་དག་པར་འཁོད་པར་གྱུར་ཏོ་ཞེས་བྱ་བ་དང་འབྲེལ་ཏོ། །ངག་གིས་བརྗོད་པར་བྱ་བ་ཉིད་དུ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གཞན་
ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ངོ་མཚར་སྐྱེས་ཏེ། མིག་གདངས་ནས་ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བའི་གཟུགས་སྤངས་པའི་ངོ་མཚར་བས་མིག་གདངས་པ་ཞེས་བྱ་བའི་དོན་ཏོ། །གང་དང་འདྲ་བ་ཞེ་ན། དེའི་ཕྱིར་རི་མོར་བཀོད་པ་ལྟ་བུ་ཞེས་གསུངས་ཏེ། ཇི་ལྟར་རྩིག་པ་ལ་རི་མོ་མཁན་གྱིས་བྲིས་པའི་སྐྱེས་པ་ལ་སོགས་པ་སྨྲ་བ་དང་བརྗོད་པར་མི་ནུས་པ་དེ་བཞིན་དུའོ། །དེས་ནི་འདི་སྐད་སྟོན་པར་འགྱུར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྒྲིབ་པ་ཐམས་ཅད་སྤངས་པ་ཇི་ལྟར་འཁོར་གྱི་དཀྱིལ་འཁོར་འདི་ལྟ་བུའི་དབུས་སུ་སྔོན་གྱི་ཆ་ལུགས་ཡོངས་སུ་དོར་ནས་འོས་པ་མ་ཡིན་པའི་སྒེག་པ་ལ་སོགས་པའི་ཉམས་དང་ཡང་དག་པར་ལྡན་པའི་གཟུགས་ཡང་དག་པར་བླངས་ནས་རྣམ་པར་ཞུགས་པ་ཞེས་བྱ་བའོ། །ཡང་ན་དེ་ལྟ་བུའི་གཟུགས་བསྟན་པ་ལ་ངེས་པར་བཅོམ་ལྡན་འདས་ལ་དགོངས་པའི་ཁྱད་པར་འགའ་ཞིག་ཡོད་པར་འགྱུར་སྙམ་པའོ། །དེ་ལྟར་འཁོར་རྣམས་ལ་ངོ་མཚར་བསྐྱེད་པ་བསྟན་ནས། ད་ནི་ཡི་གེ་གསུམ་སྤྲོ་བ་བརྗོད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འཁོར་རྣམས་ལ་ངོ་མཚར་བསྐྱེད་པ་བསྟན་མ་ཐག་པའི་རྗེས་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔོན་དུ་བཤད་ཟིན་ཏོ། །རྗེ་བཙུན་རྡོ་རྗེའི་རིགས་ཆེན་པོའི་སྙིང་པོ་འདི་གསུངས་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་སྟོང་པ་ཉིད་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་རིགས་ནི་དེ་རྣམས་ཀྱི་རྒྱུད་དོ། །དེ་རྣམས་ཀྱི་སྙིང་པོ་ནི་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའོ། །རྗེ་བཙུན་ཞེས་བྱ་བ་ནི་སྔགས་མ་ལུས་པ་ཐམས་ཅད་ལ་གཙོ་བོར་གྱུར་པ་ཉིད་ཀྱིས་མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །གསུངས་སོ་ཞེས་བྱ་བ་ནི་བརྗོད་པའོ། །ཇི་ལྟ་བུའི་བཅོམ་ལྡན་འདས་ཤེ་ན། རང་གི་རིག་མས་ཡང་དག་པར་བསྐུལ་ཏེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གསོལ་བ་འདེབས་པར་བྱེད་ཅིང་བསྐུལ་པའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉེ་བར་བསྡུས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་རང་བཞིན་གྱིས་འོད་གསལ་བར་ཞུགས་པའི་མཚན་ཉིད་ཉམས་སུ་མྱོང་ནས་ཞེས་བྱ་བའི་དོན་ཏོ། །གང་ལས་
ཤེ་ན། དེའི་ཕྱིར་དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་གསུངས་ཏེ། མགོ་བོ་དང༌། མགྲིན་པ་དང་སྙིང་གའི་གནས་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ཡང་ན་ཉིད་ཀྱི་སྐུ་ལས་གནས་བརྒྱད་དུ་ཀུན་ནས་རེ་གནས་ངག་གིས་དེ་བརྗོད་པའོ། །སེམས་ཀྱིས་དེ་བསྐུལ་བའོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་དེ་ལ་དོན་གྱིས་སྟོང་པའི་ཡིད་ནི་ཨོཾ་ཞེས་བྱ་བའི་དོན་ཏོ། །གདོད་མ་ནས་མ་སྐྱེས་པའི་ཆོས་རྣམས་ཨཱཿའི་རྣམ་པའི་ངོ་བོ་ལ་ཉེ་བར་མཚོན་པས་ཡང་དག་པར་རྟོགས་པའི་ཕྱིར་ཨཱཿ་ཞེས་བྱའོ། །ལུས་ཀྱང་ཡིན་ལ་དག་ཀྱང་ཡིན་ཏེ། ཡིད་ཀྱང་ཡིན་པས་ན་ཧཱུཾ་ཞེས་བྱའོ། །དེ་ལྟར་ཡི་གེ་གསུམ་སྤྲོ་བ་བསྟན་ནས། ད་ནི་དཀྱིལ་འཁོར་པ་སྤྲོ་བ་བརྗོད་པའི་ཕྱིར། དེ་ནས་དེ་སྐད་གསུངས་མ་ཐག་ཏུ་ཤེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཡི་གེ་གསུམ་བརྗོད་པའི་རྗེས་སུའོ། །འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཡི་གེ་གསུམ་བཅོམ་ལྡན་འདས་ཀྱིས་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རིག་མ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའོ་རྒྱལ་པོ་རྣམས་བྱུང་བར་གྱུར་ཏོ་ཞེས་བྱ་བ་དང་འབྲེལ་ཏོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་སོ། །རིག་མ་ནི་ལྷན་ཅིག་སྤྱོད་མ་དང་རྗེས་སུ་སྤྱོད་མའི་དབྱེ་བས་དགུའོ། །འདི་རྣམས་ཀྱིས་འོད་གསལ་བའི་དེ་ཁོ་ན་ཉིད་རིག་པར་མཛད་པས་ན་རིག་མའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སྔོན་དུ་བཤད་ཟིན་ཏོ། །སའི་སྙིང་པོ་ལ་སོགས་པ་བརྒྱད་དོ། །ཁྲོ་བོའི་རྒྱལ་པོ་རྣམས་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཅུ་རྣམས་སོ། །འདི་རྣམས་ལ་གཉིས་ལྡན་གྱི་བསྡུ་བའོ། །ཕྱུང་བར་གྱུར་ཏོ་ཞེས་བྱ་བ་ནི་བྱུང་བར་གྱུར་པའོ། །གང་ནས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་ལས་ཞེས་གསུངས་ཏེ། མཆོག་ཏུ་སྒེག་པའི་ཉམས་དང་ལྡན་པ་ལེན་པའི་སྐུ་ལས་སོ། །བ་སྤུའི་བུ་ག་ཐམས་ཅད་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་སྐུ་ལ་གནས་པའི་བུ་ག་རྣམས་ལས་ཞེས་བྱ་བའི་དོན་ཏོ། །ཕྱུང་ནས་ཞེས་བྱ་བ་ནི། ངེས་པར་ཕྱུང་ནས་སོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་སྟོན་པའིའོ། །ཤར་ལ་སོགས་པའི་ཕྱོགས་སུ་ཞེས་བྱ་བ་ནི། ཤར་དང་ལྷོ་དང་ནུབ་
དང་བྱང་གི་ཕྱོགས་རྣམས་དང༌། དེ་བཞིན་དུ་མེ་དང༌། བདེན་བྲལ་དང༌། རླུང་དང་དཔང་ལྡན་ལ་སོགས་པ་རྣམས་ལ་མདོར་བསྡུས་ཏེ། སྒྲུབ་ཐབས་སུ་གསུངས་པའི་རིམ་པས་གནས་པར་གྱུར་པ་ནི་བཞུགས་པར་གྱུར་པ་སྟེ། ཟླ་བ་ལ་སོགས་པའི་གདན་རྣམས་ལ་ཤེས་བྱ་བ་ནི་ལྷག་མའོ། །རྒྱས་པར་བཤད་པ་བསྟན་པའི་ཕྱིར། ཁ་ཅིག་ནི་རྣམ་པར་སྣང་མཛད་ཀྱི་རྣམ་པའོ་ཞེས་གསུངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་ཁྱད་པར་དུ་སྣང་བས་ན། རྣམ་པར་སྣང་མཛད་དེ་དེའི་རྣམ་པ་ཞལ་གསུམ་ཕྱག་དྲུག་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པས་སོ་ཞེས་བྱ་བ་སྟེ། རིན་པོ་ཆེ་ནི་ཡིད་ལ་རེ་བ་ཐམས་ཅད་སྐོང་བར་བྱེད་པ། སེམས་ཅན་རྣམས་ལ་མཉམ་པ་ཉིད་ཀྱིས་ཕོངས་པའི་སྡུག་བསྔལ་འཇོམས་པ་གང་ལས་འབྱུང་བ་དེ་ནི་རིན་ཆེན་འབྱུང་ལྡན་ཏེ། དེའི་རྣམ་པ་ཞེས་བྱ་བ་སྔོན་བཞིན་ནོ། །ཁ་ཅིག་ནི་འོད་དཔག་ཏུ་མེད་པའི་རྣམ་པའོ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་ནི་གཞལ་དུ་མེད་པ་སྟེ། འོད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པའོ། །དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁ་ཅིག་ནི་གནོད་མཛེས་རྒྱལ་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་བར་གྱི་རྣམ་པའོ་ཞེས་བྱ་བ་ནི་གཞན་རྣམས་ཀྱང་བར་དུ་བསྡུས་ནས་གསུངས་པའོ། །དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་འབིགས་པར་བྱེད་པས་ན་གནོད་མཛེས་སོ། །དེ་ཉིད་ཀྱི་ངོ་བོས་གསལ་བར་བྱེད་པས་ན་གནོད་མཛེས་རྒྱལ་པོའོ། །གཙུག་ཏོར་ལག་པ་གཉིས་ཀྱིས་བཟུང་ནས་དཀྱིལ་འཁོར་གྱི་འཁོར་ལོའི་སྟེང་དུ་གནས་པས་ན། གཙུག་ཏོར་འཁོར་ལོས་སྒྱུར་བའོ། །དེའི་རྣམ་པ་ནི་དེའི་ངོ་བོས་སོ་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་མཚམས་སྦྱོར་རོ། །དེ་ལྟར་རྒྱས་བར་བཤད་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་གནས་སྐབས་གཞན་བརྗོད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་པ་རྣམས་རང་རང་གི་སྟན་ལ་འཁོད་པའི་རྗེས་ལའོ། །བཅོམ་ལྡན་འདས་ཀྱིས་བཤད་པ་ནི་སྔར་བཞིན་ནོ། །ཡུད་ཙམ་ཞིག་ཅེས་བྱ་བ་ནི་སྐད་ཅིག་ཙམ་མོ། །ཅང་མི་གསུང་བར་བཞུགས་སོ་ཞེས་བྱ་བ་ནི་མི་སྨྲ་བར་རོ། །བཞུགས་པ་ནི་འཆད་པར་འགྱུར་བའི་སྒྲ་བརྗོད་པའི་དོན་དུའོ། །ཇི་ལྟར་དོན་གསུམ་
གྱིས་དཀྱིལ་འཁོར་པ་རྣམས་སྤྲོ་བ་བསྟན་ནས། ད་ནི་གསོལ་བ་འདེབས་པ་བརྗོད་པར་བྱ་བའི་ཕྱིར། དེའི་ཡན་ལག་ཏུ་གྱུར་བ་འཁོར་རྣམས་ཀྱི་བྱ་བ་བརྗོད་པ་བསྟན་པའི་ཕྱིར། ཇི་སྙེད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ལ་འཁོར་གྱི་ངོ་བོས་གནས་པའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་བགྲངས་པ་དང་མ་བགྲངས་པའོ། །བྱང་ཆུབ་སེམས་དཔའ་ནི་ནམ་མཁའི་ཁམས་ཁྱབ་པའོ། །དབྱངས་གཅིག་གིས་ཞེས་བྱ་བ་ནི་མགྲིན་གཅིག་གིས་སོ། །དབྱངས་ཀྱིས་སྨྲས་པ་ཞེས་བྱ་བ་ནི། ཨེ་མའོ་རྡོ་རྗེ་རིགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་སྒྲ་བརྗོད་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་ལའོ། །རྡོ་རྗེ་རིགས་ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཆང་ངོ༌། །དེའི་རིགས་ནི་དེའི་རྒྱུད་དོ། །དེའི་བོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ནིས་ངར་བཤད་པའི་མཚན་ཉིད་ཅན་གྱི་སྔགས་ཀྱི་ཐེག་པའོ། །དེའི་དོན་ནི་རིམ་པ་གཉིས་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའོ། །དེ་མཛད་པ་ནི་སྟོན་པར་བྱེད་པའོ། །དེ་བཞིན་དུ་ཨེ་མའོ་ཞེས་བྱ་བ་སྔོན་བཞིན་ནོ། །རྡོ་རྗེ་ཐེག་པ་གསལ་ཞེས་བྱ་བ་ལ། རྡོ་རྗེ་ཐེག་པ་ནི་བཤད་མ་ཐག་པའོ། །དེ་ལ་གསལ་བ་ནི་བཅོམ་ལྡན་འདས་ཀྱི་བདག་པོའི་རྐྱེན་གྱིས་དེ་བསྒྲུབ་པའི་ཕྱིར། །རྣམ་པར་རྟོག་པའི་མུན་པ་རྣམས་ཀྱི་གཉེན་པོ་ཉིད་དུ་གྱུར་པའི་ཕྱིར་རོ།།ཆོས་ཀྱི་དབྱིངས་ཀྱི་དོན་མཛད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་རིགས་སོ། །དེ་ཉིད་ནི་དོན་ཏེ་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བའི་ཕྱིར་རོ། །དེ་སྟོན་པར་མཛད་པ་ནི་སྤྲོས་པ་སྣ་ཚོགས་པའི་སྒོ་ནས་དེ་ཉིད་སྟོན་པར་བྱེད་པའི་ཕྱིར་རོ་ཞེས་ལན་གསུམ་བརྗོད་ནས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་ཚིགས་སུ་བཅད་པའོ། །གསུམ་ནི་ལན་གསུམ་དུའོ། །བརྗོད་ནས་ཞེས་བྱ་བ་ནི་སྨྲས་ནས་སོ། །རྡོ་རྗེ་འཆང་ཆེན་པོ་དེ་ལ་ཞེས་བྱ་བ་ནི་གང་གིས་སྔར་གསུངས་པའི་ཆོ་འཕྲུལ་བསྟན་པ་དེ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ། སྟོང་པ་ཉིད་ཆེན་པོ་འཆང་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའོ། །དེ་ལྟར་ཚིག་གཉིས་པོ་འདིས་ཡེ་ཤེས་དང་སྤངས་པ་ཕུན་སུམ་
ཚོགས་པ་བསྟན་ཏོ། །ཕྱག་བྱས་ནས་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་ཕྱག་ལ་སོགས་པ་རྣམས་ཀྱིས་སོ། །རང་རང་གི་སྟན་ལ་ཤེས་བྱ་བ་ནི། ཟླ་བ་དང་ཉི་མ་དང་པདྨའི་གདན་ལ་སོགས་པ་རྣམས་ལའོ། །འདུག་པར་གྱུར་ཏོ་ཞེས་བྱ་བ་ནི། བཞུགས་པར་གྱུར་པའོ། །དེ་ལྟར་འཁོར་རྣམས་ཀྱི་བྱ་བ་བསྟན་ནས། གསོལ་བ་འདེབས་པ་རྩོམ་པ་བསྟན་པའི་ཕྱིར། དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་རྣམས་རང་རང་གི་སྟན་ལ་འཁོད་པའི་རྗེས་ལའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཞེས་བྱ་བ་ནི། སྐད་ཅིག་སེ་གོལ་གཏོགས་པ་ཙམ། །ཐང་ཅིག་ཡུངས་ཀར་སྒྲིལ་བ་སྟེ། །དབུགས་འབྱུང་ཡུད་ཙམ་ཞེས་བྱའོ། །ཞེས་བྱ་བའི་མཚན་ཉིད་ཀྱིས་ཏེ། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུལ་བ་ཆེན་པོ་དེ་རྣམས་མཐོང་ནས་ཞེས་བྱ་བ་གསུངས་ཏེ། གནས་གཅིག་ཏུ་འདུས་པ་གཟིགས་ནས་སོ། །དེའི་ཕྱིར་རྒྱ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། གྲངས་ལ་སོགས་པ་རྣམས་ཀྱིས་བཅད་པ་མེད་པའི་ཕྱིར་རོ། །དེ་ལྟར་གསོལ་བ་འདེབས་པ་ལ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་གསོལ་བ་འདེབས་པ་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་གསུམ་དང་ལྷན་ཅིག་ཏུ་གྱུར་པའི་རང་བཞིན་གྱི་ཚོགས་སྤངས་པའི་ཕྱིར་རོ།།བཅོམ་ལྡན་འདས་དེ་ལ་བོད་པ་གང་ཡིན་པ་དེ་ཡང་དེ་སྐད་ཅེས་བརྗོད་དོ། །ཡེ་ཤེས་རྡོ་རྗེ་ཉི་མ་ཞེས་བྱ་བ་ལ། ཡེ་ཤེས་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེའི་རང་བཞིན་གྱི་རྡོ་རྗེ་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེ་ཉིད་ནི་ཉི་མ་སྟེ་དེའི་འབྲས་བུ་མེད་པའི་ཕྱིར་ཡེ་ཤེས་རྡོ་རྗེའི་ཉི་མའོ། །འབྲས་བུ་དེ་ཉིད་གསུངས་པ་ནས། །གསང་བའི་པདྨ་རབ་རྒྱས་པ། །ཞེས་བྱ་བ་སྟེ། གསང་བའི་རྣམ་པའི་སྙིང་གའི་པདྨའམ། གསང་བ་ནི་སྙིང་ག་མཚོན་པའི་པདྨའོ། །རབ་ཏུ་རྒྱས་པར་བྱེད་པ་ནི་ཁ་འབྱེད་པ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི། དབང་བཞི་པའི་དུས་སུ་དམ་ཚིག་ཆེན་པོ་ལྔ་སྟེར་བའི་ཕྱིར་རོ། །རྣལ་འབྱོར་དབང་ཞེས་བྱ་བ་ནི། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་
ནས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་པར་བྱེད་པའི་ཕྱིར་རོ། །བདག་གི་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་བདག་གི་ཚིག་གསོལ་བ་འདེབས་པའི་ངོ་བོའོ། །གསོན་ཅིག་ཅེས་བྱ་བ་ནི། རྣོ་བ་ཉིད་ཀྱིས་སོ། །ཐུགས་རྗེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་དང་ལྷག་པའི་བསམ་པའི་མཚན་ཉིད་ཅན་ལས་སོ། །ཚིག་གི་ངོ་བོ་བསྟན་པའི་ཕྱིར། །བསྐལ་པ་བཟང་པོའི་སངས་རྒྱས་རྣམས། །ཞེས་གསུངས་ཏེ། བསྐལ་པ་བཟང་པོ་ནི། ཚེ་རིང་བ་ཉིད་དང་ཤེས་རབ་རྣོ་བ་ཉིད་ཀྱིས་རྫོགས་ལྡན་གྱི་ངོ་བོ་སྟེ། དུས་གང་ལ་འབྲས་བུ་བཞི་པོ་ཡོངས་སུ་རྫོགས་པ་ཉིད་འགྲུབ་པར་འགྱུར་བ་དང། གང་ཡང་རང་ཉིད་ཀྱིས་འབུམ་ཕྲག་ཉི་ཤུའི་ཚད་དང་ལྡན་པ་དེ་ལ་འབྱུང་བས་ན་བསྐལ་པ་བཟང་པོའོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི། སྔོན་གྱི་རྣམ་པར་གཟིགས་ལ་སོགས་པ་སྟེ། ཡོངས་སུ་རྫོགས་པ་དང་ཆོས་ཐམས་ཅད་ཡང་དག་པར་རྟོགས་པའི་ཕྱིར་རོ། །རྡོ་རྗེའི་ཐེག་པ་ལ་མངོན་པར་དད་པ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ལ་དད་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྣམ་པར་གཟིགས་ལ་སོགས་པ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་ནི་འཁོར་རྣམས་ཉིད་དུ་གནས་པ་སྟེ། སློབ་བཞིན་པ་ཉིད་ཀྱི་ངོ་བོས་གནས་པའི་ཕྱིར་རོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ལ་དགོངས་པའི་ཕྱིར་རོ། །འདི་རྣམས་ཞེས་བྱ་བ་ནི་མངོན་སུམ་དུ་སྟོན་པར་བྱེད་དོ། །ལུས་ཀྱིས་ཕྱག་འཚལ་འཁོད་ཅེས་བྱ་བ་ནི། སྟོན་པ་ལ་གུས་པས་ལུས་བཏུད་པའོ། །ལུས་ནི་གང་རྣམས་ལ་བཏུད་པ་དེ་ནི་ལུས་བཏུད་པའོ། །སྙིགས་མ་ལྔའི་དུས་སུ་ཞེས་བྱ་བ་ནི། ཚེ་དང༌། ལྟ་བ་དང༌། ཉོན་མོངས་པ་དང༌། བསྐལ་པ་དང༌། སེམས་ཅན་གྱི་སྙིགས་མའི་མཚན་ཉིད་ཅན་རྩོད་པའི་དུས་ཀྱི་མིང་ཅན་ལའོ། །ད་ལྟར་ཡང་དག་འཇུག་པ་ལ། །ཞེས་བྱ་བ་ལ། ཡང་དག་འཇུག་པ་ལ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་འཇུག་པ་ལའོ། །ད་ལྟར་ཞེས་བྱ་བ་ནི་ད་ལྟར་གྱི་དུས་སོ། །ཅིའི་དོན་དུ་སྙིགས་མ་ལྔའི་དུས་སུ་གནས་ཤེ་ན། དེའི་ཕྱིར་སེམས་ཅན་རྣམས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཞེས་བྱ་བ་ནི་སྲོག་ཆགས་རྣམས་སོ། །བསོད་ནམས་ཆུང་བ་ཞེས་བྱ་བ་ནི་ཤིན་ཏུ་ཡང་དགེ་བའི་རྩ་བ་ཆུང་བའི་ཕྱིར་རོ། །དེ་
བཞིན་དུ། བརྩོན་འགྲུས་ཆུང་ཞིང་ཚེ་ཐུང་དང༌། །ཞེས་བྱ་བ་ནི། བརྩོན་འགྲུས་ཆུང་བ་ནི་དགེ་བའི་ལས་ལ་སྤྲོ་བའི་མཚན་ཉིད་ཤས་ཆུང་བའོ། །ཚེ་ནི་ལོའི་གྲངས་ཚད་གང་རྣམས་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །ལྟེ་བ་ངན་པ་མང་པོ་དང༌། །ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཚན་ཉིད་ཅན་མུ་སྟེགས་པ་ལ་སོགས་པའི་ལྟ་བའི་རང་བཞིན་ལོག་པར་ལྟ་བ་ལ་ལྟུང་བའི་ཕྱིར་རོ། །དགོས་ཕྱིར་ཞེས་བྱ་བ་ནི་དེའི་རྒྱུ་མཚན་དུའོ། །དེ་རྣམས་ཀྱི་ལྟ་བ་ངན་པ་བཟློག་པའི་གནས་པ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་གི་གོ་འཕང་ཞེས་བྱ་བ་ནི། འཁོར་བའི་སྡུག་བསྔལ་བཟློག་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་འཆང་ཆན་པོའི་གོ་འཕང་ངོ༌། །ཞུ་ཞེས་བྱ་བ་ནི་སྟོན་པ་པོའི་དྲུང་ནས་སོ། །གང་གིས་ཞེས་བྱ་བ་ནི་མཆོག་གི་གོ་འཕང་གིས་སོ། །མྱུར་དུ་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །འཁོར་བ་ལས་ཞེས་བྱ་བ་ནི་ཁམས་གསུམ་གྱི་ངོ་བོ་ལས་སོ། །ཐར་པ་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཀུན་ནས་སྦྱོར་བ་བྲལ་བའོ། །འགྱུར་ཞེས་བྱ་བ་ནི་གྲོལ་བར་འགྱུར་བ་སྟེ། ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་ཞེས་གསུངས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའི་མཚན་ཉིད་དང་བྲལ་བ་ལའོ། །ཡང་ན་བསྡུས་ནས་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་སྤྱོད་པས་ཞེས་བྱ་བའི་ཐ་ཚིག་གོ །མ་འོངས་པའི་ཞེས་བྱ་བ་ནི། འབྱུང་བར་གྱུར་པའི་དུས་རྣམས་ལའོ། །སེམས་ཅན་རྣམས་ཞེས་བྱ་བ་ནི་ལུས་བཟུང་བ་རྣམས་ལའོ། །འདི་དག་ལ་ཞེས་བྱ་བ་ནི་མངོན་སུམ་དུ་མཐོང་བཞིན་པའོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ། སློབ་བཞིན་པའི་རྒྱུ་མཚན་དུའོ། །བདུད་བཞི་འཇོམས་པར་བྱེད་པས་ན་རྒྱལ་བའོ། །སྲས་རྣམས་ནི་བུ་རྣམས་སོ། །བདག་ནི་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །གསོལ་བ་འདེབས་ཞེས་བྱ་བ་ནི་ཞུ་བ་བྱེད་པའོ། །འདི་ལྟར་ཞེས་བྱ་བ་ནི་འཆད་བཞིན་པའི་ཚུལ་གྱིས་སོ། །གང་ལ་ཞེ་ན། དེའི་ཕྱིར་རྡོ་རྗེ་འཆང་ཆེན་ལ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཆང་ཆེན་ལ་ཞེས་བྱ་བ་ནི། སྟོང་ཉིད་ཆེན་པོ་འཛིན་པའི་སྟོན་པ་པོ་ལའོ། །གཙོ་བོ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་བདག་པོ་ལའོ། །འོ་ན་ཇི་
ལྟར་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་ནམ་སློབ་བཞིན་པའི་སེམས་ཅན་རྣམས་ཀྱི་དོན་དུ་གསོལ་བ་འདེབས་པ་ཞེ་ན། དེའི་ཕྱིར་དེ་ཉིད་མཆོག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་སོ། །དེ་ཉིད་མཆོག་ནི་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་ནོ། །འཚལ་བ་ཞེས་བྱ་བ་ནི་རྟོགས་པའོ། །ཁྱེད་དྲིན་གྱིས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་བདག་པོའི་དབང་གིས་སོ། །འགྲོ་བའི་གཙོ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པའོ། །འགྲོ་བ་ནི་གཡོ་བའི་བདག་ཉིད་ཅན་གྱི་ཁམས་གསུམ་པའི་བདག་པོའོ། །དེ་ཉིད་མཆོག་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གསང་བའི་ཞེས་བྱ་བ་གསུངས་ཏེ། སྦ་བར་བྱ་བའོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལའོ། །གཞན་ཡང༌། རྒྱུད་རྣམས་ཀུན་གྱི་དོན་བསྡུས་པ། །ཞེས་བྱ་བ་ནི། རྒྱུད་ལྔ་པོ་རྣམས་སྡུད་པར་བྱེད་པའི་ཕྱིར་རོ། །འོ་ན་གལ་ཏེ་ཁྱོད་ཀྱིས་དེ་ཉིད་མཆོག་འཚལ་ན། དེའི་ཕྱིར་མི་སྨྲ་བའི་ངོ་བོས་ཁྱོད་ལ་གནས་པར་འོས་ཤེ་ན། དེ་ཕྱིར་འོན་ཀྱང་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞེས་བྱ་བ་སྟེ། དེ་ཉིད་མཆོག་བསྟན་པའི་མཚན་ཉིད་ཅན་གྱི་དཔལ་གསང་བ་འདུས་པ་ལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་འདྲི་བར་འཚལ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་ཕྲེང་བས་ཐོབ་པར་བྱའི་མངོན་པར་རྟོགས་པ་ནི། རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་སྟེ། འདིའི་དོན་སྔར་བཤད་ཟིན་ཏོ། །ཇི་ལྟར་དྲི་བར་འདོད་ཅེ་ན། དེའི་ཕྱིར་དོན་དམ་པར་ནི་ཞེས་བྱ་བ་གསུངས་ཏེ། ཁྱད་པར་དུ་འཕགས་པའི་དོན་གྱི་ངོ་བོས་སོ། །ཇི་ལྟ་བུ་ཞེ་ན་དེའི་རིམ་པ་གཉིས་ནི་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་མཚན་ཉིད་ཀྱིས་བླ་ན་མེད་པ་སྟེ། འདི་ལས་གོང་དུ་བླ་ན་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ལྟ་བུ་དེ་ཉིད་བསྟན་དུ་གསོལ་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན་དེའི་ཕྱིར། རྫོགས་པའི་རིམ་པའི་རྣལ་འབྱོར་ནི།། ཞེས་བྱ་བ་གསུངས་ཏེ། ཟླ་བ་དང་རྡོ་རྗེ་ལ་སོགས་པ་དོར་བའི་རོ་བོ་རང་བཞིན་གྱིས་ཉེ་བར་མཚོན་པའི་ངོ་བོས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་དོན་བསྟན་པ་ལ། ཁྱོད་ཀྱིས་བདག་ལ་བསྟན་དུ་གསོལ། །ཞེས་བྱ་བ་ནི། ཕྱག་ན་རྡོ་རྗེ་བདག་ལའོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་མཛད་དུ་གསོལ་
བའོ། །མཚོན་པ་ཞེས་བྱ་བ་ནི་དོན་གསལ་བ་ཉིད་ཀྱིས་གསལ་བར་བྱེད་པའི་ཕྱིར་རོ། །དཔལ་ལྡན་འདུས་པ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན་ལ་སྟེ། དེ་ལ་ཕྱི་རོལ་དུ་རྒྱུད་བསྟན་པའི་གནས་སྐབས་སུ་ནི་རྩ་བའི་འདུས་པའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལ་ཡང་གདམས་ངག་ཇི་ལྟ་བར་འདུས་པའི་དོན་ཤེས་པར་བྱའོ། །དཔལ་ནི་ཚོགས་གཉིས་སོ། །དེ་གཙོ་བོར་བྱས་པའི་འདུས་པ་ནི་འདུས་པའོ། །དེ་ཉིད་ནི་རྒྱུད་སྡེ་དང་རྒྱུ་དང་འབྲས་བུ་དང་ཐབས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རྒྱུད་དེ། དེ་ལ་དེ་སྟོན་པ་ལའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྣལ་འབྱོར་བླ་ན་མེད། །ཅེས་གསུངས་ཏེ། ཐབས་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། །ཞེས་བྱ་བའི་ཚིག་གི་རྣལ་འབྱོར་གྱི་སྒྲས་ནི་དཔལ་དེ་ཁོ་ན་ཉིད་འདུས་པ་ལ་སོགས་པ་ལ་རྣལ་འབྱོར་གྱི་རྒྱུད་རྣམས་སུ་བརྗོད་དོ།། དེ་རྣམས་ཀྱི་བླ་ན་མེད་པ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ངོ་བོ་ལ་ཞེས་བྱ་བར་བརྗོད་དོ། །གཞན་ཡང་ཇི་ལྟ་བུ་ཞེན་དེའི་ཕྱིར། །བརྒྱད་ཁྲི་དང་ནི་པ་ཞི་སྟོང་ངོ༌། །བརྒྱད་ཁྲི་བཞི་སྟོང་ནི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གྱུར་པའི་ཕྱིར་རོ། །ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གྲོ་གའི་ཤུན་པ་གཅིག་པ་ལ་ཉག་མའི་ཚད་ཀྱི་སྨྱུ་གུས་བྲིས་པ་ཁུར་ཇི་ཙམ་དུ་གླང་པོ་ཆེ་སྨྱོན་པ་དར་ལ་བབ་པས་ཁུར་བར་ནུས་པ་དེ་ཙམ་གྱི་ཚད་ནི་ཆོས་ཀྱི་ཕུང་པོ་གཅིག་གོ །དེས་བསྡུས་པའི་ངོ་བོ་དཔལ་གསང་བ་འདུས་པ་ལའོ། །དེ་ལྟར་ཡང་བསྙེན་གནས་ཀྱི་སྡོམ་པའི་རྗེས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སངས་རྒྱས་ལྔའི་དམ་ཚིག་དང༌། དབང་ལྔ་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་དག་མ་ལུས་པ་དང༌། དེ་སྐད་སྨྲས་ནས་ཞེས་བྱ་བ་ནི། དེ་ལྟར་གསོལ་བ་འདེབས་པ་རང་གི་ངོ་བོས་བསྟན་ནས་སོ། །མདུན་དུ་འདུག་སྟེ་ཞེས་བྱ་བ་ནི་མདུན་དུ་འཁོད་པའི་ཕྱག་ན་རྡོ་རྗེའོ། །ཕྱག་ནི་བྱས་ནས་ཀྱང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་བསྙེན་བཀུར་དང་གུས་པ་སྔོན་དུ་འགྲོ་བས་གསོལ་བ་འདེབས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྨྲས་ནས་ཞེས་བྱ་བ་ནི་བརྗོད་ནས་སོ།།
ཇི་ལྟ་བུའི་བཅོམ་ལྡན་འདས་ཤེ་ན། དེའི་ཕྱིར་ཡེ་ཤེས་ཆེན་པོ་ཞེས་གསུངས་ཏེ། ཤེས་པ་དང་ཤེས་བྱ་ཐམས་ཅད་མ་དམིགས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །མི་ཆོད་མི་ཤིགས་མཚན་ཉིད་ལྡན། །མི་འཚིག་པ་དང་མི་ཉམས་པའི། །སྟོང་ཉིད་རྡོ་རྗེ་ཞེས་བརྗོད་དོ། །དེ་ལ་སེམས་དཔའ་ནི་དགོངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བའི་བླ་མ་ཞེས་བྱ་བ་ནི་ཁམས་གསུམ་པའི་སློབ་དཔོན་ཉིད་དུ་གྱུར་པའི་ཕྱིར་རོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་པ་དེ་རྣམས་ནི་སྐུ་གསུང་ཐུགས་རོ་མཉམ་པར་གྱུར་ཅིང་ཕན་ཚུན་དབྱེར་མི་ཕྱེད་པའི་ངོ་བོའི་དོན་གང་ལ་ཡོད་པ་དེ་ཉིད་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གསུམ་གྱི་གོ་འཕང་སྟོན། །ཞེས་བྱ་བ་ནི། དེ་ཉིད་གསུམ་ནི་ལུས་ངག་ཡིད་གསུམ་དག་པའི་མཚན་ཉིད་དོ། །གོ་འཕང་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ༌། །དེ་སྟོན་པ་ནི་གདམས་ངག་དེ་སྟོན་པ་པོའོ། །རྣལ་འབྱོར་རྒྱུད་ཀྱི་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པ་ལ་སོགས་པ་རྣམས་ཀྱིའོ། །སྦས་པའི་དོན་ཞེས་བྱ་བ་ནི་མཐའ་དྲུག་གི་དོན་གྱིས་གཟུང་བར་དཀའ་བའོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་བཤད་དུ་གསོལ་ཞེས་བྱའོ། །འགྲོ་བའི་བླ་མ་ཞེས་བྱ་བ་ནི་ཁམས་གསུམ་པའི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གསུམ་གྱིས་གསོལ་བ་འདེབས་པ་བསྟན་ཏོ། །དེ་ཙམ་གྱིས་རྒྱུད་སྤྱིའི་དོན་བསྟན་ནས། །ད་ནི་རྒྱུད་ཀྱི་དོན་བརྗོད་པའི་ཕྱིར་དེའི་ཡན་ལག་དེ་ལ་འཇུག་པ་བརྗོད་པ་ནི། བསྟན་པ་མཛད་དུ་གསོལ་ཞེས་བྱ་བ་གསུངས་ཏེ། ཕྱག་ན་རྡོ་རྗེས་སྔོན་དུ་གསུངས་པའི་རིགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་རྡོ་རྗེ་ཕྲེང་བའི་རྒྱུད་བསྟན་པའི་དོན་དུ་གསོལ་བ་གདབ་པར་བྱས་ནས། རྡོ་རྗེ་ཡིས་ནི་ཁྱབ་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་སྙིང་རྗེ་ཆེན་པོས་གཞན་དབང་ངོ༌། །སླར་ཡང་རྒྱུད་ལ་འཇུག་པ་ཞེས་བྱ་བ་ནི། རྒྱུད་ནི་རྡོ་རྗེ་ཕྲེང་བའི་མིང་ཅན་ལའོ། །འཇུག་པའི་ཕྱིར་ཞེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་དུའོ། །ཡང་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་སུའོ། །དྲི་བ་གཏན་ལ་དབབ་ཅེས་བྱ་བ་ནི། དྲི་བ་ངེས་པར་བཤད་པར་འགྱུར། །ཞེས་བྱ་བའོ། །བཤད་པར་འགྱུར་ཞེས་བྱ་བ་ནི་འཆང་པར་འགྱུར་པའོ། །དེ་ལྟར་དེ་ལ་འཇུག་
པ་བསྟན་ནས། ད་ནི་དྲི་བ་བརྗོད་པ་བསྟན་པའི་ཕྱིར། རྡོ་རྗེ་ཕྲེང་བའི་མིང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཉིད་དུ་བརྗོད་པར་བྱ་བའི་ཡུལ་ལ་དྲི་བའོ། །འདུས་པ་ཅི་ཞིག་ཅེས་བྱ་བ་ནི། རྒྱུད་གང་གི་བཤད་པའི་རྒྱུད་ཀྱི་ངོ་བོ་འདི་དེའི་ཡུལ་ལ་ནི་གཉིས་པའོ། །ཅུང་ཞིག་སྟོང་པ་ཉིད་ཅེས་བྱ་བ་ནི་རྒྱུད་དེ་ལ་གང་ཞིག་གཙོ་ཆེར་གང་ཞིག་སྟོང་པ་ཉིད་ཀྱི་ངོ་བོ་བསྟན་པ་དེ་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་གསུམ་པའོ། །ཐིག་ལེའི་དབྱེ་བ་དང་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་སྟོང་པ་ཉིད་དེ་ལ་ཕྱོགས་གཅིག་གི་རྟོགས་པར་བྱེད་པ། དེ་ཇི་ལྟ་བུ་ཡིན་ཞེས་བྱ་བ་དེའི་རྗེས་ལ་བཞི་པའོ། །སྒྲ་ཞེས་བྱ་བ་ནི་ཐིག་ལེའུ་དབྱེ་བས་ཐབས་གང་གིས་འགྱུར་བ་དེའི་དོན་དུ་སྒྲའི་ཡུལ་ལ་དྲི་བ་ལྔ་བའོ། །དེ་ཡང་ཨ་ཡིག་གི་ངོ་བོ་བརྗོད་པར་འགྱུར་བའོ། །གསང་བ་དང་ནི་ཞེས་བྱ་བ་ནི། སྒྲ་མངོན་པར་གསལ་བར་བྱེད་པའི་ངོ་བོ་དྲུག་པའོ། །གསང་བ་གང་ཞེས་བརྗོད་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དམ་ཚིག་སྡོམ་པ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་གསང་བ་མངོན་པར་གསལ་བ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ཉིད་ལ་བྱའི་གཞན་ལ་ནི་མ་ཡིན་ཞེས་བྱ་བ་དེའི་དོན་དུ་དམ་ཚིག་དང་སྡོམ་པའི་ཡུལ་ནི་དྲི་བ་བདུན་པའོ། །དེ་ལ་དམ་ཚིག་གནས་གཅིག་ཏུ་ཙཱ་རུའི་བཟའ་བ་ལ་སོགས་པ་དང༌། རིགས་ལྔའི་དམ་ཚིག་གི་རྣམ་པའོ། །སྡོམ་པ་ཞེས་བྱ་བ་ནི་རང་གི་དམ་ཚིག་གིས་བསྲུང་བར་བྱ་བའི་ངོ་བོ་སྟེ། ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་སྡོམ་པའི་དོན། །དེ་ཁོ་ན་ཉིད་བཤད་ཀྱིས་ཉོན། །སྡོམ་པ་སྲུང་བར་བྱེད་པ་གང༌། །དེ་ནི་བྱང་ཆུབ་སེམས་ཞེས་བརྗོད། །ཅེས་གསུངས་ཏེ། དམ་ཚིག་ཅེས་བྱ་བ་ནི་བཟའ་བར་བྱ་བའི་ངོ་བོ་སྟོན་པར་བྱེད་པའི་དྲི་བ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །བཟའ་བ་རུ་ནི་བཤད་པ་གང༌། །ད་ནི་བདུད་རྩི་ལྔར་ནི་བརྗོད། །ཅེས་གསུངས་ཏེ། སྒྲ་ཙམ་དང་ཞེས་བྱ་བ་ནི་དྲི་བ་ལྔ་བའི་རྒྱས་པར་བཤད་པ་དང་འདྲ་བ་ནི་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བའི། ཆོས་ཀྱི་འཁོར་ལོ་པང་སྦུབས་ནས། །སྒྲ་ཙམ་ཡང་དག་གནས་པ་ནི། །ཞེས་བྱ་བ་གསུངས་སོ། །རླུང་གི་དེ་ཉིད་ཅེས་བྱ་བ་ནི། བཞི་པའི་དྲི་བའི་རྒྱས་
པར་བཤད་པ་བཅུ་བའི་དྲི་བའོ། །ཇི་ལྟར་འཆད་པར་འགྱུར་བ་ནི། །རླུང་གི་ཐེག་ལེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའོ། །བདེ་ཆེན་ནི་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་དྲི་བའི་རྒྱས་བར་བཤད་པར་གྱུར་པ་དྲི་བ་བཅུ་གཅིག་པའོ། །ཇི་སྐད་འཆད་པར་འགྱུར་བ་ཡི། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །བདེ་བ་ཆེན་པོའི་ཚིག་གསལ་བ། །རྡོར་སེམས་གོ་འཕང་མི་ཕྱེད་པ། །རང་རིག་པས་ན་མཆོག་གི་མཆོག །ཀུན་རྟོག་གིས་ནི་རྟག་སྟོང་པ། །བདེ་བ་ཆེན་པོ་ཞེས་འདི་བརྗོད། །ལྷན་ཅིག་སྐྱེས་པའི་དུས་སུ་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་སོ། །རྡོ་རྗེ་པདྨ་མཉམ་སྦྱོར་དང༌། །ཞེས་བྱ་བ་ནི་ཐབས་ཀྱི་ངོ་བོ་རྗེས་སུ་བསྒྲུབས་པ་གང་གིས་བདེ་བ་ཆེན་པོའི་རིགས་པ་དེ་སྟོང་པར་བྱེད་པའི་ཕྱིར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་ཡུལ་ལ་དྲི་བ་བཅུ་གཉིས་པའོ། །ཇི་ལྟར་འཆད་པར་འགྱུར་བ་ཡི། །མི་ཕྱེད་རྡོ་རྗེ་ཞེས་ནི་བརྗོད། །དེ་དག་གཉིས་ཀ་ཡོངས་སུ་གྲགས། །ཨ་ཡི་ཡི་གེས་ཕྱེ་བ་ཡིས། །རྣལ་འབྱོར་མཆོག་གིས་རྟག་ཏུ་རྟོགས། །དེ་ཡི་རྟེན་ནི་སྙིང་པདྨ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི། དྲི་བ་བཅུ་པའི་རླུང་གི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་གྱི་ལྷག་མར་གྱུར་པའི་དྲི་བ་ནི་བཅུ་གསུམ་པའོ། །ཇི་སྐད་འཆད་པར་འགྱུར་བ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །གསུངས་པའི་སྔགས་ཀྱི་བཟླས་བརྗོད་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་པ་ཞེས་བྱ་བ་ནི། རྡོ་རྗེ་བཟླས་པའི་སྒོམ་པ་པོ་རྣམས་ཀྱིའོ། །རླུང་རྣམས་དང་ནི་ཞེས་བྱ་བ་ནི་སྲོག་གིས་བསྡུས་པའི་རླུང་ཐིམ་པ་དང༌། འཆར་བའི་རིམ་པས་རླུང་གི་གྲངས་དང་གནས་ཀྱི་ཡུལ་དྲི་བ་ནི་བཅུ་བཞི་པའོ། །ཇི་སྐད་འཆད་པར་འགྱུར་བ་ཡི། །རླུང་གི་མཚན་ཉིད་ཇི་བཞིན་དུ། །ལོ་ཚིགས་ཀྱི་ནི་མཚན་ཉིད་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །དཔལ་ཐུགས་ལས་ནི་གང་གསལ་བ། །ཞེས་གསུངས་སོ། །དེ་བཞིན་དུ། གཞན་ཡང་བཤད་པར་བྱ་ཡིས་ཉོན། །སྲོག་ནི་ཐིམ་དང་འཆར་བ་ཡི། །ཞེས་གསུངས་སོ། །འདིས་ནི་རླུང་གི་དེ་ཁོ་ན་ཉིད་ནི་ལྷག་མར་གྱུར་པ་གསུངས་སོ། །འཁོར་ལོ་
རྣམ་གྲངས་ནི་ཇི་ཙམ་གང་དུ་གནས་ཞེས་བྱ་བ་ནི། གཞན་གྱི་གྲུབ་པའི་མཐའ་ལས་གྲགས་པའི་འཁོར་ལོ་རྣམས་ཀྱི་གྲངས་ཀྱི་ངོ་བོ་དེ་ལ་མོས་པའི་སེམས་ཅན་རྣམས་ནི་བཞུགས་པའི་ཕྱིར་གཙོ་ཆེར་བཤད་པའི་ཕྱིར་དེའི་ཡུལ་ལ་དྲི་བ་ནི་བཅོ་ལྔ་བའོ། །ཇི་སྐད་འཆད་པར་འགྱུར་བ་ཡི། །འཁོར་ལོ་དྲུག་ལ་བཅུ་དྲུག་བརྟེན། །ལུས་ལ་ལྷ་ཡི་གཞལ་ཡས་གང༌། །ཇི་ལྟར་གནས་ལ་རིགས་པར་སྦྱོར། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཞེས་གསུངས་སོ། །རྣལ་འབྱོར་ལུས་ལ་རྩ་གང་ལགས། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་རྩ་རྣམས་ཇི་ཙམ་ཞེས་བྱ་བ་ནི་གཙོ་བོའི་འཁོར་ལོ་ལ་བརྟེན་ནས་གྲངས་ཇི་ཙམ་པ་དེའི་ཕྱིར་དེའི་ཡུལ་ལ་དྲི་བ་བཅུ་དྲུག་པའོ། །ཇི་ལྟར་འཆད་པར་འགྱུར་བ་ཡི། །རྣལ་འབྱོར་ལུས་ལ་བདེ་ཆེན་པོའི། །འཁོར་ལོའི་རྩ་ནི་སུམ་ཅུ་གཉིས། །བྱང་ཆུབ་སེམས་ནི་གསལ་འབབ་པའི། །རྩ་རྣམས་ཡང་དག་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་སྣ་ཚོགས་སོགས་སྐད་ཅིག །ཅེས་བྱ་བ་ནི། ཇི་ལྟར་རྣམ་པ་སྣ་ཚོགས་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་རྣམས་ཀྱི་རྣམ་པར་དབྱེ་བ་བྱང་ཆུབ་སེམས་འབབ་པ་རྣལ་འབྱོར་པའི་ལུས་ལ་གནས་པ། དེ་རྣམས་ཀྱི་ཉམས་སུ་མྱོང་བ་བསྐྱེད་པའི་རིམ་པ་གསལ་བའི་ཕྱིར་དེའི་རྗེས་ལ་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་དྲི་བ་ནི་བཅུ་བདུན་པའོ། །ཇི་སྐད་འཆད་པར་འགྱུར་བ་ཡི། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །ཞེས་བྱ་བ་ལ་སོགས་པའོ། །དགའ་བ་དང་ཞེས་བྱ་བ་དང༌། དགའ་བ་བཞི་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་རྣམས་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་དེ་རྣམས་ཉམས་སུ་མྱོང་བའི་ཕྱིར། དེའི་རྗེས་ལ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བ་ནི་བཅོ་བརྒྱད་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །དགའ་བ་བདེ་བ་དང་པོ་སྟེ། །མཆོག་ཏུ་དགའ་བ་གཉིས་པ་དང༌། །དགའ་བྲལ་ཞེས་བྱ་གསུམ་པ་དང༌། །བཞི་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་བྱ་བ་ལ་སོགས་པའོ། །རྫས་དང་ནི། སྔགས་དང་རླུང་དང་ཐིག་ལེ་
ཞེས་བྱ་བ་ནི། དྲི་བ་བཅུ་པའི་རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྣམ་པར་དབྱེ་བ་བྱ་བའི་ཕྱིར། དེའི་ལྷག་མར་གྱུར་པ་ཐིག་ལེ་གསུམ་བསྒོམ་པའི་ཡུལ་ལ་དྲི་བ་ནི་བཅུ་དགུ་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །རྩ་རྣམས་ཀུན་དུ་འབབ་པ་དང༌། །བྱང་ཆུབ་སེམས་ནི་བརྟེན་བྱས་པ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་ནི་གཟུང་བར་བྱ་བ་སྟེ། །རྐན་ལ་རྟོགས་པའི་སྦྱོར་བ་དང༌། །ཀྵྨཱིཾ་སྔགས་ཀྱི་ནི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་ནི་ཐོབ་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་མཆོག །ཅེས་བྱ་བ་ལ་སོགས་པའོ། །ཡི་གེ་གསུམ་གྱི་མིང་ཅི་ཞེ་ན། རྣལ་འབྱོར་མ་ཡི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་ཡི་གེ་གསུམ་གྱི་ངོ་བོའི་མིང་ལ་ཅི་ཞེས་བྱ་བ་དེའི་ཡུལ་ལ་དྲི་བ་ནི་ཉི་ཤུ་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །ཡི་གེ་གསུམ་ནི་སྐུ་གསུང་ཐུགས། །སྙིང་པོ་ཕྱེ་བ་ཁྱོད་ཉོན་ཅིག །དེ་ནི་རྣམ་པར་ཕྱེ་སྟེ་ཉོན། །ཨོཾ་ནི་སྐུ་ཡི་རྡོ་རྗེ་ཡི། །སྙིང་པོ་ཉིད་དུ་ཡང་དག་བཤད། །ཨ་ཡི་ཡི་གེ་ཨོ་ཡིག་དང༌། །མ་ཡི་ཡི་གེ་ཞེས་བྱ་གསུམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསུམ་ཞེས་བྱ་བ་ནི། དེ་ཉིད་གསུམ་ཇི་ལྟ་བུ་ཞེན་ཞེས་བྱ་བས་དེ་ཉིད་གསུམ་གྱི་ཡུལ་དྲི་བ་ནི་ཉི་ཤུ་རྩ་གཅིག་པའོ། །དེ་རྣམས་ཀྱང་བདག་དང་ཡེ་ཤེས་དང་སྔགས་ཀྱི་དེ་ཁོ་ན་ཉིད་རྣམས་སོ། །ཇི་སྐད་འཆད་པར་འགྱུར་བ་ལས། །བདག་གི་དེ་ཉིད་རྣལ་འབྱོར་མཆོག །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་སྣ་ཡི་རྩེ་མོ་གསུམ། །ཞེས་བྱ་བ་ནི། རླུང་གི་དེ་ཁོ་ན་ཉིད་སྔར་མདོར་བསྟན་པའི་རྟེན་དུ་གྱུར་པ་རྫས་དང་སྔགས་དང་འོད་ཟེར་གྱི་ཐེག་ལེའི་རྟེན་དུ་གྱུར་བའི་སྔོན་དུ་བཅུ་པ་གསུངས་པའི་ལྷག་མ་དྲི་བ་ནི་ཉི་ཤུ་རྩ་གཉིས་སོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །གསང་བ་སྙིང་ག་གདོང་སྣའི་མིང༌། །གསུམ་པའི་རྒྱུད་ལས་གསལ་བ་ནི། །འཁོར་ལོ་གསུམ་གྱི་དབྱེ་བ་ནི། །རྣལ་འབྱོར་པ་ཡིས་བསྒོམ་པའི་རིམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ཀྱི་སྟོང་ཉིད་ཡེ་ཤེས་དང༌། །ཞེས་བྱ་བ་ནི། རྣལ་འབྱོར་བའི་ལུས་རྩ་སྣ་ཚོགས་པའི་རྟེན་ཉིད་ཀྱི་ཡེ་ཤེས་ཀྱི་རྩ་དབུས་མ་ཨ་བ་དྷཱུ་ཏཱི་མ་བྱང་ཆུབ་ཀྱི་སེམས་ཀྱིས་རབ་
ཏུ་གང་བའི་བདག་ཉིད་ཅན་སྣའི་རྩེ་མོ་གསུམ་པ་ཐིག་ལེ་རྣམ་པ་གསུམ་བཟུང་བའི་འབྲས་བུར་གྱུར་པ་ཇི་ལྟ་བུ་ཡིན་ཞེས་བྱ་བ་སྣ་རྩེ་གསུམ་གྱི་ལྷག་མར་གྱུར་པ་དྲི་བ་ཉི་ཤུ་རྩ་གསུམ་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །ཆོས་རྣམས་ཐམས་ཅད་སྣང་བ་མེད། །མཚན་ཉིད་སྟོང་པ་ཉིད་དུ་འདོད། །ཅེས་བྱ་བ་དང༌། དེ་བཞིན་དུ། གང་ཕྱིར་ཨ་བ་དྷཱུ་ཏཱིར་ཞུགས། །ཡང་དག་སྟོང་པ་ཉིད་དུ་འདོད། །ཅེས་བྱ་བ་དང༌། དེ་བཞིན་དུ། དེ་ལ་ཡེ་ཤེས་བདེ་བ་ཆེ། །བྱང་ཆུབ་སེམས་ཀྱིས་གང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་རྣམས་ཀྱང་ཇི་ལྟར་གནས་ཞེས་བྱ་བ་ནི། རྣལ་འབྱོར་པའི་ལུས་དེ་ཉིད་ལ་ལྷ་རྣམས་རྫོགས་པའི་རིམ་པའི་རྗེས་སུ་འབྲངས་ནས། འཁོར་ལོ་བཞིའི་རང་བཞིན་རྩ་རྣམས་ཀྱི་ངོ་བོ་ཐིམ་པ་དང༌། ལོངས་སྤྱོད་པ་དང་བདག་པོ་སྔོན་དུ་གསུངས་པའི་བཅུ་དྲུག་པར། རྣལ་འབྱོར་ལུས་ལ་རྩ་རྣམས་གང༌། །ཞེས་བྱ་བ་ལ་སོགས་པའི་ལྷག་མར་གྱུར་པ་དྲི་བ་ནི་ཉི་ཤུ་རྩ་བཞི་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། །བདེ་བ་ཆེན་པོ་ཡང་དག་བརྟེན། །འཁོར་ལོ་གཞན་ཡང་གང་བཤད་པ། །རིམ་པ་ཇི་བཞིན་མ་ལུས་པ། །དེ་ལ་རྟག་ཏུ་ཡང་དག་བཞུགས།། ཐིམ་དང་ལོངས་སྤྱོད་བདག་པོ་ནི། །ལྷ་ཉིད་མཆོག་ཏུ་གཉིས་སུ་མེད། །ཡང་དག་ངོ་བོ་གོ་འཕང་བརྟེན། །ཞེས་གསུངས་སོ། །དེ་རྣམས་ཀྱི་མིང་གང་ཞེ་ན། དེའི་ཕྱིར་དེ་རྣམས་ཀྱི་མིང་ནི་གང་ཞེས་གསུངས་ཏེ། དེ་རྣམས་ནི་ལྷ་སྟེ་མིང་ནི་མིང་དུ་གྱུར་པའོ། །གང་ཞེས་བྱ་བ་ནི་སྔོན་གྱི་ལེའུའི་ལྷག་མར་གྱུར་པ་དྲི་བ་ཉི་ཤུར་ཙ་ལྔ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་ལྷ་མོ་ཡི། །དེ་རྣམས་ཀུན་གྱི་མིང་བཤད་བྱ། །འཁོར་ལོ་བཞི་ཡིད་བྱེ་བ་ཡིས། །རྩ་ཡི་རྣམ་པའི་གྲངས་ཀྱིས་ཀྱང༌། །ལས་དང་རྡོ་རྗེ་དེ་བཞིན་པད། །འཁོར་ལོ་རྣམས་ཀྱི་དབྱེ་བ་ཡིས། །རིགས་བཞི་ཡི་ནི་དབྱེ་བ་དང༌། །རྩ་ཡི་རིམ་པས་ཡང་དག་བཞུགས། །ཞེས་གསུངས་སོ། །གང་དུ་འཆར་བ་དང་ནི་ནུབ། །ཅེས་བྱ་བ་ནི། རྩའི་རང་བཞིན་གྱི་ལྷ་དེ་རྣམས་ཀྱི་འཆར་བ་ནི་རབ་ཏུ་སད་པའོ། །ནུབ་པ་ནི་ནང་དུ་ཐིམ་པའོ། །དེ་དག་ཇི་ལྟར་ཞེས་སྔོན་གྱི་དྲི་བའི་ལྷག་མར་གྱུར་བ་ནི་
དྲི་པ་ཉི་ཤུ་རྩ་དྲུག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་རབ་བཤད་བྱ། །འཆར་དང་ནུབ་པའི་མཚན་ཉིད་ནི། །རྩ་རྣམས་ཀྱི་ནི་རྣལ་འབྱོར་མཆོག །དངོས་གྲུབ་ཐམས་ཅད་ཀྱི་ནི་གནས། །མདུན་ན་གནས་པའི་ཡུལ་རྣམས་ལ། །ཡིད་ལ་བྱེད་པ་དེར་ནི་འགྲོ། །དབུས་ནི་ནང་དུ་འདུས་པ་ཡིན། །དེ་ཚེ་དབང་པོ་རབ་རྒྱས་འགྱུར། །དེ་ཡིས་དེ་རྣམས་རབ་བསྐུལ་བས། །དེ་རྣམས་རྩ་ལ་རིམ་བཞིན་གནས། །དེ་ཡིས་རབ་ཏུ་སད་བྱས་ནས། །ལྷ་མོ་རང་རང་འཁོར་ལོ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་མགོན་པོས་དགའ་བ་རྣམས། །སྐྱེ་བའི་རིམ་པ་གསལ་བར་གསུངས། །ཞེས་བྱ་བ་ནི། སྔོན་དུ་བསྟན་པའི་དྲི་བ་བཅོ་བརྒྱད་པའི་ལས་དགའ་བ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་ལྷག་མར་གྱུར་པ་རྒྱུད་གཞན་དུ་ཡང་དག་པར་བསྒྲགས་པ་དེའི་ཡུལ་ལ་དྲི་བ་ཉི་ཤུ་རྩ་བདུན་པའོ།། ཇི་ལྟར་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །དགའ་བ་བསྐྱེད་པའི་མཚན་ཉིད་ནི། །གང་གིས་ཡང་དག་ཤེས་པ་ནི། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །འཁོར་ལོ་དྲུག་གི་རྩ་དབུ་མ། །རྒྱས་དང་སླར་ཡང་བསྡུས་པ་ནི། །འཁོར་ལོ་བཞི་དང་ཡང་དག་སྦྱོར། །རྩ་རྣམས་བརྒྱད་དང་ཉི་ཤུ་ལྷག །མཚམས་ཀྱི་ཆ་ནི་རིམ་པ་ཡང༌། །རྩ་ནི་བཅུ་དྲུག་ལ་ཡང་བརྟེན། །ཞེས་གསུངས་སོ། །སྔར་བཤད་རྩ་རྣམས་རྟག་ཏུ་ནི། །རྡོ་རྗེའི་ལུས་ལ་ཇི་ལྟར་རྒྱུ། །ཞེས་བྱ་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཙོ་བོར་གྱུར་པའི་རྩ་དེ་རྣམས་ན་ཁམས་ཀྱི་རང་བཞིན་ཇི་ལྟ་བུ་འབབ་ཅེས་དེའི་ཡུལ་ལ་དྲི་བ་ཉི་ཤུ་རྩ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྡོ་རྗེ་བསྟན་པའི་ལུས་ཀྱིས་ནི། །རྟག་ཏུ་རྩ་རྣམས་ཀྱི་ནི་རྒྱུན། །ངེས་པར་དེ་ཉིད་བཤད་ཀྱིས་ཉོན། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་ནི་རྟག་ཏུ་རྨད་བྱུང་བ། །བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚམས་ཀྱི་རྩ་གསུམ་དེ་དག་ནི། །གཙོ་བོ་ཉིད་དུ་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་དབུས་སུ་མཚམས་ཀྱི་རྩ་གསུམ་རྩ་བའི་རྒྱུད་
ཆེན་པོར་རྒྱུ་མཚན་གང་གིས་བསྟན་ཞེས་དེའི་ཡུལ་ལ་དྲི་བ་ཉི་ཤུ་དགུ་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །མཚམས་ཀྱི་རྩ་ནི་གཙོ་བོ་ཉིད། །རྩ་རྣམས་སྡོམ་དང་འཆར་བ་དང༌། །གང་གིས་ཤེས་ནས་རྟག་ཏུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རླུང་རྣམས་ཇི་ལྟར་ལྡང་བ་དང༌། །གཙོ་བོ་དེ་རྣམས་ཇི་ལྟར་ཐིམ། །ཞེས་བྱ་བ་ནི། སྔོན་དུ་བསྟན་པའི་དྲི་བ་བཅུ་པའི་ལན་རྒྱས་པར་བཤད་པར་གྱུར་པ་བསྐྱེད་པའི་ངོ་བོ་འཁོར་བར་འཁོར་བའི་གནས་སྐབས་སུ་རླུང་རྣམས་ཇི་ལྟར་ཐིམ་པས་ནི་འཇིག་པར་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་ནི་སུམ་ཅུ་པ་དང་སུམ་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་པ་ལ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་བྱེད། །དོན་ནི་ངེས་པར་ཡོད་མི་ཤེས། །རླུང་ཙམ་གཅིག་ཏུ་རྨོངས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་མཁའ་འགྲོ་མར་བསྡུས་པ། །གཙོ་བོ་ཇི་ལྟར་ཡང་དག་ཐོབ། །ཅེས་བྱ་བ་ནི། རྩ་དེ་རྣམས་ཀྱི་བསྡུ་བའི་མཁའ་འགྲོ་མ་ཞེས་བྱ་བ་ནི་རྩའི་ངོ་བོ་ལ་དམིགས་པ། སྡུད་པར་བྱེད་པ་ཇི་ལྟར་ཐོབ་པར་བྱ་ཐབས་གང་གིས་རྟོགས་པར་བྱ་ཞེས་དེའི་ཡུལ་ལ་དྲི་བ་ནི་སུམ་ཅུ་རྩ་གཉིས་པའོ། །ཇི་སྐད་དུ་འཆད་པར་འགྱུར་པ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཡེ་ཤེས་ཆེན་པོ་མཆོག་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྣམ་རྟོག་རླུང་ནི་རྣམ་འབྱེད་པ། །ཞེས་བྱ་བ་ནི། ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་ལྷག་མའོ། །རྣམ་པར་རྟོག་པའི་རླུང་རྣམས་ཀྱི་གྲངས་ནི་བརྒྱ་རྩ་བརྒྱད་ཀྱི་གྲངས་ཅན་རྣམ་པར་འབྱེད་པའི་ངོ་བོ་སྔོན་དུ་གསུངས་པའི་བཅུ་གསུམ་པའི་ལྷག་མ་དྲི་བ་ཉི་ཤུ་རྩ་གསུམ་པའོ། །གང་གི་ཕྱིར་བསྐྱེད་པའི་རིམ་བ་སྒོམ་པ་སྔོན་དུ་འགྲོ་བས་རྡོ་རྗེ་བཟླས་པའི་ངོ་བོ་བདུན་དུ་བསྟན་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྣམ་རྟོག་རླུང་ནི་རྣམ་གཅོད་པ། །ཉིན་དང་མཚན་དུ་ངེས་པར་ནི། །བརྒྱ་དང་བརྒྱད་ཀྱིས་ལྷག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་ནིང་གི་བཟླས་པའི་གནས་སྐབས་ཀྱི་ཆོ་ག་ཅན་ནོ། །དེ་ཡང་དག་གི་རྣམ་པར་རྟོག་པ་འཇོམས་པར་བྱེད་པའི་ཕྱིར་རྣམ་པར་རྟོག་པ་འཆར་བའོ། །རྡོ་རྗེ་བཟླས་པའི་ལྷག་མར་གྱུར་པའི་དྲི་བ་
སུམ་ཅུ་རྩ་བཞི་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྣམ་རྟོག་མེད་པའི་རླུང་ཤར་བ། །གང་ཤེས་རྡོ་རྗེ་སེམས་དཔའ་ནི། །རང་ངོས་གོ་འཕང་བཟང་པོ་ཐོབ། །རྟོག་པ་མེད་པའི་རླུང་ཆེན་མོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་བདག །བསྒོམ་དང་སྒོམ་པ་མིན་པར་བྲལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩ་རྣམས་ཇི་ལྟར་ནུབ་པ་དང༌། །ཞེས་བྱ་བ་ནི་འཁོར་ལོ་བཞིའམ་འཁོར་ལོ་དྲུག་ལ་གནས་པའི་རྩ་རྣམས་ཇི་ལྟར་མི་ནུབ་པར་འགྱུར་ཞེས་ཉི་ཤུ་རྩ་དྲུག་པའི་ལྷག་མར་འགྱུར་བའི་དྲི་བའི་ཡུལ་ལ་དྲི་བ་ནི་སུམ་ཅུ་རྩ་ལྔ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྩ་རྣམས་ནུབ་པའི་རྣལ་འབྱོར་ནི། །དེ་ཁོ་ན་ཉིད་བཤད་ཀྱིས་ཉོན། །ཡུལ་དང་དབང་པོ་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས་ཇི་སྲིད་དུ། ཡུལ་རྣམས་དངོས་པོ་མེད་པ་ཡིས། །ཡང་དག་ཡེ་ཤེས་དེ་ཉིད་ཕྱིར། །དེ་ནི་ལ་ལོངས་སྤྱོད་ཕྱིར། །དངོས་སུ་ཡུལ་རྣམས་དངོས་མེད་ཕྱིར། །དབང་པོ་རྣམས་ནི་སྐྱེ་བ་མིན། །ཞེས་གསུངས་སོ། །སྦྱོར་པ་དྲུག་གིས་ཇི་ལྟར་རྩོམ། །ཞེས་བྱ་བ་ནི། སྔོན་དུ་བསྟན་པའི་དྲི་བར་ཅོ་ལྔ་པ་ལས། །གང་ཞིག་འཁོར་ལོ་རྣམས་ཀྱི་གྲངས། །ཞེས་བྱ་བ་ནི་ལྷག་མར་གྱུར་པ་སྦྱོར་བ་དྲུག་གིས་སྒོམ་པ་ཇི་ལྟར་རྩོམ་ཞེས་དེའི་ཡུལ་ལ་དྲི་བ་ནི་སུམ་ཅུ་རྩ་དྲུག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྦྱོར་དྲུག་གོ་འཕང་མཚན་ཉིད་ནི། །ཇི་ལྟར་ཇི་ལྟ་བ་བཞིན་སྦྱོར། །ཇི་ལྟར་གྲངས་ཀྱི་དབྱེ་བ་ཡིས། །རྣམ་པ་དྲུག་པོ་དེ་ལས་ཕྱེད། །དེ་བཞིན་བརྒྱད་བརྒྱད་དེ་ནས་བརྒྱད། །བརྒྱད་གཉིས་བརྒྱ་ཕྲག་བཞི་དང་ནི། །དེ་ལྟར་གྲངས་ཀྱི་སྦྱོར་བ་གསལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱི་མཚན་ཉིད་ཇི་ལྟ་བུ། །ཞེས་བྱ་བ་ནི། བསྟན་མ་ཐག་པའི་འཁོར་ལོ་དྲུག་གི་རིམ་པས་དུས་གསུམ་མཚོན་པར་བྱའོ་ཞེས་དེའི་དོན་དུ་དུས་ཀྱི་མཚན་ཉིད་ཀྱི་ཡུལ་ལ་དྲི་བ་ནི་སུམ་ཅུ་རྩ་བདུན་པའོ། །ཇི་སྐད་དུ་འཆད་པར་འགྱུར་པ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །དུས་ཀྱི་མཚན་ཉིད་སྡོམ་པ་ནི། །རྣལ་འབྱོར་གང་གིས་རྣམ་པར་ཤེས། །གྲངས་ཀྱི་རྣལ་
འབྱོར་བླ་ན་མེད། །དུས་ཀྱི་དུས་ཚོད་ཞེས་སུ་བཤད། །བསམ་དང་བསམ་མིན་དོ་བོ་ནི། །བཟང་པོའི་དུས་དང་ངན་པའི་དུས། །རྣམ་པ་གཉིས་ནི་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བའི་ཡང་ནི་འབྲས་བུ་ཆེ། །ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པའི་དུས་ཉམས་སུ་མྱོང་བའི་རྗེས་ལ་གསང་བའི་དོན་དང་འབྲས་བུ་ཇི་ལྟ་བུ་ཞེས་དེའི་ཡུལ་ལ་དྲི་བ་ནི་སུམ་ཅུ་རྩ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་པར་བྱ། །གསང་བའི་འབྲས་བུ་མཆོག་ཉིད་ཉོན། །གང་གིས་དངོས་གྲུབ་མཆོག་ཏུ་འགྲོ། །ཕྱག་རྒྱ་ཆེན་པོ་ཡང་དག་བསྟེན། །གསང་བའི་སྤས་པ་ཞེས་ནི་བཤད། །རྣལ་འབྱོར་བྱིས་པས་མི་ཤེས་ཤིང༌། །བཞི་པའི་དབང་ཞེས་བྱ་བའི་མིང༌། །ཞལ་ནས་ཞལ་དུ་བརྒྱུད་རིམ་གནས། །མཆོག་ཏུ་ཞི་བའི་ཡེ་ཤེས་ཆེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་དབྱིངས་དང་ཞེས་བྱ་བ་ནི། ཇི་ལྟ་བུ་ཞེས་བྱ་བའི་ལྷག་མའོ། །གསང་བའི་འབྲས་བུ་ནི་མིང་གི་རྣམ་གྲངས་ལ་དེའི་ཡུལ་ལ་དྲི་བ་སུམ་ཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་པ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཆོས་ཀྱི་དབྱིངས་ནི་གོ་འཕང་མཆོག །ཆོས་ཀུན་དབུས་ན་ཁྱབ་པའི་མཆོག །ཆོས་ཀྱི་དབྱིངས་ཞེས་དེ་ལ་བརྗོད། །ཀུན་ཁྱབ་མཆོག་ཏུ་ཕྲ་པ་དང༌། །ཐམས་ཅད་དུ་ནི་ཀུན་ནས་འཆར། །ཞེས་བྱ་པ་ལ་སོགས་པ་གསུངས་སོ། །དེ་ཡང་གཙོ་བོ་དང་གཙོ་བོ་མ་ཡིན་པའི་དབྱེ་བ་རྣམ་པ་གཉིས་ཏེ། དེའི་ཡུལ་ལ་དྲི་བ་ནི་བཞི་བཅུ་པའོ། །རྡོ་རྗེ་ཡང་ཞེས་བྱ་བ་ནི་དེའི་གནས་སྐབས་ཉིད་ཀྱི་ཕྱིར་རོ། །དེ་ཡང་གཙོ་བོ་དང་གཙོ་བོ་མ་ཡིན་པའི་དབྱེ་བས་སྔོན་བཞིན་ནོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེ་གསུངས། །རྡོ་རྗེ་ཡི་ནི་མཚན་ཉིད་མཆོག །དེ་ནས་རྣམ་པར་ཕྱེ་བ་ཉོན། །ཇི་ལྟ་བ་བཞིན་བཤད་པར་བྱ། །རྡོ་རྗེ་མི་ཕྱེད་ཅེས་ནི་གསུངས། །ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གཞུང་འདི་ཙམ་གྱིས་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་ནས་བཤད་པའི་ཡུལ་ལ་དྲི་བའི་ཚོགས་གསུངས་སོ། །ད་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་པུའི་བཤད་པའི་
དབྱེ་བ་དྲི་བའི་རིམ་པ་ལ་འཇུག་པའི་ཕྱིར། རིགས་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། རིགས་ནི་རྒྱུན་ནོ། །དེ་རྣམ་པ་དུ་ཞེས་གྲངས་ཀྱི་ཡུལ་ལ་དྲི་པ་ནི་བཞི་བཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རིགས་ཀྱི་དབྱེ་བའི་དོན་བསྡུས་པ། །དེ་ཚེ་རིགས་ནི་རྣམ་པ་ལྔ། །རྩ་བའི་རྒྱུད་ནི་གསལ་བར་གསུངས། །སྤྲོ་བའི་སྦྱོར་བའི་དབྱེ་བ་ཡིས། །རྣལ་འབྱོར་ཆེན་པོའི་དམ་ཚིག་གོ །རྒྱུད་དུ་གྲངས་ཀྱི་དབྱེ་པ་ནི། །གང་དག་དེ་ཉིད་གསལ་བར་གསུངས། །ཞེས་བྱ་པ་ལ་སོགས་པ་གསུངས་སོ། །ཕྱག་རྒྱའི་དབྱེ་བ་ཇི་ཙམ་ཞིག །ཅེས་བྱ་པ་ནི། ཐབས་ཀྱིས་རབ་ཏུ་དབྱེ་པ་ནི་བསྟན་ཟིན་ཏོ། །རིགས་དཔག་ཏུ་མེད་པའི་དབྱེ་བ་དང༌། རིགས་བརྒྱའི་དབྱེ་བ་དང༌། རིགས་ལྔའི་དབྱེ་བ་ཇི་ཙམ་ཞིག་ཅེས་དེའི་ཡུལ་ལ་དྲི་བ་གཙོ་བོ་དང༌། གཙོ་བོ་མ་ཡིན་པའི་དབྱེ་བས་བཞི་བཅུ་རྩ་གཉིས་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཕྱག་རྒྱའི་དབྱེ་བ་བླ་ན་མེད། །ལས་དང་ཆོས་དང་དམ་ཚིག་དང༌། །ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། །ལས་རྣམས་ངེས་པའི་རྣམ་སྨིན་གྱིས། །འབྲས་བུ་རྒྱས་བཏབ་ལྟ་བུར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལ་སོགས་སྐྱེ་མཆེད་ཅི། །ཞེས་བྱ་བ་ནི། ཕུད་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཇི་ལྟ་བུ་ཞེས་སྔར་བསྟན་པའི་རིགས་ཀྱི་དབྱེ་བའི་ལྷག་མར་གྱུར་པའི་དྲི་བ་བཞི་བཅུ་རྩ་གསུམ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་ཡང་དག་བཤད། །ཕུང་སོགས་སྐྱེ་མཆེད་མཚན་ཉིད་ནི། །ཛི་ན་ཛི་ཀ་ནི་གཟུགས་ཞེས་བཤད། །བཛྲ་དྷྲྀ་ཀ་ནི་རྣན་ཤེས་དང༌། །རཏྣ་དྷྲྀ་ཀ་ནི་ཚོར་བར་གསུངས། །ཨཱ་རོ་ལི་ཀ་ནི་འདུ་ཤེས་གྲགས། །པྲ་ཛྙཱ་དྷྲྀ་ཀ་ནི་འདུ་བྱེད་དང༌། །དེ་ལྟར་ཕུང་པོར་རབ་ཏུ་གྲགས། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་མིང་ནི་ཅི་ཞིག་བྱ་བ་ནི། ཕྱག་རྒྱའི་དབྱེ་བ་ཇི་ཙམ་ཞིག །ཅེས་དྲི་བ་ཕྱོགས་གཅིག་པ་ལ་བཞི་བཅུ་རྩ་གཉིས་པའི་ལྷག་མར་གྱུར་པ་ཕྱག་རྒྱ་ཆེན་པོའི་ཡུལ་ལ་དྲི་པ་བཞི་བཅུ་རྩ་བཞི་པའོ། །ཇི་སྐད་དུ་འཆད་པར་འགྱུར་པ་ལས། །དེ་ནས་གཞན་ཡང་བཤད་བྱ་པ། །ཕྱག་རྒྱ་ཆེན་པོའི་དོན་མཚན་ཉིད། །རྣལ་འབྱོར་ཆེན་པོའི་འབྲས་བུ་ནི། །ཡེ་ཤེས་ཆེན་པོའི་དོན་བསྡུས་པ། །ཞེས་གསུངས་སོ། །རོ་རྣམས་ཀྱི་ནི་དབྱེ་བ་དང༌། །ཞེས་བྱ་
པ་ནི། ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་དུས་སུ། འདར་དང་རྡུལ་དང་བ་སྤུ་ལངས། །དབྱངས་ཀྱི་དབྱེ་བ་སྤྲུག་པ་དང༌། །ལུགས་བསྒྱུར་མཆི་མ་ཐིམ་པ་དང༌། །སྙིང་སྟོབས་ཉམས་ནི་བརྒྱད་པོ་རྣམས། །ཞེས་གསུངས་སོ། །དེ་ལྟ་པུར་གྱུར་པའི་སྒེག་པའི་ཉམས་ཀྱི་དབྱེ་བ་རྣམས་ཇི་ལྟ་བུ་ཞེས་དེའི་ཡུལ་ལ་དྲི་བ་བཞི་བཅུ་རྩ་ལྔ་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཉམས་ཀྱི་མཚན་ཉིད་དབྱེ་བ་ནི། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད། དགའ་བ་རྒྱགས་པ་རྩ་ཡི་ཆ། །ཁོང་སྟོང་འདར་བ་སྐྱེ་པར་བྱེད། །ཅེས་བྱ་བའི་བར་གྱིས་སོ། །བདག་གི་སྒྲ་ནི་གང་ན་གནས། །ཞེས་བྱ་བ་ནི། སྔར་བཤད་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་ཡུལ་ལ་དྲི་བ་བཞི་བཅུ་རྩ་བཞི་པའི་ལྷག་མར་གྱུར་པ་ཨ་ཧཾ་གི་ངོ་བོ་དེའི་རྣམ་པར་དག་པ་སྒྲ་གང་ན་གནས་ཞེས་དེའི་ཡུལ་ལ་དྲི་བ་བཞི་བཅུ་རྩ་དྲུག་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །བདག་ཅེས་བྱ་བ་སྒྲ་ཡི་རྟེན། །གང་གིས་ཡང་དག་ཤེས་པ་ཡིས། །འཁོར་བའི་འཆིང་བར་མཚན་ཉིད་དོ། །ཨ་ཧཾ་འཁོར་པར་འཆིང་བ་ཡི། །དེ་ནི་ཡོངས་ཟད་གྲོལ་བ་ཡིན། །ཨ་ནི་དངོས་པོ་ཀུན་གྱི་མཆོག །ལུས་རྣམས་ཀུན་ལ་ལྷག་པར་གནས། །ཞེས་གསུངས་པ་དང༌། ཧཾ་ཡིག་དངོས་པོ་དང་བྲལ་བ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །དབང་པོ་ལས་འདས་མི་གསལ་པ། །རྣམ་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་ཉིད་དབྱེ་བ་བསྡུས་པ་དང༌། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོའི་དྲི་བ་བཞི་བཅུ་རྩ་བཞི་པའི་ལྷག་མར་གྱུར་པ། སྟོང་ཉིད་དབྱེ་བ་བསྡུས་པ་དྲི་བའི་ཡུལ་བཞི་བཅུ་རྩ་བདུན་པའོ། །ཇི་སྐད་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སྟོང་ཉིད་དབྱེ་བ་བསྡུས་པ་ནི། །རྣལ་འབྱོར་པ་ནི་གང་གིས་ཤེས། །སྟོང་ཉིད་དེ་ནི་ཤེས་པར་འགྱུར། །མི་མཐུན་པ་དང་གཉེན་པོའི་ཕྱིར། །སྟོང་ཉིད་བསྒོམ་པར་ཡོངས་སུ་གསུངས། །ནང་གི་བདག་ཉིད་ཆོས་རྣམས་ནི། །ཀུན་དུ་རྟོག་པའི་གཉེན་པོ་དང༌། །ཕྱིན་ཅི་ལོག་གི་རྣམ་དག་པ། །ཕྱི་ནང་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་སོ། །སྟོང་པ་ཉིད་ནི་གང་དུ་སྐྱེ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་
དྲི་བའི་ལྷག་མར་གྱུར་པ་དྲི་བ་འདི་ནི་བཞི་བཅུ་རྩ་བརྒྱད་པའོ། །དེ་ཡང་བསྐྱེད་པའི་རིམ་པས་ཞལ་དང་ཕྱག་དང་དབྱིབས་བསྒོམ་པའི་བདག་ཉིད་ཅན་ནོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སྟོང་པ་ཉིད་ནི་སྐྱེ་བའི་རྒྱུ། །ཞེས་བྱ་བ་ནས་བརྩམས་ནས། །རྡོ་རྗེ་ཕྲེང་བ་དེ་ལྟར་བཤད། །སྲོག་གི་རྟེན་གྱི་མཚན་ཉིད་དོ། །སྐུ་མདོག་སྔོན་པོ་ཞལ་གསུམ་པ། །སྤྱན་གསུམ་པ་ལ་ཕྱག་རྒྱ་མཆོག །ཅེས་བྱ་བའི་བར་དུ་གསུངས་སོ། །ཉིན་མོ་དང་ནི་མཚན་མོ་གང༌། །ཞེས་བྱ་བ་ནི། དེ་ལྟ་བུའི་རྣམ་པས་རྡོ་རྗེ་ཕྲེང་བ་བསྒོམ་པ་ལ་ཐུན་མཚམས་བཞི་ལ་འོས་པ་ཉིད་ཀྱི་ཕྱིར་དེའི་དོན་དུ་ཉིན་མོ་དང་མཚན་མོའི་ཡུལ་ལ་དྲི་བ་བཞི་བཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །མཚན་མོ་ཉིན་མོའི་མཚན་ཉིད་ནི། །མཚན་མོ་ཤེས་རབ་ཤེས་པར་བྱ། །འབྱུང་བ་ཐམས་ཅད་ཐིམ་ནས་འགྲོ། །ཞེས་བྱ་བ་ནས་བརྩམས་ནས། ཇི་སྲིད། ཉིན་མོ་སླར་ཡང་ཐབས་སུ་བཤད། །ཐབས་ནི་ཉིན་མོར་གྱུར་པ་དང༌། །ཞེས་བྱ་བའི་བར་དུ་གསུངས་སོ། །ཨཱ་ལི་ཀཱ་ལིའི་བརྡ་དང་ནི། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་སྟོང་པ་ཉིད། །གང་དུ་སྐྱེ་བ་འགྱུར་ཞེས་དེ་ལྟ་བུའི་རྣམ་པས་དྲི་བ་བཞི་བཅུ་རྩ་བརྒྱད་པའི་ལྷག་མར་གྱུར་བ། ཨཱ་ལི་ཀཱ་ལིའི་བརྡ་ནི་གང༌། །ཞེས་དེའི་ཡུལ་ལ་དྲི་བ་ལྔ་བཅུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཨཱ་ལི་ཀཱ་ལིའི་དམ་ཚིག་ནི། །རྒྱུད་རྣམས་ཀུན་དུའང་གསུངས་པ་ཡི། །རྒྱལ་སྲས་རྣམས་ལ་དགོངས་པ་ནི། །འོད་གསལ་གོ་འཕང་ལས་སྐྱེས་པ། །སྣང་བ་མཆེད་པའི་མཚན་ཉིད་ནི། །གསལ་བྱེད་སུམ་ཅུ་རྩ་གསུམ་ལྡན། །ཨཱ་ལིའི་དཀྱིལ་འཁོར་རྒྱས་པ་ཡི། །སྣང་བ་མཆེད་པའི་གོ་འཕང་ནི། །སྣང་བ་ལས་བྱུང་ཟད་པ་མེད། །དབྱངས་ནི་དྲུག་ཅུ་དང་ལྡན་པ། །ཨཱ་ལིའི་འཁོར་ལོ་རྒྱས་པ་ཡི། །ཞེས་གསུངས་སོ། །མཚམས་ཀྱི་འཆར་བ་ཇི་ལྟ་བུ། །ཞེས་བྱ་བ་ནི། མཚམས་ནི། སྣང་བ་ཉེ་བར་ཐོབ་པ་ཡིས། །ངོ་བོར་ཤར་བ་ཇི་ལྟ་བུ། །ཞེས་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །མཚམས་ཀྱི་མཚན་ཉིད་བླ་ན་མེད། །སྣང་དང་
མི་སྣང་བྲལ་བའི་མཚམས། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །གཉིས་འདྲེས་པ་ཡི་དབུས་ན་གནས། །འཕགས་ཤིང་གོས་པ་རྣམ་པར་སྤངས། །རྡོ་རྗེ་པདྨ་འཆི་མེད་སྐྱེས། །ཟླ་བ་ཉི་མ་ཡང་དག་འདྲེས། །མཐའ་ནི་ཡང་དག་མི་འགྲོ་གང༌། །མཚམས་དེ་སྲིད་པ་དག་པར་བྱེད། །ཅེས་བྱ་བའི་བར་གྱི་གཞུང་གིས་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་པུ་གཙོར་བྱས་པའི་དོན་གྱི་དབྱེ་བ་བཤད་པ་དྲི་བའི་ཚོགས་གསུངས། ད་ནི་གཙོ་པོ་མ་ཡིན་པར་གྱུར་པའི་དྲི་བའི་ཚོགས་བརྗོད་པར་བྱ་སྟེ། སྔོན་དུ་བསྙེན་སོགས་སློབ་དཔོན་དང༌། །ཆོ་ག་ཉི་ཤུ་ལས་དང་ནི། །ཞེས་བྱ་བའི་རང་གི་ངོ་བོ་ཇི་ལྟ་བུ་ཞེས་བྱ་བའི་ལྷག་མའོ། །དཔལ་གསང་བ་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྟོན་པར་བྱེད་པའི་ཆོ་ག་ཉི་ཤུ་ལས་བཅས་པའི་ཕྲིན་ལས་ཀྱི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་གཉིས་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྣམ་པ་ཉི་ཤུའི་མིང་ཅན་ནོ། །སློབ་དཔོན་ལས་སུ་ཡོངས་སུ་བཤད། །སྔགས་ཀྱི་རྣལ་འབྱོར་ལེགས་རྒྱས་པ། །སྔོན་དུ་བསྙེན་པས་སྦྱང་བ་དང༌། །དེ་ནས་འབྱུང་པོ་བསྐྲད་པ་དང༌། །ས་བཟུང་ཉིད་དང་སྦྱངས་པ་དང༌། །ཐིག་སྐུད་ལྷག་པར་གནས་པ་དང༌། །བགེགས་བསྐྲད་ཤིན་ཏུ་གསལ་པ་དང༌། །དེ་བཞིན་དཀྱིལ་འཁོར་ཐིག་གདབ་དང༌། །ཕུར་བུ་གདབ་དང་བརྡུང་བ་དང༌། །བུམ་པ་བྱིན་གྱིས་བརླབ་པ་དང༌། །བཅོམ་ལྡན་འདས་ཀྱི་ལྷག་གནས་དང༌། །ཁྲུས་དང་རབ་ཏུ་སྦྱངས་པ་དང༌། །མཆོད་པ་རབ་གནས་གཏོར་མ་དང༌། །སློབ་མ་ལྷག་པར་གནས་པ་དང༌། །མེ་ལ་སྦྱིན་སྲེག་ཆོ་ག་བཞིན། །དབང་བསྐུར་བ་དང་གཤེགས་སུ་གསོལ། །དེ་ལྟར་ཆོ་ག་ཉི་ཤུ་ལས། །གང་གིས་དེ་ཤེས་འགྲོ་བའི་བླ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་མཚན་ཅི་ཞིག་འབྲས་བུའང་ཅི། །ཞེས་བྱ་བ་ནི། ཆོ་ག་ཉི་ཤུ་ལས་བཤད་པ་ལ་རྒྱུ་མཚན་ནི་གང་དང་འབྲས་བུ་ནི་གང་ཞེས་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་གསུམ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །དེ་ཡི་རྒྱུ་མཚན་འབྲས་བུ་ནི། །ལས་ནི་ཆོ་ག་ཉི་ཤུ་བཤད། །དབང་ཕྱུག་ཆེན་པོའི་རྒྱུ་མཚན་ཅི། །དེ་ཡི་འབྲས་བུ་ཅི་ཞིག་འགྱུར། །འདི་ནི་ཆེན་པོའི་ཆེན་པོས་གསུངས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ལས་ཀྱི་རྒྱུ་མཚན་འབྲས་བུ་
དང། །སྔོན་དུ་བསྙེན་པ་ལ་སོགས་པ། །རྒྱུ་མཚན་འཇིག་རྟེན་དངོས་གྲུབ་བརྒྱད། །སེར་སྣ་ལ་སོགས་བསལ་བའི་ཕྱིར། །སངས་རྒྱས་མཆོད་པ་རྣམ་བསྒོམ་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ། དཀྱིལ་འཁོར་ས་བོན་ཕྲ་རབ་དང༌། །དེ་བཞིན་གཤེགས་པ་ཐམས་ཅད་མཉམ། །མཆོད་པ་ཉིད་དུ་འགྱུར་བ་དང༌། །དེ་ལྟར་འབྲས་བུ་འཁོར་ལོ་འཇུག །སངས་རྒྱས་ཐམས་ཅད་རྟག་མཆོད་ན། །ལས་ཀྱི་སྒྲིབ་པ་དག་པར་འགྱུར། །ཞེས་གསུངས་སོ། །མཆོད་པའི་ཆོ་ག་ཇི་ལྟར་གསུངས། །ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་ལྷག་མའོ། །ཆོ་ག་ཉི་ཤུ་པོ་འདི་ཉིད་ཀྱི་ལས་ཀྱི་ལྷག་མར་གྱུར་པའི་དྲི་བ་ལྔ་བཅུ་རྩ་བཞི་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་རྡོ་རྗེ་སེམས་དཔས་གསུངས། །མཆོད་པའི་ཆོག་བླ་ན་མེད། །གཉིས་མེད་མཉམ་པའི་རྣལ་འབྱོར་གྱིས། །ལུས་ལ་མཆོད་པའི་ཆོ་གའི་རིམ། །རྡོ་ཤིང་ས་དང་གསེར་གྱི་ནི། །སྐུ་གཟུགས་ལ་ནི་ཕྱག་མི་བྱ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །དེ་ནི་ནམ་ཡང་མི་བྱ་སྟེ། །རིན་ཆེན་རྡོ་ཆུ་དཀོན་མཆོག་སོགས། །བདག་ཉིད་ལྔ་ནི་རྟག་ཏུ་མཆོད། །ཅེས་བྱ་བ་ལ་སོགས་པ་དང༌། །དེ་བཞིན་དུ། དེ་ལྟར་དེ་དག་རྣམ་ཤེས་བྱ། །རྩ་རྣམས་ལ་ཡང་མཆོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་ལྷ་ཡི་རང་བཞིན་དང༌། །ལྷ་མོའི་མིང་ནི་ཇི་ལྟར་གསུངས། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པའི་ལྷ་མོ་ཇི་ལྟ་བུ་ཞེས་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་ལྔ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ལྷ་རྣམས་ཀྱི་ནི་མཚན་ཉིད་མཆོག །རྣལ་འབྱོར་བདེ་བ་རྟོགས་པ་རྣམས། །རྩ་ཡི་དབྱེ་བའི་རང་བཞིན་གྱིས། །རྟག་ཏུ་ལུས་ལ་རྩེད་འཇོ་བྱ། །དེ་ཡིས་ལྷ་རྣམས་སུ་ནི་བཤད། །རྟག་ཏུ་བདེ་བ་ཀུན་གྱི་དགའ། །ཀུན་ནས་རྣམ་པར་སྒེག་པའི་ལུས། །བདེ་བ་ཆེན་པོ་ཡི་ནི་བཞི། །ལྷ་ཉིད་དུ་ནི་ཡང་དག་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གཙོ་བོ་མ་ཡིན་པའི་དོན་དུ་བཤད་པའི་ཡུལ་གྱི་དྲི་བའི་ཚོགས་གསུངས་ནས། ད་ནི་སླར་ཡང་གཙོ་བོ་དང་གཙོ་བོ་མ་ཡིན་པའི་དབྱེ་བས་རྒྱུད་དུ་ཐོག་མར་གསུངས་པའི། འདི་སྐད་བདག་
སོགས་ཇི་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་གསང་བ་འདུས་པ་ལ་སོགས་པར་བསྟན་པའི་དོན་རྒྱས་པར་ཞེས་བྱ་བ་ནི་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་དྲུག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཨེ་བཾ་ཞེས་བྱའི་ཡི་གེ་གཉིས། །ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་བཾ་ནི་ཐུགས་རྗེ་དང༌། །ཐིག་ལེ་གཉིས་ནི་སྦྱོར་ལས་བྱུང༌། །ཨེ་བཾ་གཉིས་ནི་སངས་རྒྱས་རྣམས། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་ནི། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་ཅེས་སོགས་དང་པོའི་ངག །དོན་རྒྱས་པར་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་ཡི་གེ་རེ་རེའི་བཤད་པའི་དབྱེ་བས་སྤས་པའི་དོན་གྱི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་བདུན་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཨེ་བཾ་ལ་སོགས་དོན་རྒྱས་པ། །གོང་གི་ཡང་དག་ཡོངས་ཤེས་པ། །ཆོས་ཀྱི་དེ་ཉིད་ཡང་དག་རྟོགས། །ཨེ་ནི་ཤེས་རབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་གི་བདག་ཉིད་སྦྱིན་སྲེག་ཅི། །ཞེས་བྱ་བ། ཆོ་གཉི་ཤུ་པའི་ལས་ཀྱི་སྐབས་སུ་སྦྱིན་སྲེག་གསུངས་པ་ཡང་སྤྱིའི་སྦྱིན་སྲེག་གི་མཚན་ཉིད་དང་བྲལ་བའི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་ཇི་ལྟ་བར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ནང་གི་བདག་ཉིད་སྦྱིན་སྲེག་མཆོག །ནང་དུ་རྒྱུ་བའི་འབྱུང་བ་རྣམས། །གང་གིས་ཚིམ་པར་གྱུར་པ་དང༌། །རྣམ་རྟོག་བག་ཆགས་ས་བོན་རྣམས། །ཕུང་པོ་ལྔ་ཡི་བུད་ཤིང་དང༌། །རྣལ་འབྱོར་ཡེ་ཤེས་ཆེན་པོའི་མེས། །རྟག་ཏུ་སྦྱིན་སྲེག་རྨད་བྱུང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་རྩི་ལྔ་ནི་བཟའ་བ་དང༌། །ཞེས་བྱ་བས་ནི། ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་བསྟན་ནས། ཁྱད་པར་དུ་འཕགས་པའི་དམ་ཚིག་བསྟན་པའི་ཕྱིར་དེའི་རྗེས་སུ་དེའི་ཡུལ་ལ་དྲི་བ་ལྔ་བཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །ཇི་ལྟར་རིགས་པའི་རིམ་པ་བཞིན། །རྣམ་པར་སྣང་མཛད་མི་བསྐྱོད་པ། །དོན་ཡོད་
གྲུབ་པ་འོད་དཔག་མེད། །རིན་ཆེན་རྒྱལ་མཚན་ལྔ་པ་འདི། །བདུད་རྩི་ལྔ་སྒྲུབ་པར་འགྱུར་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱའོ་ཞེས་དེའི་རྗེས་སུ་ཚོགས་ཀྱི་འཁོར་ལོའི་ཡུལ་ལ་དྲི་བ་དྲུག་ཅུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཚོགས་ཀྱི་འཁོར་ལོའི་ཆོ་ག་མཆོག །གང་གིས་མཆོད་པ་དངོས་གྲུབ་ནི། །རྒྱལ་སྲས་རྣམས་ནི་གཞན་དུ་འགྲོ། །རྣལ་འབྱོར་པ་དང་ལྷན་ཅིག་ཏུ། །སྒྲུབ་པ་པོ་ཕྱིར་ཡང་དག་གནས། །ཕྱག་རྒྱ་བརྡ་ནི་ཡོངས་ཤེས་ཤིང༌། །དེ་དང་དམ་ཚིག་ལ་ནི་འཇུག །ཅེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ། རྣལ་འབྱོར་མ་དང་ལྷན་ཅིག་འདྲེས། །རབ་ཏུ་བཤད་ཀྱིས་དེ་ཉོན་ཅིག །གདུག་པའི་མཁའ་འགྲོ་མ་འགའ་ཞིག །སེམས་རྟོག་པ་ཡི་ཕྱིར་འོངས་ནས། །དེ་ལ་དེ་ཚེ་སྨྲས་པ་ཡང༌། །སྒྲུབ་པ་པོས་ནི་མི་བྱ་ཞིང༌། །ཞེས་གསུངས་སོ། །དེ་བཞིན་གསང་བའི་བརྡ་དང་ནི། །ཞེས་བྱ་བ་ནི། དག་གི་བརྡའི་ངོ་བོ་གསང་བའི་བརྡ་དེའི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །གསང་བའི་ཚིག་གི་བཤད་པ་ནི། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དུ། རབ་ཏུ་རྟོག་ནས་ཆང་འཐུངས་པས། །དཔའ་བོ་ཤར་ནི་མངོན་པར་བརྗོད། །ན་ལིན་པ་ཏྲོཾ་ཐོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམས་ནི་ཇི་ལྟར་གསུངས། །ཞེས་བྱ་བ་ནི། དེའི་ཡུལ་ལ་དྲི་བ་སྔོན་དུ་གསུངས་པའི་བར་དུ་དཀྱིལ་ལས་ཀྱི་ལྷག་མར་གྱུར་པ་དྲུག་ཅུ་རྩ་གཉིས་པའི་དྲི་བའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །སྐུ་ནི་མགོ་བོར་གནས་པ་ཡི། །སུམ་ཅུ་རྩ་གཉིས་བྱང་སེམས་འབབ། །དེ་ནི་སོ་སོར་རབ་ཕྱེ་བས། །སྐུ་ཡི་འཁོར་ལོར་ཤེས་པར་བྱ། །ཡི་གེ་ཕྱི་མོའི་དབྱེ་བ་ཡིས། །གསུང་ལ་གནས་པར་རབ་ཏུ་ཤེས། །ཆགས་སོགས་བག་ཆགས་དབྱེ་བ་ཡིས། །ཐུགས་ཀྱི་འཁོར་ལོ་ཉིད་དུ་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་དམ་ཆོས་དགེ་འདུན་གྱི། །མིང་རྣམས་བཤད་པ་ཇི་ལྟ་བུ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་སྐུ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷག་མར་གྱུར་པ་
སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་པོའི་ངེས་པའི་ཚིག་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་གསུམ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སངས་རྒྱས་དམ་ཆོས་དགེ་འདུན་དང༌། །ཞེས་བྱ་བ་ནས་བར་གྱི་གཞུང་ཅུང་ཟད་དོར་བས། །དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་གང་དུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བླ་མ་སྟོན་པ་སློབ་དཔོན་དང༌། །རྡོ་རྗེ་འཆང་གི་བཤད་པ་ཅི། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་དཀོན་མཆོག་གསུམ་ཉེ་བར་སྟོན་པ་པོ་ནི་བླ་མ་སྟེ་ཞེས་དེའི་ཡུལ་ལ་དྲི་བ་དང་ད་བཞིན་དུ་སྟོན་པ་ཞེས་བྱ་བ་ནི་སློབ་མ་ལ་རྗེས་སུ་སྟོན་པའོ། །དེ་བཞིན་དུ་སློབ་དཔོན་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པའི་སྤྱོད་པ་གཞན་དག་ལ་སློབ་པར་བྱེད་པས་ན་སློབ་དཔོན་ཞེས་བྱའོ། །རྡོ་རྗེ་འཆང་གིས་ཞེས་བྱ་བ་ནི་ཚར་གཅད་པ་དང་རྗེས་སུ་གཟུང་བར་ནུས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་བླ་མ་དང་སྟོན་པ་དང་སློབ་དཔོན་དང་རྡོ་རྗེ་འཆང་གི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་བཞི་པ་དང༌། རྩ་ལྔ་པ་དང༌། རྩ་དྲུག་པ་དང༌། རྩ་བདུན་པ་རྣམས་སོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། ཞི་བ་ལ་སོགས་པ་ལ་མཁས། །སྔགས་དང་རྣལ་འབྱོར་ཆོ་ག་ཤེས། །ཆོ་ག་ཉི་ཤུའི་བྱ་བ་བསླབ། །དེ་ནི་བླ་བར་མངོན་པར་བརྗོད། །ཅེས་གསུངས་པ་དང༌། དེ་བཞིན་དུ། ནང་དུ་གསུང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསླབས། །དེ་ནི་སྟོན་པར་ཡོངས་སུ་ཤེས། །ཇི་སྐད་སྨྲ་བ་དེ་བཞིན་བྱེད། །རྟོགས་པ་རྣམས་ཀྱང་དཀྱིལ་འཁོར་སོགས། །དོན་དམ་པ་ཡི་བྱ་བ་དང༌། །སླར་ཡང་སྣང་བ་གསུམ་དང་ནི། །གྲུབ་ནས་གཞན་ཡང་སློབ་ཏུ་འཇུག །རྣལ་འབྱོར་མཆོག་གི་སྤྱོད་པ་ལ། །དེ་ནི་སློབ་དཔོན་ཞེས་བྱའོ། །ཞེས་གསུངས་པ་དང༌། དེ་བཞིན་དུ། ཟབ་ཅིང་རྒྱ་ཆེར་ཡང་དག་ལྡན། །རྡོ་རྗེ་སེམས་དཔའ་གཉིས་པ་མཆོག །ཚར་གཅོད་ཕན་འདོགས་པ་ལ་མཁས། །དེ་ནི་རྡོ་རྗེ་འཆང་དུ་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་མའི་ཡོན་ཏན་གང་ལྡན་ན། །རྣལ་འབྱོར་རྒྱུད་ཀྱི་སྣོད་དུ་འགྱུར། །ཞེས་བྱ་བ་ནི།
སྟོན་པས་བསྟན་པའི་གནས་སྐབས་ཀྱི་གདོན་མི་ཟ་བར་སློབ་མར་ཡོད་པར་འགྱུར་གྱི་གཞན་དབང་ཉིད་ཀྱི་ཕྱིར་དེའི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་བརྒྱད་པའོ། །རྣལ་འབྱོར་རྒྱུད་ཅེས་བྱ་བ་ནི། །དཔལ་གསང་བ་འདུས་པ་ལ་སོགས་པ་རྣམས་ལའོ། །སྣོད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དད་ཅིང་བླ་མ་ལ་ཡང་གུས། །རྟག་ཏུ་དགེ་བའི་ལས་ལ་གནས། །གཉིས་མེད་རྒྱུ་ཡང་མེད་པ་དང༌། །ལྟ་བ་ངན་པ་རྣམ་པར་སྤངས། །ལུང་ནི་མང་དུ་ཐོས་པ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ནི་ངེས་བཤད་བྱ། །གོང་ན་མེད་པའི་སྤྱོད་རབ་མཆོག །སྔགས་དང་རྣལ་འབྱོར་རིམ་པ་སོགས། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད། གང་ལས་རྒྱས་བཤད་དེ་ནི་རྒྱུད། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་དྲན། །ཞེས་བྱ་བ་ལ་སོགས་པའི་ལེའུ་གཅིག་གཉིས་ཀྱིས་འཆད་པར་འགྱུར་བའོ། །དེ་ཡི་སྤྱོད་པ་དབྱེ་བ་དང༌། །ཞེས་བྱ་བ་ནི། བླ་མའི་མདུན་དུ་སློབ་མས་ཇི་ལྟ་བུའི་སྤྱོད་པ་བྱ་ཞེས་དེའི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སློབ་མའི་བྱ་བ་སྤྱོད་པ་ནི། །ཞི་བ་ལ་སོགས་བྱ་བ་ཡང༌། །སྔགས་དང་རྣལ་འབྱོར་རིག་པ་ཡིས། །ལྷམ་དང་གདུགས་དང་གཙུག་ཏོར་དང༌། །སོ་རྩི་ལ་སོགས་མྱང་བ་དང༌། །སྣབས་ཀྱི་གོང་དུ་མཆིལ་མ་སོགས། །འདོར་ཞིང་རྐང་པ་རྐྱོང་བ་དང༌། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད། དེ་ལ་སོགས་པའི་སྐྱོན་གྱི་ཚིག །བླ་མའི་མདུན་དུ་སྤང་བར་བྱ། །ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་སོ། །དེ་ཡི་འབྲས་བུ་ཇི་ལྟ་བུ། །ཞི་བ་རྒྱས་པ་དབང་དང་ནི། །དེ་བཞིན་བསད་དང་བསྐྲད་པ་དང༌། །རེངས་དང་དབྱེ་བ་ཉིད་དང་ནི། །བསྒྲུབ་པ་ལ་ནི་མངོན་སྤྱོད་དང༌། །ཇི་ལྟར་བསྒྲུབ་པར་སྦྱོར་བ་དང༌། །ཞེས་བྱ་བ་ནི། སློབ་མས་སྤྱོད་པའི་འབྲས་བུའི་ཡུལ་ལ་དྲི་བ་བདུན་ཅུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ལ་སོགས་པའི་སྤྱོད་ཤེས་ནས། །སློབ་མའི་འབྲས་བུ་གང་བྱུང་བ། །ཞི་བ་ལ་སོགས་སྦྱོར་བ་ཡིས། །ད་ནི་དེ་ལྟར་བཤད་པར་བྱ། །ཞེས་གསུངས་སོ། །སྔགས་ཀྱི་ཚིག་ནི་ཅི་ཞིག་དང༌། །མགོན་པོ་ཁྲོ་བོའི་བཟླས་པ་ཅི། །ཞེས་བྱ་བ་ནི།
བཤད་མ་ཐག་པའི་ཞི་བ་ལ་སོགས་པ་སྒྲུབ་པར་བྱེད་པས་སྔགས་ཀྱི་ཚིག་དང༌། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྣམས་ཀྱི་བཟླས་པ་ཇི་ལྟ་བུར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བདུན་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཁྲོ་བོའི་བཟླས་པའི་མཚན་ཉིད་ནི། །གང་ཞིག་རྣལ་འབྱོར་དངོས་གྲུབ་བརྒྱད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཁྲོ་བོའི་སེམས་ཀྱིས་བཟླས་པ་ནི། །ཁྲོ་བོའི་བཟླས་པ་ཞེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པ་དང༌། །དེ་བཞིན་དུ། ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཎྟཱ་ནཱཾ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་ཤེས་ལྔ་ནི་ཇི་ལྟར་ཐོབ། །རྣལ་འབྱོར་རྣམས་ཀྱིས་དེ་ཉིད་མཐོང༌། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་འབྲས་བུ་ཉིད་ཀྱི་རྒྱས་པར་བཤད་པ་དྲི་བ་མངོན་པར་ཤེས་པ་ལྔ་ཇི་ལྟར་ཐོབ་ཅེས་དེའི་ཡུལ་ལ་དྲི་བ་དང༌། དེ་ཁོ་ན་ཉིད་མཐོང་བ་ཡོངས་སུ་དྲི་བ་ཉིད་ཀྱི་ངོ་བོ་རིམ་པ་ཇི་ལྟ་བ་བཞིན་དུ་བདུན་ཅུ་རྩ་གཉིས་པ་དང༌། བདུན་ཅུ་རྩ་གསུམ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །མངོན་ཤེས་ལྔ་སོགས་མཚན་ཉིད་ནི། །ས་སྙིང་ཕྱག་ན་རྡོ་རྗེ་དང༌། །འཇམ་དཔལ་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ལྔ་པོ་འདི་དག་ཀྱང༌། །ཡི་གེ་གསུམ་དང་རྣམ་པར་སྤེལ། །མིག་དང་རྣ་བ་ཡིད་དང་ལུས། །རྩ་ཡི་འཁོར་ལོ་བྱིན་གྱིས་བརླབས། །མཚན་གསུམ་ཉིན་མོ་དེ་དང་འདྲ། །མངོན་ཤེས་ལྔ་ཉིད་ཐོབ་པར་བྱེད། །ཅེས་གསུངས་པ་དང༌། དེ་བཞིན་དུ། བཞི་པ་ཡིས་ནི་དབང་བསྐུར་བས། །བློ་ལྡན་དེ་ཉིད་མཐོང་བར་འགྱུར། །ཞེས་གསུངས་སོ། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །ཅེས་བྱ་བ་ནི། ཇི་ལྟར་ཞེས་འབྲས་བུའི་ཡུལ་ཉིད་ལ་དྲི་བ་བདུན་ཅུ་རྩ་བཞི་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནི་སྐད་ཅིག་མངོན་བྱང་ཆུབ། །མཚན་ཉིད་སྐད་ཅིག་མར་ནི་བརྗོད། །ཅེས་གསུངས་སོ། །ལུང་བསྟན་པ་དང་རྒས་པ་མེད། །ཅེས་བྱ་བ་གཉིས་པོ་དག་གི་དྲི་བ་གཅིག་ཉིད་དོ། །འབྲས་བུ་རྒྱས་པར་བཤད་པའི་ངོ་བོ་ལུང་བསྟན་པ་དང༌། རྒས་པ་མེད་པའི་མཚན་ཉིད་དེའི་ཡུལ་ལ་དྲི་
བ་བདུན་ཅུ་རྩ་ལྔ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ནི་བརྟན་པ་ཉིད། །དེ་ཡི་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིགས་པས་སྟེང་དུ་བྱེད་བ་ཡིན། །རྒས་པ་མེད་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །བཅུད་ལེན་གྱི་ནི་སྦྱོར་བ་དང༌། །ཞེས་བྱ་བ་ནི། བསྟན་པའི་ལུས་ལ་རྒྱུ་ཉིད་ཀྱི་དྲི་བ་བདུན་ཅུ་རྩ་དྲུག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། སྔར་བཤད་པ་ཡི་བདུད་རྩི་ལྔ། །འདིར་ནི་བཅུད་ཀྱིས་ལེན་དུ་བརྗོད་པའོ། །ཅེས་གསུངས་སོ། །གསེར་འགྱུར་སོགས་ཀྱི་བྱ་བ་དང༌། །ཞེས་བྱ་བ་ནི། འཇིག་རྟེན་པའི་དངོས་གྲུབ་ཀྱི་ཡུལ་ལ་དྲི་བ་བདུན་ཅུ་རྩ་བདུན་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། འདི་ཉིད་ཀྱིས་ནི་གྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་དེ་བཞིན་ནོ། །ཞེས་གསུངས་སོ། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །འགྲོ་བའི་བླ་མ་ཇི་ལྟར་འཐོབ། །ཅེས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཡུལ་ལ་དྲི་བ་བདུན་ཅུ་རྩ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུས་ཀྱི་རང་བཞིན་གཞལ་ཡས་ཁང༌། །དེ་ཡི་རང་བཞིན་ཇི་ལྟ་བུ། །ཞེས་བྱ་བ་ནི། ཕྱི་རོལ་གྱི་གཞལ་ཡས་ཁང་སྤངས་ནས་ནང་ཉིད་དུ་གཞལ་ཡས་ཁང་སངས་རྒྱས་ཐམས་ཅད་ཀྱི་རྟེན་དུ་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བདུན་ཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཞེས་གསུངས་སོ། །འདིར་ནི་གནས་སོ། །ཇི་ལྟར་གནས། ཐིམ་དང་ལོངས་སྤྱོད་བདག་པོ་སོགས། །ཞེས་བྱ་བ་ནི། འདིར་ནི་ལུས་འདི་ཉིད་ལ་གཞལ་ཡས་ཁང་གི་བདག་ཉིད་གནས་ནི། གནས་དང་ཉེ་བའི་གནས་དང༌། ཞིང་དང་ཉེ་བའི་ཞིང་དང༌། ཚནྡོ་ཧ་དང༌། ཉེ་བའི་ཚནྡོ་ཧ་དང༌། འདུས་པ་ཅན་དང་ཉེ་བའི་འདུས་བ་ཅན་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དག་གི་དབྱེ་བས་སོ། །ཐིམ་དང་ལོངས་སྤྱོད་བདག་པོ་སོགས། །ཞེས་བྱ་བ་ནི། དེའི་ཡུལ་ལ་དྲི་བ་རིམ་པ་ཇི་ལྟ་བ་བཞིན་དུ་བརྒྱད་ཅུ་ཐམ་པ་དང༌། བརྒྱད་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ལ་གནས་ཀྱི་དབྱེ་བ་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །པུལླི་ར་མ་མགོ་པོར་
ཤེས། །ཞེས་གསུངས་པ་དང༌། དེ་བཞིན་དུ། དེ་ཉིད་དང་ལྡན་ཤེས་པར་བྱ། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །ཅེས་གསུངས་སོ། །རླུང་ནི་གང་གི་མཚན་ཉིད་ཅི། །ཞེས་བྱ་བ་ནི། སྲོག་ལ་སོགས་པའི་དབྱེ་བས་རྣམ་པ་ལྔའི་དབྱེ་བའི་མཚན་ཉིད་དེ་ཅི་ཞེས་དེའི་ཡུལ་ལ་དྲི་བ་ནི་བརྒྱད་ཅུ་རྩ་གཉིས་པའོ། །དེ་དག་འཇིག་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ནི། རླུང་དེ་རྣམས་ཀྱི་ཕན་ཚུན་ཉེ་བར་མནན་པས་འཇིག་པར་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བརྒྱད་ཅུ་རྩ་གཅིག་པ་དང་བརྒྱད་ཅུ་རྩ་གཉིས་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །རླུང་རྣམས་ཀྱི་ནི་མཚན་ཉིད་མཆོག །སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །ཞེས་གསུངས་པ་དང༌། དེ་བཞིན་དུ། རླུང་གི་མཚན་ཉིད་བཤད་པ་ནི། །དེ་ལས་དེ་ཡི་འཇིག་པར་འགྱུར། །སྔ་མ་བཞིན་དུ་བཏང་བཟུང་སོགས། །ཕན་ཚུན་དུ་ནི་གནོད་པར་བྱེད། །ཅེས་གསུངས་སོ། །དེ་ལ་སོགས་པ་དྲི་བའི་ཚིག །ཕྱག་ན་རྡོ་རྗེས་ཐལ་སྦྱར་ནས། །ཞེས་བྱ་བ་ནི། དེ་ལ་སོགས་པ་དྲི་བའི་ཚིག་དེ་མ་ཐག་པར་བཤད་པ་རྣམས་སོ། །བྱས་ཞེས་བྱ་བ་ནི་བྱས་ནས་སོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ཞུ་བ་པོའི་བྱང་ཆུབ་སེམས་དཔའོ། །ཐལ་སྦྱར་ཏེ་ཞེས་བྱ་བ་ནི། སྟོན་པའི་ཡུལ་ལ་གུས་པས་སོ། །འགྲོ་བའི་བླ་མའི་མདུན་དུ་གནས། །ཞེས་བྱ་བ་ནི། ཁམས་གསུམ་པའི་སློབ་དཔོན་དུ་གྱུར་པའི་མདུན་དུ་གནས་ནས་སོ། །ལུས་ཀྱིས་ཕྱག་བྱས་དེ་ནས་ནི། །ཞེས་བྱ་བ་ནི། སྟོན་པའི་ཡུལ་ལ་ཤིན་ཏུ་ཡང་རྩེ་གཅིག་པས་འདུད་བའོ། །དེ་ལྟར་དྲི་བ་བརྗོད་པ་བསྟན་ནས། ད་ནི་དྲི་བ་བརྟུལ་བརྩོམ་པ་བཤད་པའི་ཕྱིར། ལེགས་སོ་བྱ་བ་བྱིན་ནས་ནི། །ཞེས་བྱ་བ་གསུངས་ཏེ། ཞུ་བ་བྱེད་པ་པོ་ཕྱག་ན་རྡོ་རྗེ་ལ་དྲི་བ་རྣམས་མཛེས་པ་ཉིད་ཀྱིས་བྱིན་ནས་སོ། །འགྲོ་བའི་བླ་མས་གསུངས་པ་ཡིན། །ཞེས་བྱ་བ་ནི། ཁམས་གསུམ་གྱི་སློབ་དཔོན་བཅོམ་ལྡན་འདས་སོ། །ཇི་སྲིད་དུ་དྲི་བ་བརྟུལ་བ་རྩོམ་པ་ཞེས་བྱ་བའི་བར་གྱིས་སོ། །ངག་གིས་ཞེས་བྱ་བ་ནི་ཚིག་གིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། ཚངས་དབྱངས་ཟབ་མོ་སྙན་དང་གས་ཀྱིས། །ཞེས་གསུངས་ཏེ། ཡན་ལག་དྲུག་ཅུ་དང་ལྡན་པས་ཞེས་བྱ་བའི་དོན་
ཏོ། །ལྔ་བདག་ཅེས་བྱ་བ་ནི། སངས་རྒྱས་ལྔའི་བདག་པོ་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །པཎྜི་ཏ་ཆེན་པོ་ཨ་ལངྐ་ཀ་ལ་ཤ་དེ་བའི་ཞབས་ཀྱིས་མཛད་པ། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་དང་པོའི་རྒྱ་ཆེར་བཤད་པའོ།། །།