ལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།
ད་ནི་ཁ་ཟས་སྦྱང་བའི་དེ་མ་ཐག་ཏུ་ལས་གཉིས་ཀྱི་དོན་བྱ་བ་བསྲུང་བའི་དམ་ཚིག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་ནི་བཤད་ཟིན་ཏོ། །དམ་པ་ཀུན་གྱིས་བཤད་ཅེས་བྱ་བར་སྦྱོར་རོ། །ཇི་ལྟ་བུ་ཞིག་བཤད་ཅེ་ན། སྐུ་དང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ལོངས་སྤྱོད་པ་ཞེས་པ་ནི་དེ་རྣམས་དང་དབྱེར་མི་ཕྱེད་པར་ལོངས་སྤྱོད་པའོ། །དེ་གང་ཞེ་ན། དཀྱིལ་འཁོར་རྡོ་རྗེ་མི་ཕྱེད་གསུམ།། ཞེས་ཏེ་ལས་ཀྱི་འཁོར་ལོའོ། །དེ་གང་ཞེ་ན། སངས་རྒྱས་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་ཏེ་མི་བསྐྱོད་པ་ལ་སོགས་པའོ། །དེ་ཉིད་ཀྱང་རིག་པའི་ལྷ་ལས་བྱུང་བས་ན་གསང་ཆེན་ནོ། །ལས་ཀྱི་སྐྱོན་དག་པར་འགྱུར་བས་ན་ཉམས་དགའ་བ་སྟེ་དེ་བཤད་དོ་ཞེས་པའོ། །བསམ་གཏན་གྱི་ལས་ཀྱི་
རིམ་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའ་དབྱིངས་ནི་ཆོས་འབྱུང་བའི་དབུས་སུ། སངས་རྒྱས་དཀྱིལ་འཁོར་ཞེས་པ་ནི་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ། །མི་བསྐྱོད་རྡོ་རྗེ་རབ་བསྒོམས་ནས། །ཞེས་པ་ནི་དང་པོའི་མགོན་པོ་ལ་ཇི་སྐད་དུ་གསུངས་པའི་ཆོ་གས་མི་བསྐྱོད་པ་ཕྱག་ཏུ་རྡོ་རྗེ་དང་ལྡན་པ་དང་པོའི་སྦྱོར་བས་བསྒོམ་པར་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་མ་རུངས་པའི་བསྒྲུབ་བྱ་དངོས་པོ་བཞི་ཡིས་བཟློག་པར་མ་རུངས་པ་རྣམས་ཁ་སྦྱར་དབྱེ་བའི་ཆོ་གས་སྲུང་མ་དང་ཕྲལ་ནས་གནས་པ་ལས་རང་གི་བ་སྤུའི་བུ་ག་ལས་རྒྱུ་སྔོན་དུ་སོང་བ་ལས། འོད་འཕྲོ་མང་པོ་འབར་བ་དང༌། །འོད་ཟེར་སྣ་ལྔས་རབ་ཏུ་དགང༌། །ཞེས་སོ། །ཅི་འདྲ་བའི་འོད་ཟེར་ཞེ་ན། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་དེ་རྣམས་ཤིན་ཏུ་ཁྲོ་ཞིང་གཏུམ་པའི་ཆ་བྱང་ཅན་དུ་བསྒོམས་ནས་དེས་བསྒྲུབ་བྱ་མེའི་དཀྱིལ་འཁོར་ལ་གནས་པ་ལ་ཕྱག་གི་རྡོ་རྗེས་ཕྱེ་མར་བརླག་ཅེས་སོ། །དེ་ལྟར་བསྒོམས་པའི་ཕན་ཡོན་གཉིས་པ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །དེ་ལྟ་བུ་སྐུ་གསུང་ཐུགས་ཀྱིས་ལོངས་སྤྱོད་རྡོ་རྗེས་མེད་པར་བྱས་པའི་བསམ་གཏན་མཆོག་དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་ན་སྒྲུབ་པ་པོ་དེ་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཞེས་པ་ནི་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་འགྱུར་བའོ། །ཇི་སྐད་དུ། སྦྱོར་བ་གོམས་པར་བརྟན་བྱས་ན། །བདག་ཉིད་ཞེ་སྡང་རྡོ་རྗེར་འགྱུར། །ཞེས་སོ། །བསྒྲུབ་བྱ་འདི་ཇི་ལྟར་དག་པར་འགྱུར་ཞེ་ན། རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་ལས་ཀྱི་ལམ་དག་པའི་གསང་བ་འདི་ལྟ་བུས་ཞེས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་སྡང་བ་རྣམས་སྦྱོར་བ་དེས་བསད་ན་ནི། མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །ཞེས་པ་ནི་མངོན་དགར་རོ། །དེར་རྒྱལ་བའི་སྲས་རྣམས་སྐྱེ་བར་འགྱུར། །ཞེས་པ་ནི་དེར་སྐྱེ་བའི་སྦྱོར་བས་འཕངས་པའོ། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་དེ་ཁོ་ནའོ་ཞེས་པ་ནི་མི་བསྐྱོད་པའི་དམ་ཚིག་སྟེ་གཞན་རྣམས་ལ་ཡང་ཁྱབ་པ་ཁོ་
ན་ཡིན་ནོ། །མ་བྱིན་པར་ལེན་པའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མ་བྱིན་པར་ལེན་པ་མྱ་ངན་ལས་འདས་པ་བསྒྲུབ་པ་ནི་ཡེ་ཤེས་ཐར་པ་རབ་ཏུ་སྒྲུབ་པའོ། །དེའི་སྐྱོན་གྱིས་མ་གོས་པ་ཉིད་ཀྱིས་ན་ངོ་བོ་ཉིད་གཙང་གོས་པ་མེད་པའོ། །དེ་ཉིད་བྱང་ཆུབ་ཀྱི་སྤྱོད་པས་ཏེ། དེས་སངས་རྒྱས་དང་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་བས་ན་ཡང་དག་པའི་དམ་ཚིག་དེ་བཀའ་སྩལ་ཏོ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ནི་གོང་མ་བཞིན་དུའོ། །རྡོ་རྗེ་དཀྱིལ་འཁོར་ཉེས་པ་ནི་གང་གིས་ཀྱང་མི་ཕྱེད་པའི་གཞལ་ཡས་ཁང་བསྒོམ་པར་བྱ་ཞེས་སོ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་པ་ནི་གོང་གི་སྦྱོར་བ་ལྟ་བུས་བསྒོམས་ནས་སྦྱོར་བ་གཉིས་པས། སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །ཞེས་སོ། །དེ་ནས་སེར་སྣའི་ཡོ་བྱད་མི་མཁོ་བ་རྣམས་ཀྱང་འཛིན་པ་ཡི་དགས་ཀྱི་འགྲོ་བ་ལས་བཟློག་པའི་ཕྱིར་རིན་ཆེན་ཀུན་གྱི་སྟེ། པདྨ་རཱ་ག་ལ་སོགས་པའོ། །དེའི་སྦྱོར་བ་སྟེ་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་གཟུགས་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་གཟུགས་སུ་རབ་ཏུ་བརྟགས་ལ། དེས་སེར་སྣ་ཅན་གྱི་ནོར་ཐམས་ཅད་ཕྲོག་པར་བསྒོམ་མོ། །གང་གིས་ཤེ་ན། རྡོ་རྗེ་གསུམ་དུ་རྣམ་བསྒོམ་ན། །ཞེས་ཏེ་རང་གི་ས་བོན་ལས་འཕྲོས་པའི་རྡོ་རྗེ་གསུམ་གྱིས་ནོར་ཕྲོགས་ནས་སེམས་ཅན་ལ་སྦྱིན་ཞིང་བདེ་བར་གཤེགས་པ་རྣམས་ལ་དབུལ་བར་བསམས་པས་རང་དང་གཞན་དག་པར་འགྱུར་བའོ། །ནོར་གྱི་རྒྱ་མཚོ་ཞེས་པ་ལ་སོགས་པ་ནི་དེའི་ཕན་ཡོན་གསུངས་སོ། །ནོར་གྱི་རྒྱ་མཚོས་གང་བ་ནི་ནོར་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ཉིད་ཀྱིས་ན། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །ཞེས་ཏེ་སྦྱིན་བ་གཏོང་ཞིང་བདེ་བར་གཤེགས་པ་མཆོད་ཀྱང་ཟད་པ་མེད་པའོ། །རྒྱུ་དེས་ཕྱིས་སངས་རྒྱས་ཀུན་གྱི་སྲས་ཏེ་བྱང་ཆུབ་སེམས་དཔའ་འམ། ཐུབ་པ་སྐྱེས་བུ་མཆོག་སྟེ་སངས་རྒྱས་རྣམས་སུ་འགྱུར་རོ་ཞེས་སོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་དུ་རྟོག །དགེ་འམ་གལ་ཏེ་མི་དགེ་བ། །གང་ཕྱིར་སེམས་ཀྱི་དབང་གྱུར་པས། །དེ་ཡི་བཀྲ་ཤིས་སེམས་དེ་འགྱུར།།
ཞེས་སོ། །འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ཅེས་པ་ནི་ཞེ་སྡང་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པས་བྱ་བ་མི་འགལ་བར་ཤེས་པར་བྱའོ། །ཁྱད་པར་དུ་ཤེས་པ་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་ཡང་དག་པ་ཉིད་དུ་ཤེས་པར་བྱའོ་ཞེས་སོ། །ལོག་པར་ གཡེམ་པའི་རྣམ་པར་དག་པ ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ཉིད་དག་ན་ལམ་དག་པར་འགྱུར་བས་ན་འདོད་ཆགས་ཐར་པར་བསྒྲུབ་པའོ། །ཐུན་མོང་དུ་མ་གྱུར་པས་ན་གསང་བ་དག་པའོ། །གཟུང་འཛིན་དང་བྲལ་བས་ན་དམིགས་པ་མེད་པ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་བཀའ་སྩལ་ཏོ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ནི་གོང་མ་ལྟར་རོ། །དེར་དོན་ཐམས་ཅད་འབྱུང་བའི་ཕྱིར་ན་རིན་ཆེན་དཀྱིལ་འཁོར་ཏེ། གཞལ་ཡས་ཁད་བསྒོམ་པར་བྱ་བའོ། །དཔག་མེད་ཚེ་ནི་རབ་བསྒོམས་ཏེ། །ཞེས་པ་ནི་གོང་མའི་རིམ་པས་སོ། །སངས་རྒྱས་རྣམས་ཀྱིས་ཀུན་དུ་སྦྱར། །ཞེས་པ་ནི་ཏིང་ངེ་འཛིན་གཉིས་པས་འཁོར་ལོ་བསྒོམ་པའོ། །དེ་ཡང་ཆགས་པ་ཅན་བསྔོས་པའམ་གཞན་ཡང་རུང་སྟེ། རང་གི་ལྷ་མོ་ལྟ་བུར་བསྒོམས་པ་ནི་བུད་མེད་ལྟ་བུར་སྦྱོར་བའོ། །དེ་ཡང་ཕྱག་རྒྱ་བཞི་འམ་བསྙེན་སྒྲུབ་བཞིར་སྦྱོར་བས་ན་དམ་ཚིག་བཞིའི་སྦྱོར་བའོ། །དེ་བས་ན་ཁམས་གསུམ་ན་གནས་པ་ཐམས་ཅད་བུད་མེད་ཀྱི་རང་བཞིན་དམ་ཚིག་དེ་རུ་བསྒོམ་པ་དེ་ནི་རྡོ་རྗེའི་ཚུལ་མཆོག་སྟེ་རྡོ་རྗེ་བསྒྲུབ་པའི་རྒྱུའོ། །གང་གིས་ཤེ་ན། དབང་པོ་གཉིས་ནི་རབ་སྦྱར་བས། །ཞེས་བྱ་བ་ནི་སངས་རྒྱས་མཉེས་པའི་བསམ་པ་དང༌། དེ་ཉིད་བརྟགས་པ་ལ་སོགས་པའི་བུད་མེད་དེ་དག་ཉེ་བར་སྤྱད་ཅེས་པས་སོ། །དེ་བས་ན་འདི་ནི་རང་དང་གཞན་དག་པའི་རྒྱུ་ཡིན་པས་ན་ཚངས་པར་སྤྱོད་པ་དང་མི་འགལ་བ་སྟེ་དེའི་ཕྱིར། འདི་ནི་གསང་སྔགས་ཐམས་ཅད་ཀྱི། །མི་ཕྱེད་སྐུ་གསུམ་བསྒོམ་པའོ། །ཞེས་སོ། །འདི་ནི་འདོད་ཆགས་ཀྱི་དམ་ཚིག་ཡང་དག་པ་སྟེ། སྔགས་པ་གཞན་གྱིས་ཀྱང་བསྒོམ་པར་བྱའོ། །བརྫུན་དུ་སྨྲ་བའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱིན་ཅི་ལོག་གི་བརྫུན་ལས་དགར་བའི་ལས་ཀྱིས་དག་པས་
ན། རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །བརྫུན་དེ་ཡང་དམིགས་པ་དང་བྲལ་བས་ན་བདག་མེད་ཡེ་ཤེས་ལས་བྱུང་བའོ། །དེས་གསུངས་འདི་སྐད་བཀའ་སྩལ་ཏོ། །ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ཡང་གོང་མ་བཞིན་ནོ། །དེར་སངས་རྒྱས་དཀྱིལ་འཁོར་ནི་གཞལ་ཡས་ཁང་བསྒོམ་པའོ། །དོན་ཡོད་རྡོ་རྗེ་རབ་བསྒོམས་ཏེ། །ཞེས་པ་ནི་གོང་མ་ལྟར་དང་པོའི་མགོན་པོ་ལས་བསྐྱེད་པའོ། །སྦྱོར་བ་གཉིས་པས་སངས་རྒྱས་ཐམས་ཅད་བསྒོམ་པར་བྱ་ཞེས་པ་ནི་གོང་མ་བཞིན་ནོ། །དེས། བརྫུན་ཚིག་རྡོ་རྗེ་སྟབས་གནས་པས། །ཞེས་པ་ནི་རྡོ་རྗེ་ཚིག་གིས་བརྫུན་སྨྲ་བའི་ལྷའི་འཁོར་ལོའི་གཟུགས་རྣམས་ཐམས་ཅད་བསྒོམ་པར་བྱ་ཞེས་སོ། །རྒྱལ་བ་ཐམས་ཅད་ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་བརྫུན་ཚིག་སྒྱུ་མ་ལྟ་བུས་བསླུ་བར་བྱའོ་ཞེས་སོ། །གཞན་གྱི་ཚིག་དག་པར་བྱེད་པ་ལའོ། །དེ་ལྟར་བསམས་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ་སངས་རྒྱས་ཐམས་ཅད་དང་འབྲེལ་བའོ། །ནམ་མཁའི་གསུང་དྲི་མ་མེད་པ་ཞེས་པ་ནི་ཚིག་དེ་ཉིད་ཀྱང་དམིགས་པ་དང་བྲལ་བའི་ཕྱིར་རོ་ཞེས་སོ། །དེ་ཡེ་ཤེས་བློ་ཅན་ཏེ་སངས་རྒྱས་རྣམས་སོ། །དེའི་ཐུན་མོང་མ་ཡིན་པས་ན་གསང་བའོ། །སྔགས་ཀྱི་དངོས་གྲུབ་གཉིས་ཐོབ་པར་བྱེད་པར་བཤད་ཅེས་སོ། །འདི་ནི་དམ་ཚིག་འགུགས་པ་ནི་དོན་ཡོད་གྲུབ་པའོ། །དེའི་རིགས་ཀྱི་དམ་ཚིག་ཡང་དག་པ་སྟེ་སྔགས་པ་གཞན་གྱིས་ཀྱང་བསྒོམ་པར་བྱའོ་ཞེས་སོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ་ཞེས་པ་ནི། བདག་གི་བླ་མ་ལ་སོགས་པའི་དོན་དུ་འགྱུར་ན་སྤྲོ་བར་བྱའོ། །ཚིག་རྩུབ་མོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་ནི་རྡོ་རྗེ་གསུམ་གྱི་ངོ་བོའི་བདེ་བར་གཤེགས་པ་རྣམས་སོ། །དེའི་གཞི་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་ཚིག་རྩུབ་རྨོ་ལ་སོགས་པ་ཡང་ལམ་དུ་སྟོན་པས་ན། རྡོ་རྗེ་དངོས་གྲུབ་རབ་སྟོན་པས། །ཞེས་སོ། །བཀའ་སྩལ་ཏོ་ཞེས་སྦྱར་རོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་ཆོས་འབྱུང་བ་ལའོ། །དམ་ཚིག་དཀྱིལ་འཁོར་ཞེས་པ་ནི་མི་འདའ་བས་ན་གཞལ་ཡས་ཁང་པར་
བསྒོམ་པར་བྱའོ་ཞེས་སོ། །དཀོན་མཆོག་དཔལ་ནི་རབ་བསྒོམ་སྟེ། །ཞེས་པ་ནི་དཀོན་མཆོག་དཔལ་གཙོ་བོར་གྱུར་པའི་འཁོར་ལོ་བསྒོམས་ཏེ། དེའི་འཁོར་ལོའི་གཟུགས་ཀུན་གྱི་འོད་དག་འཕྲོ་བར་བྱའོ། །དེས་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་པའི་དོན་དུ་རྩུབ་བའི་ངག་ཅེས་བརྩེ་བ་མེད་པའི་ངག་གོ །སོགས་ཀྱི་སྒྲས་བསྡུས་པ་ཕྲ་མ་དང་ངག་འཁྱལ་བས་ཀྱང་ཕན་བཏགས་པའི་བསམ་པས་བསྙེན་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །འདི་རྣམས་ཀྱང་སྔགས་པ་རེ་རེ་དང་ལྡན་པས་ལས་ཀྱི་རྒྱལ་མཆོག་ལ་སྦྱར་བར་བྱའོ། །རང་གི་ལྷའི་ཡན་ལག་ཏུ་ཤེས་པར་བྱའོ། །རྡོ་རྗེ་བཀོད་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་བསྡུས་པས་ན་བཀོད་པ་སྟེ་རྡོ་རྗེ་འཆང་ངོ༌། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །སེམས་ནི་བདག་ཉིད་ཁོ་ནས་སོ། །ལུས་དང་ངག་ནི་སེམས་དག་པས་སོ། །དེ་ནི་དེ་དང་དེ་ལས་གསུངས་སོ། །ཕྱིན་ཅི་ལོག་གིས་གཟུང་བའི་སེམས་ཅན་རྣམས་འབྲས་བུ་མི་འདོད་པ་འབྱུང་བའི་ཐད་ཀར་འདོད་པའི་འབྲས་བུ་སྐྱེད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློ་དང་བས་རང་དང་གཞན་རྣམ་པའི་དབྱེ་བ་མེད་པའི་མོས་པ་ཅན་གྱི་རྣལ་འབྱོར་པས། རང་གི་དམ་བཅའ་བའི་ལམ་བསྒྲུབ་པའི་ཕྱིར་རྣལ་འབྱོར་པ་སྟེ། བ་ལང་དང་ཞིང་ལ་སོགས་པའི་ཕྱིར་མ་ཡིན་པས་ནག་པོར་མི་འགྱུར་ཏེ། བདག་ཏུ་འཛིན་ན་གཞན་གྱི་འདུ་ཤེས་འབྱུང༌། །བདག་དང་གཞན་གྱི་རྣམ་པའི་ཆ་གཉིས་ཀྱིས། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་པའོ། །སྒྱུ་མ་མཁན་གྱིས་སེམས་ཅན་མང་པོ་ཀུན་བསད་པར་བྱས་ཀྱང་དེ་ཀུན་བསད་པ་མེད་ཅེས་པའི་ལུང་ལས་ཀྱང་རྟོགས་པར་བྱའོ། །དེ་བས་ན་དང་པོ་ནས་རྣམ་པར་སྦྱོང་བ་སྟེ། ཕྱིས་ནི་དེའི་འབྲས་བུའི་ཕན་ཡོན་ལ་སྤྱོད་པས་ན་དམ་ཚིག་ཅེས་པར་མིང་བཏགས་སོ། །དེ་བས་ན་ཁ་ན་མ་ཐོ་བ་ལས་གྲོལ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྟར་ཡང་མི་འགལ་བའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྤྱོད་པའི་རྒྱུད་ལས་ཀྱང༌། འདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ནས་ཐམས་ཅད་དུ་སྲོག་གཅོད་པ་སྤང་བར་བྱའོ། །གཞན་དུ་ན་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་མཐོང་ཕན་ཅད་དོ་ཞེས་
བ་ལ་སོགས་པ་བསླབ་པའི་བྱེ་བྲག་མང་པོར་ཡང་གསུངས་སོ། །དེ་བས་ན་ཐབས་དང་བཅས་པའི་དེ་བཞིན་ཉིད་ཀྱི་ལས་བྱེད་པ་ནི་འགལ་བའི་ལས་སུ་འགྱུར་བ་མ་ཡིན་ནོ། །དེ་བས་ན་ཐབས་ཐམས་ཅད་མཁྱེན་པའི་བྱང་ཆུབ་སེམས་དཔའ་ལ་སྨད་པར་བྱ་བ་འགའ་ཡང་མེད་དོ་ཞེས་མདོ་ལས་ཀྱང་གསུངས་སོ། །དེ་བས་ན་གཞན་ལས་ཀྱང༌། གང་དང་གང་གིས་བཅིངས་གྱུར་པ། །དྲག་པོའི་ལས་ནི་དེ་དག་ཀུན། །ཐབས་དང་བཅས་པའི་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་རྣམ་པར་གྲོལ། །ཞེས་སོ། །དེ་བས་ན་ལེའུ་འདིའི་བཤད་བ་ཡང་ཇི་སྐད་དུ། རྣམ་བཅས་དང་ནི་རྣམ་པ་མེད། །ཡན་ལག་ཐམས་ཅད་ཡིད་གསུམ་བདག །བྱ་བ་དང་ནི་དབྲོག་པ་དང༌། །ཉིད་ཀྱིས་བཟླས་ཤིང་སྤྲོ་བར་བྱ། །དེ་ལྟར་ཞེ་སྡང་གཏི་མུག་དག །ས་གསུམ་དུ་ནི་བསྐྱེད་བྱ་ཞིང༌། །གསང་བ་དག་པས་རྒྱས་བཏབ་པའི། །རྡོ་རྗེ་ཅན་གྱིས་དོན་བྱེད་དོ།། ཞེས་པ་ལ་སོགས་པའི་ཕན་ཡོན་དང་བཅས་པ་རྒྱས་པར་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ད་ནི་རྡོ་རྗེའི་ཚིག་རྣམས་མ་འོངས་པའི་སྐྱེ་བོས་ཤེས་པར་བྱ་བའི་ཕྱིར་གར་གྱི་ཚུལ་དུ་ངོ་མཚར་ཆེ་བ་ལ་སོགས་པའི་ཀླན་ཀ་སྤང་བ་ཡང་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དམ་ཚིག་རྡོ་རྗེ་ཞེས་བ་ནི་དོན་ཡོད་པར་གྲུབ་པའོ། །དེའི་དཔལ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་ལ་སོགས་པ་བྱང་ཆུབ་སེམས་དབའ་སེམས་དཔའ་ཆེན་པོ་རྣམས་ཞེས་སོ། །ངོ་མཚར་དུ་གྱུར་པ་ནི་དམ་ཚིག་བཞི་ལའོ། །དེས་རྡོ་རྗེ་འཆང་བའི་གོ་འཕང་ཐོབ་པར་རྨད་དུ་གྱུར་ནས་ཞེས་སོ། །རྡོ་རྗེས་སྨྲས་པའི་ཚིག་ནི་རྡོ་རྗེའི་ཚིག་སྟེ་སྨྲས་སོ་ཞེས་པའོ། །དེ་ཡང་གང་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པ་ནི་ངོ་མཚར་གྱི་ཚིག་མི་གསུངས་ཞེས་པའོ། །ཅིའི་ཕྱིར་ཞེ་ན་ཁམས་གསུམ་ལས་འདས་ཤིང་ཞེས་ཏེ་འདོད་པ་ལ་སོགས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམ་པར་སྤངས་པ་ཞེས་སོ། །གོས་དམར་ཅན་ལྟ་བུའི་ལྟ་བ་མ་ཡིན་པར་བསྟན་པའི་ཕྱིར། འཇིག་རྟེན་ཐམས་ཅད་ལས་འདས་པ་ཞེས་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁམས་གསུམ་
གྱི་ཉོན་མོངས་པ་སྤངས་པའོ་ཞེས་ཚིག་དེ་ཉིད་ལོག་ཏུ་ཡང་རྣམ་པར་བསྒྱུར་བ་སྟེ། གང་ལ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་ནང་ཞེས་ཏེ་དེ་རྣམས་དང་འགལ་བའི་ཚིག་གསུང་བའི་གནས་མ་ཡིན་པར་བསྟན་ཏོ། །འདི་ལྟ་བུའི་ངོ་མཚར་གྱི་ཚིག་ལམ་ཞེས་པ་ནི། སྲོག་གཅོད་པ་ལ་སོགས་པ་བདུན་གྱིས་རང་དང་གཞན་གྱི་རྒྱུད་རྣམ་པར་དག་པར་བྱེད་པ་ཞེས་སོ། །མི་ཕྱེད་པས་ན་རྡོ་རྗེའི་ཚིག་སྟེ། ཅིའི་སླད་དུ་གསུང་ཞེས་བཅོམ་ལྡན་འདས་ལ་བརྒལ་བའོ། །དམ་ཚིག་ལ་འགལ་བར་མཐོང་བའི་གང་ཟག་དམྱལ་བར་འགྲོ་བར་མཐོང་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བརྒལ་བའི་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རིགས་ཀྱི་བུ་ཞེས་པ་ནི་བོད་པའོ། །འདུ་ཤེས་ངན་པ་ཞེས་པ་ནི་དམ་ཚིག་ལས་སོམ་ཉི་ཟ་བར་འདུ་ཤེས་ངན་པའོ། །དེ་ཉིད་ཆོས་མ་ཡིན་པར་རྟོགས་པ་ནི་དམན་པའི་འདུ་ཤེས་ཏེ་དེ་མ་སྐྱེད་ཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སླར་བརྒལ་བ་དང༌། ལན་གསུངས་པ་སྔགས་ཀྱི་སྤྱོད་པ་ལ་སོགས་པའོ། །དེ་ལ་ཤེས་པ་དང་སྐྱོབ་པར་ལྡན་པའི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེ་ཇི་ལྟ་བུ་ཞེ་ན་སྤྱོད་པ་མཆོག་གོ་ཞེས་ཏེ་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མཆོག་སྟེ། དེ་ལ་གང་གི་དོན་དུ་འགྱུར་ན་འགལ་ཡང་རུང་སྟེ་སྤྱོད་པའོ། །དེ་བས་ཀྱང་མཆོག་ཏུ་གྱུར་པ་ནི་སྔགས་ཀྱི་སྤྱོད་པ་སྟེ་འགལ་བར་མི་མཐོང་བའི་ཕྱིར་རོ་ཞེས་སོ། །འོ་ན་དེ་གང་གི་སྤྱོད་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྤྱོད་པའི་ཞེས་སྨྲས་སོ། །འགལ་བར་མི་མཐོང་བའི་རྒྱུ་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །དཔེར་ན་ཞེས་པ་ནི་དོན་ཉིད་དཔེར་བྱས་པའོ། །ནམ་མཁའ་ནི་ཐམས་ཅད་རྗེས་སུ་སོང་བ་སྟེ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པར་བསྟན་ཏོ། །ནམ་མཁའི་ཁོངས་སུ་གཏོགས་སོ་ཞེས་པ་ནི། ཕུང་པོ་ལ་སོགས་པ་ཡང་ཆོས་ཉིད་ལས་གཞན་མ་ཡིན་པར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོད་པ་ཉིད་ལས་ཀྱང་
གཟུགས་གཞན་མ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །ཆོས་ཉིད་ཀྱིས་དག་པའི་ཆོས་དེ་གང་ན་ཡང་མི་གནས་པས་མཉམ་པ་ཉིད་དུ་གསུངས་པ། ཆོས་དེ་དག་ཀྱང་ཞེས་པ་ལ་སོགས་པའོ། །ཁམས་གསུམ་མ་ལུས་མི་གནས་པས་ན་བཅུད་ལ་མི་གནས་པར་བསྟན་ཏོ། །འབྱུང་བ་ཆེན་པོ་བཞི་ལ་མི་གནས་སོ་ཞེས་པ་ནི་རྟེན་འབྲེལ་གྱི་སྟོབས་ཀྱིས་རླུང་སྐྱེ་བ་ལ་སོགས་པས་སྣོད་ཀྱི་འཇིག་རྟེན་གྲུབ་སྟེ། དེ་ལ་ཡང་མི་གནས་པའོ། །ཅིའི་ཕྱིར་ན་དེ་བཞིན་ཉིད་ནི་ཉི་ཚེ་བ་མ་ཡིན་པས་སོ། །ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་པ་ནི། རང་བཞིན་མེད་པར་རིག་པར་བྱའོ་ཞེས་པའི་དོན་ཏོ། །དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་ཞེས་པ་ནི་མཉམ་པ་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལ་ནི་འགལ་བ་དང་མི་འགལ་བ་གཉིས་སུ་སྣང་བ་མི་རིགས་ཏེ། མཉམ་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་ལ་དགོངས་པ་དང༌། དེ་རྣམས་ལ་དགའ་བའི་སེམས་ཅན་གྱི་བསམ་པ་ཡང་མཁྱེན་ནས་གདོད་ཆོས་འཆད་དོ་ཞེས་སོ། །དེ་བཞིན་ཉིད་ཀྱིས་དག་པར་བརྗོད་པས་ན་ནམ་མཁའི་ཚིག་ངེས་པར་བརྗོད་པའོ། །དེ་བས་ན་དམ་ཚིག་དེ་དག་ཀྱང་ནམ་མཁའི་རྗེས་སུ་རིག་པར་བྱའོ་ཞེས་ཏེ། ནམ་མཁའ་ལྟར་རྣམ་པར་དག་པར་མོས་པར་བྱའོ་ཞེས་སོ། །དེ་ལྟར་དེ་བཞིན་ཉིད་ཀྱིས་དག་པར་བསྟན་ནས། ད་ནི་སོ་སོར་མི་དམིགས་ཀྱང་རྟེན་འབྲེལ་ལས་འབྱུང་བར་གསུངས་པ་རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །གཙུབ་ཤིང་དང་ཞེས་པ་ནི་སྨྱིག་མ་ལ་སོགས་པའོ། །གཙུབ་སྟན་ནི་འོག་གི་ཤིང་ངོ༌། །མིའི་ལག་པ་ནི་གཙུབ་པར་བྱེད་པའོ། །དེ་སྐྱེད་པའི་རྐྱེན་གྱིས་དང་པོར་དྲོད་ལས་དུ་བ་འབྱུང་ཞིང༌། དེའི་རྗེས་ལ་མེ་ཆུང་ངུ་ལས་མེ་ལྕེ་ཆེན་པོ་འབྱུང་བར་འགྱུར་མོད་ཀྱི་ཞེས་པ་ནི་ཚོགས་པ་ལས་ཞེས་པའི་དོན་ཏོ། །མེ་དེ་གསུམ་ཆར་ལ་མི་གནས་པ་ནི་སོ་སོར་མི་དམིགས་པ་སྟེ། རང་བཞིན་གྱིས་རྣམ་པར་གནས་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོབས་ཀྱིས་སྐྱེའོ། །ཉེ་བར་འགྲོ་བ་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་
པ་ནི་རྣམ་པ་བཞིའོ། །དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་པ་ནི་ཉམ་ང་བའི་ལས་ཀྱིས་མི་བཟད་པར་ལྟུང་བའི་ལས་ཅན་གྱི་བསྒྲུབ་བྱ་དེ་ལས་བཟློག་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཟིན་པའི་ཆོ་གའི་ཐབས་ཀྱི་བྱེ་བྲག་ཇི་ལྟར་གསུངས་པས་རྒྱས་བཏབ་པས་རྗེས་སུ་རིག་པ་སྟེ། རང་དང་གཞན་རྣམ་པར་དག་པར་འགྱུར་བའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་ཏེ། གཞན་དུ་ན་དེ་རྣམས་ཀྱང་རྣམ་པར་བཅིངས་པའི་ཕྱིར་རོ། །ད་ནི་འགལ་བས་ལས་དག་པའི་དོན་རིག་པ་ལས་ངོ་མཚར་པའི་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་པ་ནི་དེ་བཞིན་ཉིད་ཀྱིས་དག་པ་ལའོ། །རྨད་དུ་གྱུར་པ་ནི་རྟེན་ཅིང་འབྲེལ་བ་ལས་འབྱུང་བའོ། །ཐབས་ཆེ་ཞིང་སྐྱོན་མེད་པར་ཤེས་པས་དགའ་བའི་རྟགས་སུ་ངམ་ཞིང་མིག་སྔོན་ལེགས་པར་དཔྱད་པའི་ས་པདྨའི་འདབ་མ་རངས་པ་ལྟ་བུ་གདངས་ཏེ་འདི་སྐད་ཅེས་སྨྲས་སོ་ཞེས་སོ། །ངོ་མཚར་རྨད་དུ་གྱུར་པའི་ཆོས་ཞེས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱང་དམིགས་པ་མེད་པའི་ཡེ་ཤེས་ཙམ་དུ་གནས་པ་ན་ནམ་མཁའ་དང་ནི་མཚུངས་པའོ། །རྣམ་པར་མི་རྟོག་དག་པ་ཞེས་པ་ནི་རྟོག་གེ་བ་རྣམས་ཀྱིས་བརྟག་པར་མི་ནུས་ཤིང་མཚན་མ་ཐམས་ཅད་དང་བྲལ་བས་ན་དོན་དམ་པའི་བདེན་པའོ། །ལས་ཤེས་པ་ནི་ལྔ་བའི་དོན་དུ་བལྟ་བར་བྱའོ། །དོན་དམ་པའི་བདེན་པ་དེ་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་སྟེ་དམ་ཚིག་བཞིའོ། །དེ་ཡང་མཚན་མ་མེད་པའི་ལས་སོ་སོའི་རྩལ་སྒྱུ་མ་ཙམ་དུ་འབྱུང་བའི་ཀུན་རྫོབ་ཀྱིས་སྦྱོང་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང་གཟུང་བ་ལ་སོགས་པས་སྤྲོས་པ་ནི་འཁྲུལ་པའོ། །ཇི་སྐད་དུ། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་འབྱུང་བ། །དེ་ནི་རྣམ་པར་ཤེས་པར་འགྱུར། །ཞེས་པ་བཞིན་ནོ། །དོན་དམ་པའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེས་དག་པའི་དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་དག་པའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་སྟེ་དགུ་པའོ། །ལེའུ་དགུ་པའི་འགྲེལ་པའོ།། །།