ལེའུ་བརྒྱད་པ། བཤང་གཅིའི་དམ་ཚིག་གི་བཤད་པ།
དེ་ནས་ཞེས་པ་ནི་ལོ་བཅུ་དྲུག་ལོན་པ་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཀྱི་རྗེས་སུ་མཐུན་པའི་རིག་མ་བསྟེན་པ་རྒྱུད་འདིར་བཅོམ་ལྡན་འདས་ཀྱིས་གསུངས་ལ་ཐེག་པ་གཞན་དུ་ཡང་བཀག་པ་ཡིན་ཏེ་དེ་ཇི་ལྟར་བཀག་པ་གལ་ཏེ་དེ་ཉིད་ཀྱིས་བསྒྲུབས་ན་དེའི་ཚེ་འགལ་བ་ཡིན་ལ་གལ་ཏེ་ཐབས་ལ་མཁས་པའི་ཁྱད་པར་གྱིས་དེའི་ཚེ་ཡུལ་ཐ་དད་པ་ཡིན་པའི་ཕྱིར་འགལ་བ་མེད་པ་ཡིན་ན་འོན་ཀྱང་དེ་བརྗོད་པར་གྱིས་ཤིག །ཡང་གང་གི་ཚེ་རྟག་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་དེའི་ཚེ་རིན་པོ་ཆེ་སྣ་བདུན་ལ་སོགས་པ་མ་བྱིན་པ་ལས་ཚོགས་ཡོངས་སུ་རྫོགས་པར་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པའི་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །ནམ་མཁའི་དང་མཉམ་པའི་ཡེ་ཤེས་བསྒོམས་པས་མཆོད་པའི་རིན་པོ་ཆེ་ཐམས་ཅད་འགྲུབ་པས་རིན་ཆེན་ཏོག་གིས་གསོལ་བ་བཏབ་པ་གསུངས་སོ། །འབྲས་བུ་ཆེན་པོར་གྱུར་པ་དང་ལམ་དུ་ཡང་འགྱུར་བའི་ཐེག་པ་གང་གིས་ཡིན་པ་དེ་ཉིད་ནམ་མཁའ་དང་མཉམ་པའི་སྤྱོད་པས་སེམས་ཅན་གྱི་ཁམས་སྦྱོང་བར་བྱེད་པ་ཡིན་ནོ། །མཆོད་པའི་མཆོག་ནི་གསང་བ་དང་གཞན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་ནི་ཕྱི་དང་གཞན་ཏེ་གསུངས་ཤིག་པའོ། །མ་ལུས་པའི་སྡིག་པའི་ཆོས་རྣམས་ལས་རྒྱལ་བས་ན་རྒྱལ་མཆོག་པོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ་ནི་སྔར་བཤད་པའོ། །རྡོ་རྗེ་ཐེག་པ་འདིར་སེམས་ཅན་རྣམས་འཇུག་པར་མཛད་པའོ། །ནམ་མཁའི་ཁམས་དང་མཉམ་པ་ནི་གཞལ་དུ་མེད་པའི་ཕྱིར་ལ། དེ་ཉིད་ཀྱི་ཕྱིར་ན་མཆོག་གོ །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བདེ་བ་ཆེན་པོའི་རྒྱུན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐར་པ་སྟེ་དེའི་ལམ་ནི་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་དོ། །དེ་ཁོ་ན་ཉིད་ཀྱིས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །གདུལ་བྱའི་རབ་ཏུ་སྣང་བ་ལ་ལྟོས་ནས་བྱང་ཆུབ་པ་གསུམ་ནི་ཐེག་པ་གསུམ་སྟེ། དེའི་ལམ་ལ་འཇུག་པའོ། །གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་རིག །ཅེས་པའི་རིགས་པས་སོ། །ཐེག་པ་གསུམ་པོ་དེའི་མཚན་ཉིད་ཀྱང་ཅི་ལྟ་བུ་ཞེ་ན། གང་དུ་གཞན་དོན་གཙོ་བོ་ཡིན། །དེ་ཡི་དོན་དུ་རང་དོན་བརྗོད། །སངས་རྒྱས་ཀྱིས་རིག་ཐེག་པ་ཆེ། །དེ་ལས་ཐེག་གཉིས་གཞན་དུ་ཡིན། །ཅི་ཡི་ཕྱིར་དེ་ཡིན་ཞེ་ན། །བདག་ཏུ་མཐོང་བ་བཟློག་པའི་ཕྱིར། །ཐོག་མཐའ་མེད་པའི་
སེམས་གྲུབ་ཕྱིར། །ཉན་ཐོས་ཐེག་སོགས་དམན་དང་བར། །ཤེས་རབ་ལྡན་པའི་དབང་དུ་བྱས། །སོགས་པ་སྨོས་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་གཟུང་ངོ༌། །ཐེག་པ་ཆེན་པོ་ཡང་གཉིས་ཏེ། །རྒྱུ་ཡི་ཐེག་པ་ཆེན་པོ་ནི། །འདི་ལྟར་བློ་གྲོས་དམན་པའི་སེམས། །གཟུང་དང་འཛིན་པ་རྣམ་བྲལ་བ། །ཕ་རོལ་ཕྱིན་པའི་ལུགས་སུ་བརྗོད། །དྲི་མ་མ་ལུས་དག་དོན་དུ། །འབྲས་བུའི་ཐེག་པ་ཆེན་པོ་ནི། །ཇི་ལྟར་སྣོད་ནི་མ་ལུས་པ། །འགྲོ་དོན་མ་ལུས་བསྒྲུབ་ཆེད་དུ། །སྤྲུལ་པ་སྣ་ཚོགས་གཟུགས་ཀྱིས་ནི། །དེས་ནི་སྔགས་ཐེག་ཐུབ་པའིའོ། །གང་འཕགས་པ་ལང་ཀར་གཤེགས་པ་ལས། ཟབ་མོའི་ཐེག་པས་འཇིགས་རྣམས་ལ། སྔོན་པོ་ལ་སོགས་དོན་གསུངས་ཡིན། །གཟུང་མེད་འཛིན་པའི་རྣམ་པ་ཡི། །རྣམ་ཤེས་བར་མའི་བློ་ཅན་ལ། །ཁ་ཅིག་གཉིས་དང་ངེས་བྲལ་བ། །ཟབ་མོའི་དོན་ལ་འཇིགས་སྤངས་ལ། །ཞེས་སོ། །སངས་རྒྱས་རྣམས་ཀྱི་བསྐལ་པ་མཆོག་ནི་སྲིད་པའི་མཐའ་ཡང་དག་པར་གྲུབ་པ་གང་གི་ངག་པའི་བདག་ཉིད་གང་གི་རང་བཞིན་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡངས་པ་ནི་སྤྱན་ལྔ་གང་གི་ཡིན་པའོ། །ཆོས་ནི་སྟོབས་ལ་སོགས་པ་རྣམས་ཏེ། དཀྱིལ་འཁོར་ཡང་ཡིན་ནོ། །གདུལ་བྱའི་རྒྱུད་ལ་འཕོ་བའི་ཕྱིར་ན་འཁོར་ལོ་སྟེ་དེ་བསྐོར་བའོ། །སྐུ་དང་གསུང་དང་ཐུགས་ཡང་དག་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བས་དག་པ་སྟེ་དྲི་མ་མེད་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །འདི་དག་ཐམས་ཅད་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཚད་མ་དང་ལུང་གིས་མི་གནོད་པའི་ཕྱིར་འདི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་ཉིད་ཀྱིས་ལམ་དང་འབྲས་བུའི་ཐེག་པ་དེ་ལ་ཕྱག་འཚལ་བ་ཁྱོད་ལ་ཡོད་པའོ། །རིགས་ཐམས་ཅད་ལ་གཙོ་བོར་གྱུར་པས་རྒྱལ་པོའོ། །ནམ་མཁའ་བཞིན་དུ་དེ་བཞིན་ཉིད་ཀྱི་རོ་གཅིག་པའི་ཡེ་ཤེས་དེས་ཐམས་ཅད་དུ་སོན་པས་ཀྱང་ནམ་མཁའ་སྟེ་གང་གི་ཕྱིར་མི་འགྱུར་བས་ན་རྟག་པའོ། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་མངོན་པར་རྟོགས་པའི་རྒྱན་ལས་སོ། །ཐམས་ཅད་དབང་བསྐུར་བ་ནི་རིན་པོ་ཆེའི་རིགས་ཀྱི་རང་
བཞིན་ནོ། །ཀུན་གྱི་དོན་ནི་ནམ་མཁའ་མཛོད་ཀྱི་ངོ་བོས་ཀུན་གྱི་དོན་ཡིན་པའི་ཕྱིར་རོ། །ཁམས་གསུམ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་པོ་ཐོབ་པས་ཀུན་གྱི་དབང་ཕྱུག་གོ །དབྱེར་མི་ཕྱེད་པ་ཟག་པ་མེད་པའི་དགའ་བ་རྒྱས་པ་འཛིན་པར་བྱེད་པས་རྡོ་རྗེ་རིན་ཆེན་འཛིན་པའོ། །མཆོད་པ་ནི་གསང་བ་ཡིན་ལ་དེ་ཁོ་ན་ཉིད་ནི་མཆོད་པས་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའིའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལས་རྒྱལ་བ་རྣམས་འབྱུང་བ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་བསྐལ་པ་བཟང་པོ་སྟེ་དེའི་འབྲས་བུའོ། །གང་གི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ལ་དབྱེར་མེད་པས་དེ་བཞིན་ཉིད་ཀྱི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པའི་ཕྱིར་ཡང་དག་པར་གནས་པའོ། །འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། གང་གི་ཕྱིར་གཙོར་ཏེ་འཁོར་ལོ་ལ་གོམས་པའི་རྣལ་འབྱོར་མ་དམ་ཚིག་དང་སྡོམ་པ་ལ་གནས་པ་ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་ལ་མཁས་པ་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ། ཤིན་ཏུ་དད་པ་དང་ལྡན་པ་ཤེས་རབ་ཆེན་པོ་ཡང་ཡིན་ཏེ་དེས་ན་དེ་སྲིད་པ་ཤིན་ཏུ་གྲུབ་པ་སྟེར་བར་བྱེད་པ་གསུངས་ཏེ། རྡོ་རྗེའི་ཐེག་པ་ལ་རིང་དུ་ཞུགས་པའི་བློ་ནི་མིག་ཡངས་པའོ། །ལོ་བཅུ་གཉིས་ལོན་པ་སྨོས་པ་ནས་བཟུང་ནས་ཇི་སྲིད་དུ་ལོ་ཉི་ཤུ་རྩ་ལྔ་ལོན་པའོ། །དེས་ན་གཟུགས་བཟང་བཞོན་པས་བརྒྱན་པའོ། །ཞེས་གསུངས་སོ། །བྱོལ་སོང་ལས་ཞེས་པ་ནི་གང་འདི་ལྟ་བུ་ད་མི་རྙེད་ན་དེའི་ཚེ་ལོ་ཉི་ཤུ་རྩ་དྲུག་པ་ལ་སོགས་པ་ནས་ཇི་སྲིད་དུ་འདོད་པའི་དབང་དུ་འགྱུར་བ་ཁུ་བ་དང་ལྡན་པ་དེ་སྲིད་དུ་ཞེས་པའི་དོན་ཏོ། །སུམ་ཅུ་ལོན་པ་ཡིས་ཀྱང་བྱ། །ཅི་སྲིད་ཁུ་བ་སྲིད་པའི་བར། བུ་མོ་ལེགས་པར་ཁྲུས་བྱས་བརྒྱན། །མཚན་རྣམས་ཀུན་གྱིས་བརྒྱན་པའོ། །བཅུ་དྲུག་འོག་གི་དེ་སྲིད་དུ། །ཇི་སྲིད་ལོ་བརྒྱད་ལོན་ཆོས་ལྡན། །ཤིན་ཏུ་རིང་མིན་སྦོམ་པ་མིན། ཤིན་ཏུ་ཕྲ་མིན་རིགས་དམན་མིན། །དེ་འདྲའི་བུ་མོ་བསྒྲུབ་པར་བྱ། །གཞན་དུ་དེ་ལྟར་འགྲུབ་མི་འགྱུར། །ཆོ་ག་ཤེས་པས་དེ་བཟུང་སྟེ། །དེ་ཉིད་སྒྲུབ་ལ་བསྒྲུབ་པར་བྱ། །འཛམ་གླིང་དབང་ཕྱུག་ལ་སོགས་པའི། །མི་དག་ལས་ནི་དེ་གདོན་བྱ། །ཆོ་ག་ཤེས་པས་བསྒྲུབ་བྱ་བ། །གྲུབ་པར་
འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ལས་ཞེས་སོ་ཞེས་ཁ་ཅིག་གོ །ཀླུ་རྣམས་ལས་ཀྱང་ཀླུའི་བུ་མོ་ཐོབ་པར་བྱས་པས་དེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་དུ་བྱུང་བ་སྐྱེས་བུ་མཆོག་གི་དོན་ཐོབ་པར་བྱེད་པས་རིག་པའི་བརྟུལ་ཞུགས་དང་རྗེས་སུ་དྲན་པ་བཅུ་དྲུག་དང༌། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པའི་དུས་སུ་བརྟག་པ་བྱའོ་ཞེས་གཞན་དག་གོ །གང་དུ་ཞེ་ན། སའི་ཕྱོགས་གཅིག་ནི་རི་བོ་ལ་སོགས་པ་ཡིན་ཏེ། རི་བོ་དབེན་པར་བསྒྲུབ་པར་བྱ། །ཞེས་འདི་ཉིད་དུ་བརྗོད་པས་སོ། ། གཙང ་བ་ནི་ཉེས་པ་དང་བྲལ་ཞིང་མི་ལྡན་པས་སེམས་དག་པ་ཐོབ་པར་བྱེད་པའོ། །དབེན་པ་ནི་རིགས་མི་མཐུན་པའི་སྐྱེ་བོ་སྤངས་སོ། །རྒྱལ་བ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་གང་ལས་སྐྱེ་བའམ། རྒྱལ་བ་རྣམས་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་དེ་ལས་སྐྱེ་བ་ཞེས་ཏེ་རྒྱལ་བའི་བདག་ཉིད་སྐྱེ་བའོ། །དེར་གནོད་པ་ཐམས་ཅད་དང་བྲལ་བས་ཞི་བའི་ཕྱིར་ཞི་བའི་དགེ་བའི་གནས་ཏེ་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་ཀྱི་བསྒོམ་པའི་གནས་སོ། །བྱུག་པའམ་ཞེས་པ་ནི་བྱ་བ་ཉིད་དོ་ཞེས་ངེས་པར་བཟུང་བའི་དོན་ཏོ་ཞེས་ཁ་ཅིག་གོ །མེད་པ་སྲིད་ན་ཡིད་ཀྱིས་སམ་ཡོད་ན་འབར་བ་ལ་སོགས་པ་ཡང་ཞེས་གཞན་ནོ། །རྒྱལ་བ་མཆོད་པའི་རྒྱུར་ཞེས་པ་ནི་བདག་གི་དོན་འཇུག་པ་དགག་པ་གསུངས་པའོ། །དེ་གསུངས་པ། ཙནྡན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང༌། །དྲི་ཞིམ་མེ་ཏོག་གཞལ་བཀྲམ་མཆོག་གི་ཆ། །བསམ་གཏན་བདེ་བའི་གནས་སོ་ཞེས་སོ། །གང་གིས་ཐབས་ལ་མཁས་པའི་ཁྱད་པར་གྱིས་བརྗོད་མ་ཐག་པའི་རིག་མའམ་ཡིད་ཀྱིས་སྤྲུལ་པ་བསྟེན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་འཁོས་བ་མ་ཡིན་ནོ་ཞེས་དེ་གསུངས་པ། ནུ་མའི་དབུས་ཞེས་པ་ལ་སོགས་པ་སྟེ། སྤྱི་བོ་ནས་སྙིང་ག་དང༌། དེ་ནས་ལྟེ་བ་དང༌། ལྟེ་བ་ནས་གསང་བ་དང༌། དེ་ནས་བརླ་གཉིས་དང་དེ་ནས་རྐང་པའི་མཐའ་ཇི་སྲིད་པར་རྡུལ་ཕྲ་རབ་སོ་སོ་ལ་ཁྱབ་པ་བཅུ་པར་བརྗོད་པའི་ཨོཾ་ལ་སོགས་པ་བཀོད་པ་སྔོན་དུ་སོང་བ་དེའི་འོད་ཟེར་རྣམས་ཀྱིས་བཀུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་དག་པར་བལྟ་བའི་དོན་དུ་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །དེའི་མི་མཐུན་པའི་
ཕྱོགས་སྤང་བར་བྱའོ་ཞེས་གཞན་དག་གོ །དེ་གསུངས་པ། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོ། །སྤྲུལ་པའི་རིག་མ་ཉིད་ནི་ཡང་དག་བལྟ། །མིག་ལ་སོགས་པ་དགང་ཞིང་ཡི་གེ་གསུམ། །རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན། །དེ་ཉིད་ཤེས་པས་མགོ་དང་སྙིང་ག་དང་། །ལྟེ་བ་གསང་བདེ་བཞིན་བརླ་གཉིས་ལ། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་གྲགས་པ་རྣམས། །དེ་ནི་སྐུ་ཐུགས་རྡོ་རྗེ་བཟང་རིགས་སོགས། །ལྔ་པོ་རྣམས་ཀྱིས་ཡན་ལག་བྱིན་བརླབས་ཏེ། །འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ། །ཨ་ཡིས་སྣ་ཚོགས་པདྨའི་ལྟེ་བ་བྱས། །ཧཱུཾ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ། །ཤེས་རབ་དམ་པ་རྒྱུ་མཐུན་ངོ་བོ་ཉིད། །ཐབས་དང་བཅས་པར་འབྱུང་བ་རང་གི་ལུས། །དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ། །ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་རྣམ་པར་སྣང་མཛད་དང་། །རིན་ཆེན་འབྱུང་ལྡན་དང༌། སྣང་པ་མཐའ་ཡས་དང༌། དོན་ཡོད་གྲུབ་པའི་རང་བཞིན་རྣམས་ནི་བཞི་པོ་ཤེལ་དང༌། གསེར་དང༌། པདྨ་རཱ་ག་དང༌། རིན་པོ་ཆེ་ལྗང་གུ་རྣམས་ཏེ་དེའི་རང་བཞིན་ནི་ཕྱོགས་བཞིའི་ཁ་དོག་གོ །དེའི་འོད་ཟེར་གྱི་ཕྲེང་བས་རྣམ་པར་བརྒྱན་པའོ། །མེ་ལོང་ལྟ་བུའོ་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དེ་ཉིད་མ་ལུས་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་དང༌། རྟོགས་པར་དཀའ་བ་ཡིན་པའི་ཕྱིར་རྒྱ་མཚོའོ། །སྐུ་ལ་སོགས་པ་རྡོ་རྗེ་གསུམ་རྣམས་ཀྱི་ཆེད་དུ་གནས་ཉིད་དུ་རྣམ་པར་བསམ་པར་བྱའོ། །བསམ་པར་བྱ་བ་ནི་སྤུངས་པ་དེའི་དབུས་སུ་སྔར་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་བདག་ཉིད་རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསམ་པར་བྱའོ། །མཁས་པ་ནི་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་པའོ། །ཕྱོགས་བཅུ་མ་ལུས་པའི་སེམས་ཅན་གྱི་དོན་དུ་སྤྲུལ་པ་མཐའ་ཡས་པར་བྱ་སྟེ། གལ་ཏེ་འདོད་ན་བསྒོམས་པས་དུབ་པས་དེའི་ཚེ་མཐར་བསྡུ་བར་རབ་ཏུ་བྱའོ། །ཞི་བ་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་རྣམ་པར་གཡེང་བ་མེད་པས་འཛིན་པར་བྱེད་པའི་ཕྱིར་དེ་འཛིན་པར་བྱེད་པའོ་ཞེས་ཁ་ཅིག་གོ །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་སེམས་དཔའི་བདག་ཉིད་འདྲ་བར་བདག་ཉིད་ཀྱི་
སྙིང་གར་བསྒོམ་པར་བྱའོ་ཞེས་པ་ནི་གཞན་ནོ། །བདག་གི་ནི་ཤེས་རབ་ཀྱི་ཆའི་བ་སྤུའི་བུ་གའི་རྩེ་མོ་ལས་མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོའོ་ཞེས་ཏེ་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་པོ་དབྱེར་མེད་པ་ཕྱིན་ཅི་མ་ལོག་པས་མཁས་པའོ། །དེ་ཉིད་འགྲེལ་པ་བརྗོད་པ་པདྨ་དང་ཨུཏྤལ་ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་སྔོན་པོའི་ཁ་དོག་ལྔ་སྟེ་རིགས་ཀྱི་དབྱེ་བས་སོ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ཞེས་པ་ནས་ཇི་སྲིད་དུ་ཀ་ར་བཱི་རའི་མེ་ཏོག་ནི་དཀར་པོ་དང་དམར་པོ་དང་སྔོན་པོའི་ཁ་དོག་སྟེ་རིགས་གསུམ་གྱི་དབྱེ་བས་རྣམ་པ་གསུམ་དུ་བསྒོམས་ནས་ཏེ། །མཁས་པ་ནི་སྔོན་བཞིན་དུ་ཡིན་ལ་སྔར་བཞིན་དུ་མཆོད་པ་ཤེས་པར་བྱའོ། གཞན་རྣམས་ནི་ཡང་གཞན་དུ་འཆད་དེ་དེ་མཁས་པ་རྣམས་ཀྱིས་འདི་ལྟར་སུན་ཕྱུང་བས་བྲི་བར་མི་བྱ་སྟེ། རི་དང་ཆུ་འགྲམ་ཞེས་ལ་སོགས་བརྗོད་པ། །ཆོ་ག་འདིར་གནས་གང་ཡིན་ས་ལ་སོགས། །ཇི་ལྟར་བརྗོད་དོན་འདིར་ནི་རིགས་མིན་པ། །ལྷ་མོ་ཉིད་དུ་ས་ལ་སོགས་བཤད་པ། །དེ་བཞིན་པདྨ་ལ་སོགས་འདིར་བཤད་པ། །རང་གི་ངོ་བོས་རྒྱ་ལ་དེ་བསྟབས་ཡིན། །མ་ཡི་གྲོང་སོགས་མིང་ནི་བརྗོད་པ་ལ། །སངས་རྒྱས་རྣམས་ལ་ངོ་ཚ་ཡོད་མ་ཡིན། །ཁྲུས་མ་ལ་སོགས་ལང་ཚོར་ལྡན་པའི་མིང༌། །བཟུང་ནས་འདིས་ནི་འདི་རུ་རྗོད་པར་བྱེད།། མེ་ཏོག་ལ་སོགས་མཆོད་པའི་ཆོ་གའི་སྤྲིན། །དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་མཚན་དུ། །རྣལ་འབྱོར་པ་ཡིས་ཕྱི་དང་གསང་བ་ཡིས། །རྒྱལ་བའི་དབང་པོ་ལ་ནི་ཡང་དག་མཆོད། །ཅེས་པས་སོ། །དེ་གསུངས་པ། དེ་བཞིན་ཕྱི་ཡི་དྲི་སོགས་ཐམས་ཅད་ཀྱིས། །རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང༌། །ཐ་དད་རྣམ་པར་རྟོག་ལས་ངེས་གྲོལ་བྱ། །ཞེས་སོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་པས་ནི་དཔག་ཏུ་མེད་པའི་ཚད་ཙམ་དུ་བསྒོམ་པའི་དཀྱིལ་འཁོར་མཚོན་པའི་དོན་དུ་འདི་ཡིན་ནོ། །གང་འཆད་པར་འགྱུར་ཏེ། དཔག་མེད་བྱེ་བ་བརྒྱར་ཡངས་པ། །ཞེས་སོ། །འཁོར་ལོས་མཚོན་པ་ནི་རྣམ་པར་སྣང་མཛད་ཀྱི་ཡིན་ཏེ་དེ་བཞིན་དུ་པདྨ་དང་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེས་མཚོན་པ་ཡང་ཡིན་ཏེ། ཨུཏྤལའི་སྒྲས་ཀྱང་རིན་པོ་ཆེ་ཉིད་དེ་བརྡར་བྱས་པས་མི་བསྐྱོད་པ་ལ་སོགས་པ་རྣམས་ཡིན་ནོ། །ཨུཏྤལས་མཚོན་པའི་ཕྱིར་གཞན་གྱིས་དཀྱིལ་
འཁོར་ཡང་བསྒོམ་པར་བྱའོ། །རིགས་རྣམས་ཞེས་པ་ནི་དཀྱིལ་འཁོར་བ་རྣམས་སོ། །གྲུ་བཞི་ནི་མི་མཉམ་པ་མེད་པའི་ཕྱིར་རོ། །ཤིན་ཏུ་མཛེས་པ་ནི་རིན་པོ་ཆེ་མ་ལུས་པས་སྤྲས་པའོ། །མཆོད་རྟེན་ནི་གཞལ་ཡས་ཁང་ངོ༌། །གསལ་བ་ནི་ཤེལ་བཞིན་དུ་ཕྱི་ངོས་ན་གནས་པས་ཀྱང་ནང་ན་ཡོད་པའི་དོན་མཐོང་བའི་ཕྱིར་རོ། །རང་བཞིན་གྱིས་དྲི་མ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བུ་མོ་ལོ་བཅུ་གཉིས་ལོན་པ་དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་ཆེན་ཡིན་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་དེ་ལ་བརྟེན་པར་གྱུར་པས་དེ་ཉིད་ཀྱི་ཕྱིར་ན་མཆོག་གོ །རིན་པོ་ཆེ་ཐམས་ཅད་ནི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་ཡིན་ཏེ་བདུན་ནི་བུད་མེད་དང་གླང་པོ་ཆེ་དང༌། རྟ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཁྱིམ་བདག་དང༌། དམག་དཔོན་རིན་པོ་ཆེ་རྣམས་སོ། །ཉི་མ་སོ་སོར་ཐུན་མཚམས་བཞི་རུའོ། །ཤེས་རབ་ཅན་ནི་མཆོད་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། སྦྱིན་པའི་དོན་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་དོན་དུའོ། །རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་དུས་སུ་ཡང་དཀྱིལ་འཁོར་གྱི་བདག་པོའི་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པའི་བདེ་བ་ཆེན་པོ་རེག་པའི་སྦྱོར་བས་རྡུལ་ཕྲ་རབ་ཀྱི་ནང་དུ། །དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ། །ཞེས་གསུངས་སོ། །བདག་པོའི་ཕྱག་རྒྱ་ཞེས་པ་ལ་སོགས་པ་སྟེ། གང་གསུངས་པ། །བདེ་བས་ངལ་ཞིང་སྐྱོ་བར་འགྱུར་བ་ཉིད། །གང་གིས་དེ་སྐྱེས་བདེ་དམ་རྒྱལ་བ་ལ། །ཕུལ་བས་མྱུར་དུ་དེ་ནི་འགྲུབ་ཡིན་ཏེ། །ངེས་པ་ཉིད་དུ་ཐོབ་པར་འགྱུར་བ་ཡིན། །བཀོད་པའི་དཀྱིལ་འཁོར་ནི་བསྡུས་པའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་ཏེ་རང་གི་གཟུགས་ནི་རང་གི་ལྷ་སྟེ། །དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་བདག་ཉིད་སོ་སོའི་རྡུལ་ཕྲ་རབ་དེ་ལས་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་ཀུན་གྱིས་མཆོད་པར་བྱ་བ་ཡིན་པས་བླ་མ་སྟེ་བདུད་རྩི་ལྔས་སོ། །བླ་མ་ཡང་འདི་ལྟར་མཆོད་པར་བྱའོ་ཞེས་གཞན་དག་གོ །རིག་པའི་བརྟུལ་ཞུགས་ལ་གནས་པས་ལྷའི་བུ་མོ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བྱའོ་ཞེས་
གསུངས་པ། །བཙུན་མོ་ཞེས་པ་ལ་སོགས་པ་སྟེ་བྱིན་གྱིས་བརླབས་པའི་གནས་ནི་སྔར་བརྗོད་ཟིན་ཏོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་པ་ནི་རང་གི་ལྷའི་མཆོད་པའོ། །བླང་ཞེས་པ་ནི་པདྨ་ལ་གནས་པ་རང་གི་ཁས་བླང་བའོ། །དབྱེར་མེད་པའི་སྐུ་ལ་སོགས་པ་རྫོགས་པར་བྱེད་པའི་ཕྱིར་དེའི་མཆོད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། །སྔགས་ནི་གྲུབ་པའི་ཕྱིར་བརྗོད་པ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང༌། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་སོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བརྒྱད་པའོ།། །།