ལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་པ།
དེ་ནས་ཞེས་ཏེ་དམ་ཚིག་དང་སྡོམ་པ་མ་བརྗོད་ལ་དེ་མ་བླངས་ན་ཡང་དངོས་གྲུབ་མེད་དོ། །གཏུམ་པོ་ལ་སོགས་པ་གང་རྣམས་དང་མཚམས་མེད་པ་ལྔ་བྱེད་པ་ལ་སོགས་པ་ཡང་སྡིག་པ་ཆེན་པོ་བྱེད་པ་རྣམས་ཐེག་པ་གཞན་དང་རྒྱུད་གཞན་ལས་སྤངས་ཏེ་ཅི་དེ་རྣམས་ཀྱང་འདིར་སྐབས་ཡོད་དམ་མེད་ཅེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །རྒྱལ་བར་བྱེད་ཅིང་གསལ་བར་བྱེད་པས་ན་རྒྱལ་པོའོ། །ཀུན་མཆོག་ནི་ཕྱི་རོལ་པ་དང་སློབ་པ་ལ་སོགས་པ་རྣམས་ལས་ཕུལ་དུ་བྱུང་བའོ། །རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པས་གནས་ནི་དཀྱིལ་འཁོར་ཏེ་དེར་དབང་ཕྱུག་གོ །སྤྱོད་པ་ཀུན་ནི་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་པོ་དཀར་པོའི་ཡོན་ཏན་གྱི་ངོ་བོ་ལམ་ལ་གནས་པའོ། །ཆོས་ཀྱི་མཆོག་ནི་བསེ་རུ་དང་ཉན་ཐོས་དང་ཐུན་མོང་མ་ཡིན་པའི་སྟོབས་བཅུ་ལ་སོགས་པ་རྣམས་འབྲས་བུ་ལ་གནས་པ་ཡིན་ཏེ་དོན་ནི་དགོས་པའོ། །སྟོན་པའི་གནས་སྐབས་ན་གང་གི་བརྗོད་པར་བྱ་བ་དེ་སྟོན་པར་བྱེད་པ་སྟེ་སྔགས་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །རྣམ་པར་མི་རྟོག་པ་དོན་དུ་གཉེར་བས་ན་དོན་ཏེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་བདེ་བ་
ཆེན་པོའི་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེ་ཏེ་དེ་ལས་བྱུང་བ་ནི། མཆོད་པ་ཆེན་པོ་ཆགས་པ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པས་འདོད་ཆགས་ཀྱང་ཡིན་ནོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པས་ཞི་སྡང་ཡང་ཡིན་ནོ།། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པས་གཏི་མུག་ཡང་ཡིན་ནོ། །དེའི་རང་བཞིན་འོད་དཔག་ཏུ་མེད་པ་དང༌། མི་བསྐྱོད་པ་དང་རྣམ་པར་སྣང་མཛད་རྣམས་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་ཏེ་རིགས་ནི་རྟགས་ངེས་པར་བརྗོད་པ་མ་ཡིན་ཏེ། འཇིག་རྟེན་ན་ཡང་རིགས་མི་གནས་པས་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཉིད་ཀྱིས་རྗེས་སུ་འགྲོ་བ་རྣམས་སོ། །དེ་རྣམས་དང་དེའི་རྣལ་འབྱོར་པ་ཡང་རང་དང་གཞན་གྱི་རྒྱུད་ལ་སྒྲུབ་པར་བྱེད་དེ། བདེ་བ་ཆེན་པོའི་རང་བཞིན་གྱི་མཆོག་རབ་ཏུ་སྒྲུབ་པར་བྱེད་པས་དངོས་གྲུབ་སྟེ་ཐུན་མོང་བ་དང་ཅིག་ཤོས་སོ། །ཐེག་པའི་མཆོག་ནི་དཔལ་གསང་བ་འདུས་པའི་ལམ་གྱི་ངོ་བོའོ། །གང་གི་ཕྱིར་འདི་ལས་མཆོག་མེད་པས་བླ་ན་མེད་པ་ཡིན་ཏེ། རྟེན་པ་ཞེས་ཁ་བསྐང་བར་བྱའོ། །བྲམ་ཟེ་ལ་སོགས་པའི་རིགས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཞེས་ལེའུ་གསུམ་པའི་མཐར་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཚད་མས་བཤད་དོ། །ལས་ཀྱི་སྟོབས་ཉིད་ལས་དམན་པ་དང་བར་མ་དང་མཆོག་གི་སྐྱེ་བ་ནི་ཐ་སྙད་ལས་ཡིན་ཏེ། དེས་ན་རིགས་ཀྱི་སྟོབས་ལས་ནི་དངོས་གྲུབ་བསྒྲུབ་པ་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་གྱུར་པའི་ལམ་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱིས་ཡིན་ཏེ་གདུལ་བྱའི་ངོ་བོ་ཉིད་ཀྱིས་གཞན་དག་ཏུ་བཤད་པ་ཡིན་ལ་རིགས་ལ་སོགས་པའི་ངེས་པས་ནི་མ་ཡིན་ཏེ། ནཱི་ཐ་ལ་སོགས་པ་ཡང་སྐྱེ་བ་དམན་པ་རབ་ཏུ་འབྱུང་བ་ལ་སོགས་པ་ཐོས་པ་དེའི་ཕྱིར་གསུངས་སོ། །གཏུམ་པོ་སྨྱིག་མ་མཁན་ལ་སོགས། །གྲུབ་འགྱུར་ཉིད་ཅེས་ཏེ་ཉིད་ནི་ངེས་པར་གཟུང་བའི་དོན་ཏོ། །གང་ལ་བརྟེན་པ་ཡིན་ཞེ་ན། གསུངས་པ་མཆོག་ལ་སྟེ། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་གོང་དུ་གྱུར་པ་ནི་ཐེག་པ་ཆེན་པོའོ། །དེ་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ལ་ཡང་བླ་ན་མེད་པ་དཔལ་གསང་བ་འདུས་པའི་
ལམ་འདི་ལའོ། །ཉིད་ནི་གང་གི་ཕྱིར་ཏེ་བྱ་བ་ལ་སོགས་པའི་རྒྱུད་ལས་བཀག་པ་སྐྱེ་བ་དང་ལས་དམན་པ་དང་སྡིག་པ་ཆེན་པོ་བྱེད་པས་ཀྱང་སྡིག་པ་བཤགས་པའི་རིམ་པས་འདིར་གཟུང་བར་བྱ་བ་ཉིད་དོ། །གསོད་པ་ཉིད་དོན་ཏེ་དགོས་པའོ། །དེས་ན་དོན་ནི་གསོན་པ་ལ་ཕན་པའི་སེམས་པ་སྟེ་ཡང་ཞེས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ། །དགྲ་བཅོམ་པ་དང་མ་དང་ཕ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཡང་ཡིན་ཏེ། ལྔ་པོ་ནི་ཤི་མ་ཐག་ཏུ་དམྱལ་བར་སྐྱེ་བ་ལ་བར་བཅད་པར་མི་ནུས་པའི་ཕྱིར་མཚམས་མེད་པ་སྟེ་སྡིག་པའི་ལས་རྣམས་སོ། །དེ་ལ་སོགས་པ་སྟེ་སྡིག་པ་ཆེན་པོའི་ལས་རྣམས་གང་རྣམས་ཀྱིས་སྡིག་པ་ཆེན་པོ་བྱས་པ་དེ་རྣམས་ཐམས་ཅད་ཉིད་ཀྱང་དཔལ་གསང་བ་འདུས་པའི་ལམ་ཐེག་པ་ཆེན་པོའི་མཆོག་བསྒྲུབ་པ་འདི་ལ་དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པའི་རིམ་པས་གནས་ཏེ་ཡོད་པའོ། །སྙིང་རྗེ་དང་ཤེས་རབ་གོམས་པ་ལ་ཤིན་ཏུ་ནུས་པས་སེམས་པ་རྣམས་སོ། །ཤེས་རབ་ཐབས་དང་ལྡན་པ་རྣམས། །དམ་ཚིག་ང་ཡིས་རྗེས་སུ་བསྟན། །ཞེས་བརྗོད་པས་སོ། །སྔ་མ་དང་ཕྱི་མ་ཡང་འདིའི་དབང་དུ་བྱས་ཏེ་བལྟ་བར་བྱའོ། །ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཡང་བཅོས་སུ་མེད་པ་གང་ཡིན་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །སློབ་དཔོན་སྨོད་པ་ཡང་ཕས་ཕམ་པ་དང་པོའི་ལྟུང་བ་ཡིན་ཏེ། དེ་དང་ལྡན་པ་རྣམས་ཏ་ལའི་མགོ་བཅད་པ་དང་འདྲ་བ་ཅིའི་ཕྱིར་དགེ་བའི་རྩ་བའི་མྱུ་གུ་བསྐྱེད་པའི་སྐབས་ཡོད། གང་གིས་དེ་སྔོན་དུ་སོང་བའི་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། གལ་ཏེ་སླར་དེ་རྣམས་ཀྱིས་ཀྱང་བླ་མ་ལ་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ཏེ་དཀྱིལ་འཁོར་དེ་ལ། བྱང་ཆུབ་སེམས་ནི་གཟུང་བར་བྱ། །གསུམ་ལ་སྐྱབས་འགྲོ་ལ་སོགས་སྡོམ། །ཞེས་པས་ལྟུང་བ་ཡང་དག་པར་བསྡུས་པའི་ཆོ་གས་ཕྱིར་བཅོས་པ་བྱ་སྟེ། དེའི་ཚེ་དངོས་གྲུབ་ཀྱི་སྣོད་ཉིད་དུ་འགྱུར་བར་སྙིང་ནས་ཞེས་སྨྲོས་སོ། །བླ་མ་མཉེས་པས་འགྲུབ་པར་འགྱུར། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་ཡང་དམ་ཚིག་དང་སྡོམ་པ་ལ་གནས་པས་ཐུན་མོང་དང་
ཅིག་ཤོས་གྲུབ་ཀྱི་གཞན་ནི་མ་ཡིན་པས་སེམས་ཅན་ཞེས་པ་ལ་སོགས་པ་ནས་གང་ཞེས་པའི་བར་གྱིས་བསྲུང་བའི་དམ་ཚིག་བསྒྲུབ་པ་གསུངས་པ་ཡིན་ཏེ། སྙིང་རྗེ་དང་ཤེས་རབ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་ མགོན་པོ་ཡིས། །བྱང ་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བྱ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བརྟན་པར་བདག་གིས་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང༌། དཀོན་མཆོག་གསུམ་པོ་བླ་མེད་མཆོག །སྡོམ་པ་སངས་རྒྱས་རྣལ་འབྱོར་སྐྱེས། །དེང་ནས་བཟུང་སྟེ་བརྩོམ་པར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །དེ་ཉིད་ཀྱིས་ནི་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་ཆེན་ལ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཉིན་རེ་ཉིན་རེ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ཡིས། །ཕྱི་དང་གསང་དང་ཐེག་པ་གསུམ།། དམ་ཚིག་ཡོངས་སུ་གཟུང་བར་བགྱི། །པདྨ་ཆེན་པོའི་རིགས་དག་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །དེ་ཉིད་ཀྱིས་ནི་གཟུང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་པ། །ལས་ཀྱི་རིགས་ནི་ཆེན་པོ་ལ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད། །ཅེས་པས་ཐུན་མོང་གི་སྡོམ་པ་བླངས་པ་སྔོན་དུ་སོང་བ་སྨོན་ལམ་བཏབ་པ་ཡིན་ནོ། །མ་དད་སྨྲ་བའི་སེམས་ཅན་དང༌། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །གདུག་པའི་སེམས་ཅན་གཞན་ལ་ཡང༌། །ལས་འདིས་བསྐུལ་བར་བྱ་བ་ཡིན། །ཞེས་བཅུ་གསུམ་པའི་ཚིག་གིས་དམྱལ་བ་ལ་སོགས་པའི་ངན་སོང་དུ་འགྲོ་
བའི་རྒྱུའི་ལས་ལ་ཞུགས་པའི་སྡང་བ་རྣམས་ལ་འབྱུང་བར་འགྱུར་བའི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་དཔག་ནས་སྙིང་རྗེའི་དབང་དུ་སོང་བའི་སེམས་ཉིད་ཀྱིས་བཏང་སྙོམས་སུ་བཞག་པར་མི་ནུས་པ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པའི་ཆེད་དང་བླ་ན་མེད་པའི་བྱང་ཆུབ་ལ་གཞག་པའི་དོན་དུ་ཡང་དེ་འདྲ་བའི་ཐབས་གཞན་མ་མཐོང་བས་དགུ་པར་བཤད་པའི་ཚོགས་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་དེ་དག་དམ་ཚིག་ལ་གཞུག་པའི་དོན་དུ་དེ་བཞིན་གཤེགས་པའི་སྣང་བ་དང་སོ་སོར་སྣང་བ་ཐོབ་པ། ཁ་སྦྱར་དབྱེ་བ་ལ་སོགས་པ་ཉམས་སུ་བླང་བའི་བྱ་བས་ཉི་མ་སོ་སོར་ཐུན་མཚམས་བཞིར་རང་གོམས་པའི་མ་ཚང་བ་མེད་པའི་ཏིང་ངེ་འཛིན་གསུམ་དང་ལྡན་པས་ཐུན་མཚམས་བར་མ་ལ་བསྒྲུབ་པར་བྱའོ། །བཤང་གཅི་གཞེས་པ་ལ་སོགས་པས། །བཤང་གཅི་ཤ་ཁྲག་རིགས་བྱུང་གཞན། །བ་ལང་ཁྱི་གླང་རྟ་མི་ལྔ། །ཞེས་རྒྱུད་ཕྱི་མའི་ཆོ་གས་བཟའ་བར་བྱ་བའི་དམ་ཚིག་གཉིས་མཚོན་པ་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། དམ་ཚིག་གསང་བ་བསྒྲག་པར་བྱ། །སྲོག་ཆགས་ཞེས་པ་ནས་ཇི་སྲིད་བཙུན་མོ་ཞེས་པའི་བར་དུ་ལེའུ་བཅུ་དྲུག་པ་ལས་སོ། །དམ་ཚིག་རྣམ་བཞི་བསྲུང་བར་བྱ། །སངས་རྒྱས་ཡེ་ཤེས་རྒྱ་མཚོའི་འོད། །ཅེས་པ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །དམ་ཚིག་ཆེན་པོ་རྨད་བྱུང་བ། །སངས་རྒྱས་ཀུན་གྱི་བརྟན་པ་ནི། །རྡོ་རྗེ་འཛིན་རྣམས་ཀྱིས་བསྲུང་བྱ། །གང་ཞིག་དམ་ཚིག་འདི་སྲུང་བ། །རྡོ་རྗེ་སེམས་དཔའ་འོད་ཆེན་པོ། །དེ་ཡི་སྐུ་གསུང་ཐུགས་གྱུར་པ། །དེ་མ་ཐག་ཏུ་སངས་རྒྱས་འགྱུར། །ཞེས་བཅུ་བདུན་པའི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས། ཇི་ལྟ་ཇི་ལྟར་གདུལ་བྱ་བར། །སེམས་ཅན་རང་བཞིན་གྱིས་གྱུར་པ། །དེ་ལྟར་དེ་ལྟར་སེམས་ཅན་དོན། །འདོད་ཆགས་སོགས་ཀྱིས་དག་པར་བྱེད། །སེམས་ཅན་ཀུན་ལ་ཕན་ཕྱིར་དང༌། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །སེམས་ཅན་ཐམས་ཅད་གསོད་བྱེད་པ། །དེ་ནི་སྡིག་པས་གོས་མ་ཡིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་དགོངས་པའི་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་འཕྲོག་པ་ནི། །དེ་ནི་སྡིག་པས་གོས་མ་ཡིན། །འདོད་ཆགས་དང་མཚུངས་བདེ་བ་མེད། །རྒྱལ་བ་
རྣམས་ལ་སྟེར་བྱེད་པ། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་ན་བསོད་ནམས་འཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །ལས་ནི་ཐམས་ཅད་བྱ་བ་ཉིད། །བསོད་ནམས་མང་པོ་སྐྱེ་བར་འགྱུར། །ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་བཟང་པོ་ཞབས་ཀྱིས། །དམ་ཚིག་བསྲུང་བའི་བདག་པོ་ཡིན། །རྟག་ཏུ་སྡོམ་པ་བསྐྱང་བར་བྱ། །ཤ་ལྔ་བདུད་རྩི་རྣམ་ལྔ་བཟའ། །དམ་ཚིག་གཞན་ཡང་བསྲུང་བར་བྱ། །དཀོན་མཆོག་གནོད་གཞོམ་བུད་མེད་ཀུན། །གཞན་རྫས་ལེན་པ་བརྫུན་གྱི་ཚིག །འདི་དག་ཆོ་ག་བཞིན་བསྲུང་བ། །རྣལ་འབྱོར་རྒྱུད་ལའང་གང་བཤད་པའོ། །ལམ་མ་ཡིན་པ་འདི་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་དམ་ཚིག་ཏུ་ཇི་ལྟར་འགྱུར་ཞེ་ན། སྙིང་རྗེ་དང་ཤེས་རབ་དང་ལྡན་པས་གཞན་གྱི་དོན་ལ་གཅིག་ཏུ་བརྟན་པ་ཕྱིན་ཅི་མ་ལོག་པ་དེའི་བླ་ན་མེད་པའི་བྱང་ཆུབ་ལ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་གསུངས་པ། ཡང་དག་རྟོག་ལས་བྱང་སེམས་རྣམས། །དགེ་བ་འམ་ཡང་ན་མི་དགེ་བ། །འདི་དག་ཐམས་ཅད་དགེ་བ་སྟེ། །གང་ལས་དེ་རྣམས་ཡིད་དབང་འགྱུར། །ཞེས་སོ། །འབྲས་བུ་བསྐལ་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྟོགས་པར་བྱ་བ་ཡིན་ན་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཀྱང་མ་གྲུབ་བོ་ཞེ་ན། དེ་ལྟར་ན་ཡང་སྦྱིན་པ་ལ་སོགས་པ་དེ་ཡང་མ་གྲུབ་པས་དེ་ལ་ཡང་འཇུག་པར་མི་འགྱུར་བར་ཐལ་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་དངོས་པོའི་རང་བཞིན་དུ་གྱུར་པ་ཡང་མཐོ་རིས་དང་ཐར་པ་ཐོབ་པ་ལ་སོགས་པར་ནུས་པ་ལ་ཐེ་ཚོམ་དུ་རིགས་ཏེ་དེའི་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་ངེས་པར་བྱ་བ་ལ་མི་སྒྲིན་པའི་ཕྱིར་དང་མ་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དགག་པར་བྱ་བའི་ཆེད་དུ། མངོན་སུམ་དང་ནི་རྗེས་དཔག་དང༌། །གཉིས་པོས་ཀྱང་ནི་མི་གནོད་པ། །འདི་ཡི་མཐོང་དང་མ་མཐོང་ལ། །དེ་དོན་དེ་ལ་མི་སླུ་ཡིན། །བླང་དང་དོར་བའི་དེ་ཉིད་ལ། །ཐམས་ཅད་རབ་ཏུ་ངེས་པ་ཡིན། །གཙོ་བོའི་དོན་ལ་མི་སླུ་ཕྱིར། །གཞན་དུ་འང་རྗེས་སུ་དཔག་པ་སྟེ། །འདི་ནི་ལུང་གི་རྗེས་སུ་དཔག་པར་བརྗོད་དོ། །གང་ཡང་ཇི་ལྟར་གྱུར་པའི་དངོས་པོའི་དེ་ཁོ་ཉིད་ལ་གོམས་པས་བློ་གྲོས་ཆེན་པོ་དེ་རྣམས་སྦྱིན་པ་ལ་སོགས་པའི་
དངོས་པོ་མཐོང་བ་ཉིད་ཀྱིས་དེ་རྣམས་དངོས་པོ་ཐམས་ཅད་ངེས་པར་ནུས་པ་ཡོད་པ་ཉིད་དོ། །གང་རྣམ་འགྲེལ་ལས། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་པ་མེད། །མཐོང་བ་མེད་ཕྱིར་འབྲས་ལ་རྨོངས། །དེ་མ་ཐག་པ་མ་ཡིན་ཕྱིར། །ངེས་མིན་སྒྲིན་པ་མེད་ཕྱིར་རོ། །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། །བློ་གྲོས་ཆེན་པོ་མཐོང་ཉིད་ལ། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེ་ན་འདི་ནི་མཚུངས་ཏེ་དམ་ཚིག་དང་སྡོམ་པ་ལ་སོགས་པ་སྒྲུབ་པ་ལ་ལྷན་ཅིག་བྱེད་པ་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། སྣོད་ཅེས་ཏེ་རུང་བའོ། །དེ་རྣམས་དམ་ཚིག་སྒྲུབ་པ་ལ་སོགས་པའི་རྒྱུའི་ཚོགས་པ་དང་ལྡན་པ་ཉིད་ཡིན་ཏེ་ཐུན་མོང་པ་དང་ཅིག་ཤོས་ཀྱི་དངོས་གྲུབ་རྣམས་སྒྲུབ་པའི་ཡུལ་ལ་ཡིན་ལ་གཞན་དམ་ཚིག་ལ་སྡང་བ་དང་བཏང་སྙོམས་སུ་བཞག་པ་ལ་ནི་མ་ཡིན་ནོ། །སྙིང་པོ་ཞབས་འདི་ལྟར་འཆད་དེ། སྲོག་གཅོད་པ་ནི་ངེས་པར་སྒྲུབ་པའི་སྣོད་དུ་འགྱུར་ཞེས་པ་དང་འབྲེལ་ཏོ། །གང་རྣམས་དེ་སྲིད་དུ་སྤོང་བས་འཇིགས་པ་དེ་རྣམས་མ་སྤྱད་ན་ཉམས་དགའ་བའི་ཚིག་ཐོས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཀྱང་སྲོག་གཅོད་པ་ལ་སོགས་པ་ལ་ཞུགས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་དུ་ཞུགས་པ་ལ་སོགས་པ་དང་རྗེས་སུ་གནང་བས་འཇུག་པར་བྱེད་དོ། །དེས་ན་དེ་རྣམས་འཇུག་པའི་རྒྱུ་གསུངས་པ་སྲོག་གཅོད་པའི་སེམས་ཅན་རྣམས་ཞེས་པ་ལ་སོགས་པའོ། །རྩ་བའི་རྒྱུད་དུ་ཡང་བརྗོད་པ་སེམས་ཅན་ཁ་ཅིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསླབ་པ་ལ་འཇིགས་ཤིང་སྐྲག་པ་དེ་རྣམས་ངན་སོང་གི་དཀྱིལ་འཁོར་ལ་འཇུག་པས་ཇི་ལྟར་གནས་པར་ཕྱོགས་པ་རྣམས་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་བཞུགས་པར་རིགས་སོ། །རྣམ་པ་ཀུན་གྱིས་དགེ་བ་ལ་མི་འཇུག་པ་རྣམས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བསྒོམ་པ་ཡང་བག་ཆགས་བཞག་པའི་ཕྱིར་རིགས་སོ་ཞེས་སོ། །འོད་ལྟར་བསྒྲལ་བའི་དོན་དུ་ཡང་དག་པར་གནས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་སླར་དོན་གཞན་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་བཞུགས་
པའི་ཕྱིར་བསྟེན་པར་བྱའོ། །དེ་ལ་ཡེ་ཤེས་རྡོ་རྗེ་སེམས་ཅན་གྱི་ཁམས་མ་ལུས་པ་བདག་མེད་པར་བྱེད་དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཆེད་དུའོ། །འདི་ནི་སྲོག་གཅོད་པ་ཡིན་ནོ། །ཆོས་རྣམས་ཀུན་ནི་མ་སྐྱེས་དང༌། །རང་བཞིན་གྱིས་ནི་འོད་གསལ་ཡིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །འདི་ནི་བྱང་ཆུབ་ཚུལ་བསྟན་པ། །ཞེས་པས། དོན་མཐའ་དག་མེད་པར་སྟོན་པ་ནི་བརྫུན་དུ་སྨྲ་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གྲུབ་པར་སེམས་ཅན་གྱི་ཁམས་ཐམས་ཅད་བསྒོམས་པས་སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་གྱི་རྣམ་པར་འཕྲོག་པ་ནི་གཞན་གྱི་རྫས་འཕྲོག་པའོ། །འཇིག་རྟེན་གྱི་ཁམས་མ་ལུས་པའི་རྡུལ་ཕྲ་རབ་དང་མཉམ་པ་རིག་པའི་ལྷ་མོ་རྣམས་དང་སྦྱོར་བར་རྟག་ཏུ་བསྒོམ་པ་ནི་འདོད་པས་མཉེས་པའོ། །དོན་འདི་ཉིད་ལེའུ་དགུ་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ལག་ན་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང༌། །འོད་ཟེར་སྣ་ལྔས་རབ་ཏུ་གང༌། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེས་ཕྱེ་མར་བྱ། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱིར་བྱས་ཉམས་གྱུར་པ། །བསམ་གཏན་མཆོག་ནི་བསྒོམས་ནས་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། །རྡོ་རྗེ་གསང་བ་འདི་ཡིས་ནི། །སེམས་ཅན་ཐམས་ཅད་གསད་པར་བྱ། །མི་བསྐྱོད་རྡོ་རྗེ་སངས་རྒྱས་ཀྱི། །ཞིང་དུ་རྒྱལ་བའི་སྲས་རྣམས་སྐྱེ། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གོ །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་རྣམ་བསྒོམ་བྱ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །སངས་རྒྱས་གཟུགས་ནི་རབ་ཏུ་བརྟག་ནོར་རྣམས་ཐམས་ཅད་འཕྲོག་པར་ནི། །རྡོ་རྗེ་གསུམ་གྱིས་བསྒོམ་པར་བྱ། །ནོར་གྱི་རྒྱ་མཚོས་གང་བ་ནི། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །སངས་རྒྱས་ཀུན་གྱི་སྲས་རྣམས་ཀྱང༌། །ཐུབ་པའི་སྐྱེས་མཆོག་ཏུ་འགྱུར་རོ། །འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་གོ །ནམ་
མཁའི་དབྱིངས་ཀྱི་དབུས་གནས་པ། །དཀྱིལ་འཁོར་དམར་པོ་བསྒོམ་པར་བྱ། །ཚེ་དཔག་མེད་པ་བསྒོམས་ནས་ནི། །སངས་རྒྱས་ཀུན་གྱིས་གང་བར་བྱ། །བཙུན་མོའི་རྣམ་པ་དང་སྦྱོར་བ། །ཐམས་ཅད་འདི་རུ་བསྒོམ་པར་བྱ། །ཞེས་པ་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་གོ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དོན་ཡོད་རབ་བསྒོམས་ནས། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་གཟུགས་སུ་བསྒོམས་ཏེ། །རྡོ་རྗེ་ཚིག་གི་བརྫུན་སྨྲ་བས། །སངས་རྒྱས་ཐམས་ཅད་སླུ་བ་དང་། །དེ་བཞིན་རྒྱལ་བ་ཀུན་གྱི་གནས། །དམ་ཚིག་འགུགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་དམ་ཚིག་ལྟ་བུའོ། །དེ་ནི་མཁའ་འགྲོ་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས། རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ། བཤང་གཅི་ཟས་སུ་ཟ་བ་ཉིད། །ཅེས་བྱ་བ་ནི་རང་གིས་བྱ་སྟེ། དེས་མངོན་པར་འདོད་པའི་དོན་ནི་དངོས་གྲུབ་སྟེ་འགྲུབ་བོ། །དེ་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལྟར་ཡང་དེ་རྣམས་བཟའ་བར་བྱ་བ་མ་ཡིན་པ་ཟོས་པས་སྔགས་མངོན་པར་བཏབ་པས་འགྲུབ་པར་བརྗོད་དེ། །དེ་རྣམས་འདིར་བརྗོད་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐུས་བཤང་གཅི་ལ་སྔགས་ཏེ། བཟའ་བར་བྱ་བ་ལ་སྦྱར་བར་བྱ་སྟེ་གཞུག་པར་བྱ་བའི་རྒྱུས་སོ། །དེ་སྦྱར་བ་སྦྱིན་པས་ལུས་དང་ངག་དང་ཡིད་རྟོགས་པ་ལ་འཇུག་གོ །ཁྱབ་འཇུག་པའི་རྒྱུད་ལ་མངོན་པར་དགའ་བ་རྣམས་རྣམ་པར་དག་པར་བྱ་བའི་ཆེད་དུ་གསུངས་པ་མ་སྲིང་མོ་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱང་སྤོང་བ་ལ་མ་ཕྱོགས་པ་རྣམས་ཏེ། གསུམ་ལ་སྐྱབས་སུ་སོང་བ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་སྔགས་ཀྱི་བཟླས་པ་དང་རྗེས་སུ་གནང་བ་བྱིན་པས་བྱང་ཆུབ་ཆེན་པོའི་བག་ཆགས་བཞག་པ་ལ་གཞུག་པའི་རྒྱུར་འགྱུར་བ་ཉིད་དོ། །ཕྱི་ནས་གཞུག་པའི་རྒྱུར་བཞག་པ་རྣམས་ལ། མ་ནི་སྤྱན་མ་ལ་སོགས་པ་རྣམས་ཡིན་ལ། སྲིང་མོ་ནི་རྡོ་རྗེ་སེམས་མ་ལ་སོགས་རྣམས་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་རྣལ་འབྱོར་པ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་ཟློས་པ་པོ་རྣམས་ཀྱི་དེ་ཉིད་བུ་མོ་མཆོག་ཡིན་ནོ། །དེ་
རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྒོམས་པས་ཡང་དག་པར་བསྒོམ་པའི་སྦྱོར་བ་ལས། སྒྲུབ་པ་པོས་འདོད་པར་བྱ་སྟེ། དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གཞུག་པར་བྱ་བའི་ཆེད་དུ་བསྟན་པ་གསུངས་སོ། །ཁྱབ་བདག་སངས་རྒྱས་ཡུལ་ལ་ནི། །འདོད་སྤྱོད་དགོས་པར་མི་འགྱུར་ཏེ། །ཞེས་ཏེ་དེ་རྣམས་ཀྱང་སྒྱུ་མ་ལྟ་བུར་བསྒོམས་པས་འདོད་པར་བྱ་སྟེ། ཇི་ལྟར་སྔར་བརྗོད་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལས་རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར་གསུངས་པ། དེ་ནི་སངས་རྒྱས་ཉིད་འགྱུར་ཏེ། །རྣམ་པར་མི་རྟོག་བློ་ལྡན་པར། །ཞེས་སོ། །མ་དང་ཞེས་པ་ལ་སོགས་པ་ནས་བློ་ཅན་ཞེས་པའི་མཐའ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། རིག་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཀྱི་སྡོམ་པ་བསྟན་པ་ཡིན་ཏེ། དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིག་པའི་བརྟུལ་ཞུགས་ཞེས་པ་ནས་བརྩམས་ཏེ། སྡོམ་པ་འདིས་ནི་བསྟན་པ་ཡིན་ཏེ། །ཞེས་བཅུ་དྲུག་པ་ལས་སོ། །སེམས་ཅན་ཁམས་ནི་མཐའ་ཡས་པ། །མ་དང་ཞེས་པ་ནས་བརྩམས་ཏེ། །སྡོམ་པ་འདི་ནི་ངོ་མཚར་ཆེ། །ཞེས་ལེའུ་བཅུ་བདུན་པའི་ཚིག་གིས་སོ། །མ་ལ་སོགས་པ་ཡང་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ་ཞེས་པ་རིག་པའི་བརྟུལ་ཞུགས་ལ་ཡིན་ཏེ། ཤིན་ཏུ་དད་ལྡན་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །བྱ་བ་གཅིག་ལ་སྦྱངས་གྱུར་པ། །དམ་ཚིག་ལྡན་པའི་དམ་ཚིག་ཅན། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བརྗོད་པའི་མཚན་ཉིད་རྣམས་སོ། །དེ་ཉིད་དུ་ཤེས་རབ་དང་སྙིང་རྗེ་གོམས་པ་ནི་འཇིག་རྟེན་ན་གྲགས་པ་ཉིད་དུ་བཟུང་ངོ་ཞེས་གཞན་དག་གོ །ཇི་ལྟར་འདི་འདྲ་བའི་སྡོམ་པ་ཡིན་ཞེ་ན། སྙིང་རྗེ་དང་ཤེས་རབ་ཤིན་ཏུ་གོམས་པའི་རང་གི་བ་སྤུའི་བུ་གནས། མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །ཞེས་བདུན་པ་ལས་གསུངས་པའི་ཆོ་གས་ཐབས་རྣམ་པ་མང་པོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་སྙིང་རྗེས་བཞག་པར་འདོད་པས་བདེ་བར་གཤེགས་པ་རྣམས་དེས་རྗེས་སུ་ཆགས་པར་བྱའོ་ཞེས་ཤེས་རབ་དང་ཐབས་ཤིན་ཏུ་གོམས་པའི་སོ་སོའི་རྡུལ་ཕྲ་རབ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོའི་མཆོད་པས་
ཚིམ་པར་བྱེད་པ་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རོ་གཅིག་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཐའ་གསུམ་མ་དམིགས་པའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་རྗེས་སུ་ཆགས་པ་ལ་སོགས་པའི་ཐ་དད་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་ཀྱིས། ཤེས་རབ་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེར་མི་གནས་པའི་མྱ་ངན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་མ་ལ་སོགས་པའི་འབྲེལ་བའི་རྣམ་པར་རྟོག་པ་བརྟགས་པ་ཉིད་ཀྱིས་དངོས་པོ་ཇི་ལྟ་བའི་དེ་ཁོ་ན་ཉིད་ལ་མི་འཇུག་པས་བླ་ན་མེད་པའི་བྱང་ཆུབ་ལ་གེགས་བྱེད་པས་ན་སྤང་བར་བྱ་བའི་ཕྱིར་རོ། །གང་རྣམ་འགྲེལ་ལས། དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་པ་རྟོགས་པས་བྱས་པ་ཡིན། །ཇི་ལྟར་ཡོད་གཞན་རག་ལུས་པ། །རྫས་ནི་གཞན་གྱིས་འབྲེལ་པར་འགྱུར། །གྲུབ་ཕྱིར་གཞན་ལ་རག་མ་ལས། །ཡིན་ནའང་འབྲས་ཡིན་རང་རྒྱུ་ལས། །རྟོག་པ་ཡིས་ནི་འབྲེལ་བྱེད་པ། །འབྲས་བུ་མ་ཡིན་ཅུང་ཟད་མེད། །ཅེས་སོ། །འབྲེལ་པ་གཞན་དབང་ཉིད་ཡིན་ན། །གྲུབ་ན་ཅི་ཕྱིར་གཞན་དབང་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །དེ་ཉིད་དུ་ན་འབྲེལ་བ་མེད། །ཅེས་འབྲེལ་བ་བརྟག་པ་ལས་སོ།། གཞན་ཡང༌། མ་ལ་སོགས་པ་ངེས་མེད་དེས། །ཚང་མ་ཡིས་ནི་མ་གྲུབ་ཕྱིར། །ཉེར་བསྟན་པ་ཡིས་འགྲུབ་ཅེ་ན། །མ་ཡིན་དེ་ནི་འཁྲུལ་བའི་ཕྱིར། །ཕྱི་རོལ་དོན་དང་སྒྲ་ལ་ནི། །འབྲེལ་པ་མ་གྲུབ་པ་ཡི་ཕྱིར། །ཉེས་ཟད་ཀྱིས་བསྟན་ཚད་ཞེ་ན། །མ་ཡིན་ཉེས་ཟད་རྟོགས་དཀའི་ཕྱིར། །དངོས་པོ་རྣམས་ཀྱི་རང་བཞིན་དང༌། །འབྲས་མིན་སྨྲ་བ་པོ་ཡི་ཚིག །དེ་ལས་ལོགས་ཤིག་གྱུར་པ་ཡིན། །མ་འཁྲུལ་བ་ནི་ཡོད་མ་ཡིན། །ལུང་རྣམས་དང་ནི་དངོས་པོ་ཡང༌། །མེད་ན་མི་འབྱུང་ཅུང་ཟད་མེད། །རྟོགས་པ་པོ་ལ་མ་གྲུབ་པ། །གང་ལ་དེ་རྣམས་དོན་ངེས་ཡིན། །སྐྱེས་བུའི་ཁྱད་པར་ལ་ལྟོས་པའི། །མཁས་པ་ཇི་ལྟའི་དོན་གཞན་ནི། །གལ་ཏེ་ཁྱད་པར་གྱུར་པ་ཡི། །དོན་ཤེས་གྱུར་ན་འདོད་པ་ཡིན། །འདི་ནི་འདི་ལྟར་ཡིན་མིན་དང༌། །ཉེས་པ་དང་ནི་ཉེས་མེད་པ། །རྟོགས་པར་དཀའ་ཕྱིར་ཚད་མ་མིན། །རྟོགས་དཀའ་ཞེས་སོགས་རྣམ་འགྲེལ་ལས། །སོགས་
པས་ནི་སྲིང་མོ་ལ་སོགས་པ་དང་བཟའ་བར་བྱ་བ་མ་ཡིན་པ་ཡོངས་སུ་བསྡུས་སོ། །ཇི་ལྟར་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ཐ་སྙད་ཡིན། རབ་རིབ་ཅན་གཉིས་ཟླ་བ་གཉིས་ཀྱི་ཐ་སྙད་འདོགས་པ་ལྟར་འཁྲུལ་པ་ཙམ་ཉིད་ཀྱིས་ཕན་ཚུན་དུ་ཡིན་ནོ། །འཁོར་སྨྱོན་པ་རྣམས་ལ་རྒྱལ་པོ་མི་སྨྱོ་བ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་པའི་ངོ་ལྷུར་མཛད་པས་དོན་ལ་གཞུག་པའི་དོན་དུ་གླང་པོ་ཆེའི་གཟིགས་སྟངས་ཀྱིས་དེ་བཞིན་དུ་བསྟན་པ་ཡིན་ཏེ་ཉེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་རྟེན་མ་སོགས་པ་ཡང་བསྒྲུབ་ཡན་ལག །དེ་ཡི་ཕྱིར་ན་ཐེ་ཚོམ་མི་བྱའོ། །དེ་འདིར་རྣམ་པར་སྨིན་པ་སངས་རྒྱས་ཀྱིས། །རྣམ་པ་ཀུན་དུ་ཐམས་ཅད་མཁྱེན་པ་ཡིན། །རང་གིས་འདིར་ནི་དབང་གི་ཆོ་ག་ཡིས། །ཕྱག་རྒྱ་གཏད་པའམ་ཡང་ན་བླ་མ་ཡིས། །རང་གི་ཕྱག་རྒྱ་དེ་ལ་བྱིན་པ་དེའི། །བཀའ་ཡིས་དེ་ཡི་དུས་སུ་བུ་ཡིས་བསྟེན། །ཤེས་རབ་ཡེ་ཤེས་ཕྱིར་བྱིན་རང་དབང་གྱུར། །སློབ་མ་འདི་ཡིས་རྟག་ཏུ་གཟུང་བྱ་ཡིན། །དེ་ཉིད་ཀྱིས་ནི་དེ་རྣམས་འགྲུབ་པ་ཡིན། །དེ་ནི་ཡང་དག་སྦྱང་བྱ་འབད་དེ་བསྲུང༌། །སློབ་དཔོན་ལ་ནི་རིག་ལུས་བུ་ཡིས་ནི། །བསྒོམ་པར་བྱ་མིན་རྒྱལ་བས་བཀག་པའི་ཕྱིར། །གང་ཕྱིར་གྲིབ་མ་གྲིབ་ཡིན་བཀའ་སྩལ་གྲིབ། །བླ་མའི་ཕྱག་རྒྱ་དེ་ཡང་འགྱུར་བ་ཡིན། །གསུམ་པོ་རྣམས་ལ་གོམས་པས་སྐྱེ་འགྱུར་བའི། །འབྲས་བུ་ཤིན་ཏུ་རྣོ་བ་བཟོད་དཀའ་བཤད། །རང་གཞན་དོན་འདོད་རྣམས་ཀྱིས་འབད་པ་ཡིན། །དེ་ནི་ཡོངས་སྤངས་རྟག་ཏུ་སློབ་མ་ཡིས། །སྟོན་པ་སངས་རྒྱས་རྣམས་ཀྱི་སྟོན་པ་ཡིན། །བླ་མ་འདི་ནི་མཉམ་པ་མེད་པ་ཡིན། །དེ་ནི་དང་པོའི་ཤེས་ཡིན་སངས་རྒྱས་ཉིད། །གང་འདིར་རྒྱལ་བ་མ་ལུས་པ་རྣམས་ཀྱི། །དེ་ཡི་ཕྱིར་ན་སྟོན་པ་གཞག་པར་བྱ། །དེ་མེད་སངས་རྒྱས་ཆོས་ལ་སོགས་པ་མེད། །དེ་ཚེ་རྣམ་བཞག་དེར་འགྱུར་རིང་པོ་ནས། །གང་ཚེ་སློབ་མས་དེ་ནི་ཡོངས་སུ་སྤངས། །གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ལས། །རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའ་ཡི། །བསྟེན་པ་མ་ལུས་ཇི་ལྟ་བུ་ཉིད་ནི། །བརྗོད་པ་བཞིན་དུ་དེ་དག་བྱ་བ་ཡིན། །སློབ་མས་གཉུག་མའི་ཆུང་མ་ལ་སོགས་པ། །འདི་ལ་སྦྱིན་བྱ་དེ་ཡི་དེ་རྣམས་མིན། །དབང་གི་
དུས་པོར་ངེས་པར་སྦྱིན་མི་བྱ། །མཁས་པས་ལུས་ལས་ཤེས་པར་བྱ་བ་ཡིན། །བླ་མའི་ཕྱག་རྒྱ་རྣམས་དང་འཇུག་གྱུར་པ། །གལ་ཏེ་དེ་ཡིན་དེ་ཚེ་དམན་བདག་ཉིད། །དེ་ལ་ལྟོས་པ་ཡིན་པས་སྟོན་པ་ཡི། །འདུ་ཤེས་ཀྱང་ནི་བོར་བར་གྱུར་པ་ཉིད། །དེ་ནི་བུད་མེད་བྱ་བྱེད་དེ་རྣམས་ནི། །བླ་མ་རྣམས་ལ་དད་མིན་གུས་པ་མིན། །གཞན་པའི་བུད་མེད་རྣམས་ཀྱང་ཡོད་པ་ཡིན། །ཅིའི་ཕྱིར་ན་འདི་རྣམས་ཀྱིས་ཆོག་མིན། །བླ་མའི་ནོར་ནི་འཕྲོག་པར་འགྱུར་བའང་ཡིན། །བླ་མའི་ཕྱག་རྒྱ་ལ་འཇུག་དེ་རྣམས་ནི། །དེ་བཞིན་བླ་མའི་བསྙེན་བཀུར་ལ་སོགས་པ། །སྤངས་པར་ཡང་ནི་ཐལ་བར་འགྱུར་བ་ཉིད། །གལ་ཏེ་ཐམས་ཅད་བླ་མས་བཟོད་གྱུར་པ། །བསྐྱོད་པར་ནུས་མིན་པ་ནི་ཡིན་གྱུར་ན། །ཇི་ལྟའི་སྐྱེས་བུའི་དོན་ནི་མཆོག་ཉམས་པར། །མི་འགྱུར་དེ་བཞིན་དུ་ནི་བྱ་བ་ཡིན། །སངས་རྒྱས་ཀྱི་ཡུམ་ཚིག་ལ་སོགས་པ་ལ། །ཡང་དག་སྤྱིར་བཏང་ཡིན་པར་ཤེས་པར་བྱ། །དམིགས་ཀྱིས་བསལ་བ་ཡང་ནི་བརྟེན་པར་གྱིས། །འདིར་ནི་མཁས་པ་རྣམས་ཀྱིས་ཞི་བྱའི་ཆེད། །གཞན་ཡང་འདི་འདྲའི་ཆོ་ག་ངེས་གྲུབ་པ། །སྐྱེ་བའི་ས་ནི་ཉེ་བར་སྤང་བྱ་སྟེ། །ཁྱིམ་ལ་སོགས་པ་ལས་ནི་ངེས་འབྱུང་བ། །ཤིན་ཏུ་རིང་བར་སོང་བ་མཚོན་མ་ཡིན། །དེ་ནི་ངེས་པར་དཔའ་བོའི་ཉམས་འདི་ཚམ་ཚོམ་མེད། །འདི་དག་ངན་བདག་སེམས་ཅན་ཡིན་པར་གསུངས། །སྡིག་པའི་སྔགས་ཉིད་ཀྱིས་ནི་ནག་པོ་ཡི། །བྲང་འགྲོ་སྐུལ་བར་བྱེད་པས་ངེས་པ་ཡིན། །ཅི་ཡིན་སངས་རྒྱས་ཁྱབ་བདག་མར་གྱུར་འདི། །སངས་རྒྱས་དངོས་གྲུབ་ཡང་དག་གྲུབ་པ་ཡིན། །ཅི་སྟེ་བཙུན་མོ་ཡིན་ན་དེ་ལས་གྲུབ་པའི་ཕྱིར། །མ་ནི་མེད་ན་དེ་ལས་འགྲུབ་མ་ཡིན། །དེ་ལ་དང་པོའི་ལས་ཅན་གྱིས་ཀྱང་ནི། །རང་གིར་མོས་བྱས་བསྟེན་ན་གོས་མ་ཡིན། །དང་པོའི་ལས་ཅན་གྱིས་ཀྱང་དེའི་རང་བཞིན། །སྟེན་པར་བྱེད་པ་ཇི་ལྟར་རྙེད་པ་ཡིན། །ཡང་ན་དང་པོའི་ལས་ཅན་གྱིས་ཀྱང་ནི། །སངས་རྒྱས་མཐུ་ལས་ཐོབ་པར་རང་གི་ནི། །བསམས་ཏེ་དེ་ལ་འཇུག་པ་འགྲུབ་པ་ཡི། །ཐོབ་སྟེ་གོས་པར་མི་འགྱུར་དེ་རྣམས་ཉིད། །འོན་ཏེ་དེ་དག་སྲིང་པར་གྱུར་ནས་ནི། །དེ་ཡང་རྣལ་འབྱོར་པས་བསྟེན་གོས་པ་མེད། །ངག་ནི་འཁྱལ་པ་ལ་སོགས་པ་
ལ་ཡང་། །འདི་དག་ཀྱང་ནི་དམ་ཚིག་རྟོགས་བྱ་ཉིད། །དེ་ཉིད་ཀྱི་ཕྱིར་ཁྱད་པར་གསུངས་པ། །སྒྲུབ་པ་པོ་ཞེས་ཏེ་འགྲོ་བ་མ་ལུས་པའི་དོན་བྱེད་པ་པོའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པ་ཡང་འགྱུར་རོ་ཞེ་ན། ཐེག་པ་མཆོག་གི་ཆོས་རྣམས་ལ། །ཞེས་ཏེ། ཐེག་པ་ཆེན་པོ་ལས། མཆོག་དཔལ་གསང་བ་འདུས་པའི་ལམ་གྱི་མཚན་ཉིད་ཀྱི་ཆོས་རྣམས་ལ་གནས་པ་ལའོ། །འདི་ནི་རེ་ཞིག་ཞོག་ལ་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ཞེས་སོ། །གང་དང་འབྲེལ་བ་ཡིན་ཞེ་ན། གསུངས་པ། སངས་རྒྱས་ཁྱབ་བདག་སྟེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་རང་འོད་ཀྱི་ཤེས་རབ་ཀྱི་ངོ་བོ་ལ་བླ་མའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཉིད་ན། གཉིས་སུ་མེད་པའི་རྣམ་པས་བསྟེན་ན་འདོད་ཆགས་ལ་སོགས་པས་མི་གོས་སོ། །གྲུབ་པར་འགྱུར་བ་ཡང་དེའི་སངས་རྒྱས་ཉིད་དོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མལ་སོགས་པ་འབྲེལ་པ་དང་ཐ་དད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །དེ་ལྟར་ན་ཕྱུགས་ལ་སོགས་པ་ཡང་དེ་ལྟར་ཐོབ་པར་འགྱུར་རོ་ཞེ་ན། བློ་ཅན་ཞེས་ཏེ་ཇི་ལྟ་བུར་གྱུར་པའི་དངོས་པོའི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་ཤེས་རབ་དང་ལྡན་པའོ། །ཁྱད་པར་འདི་དག་དང་བྲལ་ན་འདོད་པས་ལོག་པར་གཡེམ་པར་གཞག་གོ །དེས་ན་ཕན་ཚུན་ལུང་དང་འགལ་བ་མེད་དེ་ཡུལ་ཐ་དད་པའི་ཕྱིར་རོ། །འགལ་བ་དེ་ཡང་གཅིག་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་བཅོམ་ལྡན་འདས་ཀྱི་ངག་རྣམས་ལ་རྟོགས་པ་པོའི་ཉེས་པས་འགལ་བར་སྣང་བ་རྣམས་ལ་འགལ་བ་ཡོངས་སུ་སྤང་ངོ༌། །དེ་ནས་ཞེས་པ་ལ་དབང་པོ་རྟུལ་པོ་དགེ་བའི་བཤེས་གཉེན་མ་ཡིན་པས་ཡོངས་སུ་ཟིན་པ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ཡུན་རིང་པོར་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པ་ལ་སོགས་པ་རྣམས་རང་གིས་སྐུར་བ་འདེབས་པའི་ངག་བརྗོད་པར་མི་ནུས་པ་རྣམས་འཆད་པར་འགྱུར་བའི་སྐུར་བ་འདེབས་པའི་སེམས་ཡོངས་སུ་ཤེས་པའི་རྗེས་ལའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་སྐུར་བ་འདེབས་པའི་ངག་འདི་ཡིན་ཞེས་བརྒལ་བ་དང་ལན་སྐབས་བརྒྱུད་པ་མེད་པ་ཉིད་དེ། གཞན་གྱི་དོན་ཉིད་དུ་ཆོས་ཟབ་མོ་རབ་ཏུ་རྟོགས་པར་བྱ་བའི་དོན་དང༌། སྒྲ་ཇི་བཞིན་པའི་རབ་ཏུ་
རྟོགས་པ་དགག་པར་བྱ་བའི་དོན་དང༌། སྒྲ་ཇི་བཞིན་པ་སྤྱོད་པ་ནི་སྒྲིབ་པ་ཡིན་ནོ་ཞེས་འཕགས་པ་བྱམས་པས་གསུངས་པས་སོ། །དེའི་ལན་སྦྱིན་པར་བྱ་བ་ལ་སོགས་པའི་དོན་དུ་ཡང་དེའི་ངག་དང་རྒྱལ་བ་ལ་སོགས་པ་བསྟན་པའི་ཕྱིར་ཏེ། གང་དང་གང་བློ་དམན་པའི་ཐེ་ཚོམ་གི་གནས་དེ་སྤང་བར་བྱའོ་ཞེས་རིགས་པ་ལས་སོ། །གང་ཐེག་པ་གཞན་དུ་ངན་སོང་གི་རྒྱུ་ཡིན་པ་དེ་འདིར་མ་རིག་པའི་ལྷན་ཅིག་བྱེད་པ་དང་བྲལ་བས་སངས་རྒྱས་ཀྱི་རྒྱུར་ཡང་དག་པའི་ཡེ་ཤེས་ལ་སོགས་པ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ངོ་མཚར་དུ་གྱུར་པ་དང༌། ཐམས་ཅད་མཁྱེན་པ་ལས་གཞན་གྱིས་འདི་སྔར་མ་མཐོང་བའི་ཕྱིར་རྨད་དུ་གྱུར་པའོ། །ཚིག་ངན་པ་གསུངས་ཞེས་པ་ནི་བློ་གྲོས་དམན་པས་རང་གི་ཚིག་དང་འགལ་བར་ཞེན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནི་གང་ཁོ་བོ་ཅག་གིས་བརྩད་པའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་གནས་པ་ཉིད་དོ་ཞེས་དེ་རྣམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེས་པར་ཞེས་པ་ནི་གང་དེ་དག་བཅོམ་ལྡན་འདས་ཀྱིས་བརྗོད་པ་དེ་རིགས་པའི་ངོ་བོ་ཡིན་ཏེ། དེས་ན་འདི་ལྟར་བརྗོད་མ་ཐག་པའི་སྐུར་བ་འདེབས་པ་མ་བརྗོད་ཅིག །ཅིའི་ཕྱིར་མི་རིགས་ཤེ་ན། གསུངས་པ་འདི་ཞེས་ཏེ་མངོན་སུམ་མོ། །གང་རྣམས་ཀྱི་ཞེ་ན། སངས་རྒྱས་རྣམས་ཀྱི་སྟེ་ཐམས་ཅད་མཁྱེན་པ་རྣམས་ཀྱིའོ། །ཅིའི་ཕྱིར་ཞེ་ན། སྙིང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་སྟེ་དེའི་ཡེ་ཤེས་ཅན་གྱི་ཚད་མས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ན་དེ་རྣམས་ཉིད་ཀྱི་མངོན་སུམ་མོ། །དེ་ཞེས་པ་ནི་གཞན་གྱི་ལྐོག་ཏུ་གྱུར་པའོ། །ཆོས་ཉིད་ཅེས་པ་ནི་གང་ངན་སོང་གི་རྒྱུ་མ་རིག་པའི་ལྷན་ཅིག་བྱེད་པ་ཅན། དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐབས་ལ་མཁས་པའི་ལྷན་ཅིག་བྱེད་པ་ཞེས་ཏེ། ཁྱད་པར་ཅན་གྱི་ཚོགས་པ་ངེས་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དོ། །གང་གསུངས་པ་མི་མཁས་པ། །སྡིག་པ་ཆུང་དུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པ་སྡིག་ཆེན་བྱས་ཀྱང་དོན་མེད་སྤོང༌། །ལྕགས་ཀྱི་གོང་བུ་ཆུང་ཡང་འོག་ཏུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་སྟེང་དུ་འཕྱོ་བར་འགྱུར། །དག་པ་ནི་རང་བཞིན་གྱིས་འོད་གསལ་བ་དང༌། །དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་པ་ཡང་ངོ༌། །ཅི་ལྟར་ཞེ་ན། སྙིང་པོ་ཡང་ཡིན་ལ། ཆོས་ཀྱང་ཡིན་ཏེ་
ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་ཡིན་པ་དེས་ན་གཉིས་སུ་མེད་པའི་ཤེས་རབ་དང་ཐབས་ཀྱི་རྣམ་པས་བསྒོམ་པར་བྱ་བ་ལས་བྱུང་བའོ། །དེས་ན་དག་པ་ཡིན་ཏེ་དེའི་རྒྱུ་མཐུན་པའི་ཕྱིར་རོ། །གང་གི་ཕྱིར་འདི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། གནས་ནི་ཡོན་ཏན་མ་ལུས་པའི་ཚོགས་ཀྱི་རྟེན་དུ་གྱུར་པའོ། །གང་གསུངས་པ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། དེ་ནས་ཞེས་ཏེ་གལ་ཏེ་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པ་ཡང་མཐོང་བའི་ཆོས་ལ་མི་འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིན་ལ་དེའི་ཚེ་དེ་ལ་སྐུར་པ་བཏབ་ན་ཡང་ཇི་ལྟར་འཇིགས་པ་ལ་སོགས་པ་ཙམ་ཡང་མི་སྐྱེ་ཞེས་གདུལ་དཀའ་བའི་གདུལ་བྱའི་དགོས་པ་རྟོགས་པའི་རྗེས་ལའོ། །འཇིགས་པ་དང་སྐྲག་པ་དང་བརྒྱལ་བར་གྱུར་པ་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་འཇིགས་པ་བསྟན་པའི་དོན་དུ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པས་མཐོང་བའི་ཆོས་ལ་ཡང་མི་འདོད་པའི་འབྲས་བུ་ཐོབ་པར་བྱེད་དེ། གཞན་རྣམས་ལ་ཤིན་ཏུ་ཡང་ཡིན་པས་འདི་ལ་རྨི་ལམ་ཡང་སྐུར་བ་འདེབས་པ་དེ་དགག་པར་བྱ་བའི་དོན་དུའོ། །འདི་ནས་ཞེས་པ་ནི་གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙིང་རྗེ་ཡོད་ན་དེའི་ཚེ་ཅིས་དེ་བླང་བར་བྱ་བའི་དོན་དུ་འབད་པར་མི་བྱེད་ཅེས་དེ་ལྟར་རྟོག་པའི་རྗེས་ལའོ། །བརྒྱལ་བར་གྱུར་པ་གཟིགས་ནས་ཞེས་པ་ནི་སྙིང་རྗེ་སད་པའི་རྒྱུ་གསུངས་པའོ། །དེ་ནས་ཞེས་པ་ནི་བཅོམ་ལྡན་འདས་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཀྱིས་ཆོས་ཀྱི་མི་རྟོག་པ་ཉིད་ཀྱི་ཟབ་མོ་བསྟན་པར་བྱ་བའི་དོན་དུ་ཅང་མི་གསུང་བར་གྱུར་པས་གནས་ཏེ། གལ་ཏེ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྟོན་པར་བྱེད་པ་དེ་རྟོགས་པས་ཏིང་ངེ་འཛིན་གྱི་མཐུ་ཡོད་ན་ཇི་ལྟར་ན་དེ་ཉིད་ཀྱིས་སློང་བར་མི་བྱེད་ཅེས་དཔྱོད་པའི་རྗེས་ལའོ། །ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་གང་ཡིན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འོད་ནི་ཟླ་བ་ཞུ་བ་སྟེ་ཉི་མ་དང་ཟླ་བའི་འོད་ཟེར་གྱིས་སོ། །དེ་མ་ཐག་པ་དང་ཙམ་ཞེས་སྨོས་པས་བར་མཆོད་པ་དང་འབད་པ་མེད་པར་གསུངས་པ་ཡིན་ནོ། །སེམས་
ཅན་གྱི་དོན་མཐོང་བས་དགྱེས་ཏེ་རངས་པའི་བཞད་པའོ། །ཆོས་ཐོབ་པའི་མཐུ་གསལ་བར་བྱེད་པའི་གསུང་བསྒྲགས་སོ། །ཆོས་ཞེས་པ་ནི་ལུང་ངོ༌། །ཡང་ཆོས་ནི་རྟོགས་པའི་དཀྱིལ་འཁོར་བའི་ངོ་བོ་སྟེ་དགེ་འདུན་ནོ། །ཆོས་ཀྱི་དོན་དེ་བརྗོད་པར་བྱ་བའི་ལམ་ཏིང་ངེ་འཛིན་གསུམ་ལ་སོགས་པའི་མཚན་ཉིད་དོ། །དེ་ལས་བྱུང་བ་ནི་གང་གི་དཀྱིལ་འཁོར་བའི་བདག་པོ་ཡིན་ལ་འདི་ནི་སངས་རྒྱས་ཡིན་ཏེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའོ། །ཆོས་རྣམས་ཀྱི་དག་པ་ནི་ཚད་མས་གྲུབ་པའོ། །དོན་ནི་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེའི་ངོ་བོ་ནི་བདག་མེད་པ་སྟེ་དངོས་པོ་མེད་པའོ། །དེ་ཉིད་རྡོ་རྗེ་དབྱེར་མེད་པའི་ཤེས་རབ་བོ། །དེ་ཐམས་ཅད་ཟིལ་གྱིས་མནན་པས་ན་རྒྱལ་པོ་སྟེ་མི་བསྐྱོད་པའོ། །སྐུ་དང་གསུང་དང་ཐུགས་ཡང་དག་པས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བས་དག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཉམ་པ་ཡིན་ཏེ། དེ་བཞིན་ཉིད་ལ་དེ་ཉིད་གང་གི་གནས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དུས་ཐམས་ཅད་དུ་དེ་བཞིན་དུ་གྱུར་པ་མི་འགྱུར་བའོ། །གཟུང་བ་དང་འཛིན་པར་སྣང་བ་དང་བྲལ་བས་སྣང་བ་མེད་པའོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གསུམ་གྱི་ལམ་དེར་བྱུང་བ་ནི་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་ཐུགས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་དབྱིངས་སུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཉིད་ལས་སྐྱེའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཀུན་དུ་སོན་པས་ནམ་མཁའ་ཆེན་པོའོ། །དེ་བཞིན་དུ་ལམ་ཡང་དེ་ཉིད་ཡིན་ཏེ་དེ་སྐད་ཅེས་བྱའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ་དེའི་བདག་ཉིད་སྐུ་ལས་བྱུང་བ་ནི་རིན་ཆེན་ཏོག་གོ །བརྗོད་བྱ་རྗོད་བྱེད་དང་བྲལ་བ་ནམ་མཁའ་དང་མཉམ་པའོ། །གསུང་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་དོ། །སྐྱེས་བུ་མཆོག་གི་དོན་རབ་ཏུ་བྱེད་པས་སྟོན་པར་བྱེད་པ་ཡིན་ཏེ་འོད་དཔག་ཏུ་མེད་པའོ། །ནམ་མཁའ་དང་འདྲ་བའི་ཐུགས་ཏེ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་ངོ་བོ་གང་གིས་ཡིན་པའོ། །ཆོས་ནི་སྟོབས་ལ་སོགས་པས་ཏེ་
གང་མཆོག་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བ་མཐའ་དག་གི་དོན་བྱ་བ་ནན་ཏན་གྱིས་འགྲུབ་པར་གྱུར་པའི་སྤྱོད་པའོ། །གནས་ནི་རྟེན་ཏེ་དོན་ཡོད་གྲུབ་པའོ། །འདི་ནི་དཀོན་མཆོག་གསུམ་པོ་དེ་བཞིན་གཤེགས་པ་དྲུག་གི་ངོ་བོ་ལ་ཕྱག་འཚལ་བ་བཞིས་ཤིན་ཏུ་བརྗོད་པའི་ཕྱིར་ལན་གཉིས་སུ་བརྗོད་པས་ཚད་མ་བཞི་སྟོན་པས་དག་པའི་ཡོན་ཏན་མངོན་པར་གསལ་པའི་སྒོ་ནས་སྟོན་པ་པོས་བསྟོད་པ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་སྤྱོད་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་བྱེད་པའི་ཐབས་ཀྱི་རྣམས་པ་ལ་འཇུག་པ་བརྗོད་མ་ཐག་པ་ཡིན་ནོ། །དེ་ནི་བརྗོད་པ་ཐམས་ཅད་དེ་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་ལྔ་པའོ།། །།