རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་།
སངས་རྒྱས་ཡེ་ཤེས་ཞབས།
རྒྱ་གར་སྐད་དུ། དྭ་ཀྲ་མ་ཏཏྟྭ་བྷཱ་ཝན་ནཱ་མ་མུ་ཁཱ་ག་མ། བོད་སྐད་དུ། རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང༌། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །དེ་ཡི་རང་བཞིན་ཞི་བ་བཅུ་དྲུག་ཕྱེད་ཆ་འབར། །དོན་དམ་སྙིང་པོ་དེ་སྟོན་བླ་མ་གསུམ་ཟོ་རབ། །དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་རྟག་ཏུ་འདུད། །འཇིག་རྟེན་གསུམ་གྱི་སྒྲོན་མ་ཀུན་གྱིས་རབ་བསྔགས་པ། །ཆོས་རྣམས་ཀུན་གྱི་སྙིང་པོ་དངོས་པོའི་དེ་བཞིན་ཉིད། །སྲིད་པའི་དུག་ཆུ་ཟློག་བྱེད་གསུམ་ཁོང་ཝཾ་སྟེང་འབར། །འཇམ་དབྱངས་བླ་མའི་ལུང་གིས་རྟོགས་ཕྱིར་བཤད་པར་བྱ། །དབུས་ཀྱི་ཡུལ་ཆེན་ཁ་བིར་གྲོང་ཁྱེར་རྡོ་འཇོག་ཏུ། །བཟང་པོ་སེང་གེ་ཞེས་བྱར་གྲགས་པ་རབ་ཐོབ་པ། །བླ་མ་དེ་ནི་མཉེས་བྱས་ལུང་ཐོབ་གཞུང་མང་ཐོས། །དེ་ལ་རྣམ་དཔྱད་རིག་འབྱུང་ཤཱི་ལེན་ན་ལེནྡྲར། །ཡོན་ཏན་བཤེས་གཉེན་ཞེས་བྱ་རིགས་ཅན་དེ་ཡི་ངོར། །བླུན་བློས་རབ་ཏུ་བྱེད་པ་ཕྱོགས་འགའ་རྩོམ་བྱེད་པའི། །བྲོད་
པས་དེར་གནས་རྣམས་ལ་གཞུང་དེས་ཕན་གདགས་པར། །བསམས་ནས་དེར་གནས་རྩོམ་དང་སྟོན་སོགས་རབ་ཏུ་བྱས། །དེ་ནས་ཡོན་ཏན་ཀུན་འབྱུང་ཨུ་རྒྱན་ཡུལ་དུ་བགྲོད། །འཇོག་སྒེག་རྡོ་རྗེ་ཞེས་བྱར་མཚན་གསོལ་རབ་ཏུ་གྲགས། །དེ་ལ་མང་ཐོས་རྣམ་པར་དཔྱད་ཅིང་དེ་ཉིད་དུ། །གུ་ནེ་ནུ་གྲགས་བླ་མ་དེ་ཡང་མཉེས་བྱས་ཏེ། །ལུང་ཐོབ་གནས་དེའི་བྱང་ཕྱོགས་ཆབ་སྒོ་བདག །ཛཱ་ཐིག་ཛ་ལ་ཞེས་བྱའི་བུ་མོ་བཅུ་དྲུག་པ། །ལཀྵྨཱི་ཆེན་མོ་མཉེས་བྱས་ཟླ་བ་བརྒྱད་ཀྱི་བར། །དེ་ཡི་ལུང་ནི་རབ་ཐོབ་མནོས་ནས་གྲུབ་པ་ཐོབ། །དེ་ནས་ཛཱ་ལནྡྷ་ར་ར་གྲོང་ཁྱེར་ཀོ་ནོ་ཛེར། །ཕྱིན་ནས་བཱ་ལི་པཱ་ད་ཞེས་བྱར་གྲགས་པ་རབ་ཐོབ་གང༌། །མཉེས་བྱས་གཞུང་ཐོས་ལུང་ནི་མང་དུ་ཐོས་གྱུར་ནས། །ལྷོ་ཕྱོགས་ནམ་མཁའི་ཤིང་ལྡན་ཀོང་ཀ་ན་རུ་བགྲོད། །གྲུབ་པའི་དབང་ཕྱུག་བཱ་ལི་པཱ་དར་རབ་གྲགས་པ། །རྫུ་འཕྲུལ་ལྡན་པའི་སློབ་མའི་ཚོགས་དང་རབ་ཏུ་བཅས། །དེ་ཀུན་ཡོ་བྱད་གོས་ཟས་ནོར་རྒྱུན་གྱིས་སྦྱོར་བ། །བླ་མ་དམ་པ་དེ་དྲུང་ལོ་དགུ་རབ་ཏུ་བཏུད། །འདུས་པའི་རྒྱུད་ཆེན་འགྲེལ་བཅས་བཅོ་བརྒྱད་རབ་ཏུ་མཉན། །བདག་གིས་མ་རྟོགས་བླ་མ་ཆེན་པོས་དེ་བཞིན་གསུངས། །འདིར་མ་རྟོགས་པར་གཞན་ནི་དོན་མེད་པར་
བསམས་ནས། །གླེགས་བམ་མགུལ་བཏགས་བྱང་ཕྱོགས་ཡུལ་དུ་རབ་བགྲོད་དེ། །རྡོ་རྗེ་གདན་རྒྱབ་ཀུ་བ་རྩ་ཞེས་བྱ་བའི་ཚལ། །སྟག་དང་དྲེད་སོགས་མང་ཞིང་ཤིན་ཏུ་འཇིགས་པའི་སར། །ཟླ་བ་དྲུག་གནས་པ་ཡིས་ཆོས་རྣམས་དེ་ཉིད་རྟོགས། །སྦྲུལ་པའི་དགེ་སློང་བླ་མ་གཉིས་དང་བཅས་དང་ཕྲད། །མགོ་དང་ལག་གཉིས་ཡོལ་དང་ཚེས་བརྒྱད་རྒྱལ་ལ་བབ། །སྟོན་ཟླ་བའི་ཐོ་རངས་སྐྱ་རེངས་ཤར་དུས་སུ། །འཇམ་དཔལ་དབྱངས་ཀྱིས་དཀྱིལ་འཁོར་འཁོར་ལོར་སྦྲུལ་པ་ལ། །བདག་གིས་དོན་འདི་བླང་ཕྱིར་གསོལ་བ་རབ་ཏུ་བཏབ། །ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །ཁྱོད་ཀྱིས་བདག་ལ་སོགས་ཏེ་འཇིགས་པ་ཆེ་ལས་སྐྱོབས། །འགྲོ་བའི་དབང་པོ་རྗེ་བཙུན་ཁྱོད་ཀྱིས་སྡུག་བསྔལ་སེལ། །ཁམས་གསུམ་སྟོད་བྱེད་ཆི་བ་ཆེ་ཁྱོད་སྐྱེ་བོ་སྐྱོངས། །ཐོག་མ་མེད་ཁྱོད་ང་རོ་ཐིགས་པའི་སྟེང་ཆ་མེད། །རྫེ་བཙུན་ཡིད་མེད་བདུད་རྩི་རབ་དགའ་བདེ་བཏང་བྱེད། །འགྲོ་ལ་ཕན་ཕྱིར་བདེ་བས་སངས་རྒྱས་རྣམས་ཀུན་ལ། །རབ་དགྱེས་བདེ་བའི་མགོན་ཆེན་ཁྱོད་ཀྱིས་གཏང་བར་མཛོད། །སྐྱོན་གྱིས་མ་གོས་བླ་ན་མེད་པའི་བྱང་ཆུབ་ལམ། །སྣ་ཚོགས་སྡུག་བསྔལ་ཞི་མཛད་སྐོམ་པ་ངོམས་མཛད་ཅིང༌། །འཁོར་བ་དཔའ་ཀློང་ཐར་མཛད་བདེ་ལ་འགོད་མཛད་པ། །དངོས་ཀུན་རྒྱལ་བས་མི་དཔོགས་ལམ་འདི་བསྟན་པར་མཛོད། །ཞི་བའི་ཞི་བ་རྡུལ་དང་རབ་བྲལ་འཛུམ་པ་སྤངས། །བསྒོམ་པ་ལས་འདས་མཁའ་འདྲ་དྲི་མས་མ་གོས་པ། །སྒྱུ་མ་ཀུན་འདས་འདོད་པ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་འདྲའི་རྗེ་བཙུན་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །དྲེགས་མེད་འཇིགས་མེད་བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར། །འཁོར་བར་འཚོ་བར་འཇིག་རྟེན་དམྱལ་རྩུབ་མ་ལྷུང་བར། །ཁྱོད་གསུང་དམ་ཚིག་སྡོམ་པ་ཐུན་མོང་མ་ཡིན་རྣམས། །བདག་ལ་སོགས་པ་རྟག་ཏུ་རབ་ཏུ་བསྐྱང་བར་བགྱི། །གར་ཆེན་རྣམ་པར་རོལ་པས་གར་མཛད་ཅིང་། །སྣ་ཚོགས་ཕྱག་ནི་བཅུ་དང་བསྒྱིངས་པ་ཡིས། །པདྨ་ལོ་མ་འཇམ་པ་བརྒྱད་ཕྱེ་ནས། །གཉིས་མེད་བདེ་རྒྱུ་རྡོ་རྗེ་གཞག་པར་མཛོད། །གསང་བའི་དེ་ཉིད་མི་ཉམས་གསལ་བར་འགྱུར། །རྡོ་རྗེ་འདབ་སྐྱེས་ཟླ་བའི་ཡང་དག་འདུ། །ཐབས་ཤེས་ལས་བྱུང་ཆོས་ཀུན་དེ་ཉིད་མཆོག །རྗེ་བཙུན་
བདག་ལ་ཕན་ཕྱིར་སྦས་པ་ཤོད། །དེ་ནས་འཇམ་དབྱངས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིས། །བདག་ལ་འཛུམ་པའི་བཞིན་བལྟས་ལེགས་ཞེས་ལན་གསུམ་གསུངས། །རོལ་པའི་གར་དང་ཆོས་ཀུན་དེ་བཞིན་ཉིད། །སྒྲ་བརྙན་ལྟ་བུར་རྡོ་རྗེ་གླུ་ཡིས་བདག་ལ་བསྟན། །ཨ་བི་ཡཾ་རཾ་བཾ་ལཾ་ཧཱུཾ་ཨ་ལ་ལ་ཧོ། །རྗེ་བཙུན་ཐུགས་རྗེ་ཆེ་རྣམས་ཀྱིས། །འདི་རྟོགས་པ་ཡིས་བདེ་གཤེགས་ཀྱི། །ཕུན་སུམ་ཚོགས་པ་འཐོབ་འགྱུར་བའི། །འདས་དང་ད་ལྟར་མ་བྱོན་པའི། །རྡོ་རྗེ་འཛིན་པས་སྣོད་འགའ་ལ། །གསུངས་ཤིང་གསུང་དང་གསུང་འགྱུར་བ། །ཡང་དག་དོན་རབ་རབ་རྟོགས་ཕྱིར། །ད་ཡིས་ཁྱོད་ལ་བསྟན་པར་བྱ། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་བསྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་བའི། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པས་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང༌། །ཆོས་ཀུན་གྱི་ནི་ངོ་བོར་སོང༌། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང༌། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ནི་གང་ན་ཡང༌། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲ་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བརྟག་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུད་པག་དཀའ་བ། །ཕྱག་རྒྱ་ཆེན་པོར་རབ་སྣང་བའི། །ཟེར་གྱིས་རང་གཞན་སྨིན་བྱེད་པའི། །དེ་གཉིས་མེད་པའི་རང་བཞིན་མཆོག །རྡོ་རྗེའི་འཛིན་པ་ཆེན་པོས་ཀྱང༌། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །དེ་ཉིད་རྒྱལ་སྲས་ཞིང་བཅས་དང༌། །སྲིད་གསུམ་རྒྱུ་དང་མི་རྒྱུར་བཅས། །ཐམས་ཅད་ཀུན་གྱི་བདག་ཉིད་དེ། །དངོས་ཀུན་གཙོ་བོ་
རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱད་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །འབྱུང་ཆེན་རྣམས་ཀྱང་དེ་ཉིད་དོ། །ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་དེ་ཉིད་ཀྱང༌། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུ་མི་གནས་འོད་གསལ་བ། །གཟོད་ནས་རྣམ་དག་སྟོང་བའོ། །སངས་རྒྱས་མྱ་ངན་འདས་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེར་གཤེགས་ཀུན་གྱི་སྙིང་པོ་མཆོག །གཉིས་མེད་རྟོག་བྲལ་དོན་ཆེན་ཏེ། །རིམ་པ་གཉིས་པར་རབ་ཏུ་བཤད། །དེ་འདྲའི་དོན་དེས་དངོས་པོ་ཀུན། །རྣམ་པར་ཁྱབ་སྟེ་རྣམ་གནས་ཀྱང༌། །ཐོག་མེད་དུས་ནས་དེ་ལས་ཀྱང༌། །རྣམ་རྟོག་ཆེན་པོ་ཚུལ་བྱུང་སྟེ། །དེ་ལས་ཡང་ནི་འབྱུང་བ་ཆེ། །རླུང་གི་དཀྱིལ་འཁོར་ཉིད་བྱུང་སྟ། །དེ་ལས་ཀྱང་ནི་མེ་ཡི་ཁམས། །ཆེན་པོ་བྱུང་ནས་ཁྱབ་མཛད་དེ། །དེ་ལས་ཆུ་ཁམས་ཆེན་པོ་ཡང༌། །བྱུང་སྟེ་ཁྱབ་མཛད་དེ་ལས་ཀྱང༌། །ས་བྱུང་བཞི་བསྡུས་ངོ་བོ་ལས། །རི་སོགས་སེམས་ཅན་ཐམས་ཅད་ཀྱང༌། །སྣ་ཚོགས་ཕྲ་བ་སྦོམ་པོ་དང༌། །སྐྱེས་བ་བུད་མེད་མ་ནིང་དང༌། །གཞོན་ནུ་དང་ནི་རྒན་པོ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །གདོན་དང་སྐར་མ་གཤིན་རྗེ་དང༌། །ཆུ་བདག་བརྒྱ་བྱིན་དམྱལ་བ་དང༌། །ཡི་དགས་དུད་འགྲོ་དང་དེ་ཀུན། །སྤངས་དང་ཤེས་ཙམ་རབ་བརྟེན་པའི། །འགྲོ་བ་ཀུན་དུ་རྒྱས་པར་གནས། །དེ་བས་དེ་ཡི་གོང་མ་ཡི། །གཉིས་མེད་རྟོག་བྲལ་རབ་བསྒྲིམས་ཏེ། །མ་རྟོགས་པས་ན་འགྲོ་བ་ཀུན། །འཁོར་བར་རབ་ཏུ་འཁོར་བར་འགྱུར། །དེ་ནི་འཁོར་བའི་སྡུག་བསྔལ་ཆེ། །དུག་ཆུ་ལྟ་བུར་འཁྲུལ་པ་ཡིས། །རྣམ་བསྒྲུབས་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །དེ་བས་གཉིས་མེད་དོན་ཆེན་པོ། །རང་རིག་དཀྱིལ་འཁོར་ཆེན་པོ་མཆོག །རྒྱུན་དང་རྣམ་གྲངས་ཀྱིས་གནས་པས། །དེ་ཡི་ངོ་བོ་རྟོགས་པར་བྱ། །གང་ཞིག་དེ་རྟོགས་རབ་འདུན་པ། །སེམས་ཀྱི་སྨོན་ལམ་ཡང་དག་ཅན། །སྔོན་དུ་བསོད་ནམས་མཐུ་བསྐྱེད་དང༌། །སྐྱེས་བུ་ཡང་དག་བཞི་ལ་བརྟེན། །སྤྲོ་དང་ཀུས་དང་བསྙེན་བཀུར་དང༌། །འདུན་པར་ལྡན་ཞིང་སྒོམ་པ་དང༌། །བརྟན་པོ་སོམ་ཉི་རྣམ་སྤངས་པ། །རྗེས་མཐུན་གཏོང་ཕོད་དེས་ཤེས་འགྱུར།།
དེ་ཡིས་རྗེ་བཙུན་ཡང་དག་པ། །མཆོག་གི་གདམས་ངག་རྒྱུད་ལ་ལྡན། །ཐེག་ཆེན་ལམ་གྱི་སྤྱོད་པ་དང༌། །བསྒོམ་པ་ལ་ནི་ལྷུར་ལེན་དང༌། །དེ་ཉིད་བཅུ་ལ་སོགས་པ་ཡི། །གསང་དང་རབ་གསང་ཤིན་ཏུ་གསང༌། །ཤེས་ཤིང་དེ་ཡི་དོན་གབ་བར། །སྟོན་བྱེད་བླ་མ་མཉེས་པར་བྱ། །ཡུལ་དང་མཁར་དང་ཁྱིམ་དང་རྟ། །གླང་པོ་ཆེ་སོགས་མ་ལ་སྟན་དང༌། །ཆུང་མ་སྡུག་དང་ཡིད་འོད་བུ། །བུ་མོ་སྲིད་མོ་ཚ་མོ་སོགས། །གཞན་ཡང་གསེར་དང་དངུལ་གྱི་རྫས། །ཟངས་ལྕགས་སོགས་ལས་བྱས་པ་ཡིས། །མཛེས་པའི་རྫས་དང་མུ་ཏིག་གི །ཕྲེང་དང་པདྨ་རཱ་ག་དང༌། །པུ་ཤར་ཨིནྡྲ་ནཱི་ལ་དང༌། །མརྒད་གཡུ་སོགས་མཆོད་པའི་ཚོགས། །ཞིང་འདི་མཁས་པས་རབ་བཀང་སྟེ། །དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིགས་པར་མི་འགྱུར་བས། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པར་རྣམ་དག་པར། །རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །མིང་དང་མཚན་ཉིད་བཤད་པར་བྱ། །ཀ་མ་ལཱི་དང་ཤདྑཱི་ནི། །ཙི་ཏྲི་ནི་དང་ཧ་ཤཱི་ནི། །དང་པོ་ཀླུ་མོའི་རིགས་ཡིན་ཏེ། །གཉིས་པ་སྟག་དང་སེར་གེའི་རིགས། །གསུམ་པ་རི་དགས་ཀྲྀཥྞ་སོགས། །བཞི་པ་གླང་པོ་ཆེ་རིགས་སོ། །དེ་ལ་ཀ་མ་ལཱི་ཡི་ནི། །དབྱིབས་དང་མཚན་ཉིད་བསྟན་པར་བྱ། །བུ་མོ་པདྨའི་དྲི་བྲོ་ཞིང༌། །དོ་ཟླུམ་སྣ་རྩེ་ཏིལ་འདྲ་སྟེ། །སེན་མོ་དམར་ཞིང་རྒྱབ་སྒུར་དང༌། །རྐང་མཐིལ་ཀུན་གྱིས་ས་ལ་རེག །བ་སྤུ་འཁྱིལ་ལྡན་སེན་མོ་ཅན། །དཀར་འཆང་ཏིལ་གྱི་འབྲས་བུ་འདྲ། །གསུས་པ་གཉེར་མ་གསུམ་ལྡན་ཞིང༌། །བྲང་མཛེས་གླང་ཆེན་ལྟར་འགྲོས་དང༌། །རཀྟའི་རོ་ནི་སྐྱུར་བའོ། །ཤ་མདོག་དམར་ཏེ་ལྷ་མོ་འདི། །མཱ་མ་ཀཱི་ཡིས་རྣམ་པར་དག །ཤདྑཱི་ནི་ཡི་མཚན་ཉིད་དང༌། །དབྱིབས་ནི་ཁྱོད་ལ་བསྟན་པར་བྱ། །བུ་མོ་བ་ཚའི་དྲི་བྲོ་ཞིང༌། །སྐྲ་ནི་རིང་ཞིང་སྣ་ཡང་རིང༌། །དཀར་འཆང་ན་ར་ག་འདྲ་བ། །འོ་མ་ཞོ་ལ་རབ་ཏུ་སྲེད། །རཀྟའི་རོ་ནི་མངར་བའོ། །མདོག་ནི་དཀར་སེར་གནས་པ་ཡི། །གོས་དཀར་མོ་ཡིས་རྣམ་པར་དག །དེ་བཞིན་ཙི་ཏྲི་ན་ཡ་ནི། །དབྱིབས་དང་མཚན་ཉིད་བཤད་པར་བྱ། །བུ་མོ་ཤ་རློན་དྲི་བྲོ་
ཞིང་། །ལུས་ཆུང་བརླ་ནི་ཤིན་ཏུ་མཛེས། །དཀར་འཆང་ཤིང་ཐོག་པ་ལ་འདྲ། །ངོ་ཚ་མེད་ཅིང་ཁྲོ་འདོད་པ། །རྟག་ཏུ་འཐབ་མོ་དག་ལ་དགའ། །རྗེ་དར་བྱ་རོག་རྐང་འདྲ་ཞིང༌། །མཆུ་འཕྱང་གན་རྒྱལ་དུ་ཉལ་བ། །ཕུག་རོན་སྐད་འདྲ་ཤ་མདོག་ནི། །སྔོ་བསངས་རཀྟའི་རོ་ཚ་བའོ། །དེ་ནི་ལྷ་མོ་སྒྲོལ་མས་དག །ཧ་སྟའི་ནི་ཡི་མ་ཚད་ཉིད་དང༌། །དབྱིབས་ནི་ང་ཡིས་བསྟན་པར་བྱ། །བུ་མོ་ཆང་གི་དྲི་བྲོ་ཞིང༌། །བྱིན་སྦོམ་སྣ་ནི་ཅུང་ཟད་ཡོ། །དྲི་ང་ཞིང་ནི་ལུས་སྔོམ་དང༌། །སྤྱོད་པ་རྩིང་ཞིང་མདོག་རྡུལ་སྐྱ། །དཀར་འཆང་གཡས་གཡོན་དུ་དགྱེ་བ། །ཤ་མདོག་སྨུག་ཅིང་རཀྟའི་རོ། །བསྔལ་ཞིང་དེ་འདྲའི་བུ་མོ་ནི། །སངས་རྒྱས་སྤྱན་མས་དག་བའོ། །ད་ནི་དེ་དག་ཐམས་ཅད་ཀྱི། །རུང་དང་མི་རུང་སྤྱོད་པ་བསྟན། །རོལ་ཚེ་རྒྱབ་ཀྱིས་ཕྱོགས་པ་དང༌། །ཁོང་དུ་དགའ་ཞིང་ཚིག་མང་དང༌། །བསྒོ་བ་བཞིན་དུ་བཀའ་ཡང་གཅོག །འོ་བྱས་ཁ་ནི་འཕྱི་བྱེད་དེ། །བླ་མའི་ཡོན་ཏན་ཤེས་འགྱུར་ཡང༌། །གཞན་དུ་དེ་ལ་ཅུང་ཟད་བསྙད། །བླ་མ་མ་མཐོང་ལྟར་བྱེད་ཅིང༌། །འོངས་ཀྱང་དེ་ལ་ཕྱག་མི་འཚལ། །རྗེ་བཙུན་དེ་དང་མི་མཐུན་པའི། །མི་གཞན་དང་ནི་རྩེ་དགའ་བྱེད། །དེ་སོགས་རབ་ཏུ་མི་རུང་སྟེ། །མཁས་པས་རབ་ཏུ་སྤང་པར་བྱ། །རུང་བ་འདི་ནི་མཁས་པས་བཙལ། །མིག་གི་རྩ་མ་དངས་མིག་རྩ་རྒོད། །སླར་ཞིང་སྐད་ཅིག་བསམ་པ་དང༌། །སྐད་ཅིག་རྒོད་པའི་འཕྲོ་བཞག་ནས། །བསམ་ཞིང་ཡང་ན་སྨྲའམ་འཛུམ། །རྗེ་བཙུན་བླ་མ་མཐོང་གྱུར་ན། །དགའ་ཞིང་མཛེས་ལྟ་འཛུམ་པར་བྱེད། །དེ་ཡི་བཀའ་སྩལ་ཉན་ཞིང་མོས། །སྟེག་པའི་ཚུལ་གྱིས་ཞེ་སར་ལྡན། །གཞན་དུ་དེ་ལ་སྙན་པར་བརྗོད། །དེ་མཐོང་འགྲོགས་ལ་འཁྱུད་ཅིང་བསྙེན། །ཕག་ཏུ་འཁྲི་ཞིང་སོར་ཚིགས་ཉེད། །སྐྲ་ནི་བཀྲོལ་ནས་སླར་འཆིང་བྱེད། །གོས་འཆོས་ཤིང་ནི་བར་བར་འཛུམ། །བླ་མ་མ་མཐོང་ལྟར་བྱེད་ཅིང༌། །གོས་འཆོས་པ་དང་ལུས་ཉེད་དང༌། །རྐང་པས་ས་ལ་འདྲུད་ཅིང་འདྲི། །བུས་པའི་ཁ་ལ་འོ་བྱེད་ཅིང༌། །ནུ་མ་སྟོན་ཅིང་སྐེ་རགས་འགྲོལ། །རྗེ་བཙུན་དེ་ཡིས་མ་མཐོང་ན། །གླུ་དབྱངས་ལེད་ཅིང་མཐོང་བར་བྱེད། །དེ་ནི་གང་ལ་གནས་པ་དེར། །དོན་མེད་བསྙད་ཀྱིས་འགྲོ་བ་དང༌། །དྲག་ཏུ་གད་མོས་རབ་སྟེག་སྟེ། །ལུ་ཞིང་གླལ་བ་ལྟར་བྱེད་ཅིང༌། །
མི་མོ་འདི་ཡང་སྟེན་པར་བྱེད། །ད་ནི་གསང་གནས་དབྱིབས་ཀྱི་ནི། །མཚན་ཉིད་རུང་དང་མི་རུང་བ། །ད་ཡིས་ཡང་དག་བསྟན་པར་བྱ། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །གྱོ་མོ་ལྟ་བུ་ཁ་སྦུབ་དང༌། །ཁུང་རིང་ཤིན་ཏུ་མི་སྡུག་དང༌། །རྟག་ཏུ་སྐམ་པོར་གནས་པ་དང༌། །རྟག་ཏུ་ཟིལ་པ་འཛག་པ་དང༌། །སྦལ་པའི་རྒྱབ་ལྟར་རྩུབ་པ་ཡི། །གནས་ནི་སྤང་བྱ་མི་རུང་ངོ༌། །རུས་སྦལ་རྒྱབ་ལྟར་འཕང་མཐོ་ཞིང༌། །སྟེང་མཉམ་ཤིན་ཏུ་འཇམ་པོ་དང༌། །བ་གླང་གི་ནི་ལྟག་པ་ལྟར། །སྟེང་མཉམ་ཐོག་གི་དབྱིབས་ཀྱང་རིང༌། །པདྨའི་སྙིང་པོ་བཞིན་དུ་ཟླུམ། །ཅུང་ཞིག་འཛག་མིན་ཅུང་ཟད་འབྱུང༌། །སྦུ་ཉུང་སྒྱུ་མའི་ཕྱག་རྒྱ་ནི། །མཁས་པས་ཐབས་ཀྱིས་ཤིན་ཏུ་བཙལ། །མཚན་ཉིད་དེ་དང་མི་ལྡན་ཡང༌། །རིགས་དང་གཟུགས་དང་ལང་ཚོར་ལྡན། །རྒྱན་མཛེས་ཡིད་འོང་བུ་མོ་ནི། །ལོངས་སྤྱོད་གསུམ་ལྡན་གཟུང་བར་བྱ། །ཆོས་ཟབ་ལ་མོས་སེམས་དང་ནི། །ལས་འབྲེལ་གྱིས་འཁྱུད་མ་བྱས་དང༌། །སྔོན་གསུངས་གྲོགས་ཀྱིས་ཤེས་བསླུས་པའི། །མི་མོ་ཡང་ནི་མཁས་པས་བསྒྲུབས། །དེ་ལྟར་དེ་སོགས་བུད་མེད་ཀྱི། །སྒྱུ་མའི་ཕྱག་རྒྱ་ཆེན་པོས་ནི། །འཇིག་རྟེན་གསུམ་དུ་རྙེད་དཀའ་བའི། །ལྷག་པའི་ལྷ་ཞེས་བྱ་བ་སྒྲུབ། །དེ་ཡང་ཐུན་མོང་དང་བཅས་པ། །ཚོགས་ཀྱི་མཆོད་པ་ཡང་བྱས་ཏེ། །གང་གསུངས་བུ་མོ་བཙལ་ནས་ཀྱང༌། །བླ་མ་ལ་ནི་དབུལ་བར་བྱ། །དེ་ནས་བླ་མ་དེ་མཉེས་ནས། །དེ་དང་སྙོམས་པར་ཞུགས་པ་ཡིས། །བདེ་གཤེགས་ཞུ་གྱུར་བཅུ་དྲུག་ཆར། །གྱུར་པ་སློབ་མའི་ཁ་རུ་ལྟུང༌། །ལྟུང་བས་སྙིང་གི་པདྨར་ཞུགས། །དེ་ཡིས་ཞིང་ནི་དག་བྱས་ཏེ། །ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །དེ་ནས་དེ་ལ་རང་འབྱུང་གི །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟོགས་བྱའི་ཆེད་དུ་བུ་མོ་བྱིན། །ལྷ་མོ་འདི་ནི་ཁྱོད་དང་མཐུན། །སེམས་ཅན་ཁྱོད་ཀྱིས་འདོད་པ་གྱིས། །ཡིད་འོད་བུ་མོ་འདི་ཉིད་ནི། །སངས་རྒྱས་ཀུན་གྱིས་སྤྱོད་དུ་གནང༌། །དཀྱིལ་འཁོར་འཁོར་ལོའི་ཆོ་ག་ཡིས། །བུ་མོ་སྒྲོལ་བྱེད་དགའ་བྱིན་མ། །བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར། །ཁྱོད་
ཀྱིས་བདེ་ཆེན་མྱོང་བར་གྱིས། །གཞན་གྱིས་སངས་རྒྱས་མི་ནུས་པ། །བུ་མོ་འདི་ནི་ཡང་དག་མཆོག །དེ་བས་མཐའ་མེད་འཁོར་བའི་བར། །ཁྱོད་ཀྱིས་འདི་དང་བྲལ་མི་བྱ། །དེ་ནས་སེམས་ཅན་དེ་ཡིས་ནི། །ཡིད་འོང་བུ་མོ་བླངས་བྱས་ཏེ། །དེ་ཡིས་དམ་ཚིག་སྡོམ་པའི་མཆོག ། ཚིག་འདིས་རབ་ཏུ་སྨྲ་བར་བྱ། །སྨྲོས་ཤིག་བུ་ཁྱོད་རྡོ་རྗེ་ཅན། །ཤ་ཁྲག་ཁུ་བ་ལ་སོགས་པ། དྲི་ཆེན་དྲི་ཆུ་སོགས་ཟའམ། །བྷ་གའོ་བྱེད་མི་རྟོག་གམ། །གཟུང་མང་ལ་ཁྱོད་བྲོད་དམ། །དེ་ཡིས་བཞད་གད་དང་ལྡན་པར། །ཀྱེ་ལྷ་མོ་ཅི་ཕྱིར་བདག་མི་བྲོད། །དྲི་ཆེན་དྲི་ཆུ་སོགས་ཟའོ། །ལྷ་མོ་ཁྱོད་ལ་བཀུར་སྟི་ དགོས། །བྷ་གའོ་བྱེད་ང་མི་རྟོག །དེ་ནས་བུ་མོས་ག་ཤ་ཕུད་།པ ་མ་གསལ་བསྟན་ཚིག་འདིས་བསྟོད། །ཨེ་མ་ཧོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པ། །ཆོ་གའི་རིམ་པ་གང་གིས་སྤྱད། །དེ་ཡི་མདུན་ན་རྟག་ཏུ་གནས། །དོན་བྱེད་པདྨ་དམ་པ་འདི། །སངས་རྒྱས་ཀུན་གྱིས་བཀུར་བའི་གནས། །རང་འབྱུང་བདེ་བ་ཆེན་པོ་ནི། །འདི་ན་རྟག་པར་བཞུགས་པ་ཡིན། །བྷཉྫ་མོ་KShA་ཧོ། །དེ་ནས་རང་གིས་བོན་ལས། །འོད་ཟེར་སྟུག་པོས་ནང་གསལ་ནས། །ལྷ་ཡི་འཁོར་ལོ་ཆགས་བྱས་ནས། །རྡོ་རྗེ་ནང་ནས་ཕྱིང་བྱུང་སྟེ། །པདྨའི་ནང་དུ་ཞུགས་བྱས་ནས། །རིག་མའི་ལྷ་ཡི་འཁོར་ལོ་རྣམས། །ཆགས་པ་ཆེན་པོ་བསྐྱེད་ནས་ཀྱང༌། །ཞལ་ནས་ཞལ་ཞུགས་འཁོར་ལོ་རྣམས། །ཆགས་ཆེན་བསྐྱེད་ནས་རྡོ་རྗེར་ཕྱུང༌། །སྔོན་བཞིན་ཞུགས་སོགས་རབ་བྱས་པས། །ཡང་ནས་ཡང་དུ་ལྷའི་དཀྱིལ་འཁོར། །ཡིད་ཀྱིས་ཤིན་ཏུ་ཆགས་པར་བྱ། །དེ་ནས་འདོད་པའི་སྒྱུ་མའི་ཚིག །བརྗོད་པས་བུ་མོ་ཆགས་པར་བྱ། །གཉིས་སུ་མེད་པ་བདེ་བ་ཆེན་པོ་མཆོག །ལྷ་མོ་ཁྱོད་ནི་སྒྱུ་མའི་ཕྱག་རྒྱ་སྟེ། །ཞལ་བཟང་ཁྱོད་ནི་ང་དང་ལྷན་ཅིག་ཏུ། །རྣམ་པར་བརྩོན་པས་མཁའ་འདྲ་མྱང་བར་བྱ། །དེས་ཀྱང་སྒྱུ་མ་ལྟ་བུ་ཡི། །འདོད་པའི་ཚིག་གིས་གསོལ་བཏབ་ནས། །བདག་ཉིད་ཆགས་པ་ཆེན་པོ་ཡང༌། །བསྐྱེད་ནས་རྩ་ཡི་འཁོར་ལོ་བཙལ། །བདེ་མཆོག་རྒྱ་ཆེན་བདག་ལ་དགོངས་སུ་གསོལ། །བསམ་མི་ཁྱབ་བའི་བདེ་ཆེན་དག་དང་ལྡན། །མི་གཡོ་
ཚིག་དང་བྲལ་བའི་དབྱངས་སྙན་པས། །བདག་ལ་ཁྱོད་ཀྱིས་རོལ་ཅིག་བཞེངས་སུ་གསོལ། །ངོ་མཚར་ཆེ་བའི་རོལ་པས་སྣང་མཛད་ཅིང༌། །བྱང་ཆུབ་སྙིང་པོར་འགྲོ་བའི་ལ་མ་མཆོག་འདི། །རྒྱུད་རྣམས་ཡང་དག་གང་ལ་མི་རྟེན་པས། །བདེ་ཆེན་ཡིད་འོང་ང་ཡིས་གྲོལ་བར་གྱིས། །ཧོ་ཧོ་ཧོ། །རོལ་ཅིག་རོལ་ཅིག་བདག་ལ་རོལ། །འདོད་པ་གྱིས་ཤིག་དགའ་གསོལ་བ། ཁྱོད་ཀྱིས་གཞན་དུ་མི་རྟོགས་པ། །རྟོགས་པས་ཐེ་ཚོམ་མ་བྱེད་ཅིག །ཨ་ལ་ལ་ཧོ། །དེ་ནས་རབ་ཏུ་ཆགས་ལྡན་པས། །དེ་དང་ལྷན་ཅིག་ལུས་ཀྱི་ནི། །སྤྱོད་པས་དབེན་པའི་གནས་སུ་སྤྱད། །རོལ་པས་དགའ་བ་བརྟག་པར་བྱ། །དང་པོར་འདུས་པ་བྱས་ནས་སུ། །དེ་ནས་གྲུ་མོ་མཚན་ཉིད་དང༌། །ཡང་ནི་བརྐྱང་པར་བྱ་བ་དང༌། །དེ་བཞིན་ཡར་བཏེག་མཚན་ཉིད་དང༌། །ཤིན་ཏུ་བརྐྱང་པས་ལྔ་རུ་འགྱུར། །དཔུང་པ་རབ་ཏུ་བརྐྱང་བྱས་ནས། གྲུ་མོ་མདུད་པས་མགུལ་ནས་འཁྱུད། །བཅིང་བས་དམ་འཁྱུད་གཡས་གཡོན་སྐྲ། །མགོ་ནི་མི་གཡོ་བཟུང་ནས་བལྟ། །དེ་ནས་པདྨ་གཉིས་བར་བལྟས་ཏེ། །བུང་བ་ལྟ་བུ་ཟིད་སྒྲའི་གླུ། །བླངས་ནས་མཆུ་ཡིས་རྩེ་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱིས་སྤྱི་བོའི་སྐྲ་བཟུང་སྟེ། །གཡས་ཀྱིས་ལྐོག་མ་བརྟེན་ནས་ཀྱང༌། །མ་མཆུའི་སྦྲང་རྩི་གཞིབ་པར་བྱ། །གཞིབ་ཅིང་ཟིད་སྒྲ་བརྗོད་ནས་ཀྱང༌། །ནུ་མ་ལག་རྩ་མགྲིན་པ་དང༌། །མ་མཆུ་འགྲམ་པ་རྣ་བའི་རྩ། །མིག་དང་སྤྱི་བོ་གསང་བར་ཡང༌། །ཁ་ཡིས་འོ་བྱས་རྩེ་བར་བྱ། །རྣ་བ་གཉིས་དང་མཆན་ཁུང་དང༌། །མགྲིན་པ་གཉིས་དང་སུམ་མདོ་རྣམས། །སེན་མོ་རེ་མོས་གདབ་པར་བྱ། །ནུ་མ་གཉིས་དང་མཆན་ཁུད་གཉིས། །གཙོ་གཉིས་དང་ནི་འགྲམ་པ་གཉིས། །ལག་མཐིལ་གཉིས་དང་རྐང་མཐིལ་གཉིས། །མཉེས་པས་མཛའ་བ་ཆེན་པོ་འགྲུབ། །གཡོན་གྱིས་པདྨའི་དཀྱིལ་འཁོར་ནི། །མ་ཉེ་ཞིང་ལྕེ་ཡིས་བསྐྱོད་པར་བྱ། །སྟེང་འོག་ཏུ་ཡང་བལྟ་བྱས་ནས། །སེམས་ཀྱིས་དེ་ལ་ཆགས་པར་བྱ། །དེ་ནས་དགའ་བའི་བུ་མོ་དེས། །པདྨ་བསྟན་ནས་འདི་སྐད་སྨྲ། །རང་བྱུང་བདེ་ཆེན་རྒྱལ་པོ་ནི། །པདྨ་འདི་ལ་རབ་ཏུ་གནས། །རྩ་དང་རླུང་
གིས་རྟོགས་འགྱུར་བས། །ཁྱོད་ཀྱི་རྩ་ཡི་འཁོར་ལོ་ཚོལ། །དེ་ནས་དེ་ཡི་སོར་མོ་ཡིས། །ནང་ནས་རྩ་ཡི་འཁོར་ལོ་ཆེ། །པདྨ་ལ་གནས་སྙིང་པོ་ལྔས། །རྒྱན་བྱས་ཟེའུ་འབྲུ་གེ་སར་དང༌། །འདབ་མ་བརྒྱད་པ་གསལ་བྱས་ནས། །ཨཱ་ལི་ཀཱ་ལི་མནྟྲ་དང༌། །ཀུར་མ་ཀ་དང་ཤ་ཤ་ཀ །ནཱ་ལི་གསུམ་པོ་བཙལ་བར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩ། །གཟུང་འཛིན་བྲལ་བ་བྷ་གའི་དབུས། །བླ་མའི་མན་ངག་སྟོབས་ཀྱིས་ནི། །སོར་མོས་གོ་བར་བྱ་ དགོས་སོ། །དེ་ནས་ས་བཅུ་དང་ལྡན་པའི། །ལྷ་མོ་དེ་ལ་འཁྱུད་པར་བྱ། །རྡོ་རྗེ་པདྨར་རེག་པ ་ནི། །བསྙེན་པའི་དེ་ཉིད་ཡིན་པར་བཤད། །རྡོ་རྗེ་པདྨར་ཞུགས་པ་ནི། །ཉེ་བར་སྒྲུབ་པའི་དེ་ཉིད་དོ། །དེ་ནས་བསྒུལ་ཞིང་བསྐྱོད་ཙམ་གྱིས། །སྙིང་ནི་འདར་ཞིང་དྲན་པ་ཉམས། །སྤྱི་བོའི་སྐྲ་གྲོལ་གོས་ཀྱང་འདོར། །རྡུལ་གྱིས་ལུས་ཁྱབ་མདོག་དམར་ཏེ། །མིག་དམར་ཕྲ་བས་བདག་ལ་བལྟ། །ཡང་དུ་བསྐུལ་བས་བསྒྲུབ་པའོ། །དེ་བས་སེམས་ཁྲལ་མེད་པ་རུ། །སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོ་ཡེ་ཤེས་མེ་སྦར་ནས། །ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །གྱུར་བ་མེ་ཏོག་ཀུནད་འདྲ། །རླུང་གི་སྦྱོར་བས་ཕུལ་བར་བྱ། །རང་བཞིན་གྱིས་ནི་རབ་ཞི་བ། །ཆོས་ཀུན་ཞི་བ་དེ་ཁོ་ན། །བདེ་བ་དེ་ཉིད་ནོར་བུར་འདུག །སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་དེ་ཉིད་དོ། །ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། །གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་བདེན་གཉིས་མཐོང་བྱས་བརྟན་པར་གྱིས། །པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིང་གཉིས་ལ་འབྱོར་དང་རྡོ་རྗེ་སྐྱིལ་ཀྲུང་སེམས། །ནོར་བུའི་བར་དུ་མཐོང་བྱས་གང་དེ་བདེ་བ་འབྱུང་བ་ངེས་པར་དེ་ཉིད་ཡེ་ཤེས་ཏེ། །འདི་ནི་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་ཡང་དག་བཤད། །འདོད་ཆགས་ཆགས་བྲལ་བར་མ་མ་དམིགས་ཡེ་ཤེས་ལྷ་ནི་སྐད་ཅིག་དེ་རུ་བསམ། །ཆུ་ཆོད་བརྒྱད་དམ་ཉིན་གཅིག་དང་ནི་ཟླ་བ་གཅིག་ཏུའམ། །ལོ་གཅིག་བསྐལ་བའམ་བསྐལ་པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། །པདྨ་ལ་གནས་བདུད་རྩི་ཁུ་བ་བློ་གྲོས་ཅན་གྱིས་ཁ་ཡིས་བླངས་ནས་བཏུང་བྱའོ། །དེ་འདྲའི་དངོས་པོ་
ཐམས་ཅད་ཀྱི། །མཐའ་ཡི་དེ་ཉིད་ཟབ་གསལ་བ། །ཐོག་མེད་དུས་ནས་སོ་སོ་ཡི། །སྐྱེ་བོ་ང་དང་ངར་འཛིན་པས། །མ་བརྟགས་པར་ནི་བདག་ཏུ་བཟུང༌། །དུས་ལས་བྱུང་དང་འདོད་རྒྱལ་དང༌། །གནམ་གྱིས་བསྐོས་དང་གྱིན་དང༌། །འཛིན་པ་པོས་ནི་སྤྲུལ་པ་དང༌།། ཁམས་ཀུན་ལས་ནི་ངེས་འབྱུང་དང༌། །དབང་ཕྱུག་དང་ནི་འབྱིན་པའོ། །དུས་དང་གཙོ་བོ་བྱེད་པ་དང༌། །བྱེད་པ་པོ་ནི་མ་ཡིན་དང༌། །རྣལ་འབྱོར་དང་ནི་ཚད་མ་དང༌། །དག་པ་དང་ནི་མ་དག་པ། །ནང་ནས་བརྗོད་དུ་མེད་པའི་བདག །སྐྱེས་བུ་དང་ནི་ཁྱབ་བདག་དང༌། །སྲོག་དང་གང་ཟག་རྣམ་ཤེས་དང༌། །ཀུན་གཞི་དང་ནི་ཤེས་པ་པོ། །མཐོང་བ་པོ་དང་གཟུང་འཛིན་དང༌། །ཤེས་པ་དང་ནི་ཤེས་བྱ་དང༌། །ཤེད་ལས་སྐྱེས་དང་ཤེད་བུ་དང༌། །སྲོག་དང་གསོ་བ་ལ་སོགས་པ། །མུ་སྟེགས་རྣམས་ཀྱིས་རྣམ་པར་རྟོགས། །ནམ་མཁའ་དང་ནི་འགོག་པ་གཉིས། །ཤིན་ཏུ་འདུས་མ་བྱས་པ་སྟེ། །ཤིན་ཏུ་བརྟན་བྱས་འདུས་བྱས་ཀུན། །སྐད་ཅིག་མ་སྟེ་བདག་པོ་མེད། །ཕྲ་རབ་རྡུལ་ལས་གྲུབ་པ་ནི། །བློ་ཡི་རྣམ་པ་མེད་པ་རུ། །ཁ་ཆེ་བྱེ་བྲག་སྨྲ་བས་རྟོགས། །རང་གི་རིག་པ་སྐྱེད་བྱེད་པ། །བལྟ་བྱ་སྤྱོད་ཡུལ་རྣམ་པར་ནི། །འདུས་མ་བྱས་པ་གསུམ་པོ་དང༌། །མོ་གཤམ་བུ་བཞིན་མེད་པ་དང༌། །འདུ་བྱེད་ཐམས་ཅད་བེམས་རིག་དང༌། །དུས་གསུམ་རྒྱུ་བ་མ་ཡིན་དང༌། །དམན་མིན་ཐོགས་མེད་གཟུགས་སུ་ནི། །མདོ་སྡེ་པ་ཡིས་རབ་ཏུ་རྟོགས། །ཡན་ལག་ཅན་ཡང་དོན་དམ་མིན། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ།། སོ་སོར་སྣང་བ་མི་དམིགས་པ། །རྨི་ལམ་ལྟ་བུར་མི་སྣང་སྟེ། །གཟུང་འཛིན་སྤངས་པའི་ཡེ་ཤེས་ཏེ། །དོན་དམ་ཤེལ་ལྟར་དག་པ་རུ། །རྣལ་འབྱོར་སྤྱོད་པས་རབ་ཏུ་རྟོགས། །སོ་སོར་སྣང་བའི་གཞུང་ཐམས་ཅད། །དོན་དམ་མིན་ཏེ་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །ནམ་མཁའི་ཆུ་སྐྱེས་བཞིན་དུ་ནི། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཤིན་ཏུ་དྲི་མེད་ནམ་མཁའ་ལྟར། །བློ་ལྡན་དབུ་མ་པ་ཡིས་རྟོགས། །དེ་ལ་རྟོགས་ཏེ་མཐའ་ཡས་པ། །དོན་དེ་ཁོན་ལ་གནས་ནས། །ཐ་དད་སོ་སོར་རྟོགས་པའོ། །དེ་བས་དེ་དག་ཐམས་ཅད་ཀྱང༌། །
ཡང་དག་མིན་པས་བླ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མའི་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །དེ་བས་གོང་མའི་རིམ་པ་ཡིས། །ལྷན་ཅིག་པ་ཡི་སློབ་དཔོན་གྱིས། །བྱིན་གྱིས་བརླབས་པ་ཡང་དག་བྱ། །གསལ་ཞིང་རབ་དགའ་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །བླ་མའི་ཁ་ལས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་སྡོམ་ལྡན་པའི། །སྣོད་དུ་རྩེ་གཅིག་ཆུ་འདྲ་ལས། །ཡེ་ཤེས་གཟུགས་བརྙན་ལྟ་བུ་རུ། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟག །དེ་ཐོབ་ཕྱིན་ཆད་རྣལ་འབྱོར་པས། །འཁོར་བ་ཉིད་ན་གནས་པའི་ཚེ། །དེ་ཡི་ཉེས་པས་མི་གོས་སོ། །ཇི་ལྟར་སྔགས་དང་སྨན་ལྡན་པས། །སྦྲུལ་དག་གསོད་པར་བྱེད་པ་བཞིན། །དེ་འདྲའི་རྣལ་འབྱོར་དབང་ཕྱུག་ཆེ། །ཡེ་ཤེས་སྨན་གྱིས་རྒྱས་བཏབ་པས། །ཉོན་མོངས་ཀྱིས་ནི་ཅི་བྱར་ཡོད། །གང་ཞིག་ལག་ན་གདུགས་ཐོགས་ལ། །དེ་ལ་ཆར་པས་ཅི་བྱར་ཡོད། །དེ་བཞིན་གཉིས་མེད་ཡེ་ཤེས་ཀྱི། །གདུགས་ཐོགས་ལ་ནི་རྟོག་པ་ཡི། །ཆར་པ་རབ་ཏུ་འབབ་གྱུར་ཡང༌། །དེ་ལ་དེ་ཡིས་ཇི་ལྟར་གནོད། །དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང༌། །འདི་ནི་ཅུང་ཟད་མི་ཤེས་སོ། །འདི་ཡི་དོན་ཤེས་མ་འོངས་པའི། །རྡོ་རྗེ་འཛིན་པ་མཉེས་བྱས་ནས། །རང་གི་བསོད་ནམས་ཆེན་སྟོབས་ཀྱིས། །ཡི་གེ་མེད་པར་རྣམ་པར་འཕོ། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང༌། །གཏོར་མ་བཟླས་པ་བགྲང་ཕྲེང་དང༌། །སྐྱིལ་མོ་ཀྲུང་དང་སྟང་སྟབས་སོགས། །སྤྲོས་བྲལ་རྣམ་པར་སླུ་བ་སྟེ། །བྱ་བ་མ་ཡིན་དགག་པ་མིན། །ལྷག་པའི་ལྷ་ཡིས་སྤྲུལ་ཕྱིར་རོ། །བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དགས་སྨིག་རྒྱུ་སྙེག་པ་ལྟར། །རྟག་ཏུ་སྣང་ཡང་མ་ཟིན་ནོ། །བྱ་བའི་ནད་ཆེན་གྱིས་ཟིན་ལ། །ཡེ་ཤེས་གཡོ་མེད་སྨན་ཆེན་གྱིས། །གསོ་བྱེད་སྐྱེས་བུ་དམ་པའོ། །དེ་བས་ལུས་ངག་ཡིད་གསུམ་གྱི།།
སྡོམ་པ་མཆོག་ལ་གནས་བྱས་ནས། །ངའི་སྙམ་པའི་གཟི་བསྐྱེད་ལ། །རིམ་པ་གཉིས་པ་དེ་ཉིད་བསྒྲུབ། །དགོན་པའམ་ཡང་ན་གྲོང་གི་མཐར། །གང་རུང་ཅི་རུང་དེ་ལྟ་བུར། །བྱ་བར་འོས་པའི་ལས་ཀུན་ཡང༌། །བྱས་ནས་བདེ་བའི་སྟན་ལ་འདུག །དེ་ནས་སེམས་ཅན་ཐམས་ཅད་ཀུན། །ཚངས་སྤྱོད་ཆེན་པོ་བཞིས་དམིགས་ཏེ། །དེ་ལ་སོགས་པ་རང་རྒྱུད་ཀྱི། །ལས་ཀྱི་སྒྲིབ་པ་དག་བྱས་ནས། །སེམས་ཙམ་ལ་ནི་བལྟ་བྱས་ཏེ། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་དེ་ཡང་སྟོང་བྱས་ནས། །རང་རིག་ཙམ་དུ་གནས་པར་བྱ། །རང་རིག་དེ་ཡང་ཟླ་བ་སོགས། །གདན་དུ་བརྟགས་ནས་ཡི་གེའོ། །སྨྱུ་གུས་བསྣུན་བྱས་མཚན་མར་གྱུར། །དེ་ལས་རང་ཉིད་ལྷར་བསྐྱེད་ལ། །ལྷ་ཡི་ང་རྒྱལ་དང་ལྡན་པར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་སྟེ། །དཀྱིལ་འཁོར་འཁོར་ལོ་སྦྲུལ་པར་བྱ། །དེ་མཉེས་དེ་ལ་གོམས་བསླབས་པས། །ཕྱི་རོལ་ལུས་ནི་ལྡོག་བྱེད་དེ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མཆོག །མཐའ་ཡི་དེ་ཉིད་བསྒོམ་པར་བྱ། །རང་སྙིང་དམ་ཚིག་ཕྱག་རྒྱ་ཡིས། །ཐུགས་ཀར་མཚན་མ་ལ་གནས་པ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་མཆོག །རིམ་པ་དང་པོ་པ་རྣམས་ལ། །ཡི་གེ་གཟུགས་སུ་རབ་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ཡི། །ས་བོན་འོད་ཟེར་ལྔ་འབར་བ། །དེ་ཡི་ཁ་དོག་རྣམ་ལྔ་ཡིས། །འོད་ཟེར་སྟེང་གི་སྒོ་ཡི་ནི། །གཡས་ནས་རྣམ་པར་སྤྲོ་བར་བྱ། །དེ་ཡི་རྩལ་དཀྱིལ་འཁོར་གྱི། །འཁོར་ལོ་ལྡན་པའི་བདེ་གཤེགས་རྣམས། །ཕྱོགས་བཅུའི་འཇིག་རྟེན་བཀང་བྱས་ནས། །དབུགས་ཀྱི་ཀུན་རྟོག་ལས་བྱུང་བའི། །སེམས་ཅན་ཐམས་ཅད་སངས་རྒྱས་སྐུ། །བསྐྱེད་ནས་ཟླ་བར་ཞུ་བྱས་ཏེ། །ཐིམ་ནས་རྣམ་པར་དག་བྱས་ནས། །དེ་རྣམས་ཡེ་ཤེས་ངོ་བོ་དུ། །གཡོན་པའི་ཧ་སར་ཞུགས་པར་བྱ། །དེ་ཡི་མཚན་མ་དབུས་གནས་པ། །ས་བོན་ལ་ནི་གཞུག་བྱས་པར། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་བསྐྱེད་རིན་པོ་ཆེ། །དངོས་པོ་ཀུན་ལ་ཁྱབ་པའི་བདག །མི་ཤིགས་པ་ཡི་ཐིག་ལེ་ཆེ། །འོད་ཟེར་ལྔ་དང་རབ་ལྡན་པ། །ཙ་ན་ཀ་ཡི་འབྲུ་ཙམ་དུ། །རང་གི་སེམས་སུ་ཆོས་ཐམས་ཅད། །བསྡུས་ནས་རྣམ་པར་བསམ་
པར་བྱ། །དེ་ཡི་འོད་ཟེར་རིམ་པ་ཡིས། །རང་གི་གནས་ནི་ཁྱབ་པར་བྱ། །དེ་ལས་ཕྱིར་བྱུང་དམ་ཚིག་རྒྱ། །ནང་གསལ་དེ་ཡིས་ཕྱི་ཡི་ལུས། །གསལ་བྱས་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་ཀྱང་གསལ་བར་བྱ། །དེ་ལས་ཕྱིར་བྱུང་བདག་ཉིད་ནང༌། །བྱང་ཆུབ་སེམས་གཟུགས་བཅུ་དྲུག་པོ། །མཐེ་བོའི་རྩ་བར་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ལ་ནི་ཨི་ཡི་གཟུགས། །གསང་བ་ལ་ནི་ཨཱི་ཡི་གཟུགས། །ལྟེ་བའི་རྩ་རུ་ཨུ་གཟུགས་གནས། །དེ་བཞིན་གསུས་པར་ཨཱུ་ཡི་གཟུགས། །ནུ་མ་གཉིས་སུ་རྀ་གཟུགས་གནས།། དེ་བཞིན་ལག་པར་རཱྀ་གཟུགས་ཏེ། །མགྲིན་པ་ལ་ནི་ལྀ་ཡི་གཟུགས། །དེ་བཞིན་མ་མཆུར་ཡི་གེ་ལཱྀ། །འགམ་པ་གཉིས་སུ་ཨེ་གཟུགས་སོ། །དེ་ཡི་མིག་གཉིས་ཡང་ནི་ཨཻ། །རྣ་བའི་རྩ་བར་ཨོ་ཡི་གཟུགས། །སྤྱི་བོར་ཨཽ་གཟུགས་ཡང་དག་གནས། །ཨཾ་ཨཿ་འི་གཟུགས་སུ་ཚིགས་ཀུན་ལ། །བཅུ་དྲུག་དུས་སུ་རྫོགས་འགྱུར་བ། །གོང་མའི་འོད་ཀྱིས་རྣམ་བཀུག་སྟེ། །ཐིག་ལེ་རུ་ནི་གཞུག་པར་བྱ། །དེ་རུ་སེམས་ནི་ཅུང་ཟད་ཙམ། །གཟུང་བས་ལྷ་ཡི་འཁོར་ལོ་ཆེ། །རྟེན་དང་བཅས་པ་མོས་པས་བསྒོམ། །དེ་དབུས་བདག་པོ་ཐུགས་ཀ་རུ། །གོང་མའི་རིམ་པས་མི་ཤིགས་པའི། །ཐིག་ལེ་ཆེན་པོ་བསྒོམ་བྱས་ནས། །ཡུངས་ཀར་ཚད་ཙམ་དེ་ལས་སྤྲོ། །རང་གི་གནས་དང་ཕྱག་རྒྱ་ཡི། །ནང་གསལ་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་དང་བདག་པོ་ཡི། །ནང་གསལ་ཕྱི་ལུས་གསལ་བྱས་ནས། །དཀྱིལ་འཁོར་རྟེན་བཅས་གསལ་བར་བྱ། །དེ་ནས་བཅུ་དྲུག་གནས་པ་ཡི། །འོད་ཟེར་གཞག་པ་ཕྱུང་བྱས་ཏེ། །ཕྱི་ཡི་ལུས་ནི་གསལ་བར་བྱ། །དེ་ཡིས་དཀྱིལ་འཁོར་འཁོར་ལོ་དང༌། །རྟེན་དང་བཅས་པ་གསལ་བྱས་ནས། །ཕྱོགས་བཅུའི་འཇིག་རྟེན་བཞུགས་པ་ཡི། །བདེ་གཤེགས་ཀུན་གྱི་སྤྱན་སྔར་གཤེགས། །བདུད་རྩི་ཞུ་ནས་ཞལ་ཞུགས་ཏེ། །ཐིག་ལེར་བདུད་རྩི་བླངས་བྱས་ནས། །རྡོ་རྗེའི་ལམ་དུ་བྱུང་ནས་སུ། །འོ་མའི་རྒྱུན་ལྟར་འོང་བྱས་ནས། །ཐབས་ཀྱི་ཡེ་ཤེས་གཡས་ཞུགས་ཏེ། །དེ་བཞིན་གཞན་ནི་གཡོན་དུ་ཞུགས། །དེ་ནས་ཡེ་ཤེས་ཐིག་ལེ་ལ། །སྣང་བའི་
ཐིགས་པས་ཐིམ་པར་འགྱུར། །དེ་ནི་འཛག་པའི་ངང་ཚུལ་ཅན། །འོད་ཟེར་ལྔ་འབར་དཀར་འཚེར་བ། །ཅུང་ཟད་དམར་བའི་ནང་དུ་སེམས། །མི་གཡོ་ཞིང་ནི་གཟུང་བར་བྱ། །དེ་ལ་གོང་མའི་རིམ་པ་ལྟར། །སྤྲོ་བ་དང་ནི་བསྡུ་བ་དང༌། །གཟུང་བ་ཡང་དག་བྱས་གྱུར་པས། །འགོག་པའི་རྡོ་རྗེ་སེམས་ཉིད་དུ། །ནམ་ཞིག་དེ་ལ་རེག་གྱུར་པས། །སངས་རྒྱས་ཀུན་གྱིས་མཆོག་འཛིན་པ། །ཡིད་བཞིན་དཔལ་དང་འདྲ་བ་ཡི། །རྟགས་རྣམས་ཡང་དག་སྐྱེ་བར་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ལྷ་རྣམས་ཡེ་ཤེས་མེ་ཡིས་སུ། །ཐོག་མར་སྙིང་གར་སྡུད་བྱེད་པའི། །ཆོག་འདི་ནི་དང་པོར་བཤད། །དེ་ལ་བསྒྲུབ་པས་བྱིན་བརླབས་པས། །སྣ་ཡི་རྩེ་མོར་འགྲོ་བས་ན། །མི་ཤིགས་ཐིག་ལེའི་རྗེས་ཐོགས་ལ། །གསང་བའི་ཐིག་ལེ་བསྒོམ་པར་བཤད། །གོང་མའི་ཡེ་ཤེས་ཐིག་ལེ་ལས། །འོད་ཟེར་ལྕགས་ཀྱུ་འདྲ་བ་རྣམས། །ཕྱོགས་བཅུར་སྤྲོས་པས་བདེ་གཤེགས་རྣམས། །དཀྱིལ་འཁོར་འཁོར་ལོ་དང་བཅས་ཀུན། །བཀུག་ནས་ཡེ་ཤེས་ངོ་བོ་རུ། །རང་གི་སྙིང་གར་རབ་ཏུ་བཙུད། །དེ་རྣམས་ཞུ་ནས་ཐིག་ལེ་ལ། །ཞུགས་པས་རྡུལ་དང་མུན་པ་དང༌། །སྙིང་སྟོབས་ཚུལ་དུ་ཐིག་ལེ་ཡང༌། །སྙིང་གི་པདྨ་ལ་བབས་ནས། །རང་གི་རྡོ་རྗེ་ནོར་བུ་ཡི། །དཀྱིལ་དུ་རྣམ་པར་གནས་པ་ལས། །འབྱུང་བ་ལྔ་ཡི་གཟུགས་ཅན་མཆོག །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འོད་ཟེར་ལྔ་འབར་རང་ལྷ་ཡི། །མཚན་མ་ཕྲ་མོ་རྣམ་བསམས་ནས། །དེ་ཡི་བུམ་པར་རྟེན་གྱི་ཚད། །ཡུངས་ཀར་ཙམ་དབུས་འཁོར་ལོ་ཆེ།། ཐིག་ལེར་བཅས་པ་མོས་པར་བསྒོམ། །གལ་ཏེ་དེ་ལ་རང་གི་སེམས། །བྱིང་བར་སོང་ངམ་སྐྱོ་བ་ན། །རྡོ་རྗེ་ལས་ནི་ཕྱིར་བྱུང་སྟེ། །སྣ་རྩེར་རྣམ་པར་གནས་བྱས་ནས། །དགའ་བྲལ་དགའ་བས་བརྟག་པར་བྱ། །འདི་ཡི་ཐིག་ལེ་རྣལ་འབྱོར་ལས། །གོང་གི་རིམ་པས་འོད་ཟེར་ལྔ། །སྟེང་གི་སྒོ་ལས་བྱུང་བ་དང༌། །སླར་ཡང་བདུད་རྩི་འགུགས་པ་དང༌། །དེ་བཞིན་གཞི་ལ་གཞུག་པ་དང༌། །དབུགས་དགག་སྟོང་པའི་ཡན་ལག་གོ །དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་གཟུང༌། །དངོས་པོ་མེད་པའི་གནས་སུ་
འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོག་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུ་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །དེ་བཞིན་དུ་ནི་ཆུ་ལོག་པས། །དུ་བལྟ་བུར་འབྱུང་བ་ནི། །གཉིས་པ་ཡིན་པར་ཤེས་པར་བྱ། །མེ་ནི་རྣམ་པར་ལོག་གྱུར་པས། །མཁའ་སྣང་འདྲ་བ་གསུམ་པའོ། །རླུང་ནི་དེ་བཞིན་ལོག་པས་ན། །མར་མེ་ལྟ་བུར་བ་སྣང་བས། །རྟགས་ནི་བཞི་པར་ཤེས་པར་བྱ། །དེ་བཞིན་ཕྱིན་ལོག་རྣམ་པར་ཤེས། །ལོག་པས་ཟབ་གསལ་གཉིས་མེད་ཀྱི། །དོན་དྲན་སྤྲིན་མེད་ནམ་མཁའ་ལྟར། །གསལ་བརྟགས་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་ཡིས་ནི། །མི་གནས་མྱ་ངན་འདས་ཐོབ་པས། །རྣལ་འབྱོར་པས་ནི་འདི་ལ་འབད། །གཟུང་བ་ཡི་ནི་ཡན་ལག་གོ །དེ་ལྟར་དེ་ལ་མཚན་མ་ལྔ། །མཐོང་བྱས་དོན་དེས་ཁྱབ་བྱའི་ཕྱིར། །རྡོ་རྗེ་ཡི་ནི་ལམ་ནས་སུ། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །སྤྲོས་པ་དེ་ལས་མངོན་མཐོང་བའི། །སོ་སོར་སྣང་བ་བསྐྱེད་པར་བྱ། །སངས་རྒྱས་རྗེས་སུ་དྲན་པ་དང༌། །ཆོས་ནི་ཡང་དག་རྗེས་དྲན་དང༌། །རྡོ་རྗེ་རྗེས་སུ་དྲན་པ་དང༌། །རིགས་ནི་ཡང་དག་རྗེས་དྲན་དང༌། །ཁྲོ་བོ་རྗེས་སུ་དྲན་པ་ནི། །སྣང་མཛད་དང་ནི་ཚེ་དཔག་མེད། །མི་བསྐྱོད་རིན་ཆེན་འབྱུང་ལྡན་སོགས། །གཤིན་རྗེ་གཤེད་སོགས་ཁྲོ་བོ་ཡི། །དཀྱིལ་འཁོར་སྐུ་སོགས་ཇི་སྙེད་པོ། །སྤྲོ་བསྡུ་ལས་ནི་གསལ་བར་བྱ། །དེ་བཞིན་དམ་ཚིག་རྗེས་དྲན་ནི། །རྗེས་སུ་ཆགས་དང་ཆོ་ག་བཞི། །དང་པོ་སྤྲོ་བསྡུ་ལས་གསལ་བྱ། །དཀྱིལ་འཁོར་རྗེས་སུ་དྲན་པ་ནི། །ཆོ་ག་གཉིས་པ་ལ་སོགས་པའི། །དཀྱིལ་འཁོར་སྤྲོ་བསྡུ་ལས་གསལ་བྱ། །སྐུ་ནི་རྗེས་སུ་དྲན་པ་དང༌། །གསུང་དང་ཐུགས་ནི་རྗེས་དྲན་དང༌། །སེམས་ཅན་རྗེས་སུ་དྲན་པ་ནི། །སྐུ་དང་གསུང་ཐུགས་བསྒོམས་པ་ཡི། །རྡོ་རྗེ་གསུམ་ནི་སྤྲོ་བསྡུ་ལས། །རྣམ་པར་སྨིན་ཅིང་དྲན་པའོ། །དེ་བཞིན་སྔགས་ནི་ཐམས་ཅད་ཀྱི། །སྤྱི་གཟུགས་རྗེས་སུ་དྲན་པ་ནི། །ཡེ་ཤེས་ལྔ་ཡིས་རྡོ་རྗེ་སེམས། །བསྐྱེད་པ་དང་ནི་རང་གི་ལྷ། །ལོངས་སྤྱོད་བཞི་ལྡན་སྤྲོ་བསྡུ་ལས། །རྗེས་སུ་གསལ་བ་རྙེད་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི། །བདུད་རྩི་མྱང་བ་ལ་སོགས་པ། །སྤྲོ་བསྡུ་ལས་ནི་གསལ་
བྱེད་པའོ། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །མ་སྐྱེས་རྗེས་སུ་དྲན་པ་ནི། །སྤྲོས་པའི་དཀྱིལ་འཁོར་དེ་དག་ཀྱང༌། །ཅི་ཡང་ཡོད་པ་མ་ཡིན་ཏེ། །དེ་ནི་གཉིས་མེད་ངོ་བོ་རུ། །སྤྲོ་བསྡུ་ལས་ནི་དྲན་པའོ། །ཞེ་སྡང་རིགས་ལ་སོགས་པ་ཡི། །མཆོད་པ་རྗེས་དྲན་སྦྱོར་བ་ནི། །རང་གི་རིགས་ཀྱི་བུ་མོ་མཆོག །བར་མའི་ལོངས་སྤྱོད་བཞི་དག་པ། །རྗེས་སུ་ཆགས་པས་མཉེས་བྱ་བ། །སྤྲོ་བསྡུ་ལས་ནི་གསལ་བྱེད་པའོ། །རྗེས་སུ་དྲན་པའི་ཡན་ལག་གོ །དེ་ལྟར་ཡན་ལག་གསུམ་གྱིས་ནི། །གསང་བའི་ཐེག་ལེ་བསྒོམ་བྱས་ནས། །ནོར་དུ་ལས་ནི་བྱུང་ནས་ཀྱང༌། །ཁམས་གསུམ་ཁྱབ་པར་བྱེད་པས་ནི། །སྤྲུལ་པའི་ཐིག་ལེ་བསྒོམ་པར་བཤད། །རང་གི་སྤྱི་བོའི་དབུས་སུ་ནི། །སྐུ་ཡི་རྡོ་རྗེའི་ཐུགས་ཀ་རུ། །མཚན་མ་ལ་གནས་རླུང་དཀྱིལ་འཁོར། །དུད་ཀ་འདྲ་བར་ཟླ་བ་ལ། །ཨོཾ་དཀར་འོང་བའི་མཚན་ཉིད་བསམ། །དེ་བཞིན་མགྲིན་པའི་དབུས་སུ་ཡང༌། །གསུང་གི་རྡོ་རྗེ་ཐུགས་ཀ་ཡི། །མཚན་པའི་དབུས་སུ་ཆུ་དཀྱིལ་འཁོར། །དཀར་པོ་དབུས་སུ་ཆུ་དཀྱིལ་འཁོར། །དཀར་པོ་དབུས་སུ་ཟླ་བ་ལ། ཨཱཿ་དམར་གནས་པའི་རང་བཞིན་བསྒོམ། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ཡི། །ཐུགས་ཀར་མཚན་མ་ལ་གནས་པའི། །མེ་ཡི་དཀྱིལ་འཁོར་དམར་པོ་ལ། །ཟླ་གནས་དབུས་སུ་ཧཱུཾ་ནག་པོ། །འགྲོ་བའི་རང་བཞིན་བསམས་ནས་ཀྱང༌། །ནུ་མ་གཉིས་ཀྱི་བར་དུ་ཡང༌། །དམ་ཚིག་ཕྱག་རྒྱའི་ཐུགས་ཀ་རུ། །མཚན་མ་ལ་གནས་དབང་ཆེན་ནི། །དཀྱིལ་འཁོར་སེར་པོ་ཟླ་བ་ལ། །རང་གི་ལྷ་ཡི་ས་བོན་ཆེ། །འབྱུང་དང་འཇུག་དང་གནས་པ་ལ། །རྣམ་པར་གྲོལ་བའི་ས་བོན་བསམ། །དེ་ལྟར་ཕྱག་རྒྱ་བཞི་ཆེན་དང༌། །བདག་ཉིད་འབྲེལ་བར་བྱས་ནས་སུ། །རིམ་པ་འདི་ཡིས་མི་ཤིགས་པའི། །རྡོ་རྗེ་བཟླས་པའི་ངོ་བོ་བྱ། །གཡས་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དུད་ཀ་རྒྱུ་བ་ལས། །འབྱུང་བ་ཧཱུཾ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཨོཾ་གྱི་ངོ་བོས་འོང་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། །ཨཱཿ་ཡི་ངོ་
བོས་དག་བྱས་ནས། །དེ་ལ་ལྷ་ཡི་དེ་བཞིན་ཉིད། །གཟུང་བ་ད་ལ་བུས་དབུ་ལུས་བྱས། །དངོས་པོ་མེད་པའི་གནས་སུ་འགྱུར། །གཡོན་པ་ནས་ནི་འབྱུང་བའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དཀར་པོ་རབ་གནས་པ། །དེ་ལས་བྱུང་བའི་ཧཱུཾ་དང་ནི། །ཨོཾ་གྱི་རང་བཞིན་འདུ་བ་དང༌། །ཨཱཿ་ཡི་རང་བཞིན་གནས་པ་དང༌། །དེ་ཉིད་བཟུང་བས་སྔ་མ་བཞིན། །གཉི་ག་ལས་ནི་དྲག་ཏུ་འབྱུང༌། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་ངོ་བོ་ལས། །ཧཱུཾ་གིས་སྤྲོས་དང་ཨོཾ་གྱིས་བསྡུས། །ཨཱཿ་ཡིས་གནས་པ་དེ་ཉིད་གཟུང༌། །སྔ་མ་བཞིན་དུ་ཤེས་པར་བྱ། །དེ་བཞིན་གཉིས་ལས་དལ་བུ་འབྱུང༌། །དབང་ཆེན་གྱི་ནི་དཀྱིལ་འཁོར་གྱུ། །ཁ་དོག་གསེར་ལྟར་རབ་སྣང་བ། །དེ་ལ་ཧཱུཾ་གིས་འབྱུང་བ་དང༌། །ཨོཾ་གྱིས་སྡུད་དང་ཨཱཿ་ཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་པས། །འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཕྱག་རྒྱ་བཞི་འབྲེལ་བཟླས་པ་ནི། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་ནི་དགུ་བརྒྱ་རྣམ་པ་བསྒྲེས། །ཞག་གཅིག་ཏུ་ནི་ཉི་ཤུ་བཞིས། །ཁྲི་ཕྲག་གཉིས་དང་གཅིག་སྟོང་དང༌། །བརྒྱ་ཕྲག་དྲུག་ཏུ་དུས་ཐམས་ཅད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཉིན་མཚན་བཟླས་བརྗོད་གྲངས་བྱེད་དོ། །འདི་ཡི་རྣམ་པས་ཆོས་ཐམས་ཅད། །སྒྱུ་མ་དང་ནི་སྨིག་རྒྱུ་དང༌། །བྲག་ཅ་མགལ་མེའི་འཁོར་ལོ་དང༌། །འཁྲུལ་པ་དྲི་ཟའི་གྲོང་ཁྱེར་དང༌། །ཆུ་བུར་དང་ནི་མིག་འཕྲུལ་དང༌། །གཟུགས་བརྙན་ཆུ་ཟླ་ལ་སོགས་པར། །ཐམས་ཅད་ཤེས་ཤིང་ས་བཅུ་པའི། །དབང་ཕྱུག་རྣམས་དང་སྐལ་མཉམ་སྟེ། །རང་བཞིན་བཟླས་པ་འདི་ལ་ནི། །རྣལ་འབྱོར་པས་ནི་རབ་ཏུ་འབད། །འདི་ནི་ཐོག་མ་མེད་དུས་ནས། །རང་བཞིན་ཡང་དག་རྟག་ཟློ་ཡང༌། །བླ་མ་ཡང་དག་མ་བསྟེན་པར། །དོན་འདི་རྟོགས་པར་མི་འགྱུར་རོ། །དེ་ནི་ཡང་དག་ཤེས་ནས་ནི། །བསྒོམ་པའི་བར་ཆད་ཕྱི་རོལ་གྱི། །བཟླས་པ་ཡོངས་སུ་སྤང་བར་བྱ། །བཟླས་པའི་ངོ་བོ་ཆེན་པོ་མཆོག །རྡོ་རྗེ་འཆང་བ་བརྗོད་མེད་སྐུ། །བསམ་བརྗོད་ཡུལ་ལས་རབ་འདས་པས། །ངག་གིས་
ཇི་ལྟར་བཟླས་པ་བྱེད། །དེ་བས་གླང་ཆེན་རྙེད་གྱུར་པ། །རྗེས་ཀྱིས་དེ་ལ་ཅི་ཞིག་བྱ། །དོན་དེ་ལ་གནས་རྣལ་འབྱོར་ཆེ། །ཕྱི་རོལ་ཡང་ནི་རྟེན་མི་འགལ། །གླང་པོ་ཆེ་ཡི་སྟོབས་ཀྱིས་ནི། །བུད་ཤིང་འབྱུང་བ་ལྟ་བུའོ། །དེ་བས་རྡོ་རྗེ་བཟླས་པ་མཆོག །འབད་པས་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་བརླབས་ཉིད་ནི་འོང་བས་ན། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡི། །མཚན་མ་ཡང་དང་ཡང་འབྱུང་འགྱུར། །དེ་འབྱུང་ཆོ་ག་ལ་གནས་པས། །སྐད་ཅིག་གིས་ནི་ཀུན་མཁྱེན་ཆེ། །རྒྱུད་ལས་རབ་ཏུ་འཕོ་བར་ནི། །ཐེ་ཚོམ་མེད་པར་ངེས་པས་ན། །ཆོ་ག་འདི་ལ་རབ་ཏུ་འབད། །དེ་ལྟར་དགའ་གསུམ་བྱེ་བྲག་གི །ཐིག་ལེ་རྣམ་གསུམ་བསྒོམ་པ་ཡི། །ཆོ་ག་ཡང་དག་བསྟན་པའོ། །ད་ནི་གཉིས་མེད་ཡེ་ཤེས་ཉིད། །ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང༌། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང༌། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་ལས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་པས་ཆོས་རྣམས་ཀྱིས་མི་བསྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་མིན་རབ་བྱེད་པ། །བརྟན་པོ་འཇིགས་པ་ར་བ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཚངས་པའི་སྤྱོད་པ་བཞི་པོ་དང༌། །ཕྱི་རོལ་སྟོང་བཅས་ལ་སོགས་པ། །རང་གི་ལྷ་རུ་བསྐྱེད་ནས་ཀྱང༌། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་པ། །སྔ་མ་བཞིན་དུ་ཤེས་བྱས་ནས། །རིམ་པ་འདི་ཡི་ཐིག་ལེ་ལ། །རང་གི་སེམས་ནི་ཡང་དག་བཟུང༌། །རང་གི་ཡེ་ཤེས་སེམས་དཔའ་ཡི། །མཚན་མའི་དབུས་གནས་ས་བོན་ལས། །འོད་ཟེར་ལྔ་འཕྲོས་དེ་ཡི་རྩེ། །དཀྱིལ་འཁོར་འཁོར་ལོ་དཔག་མེད་སྤྲུལ། །དེ་ཡིས་ཁམས་ཀུན་ཁྱབ་བྱས་ནས། །དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །རྣམ་པར་བསལ་ཏེ་དེ་དག་ཀྱང༌། །དཀྱིལ་འཁོར་འཁོར་ལོར་རབ་བྱས་ཏེ། །གཉིས་པའི་དཀྱིལ་འཁོར་བསྡུ་
བྱས་ནས། །ཡེ་ཤེས་ངོ་བོ་སྣ་བུག་གཡོན། །ཞུགས་བྱས་མཚན་མའི་དབུས་གནས་བྱ། །ས་བོན་ལ་ནི་ཐིམ་པས་ཀྱང༌། །དེ་ནི་ཕྱོགས་དུས་གནས་པ་ཡི། །སངས་རྒྱས་ཡོན་ཏན་ཅི་གསུངས་པ། །ཡང་དག་སྐྱེད་བྱེད་མི་ཤིགས་པའི། །ཐིག་ལེ་འོད་ཟེར་ལྔ་འབར་བ། །རྣམ་པར་གསལ་བྱས་དེ་ལས་ཀྱང༌། །འོད་ཟེར་འབྱུང་བས་རང་གནས་ཀྱང༌། །ཡེ་ཤེས་སེམས་དཔའི་ནང་གསལ་ཏེ། །དེ་ཡི་ཕྱི་ཡི་དཀྱིལ་འཁོར་དང༌། །ནང་ནི་གསལ་བྱ་དེ་ལས་བྱུང༌། །མཐེ་བོའི་རྩ་དང་རྗེ་ངར་དང༌། །བྲལ་གཉིས་དང་ནི་གསང་བའི་གནས། །ལྟེ་བ་དང་ནི་གསུས་པ་དང་། །ནུ་མ་གཉིས་དང་ལག་རྩེ་དང༌། །མགྲིན་པ་དང་ནི་མཆུ་གཉིས་དང༌། །འགྲམ་པ་གཉིས་དང་མིག་གཉིས་དང༌། །རྣ་བའི་རྩ་དང་སྤྱི་བོ་དང༌། །ཚིགས་ཀུན་ཐིག་ལེ་ཨཱཿ་སོགས་ཀྱི། །གཟུགས་སུ་གནས་པ་བསྒྲུབ་བྱས་ནས། །མི་ཤིགས་ཐིག་ལེར་ཐིམ་པར་བྱ། །དེར་ནི་རང་གི་སེམས་ཅུང་ཟད། །གཟུང་བས་རྟེན་དང་རྟེན་ཅན་གྱི། །འཁོར་ལོར་མོས་བྱས་དེ་དབུས་སུ། །མི་ཤིགས་ཐིག་ལེ་ཡེ་ཤེས་ལ། །སྣང་བའི་ངོ་བོ་བསྒོམ་པར་བྱ། །དེ་ཡི་འོད་ཀྱིས་རང་གནས་སོགས། །གསལ་བྱས་ཡེ་ཤེས་ཐིག་ལེ་ཡི། །ནང་གསལ་གཞག་པའི་འོད་ཟེར་གྱིས། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །སྤྱན་སྔར་བདུད་རྩི་ཞུ་བྱས་ནས། །ཞལ་དུ་ཞུགས་ནས་སྙིང་ག་ཡི། །མི་ཤིགས་ཐིག་ལེར་རབ་སོང་སྟེ། །ཀྵུཾ་གཟུགས་བདུད་རྩིར་རབ་བླངས་ནས། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །འོ་མའི་རྒྱུན་ལྟར་ཕྱོགས་བཅུ་ནས། །འོངས་པ་ཡིས་ནི་སེམས་ཅན་དང༌། །སངས་རྒྱས་རྣམས་དང་མི་རྒྱུར་བཅས། །ཡང་དག་བསྡུས་ནས་གུར་སོགས་ཞུགས། །དེ་བཞིན་ཆོས་དབྱིངས་ཕྱག་རྒྱ་དང༌། །རྟེན་གྱི་འཁོར་ལོར་ཞུགས་བྱས་ནས། །དེ་དག་ཡང་ནི་རབ་བསྡུས་ཏེ། །དཀྱིལ་འཁོར་དུ་ནི་རབ་བསྡུས་ནས། །དེ་ཡང་བདག་ལ་བསྡུ་བྱས་ཏེ། །བདག་ཉིད་ཀྱང་ནི་མི་སྣང་བར། །ཡེ་ཤེས་སེམས་དཔའི་གནས་ལ་དམིགས། །དེ་ཡང་འཁོར་ལོ་འཁོར་ལོ་ཡང༌། །ཡེ་ཤེས་སེམས་དཔར་ཞུགས་པར་བྱ། །ཡེ་ཤེས་སེམས་དཔའ་མི་སྣང་ནས། །མཚན་མ་འབའ་ཞིག་ལ་
དམིགས་བྱ། །མཚན་མ་དེ་ཡང་བསྡུ་བྱས་ནས། །མི་ཤིགས་ཐིག་ལེར་སེམས་བཟུང་སྟེ། །དེ་ལས་ཡང་ནི་ནང་གི་ཚོགས། །ཀུན་བསྡུས་རང་སྣང་ཐིག་ལེ་ཆེ། །འབའ་ཞིག་ལ་སེམས་ཡང་དག་བཟུང༌། །ཅི་ལྟར་ནུས་བཞིན་བསྒོམ་པས་དེར། །སེམས་ནི་ཡང་དང་ཡང་དུ་ཞུགས། །ཡང་ནི་དེ་ལས་ཕྱིར་བྱུང་སྟེ། །དེ་ཡི་གནས་དང་རང་གི་ལུས། །དམིགས་ནས་དཀྱིལ་འཁོར་འཁོར་ལོ་དང༌། །རྟེན་དང་ཁམས་གསུམ་སྣང་བར་བྱ། །དེ་ནས་ཡང་ནི་གོང་མ་ལྟར། །རིམ་པར་བཅུག་ནས་ཐིམ་བྱས་ལ། །སེམས་ནི་ཐིག་ལེར་གཞག་པར་བྱ། །རང་གི་དབང་པོ་དེར་བཟུང་ནས། །ས་ཡི་དཀྱིལ་འཁོར་ཆུ་ལ་ཞུགས། །ཆུ་དེ་མེ་ལ་དེ་བཞིན་ཞུགས། །མེ་ཡང་རླུང་ལ་རབ་ཏུ་ཞུགས། །རླུང་ཡང་སེམས་ལ་ཞུགས་པར་གྱུར། །སེམས་ནི་གཉིས་མེད་ཡེ་ཤེས་སུ། །ཅུང་ཟད་ཞུགས་པས་རྟགས་གནས་པ། །སྨིག་རྒྱུ་འདྲ་དང་དུ་བ་དང༌། །མར་མེ་མཁའ་སྣང་རབ་འདྲ་བ། །སྤྲིན་མེད་ནམ་མཁའ་ལྟར་སྣང་བའི། །མཚན་མ་ལྔ་པོ་འབྱུང་བར་འགྱུར། །རྡོ་རྗེ་སེམས་དཔའ་ཞུགས་ཕྱིར་རོ། །ཐིག་ལེ་ལ་ནི་སེམས་བཟུང་སྟེ། །གླལ་ཞིང་དགོད་དང་འདར་ལ་སོགས། །རྣལ་འབྱོར་དེ་ལ་གང་ཚེ་འབྱུང༌། །ཐིག་ལེ་ཡང་དག་སྤྲོ་བྱས་ནས། །གོང་མའི་རིམ་པས་ཀུན་ཁྱབ་བྱ། །འདི་ནི་ཡང་དག་གོམས་བྱས་པས། །མི་གནས་མྱ་ངན་འདས་པ་ཆེ། །ཐབས་ཀུན་གྱིས་ནི་བསྒྲུབ་བྱ་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཐོབ། །འདི་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་འབའ་ཞིག་དབང་བྱས་ནས། །རིམ་པ་གཉིས་པ་བསྒོམ་པའི་ཐབས། །མི་ཤིགས་ཐིག་ལེ་བསྒོམ་པའོ། །དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེས་འགྱུར་བ། །བསྒོམ་པའི་ཆོ་ག་རྣམས་བཤད་ནས། །རྣམ་གྲངས་དག་ཀྱང་ཡོངས་སུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང༌། །ཉོན་མོངས་ཁུར་ཆེན་འདོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་
བ། །མངོན་པར་བྱང་ནི་ཆུབ་པ་དང༌། །གཞན་གྱི་སེམས་ཤེས་བྱེད་པ་དང༌། །ལྷ་ཡི་རྣ་བ་སྟེར་བ་དང༌། །དེ་བཞིན་ལྷ་ཡི་མིག་སྟེར་དང༌། །རྫུ་འཕྲུལ་དཔག་མེད་སྤྲུལ་ཆེན་དང༌། །དངོས་པོ་མཐར་ནི་ཕྱིན་པ་དང༌། །དོན་དམ་པ་ཡི་བདེན་པ་དང༌། །རྫོགས་པ་ཡི་ནི་རིམ་པ་དང༌། ཡོངས་སུ་དག་པའི་སྐུ་གཙང་དང༌། །ཀུན་གྱིས་བསྟན་བྱ་ཉིད་དག་དང༌། །མཁའ་ལྟར་རྣམ་པར་དག་པ་དང༌། །གློ་བུར་དྲི་མས་མི་གོས་དང༌། །གདོད་ནས་འོད་གསལ་བ་ཉིད་དང༌། །གང་གིས་ཀྱང་ནི་མི་ཤིགས་དང༌། །དངོས་པོ་མེད་པ་ཉིད་དང་ནི། །རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང༌། །དཔལ་ཆེན་ཡེ་ཤེས་ཡོངས་དག་དང༌། །ཐིག་ལེ་ཆེན་པོ་ཡོངས་དག་དང༌། །སངས་རྒྱས་ཀུན་གྱི་གསང་ཆེན་དང༌། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་དང༌། །བསྒོམ་པ་མེད་པ་ཉིད་དང་ནི། །རྗེ་བཙུན་མན་ངག་ཆེན་པོ་དང༌། །སྣ་ནས་རྣ་བར་འཕོ་བྱེད་དང༌། །ཉན་ཐོས་ཀྱིས་ནི་ཤེས་མིན་དང༌།། རང་སངས་རྒྱས་སོགས་མི་ཤེས་དང༌། །ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་དང་བརྗོད་མེད་སོགས། །དེ་ལ་མདོ་དང་རྒྱུད་རྣམས་ལས། །དེ་འདྲ་རྣམ་པ་མཐའ་ཡས་པ། །གསུངས་ཤིང་ཡང་དག་གསུང་འགྱུར་པ། །དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །དེ་བས་དད་པ་སྔོན་འགྲོ་བའི། །སེམས་ཀྱིས་ཆོས་ཀུན་དེ་བཞིན་ཉིད། །ཟབ་གསལ་གཉིས་མེད་དོན་ཆེན་པོ། །རིམ་པ་གཉིས་པ་དེ་ཁོ་ན། །བླ་མའི་གསུང་ནི་ཡང་དག་གཟུང༌། །དེ་བཟུང་གོང་མའི་རིམ་པ་ཡིས། །རྟག་ཏུ་གོམས་བྱེད་སྐྱེས་བུ་གང༌། །དེ་ལ་བརྟེན་པའི་རྟགས་སྐྱེས་ནས། །ས་ནས་སར་ནི་འཕར་བ་ལྟར། །དེ་ཡི་རྣམ་པ་གོང་དུ་འཕེལ། །རིག་འཛིན་ལ་སོགས་སྤྲུལ་པ་ཡིས། །གཞན་ནི་དོན་དེ་ལ་སྦྱོར་བྱེད། །དེ་ཡིས་བརྟན་འགྱུར་རྣལ་འབྱོར་པ། །སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །བདག་ཉིད་ཅན་ངེས་བསྒྲུབ་པའི་མཆོག །ཇི་སྐད་གསུངས་པ་བརྩམ་པར་བྱ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །མི་མོ་མིའམ་ཅི་མོའམ། །མཁའ་འགྲོ་མ་ལ་སོགས་པ་རྣམས། །རང་གི་ནུས་པས་བརྩམས་པར་བྱ། །སྨྱོན་པའི་བརྟུལ་ཞུགས་ལ་སོགས་པས། །ཟླ་དྲུག་སོགས་པར་རབ་ཏུ་འབད། །དེ་ཡིས་རྗེ་བཙུན་
ཡིད་མེད་པ། །དཔལ་ལྡན་སངས་རྒྱས་ཀུན་ངོ་བོ། །རྡོ་རྗེ་འཛིན་པ་ཐམས་ཅད་གནས། །ཆོས་ཀུན་དེ་བཞིན་ཉིད་ཟབ་པ། །སངས་རྒྱས་རྣམས་ཀྱི་བསྒྲུབ་བྱ་མཆོག །གོང་མའི་རིམ་པ་རྣལ་འབྱོར་པས། །འབད་པ་ཆེ་ཐང་རབ་བྱས་པས། །དེ་ལྟར་དེ་རུ་མཚན་ཉིད་ཀྱི། །ཚུལ་དུ་ཅུང་ཟད་རབ་གནས་པའི། །དགའ་དང་དགའ་བ་བར་མ་དང༌། །དགའ་དང་བྲལ་བའི་དུས་སུ་ཡང༌། །ཇི་བཞིན་གནས་པའི་དགའ་བ་གསུམ། །ཇི་སྐད་གསུངས་པ་ཐོབ་པར་འགྱུར། །དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དགའ་བ། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པས། །བྱ་བ་བྱས་པ་བྱེད་པ་བྱས། །དབང་ཕྱུག་ཆེན་པོ་ཁུར་ཆེན་བོར། །ཚེར་མ་དཀྲུགས་པ་ཐམས་ཅད་མཁྱེན། །སྐྱེས་བུ་དཔའ་བོ་ཅང་ཤེས་པ། །གླང་པོ་ཆེན་པོ་དུལ་བ་བོ། །འཁོར་བའི་མཐའ་ནི་ཕ་རོལ་སོན། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་རྣལ་འབྱོར་ཆེ། །ཐབ་སྤངས་པའམ་ལམ་ཀུན་རྫོགས། །ཡོན་ཏན་འབྱུང་གནས་ཀུན་དུ་བཟང༌། །ཐམས་ཅད་འདུས་པའི་དེ་ཁོ་ན། །སྐུ་སོགས་ཁམས་ཀུན་འགེངས་པའོ། །གོང་ན་མེད་པ་ཡང་དག་གནས། །དེ་ལྟར་དེ་སོགས་རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ཅད་དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ས་བཅུ་དང་ནི་རབ་ལྡན་པའི། །གོང་མའི་ལྷ་མོ་རྡོ་རྗེ་འཛིན། །དགེ་བ་བཅུ་གསུམ་ལ་གནས་པ། །སྐད་ཅིག་གིས་ནི་ཡང་དག་ཏུ། །སྒྲིབ་བྲལ་དེ་ཡིས་རྟོགས་པར་བྱེད། །ཕྲེང་བ་ཧ་ར་ནུ་པུར་སོགས། །མདོག་དང་ཀུ་ཙ་ལ་སོགས་པ། །པདྨ་བརྟགས་པའི་དགའ་ཤེས་པ། །དང་པོར་རབ་ཏུ་ཤེས་པར་བྱ། །ཥཛྫྲཱི་ནི་ཥཱ་ན་སོགས། །གླུ་དབྱངས་བསྟོད་དང་སིད་སྒྲ་ཡི། །སྙན་པའི་དབྱངས་ཀྱིས་དགའ་འགྱུར་བས། །གཉིས་པ་རུ་ནི་ཤེས་པར་བྱ། །ཙནྡན་ལ་སོགས་སྣ་ཚོགས་དྲིས། །ལུས་བྱུགས་ལྷན་ཅིག་
རྩེན་བྱེད་ཚེ། །དགའ་བ་ཡང་དག་ཐོབ་བྱེད་པ། །གསུམ་པ་རུ་ནི་ཤེས་པར་བྱ། །མ་མཆུ་སྦྲང་རྩིས་གཞིབ་བྱས་པས། །མགོར་གནས་བྱང་ཆུབ་སེམས་འཇུ་བས། །རོ་འཐུང་དགའ་བས་བདག་མཉེས་པས། །བཞི་པར་རབ་ཏུ་ཤེས་པར་བྱ། །ལུས་ལ་བྱུག་ཅིང་སྣ་ཚོགས་ཀྱི། །སྤྱོད་པས་རྩེན་ཚེ་རེག་བྱ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །ལྔ་བ་རུ་ནི་ཤེས་པར་བྱ། །དེ་ཡིས་ཡེ་ཤེས་རྣམ་པ་གསུམ། །རིག་པར་བྱེད་ཅིང་རང་གི་ཡིད། །ཡང་དག་དགའ་བར་རབ་བྱེད་པ། །དྲུག་པར་ཤེས་བྱ་རྣལ་འབྱོར་བས། །དེ་ཡི་ལུས་ནི་བདག་གི་ནི། །རྟེན་དུ་གནས་པ་སྲ་བ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །བདུན་པ་རུ་ནི་ཤེས་པར་བྱ། །དེ་ཡི་པདྨའི་ཟིལ་སོགས་དང༌། །བྱང་སེམས་རླན་གྱིས་རང་གི་སེམས། །རབ་ཏུ་དགའ་བར་བྱེད་པས་ན། །བརྒྱད་པར་རབ་ཏུ་ཤེས་པར་བྱ། །གསང་གནས་དྲོད་སོགས་ཚ་བ་ཡིས། །བདག་གི་ཡིད་ནི་ཡང་དག་པར། །དགའ་བར་བྱེད་པའི་མཆོག་ཡིན་པས། །དགུ་པ་རུ་ནི་ཤེས་པར་བྱ། །དེ་ནས་བསྐྱོད་པས་ཡེ་ཤེས་མེས། །ཕུང་པོ་ཁམས་སོགས་སྲེག་བྱེད་པས། །ཡིད་ནི་ཡང་དག་དགའ་འགྱུར་བས། །བཅུ་པར་རབ་ཏུ་ཤེས་པར་བྱ། །བཅུ་པོ་དེ་ཡིས་དང་པོ་དང༌། །ཕྱིས་ཀྱི་འབྲས་བུ་མཆོག་འགྱུར་བ། །གང་དུ་གསུངས་པ་རབ་ཐོབ་སྟེ། །དེ་བས་དེ་འདྲའི་དོན་ཆེན་ལ། །ཡང་དག་འཇུག་པར་མི་ནུས་པའི། །གདུལ་བྱ་རྣམས་ལ་བདེ་གཤེགས་ཀྱིས། །རབ་ཏུ་དགའ་སོགས་མཚན་ཉིད་དུ། །བསྟན་ནས་དེ་ཡི་དོན་ཞུགས་པས། །དེ་ཡིས་རྟོགས་ཀྱང་བླ་དང་བཅས། །དེ་ཉིད་དང་པོའི་རྣལ་འབྱོར་ལ། །རྟེན་དང་རྟེན་ཅན་དཀྱིལ་འཁོར་གྱི། །འཁོར་ལོ་རབ་ཏུ་བརྟན་བྱས་ནས། །དེ་ཞུགས་དེ་ལ་བརྟན་བྱས་པས། །རྟོགས་ཀྱང་དོན་འདི་མ་ཤེས་ན། །ཡང་དག་སངས་རྒྱས་མ་ཡིན་ནོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། ལྷག་པའི་ལྷ་ཞེས་བྱ་བ་ནི། །བཅུ་གསུམ་པ་ཞེས་བྱ་བར་བཤད། །དེ་ལྟར་རིམ་པ་གཉིས་པ་ཡི། །དེ་བཞིན་ཉིད་ནི་ཐབས་བཅས་པའི། །བདུད་རྩི་མཆོག་འདི་རྣལ་འབྱོར་གང༌། །འཐུང་བར་བྱེད་པ་སངས་རྒྱས་ཀྱི། །དེ་ཡི་སྲས་སུ་ངེས་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
གྲོགས། །རིག་པ་འཛིན་པའི་དཔོན་པོ་སྟེ། །མཁའ་འགྲོ་མ་ཡི་ཁྱོ་རུ་འགྱུར། །ཉན་ཐོས་རང་འདྲེན་རྣམས་ཀྱི་ནི། །འདྲེན་པར་བྱེད་པའི་གཙོ་བོ་སྟེ། །སེམས་ཅན་ཕལ་བའི་རྗེ་བཙུན་ནོ། །དེ་ལ་ཕྱོགས་བཅུ་ཁམས་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རིག་པའི་ལྷ་དང་ཁྲོ་བོ་སོགས། །མེ་ཏོག་ལ་སོགས་མཆོད་པར་བཅས། །ཞག་གཅིག་སྐྱ་རེངས་དང་པོ་དང༌། །ཕྱེད་ནི་དྲོས་པའི་དུས་ཉིད་དང༌། །ཆལ་ཆིལ་མཚམས་སུ་ནམ་མཁའ་ལས། །མཆོད་པ་བྱས་ནས་སྔགས་བརྗོད་ཅིང༌། །རང་གི་ཞིང་དུ་འགྲོ་བར་འགྱུར། །དེ་བས་དག་པའི་ལྷ་རྣམས་ཀྱང༌། །དེ་བཞིན་དུ་ནི་མཆོད་བྱེད་ན། །མ་དག་པ་ཡི་ལྷ་རྣམས་ནི། །དེ་ལ་ཅི་ཡི་ཕྱིར་མི་མཆོད། །སེམས་ཅན་ཕལ་པ་གཞན་གྱིས་ནི། །མེ་ཏོག་སྙིམ་པ་བཀང་ནས་ནི། །མགྲིན་པ་དམའ་བས་ཞབས་འདུད་ཅིང༌། །རྟག་ཏུ་བཀུར་བར་ཤིན་ཏུ་འོས། །དེ་ནི་སྐྱེས་བུ་རྐང་གཉིས་གཙོ། །ཀུན་མཁྱེན་རྣམས་ཀྱིས་བཞག་པ་སྟེ། །ཕྱིན་ལོག་ཁུར་ཆེན་པོར་བྱེད་པས། །མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང༌། །སྒྲུབ་པ་པོ་དེ་གླང་དང་འདྲ། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་ཀུན་སྤོང༌། །ཅིག་ཤོས་ལུས་ལ་ངག་ནས་ཕྱིར། །མཆོད་ཅིང་བརྗོད་པས་ལུས་རྣམས་ཀྱི། །སྒྲིབ་པ་དེ་ཡིས་དག་བྱེད་དོ། །རིམ་པ་གཉིས་འདིར་སྒྲུབ་པ་པོ། །རྩེ་གཅིག་པ་ཡིས་རྣམ་པར་གཟུང༌། །དེ་གཟུང་ཚེ་འདི་ཉིད་ལ་ཡང༌། །བརྟུལ་ཞུགས་ཆོ་ག་ཉིད་ཀྱིས་ནི། །ལྷ་མོས་རྐྱེན་ནི་རབ་བྱས་ཏེ། །ཕྱག་རྒྱ་ཆེན་པོ་རང་རྒྱུད་ལ། །འཕོ་བར་ཐེ་ཚོམ་མི་བྱའོ། །ད་ནི་རང་ཉིད་བྱིན་བརླབས་པའི། །རིམ་པ་འདི་ནི་རྣལ་འབྱོར་པ། །བྱ་བས་བསྐལ་བ་འགའ་ཞིག་ལ། །ཡང་དག་ཏུ་ནི་བཤད་པར་བྱ། །གང་ཞིག་བླ་མ་མཉེས་བྱས་ནས། །ངེས་གནང་དམ་སྔོམ་བཅས་པ་རུ། །བུམ་པ་ལ་སོགས་པ་ཐོབ་སྟེ། །བླ་མའི་ཞལ་ལས་རྙེད་པ་ཡི། །དེ་བཞིན་ཉིད་ནི་རབ་ཐོབ་ཅིང༌། །གསང་དང་མཆོག་ཏུ་གསང་རིགས་པས། །ཇི་སྐད་བཤད་པའི་བྱ་བ་ཡིས། །ཡང་དག་བསྒོམ་ནི་མི་ནུས་པས། །ཇི་བཞིན་པ་ཡི་དེ་ཁོ་ན། །རིམ་པ་འདི་
ཡིས་བསྒོམ་པར་བྱ། །གང་ཞིག་དུས་ནི་ཕྱི་ཞིག་ཀ་ལ། །འཆི་བའི་མཚན་མ་བདག་གིས་མཐོང༌། །འཆི་བར་གྱུར་པའི་དུས་བྱུང་ན། །ནད་ཀྱིས་ཡང་དག་མ་རྙོགས་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །དཔྲལ་བ་དང་ནི་ལྟེ་བ་དང༌། །སྤྱི་གཙུག་དང་ནི་མིག་དང་ནི། །རྣ་བ་དང་ནི་སྣ་དག་དང༌། །ཆུ་ཡི་གནས་དང་ཆུ་མིན་གནས། །ཁ་ཡི་གནས་དང་ཡེ་ཤེས་ཀྱི། །འགྲོ་འོང་གིས་ནི་རྟགས་ཤེས་བྱ། །དཔྲལ་བ་གཟུགས་ཀྱི་ཁམས་ཀྱི་ནི། །རྟགས་སྐྱེས་པ་རུ་ཤེས་པར་བྱ། །ལྟེ་བར་འདོད་ཁམས་ལྷ་རྣམས་ཀྱི། །རྟགས་བྱུང་དེ་རུ་སྐྱེ་བར་ངེས། །སྤྱི་གཙུག་གཟུགས་མེད་ཁམས་རྣམས་ཀྱི། །རྟགས་བྱུང་དེ་རུ་སྐྱེ་བར་འགྱུར། །རྣ་གཉིས་ཡེ་ཤེས་འཕོ་བ་ན། །གནོད་སྦྱིན་གནས་སུ་སྐྱེ་བར་འགྱུར། །སྣ་གཉིས་རིག་པ་འཛིན་པ་ཡི། །གནས་སུ་ངེས་པར་འགྲོ་བའོ། །མིག་གཉིས་མི་རྣམས་རྒལ་པོར་འགྱུར། །རྟགས་ནི་ཡང་དག་སྐྱེ་བར་འགྱུར། །ཁ་རུ་ཡེ་ཤེས་འཕོ་བ་ན། །ཡིད་དགས་རྟགས་སུ་ཤེས་པར་བྱ། །ཆུ་གནས་དུད་འགྲོ་རྣམས་ཀྱི་ནི། །རྟགས་སུ་ཡང་དག་རབ་ཤེས་བྱ། །ཆུ་མིན་བུ་གར་ཡེ་ཤེས་འགྲོ། །དམྱལ་བའི་རྟགས་སུ་ཤེས་པར་བྱ། །དེ་ལྟར་ཡེ་ཤེས་འཕོ་བ་ཡི། །རྣམ་པའི་ཆ་ནི་ཤེས་བྱས་ནས། །སྒྲོགས་པ་ལྔ་ཡི་ཡི་གེ་ཡིས། །སྟེང་གི་སྒོ་བདུན་དགག་པར་བྱ། །ཆུ་ཡི་སྒོ་རུ་སུཾ་གིས་དགག །ཆུ་མིན་ཀྵུཾ་གིས་དགག་པར་བྱ། །དེ་ལྟར་སྒོ་དགུ་བཀག་ནས་ཀྱང༌། །རིམ་པ་འདི་ཡིས་རང་སེམས་ཀྱི། །གནས་ནི་རབ་ཏུ་བཙལ་བྱས་པས། །དབྱིངས་ཉིད་དུ་ནི་ངེས་པར་འགྲོ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སུ། །རྣལ་འབྱོར་རྒྱུད་ཀྱིས་དཔྱད་པ་ལྟར། །རྣམ་པར་བསྒོམ་བྱས་ཡེ་ཤེས་སོ། །གོང་ན་མེད་པ་རྟོགས་པར་འགྱུར། །བདག་ཉིད་ཇི་སྐད་གསུངས་པ་བཞིན། །ལྷ་ཡི་ལུས་སུ་གྱུར་བྱས་པ། །ཆོས་ཀྱི་དབྱིངས་དང་རྣམ་ཤེས་དང༌། །བདག་ཉིད་སངས་རྒྱས་སྐུར་བྱས་པའི། །གནས་ནི་རིན་ཆེན་སྣ་ཚོགས་པའི། །ཁ་དོག་སྣ་ལྔས་རབ་བརྒྱན་པའི། །རྡོ་རྗེ་རྩེ་མོ་དགུ་པ་མཆོག །བདག་གི་སྤྱི་བོའི་སྟེང་དུ་ནི། །བསམས་ནས་དེ་རུ་རང་གི་སེམས། །རྡོ་རྗེ་དཀར་པོ་བཅུ་ཚལ་ཙམ། །རྩེ་ལྔ་བསམས་
ནས་བརྟག་པར་བྱ། །ཡར་གྱི་རྩེ་ལྔ་ཐབས་ལྔ་སྟེ། །དེ་བཞིན་མར་བལྟས་ཤེས་རབ་ལྔ། །དབུས་ཀྱི་བུམ་པ་རི་བོང་ཅན། །བསམས་ནས་དེ་རུ་ཡེ་ཤེས་ཆེ། །སེར་པོ་བྱང་ཆུབ་སེམས་འདྲ་བ། །འཛག་པའི་ངང་ཚུལ་དང་འདྲ་བ། །ཐིག་ལེ་ཙ་ན་ཀ་ཡི་འབྲུ། །ལྔ་འབྱོར་ཚད་དུ་བསྒོམ་པར་བྱ། །དེ་ནས་ཆོས་ཀུན་ཐམས་ཅད་ཀུན། །མེད་པར་བསམས་ནས་བདག་དམིགས་ཏེ། །བདག་ཀྱང་བདག་ལ་ཐིམ་བྱས་ནས། །སེམས་ཙམ་དེ་ཡང་མདའ་བཞིན་དུ། །སྤྱི་བོར་རྡོ་རྗེ་འོག་ཆ་ཡི། །སྦུ་གུར་ཞུགས་ནས་ཐིག་ལེར་ཐིམ། །དེ་ནི་དེ་བཞིན་གཤེགས་པ་རྣམས། །ལྷ་མོ་རྣམས་ཀྱི་རང་བཞིན་གྱི། །གནས་སུ་ཤེས་པར་རབ་ཏུ་བྱ། །དེ་ནི་གདོད་ནས་གྲུབ་པའི་གཟུགས། །དེ་རུ་ཤེས་པར་བཞུགས་པ། །སེམས་དེ་ཡང་དང་ཡང་དུ་གཟུང༌། །དེ་ལས་སེམས་དེ་ཡར་བ་ལྟར། །རྡོ་རྗེ་རྩེ་དགུ་སྟེང་ཆ་ཡི། །སྦུ་གུར་བྱུང་ནས་སྣ་ཚོགས་ཀྱི། །པདྨར་ཟླ་བ་གནས་པ་ལ། །རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །མཚན་དང་དཔེ་བྱད་ཀུན་བརྒྱན་པ། །རྒྱན་ཀུན་བརྒྱན་པའི་ན་བཟའ་དང༌། །བྲལ་ནས་ཤིན་ཏུ་གསལ་དམིགས་ཏེ། །དེ་གཉིས་མེད་པའི་སྦྱོར་བ་ཡིས། །བྱིན་རླབས་ལས་བྱུང་འཁོར་ལོ་ཆེ། །རྣམ་པར་འཕྲོ་ཞིང་འདུ་བར་བསམ། །དེ་ལྟར་རྣམ་པར་བསྒོམ་པ་མཆོག །ཡང་དང་ཡང་དུ་ཅི་ནུས་བསྒོམ། །བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེལ་བར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གིས། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས་རབ་བསྒོམས་ན། །ལུས་ཅན་རྣམས་ནི་ཡིད་ནི་སྦྱོང༌། །ཆོ་ག་འདི་ཡིས་སེམས་ཅན་གང༌། །
མཚམས་མེད་བྱེད་ཅིང་རྨོངས་པ་ཡི། །སྐྱེ་བོ་བྲམ་ཟེ་གསོད་པ་ཡང༌། །དེ་ཡིས་མི་འགྲུབ་ཅུང་ཟད་མེད། །དེ་བས་བཀའ་ལུང་རབ་ཐོབ་ནས། །དམ་སྔོམ་རྣམ་པར་བསྲུང་བྱས་ཏེ། །སྐུ་གསུམ་འགྲུབ་པར་ཐེ་ཚོམ་མེད། །གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །དེ་ལྟར་རྣམ་པ་གསུམ་གྱིས་ནི། །དངོས་གྲུབ་དེ་ནི་བསྒོམ་པ་བཤད། །གང་ཞིག་འདི་ནི་མ་རྟོགས་པར། །གསང་བ་སྨྲ་བར་བྱེད་པ་ནི། །དེ་ནི་ང་དང་དེ་བཞིན་གཤེགས། །ནམ་ཞིག་དེ་ལ་སྦྱར་བྱས་པས། །བྱིན་གྱིས་རློབ་པར་མི་བྱེད་དོ། །འདི་ནི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །བསྒྲུབ་པ་གཞན་ལ་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །འདི་དོན་རྣ་བར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཡང༌། །གནས་པ་རབ་ཏུ་བཤད་པ་ཡིན། །བརྒྱུད་པའི་རིམ་པ་འདི་ཆད་ནས། །སངས་རྒྱས་བསྟན་པ་ནུབ་པ་རུ། །ཀུན་གྱིས་རབ་ཏུ་ཤེས་པར་བྱ། །དེ་བས་ཁྱོད་ཀྱི་ཡིད་གཅིག་ཏུ། །ཡང་དག་བསྡུས་ལ་མ་འོངས་པའི། །གང་ཟག་སྔོན་དུ་ཚོགས་བསྐྱེད་པའི།། སྐལ་ལྡན་འགའ་ལ་རྣམ་པར་བརྒྱུད། །སིམ་བྱེད་འདི་ལ་སྦྱོར་དུ་ཆུག །འདི་སྦྱོར་འདི་ནི་ཡང་དག་པའི། །རྣལ་འབྱོར་པ་རུ་ཤེས་པར་བྱ། །ཁྱོད་ཀྱང་ཟས་ཀྱི་སྤྱོད་པ་དང༌། །ང་ལ་ཅུང་ཟད་འཁྲུལ་རྟོགས་པས། །ཁྱོད་ཀྱིས་ཚེ་འདི་ཉིད་ལ་ནི། །གཟུགས་བཅས་པུང་པོ་རང་ལུས་ནི། །གནས་ནི་ཡང་དག་མི་འགྱུར་ཏེ། །རྣམ་པར་ཤེས་པ་མི་ཤིགས་པ། །ཕྱག་རྒྱ་ཆེན་པོར་རབ་ཏུ་འགྲུབ། །དེ་བས་ཁྱོད་ཀྱིས་ཡང་དག་བློས། །སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་ལས་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །འདི་ཡི་རིམ་པ་དང་པོ་ཡི། །སྒྲུབ་པའི་ཐབས་དང་སྦྱིན་སྲེག་དང༌། །གཏོར་མ་སྣ་ཚོགས་འཁོར་ལོ་དང༌། །བསྡུས་པ་དང་ནི་རྣམ་བཤད་དང༌། །དཀྱིལ་འཁོར་ཆོ་ག་ལ་སོགས་པ། །མི་ཤེས་མུན་བསྒྲིབས་སེམས་ཅན་གྱི། །ཐུར་མ་ལྟ་བུར་བརྩམ་པར་གྱིས། །དེ་བས་མ་འོངས་
རྣལ་འབྱོར་ཆེས། །འདི་ཤེས་བླ་མ་རབ་མཉེས་ཏེ། །ཡང་དག་འདོད་པས་བླངས་བྱས་ནས། །སེམས་ནི་དེ་ནས་སྦྱང་བར་བྱ། །སེམས་ནི་ཀུན་རྟོགས་རྣམ་སྤངས་ནས། །དེ་སྦྱོར་དེ་ལ་རིག་པ་སྐྱེ། །རིག་པ་སྐྱེས་ནས་རྡོ་རྗེ་འཛིན། །ང་གྲུབ་པས་ན་སངས་རྒྱས་དང་། །ཕ་རོལ་ཕྱིན་དང་གཟུངས་རྣམས་དང༌། །ས་རྣམས་ཐམས་ཅད་བདེ་ཆེན་པོ། །རྗེས་ལས་ཡང་དག་འགྲུབ་པར་འགྱུར། །ཐམས་ཅད་བདེ་ཆེན་ལས་བྱུང་ཕྱིར། །དེ་བསྒོམས་ཅི་ཕྱིར་དེ་མི་འབྱུང༌། །དེ་བས་རབ་ཏུ་འབད་པ་ཡིས། །མཆོག་གི་དེ་ཉིད་རབ་གསང་གསང༌། །སྨོན་ལམ་གྱིས་ཀྱང་ཐ་ན་འགྲུབ། །བསྒྲུབ་པ་ལ་ནི་ཤིན་ཏུ་འབད། །ཨ་ལ་ལ་ཧོ། །དེ་ལྟར་རོལ་པའི་གར་བཅས་སྒྲ་བརྙན་ལྟ་བུ་རྡོ་རྗེའི་གླུ། །འཁོར་ལོར་བཅས་པས་དེ་ཉིད་གླུ་བླངས་བདག་ལ་བསྟོད་ཅིང་དེར། །ནམ་མཁའི་ཁམས་སུ་སྤྲིན་རྣམས་མེད་པ་ལྟ་བུར་ཐིམ་པར་གྱུར། །དགེ་སློང་བླ་མ་གཉིས་བཅས་དེ་ཡང་དེ་བཞིན་མི་སྣང་གྱུར། །རྡོ་རྗེ་གདན་གྱི་རྒྱབ་ནས་རྒྱང་གྲགས་ལྔ་བཅུ་སོང་བའི་སར། །པརྦ་ཏ་ཡི་ཕུག་ལ་བརྟེན་ཏེ་སེམས་ཅན་དོན་བྱའི་ཕྱིར། །འདི་བསྡུས་རབ་ཏུ་བྱེད་པ་ཐམས་ཅད་རྩོམ་དང་སྟོན་སོགས་བྱས། །དམ་པས་གསོལ་བརྒྱ་ཆེན་བཏབ་པས་བདག་ནི་ཤིན་ཏུ་བྲོད། །དེར་གནས་འཁོར་བཅས་རྣམས་ཀྱིས་ཡོ་བྱད་གོས་ཟས་ནོར་གྱི་མཛོད། །མཆོད་པའི་ཡོ་བྱད་རྒྱ་ཆེན་སྣ་ཚོགས་འཁོར་ལོ་བྱ་བ་རྣམས། །ས་བཅུའི་བྱང་ཆུབ་སེམས་དཔར་གྱུར་པ་མཛོད་སྲུང་གནོད་གནས་ཆེ། །ཉིན་རེ་ཀཱཪྵཱ་པ་ཎ་བདུན་བརྒྱས་རྟག་ཏུ་རབ་ཏུ་སྦྱོར། །དེ་ནས་བླ་མ་ཆེན་པོ་བཱ་ལི་པཱ་ངའི་དྲུང་དུ་བགྲོད། །བདག་གིས་བླ་མ་དེ་ཡང་མཉེས་བྱའི་ཕྱིར་ན་སྒྲུབ་པའི་ཐབས། །ཅུང་ཟད་བསྡུས་པས་དེ་རུ་བླ་མ་ལ་སོགས་ཀུན། །མཉེས་པར་བྱས་ཏེ་སྔོན་གནས་བགྲོད་གནས་སྐལ་ལྡན་དོན་འགའ་བྱས། །དེ་བས་དེ་ལྟར་ཀུན་གྱིས་གཏམ་རྒྱུད་རྒྱས་བར་ཤེས་བྱས་ཏེ། །མཁས་པའི་གཟུ་བོད་མ་པ་ཐབས་ཀུན་གྱིས་ནི་མཉེས་བྱ་སྟེ། །དེ་ཡི་ལུང་ལ་རབ་ཏུ་བྱེད་སོགས་མཉན་དང་བསམ་པར་བྱ། །དེ་ལ་རབ་བརྟེན་དགོན་སོགས་རབ་ཏུ་བརྟེན་བྱས་རང་གི་སེམས། །དེ་ཉིད་བསྒོམས་པས་ཇི་བཞིན་རབ་ཏུ་རྟོགས་པར་བྱས་པ་ཡིས། །ཚེ་འདི་ཉིད་
ལ་ཟླ་བ་དྲུག་གིས་བྱང་ཆུབ་ཐོབ་པ་འདི་ནི་སུ་ཡིས་བཟློག །བདུད་རྩི་མཆོག་འཐུང་འདི་ནི་སེམས་ཅན་ཀུན་གྱིས་བཀུར་བའི་གནས། །སེམས་ཅན་དེ་ལ་རྡོ་རྗེ་འཆང་དང་བདེ་གཤེགས་ཀུན་གྱིས་བསྔགས། །དེའི་ཕྱིར་ལོག་བའི་སྒྲིབ་པ་ཐམས་ཅད་ས་བོན་ཉམས་བྱས་ཏེ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མི་གོས་པད་བཞིན་རྟག་ཏུ་གནས། །དེ་རུ་མ་ཐོབ་ལན་གྲངས་གཞན་ལ་ཡང་དག་མྱོང་བ་ཡིས། །འབྲས་བུ་སྨིན་བྱེད་སྔགས་པའི་ཡིད་ལ་ཡང་དག་འབྱུང་བ་ཡི། །དངོས་གྲུབ་རྒྱ་ཆེན་ཐོབ་ནས་གང་གཱའི་བྱེ་སྙེད་དཔག་མེད་ཀྱི། །འཁོར་གྱིས་བསྐོར་ནས་འཇིག་རྟེན་ཁམས་ཀུན་ཐམས་ཅད་རབ་ཏུ་བགྲོད། །དེ་བས་ཆུ་འཁོར་དྲག་པོ་ཁར་ལྷུང་ལྟར། །ལུས་དང་ངག་དང་སེམས་ཀྱིས་བརྩོན་འགྲུས་བསྐྱེད། །རིམ་པར་སྔོན་བཞིན་རབ་ཏུ་བསྒྲུབ་པར་བྱ། །དལ་འབྱོར་ལུས་འདི་ཤིན་ཏུ་གཡོ་སླ་བས། །ཇི་ལྟར་རླུང་གིས་མར་མེ་གསོད་པ་ལྟར། །སྐད་ཅིག་ཙམ་དུ་མི་སྡོང་དུས་འདའ་བྱེད། །དེ་བས་འདིར་ནི་ཆུད་གསན་མི་བྱ་སྟེ། །དངོས་ཀུན་དེ་ཉིད་མཆོག་ཆེན་རབ་བསྒོམ་བྱ། །དེ་ཉིད་སྤྱོད་པ་འདི་ལ་བློ་ངེས་པས། །ཇི་སྐད་བ་ཤད་བཞིན་རབ་ཏུ་འགྱུར་བས་ན། །སེམས་ནི་ཡང་དག་བརྟེན་པར་གྱིས་ཤིག་ཅེས། །བདག་ནི་སེམས་ཅན་རྣམས་ལ་གསོལ་བ་འདེབས། །གང་གི་ཕྱིར་ན་འདི་ནི་གསང་བས་ན། །བདག་གིས་གསལ་བར་མ་བྱས་ཅི་ཡོད་པ། །དེས་ན་དེ་ཤེས་བླ་མ་ཡང་དག་པར། །མཉེས་བྱས་དེ་ཉིད་འདོད་པས་ཡང་དག་ལོང༌། །འདི་ནི་རྣལ་འབྱོར་སྤྱོད་པས་ཡང་དག་སྤྱོད་པ་ལ། །སྙིང་པོའི་སྙིང་པོ་འབྲས་གསོལ་ཡང་དག་སྤྱོང༌། །མཐའ་ཡི་ཕར་སོན་བླ་ཆེན་ཡོན་ཏན་མ་ལུས་གཏེར། །དེ་ལས་འདི་ནི་ཡང་དག་ཞལ་རྙེད་བྱས། །དེ་བས་རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་དོན་རྣམས་ནི། །མི་འཚམ་པར་ནི་སྣང་ཡང་ཉི་མའི་དཔེས། །རང་དང་གཞན་གྱི་དོན་བྱེད་ནུས་པས་ན། །རྣལ་འབྱོར་འགས་ནི་ཤིན་ཏུ་འབད་ དགོས་སོ། །ཐེ་ཚོམ་སོམ་ཉི་མེད་པར་དད་པ ་ཡིས། །འདི་དོན་གྲུབ་པས་ཡང་དག་བླང་བྱས་ནས། །ཤེས་རབ་ཀྱིས་ནི་ཡང་དང་ཡང་དུ་རུང༌། །དཔྱད་པས་བདག་ལ་གཉིས་མེད་ཡེ་ཤེས་ཆེ། །ཆུ་གཙང་ནང་དུ་ཟླ་བའི་དཀྱིལ་འཁོར་ལྟར། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མ་བྱེད་ཅིག །འདི་ནི་རང་བཞིན་གྲུབ་པའི་མན་ངག་
ལས། བརྒྱུད་པའི་བླ་མ་ཡང་དག་རབ་བསྟེན་དང༌། །རང་གི་བསོད་ནམས་ཚོགས་ནི་སྔོན་བསྐྱེད་པས། །རྟོགས་པར་རབ་ཏུ་འགྱུར་བ་མ་རྟོགས་པར། །བསོད་ནམས་ཆུང་བའི་མི་ཡིས་བསྐལ་བ་དཔག་མེད་པར། །འདི་ནི་རྟོགས་པར་མི་འགྱུར་འདི་དོན་མ་རྟོགས་ན། །རྣལ་འབྱོར་ཆེན་པོ་ཞེས་བྱ་དེ་ལ་མི་བྱའོ། །དེ་ལྟར་རབ་ཏུ་ཤེས་པར་བྱས་ནས་སུ། །རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་བ་གསུམ་དུ་ཡང༌། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་སྒོམ། །དད་དང་བརྩོན་འགྲུས་ཏིང་འཛིན་ཤེས་རབ་དང༌། །དྲན་པའི་བློ་ཡིས་གོང་གི་རིམ་པ་ལྟར། །ཡིད་དགའི་གནས་བརྟེན་ཀུན་དུ་བཟང་པོ་མཆོག །ལམ་འདི་བསྒོམ་པར་བྱ་འཁོ་ནའོ། །དེ་ལྟར་ཞལ་གྱི་ལུང་བསྡུས་ལས་བྱུང་དགེ་བ་དྲི་མེད་པ། །ཁ་བ་ཟླ་བའི་འོད་ལྟར་རབ་ཏུ་དཀར་བ་དེ་ཡིས་ནི། །འདི་དོན་མ་འོངས་འགྲོ་བ་སྐལ་ལྡན་དགའ་དང་ཕྲད་གྱུར་ནས། །རབ་ཏུ་དང་བའི་དད་པས་ལེན་ཅིང་འདི་མཆོག་རབ་བསྒོམ་ཤོག །བླུགས་དང་གཏོར་དང་དག་པར་བྱས་པས་སློབ་དཔོན་ཆེར་འགྱུར་ཏེ། །ཐམས་ཅད་ཀུན་གྱི་རྒྱུད་འཛིན་གཞན་རྣམས་རྒྱུད་ཀུན་ལ་སྦྱོར་བའི། །དང་པོའི་རིམ་པ་རབ་རྟོགས་དྲི་མ་རྣམས་ནི་དག་བྱས་ཏེ། །ཡེ་ཤེས་སྒྱུ་མའི་སྣོད་དུ་རུང་བར་རྣལ་འབྱོར་དེ་འགྱུར་ཤོག །སྙིང་རྗེ་ལྡན་པའི་བླ་མའི་ཞབས་ལ་གུས་པར་རབ་ལྡན་པས། །རི་བོང་འཛིན་པའི་གཟུགས་ཀྱིས་རང་རྒྱུད་རབ་ཏུ་སྨིན་བྱས་ཏེ། །ཞིང་དག་བྱས་པས་ཆོས་ཀུན་སྒྱུ་སོགས་དོན་དུ་རབ་རྟོགས་ནས། །བྱམས་པ་ལ་སོགས་བཞིན་དུ་སེམས་ཅན་ཀུན་གྱིས་འགྲོ་བར་ཤོག །ལྷན་ཅིག་བྱེད་པས་བྱིན་བརླབས་རྗེ་བཙུན་ཐུགས་རྗེ་ཆེན་པོ་ཡིས། །དགའ་བ་རྙེད་པས་ཆོས་ཀུན་དག་པའི་ངོ་བོ་ཆེན་པོ་མཆོག །ཇི་བཞིན་གནས་པའི་དོན་ལ་མི་སླུ་བཅུ་དྲུག་ཐིག་ལེ་ཆ། །ངལ་སོ་ལས་ཐོབ་མན་ངག་ཆེན་པོ་རབ་ཏུ་རྙེད་པར་ཤོག །དེ་རྙེད་དེ་ལ་སེམས་ནི་ཡང་དག་རབ་ཏུ་མགུ་གྱུར་ནས། །མགྲིན་པ་དམའ་བས་བརྟགས་ནས་རང་རིག་ཆོས་ཀྱི་སྐུ་ནི་ཡང་དག་ཐོབ། །སྐུ་དང་གསུང་དང་ཐུགས་དང་དཔག་
མེད་སྤྲུལ་པའི་གཟུགས་ཀྱིས་ནི། །ཁམས་གསུམ་བཀང་ནས་སེམས་ཅན་ཐམས་ཅད་སྲིད་ལས་སྒྲོལ་བར་ཤོག །རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ཞལ་གྱི་ལུང༌། །དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་ལྷ་སངས་རྒྱས་དཔལ་གྱི་ཡེ་ཤེས་ཞབས་ཀྱིས་བསྡུས་པ། ཞལ་ནས་ཞལ་དུ་བརྒྱུད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་གུ་ཧྱ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།