འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་པ།
རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་བྲྀཏྟི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཉིས་མེད་གཉིས་སྣང་ཆོས་རྣམས་ཀྱི། །དང་པོའི་སངས་རྒྱས་ནང་གནས་པ། །སྲིད་དང་མྱ་ངན་འདས་འཁོར་ལོའི། །དབང་ཕྱུག་ཡེ་ཤེས་སྐུར་བཏུད་ནས། །གང་གིས་ཟབ་མོའི་རིམ་པ་འདི། །ཡོངས་སུ་ཉམས་པར་མི་འགྱུར་བར། །མཚན་བརྗོད་ལ་ནི་གུས་པ་ཡིས། །བླ་མའི་གདམས་པས་རྣམ་པར་དབྱེ། །དེ་ལ་བརྗོད་པར་བྱ་བ་ནི་གང༌། དགོས་པ་དང་དགོས་པའི་དགོས་པ་ནི་གང༌། འབྲེལ་པ་ནི་གང་ཡིན་ཞེ་ན། རྟེན་དང་བརྟེན་པའི་དབྱེ་བ་ཐ་དད་པ་སྐུ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་འཇམ་དཔལ་ནི་རྒྱུད་ཀྱི་བརྗོད་པར་བྱ་བ་ཡིན་ནོ། །བསྟན་པ་ནི་དགོས་པའོ། །འཇིག་རྟེན་དང་ཐུན་མོང་དང༌། མཆོག་གི་དངོས་གྲུབ་ནི་དགོས་པའི་དགོས་པའོ། །འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཤཱཀྱ་
ཐུབ་པ་སྤྲུལ་པར་བཞེད་པ་རྫོགས་ལྡན་གྱི་དུས་སུ་གཙང་མའི་གནས་དང་འབྲེལ་པའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང༌། རིག་པའི་ལྷ་མོ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་རྣམས་དང༌། བྲན་ཕོ་དང༌། བྲན་མོ་དང༌། ཕོ་ཉ་དང༌། ཕོ་ཉ་མོ་དང༌། ཕྱག་བརྙན་དང༌། ཕྱག་བརྙན་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐོག་མ་དང་ཐ་མ་དང༌། བར་དུ་དགེ་བ་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་དྲུག་ཅུ་བ་གསུངས་པའི་རྗེས་ལ་ཏིང་ངེ་འཛིན་དྲ་བའི་ལེའུ་གསུངས་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཡང་སྦྱོར་བ་དང་དངོས་གཞི་དང་རྗེས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་སྦྱོར་བ་ལ་བཞི་སྟེ། ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་བཏབ་པ་དང༌། ཚིགས་བཅད་དྲུག་གིས་སྐབས་དབྱེ་བ་དང༌། ཚིགས་བཅད་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པ་དང༌། སྔགས་དང་བཅས་པའི་ཚིགས་བཅད་གསུམ་གྱིས་འཁོར་ལོ་དྲུག་བསྐྱེད་པའི་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པ་བསྟན་པའོ། །འདིར་ཡང་གསོལ་བ་འདེབས་པ་ནི་མི་བསྐྱོད་པའི་སྤྲུལ་པ་ཁམས་གསུམ་རྣམ་པར་རྒྱལ་བ་དང་སྡུད་པ་པོ་ལྕང་ལོ་ཅན་གྱི་ཕྱག་ན་རྡོ་རྗེས་རེ་ཞིག་དང་པོར་གསོལ་
བ་འདེབས་བའི་དབང་དུ་བྱས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་དུ་རིགས་དྲུག་གི་འཁོར་ལོ་སྤྲུལ་པའི་རྗེས་ཐོགས་ལའོ། །གང་གིས་གསོལ་བ་འདེབས་ཤེ་ན། དཔལ་ལྡན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི། མི་བསྐྱོད་པའི་རིགས་ཡིན་པའི་ཕྱིར་རོ། །གདུལ་དཀའ་བ་ནི་ལྷ་ལ་སོགས་པ་སྟེ། དབང་ཕྱུག་ཆེན་པོ་དང༌། ཁྱབ་འཇུག་དང༌། ཚངས་པ་དང༌། གཞོན་ནུ་གདོང་དྲུག་དང༌། བརྒྱ་བྱིན་དང༌། གཟའ་རྣམས་ལ་ཉི་མ་དང༌། ཟླ་བ་དང༌། སྤེན་པ་དང༌། མིག་དམར་དང༌། རྟག་ཏུ་མྱོས་ནས་གླང་སྣ་དང། རྡོ་རྗེ་ཕྲེང་བ་དང༌། རྒྱལ་བ་དང༌། རྣམ་པར་རྒྱལ་བ་དང༌། ས་ལ་གནས་པ་ལས་མེ་དང༌། རླུང་དང༌། ས་བདག་དང༌། གནོད་སྦྱིན་དང༌། ས་འོག་པ་རྣམས་ལས། ཕག་དང་གཤིན་རྗེ་དང༌། བགེགས་ཀྱི་གཙོ་བོ་དང༌། ཆུ་རྣམས་འདུལ་བར་མཛད་པའོ། །མཆོག་ནི་འཁོར་རྣམས་ལས་གཙོ་བོར་གྱུར་པས་སོ། །དཔའ་བོ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་བདག་པོ་ཡིན་པར་བསྟན་ཏོ། །འཇིག་རྟེན་གསུམ་ལས་རྒྱལ་ནི་ས་འོག་དང་ས་སྟེང་དང༌། བར་སྣང་གི་འཇིག་རྟེན་གསུམ་ལས་རྒྱལ་པའོ། །རྡོ་རྗེ་ནི་མི་བསྐྱོད་པའི་རིགས་ཏེ། དེ་རྣམས་ཀྱི་དབང་ཕྱུག་གོ །གསང་བའི་རྒྱལ་ནི། དབང་བསྐུར་བའི་མཚན་མ་འཛིན་པས་ན་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན་ནི། སྤྱན་གྱི་ཕྱག་རྒྱའི་སྒོ་ནས་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བསྟན་ཏོ། །པདྨ་རྒྱས་འདྲའི་ཞལ་མངའ་བ་ནི། ཞལ་གྱི་ཕྱག་རྒྱའི་སྒོ་ནས་དོན་ཡོད་གྲུབ་པའི་རང་བཞིན་དུ་བསྟན་ཏོ། །རང་གི་ལག་གིས་རྡོ་རྗེ་མཆོག་ནི་ཕྱག་རྒྱའི་སྒོ་ནས་སོ། །ཡང་ནས་ཡང་དུ་གསོར་བྱེད་པ་ནི་རྣམ་པར་སྣང་མཛད་ལ་མཆོད་པའོ། །སུ་དང་ལྷན་ཅིག་ཏུ་ཞེ་ན། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་གཙོ་བོར་གྱུར་པ་གང་ཡིན་བ་དེ་ནི་རྡོ་རྗེ་གཙུག་ཕུད་དང༌། རྡོ་རྗེ་གཙུག་ཏོར་དང༌། རྡོ་རྗེ་མཛོད་སྤུ་དང༌། རྡོ་རྗེ་རིགས་མཆོག་དང༌། འདོད་པའི་རྒྱལ་པོ་དང༌། གཤིན་རྗེ་གཤེད་དང༌། རྡོ་རྗེ་སྐེ་རགས་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། རྡོ་རྗེ་ཞགས་པ་དང༌། རྡོ་རྗེ་ཀཱི་ལི་ཀཱི་ལ་དང༌། རྡོ་རྗེ་སྙེམས་པ་དང༌། རྡོ་རྗེ་འཆིང་བ་དང༌། རྡོ་རྗེ་ཁུ་ཚུར་དང༌། རྡོ་རྗེ་སྡེ་དང༌། རྡོ་རྗེ་སྤྱི་གཙུག་དང༌། རྡོ་རྗེ་རབ་ཏུ་
འདུད་པ་དང༌། རྡོ་རྗེ་སྲུང་བ་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་ལྕགས་སྒྲོག་དང༌། རྡོ་རྗེ་རྣོན་པོ་དང༌། རྡོ་རྗེ་ཤུགས་ཏེ་ཉི་ཤུ་རྩ་གཅིག་གོ །རང་རང་གི་འཁོར་མཐའ་ཡས་པས་ན། ལག་ན་རྡོ་རྗེ་མཐའ་ཡས་པའོ། །དཔའ་བོ་དེ་རྣམས་ཀྱང་གཙོ་བོ་བཞིན་དུ་གདུལ་དཀའ་བའོ། །གདུལ་བྱའི་བསམ་པའི་དབང་གིས་འཇིགས་སུ་རུང་བ་དང་དཔའ་བྱད་ཅན་ཏེ། དཔའ་བ་དང༌། མི་སྡུག་པ་དང༌། འཇིགས་སུ་རུང་བ་དང༌། དཔའ་བྱད་ཅན་གྱི་ཉམས་བཞི་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ་ནི་གསོལ་བ་འདེབས་པའི་རྗེས་སུ་འཇུག་པས་རྡོ་རྗེ་བྱེ་བ་སྤྲོས་ནས་སངས་རྒྱས་ལ་མཆོད་པ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་གསོལ་བ་འདེབས་ཤེ་ན། སྙིང་རྗེ་ཆེ་དང་ཤེས་རབ་ལ་སོགས་པའོ། །ཐབས་ཀྱིས་ཞེས་བྱ་བ་ནི་ཞི་གནས་སོ། །འགྲོ་བའི་དོན་བྱེད་པ་ནི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་བོ། །སྤྱོད་ལམ་ཇི་ལྟ་བུ་ཞེ་ན། དགའ་མགུ་རངས་པའི་བསམ་པ་ཅན་དང་ངོ༌། །འགྲོ་བའི་དོན་བྱེད་པ་དང་རྗེས་སུ་འཇུག་པ་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་རིམ་གྱིས་སམ། སྙིང་རྗེ་ཆེན་པོ་དང༌། ཤེས་རབ་དང་ཐབས་ཀྱི་རྗེས་སུ་འཇུག་པས་ན་དགའ་མགུ་རངས་པའི་བསམ་པ་ཅན་ནོ། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་ནི་སྔ་མ་བཞིན་ནོ། །ཁྲོ་བོའི་གཟུགས་དང་ལྡན་པའི་འབྲས་བུ་ནི་སངས་རྒྱས་ཕྲིན་ལས་བྱེད་པའི་མགོན་ཏེ། སངས་རྒྱས་ཀྱི་བཀའི་རྗེས་སུ་འཇུག་པའི་ཕྱིར་རོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ་ནི་ཕྱག་འཚལ་བའི་ཡང་གཙོ་བོའི་རྗེས་སུ་འབྲངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཕྱག་འཚལ་ཞེ་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལའོ། །ཅི་ཞིག་བྱས་ནས་ཤེ་ན། ཕྱག་འཚལ་ནས་ཏེ། ཕྱོགས་བཞི་ནས་བྱ་ཞེས་བྱ་བའི་དོན་ཏོ། །ཐལ་མོ་སྦྱར་ནས་ཞེས་བྱ་བས་གསོལ་བ་འདེབས་པའི་སྦྱོར་བ་བསྟན་ནས། གསོལ་བ་གདབ་པ་དངོས་ནི། ཁྱབ་བདག་བདག་ལ་སྨན་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་པ་ནི་མངོན་པར་མཐོ་བའོ། །བདག་དོན་ནི་ངེས་པར་ལེགས་པའོ། །ཐུགས་བརྩེའི་ཕྱིར་ནི་ཕན་པའི་དོན་ལ་རབ་ཏུ་སྦྱོར་བའོ། །དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཕྱི་རོལ་དུ་དཀྱིལ་འཁོར་དྲུག་སྤྲུལ་
པའི་སྒྱུ་འཕྲུལ་དྲ་བ་དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་མངོན་སུམ་དུ་མཛོད་ཅིག་པའོ། །རང་གི་དོན་འབའ་ཞིག་མ་ཡིན་པར་བསྟན་པ་ནི། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་བྱ་བ་སྟེ། ཀུན་འབྱུང་བའི་བདེན་པའི་ནང་དུ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །མི་ཤེས་འདམ་དུ་བྱིང་བ་ཡི། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའོ། །སྨན་པ་ནི་འཇིག་རྟེན་དང་ཐུན་མོང་གི་དངོས་གྲུབ་པོ། །བླ་མེད་འབྲས་བུ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་སྣང་མཛད་དོ། །སྟོན་པ་ནི་མི་བསྐྱོད་པ་སྟེ་མེ་ལོང་ལྟ་བུའི་ཡིན་པའི་ཕྱིར་རོ། །འགྲོ་བའི་བླ་མ་ནི་ཅོད་པན་གསོ་བ་བས་ན་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཛིན་པ་སྟེ་མི་འདའ་བས་སོ། །དེ་ཉིད་མཁྱེན་པ་ནི་སྣང་བ་མཐའ་ཡས་ཏེ་སོ་སོར་རྟོག་པས་སོ། །དབང་པོ་བསམ་པ་མཁྱེན་མཆོག་ནི་དོན་ཡོད་གྲུབ་པ་སྟེ་བྱ་བ་ནན་ཏན་གྲུབ་པས་སོ། །ཡུལ་གང་ལ་གསོལ་བ་འདེབས་ཤེ་ན། ཡེ་ཤེས་སྐུ་ནི་མེ་ལོང་ལྟ་བུའོ། །གཙུག་ཏོར་ཆེན་པོ་ནི་མཉམ་པ་ཉིད་དོ། །ཚིག་གི་བདག་པོ་ནི་སོ་སོར་ཀུན་དུ་རྟོག་པའོ། །ཡེ་ཤེས་སྐུ་ནི་བྱ་བ་ནན་ཏན་ནོ། །རང་བྱུང་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་བྱ་བར་སྦྱར་རོ། །གང་འདིར་འཁོར་གྱི་མིང་བརྗོད་པ་དེ་ལྟ་ན་ཡང་སྟོང་པ་ཉིད་བསྒོམ་པ་ལ་སོགས་པ་རྒྱུར་གྱུར་པ་ནི་འབྲས་བུའི་གནས་སྐབས་ན་ཡང་ཡོངས་སུ་རྫོགས་པ་རྡོ་རྗེ་སྒེག་མོ་ལ་སོགས་པས་ཀྱང་དེ་ཉིད་བརྗོད་པ་ཡིན་པས་མི་འཐད་པ་ནི་ཅུང་ཟད་ཀྱང་མེད་དོ། །དོན་ཟབ་པ་ནི་དོན་ཟབ་པའི་བདེན་པ་ལ་འཇུག་པའོ། །རྒྱ་ཆེ་བ་ནི་ཀུན་རྫོབ་ཏུ་སྐུ་མདོག་དང་ཕྱག་མཚན་དང་དབྱིབས་ལ་སོགས་པ་བསྟན་པའོ། །དེ་དག་ནི་བརྗོད་པར་བྱ་བའོ། །དོན་ཆེན་པོ་ནི་དངོས་གྲུབ་གསུམ་སྟེ་ཡེ་ཤེས་ཕུན་སུམ་ཚོགས་པའོ། །མཚུངས་པ་མེད་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའོ། །རབ་ཞི་བ་ནི་སྤོང་བ་ཕུན་སུམ་ཚོགས་པ་སྟེ། དེ་གསུམ་ནི་འབྲས་བུའོ། །ཐོག་མ་བར་དང་མཐར་དགེ་བ་ནི་ཐོས་བ་
དང་བསམ་པ་དང་བསྒོམ་པའི་དད་པའི་རྒྱུར་གྱུར་པའམ། བསླབ་པ་རྣམ་པ་གསུམ་མམ། དབང་བསྐུར་བ་དང༌། སྒྲུབ་བ་དང༌། དངོས་གྲུབ་སྒྲུབ་བ་དེ་ཐབས་སོ། །ངས་བསྟན་པས་ཅི་ཞིག་བྱ་སྙམ་ན། འདས་པའི་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསང་བའི་ཐེག་པ་གསུངས་པ་དགག་པར་བཤད་པ་ནི་སྤྲུལ་པའི་སྐུ་ལ་དགོངས་པ་ཡིན་པས་ཉེས་པ་མེད་དོ། །རྡོ་རྗེ་འཆང་ཆེན་པོ་ནི་སྟོན་པའོ། །གསང་སྔགས་འཆང་བ་ནི་སྡུད་པ་པོ་ལ་སོགས་པའི་འཁོར་དཔག་ཏུ་མེད་པའོ། །བཀའ་བཞིན་དུ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པའི་བདེ་བའི་དོན་ཏོ། །སྐབས་སུ་ཕྱག་ན་རྡོ་རྗེས་གསོལ་བ་འདེབས་པ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འབའ་ཞིག་གསོལ་བ་འདེབས་པ་ནི་མ་ཡིན་ཏེ། ཕྱག་ན་རྡོ་རྗེ་བདག་གིས་ཀྱང་གཟུང་བར་བྱ་སྟེ། བསྡུས་ནས་རྒྱུན་ཆགས་པར་བྱ་བའི་ཕྱིར་རོ། །དེ་ཉིད་སྨྲས་པ་ནི་སངས་རྒྱས་ཀུན་གྱི་གསང་བ་འཛིན་པའོ། །ཇི་ལྟར་འཛིན་ཞེ་ན། སེམས་ཅན་རྣམས་ལ་བཤད་པར་འཚལ་བའི་ཕྱིར་རོ། །བསམ་པའི་ཁྱད་པར་ཇི་བཞིན་ཞེས་བྱ་བ་ནི། འགའ་ཞིག་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གཞན་དག་ལ་ཕྱི་དང་ནང་དང་གསང་བའི་ཐེག་པའི་བྱེ་བྲག་གིས་སོ། །དེ་ལྟར་གསོལ་བ་བཏབ་པས་གཉིས་ཀའི་གསོལ་བ་བཏབ་པའི་མཇུག་བསྡུས་པ་ཡིན་ནོ། །གསང་སྔགས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །ལག་ན་རྡོ་རྗེ་ནི་ལྕང་ལོ་ཅན་གྱིའོ། །འདི་དང་ཞེས་བྱ་བས་བལྟ་བར་བྱའོ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པས་ནི་རྗེས་ལས་ཐོབ་པ་བསྟན་ཏོ། །ཚིགས་སུ་བཅད་པ་དྲུག་གིས་ཞལ་གྱིས་བཞེས་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བཤད་པའི་ཡན་ལག་ལས་ལྗགས་བརྐྱང་བར་མཛད་པ་དང༌། འཇིག་རྟེན་གསུམ་པོ་སྣང་བར་མཛད་པ་དང༌། བདུད་བཞིའི་དགྲ་རྣམས་འདུལ་བར་མཛད་པ་དང༌། འཛུམ་པའི་འོད་ཟེར་གྱིས་ངན་སོང་གསུམ་སྦྱོང་བར་མཛད་པ་དང༌། ཚངས་པའི་གསུང་སྙན་པའི་མགུར་གསལ་བས་འཇིག་རྟེན་གསུམ་པོ་བཀང་བའོ། །ལྗགས་བརྐྱང་བས་ནི་འཇིག་རྟེན་གསུམ་
པོ་བཀང་བའི་དགོས་པའོ། །ཅིག་ཅར་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་གདུལ་བྱ་རྣམས་འདུལ་བ་ལ་ཉེ་བར་མཁོ་བའི་འཇིག་རྟེན་གསུམ་པོ་ཀུན་བཀང་བའི་འཇིག་རྟེན་གསུམ་སྣང་བར་བྱེད་པ་རྗེས་སུ་མཐུན་པ་རིག་པར་བྱའོ། །ལ་ལ་ནི་འཇིག་རྟེན་གསུམ་བཀང་བས་མི་ཉེ་བའི་འཁོར་རྣམས་འགུགས་པ་ཡིན་ནོ་ཞེས་ཟེར་རོ། །ཚངས་པའི་གསུང་ནི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་ཞེས་བྱ་བ་ནི་གསོལ་བ་འདེབས་པ་གཉིས་དང་རྗེས་སུ་མཐུན་པའི་ལན་གསུངས་པ་ཡིན་ནོ། །འགྲོ་ལ་ཕན་པའི་དོན་དུ་ཞེས་བྱ་བ་ནི་འགྲོ་ལ་ཕན་པ་དང་འགྲོ་བའི་དོན་ཞེས་བྱ་བ་གཉིས་སུ་སྦྱོར་རོ། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་བྱ་བ་ནི་སྔར་རང་གི་དོན་དུ་བསྟན་པ་གང་ཡིན་པ་དེ་གོ་རིམས་ཙམ་དུ་རྗེས་སུ་བསྟན་པ་ཡིན་ཏེ། རང་གི་དོན་ཉིད་གཞན་གྱི་དོན་ཡིན་པའི་ཕྱིར་རོ། །འདི་ནི་གཞན་གྱི་དོན་གྱི་མཇུག་སྡུད་པ་ཡིན་པས་འགལ་བ་མེད་དོ། །དོན་ཆེ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་དོན་མཛད་པར་བྱའོ། །དག་པར་བྱེད་པ་ནི་ཐོག་མ་དང་དབུས་དང་ཐ་མར་དགེ་བ་སྟེ་འགྲུབ་པའི་ཐབས་སོ། །སྡིག་སེལ་བ་ནི་དོན་ཆེ་བ་དང་མཚུངས་པ་མེད་པ་དང་རབ་ཏུ་ཞི་བ་སྟེ་འབྲས་བུའོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ནི་མི་བསྐྱོད་པའི་སྤྲུལ་པ་ཁམས་གསུམ་རྣམ་པར་རྒྱལ་བའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་བྱ་བ་ནི་ལྕང་ལོ་ཅན་གྱི་བདག་པོའོ། །གསང་བའི་བདག་པོ་ཞེས་བྱ་བ་ནི་གསང་བ་བྱང་ཕྱོགས་ཀྱི་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་འཆང་བ་ཡང་གསང་བའི་བདག་པོ་ཡིན་པས་ཐུན་མོང་དུ་བསྟན་ཏོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ནི་ཇི་ལྟར་བཀའ་སྩལ་པ་དེ་ལྟར་བསྐྱང་བར་བགྱིའོ་ཞེས་གསོལ་བ་བཏབ་པའི་རྗེས་ལ་རབ་ཏུ་སྦྱོར་བའོ། །དེ་ནས་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་མིང་གི་རྣམ་གྲངས་བསྟན་པའི་དོན་དུ་རིགས་དྲུག་ལ་གཟིགས་པའི་བདག་ཉིད་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པ་གསུངས་སོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་ནི་རིགས་དྲུག་གི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །གསང་
སྔགས་རིག་སྔགས་འཆང་བའི་རིགས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་རིགས་སོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རིགས་སོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཏེ་འགྲོ་བ་འདུལ་བའི་ཕྱིར་རོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཇིག་རྟེན་གཟིགས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཏེ་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བས་རིན་ཆེན་འབྱུང་ལྡན་ནོ། །ཨ་ར་པ་ཙ་ན་དང༌། ཤེས་རབ་ཡེ་ཤེས་ལུས་ཅན་དང༌། རྡོ་རྗེ་རྣོན་པོ་དང༌། སྡུག་བསྔལ་གཅོད་པ་དང༌། ཡེ་ཤེས་སྐུ་དང་གསུང་གི་དབང་ཕྱུག་སྟེ། དྲུག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཚིག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་འཁོར་ལོ་དྲུག་བསྐྱེད་པར་བསྐུལ་བའི་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པ་བསྟན་ཏོ། །རེ་ཞིག་ཡི་གེའི་དོན་ནི། གསང་སྔགས་རྒྱལ་པོ་དྲུག་ལྡན་པས། །ཞེས་བྱ་བས་འཁོར་ལོ་རྩིབས་དྲུག་གི་རྩིབས་ལྔ་ལ་སྔགས་དགོད་པར་བྱའོ། །དེ་ལྟར་ཐ་དད་པའི་རིགས་དྲུག་དང་ལྡན་པའོ། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་བྱ་བ་ནི་ཐ་དད་ པ་མེད་པའི་རིགས་དྲུག་གི་བདག ་ཉིད་དོ། །མི་སྐྱེ་ཆོས་ཅན་འདི་གསུངས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་དབྱངས་དང་སྦྱར་བའོ། །འདིར་ངག་གི་དོན་ནི་འདི་ཡིན་ཏེ། བདུན་རྣམ་དག་བྱས་ནས་ཡི་གེ་ཧཱུཾ་ལས་ཁྲོ་བོ་བཅུ་སྤྲོས་ཏེ། བགེགས་ལ་ཕུར་བུས་བཏབ་ནས་ཧཱུཾ་གི་འོད་ཟེར་འཕྲོས་པ་ཉིད་ལས་རྡོ་རྗེ་ར་བ་ལ་སོགས་པ་ཕྱི་རོལ་དུ་བསྲུང་བ་བྱས་ལ། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་སོང་བའི་སྟོང་པ་ཉིད་རྣམ་པར་བསྒོམས་ལ། རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གི་དབུས་སུ་སེང་གེ་དང་གླང་པོ་
ཆེ་དང་རྟ་དང་རྨ་བྱ་དང་མཁའ་ལྡིང་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ལས་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཞལ་བཞི་པ་མཉམ་པར་གཞག་པའི་ཕྱག་རྒྱ་འཛིན་པ་ཐུགས་ཀར་དྷཱིཿལས་པདྨ། ཨ་ལས་ཟླ་བའི་དབུས་སུ་དྷཱིཿའི་ས་བོན་ལས་དང་པོའི་སངས་རྒྱས་ཞལ་དབུས་མ་ནག་པོ་གཡས་སེར་པོ་རྒྱབ་དམར་པོ་གཡོན་ལྗང་གུ་སྟེང་མ་དཀར་པོའོ། །གཡས་པ་དང་གཡོན་པའི་ཕྱག་བརྒྱད་ན་རལ་གྲི་དང་པོ་ཏི་བརྒྱད་བསྣམས་པའོ། །དེའི་ཐུགས་ཀར་ཡང་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་ཀྱིས་མཚན་པའི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །ཕྱི་རོལ་མུ་ཁྱུད་ལ་གསལ་བྱེད་ཀྱིས་བསྐོར་བའོ། །དེའི་ནང་གི་མུ་ཁྱུད་ལ་ཨོཾ་སརྦ་དྷརྨྨཱ་བྷཱ་བ། ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ། །དེའི་དབུས་སུ་འཁོར་ལོ་གཉིས་པ་རྩིབས་དྲུག་པ་དེའི་ཕྱི་རོལ་དུ་དབྱངས་ཡིག་བཅུ་གཉིས་ཀྱིས་བསྐོར་བ་དེའི་ནང་གི་མུ་ཁྱུད་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་བསྐོར་བའོ། །དེའི་རྩིབས་ཀྱི་རིམ་པ་ལ་ཨོཾ་བཛྲ་ཏཱིགྵྞ་ཡ་ཏེ་ན་མཿཞེས་བྱ་བ་ལ་སོགས་པའི་སྔགས་དྲུག་བཀོད་ལ་དེའི་ལྟེ་བ་ལ་གཉིས་སུ་མེད་པའི་འཇམ་པའི་དབྱངས་ཞལ་དྲུག་ཕྱག་དྲུག་པ་དཀར་པོའོ། །གཉིས་ཀྱིས་ཨུཏྤལ་བསྣམས་ཤིང་གཉིས་ཀྱིས་པོ་ཏི་དང་རལ་གྲི་འཛིན་པ་གཉིས་མཉམ་པར་གཞག་པའི་ཕྱག་རྒྱ་ཅན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ་ཏྲྱ་དྷྭ་བརྟྟཱི་ནཾ། ཐུགས་ཀར་གནས་པ་ནི་དང་པོའི་སངས་རྒྱས་སོ། །ཡེ་ཤེས་སྐུའི་སངས་རྒྱས་བདག་ཉིད་དོ། །ཡིན་ནོ་ཞེས་བྱ་བ་ནི་གཉིས་སུ་མེད་བའི་འཇམ་པའི་དབྱངས་སོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་དྲུག་གོ །གཉིས་སུ་མེད་པའི་འཇམ་པའི་དབྱངས་ཇི་ལྟ་བ་དེ་བཞིན་དུ་རིགས་དྲུག་གི་རྗེས་སུ་འགྲོ་བས་རྡོ་རྗེ་རྣོན་པོ་ལ་སོགས་པ་དྲུག་གོ །རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །རྣམ་པར་སྣང་མཛད་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའོ། །པདྨ་གར་གྱི་དབང་ནི་སྐུ་མདོག་དམར་པོ་ཞལ་
གཅིག་ཕྱག་གཉིས་པ་པདྨ་དང་དྲིལ་བུ་བསྣམས་པའོ། །རྡོ་རྗེ་ཧཱུཾ་མཛད་ནི་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་བཞི་ཕྱག་བརྒྱད་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་འཛིན་པའམ་ཕྱིས་འབྱུང་བའི་ཕྱག་མཚན་བརྒྱད་པོ། རྡོ་རྗེ་ཉི་མ་ནི་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །རྟ་མཆོག་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །དེ་དྲུག་ཀའི་ཐུགས་ཀར་དང་པོའི་སངས་རྒྱས་དྲུག་གོ །རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་སྔ་མ་བཞིན་དུ་འཁོར་ལོ་རྩིབས་བཅུ་གཉིས་པ་དང༌། དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་ལ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿས་མཚན་པ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ར་པ་ཙ་ན་སྐུ་མདོག་དཀར་པོ་པོ་ཏི་དང་རལ་གྲི་བསྣམས་པའོ། །རྣམ་པར་སྣང་མཛད་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོའི་སྟེང་དུ་རྟེན་གྱི་འཁོར་ལོ་རྩིབས་བཅུ་པ་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཡ་ཏེ་ན་མཿས་མཚན་པའོ། །དེའི་དབུས་སུ་ཟླ་བའི་གདན་ལ་ཤེས་རབ་ཡེ་ཤེས་སྤྱི་གཙུག་རལ་གྲི་དང་འཁོར་ལོ་བསྣམས་པའོ། །པདྨ་གར་གྱི་དབང་ཕྱུག་གི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོ་ལ་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་བཛྲ་ཏཱིཀྵྞ་ན་ཡ་ཏེ་ན་མཿས་མཚན་པའོ། །དེའི་དབུས་སུ་ཟླ་བའི་གདན་ལ་རྡོ་རྗེ་རྣོན་པོ་པདྨ་དང་རལ་གྲི་བསྣམས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོ་དང་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་དུཿཁ་ཙྪེ་ད་ཡ་ཏེ་ན་མཿས་མཚན་པའོ། །དེའི་དབུས་སུ་ཟླ་བའི་གདན་ལ་སྡུག་བསྔལ་གཅོད་པའི་རལ་གྲི་དང་རྡོ་རྗེ་བསྣམས་པའོ། །རྡོ་རྗེ་ཉི་མའི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོ་ལ་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་ཝཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿས་མཚན་པའོ། །དེའི་དབུས་སུ་ཟླ་བའི་གདན་ལ་གསུང་གི་དབང་ཕྱུག་རལ་གྲི་དང་རིན་པོ་ཆེ་བསྣམས་པའོ། །རྟ་མཆོག་གི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་དཀྱིལ་འཁོར་ལ་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿས་མཚན་པའོ། །དེའི་ལྟེ་བ་ལ་ཟླ་བའི་གདན་ལ་ཡེ་ཤེས་སྐུ་ཅན་རལ་གྲི་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །རྣམ་པར་སྣང་
མཛད་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་རིགས་དྲུག་ལ་རང་དང་མཐུན་པའི་ཡེ་ཤེས་སེམས་དཔའ་མདུན་ན་བཞུགས་པ་དང༌། ཡི་གེ་གསུམ་གྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བ་བྱས་ལ་བསྒོམ་པ་དང་བཟླས་པ་དང་མཆོད་པར་བྱའོ། །གཞི་དང་རྟེན་གྱི་འཁོར་ལོ་རྣམས་ལ་དབྱངས་དང་གསལ་བྱེད་ཀྱི་སྔགས་གཉིས་ཀྱིས་མུ་ཁྱུད་བཞི་ལ་བསྐོར་བར་བྱའོ། །འཁོར་རྣམས་ནི་རང་རང་གི་དཀྱིལ་འཁོར་དུ་བསྐོར་བར་འཆད་པར་འགྱུར་རོ། །དེ་ལྟར་སྦྱོར་བ་རྫོགས་ནས་དངོས་གཞི་བསྟན་པར་བྱ་སྟེ། དེ་ཡང་རྣམ་པ་དྲུག་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བའི་བར་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏོ། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་རྗོད་འོས་དྲང་སྲོང་ཆེ། །ཞེས་པའི་བར་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་གི་བར་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ་གྱི་བར་གྱིས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བསྟན་ཏོ། །གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག་གི་བར་གྱིས་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྟན་ཏོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གི་བར་གྱིས་ནི་རྟ་མཆོག་གི་དཀྱིལ་འཁོར་བསྟན་ཏོ། །དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་བདག་པོ་དང་བཅས་པ་བསྐྱེད་པའི་ས་བོན་གྱི་དབང་དུ་མཛད་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་གསུངས་སོ། །ཇི་ལྟ་བར་རང་རང་གི་ས་བོན་རྣམས་ཨ་ཉིད་ཀྱི་རྗེས་སུ་འབྲངས་པས་ཨ་ལས་བྱུང་བ་དང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་སོ། །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་ནི་དོན་ཆེ་བ་དང་ཡི་གེ་དམ་པ་ཡིན་པས་ཀུན་རྫོབ་ཏུ་དོན་དམ་པའི་བདེན་པ་བརྗོད་དུ་མེད་པའི་ཕྱིར་རོ། །ཁོང་ནས་འབྱུང་བ་ནི་ཁྱབ་པའི་ཕྱིར་རོ། །སྐྱེ་བ་མེད་པ་ནི་སྟོང་པ་ཉིད་དུ་བརྗོད་པའོ། །དེ་རྣམ་པར་དག་པའི་རྡོ་རྗེ་སེམས་མ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པ་སྐུ་
མདོག་སྔོན་མོའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ་ནི་མཚན་མ་མེད་པའི་རྣམ་པར་དག་པ་རྡོ་རྗེ་རིན་ཆེན་མ་སྐུ་མདོག་སེར་མོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་སྟེ་སྨོན་པ་མེད་པ་ཉིད་ཀྱིས་སོ་སོར་ཀུན་དུ་རྟོག་པའི་མཆོག་རྡོ་རྗེ་ཆོས་མ་སྐུ་མདོག་དམར་མོ་པདྨ་དང་དྲིལ་བུ་བསྣམས་པའོ། །བྱ་བ་ནན་ཏན་གྲུབ་པའི། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །འོད་གསལ་བའི་རང་བཞིན་རྣམ་པར་དག་པ་རྡོ་རྗེ་ལས་མ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སྟེ་རིག་པའི་ལྷ་མོ་རྣམས་སོ། །མཆོད་པ་ཆེ་ཞེས་བྱ་བ་ནི་མཆོད་པ་ཆེན་པོས་དབུགས་འབྱིན་པ་སྟེ། འཇིག་རྟེན་གྱི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་འདོད་ཆགས་ཆེན་པོའོ། །དེས་ན་སེམས་ཅན་དབུགས་འབྱིན་པའི་རྒྱུ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ་འདོད་ཆགས་རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པའོ། །འཇིག་རྟེན་པའི་ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར་ཞེ་སྡང་ཆེན་པོའོ། །དེ་ཉིད་ནི། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་བྱ་བ་གསུངས་ཏེ། ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའོ། །འཇིག་རྟེན་གྱི་གཏི་མུག་གི་གཉེན་པོ་ཡིན་པའི་ཕྱིར་གཏི་མུག་ཆེན་པོའོ། །དེ་ཉིད་ནི། གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་བྱ་བ་སྟེ། གཏི་མུག་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དོ། །འཇིག་རྟེན་པའི་ཕྲག་དོག་གི་གཉེན་པོ་ཡིན་པའི་ཕྱིར་ཁྲོ་བ་ཆེ་བའོ། །དེ་ཉིད། ཁྲོ་བ་ཆེན་པོ་སྒྲ་ཆེ་བ་སྟེ་ཕྲག་དོག་རྣམ་པར་དག་པ་དོན་ཡོད་གྲུབ་པའོ། །འཇིག་རྟེན་པའི་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་ཆགས་པ་ཆེ་བའོ། །དེ་བས་ན། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་སེར་སྣ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གོ་རིམས་འདིས་རྡོ་རྗེ་རྣོན་པོ་ལ་སོགས་པའི་གོ་རིམས་ཀྱང་རིག་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་བཤད་ནས། མི་བསྐྱོད་པའི་འཁོར་གསུངས་པ་ནི་འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོམ་པའི་ཚུལ་ཁྲིམས་ཀྱི་བྱང་ཆུབ་སེམས་བཟུང་བ་ཡིན་པའི་ཕྱིར། འདོད་པ་ཆེན་པོ་བདེ་བ་ཆེ་ནི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་
བུ་བསྣམས་པ། བསྡུ་བའི་དངོས་པོས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་བདེ་བ་ཆེན་པོ་སྟེ། རྡོ་རྗེ་རྒྱལ་པོ་སྐུ་མདོག་སེར་པོ་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པའོ། །ཚད་མེད་པས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་པའི་སེམས་ཡིན་པའི་ཕྱིར་དགའ་བ་ཆེན་པོ་སྟེ་རྡོ་རྗེ་ཆགས་པ་སྐུ་མདོག་དམར་པོ་མདའ་དང་གཞུ་བསྣམས་བའོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དགེ་བའི་ཆོས་སྡུད་པའི་སེམས་ཡིན་པའི་ཕྱིར་མགུ་བ་ཆེ་སྟེ་རྡོ་རྗེ་ལེགས་པ་སྐུ་མདོག་སྔོན་པོ་ཁུ་ཚུར་གྱི་ལེགས་པར་སྦྱོར་བ་མཛད་པའོ། །རིན་ཆེན་འབྱུང་ལྡན་གྱི་འཁོར་གསུངས་པ་གཟུགས་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། ཟང་ཟིང་གི་སྦྱིན་པ་ཡོངས་སུ་རྫོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཞེས་བྱ་བ་ལ་ཟང་ཟིང་གི་སྦྱིན་པ་རྣམ་པར་དག་པ་རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །མི་འཇིགས་པ་བྱིན་པའི་འབྲས་བུ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། ཁ་དོག་ཆེ་ཞིང་ལུས་བོང་ཆེ་བ་སྟེ་མི་འཇིགས་པའི་རྣམ་པར་དག་པ་རྡོ་རྗེ་ཉི་མ་ཉི་མའི་མདོག །གཡས་པ་ཉི་མ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ། །བྱམས་པའི་སྦྱིན་པས་ཐམས་ཅད་དུ་སྙན་པར་གྲགས་པའི་ཕྱིར་རོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ་སྟེ་རྡོ་རྗེ་རྒྱལ་མཚན་སྐུ་མདོག་སྔོན་དམར་གཡས་པ་རྒྱལ་མཚན་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ། །ཆོས་ཀྱི་སྦྱིན་པས་འཁོར་གྱི་དཀྱིལ་འཁོར་ཡངས་བར་འགྱུར་བའི་ཕྱིར། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱ་བ་སྟེ། རྡོ་རྗེ་བཞད་པ་དཀར་པོ་གཡས་པའི་ཕྱག་གིས་སོའི་ཕྲེང་བ་བསྣམས་ཤིང་གཡོན་པ་སྔ་མ་བཞིན་ནོ། །སྣང་བ་མཐའ་ཡས་ཀྱི་འཁོར་གསུངས་པ་ནི་ཤེས་རབ་མཚོན་ཆེན་ཞེས་བྱ་སྟེ། ལྷག་མཐོང་གི་ཤེས་རབ་མཚོན་ཆེན་པོ་འཆང་བའི་ཏིང་ངེ་འཛིན་གྱི་ཤེས་རབ་པོ། །རྡོ་རྗེ་ཆོས་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱིས་པདྨ་བསྣམས་པའོ། །ཉོན་མོངས་གཅོད་པའི་ཤེས་རབ་ནི། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་ནི་རྡོ་རྗེ་རྣོན་པོ་སྐུ་མདོག་སྔོན་པོ་པོ་ཏི་དང་རལ་གྲི་འཆང་བའོ། །རྫུ་འཕྲུལ་གྱི་ཤེས་རབ་ནི། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །
རྡོ་རྗེ་འཁོར་ལོ་སྐུ་མདོག་སེར་པོ་གཡས་པས་འཁོར་ལོ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ། །ཆོས་དང་སོ་སོ་ཡང་དག་པར་རིག་པ་ནི་སྣང་བ་ཆེན་པོའོ། །ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གསལ་བ་སྟེ། རྡོ་རྗེ་གསུང་བ་ཟངས་མའི་མདོག་ཅན་ཕྱག་གཡས་པ་རྡོ་རྗེ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ། །དོན་ཡོད་གྲུབ་པའི་འཁོར་གསུངས་པ་ནི་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བའི་བརྩོན་འགྲུས་ཀྱི་སྒྱུ་འཕྲུལ་འཆང་བའི་རྡོ་རྗེ་ལས་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །སྒྲུབ་པའི་བརྩོན་འགྲུས་ཀྱི་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ་ནི་འདིར་སྲུང་བ་སྟེ། རྡོ་རྗེ་སྲུང་བ་སྐུ་མདོག་སེར་པོ་ཕྱག་ན་གོ་ཆ་བསྣམས་པའོ། །སྒྱུ་འཕྲུལ་ཆེན་པོ་ལ་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་དགའ་བས་དགའ་བ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་ཕྱག་གཉིས་ན་མཆེ་པ་བསྣམས་པའོ། །སྒྱུ་འཕྲུལ་ཆེན་པོ་ལ་རང་དབང་ཐོབ་པའི་མིག་འཕྲུལ་ཅན་ཞེས་བྱ་བ་སྒྲུབ་པ་ནན་ཏན་དུ་བྱེད་པ་བརྩོན་འགྲུས་ཀྱིས་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟ་བུའི་རྡོ་རྗེ་ཁུ་ཚུར་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པས་རྡོ་རྗེ་བསྣམས་པའོ། །མཚམས་ཀྱི་ལྷ་མོ་བསྟན་པ་ནི། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྡོ་རྗེ་སྒེག་མོ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྒྱིངས་ཏེ་བསྣམས་པའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་བསྣམས་པའོ། །བཟོད་ཆེན་འཆང་བ་བརྟན་པ་པོ་ནི་བཟོད་པའི་རང་བཞིན་རྡོ་རྗེ་གླུ་མ་དམར་མོ་ཕྱག་གཉིས་པི་ཝང་བརྡུང་བའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ནི་བརྩོན་འགྲུས་རྣམ་པར་དག་པའི་རང་བཞིན་རྡོ་རྗེ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྣམས་ཏེ་གར་བྱེད་པའོ། །ནང་གི་ཕྱོགས་ཀྱི་མཚམས་ལ་གནས་པའོ། །ཡང་ཕྱིའི་མཚམས་ལ་གནས་པ་ནི། བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་ཆེན་པོ་ནི་ཞི་གནས་སོ། །ཏིང་འཛིན་གནས་པ་ནི་ཟུང་དུ་འཇུག་པའོ། །བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྡོ་རྗེ་བདུག་པ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་སྤོས་ཁང་བསྣམས་པའོ། །ཤེས་རབ་ཆེན་པོ་ལུས་འཆང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེ་ཏོག་གི་སྣོད་བསྣམས་པའོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ་ནི་སྟོབས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྡོ་རྗེ་མར་མེ་མ་དམར་མོ་ཕྱག་གཉིས་ན་མར་མེའི་མཆོད་སྡོང་བསྣམས་པའོ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ་ནི་སྨོན་ལམ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་ནས་འཐོར་བའོ། །བསྐལ་པ་བཟང་པོའི་གསུངས་པ་ནི། བྱམས་ཆེན་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བའི་མིང་བཞིན་དུ་དོན་དང་ལྡན་པས་ན་བྱམས་པའོ། །བློའི་མཆོག་གི་སྙིང་རྗེ་ཆེན་པོ་དང་ལྡན་པས་འཇམ་དཔལ་ལོ། །ཤེས་རབ་ཆེན་པོའི་བློ་སྙིང་རྗེ་ཆེན་པོ་དང་ལྡན་པས་སྤོས་ཀྱི་གླང་པོའོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་ཐབས་ཆེན་པོ་དང་མཁས་པའི་བྱེད་པ་ཆེན་པོ་དང་ལྡན་པས་ཡེ་ཤེས་ཏོག་གོ །མི་བསྐྱོད་པའི་འཁོར་ཏེ་ཐམས་ཅད་ཀྱང་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཤར་ཕྱོགས་ན་བཞུགས་སོ། །རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་ལྡན། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་སྐྱོབ་པས་ན་བཟང་སྐྱོང་ངོ༌། །རྒྱ་མཚོ་ཆེན་པོ་བཞིན་དུ་ཤུགས་ཀྱིས་བློ་ཆེ་ཞིང་མགྱོགས་པ་ཆེ་བས་བློ་གྲོས་རྒྱ་མཚོའོ། །རྫུ་འཕྲུལ་ཆེན་པོའི་མཐུ་ནི་ཡེ་ཤེས་ཕུན་སུམ་ཚོགས་བ་ཆེར་གྲགས་པ་མི་ཟད་པས་ན་བློ་གྲོས་མི་ཟད་པའོ། །སྟོབས་ཆེན་ཕ་རོལ་གནོན་པ་ནི་སྤོབས་པའི་སྟོབས་ཀྱིས་ཕ་རོལ་པོས་གཞིག་པར་མི་ནུས་པས་ན་སྤོབས་པ་བརྩེགས་པའོ། །ཐམས་ཅད་ཀྱང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །ཐམས་ཅད་ཀྱང་ལྷོའི་ཕྱོགས་སུ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་གྱི་འཁོར་རོ། །རང་གི་སྟོབས་ཀྱིས་སྲིད་པའི་རི་བོ་ཆེན་པོ་འཇོམས་པར་མཛད་པས་མཐུ་ཆེན་པོ་ཐོབ་པའོ། །སྲིད་པའི་གཟེབ་མཁྲེགས་ཤིང་ངན་སོང་དུ་འགྲོ་བ་འཛིན་ཅིང་འདྲེན་པས་ན། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱའོ། །ལ་ལས། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་
འཆང། །ཞེས་བྱ་བ་ནི་གཞིག་པར་དཀའ་ཞིང་མཁྲེགས་པའི་ངན་སོང་འདྲེན་པས་ན་ངན་སོང་ཀུན་འདྲེན་ནོ། །འཁོར་བའི་ཉེས་པས་མ་གོས་པའི་ཕྱིར་དྲག་པོ་ཆེན་པོ་སྟེ་མི་ཤེས་པའི་མུན་པའི་གཉེན་པོ་ཡིན་པའི་ཕྱིར། དྲག་ཤུལ་ཆེ་བ་ལ་མྱ་ངན་དང་མུན་པ་ངེས་པར་འཇོམས་པ་ཞེས་བྱའོ། །འཇིགས་པ་ཐམས་ཅད་ཀྱི་མཐུའི་འོད་ཟེར་གྱིས་འཇིགས་པ་སེལ་བས་ན། འཇིགས་ཆེན་འཇིགས་པར་བྱེད་པ་སྟེ་དྲ་བ་ཅན་གྱི་འོད་དོ། །ཐམས་ཅད་ཀྱང་དམར་པོ་པདྨ་དང་དྲིལ་བུ་བསྣམས་པ་ནུབ་ཕྱོགས་སུ་བཞུགས་པ་སྣང་བ་མཐའ་ཡས་ཀྱི་འཁོར་རོ། །རིག་པ་རྣམ་པ་གསུམ་གྱིས་ཚིམ་པས་སེམས་ཅན་སྐར་མ་ལྟ་བུའི་མགོན་བྱེད་པས་ན་མགོན་པོ་རིགས་མཆོག་ཆེན་པོ་སྟེ་ཟླ་འོད་གཞོན་ནུའོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་བྱ་བ་ནི་གསུང་གི་ བདག་པོ་འོད་དཔག་ཏུ་མེད་པའོ། །ཐེག་པ ་ཆེན་པོ་སྤྲོས་པ་མེད་པ་ནམ་མཁའི་ཚུལ་ལ་གནས་ཤིང་སྐྱེས་པས་ནམ་མཁའི་སྙིང་པོའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་སྒྲིབ་པ་ཐམས་ཅད་འགེགས་པའི་མཆོག་ཡིན་པས་ན་སྒྲིབ་པ་རྣམ་པར་སེལ་བའོ། །ཐམས་ཅད་ཀྱང་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བྱང་ཕྱོགས་སུ་བཞུགས་པ་དོན་ཡོད་གྲུབ་པའི་འཁོར་རོ། །སྒོ་བ་ནི་ཕྱིས་འཆད་པར་འགྱུར་རོ། །དེ་ལྟར་ཤློ་ཀ་བཅུ་བཞི་པ་ནི་ཨ་ར་པ་ཙ་ནའི་བདག་ཉིད་རྡོ་རྗེ་སེམས་དཔའི་འཁོར་ལོས་སྒྱུར་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ།། །།རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ན། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཉིད་དོ། །ཐུབ་པ་ཆེན་པོ་ནི་རྣམ་པར་རྟོག་པའི་གཡེང་བ་མེད་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སེམས་མའོ། །ལུས་ངག་ཡིད་གསུམ་གྱི་ཐུག་པ་ཆེན་པོ་དང་ལྡན་པས་མཚན་མ་མེད་པའི་ཏིང་ངེ་འཛིན་རྡོ་རྗེ་རིན་ཆེན་མའོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ་ནི་སོ་སོར་རྟོག་པའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་རྡོ་རྗེ་ཆོས་མའོ། །བྱ་བ་ནན་ཏན་གྲུབ་པས་འོད་གསལ་བར་བྱེད་པས་ན། གསང་སྔགས་ཚུལ་ཅན་བདག་ཉིད་ཅན་ཏེ་རྡོ་རྗེ་ལས་མའོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་བྱ་བ་བཅུ་རྣམ་པར་དག་པའི་ལྷ་
མོ་རང་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་གྱི་དབྱིབས་དང་ལྡན་པས་བསྐོར་བའི་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་སེམས་བཟང་པོ་ཕ་རོལ་ཏུ་ཕྱིན་པ་བཅུས་ཡོངས་སུ་བསྐོར་བའི་ཕྱིར་རོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ལམ་རྣམ་པར་དག་པ་རང་དང་འདྲ་བའི་ལྷ་མོ་བཅུས་ཡོངས་སུ་བསྐོར་བའི་རྡོ་རྗེ་རྒྱལ་པོ་སྟེ། བསྡུ་བའི་དངོས་པོའི་སེམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཉིད་བསྡུ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངས་སུ་བསྐོར་བའི་རྡོ་རྗེ་ཆགས་པའོ། །ཚད་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་དམིགས་ནས་སེམས་ཅན་ལ་དམིགས་པའི་ཕྱིར་དང་སེམས་ཅན་དཔག་ཏུ་མེད་པ་རྣམས་སྨིན་ཅིང་གྲོལ་བའི་སེམས་ཡིན་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངས་སུ་བསྐོར་བའི་རྡོ་རྗེ་ལེགས་པའོ། །དགེ་བའི་ཆོས་སྡུད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། དགེ་བའི་ཆོས་སྡུད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཞེས་བྱ་བ་ནི་ལྷ་མོ་བཅུས་ཡོངས་སུ་བསྐོར་བའི་རྡོ་རྗེ་རིན་ཆེན་སྟེ་ས་བཅུའི་ལམ་གྱི་བདག་ཉིད་ལ་གནས་པའི་ཕྱིར་ལྟུང་བ་ཕྲ་མོའི་ཀུན་དུ་སྤྱོད་པ་དང་བྲལ་བས་མི་འཇིགས་པ་སྟེ་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བ་ནི་རྡོ་རྗེ་ཉི་མའོ། །བདེན་པ་བཞི་ཤེས་པ་དང་ཆོས་དང་རྗེས་སུ་ཤེས་པ་དག་དང༌། ཀུན་རྫོབ་དང་དོན་དམ་པ་ཤེས་པ་དག་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཤེས་པ་བཅུ་པ་སྟེ། དེ་རྣམས་ཀྱང་རྣམ་པར་དག་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་དེའི་བདག་ཉིད་ཡིན་པའི་ཕྱིར་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་རྡོ་རྗེ་རྒྱལ་མཚན་ནོ། །ཤེས་པ་བཅུ་དང་མཐུན་པའི་ཆོས་ཀྱི་སྦྱོར་བ་དང་རང་བཞིན་རྣམ་པར་དག་པ་འཆང་བ་པོ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་རྡོ་རྗེ་བཞད་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང༌། གནས་དང་གནས་མ་ཡིན་པ་དང༌། བདག་དང་དུས་གསུམ་དང་བདེན་པ་བཞི་དང༌། ཐེག་པ་གསུམ་དང་འདུས་
བྱས་དང་འདུས་མ་བྱས་ཀྱི་བདག་ཉིད་ལ་མཁས་པ་གཅིག་པུ་དང༌། ཟ་བ་ལ་སོགས་པའི་གཉེན་པོ་རྣམ་པ་བཅུའོ། །དེ་ཉིད་བདག་ཏུ་འཛིན་པའི་གཉེན་པོ་ནི་ཞི་གནས་གཉེན་པོའི་ཡན་ལག་ཏིང་ངེ་འཛིན་གྱི་ཤེས་རབ་རྡོ་རྗེ་ཆོས་ནི་རྣམ་པ་བཅུའི་ལྷ་མོས་བསྐོར་བ་སྟེ་སྔ་མ་བཞིན་ནོ། །མཁས་པ་བཅུའི་སྤང་བྱ་བཅུ་ནི་གཅིག་པུ་དང༌། རྒྱུ་དང༌། ཟབ་པ་དང༌། བྱེད་པ་དང༌། དབང་དང་ལྡན་པ་དང༌། བདག་པོ་དང༌། རྟོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང༌། སྒོམ་པ་པོ་དང༌། བཅིངས་པ་དང་གྲོལ་བ་དག་ཏུ་འཛིན་པ་བཅུའོ། །དེ་དག་གཅོད་པའི་ལྷག་མཐོང་གི་བདག་ཉིད་ཚོལ་བའི་ཉོན་མོངས་པ་གཅོད་པའི་རྡོ་རྗེ་རྣོན་པོ་སྟེ་སྔ་མ་བཞིན་ལྷ་མོ་བཅུས་ཡོངས་སུ་བསྐོར་བའོ། །ཐུབ་དབང་ཞེས་བྱ་བ་ནི་དབང་པོའི་དོན་ཏེ་ཤ་ལ་སོགས་པའི་སྤྱན་ལྔ་དང༌། དད་པ་ལ་སོགས་པའི་དབང་པོ་ལྔའི་རྫུ་འཕྲུལ་གྱི་རྐང་པའི་མཐུ་ཐོབ་པས་ན་ཐུབ་པའི་དབང་པོ་བདག་ཉིད་ནི་རྡོ་རྗེ་འཁོར་ལོ་སྟེ་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་སོ་སོ་ཡང་དག་པར་རིག་པའི་བདག་ཉིད་ཀྱི་སྟོབས་བཅུའི་རང་བཞིན་རྡོ་རྗེ་གསུང་བའོ། །སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངས་སུ་བསྐོར་བའོ། །ཁྱབ་པའི་བདག་ཉིད་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་སྟེང་དུ་ནམ་མཁའ་དང་རྣམ་པར་ཤེས་པའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཅུ་དང་ལྡན་པས་སྦྱོར་བའི་བརྩོན་འགྲུས་ཀྱི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་འཇུག་པ་ནི་རྡོ་རྗེ་ལས་སོ། །སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངས་སུ་བསྐོར་བའོ། །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་བྱ་བ་ནི་ཟད་པར་བཅུ་སྟོན་པ་ཡིན་ཏེ། དོན་སྣ་ཚོགས་པ་མཛད་པས་སྒྲུབ་པར་བྱེད་པའི་བརྩོན་འགྲུས་ནི་སྲུང་བ་སྟེ། སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ། །རྣམ་པ་བཅུ་ནི་དེ་ཁོ་ན་ཉིད་བཅུ་སྟེ། རྩ་བ་དང༌། མཚན་ཉིད་དང༌། ཕྱིན་ཅི་མ་ལོག་པ་དང༌། རྒྱུ་འབྲས་དང༌། ཕྲ་མོ་དང། རྒྱ་ཆེ་བ་དང༌། གྲུབ་པ་དང༌། གྲུབ་པའི་ཡུལ་དང༌། བསྡུ་བ་དང༌། འཛིན་པ་དང༌། མཁས་པ་དེ་ཁོ་ན་ཉིད་དེ་སོ་སོར་རྟོག་པའི་སྦྱོར་བ་རྣམ་པ་བཅུ་དང་ལྡན་པས་རྡོ་རྗེ་གནོད་སྦྱིན་ཏེ། སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ། །དབང་ལྡན་ཆེ་བ་པོ་ནི་དབང་བཅུས་ཏེ་སྒྲུབ་པ་ནན་ཏན་དུ་བྱེད་
བའི་བརྩོན་འགྲུས་དང་ལྡན་པས་རྡོ་རྗེ་ཁུ་ཚུར་ཡང་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ། །དེ་སྐད་དུ་ཡང༌། ལྷ་རྣམས་ཇི་ལྟར་རིགས་པར་ནི། །ཡོན་ཏན་བཅུ་ཡིས་ཡོངས་སུ་བསྐོར། །དེ་ཡི་ལྷ་མོ་བཅུ་པོ་ནི། །རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པས་བཞུགས། །ཞེས་གསུངས་སོ།། །།ད་ནི་ཚིགས་སུ་བཅད་པ་བརྒྱད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ཉིད་བསྟན་པ་ནི་ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྤྲོས་ པ་མེད་པའི་བདག ་ཉིད་ནི་སྤྲོས་པ་མི་མཉམ་པ་ཡིན་ལ་སྤྲོས་པ་མེད་པས་ན་མཉམ་པ་ཉིད་དོ། །དེ་བཞིན་ཉིད་དག་ནི་རང་བཞིན་གྱིས་རྣམ་པར་དག་ པ་དང༌། དག་པའི་བདག་ནི་དྲི་མ་མེད ་པའི་བདག་ཉིད་རྡོ་རྗེ་སེམས་དཔའོ། །བདེན་པར་སྨྲ་ཞིང་ནི་སོ་སོར་རྟོག་པའོ། །ཚིག་མི་འགྱུར་ནི་མཉམ་པ་ཉིད་དོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་ནི་མེ་ལོང་ལྟ་བུ་དང་བྱ་བ་ནན་ཏན་གྲུབ་བ་སྟེ་རྡོ་རྗེ་རྒྱལ་པོའོ། །གཉིས་མེད་ཅེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཉིས་སུ་མེད་པ་རྟོག་པ་ནི་སོ་སོར་ཀུན་དུ་རྟོག་པའོ། །བྱ་བ་ནན་ཏན་གྲུབ་པའི་ཡང་དག་པའི་མཐའ་ལས་རྣམ་པར་གནས་པ་མཉམ་པ་ཉིད་དེ་རྡོ་རྗེ་ཆགས་པའོ། ། བདག་མེད་སེང་གེའི་སྒྲ་དང་ལྡན་པ ་ནི་མེ་ལོང་ལྟ་བུ་སྟེ། མདོ་སྡེ་རྒྱན་ལས་ཀྱང༌། མེ་ལོང་ལྟ་བུ་ བདག་མེད་པ ། །ཞེས་གསུངས་སོ། །སོ་སོར་རྟོག་པ་དང་བྱ་བ་ནན་ཏན་གྲུབ་པས། མུ་སྟེགས་རི་དགས་ངན་འཇིགས་བྱེད་པ་སྟེ་རྡོ་རྗེ་ལེགས་པའོ། །ཀུན་དུ་འགྲོ་བ་ནི་མེ་ལོང་ལྟ་བུའོ། །དེ་སྐད་དུ་ཡང་མེ་ལོང་ལྟ་བུ་ནི་ བདག་མེད་པ ་ཡོངས་སུ་ཆད་པ་མེད་པ་རྟག་ཏུ་འགྲོའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ལ་མཉམ་པར་འཇུག་པས་དོན་ཡོད་པར་འགྲོ་བས་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་བྱ་བ་ནི་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་དང་ལྡན་པ་སྟེ་རྡོ་རྗེ་རིན་ཆེན་ནོ། །བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རྒྱལ་བ་ནི་མེ་ལོང་ལྟ་བུའོ། །རྣམ་རྒྱལ་དགྲ་ལས་རྒྱལ་ནི་འབྲས་བུའི་སྒོ་ནས་མཉམ་པ་ཉིད་དོ། །རང་གི་ངོ་བོའི་སྒོ་ནས་སོ་སོར་ཀུན་དུ་རྟོག་པའོ། །འཁོར་ལོས་སྒྱུར་རྒྱལ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་འཁོར་ལོ་དང་ངོ་བོའི་བྱ་བ་ནན་ཏན་གྲུབ་པ་སྟེ་རྡོ་རྗེ་ཉི་མའོ། །ཡེ་ཤེས་
ཀུན་གྱི་རྟེན་ཡིན་པའི་ཕྱིར། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག་སྟེ་མེ་ལོང་ལྟ་བུའོ། །ཚོགས་རྗེ་ནི་མཉམ་པ་ཉིད་དོ། །ཚོགས་བདག་ནི་སོ་སོར་ཀུན་དུ་རྟོག་པའོ། །དཔལ་དང་ལྡན་པ་ནི་བྱ་བ་ནན་ཏན་ཏེ་རྡོ་རྗེ་རྒྱལ་མཚན་ནོ། །མཐུ་ཆེན་ནི་མེ་ལོང་ལྟ་བུའོ། །གཅེས་པར་འཛིན་པ་ནི་མཉམ་པ་ཉིད་དོ། །གཞན་གྱི་དྲིང་མི་འཇོག་ནི་སོ་སོར་རྟོག་པའོ། །ཚུལ་ཆེན་ནི་ཐེག་པ་གསུམ་ལ་འཇུག་པས་ན་བྱ་བ་གྲུབ་པ་སྟེ་རྡོ་རྗེ་བཞད་པའོ། །ཚིག་རྗེ་ནི་མེ་ལོང་ལྟ་བུའོ། །ཚིག་བདག་ནི་མཉམ་པ་ཉིད་དོ། །སྨྲ་མཁས་པ་ནི་སོ་སོར་རྟོག་པའོ། །ཚིག་ལ་དབང་བ་ནི་བྱ་བ་གྲུབ་པའོ། །ཚིག་མཐའ་ཡས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་ཆོས་སོ། །ཚིག་བདེན་པ་ནི་སོ་སོར་རྟོག་པའོ། །བདེན་པར་སྨྲ་བ་ནི་མེ་ལོང་ལྟ་བུ་མཉམ་པ་ཉིད་དོ། །བདེན་པ་བཞི་ནི་སྟོན་པ་པོ་ནི་བྱ་བ་གྲུབ་བ་སྟེ་རྡོ་རྗེ་རྣོན་པོའོ། །ཕྱིར་མི་ལྡོག་པ་སྟེ་བཏགས་པས་ན་མེ་ལོང་ལྟ་བུའོ། །ཕྱིར་མི་འོང་བ་ནི་ཐོགས་པ་མེད་པས་ན་མཉམ་པ་ཉིད་དོ། །བསེ་རུའི་ཚུལ་ནི་ཐུན་མོང་མ་ཡིན་པའི་ཕྱིར་སོ་སོར་ཀུན་དུ་རྟོག་པའོ། །སོ་སོའི་འཁོར་རྣམས་འདྲེན་པས་ན་བྱ་བ་ནན་ཏན་ཏེ་རྡོ་རྗེ་འཁོར་ལོའོ། །དེས་འབྱུང་སྣ་ཚོགས་ལས་བྱུང་བ་ནི་སོ་སོར་རྟོག་པའོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ་ནི་བྱ་བ་ནན་ཏན་ཏེ་རྡོ་རྗེ་སྲུང་བའོ། །དགྲ་བཅོམ་ཟག་པ་ཟད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཟད་པས་ན་མེ་ལོང་ལྟ་བུའོ། །དགེ་སློང་ནི་བྱ་བ་ནན་ཏན་ཏོ། །འདོད་ཆགས་བྲལ་བ་ནི་མཉམ་པ་ཉིད་དོ། །དབང་པོ་ཐུལ་ནི་སོ་སོར་རྟོག་པ་སྟེ་རྡོ་རྗེ་ལས་སོ། །བདེ་བར་རྙེད་པ་ནི་མཉམ་པ་ཉིད་དོ། །འཇིགས་མེད་ཐོབ་པ་ནི་སྤོང་བ་ཕུན་སུམ་ཚོགས་པ་སྟེ་མེ་ལོང་ལྟ་བུའོ། །བསིལ་བར་གྱུར་པ་ནི་སོ་སོར་ཀུན་དུ་རྟོག་པའོ། །རྙོག་པ་མེད་པ་ནི་རྙོག་པ་མེད་པར་བྱེད་པ་སྟེ་བྱ་བ་ནན་ཏན་ཏེ་རྡོ་རྗེ་སྲུང་བའོ། །རིག་པ་དང་ནི་རྐང་པར་ལྡན། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ་མེ་ལོང་ལྟ་བུའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པས་ན་མཉམ་པ་ཉིད་དོ། །འཇིག་རྟེན་རིག་པ་ནི་སོ་སོར་རྟོག་པའོ། །མཆོག་ནི་རྡོ་རྗེ་གནོད་སྦྱིན་ཏེ་བྱ་བ་ནན་ཏན་ཏོ། །བདག་གིར་མི་འཛིན་ནི་མེ་ལོང་ལྟ་བུའོ། །ངར་མི་འཛིན་ནི་མཉམ་པ་ཉིད་དོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་བ་ནི་དོན་དམ་པ་ལ་གནས་པ་སོ་
སོར་རྟོག་པ་དང༌། ཀུན་རྫོབ་ལ་གནས་པ་བྱ་བ་ནན་ཏན་ཏེ་རྡོ་རྗེ་ཁུ་ཚུར་རོ། །འཁོར་བའི་ཕ་རོལ་མཐར་སོན་པ། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཅུ་དྲུག་གིས་བསྐལ་བ་བཟང་པོ་རྣམས་བསྟན་ཏོ། །འཁོར་བའི་སེམས་ཅན་ཕ་རོལ་ཐམས་ཅད་ཀྱི་མཐར་བྱམས་པས་སྟོན་པས་ན་བྱམས་པའོ། །ཤེས་རབ་ཀྱི་བྱ་བ་བྱས་ན་འཇམ་པའི་སྐམ་སར་དཔལ་གྱི་གནས་པས་ན་འཇམ་དཔལ་ལོ། །མྱ་ངན་ལས་འདས་པའི་ཡེ་ཤེས་འབའ་ཞིག་གི་དྲི་ལས་བྱུང་བས་ཐུགས་རྗེ་ཆེན་པོའོ། །འབྱུང་གནས་ཁྱབ་པས་ན་སྤོས་ཀྱི་གླང་པོའོ། །ཤེས་རབ་མཚོན་ཆེན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཉོན་མོངས་པ་འཇོམས་པའི་ཏོག་ཡིན་པས་ན་ཡེ་ཤེས་ཏོག་གོ །དམ་པའི་ཆོས་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་གསལ་བར་ལྡན་ཞིང་སྐྱོང་བས་ན་བཟང་སྐྱོང་ངོ༌། །འཁོར་བ་འཇིག་རྟེན་གྱི་རྒྱ་མཚོ་བློས་སྣང་བར་བྱེད་པའི་མཆོག་ཡིན་པས་ན་བློ་གྲོས་རྒྱ་མཚོའོ། །ཆོས་ཀྱི་དབང་ཕྱུག་ནི་མི་ཟད་ཅིང་ཆོས་ཀྱི་རྒྱལ་སྲིད་ནི་བློ་དང་ལྡན་པས་ན་བློ་གྲོས་མི་ཟད་པའོ། །ཇི་ལྟར་བསམས་པ་བཞིན་དུ་ལེགས་པའི་ལམ་གྱི་སྤོབས་པ་དང་ལྡན་ཞིང་སྟོན་པ་པོས་བརྩེགས་བས་ན་སྤོབས་པ་བརྩེགས་པའོ། །དོན་གྲུབ་པ་ཆེན་པོའི་བསམ་པ་ནི་བློ་དང་ལྡན་པས་ན་མཐུ་ཆེན་ཐོབ་པའོ། །ངན་སོང་གི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས་ཀུན་འདྲེན་ཞིང་མི་གཏོང་བས་ན་ངན་སོང་ཀུན་ནོ། །རྣམ་པར་མི་རྟོག་པ་ནི་མྱ་ངན་དང་མུན་པ་མེད་པའོ། །དབྱིངས་མི་ཟད་པ་ནི་ངེས་པར་འཇོམས་པའོ། །ཆོས་ཀྱི་དབྱིངས་དམ་པའི་དྲན་པ་དང་ལྡན་ཞིང་ཟད་མི་ཤེས་པའི་འོད་མངའ་བས་ན་དྲ་བ་ཅན་གྱི་འོད་དོ། །བསོད་ནམས་དང་ལྡན་པའི་ཟླ་བས་སེམས་ཅན་ཚིམ་ཞིང་བསོད་ནམས་མཆོག་གི་སྐུ་གཞོན་ནུ་མངའ་བས་ན་ཟླ་འོད་གཞོན་ནུའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ནི་འོད་དོ། །ཡེ་ཤེས་འབྱུང་གནས་ཆེ་ནི་འོད་དཔག་ཏུ་མེད་པའོ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་བྱ་བ་ནི་ཡོད་མེད་ལ་ཁྱབ་པའི་ཡེ་ཤེས་དང་ལྡན་པའི་སྐྱེ་གནས་མངའ་བས་ན་ནམ་མཁའི་སྙིང་པོའོ། །ཚོགས་གཉིས་བསགས་པས་ཚོགས་གཉིས་ཀྱི་མཐུས་སྒྲིབ་པ་ཐམས་ཅད་སེལ་བས་ན་སྒྲིབ་པ་སེལ་བའོ། །རྟག་པ་ཀུན་རྒྱལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་
བཅད་པ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལྔ་བསྟན་ཏེ། རྟག་པ་ནི་རྣམ་པར་སྣང་མཛད་དོ། །ཀུན་རྒྱལ་ནི་མེ་ལོང་ལྟ་བུའོ། །རྣལ་འབྱོར་ཅན་ནི་མཉམ་པ་ཉིད་དོ། །བསམ་གཏན་བསམ་བྱ་ནི་བྱ་བ་ནན་ཏན་ཏོ། །བློ་ལྡན་མཆོག་ནི་སོ་སོར་ཀུན་དུ་རྟོག་པའོ། །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་ཞེས་བྱ་བ་ནི་དང་པོའི་སངས་རྒྱས་སོ། །དེ་ལ་དཀྱིལ་འཁོར་དྲུག་པ་ལ་དང་པོའི་སངས་རྒྱས་ཡོད་པའི་ཕྱིར་མི་གཡོ་བའོ། །དེ་ཉིད་ནི་དང་པོའི་སངས་རྒྱས་ཏེ་མཆོག་གི་དང་པོའོ། །སོ་སོ་རང་རིག་ཅེས་བྱ་བ་ནི་ཡེ་ཤེས་སྐུ་སྟེ་དེ་ནི་རྣམ་པར་སྣང་མཛད་དང་དང་པོའི་སངས་རྒྱས་དང་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཆོས་དང་ལོངས་སྤྱོད་རྫོགས་པའི་དང༌། སྤྲུལ་པའི་སྐུ་གསུམ་འཆང་བས་སྐུ་གསུམ་འཆང་བའོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ནི་རྣམ་པའི་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་མི་བསྐྱོད་པའོ། །ཁྱབ་བདག་ཡེ་ཤེས་ལྔའི་བདག་ནི་ཡེ་ཤེས་སེམས་དཔའི་སོ་སོར་རྟོག་པས་ན་འོད་དཔག་ཏུ་མེད་པའོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན་ནི་བདག་ཉིད་སངས་རྒྱས་ལྔའི་ཅོད་པན་འཆང་བའི་རིན་ཆེན་འབྱུང་ལྡན་ནོ། །སྤྱན་སྔར་བྱ་བ་བྱས་པ་ལ་ཆགས་པ་མེད་པས་དོན་ཡོད་གྲུབ་པའོ། །དེ་བཞིན་གཤེགས་པ་རྣམས་ནི་དཀར་པོ་དང་སྔོན་པོ་དང་དམར་པོ་དང་སེར་པོ་དང་ལྗང་གུའི་སྐུ་མདོག་ཅན་ཞལ་ལྔ་པ་ཕྱག་བརྒྱད་པ་ཐམས་ཅད་ཀྱང་དང་པོ་ན་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེ་བ་སྣམས་པ་གཡས་ཀྱི་ཐ་མ་གསུམ་ཐམས་ཅད་རལ་གྲི་བསྣམས་པ་གཡོན་གྱི་དང་པོ་ཐམས་ཅད་རང་རང་གི་མཚན་མ་དྲིལ་བུ་བསྣམས་པ། གཡོན་ལྷག་མ་གསུམ་པ་ཐམས་ཅད་གླེགས་བམ་བ་སྣམས་པ་རྣམ་པར་སྣང་མཛད་ནི་གཡས་སྔོ་བ་རྒྱབ་དམར་བ་གཡོན་ལྗང་བ་སྟེང་སེར་བའོ། །མི་བསྐྱོད་པ་ནི་གཡས་དཀར་བ་དང་རྒྱབ་དམར་བ་གཡོན་ལྗང་བ་སྟེ་སྔ་མ་བཞིན་ནོ། །སྣང་བ་མཐའ་ཡས་ནི་གཡས་དཀར་བ་རྒྱབ་སྔོ་བ་གཡོན་ལྗང་བ་སྟེ་སྔ་མ་བཞིན་ནོ། །རིན་ཆེན་འབྱུང་ལྡན་ནི་གཡས་དཀར་བ་རྒྱབ་དམར་བ་གཡོན་ལྗང་བ་སྟེ་སྔ་མ་བཞིན་ནོ། །དོན་ཡོད་གྲུབ་པ་ནི་གཡས་དཀར་བ་རྒྱབ་དམར་བ་གཡོན་སྔོ་བ་སྟེ་སེར་བའོ། །སངས་རྒྱས་
ཐམས་ཅད་སྐྱེད་པ་པོ། །ཞེས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་འཁོར་ལོས་སྒྱུར་བ་བརྒྱད་བསྟན་ཏེ། ཐམས་ཅད་གསེར་གྱི་མདོག་ཅན་གཡས་ན་འཁོར་ལོ་བསྣམས་པ་གཡོན་གདན་ལ་བརྟེན་པ་སེང་གེའི་སྟེང་ན་ཉི་མ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་རིན་པོ་ཆའི་ཅོད་པན་ཅན་ནོ། །ཡང་དག་པའི་ལྟ་བས་སངས་རྒྱས་ཐམས་ཅད་སྐྱེད་པས་ན་དང་པོ་རྡོ་རྗེ་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་རྟོག་པས་སངས་རྒྱས་ཀྱི་སྲས་པོ་དམ་པ་རྣམས་སྐྱེད་པས་ན་མཆོག་སྟེ་གཉིས་པ་རིན་པོ་ཆེའི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་ངག་ནི་རབ་ཏུ་མི་གནས་པའི་ བདག་ཉིད་ཤེས་རབ་སྲེད་པར་འབྱུང་བའི་སྐྱེ་གནས་མེད་པས་གསུམ་པ ་པདྨའི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་ལས་ཀྱི་མཐའ་ཆོས་ལས་བྱུང་བའི་ལམ་གྱི་མྱ་ངན་ལས་འདས་པས་སྲིད་པ་སེལ་བས་ན་བཞི་བ་ལས་ཀྱི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་འཚོ་བས་སྟོང་པ་ཉིད་ལ་གཅིག་ཏུ་མཁྲེགས་པའི་ཞི་གནས་དང་ལྷག་མཐོང་གི་རྡོ་རྗེའི་བདག་ཉིད་ལྔ་པ་ཕྱག་རྒྱ་ཆེན་པོའི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་རྩོལ་བས་སྐྱེས་མ་ཐག་ཏུ་སྐད་ཅིག་མ་ལ་བྱ་བ་གྲུབ་པའི་སྤྲུལ་པ་འགྲོ་བའི་བདག་པོ་དྲུག་པ་དམ་ཚིག་གི་ཕྱག་རྒྱའི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་དྲན་པ་ནམ་མཁའ་ལས་བྱུང་བའི་མཚན་མ་མེད་པ་ལ་གནས་པས་རང་བཞིན་གྱིས་འོད་གསལ་བའི་མེ་ལས་བྱུང་བའི་བདུན་པ་ཆོས་ཀྱི་ཕྱག་རྒྱའི་འཁོར་ལོས་སྒྱུར་བའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་མཐོང་ཤེས་རབ་ཡེ་ཤེས་ཀྱི་མེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲེག་པའི་བརྒྱད་པ་ལས་ཀྱི་ཕྱག་རྒྱའི་འཁོར་ལོས་སྒྱུར་བའོ། །འཁོར་ལོས་སྒྱུར་བ་བརྒྱད་ནི་རྣམ་པར་སྣང་མཛད་ཀྱི་ཕྱོགས་བཞིར་གཉིས་གཉིས་བཞུགས་ལ། མཚམས་སུ་སྤྱན་མ་ལ་སོགས་པ་ཡུམ་བཞི་དགོད་པར་བྱའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་མཆོད་པའི་ལྷ་མོ་བརྒྱད་བསྟན་ཏེ། གཟུགས་ཆེན་པོའི་འོད་ཕུན་སུམ་ཚོགས་པ་སྣད་བར་བྱེད་པ་སྒེག་མོའོ། །འཁོར་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཡེ་ཤེས་སྣང་བས་ལྷམ་མེར་མཛད་པས་ན་ཕྲེང་བ་མའོ། །
འགྲོ་བ་མི་འཁྲུགས་པའི་བཟེད་པའི་མར་མེ་ཡེ་ཤེས་ཀྱི་སྒྲོན་མ་གླུ་མའོ། །གཟི་བརྗིད་ཆེན་པོའི་གོ་ཆ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལེ་ལོའི་གཉེན་པོར་འོད་གསལ་བའི་ཕྱིར་ན་གར་མའོ། །ཞི་གནས་ཀྱི་སྔགས་ཀྱིས་ཉོན་མོངས་པའི་དུག་ཞི་པར་བྱེད་པའི་རིག་སྔགས་ཀྱི་རྒྱལ་མོ་ནི་བདུག་པ་མའོ། །སྔགས་ཀྱི་རྒྱལ་པོ་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་དོན་ཆེན་པོ་བྱེད་པས་མེ་ཏོག་མའོ། །གཙུག་ཏོར་ཆེན་པོའི་ཐབས་དང་སྟོབས་ཀྱིས་རྨད་དུ་བྱུང་བའི་ཟག་པ་མེད་པའི་ཕུང་པོ་ལྔའི་གཙུག་ཏོར་མངའ་བས་ན་དྲི་ཆབ་མའོ། །སྨོན་ལམ་གྱི་སྟོབས་ཀྱིས་གཟུགས་སྣ་ཚོགས་སྟོན་པ་དང་ཡེ་ཤེས་ཀྱི་ནམ་མཁའི་བདག་པོ་མཛད་པས་ན་མར་མེ་མའོ། །སངས་རྒྱས་ཀུན་གྱི་སྐུ་བསྒོམ་པའི་དད་པའི་མཆོག་སྟེ་རྡོ་རྗེ་ལྕགས་ཀྱུ་ནི་དཀར་པོ་རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ། །ཀུན་དུ་དགའ་བའི་བརྩོན་འགྲུས་ཀྱི་མིག་དང་ལྡན་པས་རྡོ་རྗེ་ཞགས་པ་ནི་སེར་པོ་ཞགས་པ་བསྣམས་པའོ། །སྣ་ཚོགས་པའི་གཟུགས་ཅན་དྲན་པའི་དབང་པོས་འགྲོ་བ་ལ་ཕན་པ་བསྐྱེད་པ་རྡོ་རྗེ་ལྕགས་སྒྲོག་བསྣམས་པའོ། །ཤེས་རབ་ཀྱི་དབང་པོས་མཆོད་ཅིང་བསྟོད་དེ་ཏིང་ངེ་འཛིན་གྱི་དབང་པོས་དྲང་སྲོང་ཆེན་པོར་གྱུར་པ་ནི་རྡོ་རྗེ་འབེབས་པ་ལྗང་གུ་སྟེ་དྲིལ་བུ་བསྣམས་པའོ། །ཤློ་ཀ་ཉི་ཤུ་རྩ་གསུམ་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏེ། ཤེས་རབ་ཡེ་ཤེས་ལུས་འཆང་བ་ནི་རྣམ་པར་སྣང་མཛད་ཀྱི་འཁོར་ལོས་སྒྱུར་བའོ།། །།ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པར་བཞེད་པས། རིགས་གསུམ་འཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཚིགས་བཅད་གཅིག་གིས་རྣམ་པར་སྣང་མཛད་སྟོན་པ་ལ། རིགས་གསུམ་འཆང་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཡིན་ཏན་ནོ་།གསང་སྔགས་ཅན་ནི་དོན་ཡོད་གྲུབ་པའི་ཡོན་ཏན་ནོ། །དམ་ཚིག་ཆེན་པོ་ནི་མི་བསྐྱོད་པའིའོ། །གསང་སྔགས་འཆང་བ་ནི་སྣང་བ་མཐའ་ཡས་ཀྱིའོ། །གཙོ་བོ་ནི་རྣམ་པར་སྣང་མཛད་དེ། རང་དང་པོའི་སངས་རྒྱས་དང་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དཀོན་མཆོག་གསུམ་འཛིན་པའོ། །ཐེག་པ་མཆོག་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་སྟོན་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་
དབང་དུ་བྱས་ན། དོན་ཡོད་ཞགས་པ་ནི་མདའ་དང་གཞུ་འཛིན་པའོ། །རྣམ་པར་རྒྱལ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །འཛིན་པ་ཆེན་པོ་ནི་རལ་གྲིའི་ཡུ་བ་འཛིན་པས་ན་རལ་གྲི་བསྣམས་པའོ། །རྡོ་རྗེ་ཞགས་པ་ནི་ཞགས་བ་ཉིད་དོ། །རྡོ་རྗེ་ལྕགས་ཀྱུ་ནི་ལྕགས་ཀྱུ་ཉིད་དོ། །ཞགས་པ་ཆེན་པོ་ནི་ལྕགས་སྒྲོག་གོ །རྡོ་རྗེ་འཇིགས་བྱེད་ནི་དབང་ཕྱུག་ཆེན་ཕོ་དང་ཨུ་མ་འཇིགས་པར་བྱེད་པའོ། །རིན་ཆེན་ཧཱུཾ་མཛད་བཤད་པ་ནི། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ནི་མདོག་སེར་པོ་མིག་དྲུག་ནི་སྤྱན་དྲུག་ཚན་གསུམ་མོ། །ལག་དྲུག་སྟོབས་དང་ལྡན་པ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ་སྤངས་པའི་སྔ་མ་དྲུག་གོ །པདྨ་ཧཱུཾ་མཛད་བཤད་པ་ནི། ཀེང་རུས་མཆེ་བ་གཙིགས་པ་པོ་སྟེ་ཀེང་རུས་ལྟར་མཆེ་བ་གཙིགས་པའོ། །ཧ་ལ་ཧ་ལ་ནི་དུག་ནག་པོ་བརྩེགས་པས་མགྲིན་པ་སྔོན་པོའོ། །གདོང་བརྒྱ་པ་ནི་སྤྲུལ་པ་གདོང་བརྒྱ་འགྱེད་པས་ཁ་དོག་དམར་པོ་རྣམ་རྒྱལ་གྱི་ཕྱག་རྒྱས་དྲིལ་བུ་དང་པདྨ་བསྣམས་པའོ། །ལས་ཀྱི་ཧཱུཾ་མཛད་བཤད་པ། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ་ཏེ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཕྱག་ལྷག་མ་བཞི་གཤིན་རྗེ་དང་མཚུངས་པ། རལ་གྲི་དང་གཏུན་ཤིང་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། རྡོ་རྗེ་ཤུགས་ཅན་གྱི་ཕྲིན་ལས་རྣམ་པ་བཞིས་གཞན་འཇིགས་པར་བྱེད་པའོ། །རྡོ་རྗེ་སེམས་མ་བཤད་པ་རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ལ། གྲགས་པ་ནི་སྙན་པར་གྲགས་པས་ན་རྡོ་རྗེ་སེམས་མའོ། །རྡོ་རྗེ་ནི་མཚན་མ་མེད་པའོ། །སྙིང་པོ་ནི་སྐྱེ་གནས་ཏེ་རྡོ་རྗེ་རིན་ཆེན་མའོ། །སྨོན་པ་མེད་པའི་སྒྱུ་འཕྲུལ་ནི་རྡོ་རྗེ་ཆོས་མའོ། །རྡོ་རྗེ་ནི་འོད་གསལ་བའི་གསུས་བ་ཆེ་བས་ཁྱབ་པས་ན་རྡོ་རྗེ་ལས་མའོ། །རིན་ཆེན་ཧཱུཾ་མཛད་ཀྱི་འཁོར་གྱི་དབང་དུ་མཛད་ནས་བཤད་པ། རྡོ་རྗེ་ལས་སྐྱེས་ནི་མཉམ་པ་ཉིད་དེ་རྡོ་རྗེའི་བདག་ཉིད་རྡོ་རྗེ་རིན་ཆེན་ནོ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ་ནི་ནམ་མཁའ་དང་འདྲ་བའི་འོད་མངའ་བས་ན་རྡོ་རྗེ་ཉི་མའོ། །བྱམས་པ་ཆེན་པོ་མི་གཡོ་བའི་ཁྲོ་བོའི་རལ་པ་གཅིག་གིས་བསྒྱིངས་པས་ན་རྡོ་རྗེ་རྒྱལ་མཚན་ནོ། །ཆོས་ཀྱི་སྦྱིན་པས་གླང་པོ་ཆེའི་ཀོ་བ་སྙིང་རྗེས་བརླན་པས་ན་
ངོ་ཚ་ཤེས་པའི་གོས་སུ་མནབས་ཤིང་སོའི་ཕྲེང་བ་འཆང་བའོ། །ལས་ཀྱི་ཧཱུཾ་མཛད་ཀྱི་འཁོར་བཤད་པ། སྦྱོར་བའི་བརྩོན་འགྲུས་ཀྱི་ཧ་ཧ་ཞེས་སྒྲོགས་པ་ནི་རྡོ་རྗེ་ལས་སོ། །ཧི་ཧི་སྒྲོགས་ཤིང་འཇིགས་པར་བྱེད་པ་བརྩོན་འགྲུས་ཀྱི་གོ་ཆ་མན་བས་པས་ན་རྡོ་རྗེ་སྲུང་བའོ། །སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི། གད་མོ་ཆེན་པོའི་གད་རྒྱངས་ཅན་ནི་རྡོ་རྗེ་གནོད་སྦྱིན་ནོ། །སྒྲུབ་པ་ནན་ཏན་གྱི་བརྩོན་འགྲུས་ཀྱི། །རྡོ་རྗེ་གད་མོ་ཆེར་སྒྲོགས་པས་ན་རྡོ་རྗེ་ཁུ་ཚུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་འཁོར་བཤད་པ་ནི། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ནི་རྡོ་རྗེ་རྒྱལ་པོ་ཉིད་དོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ་ནི་ཆགས་པ་ཡིན་པས་རྡོ་རྗེ་ཆགས་པའོ། །རྡོ་རྗེ་སྤྲོ་བ་ནི་ཧཱུཾ་སྟེ་ཧཱུཾ་གི་སྒྲ་སྒྲོགས་པ་ནི་རྡོ་རྗེ་ལེགས་པའོ། །ཆོས་ཀྱི་ཧཱུཾ་མཛད་ཀྱི་འཁོར་བཤད་པ་ནི། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ་ནི་པདྨའི་མདའ་དང་གཞུ་ཐོགས་པའི་རྡོ་རྗེ་ཆོས་སོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད་ནི་རྡོ་རྗེ་རྣོན་པོའོ། །རྡོ་རྗེ་ཀུན་འཆང་ནི་རྫུ་འཕྲུལ་གྱིས་ཀུན་དུ་སྤྲོ་བའི་རྡོ་རྗེ་འཆང་བས་ན་རྡོ་རྗེ་འཁོར་ལོའོ། །རྡོ་རྗེ་གཅིག་པུས་ལྕེ་ལ་མཚན་པ་སོ་སོ་ཡང་དག་པར་རིག་པས་ཕ་རོལ་གྱི་གཡུལ་སེལ་བས་ན་རྡོ་རྗེ་སྨྲ་བའོ། །རྡོ་རྗེ་ལྕགས་ཀྱུ་འབར་བ་དང་མིག་མི་བཟད་པ་འཆང་བས་ན་རྡོ་རྗེ་ལྕགས་ཀྱུའོ། །སྐྲ་ཡང་རྡོ་རྗེ་འབར་བས་ཞགས་པའོ། །ཏིང་ངེ་འཛིན་གྱི་མིག་བརྒྱ་མངའ་ཞིང་མངོན་པར་ཤེས་པ་དྲུག་གི་རྡོ་རྗེའི་མིག་མངའ་བས་ན་ལྕགས་སྒྲོག་གོ །རྡོ་རྗེ་འབེབས་པ་འབེབས་པ་ཆེ་ནི་རྡོ་རྗེ་འབེབས་པའོ། །ལས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་མཆོད་པའི་ལྷ་མོ་སྟོན་ཏེ། སྦྱིན་པ་ལ་སྦྱོར་བ་བསྟན་པས་རྡོ་རྗེ་བཞིན་དུ། ལུས་ནི་རྡོ་རྗེའི་བ་སྤུ་ཅན་ནི་སྒེག་མོའོ། །ཚུལ་ཁྲིམས་ལ་སྦྱོར་བ་མི་ཕྱེད་པས་རྡོ་རྗེའི་བ་སྤུ་སྟེ་གཅིག་པུ་ལུས་ཀྱི་ཕྲེང་བ་མའོ། །བཟོད་པ་ལ་མི་ཕྱེད་པས་ན་སེན་མོ་སྐྱེས་པ་རྡོ་རྗེ་རྡོ་རྗེ་གླུ་མའོ། །བརྩོན་འགྲུས་ལ་མི་ཕྱེད་པའི་སྦྱོར་བ། རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་ཏེ་རྡོ་རྗེ་གར་མའོ། །ཞི་གནས་ཀྱི་བསམ་གཏན་གྱི་རྡོ་རྗེ་ཕྲེང་བ་ཐོགས་ཤིང་ཟུང་དུ་འཇུག་པའི་དཔལ་དང་ལྡན་པས་བདུག་པའོ། །ལྷག་མཐོང་འབའ་ཞིག་གི་རྒྱན་
གྱིས་བརྒྱན་པས་ན་མེ་ཏོག་མའོ། །སྟོབས་སྟོན་པའི་གད་རྒྱངས་ངེས་པར་སྒྲོགས་པས་ན་རྡོ་རྗེ་མར་མེ་མའོ། །མི་ཕྱེད་པའི་སྨོན་ལམ་གྱི་རྡོ་རྗེ་སྒྲ་འབྱིན་ཅིང་ཨོཾ་ཝཱ་གཱི་ཤྭ་རི་མུཾ། རྡོ་རྗེ་སྒྲ་འདོན་པས་ན་རྡོ་རྗེ་དྲི་ཆབ་མའོ། །བསྐལ་པ་བཟང་པོའི་མཚན་ཉིད་གསུངས་པ། འཇམ་དབྱངས་ཆེན་པོ་སྒྲ་ཆེན་པོ་སྟེ་ཤར་ཕྱོགས་ཉེ་བར་མཚོན་པའོ། །སྤོབས་པས་འཇིག་རྟེན་གསུམ་ན་སྒྲ་གཅིག་སྒྲོགས་པ་སྟེ། སྤོབས་པ་བརྩེགས་པས་ལྷོ་ཕྱོགས་མཚོན་པའོ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ་ནི་རྡོ་རྗེ་སྙིང་པོ་ཉིད་དེ་བྱང་ཕྱོགས་ཉེ་བར་མཚོན་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ནི་མྱ་ངན་དང་མུན་བའི་དགྲ་འཇོམས་པའི་མཆོག་ནི་མྱ་ངན་དང་མུན་པ་སེལ་བར་འཇོམས་པ་སྟེ་ནུབ་ཕྱོགས་ཉེ་བར་མཚོན་པའོ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱིས་བསྟན་པའི་འཁོར་ལོས་སྒྱུར་བ་ནི་སྡུག་བསྔལ་གཅོད་པ་དང་བཅས་པའོ།། །།ད་ནི་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་འཇུག་པ་ནི་རིག་པའི་ལྷ་མོ་ལ་བསྟོད་པ་གསུངས་ པ་ནི། ཡང་དག་བདག་མེད ་དེ་བཞིན་ཉིད་དེ་ཆོས་ བདག་མེད་པ ་ཉིད་དང༌། ཡང་དག་མཐའ་སྟེ་གང་ཟག་གི་ བདག་མེད་པ ་ལ་ཡི་གེས་བརྗོད་དུ་མེད་པ་ནི་པདྨ་རིགས་ཀྱི་རྡོ་རྗེ་སེམས་མའོ། །མཚན་མ་མེད་པའི་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། སྙིང་རྗེས་ཟབ་པ་དང་རྒྱ་ཆེ་བ་སྒྲ་སྒྲོགས་པས་ན་པདྨའི་རིགས་ཆེན་མོའོ། །སྨོན་པ་མེད་པའི་དང་པོར་དགེ་བའི་ཆོས་ཀྱི་དུང་གི་སྒྲ་ཆེན་ལྡན་པ་དང་ཐ་མར་དགེ་བའི་སྒྲ་ཆེན་དང་ལྡན་པ་སྟེ་རྡོ་རྗེ་ཆོས་མའོ། །འོད་གསལ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱོགས་བཅུར་བརྩོན་འགྲུས་ཀྱི་ཆོས་ཀྱི་རྡ་བོ་ཆེ་བརྡུངས་པས་ན་ཆོས་ཀྱི་ལས་མའོ། །མཆོད་པའི་ལས་མ་རྣམས་བཤད་པ། དོན་དམ་པར་གཟུགས་མེད་ཅིང་ཀུན་རྫོབ་ཏུ་སྦྱིན་པའི་གཟུགས་དམ་པ་སྟེ། སྣ་ཚོགས་པའི་གཟུགས་ཅན་ཡིད་ལས་སྐྱེས་པས་ན་པདྨའི་སྒེག་མོའོ། །དགེ་བའི་ཆོས་སྡུད་པའི་གཟུགས་སྣང་བའི་དཔལ་དུ་གྱུར་ཅིང་ཕྲེད་བའི་གཟུགས་བརྙན་གྱི་དོན་དུ་མ་ལུས་འཆང་བས་ན་པདྨའི་ཕྲེང་བའོ། །ཁྲོས་པས་གཞན་གྱི་དོན་མི་འཇིགས་པའི་འོད་ཟེར་གྱིས་ཚུགས་པ་
མེད་ཅིང་ཆེར་གྲགས་པའི་བཟོད་པ་ཁམས་གསུམ་གྱི་འཁོར་གྱི་ས་བསྐོར་བའོ། །ཆེ་བའི་ཆེ་བས་ན་པདྨའི་གླུ་མའོ། །བྱང་ཆུབ་སེམས་དཔའི་ལམ་ནི་ཤིན་ཏུ་མཐོ་བ་ལ་གནས་ཤིང་དར་བ་ཆེན་པོའི་བརྩོན་འགྲུས་ཀྱི་སྟོབས་བསྙེམས་པས་ན་པདྨའི་གར་མའོ། །འཇིག་རྟེན་དུ་གཞོན་ནུའི་ལུས་བཟུང་ནས་ཡོན་ཏན་ཕུན་སུམ་ཚོགས་པའི་བསམ་གཏན་ཡུན་རིང་པོའི་གཉེན་པོའི་སྐྱེ་དགུའི་བདག་པོ་ནི་པདྨའི་བདུག་པ་མའོ། །ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བའི་ཉེས་པས་མ་གོས་ཤིང་ལྷག་མཐོང་གིས་མི་ཟད་པས་ན་སུམ་ཅུ་རྩ་གཉིས་ཀྱི་མཚན་འཆང་བས་ན་པདྨའི་མེ་ཏོག་མའོ། །ཡེ་ཤེས་དང་སྨོན་ལམ་གྱི་སྟོབས་ཀྱིས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །མི་འཇིགས་པ་བཞི་མངའ་བའི་སློབ་དཔོན་འཇིགས་པ་མེད་པ་ནི་པདྨའི་མར་མེ་མའོ། །ཐམས་ཅད་ཀྱི་མགོན་པོས་སྐྱོབ་ཅིང་འཇིག་རྟེན་གསུམ་ན་ཡིད་གཅུགས་པས། འདས་པ་བསྐྱབས་པ་དང་ད་ལྟར་བསྐྱབས་ནས་མ་འོངས་པ་སྐྱོབ་པས་ན་བླ་ན་མེད་པ་སྟེ་པདྨའི་དྲི་མའོ། །རྣམ་པར་སྣང་མཛད་ཀྱི་དབང་དུ་མཛད་ནས་ཡེ་ཤེས་རྣམས་ལ་ཆགས་པ་དང་ཐོགས་པ་མི་མངའ་ཞིང་ཐམས་ཅད་མཁྱེན་པའི་དྲི་མ་མེད་པའི་ཡེ་ཤེས་རྒྱ་མཚོ་སྡུག་བསྔལ་གྱི་མ་རིག་པའི་སྒོ་ངའི་སྦུབས་འབྱེད་ཅིང༌། ཀུན་གྱི་སྲིད་པའི་དྲ་བ་བཅོམ་ནས་གཞན་གྱི་རྒྱུད་ཉོན་མོངས་པ་མ་ལུས་པ་ཞི་བར་མཛད་ཅིང་འབྲས་བུ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡེ་ཤེས་དབང་བསྐུར་ཅོད་པན་ནི་རིན་པོ་ཆེའི་ཅོད་པན་ཅན་ནོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་པ་ནི་སངས་རྒྱས་ཉི་ཤུ་རྩ་གཅིག་གི་དོ་ཤལ་མངའ་བ་རྣམ་པར་སྣང་མཛད་དོ། །སྙིང་རྗེས་འདུ་བྱེད་ཀྱི་སྡུག་བསྔལ་བ་དང༌། འགྱུར་བའི་སྡུག་བསྔལ་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ཞི་བར་མཛད་ཅིང་བྱམས་པས་ཁམས་གསུམ་གྱི་སྒྲིབ་པ་བསལ་ནས་ཐེག་པ་གསུམ་གྱིས་རྣམ་པར་གྲོལ་བ་ཐོབ་པ་ཀླུ་ཤིང་བསྣམས་པ་ནི་བྱམས་པའོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བའི་རལ་གྲི་བསྣམས་ཤིང་ནམ་མཁའ་ལྟར་མཉམ་པའི་པོ་ཏི་བསྣམས་པ་ནི་འཇམ་དཔལ་ལོ། །ཉོན་མོངས་པའི་སྒྲིབ་པ་ཀུན་ལས་འདས་པའི་དུང་བསྣམས་ཤིང་ཀུན་རྫོབ་
ཀྱི་དུས་གསུམ་དོན་དམ་པར་དུས་མེད་པར་རྟོགས་པའི་ཆུ་བསྣམས་པ་ནི་སྤོས་ཀྱི་གླང་པོའོ། །སེམས་ཅན་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་གཙོ་བོ་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཅོད་པན་མེ་ཏོག་གི་ཕྲེང་བ་དང་བཅས་པ་བསྣམས་པ་ནི་ཡེ་ཤེས་ཏོག་གོ །ཉོན་མོངས་པའི་ལུས་ཀུན་ལས་རྣམ་པར་གྲོལ་ཞིང་ནམ་མཁའ་ལ་གནས་པའི་གཏེར་གྱི་མཛོད་ཕྱག་ན་བསྣམས་པ་ནི་བཟང་སྐྱོང་ངོ༌། །ཡིད་བཞིན་ནོར་བུ་འཆང་ཞིང་སེམས་ཅན་ཀུན་ལ་ཁྱབ་པས་རིན་པོ་ཆེའི་མཛོད་སྟེར་བས་བློ་གྲོས་རྒྱ་མཚོའོ། །དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་ཕྱག་ན་བསྣམས་པས་བློ་གྲོས་མི་ཟད་པའོ། །སོ་སོར་རྟོག་པའི་བྱེད་པས་སེམས་ཅན་ཀུན་གྱི་དོན་བྱེད་པའི་པདྨ་དང་ཕན་འདོགས་པའི་པོ་ཏི་བསྣམས་པས། སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཏེ་སྤོབས་པ་བརྩེགས་པའོ། །ལས་རྒྱུ་འབྲས་བཟང་ངན་ཤེས་ཤིང་སེམས་ཅན་འདུལ་བའི་དུས་ཤེས་པ་ལ་ཕྱིར་མི་ལྡོག་པའི་དམ་ཚིག་ཤེས་པའི་རལ་གྲི་ཕྱག་ན་བསྣམས་པའི་དམ་ཚིག་དང་ལྡན་པ་ནི་མཐུ་ཆེན་ཐོབ་པའོ། །དུས་གསུམ་མཁྱེན་ཅིང་འདུལ་བའི་སེམས་ཅན་གྱི་དབང་པོ་རབ་འབྲིང་ཤེས་ཤིང་ཐེག་པ་གསུམ་གྱིས་རྣམ་པར་གྲོལ་བ་ལ་མཁས་པའི་རྒྱལ་མཚན་བསྣམས་པ་ནི་ངན་སོང་ཀུན་འདྲེན་པའོ། །རང་ཉིད་ཡོན་ཏན་དང་ལྡན་ཞིང་གཞན་གྱི་ཡོན་ཏན་ཤེས་ཤིང་མྱ་ངན་དང་བྲལ་བའི་ཆོས་ཤེས་པའི་བཀྲ་ཤིས་ལས་བྱུང་བའི་དཔལ་གྱི་བེའུ་ཕྱག་ན་བསྣམས་པ་ནི་མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་སོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་ནི་གཡུང་དྲུང་འཁྱིལ་པ་ཕྱག་ན་བསྣམས་པ། སེམས་ཅན་ལ་ཕན་པའི་གྲགས་པའི་ཚོགས་གཉིས་རྫོགས་པའི་བཀྲ་ཤིས་དང་སྒྲིབ་པ་གཉིས་སྤངས་པའི་སྙན་གྲགས་དགེ་སྟེ་དྲ་བ་ཅན་གྱི་འོད་དོ། །ཕྱིར་མི་ལྡོག་པས་ན་དབུགས་འབྱིན་ཆེན་པོ་སྟེ། སེམས་ཅན་རྣམས་དགའ་བར་བྱེད་པས་ན་དགའ་སྟོན་ཆེ་སྟེ། ཟླ་བས་མཚན་པའི་གདུགས་ཀྱི་རོལ་མོ་ཆེན་པོ་འཆང་བས་ན་ཟླ་འོད་གཞོན་ནུའོ། །སོ་སོར་རྟོག་པའི་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་འོད་དཔག་ཏུ་ མེད་པ་མངའ་ཞིང་མཆོག་ཏུ་དགའ་བའི་པདྨའི་སྟེང་ན་གྲགས་པའི་བདག ་ཉིད་ཀྱི་དཔལ་གྱི་རལ་གྲི་བསྣམས་པ་ནི་འོད་དཔག་ཏུ་མེད་པའོ། །ནམ་མཁའ་
མཛོད་མཆོག་དང་ལྡན་ཞིང་རིན་པོ་ཆེའི་མཛོད་ཀྱི་མཆོག་ཕྱག་ན་བསྣམས་པའི་གཙོ་བོ་སྟེ། སྐྱབས་རྣམས་ཀྱི་མཆོག་ནམ་མཁའི་སྙིང་པོའོ། །འཇིགས་པ་ཆེན་པོ་བརྒྱད་ནི་དགྲ་སྟེ། དེ་སྐྱོབ་བའི་སྣ་ཚོགས་རྡོ་རྗེ་རབ་ཀྱི་མཆོག་དང་འཇིགས་པ་མ་ལུས་སེལ་བའི་རལ་གྲི་ཕྱག་ན་བསྣམས་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །མི་བསྐྱོད་པའི་འཁོར་དང་བཅས་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་དྲུག་སྟེ། དེ་ལ། གཙུག་ཕུད་ཕུད་པུ་ལྕང་ལོ་ཅན་གྱི་རྨ་བྱའི་མདོངས་བཞིན་དུ་དབུ་ལྕང་ལོ་བཅིངས་པའོ། །མུཉྫས་བཅིངས་པའི་རལ་པའི་ཅོད་པན་ནི་གདོང་ལྔ་གཙུག་ཕུད་ལྔ་དང་ལྡན་ནི་གདོང་ལྔ་ལ་ཅོད་པ་ན་ཉི་ཤུ་མངའ་བའོ། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད་ནི་ཅོད་པན་གྱི་བར་ནས་མེ་ཏོག་ཕྲེང་བའོ། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་ནི་ཞལ་སྟེང་མ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །དེ་ལྟར་ཞལ་ལྔ་ནི་ཡེ་ཤེས་ལྔའི་རྣམ་པར་དག་པའོ། །སེམས་ཅན་ལ་ཕན་པའི་སྨོན་ལམ་མཐར་ཕྱིན་ཅིང་འཁོར་བ་ཇི་སྲིད་པར་དམ་བཅས་པས་ན་དཀའ་ཐུབ་ཆེ་བའོ། །ཞལ་སྟེང་མ་དེ་ཇི་ལྟ་བུ་ཞེ་ན། གཙང་གནས་དམ་པ་གཽ་ཏ་མའི་རིགས་སུ་འཁྲུངས་པའོ། །བྲམ་ཟེ་ཚངས་པ་ནི་ལམ་གཞན་ལས་བསྟོད་པའོ། །ཚངས་པ་ཤེས་ནི་ལམ་མཁྱེན་པའོ། །མྱ་ངན་འདས་པ་ཐོབ་པ་ནི་སློབ་པའི་ལམ་མེ་ལོང་ལྟ་བུ་ཐོབ་པའོ། །གྲོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལགས་སོ། །རྣམ་པར་གྲོལ་བའི་ལུས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་སོ། །གྲོལ་བ་ནི་ཉན་ཐོས་ཀྱིའོ། །ཞི་བ་ཐེག་པ་ཆེན་པོ་སྟེ་དེའི་བདག་ཉིད་རྡོ་རྗེ་སེམས་དཔའོ། །མྱ་ངན་འདས་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་སོ། །མྱ་ངན་འདས་པ་ནི་ཤེས་བྱའི་སྒྲིབ་པ་ལས་སོ། །ལེགས་པར་ནི་ཐུགས་རྗེའོ། །མྱ་ངན་འདས་པ་ནི་ཤེས་རབ་ཀྱིས་སོ། །ཉེ་བ་ནི་རབ་ཏུ་མི་གནས་པ་ལ་ཉེ་བའོ། །བདེ་སྡུག་སེལ་བའི་མཐར་གྱུར་པ་ནི་སྲིད་པ་དང་ཞི་བ་ལ་མི་གནས་པའོ། །ཆགས་བྲལ་ནི་སྒྲིབ་པ་ལས་སོ། །ལུས་ལས་འདས་པ་ནི་བག་ལ་ཉལ་བ་སྤངས་པ་སྟེ་རྡོ་རྗེ་རྒྱལ་པོའོ། །ཐུབ་པ་མེད་པ་ནི་སེར་སྣ་སྤངས་པའོ། །དཔེ་མེད་པ་ནི་འཆལ་པའི་ཚུལ་
ཁྲིམས་སྤངས་པའོ། །མི་མངོན་པ་ནི་ཁོང་ཁྲོ་བ་སྤངས་པའོ། །མི་སྣང་བ་ནི་ལེ་ལོ་དང་བྲལ་བའོ། །གསལ་བྱེད་མིན་ནི་གཡེང་པ་མེད་པའོ། །མི་འགྱུར་པ་ནི་འཆལ་བའི་ཤེས་རབ་དང་བྲལ་བའོ། །ཐེག་པ་གསུམ་འགྲོ་བ་ལ་སྨིན་ཅིང་གྲོལ་བ་ལ་ཁྱབ་པ་པོ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མདངས་ཕྲ་ཞིང་ཟག་པ་ས་བོན་དང་བྲལ་བ་ནི་རྡོ་རྗེ་ཆགས་པའོ། །རྡུལ་མེད་ནི་སྦྱིན་པའོ། །རྡུལ་བྲལ་ནི་ཚུལ་ཁྲིམས་སོ། །དྲི་མ་མེད་པ་ནི་བཟོད་པའོ། །ཉེས་པ་སྤངས་པ་སྐྱོན་མེད་པ་ནི་བརྩོན་འགྲུས་སོ། །རྡོ་རྗེ་སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་ཤིན་ཏུ་སད་པར་བྱེད་པས་ན་བསམ་གཏན་ནོ། །ཇི་སྙེད་པ་ཀུན་ཤེས་ཤིང་ཇི་ལྟ་བ་ཀུན་རིག་མངའ་བ་ནི་ཤེས་རབ་དམ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟེ་རྡོ་རྗེ་ལེགས་པའོ། །རིན་ཆེན་གཙུག་ཏོར་གྱི་དབང་དུ་མཛད་ནས་བཤད་པ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་འགྱུར་བའི་འོད་གསལ་བའོ། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ནི་ཟུང་འཇུག་གིའོ། །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ་ནི་རིན་ཆེན་གཙུག་ཕུད་སྐུ་མདོག་སེར་པོ་ཞལ་ལྔ་པའོ། །དུས་གསུམ་སངས་རྒྱས་ལས་བྱེད་པ་ནི་ད་ལྟར་གྱི་སངས་རྒྱས་ཀྱི་བདག་ཉིད་རིན་ཆེན་གཙུག་ཕུད་དང༌། དང་པོའི་སངས་རྒྱས་ཐུགས་ཀར་བཞུགས་པ་དང༌། མ་བྱོན་པའི་སངས་རྒྱས་ཝཱ་གཱི་ཤྭ་རའོ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ་ནི་ཐུགས་ཀར་ཞལ་ལྔ་ཕྱག་བརྒྱད་པའོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་སྤྱན་གཅིག་དང་ལྡན་པའི་ཝཱ་གཱི་ཤྭ་རའོ། །རྡོ་རྗེ་བཞད་པའི་དབང་དུ་མཛད་ནས། ཚིག་གི་དབང་ཕྱུག་ནི་ཡང་དག་པའི་ལྟ་བའོ། །སྨྲ་བ་ཆེན་པོ་ནི་ཡང་དག་པའི་རྟོག་པའོ། །སྨྲ་བའི་སྐྱེས་མཆོག་ནི་ཡང་དག་པའི་ངག་གོ །སྨྲ་བའི་རྒྱལ་ནི་ཡང་དག་པའི་ལས་ཀྱི་མཐའོ། །སྨྲ་བའི་དམ་པ་ནི་ཡང་དག་པའི་འཚོ་བའོ། །མཆོག་གི་གནས་ནི་ཡང་དག་པའི་རྩོལ་བའོ། །སྨྲ་བའི་སེང་གེ་ནི་ཡང་དག་པའི་དྲན་པའོ། །ཚུགས་པ་མེད་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་བཞད་པ་ཞལ་བཅུ་གཅིག་པའོ། །ཀུན་དུ་ལྟ་བ་ནི་སེང་གེའི་འཇིགས་པ་ལས་སྐྱོབ་པའོ། །མཆོག་
ཏུ་དགའ་བ་ནི་གླང་པོའི་འཇིགས་པ་ལས་སོ། །གཟི་བརྗིད་ཕྲེང་བ་ནི་མེའི་འཇིགས་པ་ལས་སོ། །ལྟ་ན་སྡུག་པ་ནི་སྦྲུལ་གྱི་འཇིགས་པ་ལས་སོ། །འོད་འབར་བ་ནི་མཚོན་གྱི་འཇིགས་པ་ལས་སོ། །དཔལ་གྱི་བེའུ་ནི་རྐུན་མོའི་འཇིགས་པ་ལས་སོ། །ལག་ན་འོད་འབར་བ་ནི་ཤ་ཟའི་འཇིགས་པ་ལས་སོ། །སྣང་བ་པོ་ནི་རྒྱ་མཚོའི་རྦ་རླབས་ཀྱི་འཇིགས་པ་ལས་སྐྱོབ་པས་ན་འཇིག་རྟེན་པའི་འཇིགས་པ་བརྒྱད་སྐྱོབ་པའོ། །འཇིག་རྟེན་ལས་འདས་པའི་འཇིགས་པ་ལས་སྐྱོབ་པ་ནི། སྨན་བ་ཆེ་མཆོག་གཙོ་བོ་སྟེ། །ཤེས་བྱའི་སྒྲིབ་པ་གསོ་བའོ། །ཉོན་མོངས་པའི་ཟུག་རྡུ་འབྱིན་པ་སྟེ་བླ་ན་མེད་པའོ། །ཉོན་མོངས་པ་དང་ཤེས་བྱའི་བག་ལ་ཉལ་བ་མ་ལུས་པ་འཇོམས་པས་ན། སྨན་རྣམས་མ་ལུས་ལྗོན་པའི་ཤིང་ངོ༌། །ལམ་ལྔའི་ཉོན་མོངས་པ་མ་ལུས་པ་སྤོང་བས་ན། ནད་དོ་ཅོག་གི་དགྲ་ཆེ་བ་སྟེ། ལྷ་ཉི་མའི་གཟུགས་ཅན་ནོ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས་ནི་ཕུན་སུམ་ཚོགས་པའོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་བྱམས་པའི་འབྲས་བུའོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ནི་སྙིང་རྗེ་དང་བྱམས་བའི་བདག་ཉིད་དོ། །དཔལ་ལྡན་ནི་ཟླ་བའི་གཟུགས་ཅན་པདྨ་ནི་འདིར་ཀུ་མུ་ད་སྟེ་སྟེང་ན་གར་མཛད་པའོ། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས་ནི་ཕྱག་མཚན་ཏེ་ཟླ་བའི་རྒྱལ་མཚན་ནོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ་ནི་སངས་རྒྱས་ལྔའི་ཅོད་པན་མངའ་བའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ་ནི་སྐུའི་སྒོ་ནས་སོ། །རྣལ་འབྱོར་ཆེ་ནི་ཐུགས་ཀྱི་སྒོ་ནས་སོ། །བསྟན་པ་གཅིག་ནི་གསུང་གི་སྒོ་ནས་སོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་སྒོ་ནས་སོ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ནི་སེམས་ཅན་ཀུན་ལ་དབང་བསྐུར་བའོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ནི་དེ་བཞིན་གཤེགས་པ་ཀུན་ལ་དབང་བསྐུར་བའི་བདག་པོ་སྟེ་རྡོ་རྗེ་རིན་ཆེན་ནོ། །སྣང་བ་མཐའ་ཡས་པདྨའི་ཏིང་ངེ་
འཛིན་གྱི་དབང་དུ་མཛད་ནས། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ནི་དང་པོའི་སངས་རྒྱས་ཐུགས་ལ་གནས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཐུགས་ཀའི་བཛྲ་ཏཱིཀྵྞའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་རང་ཉིད་ཉི་མའི་འོད་མངའ་བའོ། །རྡོ་རྗེ་ཟླ་བ་དྲི་མེད་ནི་དང་པོའི་སངས་རྒྱས་ཟླ་བའི་འོད་མངའ་བའོ། །ཆགས་བྲལ་ནི་མྱ་ངན་ལས་འདས་པ་ལས་སོ། །སོགས་པས་བསྡུས་པ་ནི་ཆགས་པ་སྟེ་འཁོར་བའོ། །ཆགས་པ་ནི་གཉིས་ཀ་ལ་མི་གནས་པའོ། །ཁ་དོག་སྣ་ཚོགས་འབར་བ་ནི་སྐུ་མདོག་དམར་པོ་འོད་ཟེར་དམར་བའོ། །རྡོ་རྗེ་སྐྱིལ་ཀྲུང་ནི་བཞུགས་སྟངས་སོ། །འགྲོ་བའི་ཆོས་འཛིན་པ་ནི་པདྨ་བསྣམས་པ་སྟེ། སེམས་ཅན་ལ་དམིགས་པའི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ཆོས་བཤད་པ། སངས་རྒྱས་སྐྱེས་ནི་སྣང་བ་མཐའ་ཡས་ལས་སྐྱེས་པའོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ནི་གཡོན་པས་པདྨའི་ཡུ་བ་བཟུང་ནས་གཡས་པས་འབྱེད་པའོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་ནི་འགྲོ་བ་འདུལ་བ་ཀུན་གཟུགས་སོ། །ཆེ་བ་སངས་རྒྱས་སྣང་བ་མཐའ་ཡས་རིག་སྔགས་ཀྱི་བདག་པོ་དབུ་ལ་འཆང་བ་སྟེ་པདྨའི་སྒྲོལ་མའོ། །རྡོ་རྗེ་རྣོན་པོའི་ཚིག་བཅད་གཅིག་ནི་གོ་སླའོ། །ཁྱབ་འཇུག་གི་གཟུགས་ཅན་རྡོ་རྗེ་ཟབ་མོ་ཛིན་ཛིཀ་སྟེ་བླ་ན་མེད་པའི་རྒྱལ་བས་རྒྱལ་བའོ། །རྡོ་རྗེ་བློ་གྲོས་དོན་བཞིན་རིག་ནི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་མཁྱེན་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ནི་ཕ་རོལ་ཕྱིན་པ་བཅུ་རྫོགས་པའི་ས་བཅུ་རྫོགས་པས་ན་རྒྱན་དང་ལྡན་པ་སྟེ་རྡོ་རྗེ་འཁོར་ལོའོ། །རྣམ་པར་དག་ པ་བདག་མེད ་ཆོས་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཡང་དག་ཡེ་ཤེས་ཟླ་འོད་བཟང་ནི་སྤོབས་པའོ། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ནི་ངེས་པའི་ཚིག་གོ །རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ནི་དོན་སོ་སོ་ཡང་དག་པར་རིག་པ་སྟེ། ཚངས་པའི་གཟུགས་ཅན་གྱིས་གསུངས་བའོ། །དོན་ཡོད་གྲུབ་པའི་པདྨའི་ངེས་པའི་དབང་ཕྱུག་གི་དབང་དུ་མཛད་ནས། རྡོ་རྗེ་གདན་ནི་མ་ལུས་ལྡན་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ༌། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ནི་ཛྙཱ་ན་ཀཱ་ཡའོ། །ཀུན་དུ་བཟང་པོ་བློ་གྲོས་བཟང་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་པོའི་
སངས་རྒྱས་སོ། །ས་ཡི་སྙིང་པོ་འགྲོ་བ་འཛིན་ནི་བྱ་བ་ནན་ཏན་གྱིས་འགྲོ་བ་རྣམས་མི་གཏོང་བ་སྟེ་དོན་ཡོད་གྲུབ་པའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་སྟེ་སྦྱོར་བའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་པས་ན། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་སྟེ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་འཁོར་ལོ་སྣ་ཚོགས་འཆང་བ་རྡོ་རྗེ་ལས་སོ། །དངོས་པོ་ཀུན་གྱི་རང་བཞིན་འཆང་ནི་སྒྲུབ་པའི་བརྩོན་འགྲུས་ཏེ་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་འཛིན་པའི་བསྲུང་བའོ། །སོ་སོར་རྟོག་པ་སྐྱེ་བ་མེད་པའི་ཆོས་མཁྱེན་ནས་འགྲོ་བ་སྣ་ཚོགས་དོན་དུ་གཉེར་བའི་ཆོས་ཀུན་གྱི་ངོ་བོ་ཉིད་འཆང་བའི་གནོད་སྦྱིན་ནོ། །ནན་ཏན་བྱེད་པའི་ཤེས་རབ་ཆེན་པོ་སྐད་ཅིག་ལ་ཆོས་ཀུན་གྱི་འོད་གསལ་བ་ཐུགས་སུ་ཆུད་པའི་ཁུ་ཚུར་རོ། །དད་པའི་དབང་པོས་ཆོས་ཀུན་ཁོང་དུ་ཆུད་པས་ཐུབ་པའི་བློ་མཆོག་སྟེ་ལྕགས་ཀྱུའོ། །བརྩོན་འགྲུས་ཀྱི་དབང་པོས་མི་གཡོ་བས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཇུག་ཅིང་འཆང་བས་ན་ཞགས་པའོ། །དྲན་པའི་དབང་པོས་སངས་རྒྱས་ཀུན་གྱི་མངོན་སུམ་དུ་བྱེད་པས་ན་ལྕགས་སྒྲོག་གོ །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །འབེབས་པས་ནི་དྲིལ་བུའོ། །དེ་ལྟར་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བཛྲ་ཏཱིཀྵྞ་དང་ལྡན་པའི་འཁོར་ལོས་སྒྱུར་བའོ།། །།དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་འདོད་པའི་དོན་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་མཆོག་ཏུ་གྱུར་པས་དམ་པ་སྟེ་རྣམ་པར་སྣང་མཛད་དོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ་ནི་རབ་ཏུ་བྱུང་བའི་ཆ་བྱད་ཅན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མངའ་བའོ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག་ནི་ཐུགས་ཀའི་དང་པོའི་སངས་རྒྱས་སོ། །སེམས་ཅན་ཐམས་ཅད་རབ་སྒྲོལ་བྱེད་ནི་འཁོར་ལོ་གཉིས་ཀྱི་སྟེང་དུ་པྲཛྙཱ་ཛྙཱ་ན་མཱུརྟིའོ། །དོན་གྲུབ་ཀྱི་མི་བསྐྱོད་པའི་དབང་དུ་བྱས་ནས། ཉོན་མོངས་གཡུལ་དུ་གཅིག་དཔའ་བ་སྟེ། ཉོན་མོངས་པས་ཀུན་ནས་བསླང་བའི་གཡུལ་གྱི་ནང་ན་རྡོ་རྗེ་བསྣམས་ནས་གཅིག་པུ་དཔའ་པ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་
པའི་ང་རྒྱལ་དང་བཅས་པ་དྲེགས་པས་ས་གནོན་གྱི་ཕྱག་རྒྱས་འཇོམས་པའོ། །དཔལ་ལྡན་ནི་ཟུང་དུ་འཇུག་པའོ། །བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་སྒེག་པར་ལྡན་པ་ནི་ཞལ་ཁྲོ་འཛུམ་དང་ལྡན་པའོ། །ཅུང་ཟད་མཆེ་བ་གཙིགས་ཤིང་བདུད་ཀྱིས་མི་བསྐྱོད་པ་བརྟན་པོའི་ཁྲོ་བོ་མི་སྡུག་པའི་གཟུགས་འཆང་བའོ། །རིན་ཆེན་གཙུག་ཕུད་ཀྱི་དབང་དུ་མཛད་ནས་འོད་ཟེར་གྱིས་སྤྲུལ་པའི་ལག་པ་བརྒྱ་པོ་ཀུན་དུ་བསྐྱོད་ནི་གཡས་བརྐྱང་དང་གཡོན་བརྐྱང་གི་གོམ་པའི་སྟོབས་ཀྱིས་གར་བྱེད་པའོ། །དཔལ་ལྡན་ནི་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་གྱི་ངོ་བོ་ལག་པ་བརྒྱས་སྤྲུལ་པའི་ཕྱག་གིས་ལོངས་སྤྱོད་པ་ནི་ནམ་མཁའ་ཁྱབ་པར་སེམས་ཅན་ལ་དབང་བསྐུར་ནས་གར་བྱེད་པ་ནི་ཅི་དགའ་བར་རོལ་པའོ། །རིན་ཆེན་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས་ཡི་གེ་ལཾ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་ལྟེ་བར་རྐང་པ་གཡས་པའི་མཐིལ་གྱིས་གནོན་ཅིང་ཞབས་གཡོན་པའི་རྐང་པའི་མཐེབ་སེན་མོའི་ཁྱོན་གྱིས་བསམ་གཏན་དང་པོའི་ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་སྟེ་ཕྱག་གཉིས་ཀྱིས་པདྨ་བསྣམས་པའོ། །རིན་ཆེན་ཆར་འབེབས་ཀྱི་དབང་དུ་མཛད་ནས། དོན་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གཅིག་ནི་སྟོང་པ་ཉིད་དོ། །གཉིས་མེད་ནི་མཚན་མ་མེད་པའོ། །ཆོས་ཀྱི་དོན་ནི་སྨོན་པ་མེད་པའོ། །དམ་པའི་དོན་ནི་འོད་གསལ་བའོ། །འཇིགས་མེད་ནི་ཆོས་ཀྱི་དབྱིངས་སོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་མེ་ལོང་ལྟ་བུའོ། །སེམས་ནི་ཀུན་གཞི་གནས་འགྱུར་བའོ། །རྣམ་ཤེས་རྒྱུད་དང་ལྡན་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དངོས་དོན་མ་ལུས་ནི་སྟོང་པ་ཉིད་དོ། །དགའ་བ་ནི་རྡོ་རྗེ་སེམས་མའོ། །སྟོང་པ་ཉིད་དགའ་ནི་མཚན་མ་མེད་པའོ། །འདོད་ཆགས་བློ་ནི་རིན་ཆེན་མའོ། །སྲིད་པའི་འདོད་ཆགས་སོགས་སྤངས་པ་ནི་སྨོན་པ་མེད་པ་སྟེ་ཆོས་མའོ། །སྲིད་གསུམ་དགའ་བ་ཆེན་པོ་ནི་འོད་གསལ་བ་སྟེ་ལས་མའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར་ནི་ཚུལ་ཁྲིམས་རྣམ་པར་དག་པས་དཀར་མོའོ། །སྐུ་མདོག་སེར་མོ་ཡིན་ཡང་
འོད་ཟེར་སྟོན་ཀའི་ཟླ་བའི་འོད་མངའ་བའི་རིན་ཆེན་སེམས་མའོ། །རྒྱལ་པོ་བཤད་པ་ཉི་མའི་འོད་མངའ་བས་ན། ཉི་མ་ཤར་ཀའི་དཀྱིལ་ལྟར་མཛེས་པའོ། །སེན་མོའི་འོད་ནི་ཤས་ཆེར་དམར་བས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་མཚོན་པའོ། །རིན་ཆེན་ཆགས་པ་གསུངས་པ། སངས་རྒྱས་ལྔའི་ཅོད་པན་བཟང་པོ་ཨིནྡྲ་ནཱི་ལའི་མདོག་ཅན་གྱི་ཟུར་ཕུད་ཀྱི་རྩེ་མོ་ཅན་ནོ། །དེས་ན། སྐྲ་མཆོག་མཐོན་ཀའི་རྩེ་མོ་ཅན། །ཞེས་བྱའོ། །ནོར་བུ་ལེགས་པར་བཤད་པ། །ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ་འོད་ཟེར་ཁ་དོག་ལྔ་པ་ཅན་དང༌། སྤྲུལ་པའི་སངས་རྒྱས་ལྔའི་དབུ་རྒྱན་ཅན་ནོ། །རིན་ཆེན་ཁྲོ་གཉེར་བཤད་པ་ཞབས་གཡོན་བརྐྱང་ནས་འཇིག་རྟེན་གྱི་ཁམས་ཀུན་དུ་བསྐྱོད་ཅིང༌། ཞབས་གཡས་པས་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་གཟུགས་ཀྱི་ཁམས་གནོན་པའོ། །རིན་ཆེན་འོད་བཤད་བ། དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་བྱ་སྟེ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་དྲན་པ་འཆང་བས་དྲན་པ་ཆེན་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོའོ། །རིན་ཆེན་དཔལ་གསུངས་པ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་བྱ་སྟེ་དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཏིང་ངེ་འཛིན་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་རྣམས་མངའ་བའི་སྤོས་ཀྱི་དྲིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཁྱབ་པའི་བྱམས་པའོ། །རིན་ཆེན་བཤད་པ། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་སྟེ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་དང་འཚོ་བ་དང་རྩོལ་བ་དང་ཏིང་ངེ་འཛིན་དང་དྲན་པ་དང་བྱང་ཆུབ་ཀྱི་ཡན་ལག་སྟེ་ཡང་དག་པའི་སངས་རྒྱས་ཀྱི་ལམ་གྱི་ཆོས་ཀྱི་སྦྱིན་པའོ། །རིན་ཆེན་ཆོས་ཀྱི་དབང་དུ་མཛད་ནས། སེམས་ཅན་ཀུན་ལ་ཤས་ཆེན་ཆགས་ཏེ་བྱམས་པའི་ཏིང་ངེ་འཛིན་གྱི་བདེ་བར་མཛད་པས་ན་ཆགས་པའོ། །ནམ་མཁའ་ལྟ་བུའི་སྟོང་པ་ཉིད་མཁྱེན་པའི་ཤེས་རབ་ཀྱིས་ནི་ཆགས་པའོ། །རིན་ཆེན་རྣོན་པོ་བཤད་པ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་བྱ་སྟེ་ཐུགས་རྗེས་སེམས་ཅན་ལ་འཇུག་ཅིང་ཤེས་རབ་ཀྱིས་སེམས་ཅན་གྱི་ཉོན་མོངས་
པ་བཅད་ནས་ཡིད་ལྟར་མགྱོགས་པས་ན་རྣོན་པོའོ། །རིན་ཆེན་འཁོར་ལོ་བཤད་པ། སེམས་ཅན་ཀུན་གྱི་དབང་དོན་ཤེས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་ཀུན་གྱི་དོན་མཁྱེན་པའོ། །དགའ་བའི་སྟོབས་ཀྱིས་སེམས་ཅན་ཀུན་གྱི་ཡིད་འཕྲོག་པས་འཁོར་ལོའོ། །རིན་ཆེན་གསུང་བ་བཤད་པ། ཕུང་པོ་ལྔ་དོན་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །དེ་ཉིད་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཕུང་པོ་ལྔ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །རྣམ་དག་འཆང་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། བཏང་སྙོམས་ཆེན་བོའི་ལྗགས་བསྣམས་པའོ། །རིན་ཆེན་ལས་བ་ཤད་པ་འབྲས་བུའི་དབང་དུ་མཛད་ནས། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་སྨོས་སོ། །ངེས་པར་འབྱུང་བ་ཀུན་ལ་མཁས་ནི་ཐེག་པ་གསུམ་གྱི་རྒྱུ་ལ་མཁས་པ་སྟེ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །རིན་ཆེན་སྲུང་བ་བཤད་པ། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་བྱ་སྟེ་ངེས་པར་འབྱུང་བ་ཐེག་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ལས་བསྲུང་ཞིང་གནས་པའི་རྒྱུ་སེམས་ཅན་ལ་ངེས་པར་འབྱུང་བ་ཀུན་སྟོན་བ་ནི་འབྲས་བུ་སྟེ་གོ་ཆ་བསྣམས་པའོ། །རིན་ཆེན་གནོད་སྦྱིན་བཤད་པ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་བྱ་བ་སྨོས་ཏེ། ལུགས་སུ་འབྱུང་བའི་རྟེན་འབྲེལ་བཅུ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ། །ལུགས་ལས་བཟློག་པའི་རྣམ་པར་དག་པ་བཅུ་གཉིས་འཆང་བས་ན་མཆེ་བ་འཛིན་པའོ། །རིན་ཆེན་ཁུ་ཚུར་བཤད་པ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཏེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་རྣམ་པ་ཉིད་ཀྱི་རྣམ་པ་ཅན་གྱི་ཤེས་པ་བཞི་དང་རྗེས་སུ་ཤེས་པ་བཞི་སྟེ། བརྒྱད་ཀྱི་རྟོག་པ་གཅིག་ཏུ་སྡུག་ཅིང་ཁུ་ཚུར་འཆང་བའོ། །བསྐལ་པ་བཟང་པོའི་དབང་དུ་མཛད་ནས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་སྟེ་སྡུག་བསྔལ་ཤེས། ཀུན་འབྱུང་སྤངས་པ། འགོག་པ་མངོན་དུ་བྱས་པ། ལམ་བསྒོམས་པ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། སྡུག་བསྔལ་ཤེས་པར་བྱར་མེད། ཀུན་འབྱུང་
སྤང་དུ་མེད། འགོག་པ་མངོན་དུ་བྱར་མེད། ལམ་བསྒོམ་དུ་མེད་པར་ཡུལ་དུ་བྱས་པར་འཆང་བ་ནི་བྱམས་པའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་བདེན་པ་བཞི་ལ་ཤེས་བཟོད་བཅུ་དྲུག་རིག་པའི་འཇམ་དཔལ་ལོ། །རྣམ་པ་ཉི་ཤུ་བྱང་ཆུབ་པ་ནི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དང་ཡེ་ཤེས་བཞི་སྟེ་ཉི་ཤུས་བྱང་ཆུབ་པ་ནི་སྤོས་ཀྱི་གླང་པོའོ། །རྣམ་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ་རིག་ནས་མཆོག་ཏུ་གྱུར་པས་ན་ཏོག་སྟེ་ཡེ་ཤེས་ཏོག་གོ །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་མཐའ་ཡས་པ་བཟང་པོ་དཔག་ཏུ་མེད་པ་འགྱེད་ཅིང་སྐྱོང་བས་ན་བཟང་སྐྱོང་ངོ༌། །སྐད་ཅིག་མ་ཐམས་ཅད་ཀྱི་བློས་མངོན་པར་རྟོགས་པས་ན་བློ་གྲོས་རྒྱ་མཚོའོ། །སེམས་འོད་གསལ་བའི་སྐད་ཅིག་མའི་དོན་མི་ཟད་པ་ཀུན་རིག་པས་ན་བློ་གྲོས་མི་ཟད་པའོ། །ཐེག་པ་སྣ་ཚོགས་ཀྱི་ཐབས་ཀྱི་ཚུལ་གྱིས་སྤོབས་པ་མངའ་ཞིང་འགྲོ་བའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ལ་རྟོག་པས་ན་བརྩེགས་པ་སྟེ་སྤོབས་པ་བརྩེགས་པའོ། །ཁམས་གསུམ་ལས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་མཐུ་ཆེན་པོ་མངའ་ཞིང་ཐེག་པ་གཅིག་གི་འབྲས་བུར་གནས་པའི་མཐུ་ཆེན་པོ་བརྙེས་པས་ན་མཐུ་ཆེན་པོ་ཐོབ་པའོ། །ཉོན་མོངས་ཁམས་རྣམས་དག་པའི་བདག་ནི་ངན་སོང་ཀུན་འདྲེན་ནོ། །ལས་ཀྱི་ཁམས་ཀྱི་མྱ་ངན་དང་བྲལ་བའི་སྡུག་བསྔལ་ཟད་པར་བྱེད་པས་ན་མྱ་ངན་མུན་པ་ངེས་པར་འཇོམས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆུའི་རྒྱ་མཚོ་ཀུན་ལས་བརྒལ་པའི་ཡེ་ཤེས་ཀྱི་དྲ་བ་མངའ་བས་དྲ་བ་ཅན་གྱི་འོད་དོ། །སྦྱོར་བའི་དགོན་པ་ལས་བྱུང་བ་ནི་གཉེན་པོའི་རྣལ་འབྱོར་ཟླ་བ་ཆོས་པ་ལྟ་བུ་འགྲོ་བ་ཀུན་འཁོར་བའི་དགོན་པ་ལས་དབྱུང་ནས་ཡེ་ཤེས་ཀྱི་ལང་ཚོ་བསྐྱོད་པས་ན་ཟླ་འོད་གཞོན་ནུའོ། །འོད་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པས་ན་འོད་དཔག་ཏུ་མེད་དོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཐབས་ནམ་མཁའ་ལྟ་བུ་སྐྱེ་གནས་ལས་དངོས་གྲུབ་གསུམ་དོན་ཡོད་པར་མཛད་བས་ན་ནམ་མཁའི་སྙིང་པོའོ། །བདག་དང་བདག་གིར་ལྟ་བའི་སྒྲིབ་པའི་འདུ་
ཤེས་ཀྱི་དོན་སྤངས་ཤེད་རྣམ་པར་ཤིས་པའི་དོན་གྱི་གཟུགས་འཛིན་སེལ་ཅིང་འགོག་པར་བྱེད་པས་ན་སྒྲིབ་པ་རྣམ་པར་སེལ་བའོ། །ལྷ་མོ་བརྒྱད་ཀྱི་དབང་དུ་མཛད་ནས། ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པས་ན། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ཏེ་རིན་ཆེན་སྒེག་མོའོ། །ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་བསྣམས་པས་སངས་རྒྱས་ཀྱི་ཐུགས་རིག་ཅིང་དགྱེས་པ་སྟེ་ཕྲེང་མའོ། །རིན་པོ་ཆེའི་པི་ཝང་བརྡུང་བའི་གཞུ་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་གནས་ཏེ་གླུ་མའོ། །རིན་པོ་ཆེ་རྩེ་གཅིག་པ་བསྣམས་ནས་གར་བསྐོར་བས་སེམས་ཅན་དེ་དག་གི་སེམས་དང་མཐུན་པར་འཇུག་པ་སྟེ་གར་མའོ། །རིན་པོ་ཆེའི་བདུག་པས་སེམས་ཅན་ཀུན་ཚིམ་པར་བྱེད་པས་ན་རིན་ཆེན་བདུག་པ་མའོ། །རིན་པོ་ཆེའི་མེ་ཏོག་གི་ཟ་མ་ཏོག་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་དགའ་བ་སྟེ་མེ་ཏོག་མའོ། །མར་མེའི་མཆོད་སྡོང་བསྣམས་ནས་འཁྲུལ་པའི་མུན་པ་སེལ་བས་ན་མར་མེ་མའོ། །དྲིའི་དུང་ཆོས་བསྣམས་ནས་གཟུགས་འཛིན་གྱི་ནོར་པ་ཐམས་ཅད་སྤོང་བས་ན་དྲི་ཆབ་མའོ། །བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་དོན་ལ་ཐེ་ཚོམ་མེད་ཅིང་ཤེས་བྱ་ཀུན་གྱི་དོན་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་བདག་ཉིད་བསྙེམས་པས་རིན་ཆེན་ལྕགས་ཀྱུ་མའོ། །ཕུང་པོ་ལྔ་དང་དུས་གསུམ་དུ་ཆོས་ཀྱི་དབྱིངས་སྐད་ཅིག་ཐམས་ཅད་ལ་དོན་དམ་པར་བྱེ་བྲག་ཕྱེད་པ་སྟེ་ཞགས་པ་མའོ། །སྐད་ཅིག་མ་གཅིག་གིས་རྫོགས་པའི་སངས་རྒྱས་དྲན་པའི་ལྕགས་སྒྲོག་གིས་བཅིངས་ནས་སངས་རྒྱས་ཀུན་གྱི་རང་བཞིན་བདག་གི་ལུས་ལ་འཆང་བས་ན་རིན་ཆེན་ལྕགས་སྒྲོག་མའོ། །ལུས་མེད་ལུས་ཏེ་སངས་རྒྱས་ཀུན་གྱི་ཐུགས་སོ། །ལུས་ཀྱི་མཆོག་སྟེ་གསུང་རྣམས་སོ། །ལུས་ཀྱི་མཐའ་ནི་རྟེན་ཡིན་པས་ན་སྐུ་སྟེ། གཅིག་ཏུ་འབེབས་པ་རྟོག་པས་ན་རིན་ཆེན་དྲིལ་བུའོ། །ཐམས་ཅད་ཀྱི་སྐུ་མདོག་དང་རྒྱན་དང་ཕྱག་མཚན་ཇི་ལྟ་བུ་ཞེ་ན། གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན་ཏེ་དབྱིབས་དུམ་ཅན་ནོ། །ནོར་བུ་ཆེན་པོ་ནི་ཀུན་གྱི་ཁ་དོག་སེར་པོའོ། །རིན་ཆེན་ཏོག་ནི་ཕྱག་མཚན་དང༌། ཅོད་པན་ལ་རིན་པོ་ཆེའི་ཏོག་
མངའ་བའོ། །དེ་ལྟར་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་དོན་ཐམས་ཅད་གྲུབ་པ་ནི་ཝཱ་གཱི་ཤྭ་ར་དང་བཅས་པའོ།། །།རྟ་མཆོག་གི་དཀྱིལ་འཁོར་ཐོག་མར་ཚིག་རྐང་པ་ལྔས་འབྲས་བུའི་དབང་དུ་བྱས་ནས་བཤད་པ་ནི། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་ནི་སངས་རྒྱས་གཞན་གྱིས་ཤེས་པར་བྱའོ། །སངས་རྒྱས་བྱང་ཆུབ་བླ་ན་མེད་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་མཛད་ནས་དོན་དམ་པར་ནི་ཡི་གེ་མེད་པ་ཡིན་ལ། ཀུན་རྫོབ་ཏུ་བྱ་བ་དང་སྤྱོད་པ་གཉིས་ཀ་དང་རྣལ་འབྱོར་དང་རྣལ་འབྱོར་མའི་སྐུ་གསང་སྔགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་གསང་སྔགས་ཆེན་པོ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་འཆང་བའི་སྤྲུལ་པའི་སྐུའི་དབང་དུ་མཛད་ནས་གསང་སྔགས་དོན་གྱི་དཀྱིལ་འཁོར་གྱི་ལྷ་ཀུན་སྤྲུལ་ཅིང་བསྐྱེད་པའོ། །དེ་སྒྲུབ་པའི་ཐབས་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐིག་ལེ་ཆེན་པོ་ནི་སྲོག་གི་རླུང་ངོ༌། །ཡི་གེ་མེད་པའི་དོན་རང་གི་མཚན་ཉིད་ཡིན་པས་རྟོག་པ་དང་བྲལ་བའོ། །སྟོང་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་སོ། །དེའི་ཡི་གེ་ནི་མི་འགྱུར་བས་ན་ཡེ་ཤེས་ལྔའོ། །ཐིག་ལེ་སྟོང་པ་ནི་རླུང་བསྟེན་པའི་སྟོང་པ་ཉིད་རྟོགས་པས་ཡི་གེ་བརྒྱ་སྟེ་མི་འགྱུར་བའི་ཡི་གེ་བརྒྱའོ། །འདི་ལྟ་སྟེ། འབྱུང་བ་ལྔ་དང༌། ཕུང་པོ་ལྔ་དང༌། དབང་པོ་ལྔ་དང༌། ཡུལ་ལྔ་དག་ལ་རེ་རེ་ཞིང་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རིགས་བརྒྱའོ། །དེ་ལྟར་ཕྱི་རོལ་གྱི་སྤྲོས་པ་དང་བྲལ་བ་ཞི་གནས་ཀྱི་རང་བཞིན་རྣམ་པ་ཀུན་དང་ལྡན་ཞིང་ལྷག་མཐོང་གི་ཚོས་དོན་དམ་པར་དངོས་པོ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཏེ། ཀུན་རྫོབ་ཏུ་འབྱུང་བ་ཆེན་པོ་བཞི་ལ་རེ་རེ་ཞིང་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །དེའི་དབྱེ་བ་བཅུ་དྲུག་ཡིན་ལ། དེ་ཡང་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་དང༌། འོད་གསལ་བའི་བསམ་གཏན་བཞི་ལ། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། རྣམ་པ་ཐམས་
ཅད་པའི་སྟོང་པ་བརྒྱད་ཡིན་ལ། དའི་ཕྱེད་ཀུན་རྫོབ་ཀྱི་རྣམ་པ་བཞི་སྤངས་པའི་སྟོང་པ་ཉིད་བཞི་བསྒོམས་ནས་དེ་དག་ལ་རང་གི་དང་གིས་ཟུང་དུ་འཇུག་པའི་ཐིག་ལེ་ཅན་ནོ། །དེའི་སྐུ་གསུང་ཐུགས་ཀྱི་ཡན་ལག་མེད་པ་བགྲང་བའི་རྩིས་ལས་འདས་པ་དེ་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་དང༌། འོད་གསལ་བའི་བསམ་གཏན་བཞིའི་རྩེ་མོ་ཅན་དང༌། དེ་ཉིད་ཀྱིས་ན་བསམ་གཏན་ཞི་གནས་དང༌། ཡན་ལག་ལྷག་མཐོང་ཀུན་ཤེས་ཤིང༌། ཏིང་ངེ་འཛིན་གྱི་རིགས་ཐམས་ཅད་མཁྱེན་ཅིང་ས་བཅུའི་རྒྱུད་ཐམས་ཅད་རིག་པས། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་བྱ་སྟེ་ཆོས་ཀྱི་སྐུ་ཐོབ་པར་གྱུར་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ཡང་ཐོབ་པར་འགྱུར་བའོ། །སྐུ་གསུམ་པོ་དེ་ལས་སངས་རྒྱས་སྤྲུལ་པའི་རྒྱུད་ཉིད་ཀྱིས་ཕྱོགས་བཅུར་ཇི་ལྟར་མོས་པའི་འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྟ་མཆོག་གི་དཔའ་བོ་གཅིག་པུའི་དབང་དུ་མཛད་ནས། ལྷའི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ནོ། །ལྷའི་ལྷ་ནི་ཚངས་པའོ། །ལྷའི་བདག་པོ་ནི་འདོད་པའི་ལྷའོ། །ལྷ་མིན་ བདག་ནི་ཁྱབ་འཇུག་གོ །འཆི་མེད་ནི་ཉི་མའོ། །ལྷའི་ལྷ་ནི་པ ་བ་སངས་སོ། །འཇོམས་བྱེད་ནི་གཞོན་ནུ་གདོང་དྲུག་གོ །འཇོམས་བྱེད་དབང་ཕྱུག་ནི་ལྷ་ཆེན་པོའོ། །སྲིད་པའི་དགོན་པ་ལས་བརྒལ་བ་ནི་བདེ་སོགས་མ་ལ་སོགས་པའི་ལྷ་མོ་བརྒྱད་འཕྲོགས་ནས་ལྷ་བརྒྱད་གདན་དུ་བཏིང་བའོ། །དེ་ཉིད་ཀྱིས་ན། སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་བྱའོ། །དེ་བཞིན་གཤེགས་པ་ལྔའི་རྟ་མཆོག་གི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། འཇིག་རྟེན་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུར་གྲགས་པའི་མི་བསྐྱོད་པ་བདུད་བཞི་ལས་རྒྱལ་བའི་ཆོས་ཀྱི་སྦྱིན་བདག་ཆེ་བ་སྟེ་སྐུ་མདོག་དཀར་པོ་རྡོ་རྗེ་བསྣམས་པའོ། །མཆོག་སྦྱིན་པའི་ཕྱག་རྒྱས་བྱམས་པའི་གོ་ཆས་བཅིངས་ཤིང་སྙིང་རྗེའི་ཡ་ལད་བགོས་པས་སྐུ་མདོག་སེར་པོ་རིན་པོ་ཆེ་བསྣམས་པའོ། །ཕྱག་བཞིས་ཤེས་རབ་ཀྱི་པོ་ཏི་དང་རལ་གྲི་དང་མདའ་གཞུ་བསྣམས་པ། ཉོན་མོངས་པ་མི་ཤེས་པའི་
གཡུལ་ངོ་སེལ་བ་སྐུ་མདོག་དམར་པོ་འོད་དཔག་མེད་དོ། །གདོན་མི་ཟ་བར་གྲུབ་པ་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང༌། ལྷའི་བུའི་བདུད་བཞིའི་དགྲ་བདག་ཉིད་ཀྱིས་བཏུལ་ཞིང་གཞན་གྱི་བདུད་བཞིའི་འཇིགས་པ་སེལ་བར་མཛད་པའི་སྣ་ཚོགས་རྡོ་རྗེ་བསྣམས་པ་སྐྱབས་སྦྱིན་མཛད་པ་ལྗང་གུའོ། །སྲོད་ལ་བདུད་བཞི་བཏུལ་ནས་ཐོ་རངས་ཁ་མངོན་པར་རྫོགས་པར་སངས་རྒྱས་པ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་འཇིག་རྟེན་འདྲེན་པའོ། །དེ་དག་ལ་མཆོད་པའི་ལྷ་མོ་དང༌། བསྟོད་པའི་ལྷ་མོ་དང༌། ཕྱག་འཚལ་བའི་ལྷ་མོ་དང༌། རིམ་གྲོ་བྱེད་པའི་ལྷ་མོ་དང༌། བསྙེན་བཀུར་བྱེད་པའི་ལྷ་མོ་དང༌། རྗེད་པར་བྱེད་པའི་ལྷ་མོ་དང༌། གུས་པས་ཕྱག་བྱ་བའི་ལྷ་མོ་དང༌། བླ་མར་བྱེད་པའི་ལྷ་མོ་སྟེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་བསྐོར་བའོ། །རིགས་གསུམ་གྱི་རྟ་མཆོག་གི་དབང་དུ་མཛད་ནས། འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གསུམ་གྱི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཤར་ཕྱོགས་སུ་གོམ་པ་གཅིག་བཞག་ནས་ནུབ་ཕྱོགས་སུ་གོམ་པ་གཅིག་གིས་བགྲོད་ཅིང༌། དཔེར་ནམ་མཁའ་ལྟར་མཐའ་ མེད་རྣམ་པར་གནོན་པའོ། །གསུམ་རིག་པ་ནི་བདག ་ཉིད་དང་ཡུམ་གཉིས་མཁྱེན་པ་སྟེ་ལྷ་མོ་གཙང་མ་དཀར་བ་དང་པདྨ་སྔོན་མོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དག་པ་ནི་དམར་མོ་པདྨ་དཀར་པོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་མིག་དང༌། རྣ་བ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། འཆི་བ་དང༌། སྐྱེ་བ་དང༌། གཞན་གྱི་སེམས་དང༌། ཟག་པ་ཟད་པ་མཁྱེན་པས་དབང་པོ་དྲུག་སེམས་དཔའ་དྲུག་གིས་བྱིན་གྱིས་བརླབས་ཤིང༌། རྗེས་དྲན་དྲུག་ནི་ཡུལ་དྲུག་ལྷ་མོ་དྲུག་གིས་བྱིན་གྱིས་བརླབས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས་ནི་སྐུ་མདོག་ལྗང་གུ་རལ་གྲི་དང་པདྨ་དང་མདའ་གཞུ་བསྣམས་པའོ། །མགོས་བསམ་གཏན་བཞི་པར་ཕྱིན་པའོ། །གྲུབ་པའི་མཐའི་དབང་དུ་བྱས་ནས་བཤད་པ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་བྱ་བ་སྨོས་ཏེ། མཐར་ནི་ཕུང་པོ་ལྷག་
བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །ཤེས་རབ་ཀྱི་དེ་ཁོ་ན་ཉིད་རྣམ་པར་ཤེས་པའི་ཆོས་ཐོབ་པ་ནི་མདོ་སྡེ་པའོ། །བདག་ཉིད་ཀྱང་རིག་པ་གཞན་ལ་རིག་པ་ཡིན་པ་ལ། ཁམས་གསུམ་པོ་ཤེས་པ་ཡིན་པས་ན་སེམས་ཙམ་མོ། །སེམས་ཅན་ཀུན་ལ་སྙིང་རྗེས་ཕན་པའི་མཆོག་ཏུ་གྱུར་པས་ན། དཔེར་བྱ་ཐམས་ཅད་ཀྱི་མཐའ་གཉིས་ལས་འདས་པས་ན་དབུ་མའོ། །ཤེས་པ་ནི་བྱ་བ་གཙོ་བོར་གྱུར་པ་ན་བྱ་བའི་རྒྱུད་དོ། །ལུས་དང་ངག་གི་སྤྱོད་པ་ནི་བདག་པོའམ་མཆོག་ཏུ་བྱེད་པས་ན་སྤྱོད་པའི་རྒྱུད་དོ། །གཉིས་ཀའི་རྒྱུད་གཙོ་བོར་བྱས་ནས་ཆོས་ཀྱི་སྦྱིན་བདག་མཛད་པས་ན་གཉིས་ཀའི་རྒྱུད་བསྟན་པའོ། །ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་དོན་སྟོན་པའི་འགྲོ་བ་རྣམས་ཀྱིས་འདོད་པའི་ཡོན་ཏན་གྱི་བསྙེན་བཀུར་གྱི་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་འཐོབ་པའི་རྣལ་འབྱོར་གྱི་རྒྱུད་དོ། །ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་བགྲོད་པ་ལ་ཟབ་མོ་མཐར་ཐུག་རྫོགས་པའི་རིམ་པ་ནི་བདེ་བ་དམ་པ་ཟུང་འཇུག་སྟེ། དོན་གྱི་དམ་པ་རྣམ་དག་དཔལ་ཡིན་ལ་དེ་འཇིག་རྟེན་གྱི་ནང་ན་སྐལ་བ་བཟང་ཞིང་ཆེ་བ་རྣམས་ཀྱི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི། དཔལ་ལྡན་འབྱོར་པ་ཀུན་བྱེད་པའོ། །དེ་སུ་ཞིག་ཡིན་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གོ །།དེ་ལྟར་ཚིགས་སུ་བཅད་པ་བཅོ་ལྔས་ཛྙཱ་ན་ཀཱ་ཡ་དང་བཅས་པའི་འཁོར་ལོས་སྒྱུར་བ་དོན་ཡོད་གྲུབ་པའོ། །དེ་ལྟར་འཁོར་ལོ་རྣམ་པ་དྲུག་བསྒོམས་ནས་དཀྱིལ་འཁོར་དྲུག་ལ་ཡེ་ཤེས་སེམས་དཔའ་བཅུག་ནས། དབང་བསྐུར་བ་མཛད་ནས་དེ་ཁོ་ན་ཉིད་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་བདག་ཉིད་ཐམས་ཅད་ཀྱི་མཆོད་པ་བྱའོ། །དེ་ལ་གང་ཟག་བཞི་པ་སྒྲུབ་པར་བྱེད་པ་སྟེ། དང་པོར་དེ་བཞིན་གཤེགས་པའི་རིགས་ཅན་བསྒོམ་པར་མོས་པས་དཀྱིལ་འཁོར་དྲུག་བྱས་ལ་སློབ་མ་དབང་བསྐུར་བར་འདོད་པ་ན་ཡང་དབང་བསྐུར་བར་བྱའོ། །རང་རྒྱལ་བའི་རིགས་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་བསྒོམས་ལ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་
དང་རྗེས་སུ་མཐུན་པའི་སྦྱིན་སྲེག་བྱའོ། །ཉན་ཐོས་དང་རྗེས་སུ་མཐུན་པའི་གང་ཟག་གིས་དཀྱིལ་འཁོར་དྲུག་བསྒོམས་ལ་རང་རང་གི་དཀྱིལ་འཁོར་དུ་གང་དང་གང་ལ་མོས་པའི་ལྷའི་ཐུགས་ཀར་འཁོར་ལོའི་དབུས་སུ་ཡི་གེ་བཀོད་ལ་སྡིག་པ་ཟད་པར་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འཁོར་ལོ་དྲུག་བསྒོམས་ལ་སེམས་ཅན་གྱི་དོན་བྱ་བའི་ཕྱིར། དཀྱིལ་འཁོར་དང་བཅས་པ་དང༌། དཔའ་བོ་གཅིག་པུའི་ཆོ་ག་བཞིན་དུ་བསྙེན་པ་དང་སྟ་གོན་དང་དཀྱིལ་འཁོར་ལ་རབ་ཏུ་གནས་པ་བྱས་ལ་ཕྱག་རྒྱ་བཞིའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་ནས་ཕན་ཡོན་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །རྗེས་ཀྱི་དོན་རྣམ་པ་བཞིའི་དབང་དུ་མཛད་ནས་བཤད་པ། བསྒོམ་པ་དང་བཟླས་པ་ཟིན་པའི་རྗེས་ལ་མཆོད་པ་དང་བསྟོད་པ་བྱའོ། །དེ་ལ་བསྟོད་པ་ནི་འདི་ཡིན་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་ཅེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པ་དང༌། སྟོང་ཉིད་ལས་བྱུང་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་རྣམ་སྣང་ལ་བསྟོད་པའོ། །སངས་རྒྱས་ཆགས་པ་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་མི་བསྐྱོད་པ་ལ་བསྟོད་པའོ། །སངས་རྒྱས་འཛུམ་པ་ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ། །མེད་པ་ལས་བྱུང་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་གིས་རྟ་མཆོག་གི་དཀྱིལ་འཁོར་ལ་བསྟོད་པའོ། །ཡང་ན་ཚིགས་སུ་བཅད་པ་འདི་ལྔ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་ཅེས་བྱ་བ་སྣང་བ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ལ་དེ་བཞིན་གཤེགས་པ་བཞི་དང༌། སེམས་དཔའ་བཅུ་དྲུག་གིས་བསྐོར་བ་བསྒོམས་ལ་བསྟོད་པ་བྱའོ་ཞེས་སློབ་དཔོན་ཡེ་ཤེས་གྲགས་པ་བཞེད་དོ། །ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེའི་ལག་ན་རྡོ་རྗེ་འཆང་ཞེས་སྡུད་པ་པོ་ལ་བོས་ནས། འདི་ནི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་བཞི་པའི་སངས་རྒྱས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་དང་པོའི་དཔའ་བོའི་སངས་རྒྱས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཨ་ར་པ་ཙ་ནའོ། །དེ་གསུམ་གྱི་མཚན་བསྒོམས་པའི་རྗེས་ལ་ཡང་དག་པར་བརྗོད་ན། འབྲས་བུ་དགའ་བ་དང༌། དང་བ་དང་མགུ་བ་འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྐྱེད་པའོ། །ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནས་ཡོངས་སུ་བྱང་བ་ཞེས་བྱ་བའི་བར་དུ་མི་བསྐྱོད་པའི་སྤོང་བ་དང་ཡེ་ཤེས་ཀྱི་ཕན་ཡོན་བཤད་པའོ། །བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་ཕན་ཡོན་བསྟན་ཏོ། །མ་ཐོབ་པ་ཐོབ་པ་ནི་སྣང་བ་མཐའ་ཡས་ཀྱི་ཕན་ཡོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་ཕན་ཡོན་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་ཡོན་ཏན་དག་བཤད་ཅིང་མི་བསྐྱོད་པའི་ཡང་དག་པར་བསྟན་ལ། རིན་ཆེན་འབྱུང་ལྡན་གྱི་བཀྲོལ་ཏེ་སྣང་བ་མཐའ་ཡས་ཀྱི་རྣམ་པར་ཕྱེ་ནས་དོན་ཡོད་གྲུབ་པའི་ཡོན་ཏན་གསལ་བར་བྱེད་ལ། དྲན་ཅིང་འདོན་པའི་སེམས་ཅན་དེ་ལ་ངས་བྱིན་གྱིས་བརླབ་པར་བྱའོ། །ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་སྡུད་པ་པོ་ནས་མ་འོངས་པའི་སེམས་ཅན་གྱི་བར་དུ་ཡེ་ཤེས་སེམས་དཔའ་བཅུག་ནས་བྱིན་གྱིས་བརླབས་པའོ། །དཀྱིལ་འཁོར་གཉིས་པའི་དབང་དུ་མཛད་ནས། ལག་ན་རྡོ་རྗེ་འཆང་ཞེས་བོས་ནས་གཞན་ཡང་དཀྱིལ་འཁོར་གཉིས་པ་བསྒོམ་ཞིང་མིང་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་གསུངས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གཞིའི་སངས་རྒྱས་སོ། །དག་ཅིང་ཞེས་བྱ་བ་ནི་དང་པོའི་སངས་རྒྱས་སོ། །སངས་རྒྱས་དང་བྱང་ཆུབ་ནི་པྲཛྙཱ་ཛྙཱ་ན་མཱུརྟིའོ། །མངོན་པར་རྟོགས་པ་ནི་མི་བསྐྱོད་པའོ། །བླ་ན་མེད་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཐུགས་སུ་ཆུད་པ་ནི་སྣང་བ་མཐའ་ཡས་སོ། །ཕན་པར་མཛད་པ་ནི་དོན་ཡོད་གྲུབ་པའོ། །སྟོབས་བཅུའི་སྟོབས་ནི་རྡོ་རྗེ་སེམས་མའོ། །ཐམས་ཅད་མཁྱེན་པ་ནི་རིན་ཆེན་མའོ། །ལུང་ནི་ཆོས་མའོ། །བསྒྲུབ་པ་ནི་ལས་མའོ། །ཤིན་ཏུ་དག་པ་ནི་རྡོ་རྗེ་སེམས་མའོ། །སྐྱེ་གནས་ནི་རྒྱལ་
པོའོ། །ཞིང་ནི་ཆགས་པའོ། །གཞི་ནི་ལེགས་པའོ། །འབྱུང་གནས་ནི་རིན་ཆེན་ནོ། །མཐའ་ནི་ཉི་མའོ། །བརྟག་པ་ནི་རྒྱལ་མཚན་ནོ། །སྐྱེ་གནས་ནི་བཞད་པའོ། །གདུང་བའི་འཆད་པ་ནི་ཆོས་སོ། །རྒྱུད་རབ་ཏུ་འཕེལ་བ་ནི་རྣོན་པོའོ། །ཚར་གཅོད་པ་ནི་འཁོར་ལོའོ། །འཇོམས་པ་ནི་གསུང་བའོ། །ཕམ་པར་བྱེད་པ་ནི་ལས་སོ། །སྡུད་པ་ནི་གསུང་བའོ། །ཡོངས་སུ་སྨིན་པ་ནི་གནོད་སྦྱིན་ནོ། །ཏིང་ངེ་འཛིན་ནི་ཁུ་ཚུར་རོ། །བསམ་གཏན་ནི་སྒེག་མོའོ། །རྣལ་འབྱོར་ནི་ཕྲེང་བ་མའོ། །བྲལ་བ་ནི་གླུ་མའོ། །སྤང་བ་ནི་གར་མའོ། །ཉེ་བར་ཞི་བ་ནི་བདུག་པ་མའོ། །རྣམ་པར་གྲོལ་བ་ནི་མེ་ཏོག་མའོ། །ཐར་པ་ནི་མར་མེ་མའོ། །ཞི་བ་ནི་དྲི་ཆབ་མའོ། །འབྱུང་གནས་ནི་ལྕགས་ཀྱུ་མའོ། །སེལ་བ་ནི་ཞགས་པའོ། །གཅོད་པ་ནི་ལྕགས་སྒྲོག་གོ །ལམ་བཟང་པོ་ནི་དྲིལ་བུའོ། །མི་འཇིགས་པ་ནི་རྡོ་རྗེ་འཁོར་ལོས་སྒྱུར་བའོ། །བ་དན་བསྒྲེང་བ་ནི་པདྨའི་འཁོར་ལོས་སྒྱུར་བའོ། །ཆོས་སྟོན་པ་ནི་ལས་ཀྱི་འཁོར་ལོས་སྒྱུར་བའོ། །མྱུར་དུ་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་འཁོར་ལོས་སྒྱུར་བའོ། །རྟོག་པ་ནི་དམ་ཚིག་གོ །སོ་སོར་རྟོག་པ་ནི་ཆོས་ཀྱི་འཁོར་ལོས་སྒྱུར་བའོ། །རྫོགས་པ་ནི་ལས་ཀྱི་ཕྱག་རྒྱའི་འཁོར་ལོས་སྒྱུར་བའོ། །ཡོངས་སུ་དག་པ་ནི་ཤར་ཕྱོགས་པ་བཞིའི་ཕན་ཡོན་ནོ། །ཡོངས་སུ་རྫོགས་པ་ནི་ལྷོ་ཕྱོགས་པ་རྣམས་ཀྱི་ཕན་ཡོན་ནོ། །སོ་སོར་རྟོག་པ་ནི་ནུབ་ཕྱོགས་པ་རྣམས་ཀྱི་ཕན་ཡོན་ནོ། །གཅིག་གིས་རྟོགས་པ་ནི་བྱང་ཕྱོགས་པ་རྣམས་ཀྱི་ཕན་ཡོན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་དྲན་ནས་ཁ་དོག་བྱེད་པ་ལ་བྱིན་གྱིས་རློབ་པའོ། །དཀྱིལ་འཁོར་གསུམ་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །ཞེས་པ་ནས། གཞན་ཡང་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ཇི་སྐད་བཤད་པའི་དོན་དྲན་ཞིང་མིང་ཡང་དག་པར་བརྗོད་པ་འདི་ནི་ཞི་བར་བྱེད་དོ་ཞེས་བྱ་བ་པདྨའི་རྣམ་པར་སྣང་མཛད་ཀྱི་ཕན་ཡོན་ནོ། །རྣམ་པར་སྦྱོང་བ་ནི་པདྨའི་མི་བསྐྱོད་པའི་ཕན་ཡོན་ནོ། །བཟློག་པ་ནི་པདྨའི་གཙུག་ཕུད་ཀྱིའོ། །ཡང་དག་པར་གཅོད་པ་ནི་པདྨའི་ཏིང་ངེ་འཛིན་
གྱིའོ། །མི་སྐྱེ་བར་བྱེད་པ་ནི་པདྨ་ངེས་པའི་དབང་ཕྱུག་གིའོ། །ཞི་བར་བྱེད་པ་ནི་པདྨའི་སེམས་མའིའོ། །འཇིགས་པར་བྱེད་པ་ནི་པདྨའི་རིན་ཆེན་མའོ། །སེལ་བར་བྱེད་པ་ནི་པདྨའི་ཆོས་མའིའོ། །ཞི་བར་བྱེད་པ་ནི་པདྨའི་ལས་མའོ། །སྤོང་བར་བྱེད་པ་ནི་པདྨའི་སེམས་དཔའོ། །འཕེལ་བར་བྱེད་པ་ནི་པདྨའི་རྒྱལ་པོའོ། །སྐྱེ་བར་བྱེད་པ་ནི་པདྨའི་ཆགས་པའོ། །འཇིགས་པར་བྱེད་པ་ནི་པདྨའི་ལེགས་པའོ། །མི་སྐྱེ་བར་བྱེད་པ་ནི་པདྨའི་ཁྲོ་གཉེར་གྱིའོ། །སྙིང་པོར་གྱུར་པ་ནི་པདྨའི་ཉི་མའིའོ། །གསང་བར་གྱུར་པ་ནི་ཟླ་བ་རྒྱལ་མཚན་གྱིའོ། །གསང་ཆེན་དུ་གྱུར་པ་ནི་ཞལ་བཅུ་གཅིག་པའོ། །ཐམས་ཅད་དུ་གྱུར་པ་ནི་པདྨ་སྒྲོལ་མའིའོ། །ཤེས་བཞིན་ཡང་དག་པར་བསྐྱེད་པ་ནི་པདྨའི་རྣོན་པོའོ། །ཡིད་གཞུངས་པར་བྱེད་པ་ནི་པདྨའི་འཁོར་ལོའི་ཁྱབ་འཇུག་གི་གཟུགས་ཅན་གྱིའོ། །ཕུན་སུམ་ཚོགས་པར་བྱེད་པ་ནི་པདྨའི་གསུང་བ་ཚངས་པའི་གཟུགས་ཅན་གྱིའོ། །རབ་ཏུ་འཕེལ་བར་བྱེད་པ་ནི་པདྨའི་ལས་ཀྱིའོ། །གྲགས་པར་བྱེད་པ་ནི་པདྨའི་སྲུང་བའིའོ། །ཞི་བར་བྱེད་པ་ནི་པདྨའི་གནོད་སྦྱིན་གྱིའོ། །ཤིན་ཏུ་སད་པ་ནི་པདྨའི་ཁུ་ཚུར་གྱིའོ། །དག་པར་བྱེད་པ་ནི་པདྨའི་སྒེག་མོའོ། །འབྱོར་ལྡན་ནི་ཕྲེང་བ་མའིའོ། །བཀྲ་ཤིས་པ་ནི་གླུ་མའིའོ། །སྐྱབས་ནི་གར་མའིའོ། །གནས་ནི་པདྨའི་བདུག་པ་མའིའོ། །སྐྱོབ་པ་ནི་པདྨའི་མེ་ཏོག་མའིའོ། །དཔུང་གཉེན་ནི་པདྨའི་མར་མེ་མའིའོ། །གླིང་ནི་པདྨའི་དྲི་ཆབ་མའིའོ། །འཁྲས་ནི་པདྨའི་ལྕགས་ཀྱུ་རྟ་མགྲིན་གྱིའོ། །གྲུ་ནི་པདྨའི་ཞགས་པའིའོ། །རྒྱལ་པོ་ཆེན་པོ་ནི་པདྨའི་ལྕགས་སྒྲོག་གིའོ། །ཤེས་རབ་ཉིད་ནི་པདྨའི་དྲིལ་བུ་མའིའོ། །ཕྱིའི་སྒོ་བ་བཞི་བཤད་པས་ཡེ་ཤེས་ཀྱི་སྣང་བ་ནི་ལྕགས་ཀྱུའོ། །ནོར་བུ་ལྟ་བུ་ནི་ཞགས་པའོ། །མཁྱེན་པའི་ཡེ་ཤེས་ནི་ལྕགས་སྒྲོག་གོ །ཡོངས་སུ་དག་པ་ནི་དྲིལ་བུའོ། །ཤར་ཕྱོགས་ཀྱི་སྐལ་བཟང་རྣམས་ཀྱི་ནི་ཡོངས་སུ་རྫོགས་པའི་བར་གྱིའོ། །ལྷོ་ཕྱོགས་པ་རྣམས་ཀྱི་ནི་ས་བཅུ་ཐོབ་པའི་བར་རོ། །ནུབ་ཕྱོགས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བའི་བར་རོ། །བྱང་ཕྱོགས་པ་རྣམས་ཀྱི་གཞན་མ་ཡིན་པའི་ཆོས་ཉིད་ཀྱི་
བར་རོ། །ཐུན་མོང་གི་ཕྲིན་ལས་དེ་བཞིན་གཤེགས་པའི་ཟློས་པ་པོའི་དབང་དུ་མཛད་ནས་ཡང་དག་པའི་མཐའི་རང་བཞིན་ནོ་ཞེས་བྱ་བའི་བར་དུའོ། །སེམས་པའི་ཟློས་པའི་དབང་དུ་མཛད་ནས། སྟོང་པ་རང་བཞིན་ཉིད་དོ་ཞེས་བྱ་བའི་བར་རོ། །མིང་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བའི་དྲན་པ་དང༌། ཁ་ཏོན་འདོན་པ་ལ་ཡེ་ཤེས་སེམས་དཔའ་ཞུགས་ནས་བྱིན་གྱིས་བརླབས་པ་ལ་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་བོས་ནས་རྟེན་གྱི་གང་ཟག་ལ་ལས་དྲན་པ་དང་འདོན་པ་དེའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་ནི་གཞིའི་སངས་རྒྱས་སོ། །ཡེ་ཤེས་ཀྱི་སྐུ་ནི་དང་པོའི་སངས་རྒྱས་སོ། །གཉིས་སུ་མེད་པ་ནི་དོན་དམ་པའི་དུཿཁཙྪེ་དའོ། །གཙུག་གི་ནོར་བུ་འདི་ནི་ཁམས་རྣམ་པར་རྒྱལ་བའི་མཚན་ཡང་དག་པར་བརྗོད་པའོ། །དེའི་སྐུ་ཡང་སྟོན་ཏོ་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་ཧཱུཾ་མཛད་ཀྱིའོ། །བྱིན་གྱིས་བརླབས་པའི་བར་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕན་ཡོན་བསྟན་ཏོ། །ཕན་འདོགས་པའི་བར་གྱིས་རིན་ཆེན་ཧཱུཾ་མཛད་ཀྱིའོ། །སྒྲུབ་པར་མཛད་དོ་ཞེས་བྱ་བའི་བར་གྱིས་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །ཉེ་བར་སྟོན་པར་མཛད་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱིའོ། །མ་རུངས་པ་འདུལ་བ་ནས་སྒྲུབ་པར་བྱེད་པའི་བར་གྱིས་ནི་ཤར་ཕྱོགས་ཀྱི་ཁྲོ་བོའི་སེམས་དཔའ་བཞིའིའོ། །སྦེད་པར་བྱེད་པའི་བར་གྱིས་ནི་ལྷོ་ཕྱོགས་པའི་ཁྲོ་བོའི་སེམས་དཔའ་བཞིའིའོ། །ཚངས་པ་ལ་ནི་བྱང་ཕྱོགས་པ་ཕྱོགས་སྐྱོང་ཉི་ཤུ་རྩ་བཞིས་སྲུང་བ་དང༌། སྐྱོབ་པ་དང་སྦེད་པར་འགྱུར་བ་ནི་ནུབ་ཕྱོགས་བའི་ཁྲོ་བོའི་སེམས་དཔའ་བཞིའོ། །གནས་ཉི་ཤུ་རྩ་ལྔར་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་པ་ནི་བྱང་ཕྱོགས་པའི་ལུས་ཀྱི་ཁྲོ་བོའི་སེམས་དཔའ་བཞིའོ། །བདེ་ལེགས་སུ་འགྱུར་རོ་ཞེས་བྱ་བའི་རྐང་པ་གཅིག་གིས་ནི་རྡོ་རྗེ་སེམས་མ་དང་སྒེག་མོ་དང་བདུག་པ་དང་ཤར་ཕྱོགས་ཀྱི་ལྕགས་ཀྱུའི་ཡོན་ཏན་བསྟན་ཏོ། །ལྷ་ལ་སོགས་པ་བཅོ་བརྒྱད་ཀྱིས་སྲུང་བ་དང་སྐྱབ་པ་དང་སྤེད་པར་བྱེད་པ་ནི་རིན་ཆེན་སེམས་མ་
དང་ཕྲེང་བ་མ་དང་མེ་ཏོག་མ་དང་ཞགས་པ་བཞིའི་ཡོན་ཏན་བསྟན་ཏོ། །ལུས་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་སེམས་མ་དང་གླུ་མ་དང་མར་མེ་མ་དང་ལྕགས་སྐྲོག་གི་ཡོན་ཏན་བསྟན་ཏོ། །སྒྲུབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ལས་ཀྱི་སེམས་མ་དང་གར་མ་དང་དྲི་མ་དང་དྲིལ་བུ་མའི་ཡོན་ཏན་བསྟན་ཏོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནི་བོད་པའོ། །གཞན་ཡང་གཙུག་གི་ནོར་བུ་འདི་ཞེས་བྱ་བ་ནས། དྲན་པ་དང་ཁ་ཏོན་བྱེད་པ་ནི་ཞེས་བྱ་བ་ནོར་བུ་རིགས་ཀྱི་ཡོན་ཏན་ནོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་ཞེས་བྱ་བ་ནི་གཞིའི་ལུས་དང་དང་པོའི་སངས་རྒྱས་དང་ཝཱ་གཱི་ཤྭ་ར་གསུམ་གྱི་གཟུགས་མཐོང་བར་འགྱུར་རོ། །ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་གྲུབ་ཀྱི་མི་བསྐྱོད་པའི་བསྒོམ་པ་དང་ཁ་ཏོན་བྱས་པས་སོ། །ལྟུང་བར་མི་འགྱུར་བ་ནི་རིན་ཆེན་གཙུག་བུད་ཀྱིས་སོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་བ་ནི་པདྨའི་ཏིང་ངེ་འཛིན་གྱིས་སོ། །ཡུལ་མཐའ་ཁོབ་ཏུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ངེས་པའི་དབང་ཕྱུག་གིས་སོ། །དབང་པོ་མ་ཚང་བར་སྐྱེ་བར་མི་འགྱུར་ཞེས་པ་ནི་རིན་ཆེན་སེམས་མའིའོ། །ལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་རྒྱལ་པོའིའོ། །སངས་རྒྱས་མི་བཞུགས་པའི་ཡུལ་དུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ཆགས་པའིའོ། །དམྱལ་བར་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་ལེགས་པའིའོ། །ལྷ་ཚེ་རིང་པོར་མི་འགྱུར་བ་ནི་རིན་ཆེན་ཁྲོ་གཉེར་གྱིའོ། །མུ་གེ་ལ་སོགས་པའི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་ཉི་མའིའོ། །སྙིགས་མ་ལྔའི་དུས་སུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་རྒྱལ་མཚན་གྱིའོ། །ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་བ་ནི་རིན་ཆེན་བཞད་པའིའོ། །དབུལ་བའི་འཇིགས་པ་མི་འབྱུང་བ་ནི་ཆོས་ཀྱིའོ། །འཇིགས་པ་འབྱུང་བར་མི་འགྱུར་བ་ཞེས་བྤ་ནི་རྣོན་པོའིའོ། །ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་འཁོར་ལོའིའོ། །ཁ་དོག་ལྡན་པར་འགྱུར་རོའི་བར་གྱིས་ནི་གསུང་བའིའོ།
དག་པར་འགྱུར་བ་ནི་ལས་ཀྱིའོ། །ཚིག་བཙན་པ་ནི་སྲུང་བའིའོ། །ཚེ་རབས་དྲན་པ་ནི་གནོད་སྦྱིན་གྱིའོ། །འཁོར་མི་ཟད་པ་ནི་ཁུ་ཚུར་གྱིའོ། །ཡོན་ཏན་མཆོག་དང་ལྡན་པ་ནི་རྡོ་རྗེ་སེམས་མའིའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི་རིན་ཆེན་མའོ། །ཚངས་པའི་གནས་བཞི་ནི་ཆོས་མའོ། །དྲན་པ་ལ་སོགས་པ་དྲུག་དང་ལྡན་པ་ནི་ལས་མའིའོ། །སྨྲ་བ་མཁས་པ་ནི་སྒེག་མོ་དང་བདུག་པ་མའིའོ། །སྒྲིན་པོར་གྱུར་པ་ནི་ཕྲེང་བ་དང་མེ་ཏོག་གིའོ། །སྲེད་པ་མེད་པར་འགྱུར་བ་ནི་གླུ་མ་དང་མར་མེ་མའིའོ། །བཀུར་བར་ཡང་འགྱུར་བ་ནི་གར་མ་དང་དྲི་མའིའོ། །ཤེས་པར་འགྱུར་བ་ནི་རིན་ཆེན་ལྕགས་ཀྱུའིའོ། །རྫོགས་པར་འགྱུར་བ་ནི་རིན་ཆེན་ཞགས་པའིའོ། །མི་བརྗེད་པ་ནི་རིན་ཆེན་ལྕགས་སྒྲོག་གིའོ། །འཇུག་པར་མི་འགྱུར་བ་ནི་རིན་ཆེན་དྲིལ་བུའིའོ། །རྟ་མཆོག་གི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་གོས་ནས། དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་གཞིའི་དོན་ཡོད་པར་གྲུབ་པ་དང༌། དང་པོ་སངས་རྒྱས་ཛྙཱ་ན་ཀཱ་ཡ་དང་གསུམ་གྱི་ཡོན་ཏན་བསྟན་ཏོ། །གཞན་དག་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་དཔའ་བོ་གཅིག་པུའི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ། །མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བས་ནི་རིགས་ལྔའི་རང་བཞིན་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ། །ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་གྱིས་རིགས་གསུམ་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ། །ཉེ་བའི་སྙིང་པོའི་སྔགས་ཀྱི་དབང་དུ་མཛད་ནས། ཨོཾ་སརྦ་དྷརྨྨ་ཞེས་བྱ་བ་ནས་ཨ་ཨཱ་ཨཾ་ཨཿཞེས་བྱ་བའི་བར་གྱིས་བཛྲ་ཏཱིཀྵྞའི་ཉེ་བའི་སྙིང་པོ་བསྟན་ཏོ། །པྲ་ཀྲྀ་ཏི་པ་རི་ཤུདྡྷ་ཞེས་བྱ་བ་ནས་མུ་པཱ་དཱ་ཡེ་ཏི་ཨ་ཞེས་བྱ་བའི་བར་གྱིས་དུཿཁཙྪེ་དའི་ཉེ་བའི་སྙིང་པོ་བསྟན་ཏོ། །སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ནས་ཨོཾ་ཧཱུཾ་ཧྲཱིཿཞེས་བྱ་བའི་བར་གྱིས་པྲཛྙཱ་ཛྙཱ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ། །བྷ་ག་བཱན་ཛྙཱ་ན་མཱུརྟི་ཞེས་བྱ་བ་ས་ཛྙཱ་ན་ཀཱ་ཡའི་ཉེ་བའི་སྙིང་པོ་བསྟན་ཏོ། །ཝཱ་གཱི་ཤྭ་ར་མ་ཧཱ་པ་ཙ་ཞེས་བྱ་བས་ཝཱ་གཱི་ཤྭ་རའི་ཉེ་བའི་སྙིང་པོ་བསྟན་ཏོ། །སརྦྦ་དྷརྨྨཱ་ག་ག་ན་ཞེས་བྱ་བ་ནས་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བའི་བར་གྱིས་ཨ་ར་
པ་ཙ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ། །སྔགས་འདིས་ནི་དཀྱིལ་འཁོར་དྲུག་གི་ཐུན་མོང་གི་ཉེ་བའི་སྙིང་པོ་བཟླས་པ་བསྟན་ཏོ། །ད་ནི་གཉིས་ཀས་གསལ་གདབ་པ་དང་མཇུག་བསྡུ་བའི་དབང་དུ་མཛད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ལྡན་རྡོ་རྗེ་འཆང་ནི་ཁམས་གསུམ་རྣམ་པར་རྒྱལ་བའོ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ནི་གུས་པས་སོ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལའོ། །ཕྱག་འཚལ་ནས་ཞེས་བྱ་བས་ནི་ལུས་ངག་ཡིད་གསུམ་གྱིས་སོ། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེའི་ཁྲོ་བོ་རྒྱལ། །ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེའོ། །སྣ་ཚོགས་གཞན་དང་ཞེས་བྱ་བ་ནི་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཀྱི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཉི་ཤུ་རྩ་གཅིག་དང་ངོ༌། །ལྷན་ཅིག་ཏུ་ནི་ཁྲོ་བོའི་རྒྱལ་པོ་དང་ལྷན་ཅིག་པའོ། །གསང་བསྟོད་ནས་ནི་ཡན་ལག་བརྒྱད་དང་ལྡན་པའི་ཚངས་པའི་དབྱངས་ཀྱིས་སོ། །ཚིག་འདི་གསོལ་བ་ནི་འཆད་པར་འགྱུར་བའི་མགོན་པོ་བདག་ཅག་ཡི་རང་བའོ། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའོ། །འབྲས་བུ་བཤད་པ། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་བྱ་བས་ནི་རྣམ་པར་གྲོལ་བའི་འབྲས་བུ་དོན་དུ་གཉེར་བའི་གང་ཟག་དང༌། འགྲོ་བའི་མགོན་པོ་འཁོར་བ་རྣམས་དང་བདག་ཅག་ལག་ན་རྡོ་རྗེ་ལ་སོགས་པ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་ཆེན་མཛད་པ་ནི་རྗེས་སུ་ཡི་རངས་པའོ། །དེའི་དོན་ཅི་འདྲ་ཞེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །འདི་ཞེས་བྱ་བ་ནི་མཚན་ཡང་དག་པར་བརྗོད་པའོ། །རྣམ་དག་ནི་དང་པོར་དགེ་བའོ། །ལེགས་པའི་ལམ་ནི་བར་དུ་དགེ་བའོ། །ཟབ་པ་ནི་ཐ་མར་དགེ་བའོ། །ཡངས་ལ་རྒྱ་ཆེ་བ་ནི་ཤེས་རབ་དང་སྙིང་རྗེ་སྟེ་ཐབས་སོ། །དོན་ཆེན་པོ་དང་འགྲོ་བའི་དོན་བགྱིད་པ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་བྱ་བ་ནི་སྒྱུ་
འཕྲུལ་དྲ་བའི་གླུ་གསུངས་པའོ། །ད་ནི་མཚན་བསྟན་པའི་དབང་དུ་མཛད་ནས། འཇམ་དཔལ་ནི་རིགས་དྲུག་གི་གཞིའི་སྐུའོ། །ཡེ་ཤེས་སེམས་དཔའ་ནི་དང་པོའི་སངས་རྒྱས་དྲུག་གོ །དོན་དམ་པ་ནི་ཡེ་ཤེས་ཀྱི་སྐུ་དྲུག་གོ །མཚན་ཡང་དག་པར་བརྗོད་པ་ནི་དེའི་དཀྱིལ་འཁོར་དྲུག་གི་མཚན་བསྒོམ་པའི་དོན་བརྗོད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་རྣམ་པར་སྣང་མཛད་དེ་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པར་སྤྲུལ་པས་ན་ཤཱཀྱ་ཐུབ་པའོ། །གསུངས་པ་ནི་བཤད་པའོ། །རྫོགས་པ་ནི་ཏིང་ངེ་འཛིན་དྲ་བའི་ལེའུ་མཐར་ཐུག་པའོ། །འཇམ་དཔལ་སངས་རྒྱས་ཡེ་ཤེས་དང༌། །པདྨ་ཡན་ལག་མེད་པ་དང༌། །སྒེག་པ་བཞད་པའི་རྡོ་རྗེ་དང༌། །གསུང་གི་མྱུ་གུ་མགྲིན་གསུམ་དང༌། །ཨིནྡྲ་པོ་དྷི་ལེགས་གསུངས་དང༌། །ཆོས་སྐྱོང་དང་ནི་དཔལ་སྦས་དང༌། །ཡེ་ཤེས་བཤེས་གཉེན་ཡེ་ཤེས་གྲགས། །ཏྲི་བི་དྲ་མ་ཆོས་དབང་པོ། །སྐལ་ལྡན་དབང་ཕྱུག་ཟླ་བཟང་དཔལ། །འདི་སྐད་བརྒྱུད་པའི་རིམ་པ་ལས། །བདག་གིས་འགྲེལ་པ་འདི་བརྩམས་པས། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཤྲཱི་མ་ཧཱ་ཛ་ན་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།